རལ་པ་གྱེན་བརྫེས་ཀྱི་རྟོག་པ་ཆེན་པོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱུརྡྷ་ཛ་ཊཱ་མ་ཧཱ་ཀལྤ་མ་ཧཱ་བོ་དྷི་སཏྭ་བི་ཀུརྦྦ་ཎ་པ་ཊ་ལ་བི་ས་རཱད་བྷ་ག་བ་ཏཱ་ཨཱརྱ་ཏཱ་རཱ་མཱུ་ལ་ཀལྤ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๓ · หน้า 236b

རྨད་བྱུང་བསམ་མི་ཁྱབ་གཟུགས་ཅན། །སྤྱན་རས་གཟིགས་ཀྱིས་གསུངས་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དེ་དང་། འཁོར་གྱི་དཀྱིལ་འཁོར་ཆེན་པོ་

དེ་ལ་ཀུན་དུ་གཟིགས་ནས་དམ་ཚིག་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གང་དུ་ཏིང་ངེ་འཛིན་ལ་གནས་པས་སེམས་ཅན་མ་ལུས་པའི་སྒྲུབ་པའི་སྤྱོད་པའི་ཡིད། སེམས་ཅན་ཐམས་ཅད་ལ་རབ་ཏུ་གནས་

པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་གནས་རྣམ་པར་བཀྲ་བའི་ཕྱག་ན་རིན་པོ་ཆེའི་སྙིང་པོ་རྒྱན་བཀོད་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བའི་རྣམ་

པར་འཕྲུལ་པ་རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ས་བཅུ་དང་ལྡན་པ་ས་བཅུའི་དབང་ཕྱུག་ལ་གནས་པ་རྣམས་ཀྱིས་ཀྱང་། དཀྱིལ་འཁོར་དེ་བྲི་བའམ་འདྲིར་འཇུག་པར་

མི་ནུས་ན། སོ་སོའི་སྐྱེ་བོར་གྱུར་པའི་སེམས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། འཕགས་པའི་དཀྱིལ་འཁོར་བཟང་པོ་དེའི་དམ་ཚིག་སྒྲུབ་པའི་གནས་ལ་གནས་པ་བྱང་ཆུབ་སེམས་དཔའ་ཆེན་པོས་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་ཐམས་

ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་ཞིང་དམ་ཚིག་ཐོབ་པ་ཐམས་ཅད་དང་། སྤྱོད་པ་ལ་ཞུགས་པ་རྣམས་དང་། ཟག་

པ་དང་བཅས་པ་དང་། ཟག་པ་མེད་པའི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་གིས་བྱིན་གྱིས་བརླབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་རྒྱུ་མཐུན་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་ཐུགས་

เล่ม ๙๓ · หน้า 237a

ལས་བྱུང་བའི་དཀྱིལ་འཁོར་དུ་ཞུགས་པ་བདག་ཉིད་ཀྱིས་ཡང་དག་པར་ཤེས་པར་གྱུར་ཏོ། །སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་དེ་ཡིད་ཀྱིས་དམིགས་པར་མི་ནུས་ན། བྲི་བའམ་འདྲིར་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། །དེ་ནས་ཡང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་དཀྱིལ་འཁོར་ཆེན་པོའི་དམ་ཚིག་ལ་རྗེས་སུ་རབ་ཏུ་ཞུགས་པའི་སེམས་ཅན་དེ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཉོན་ཅིག །འདི་ནི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་

རྣམས་ཀྱིས་ཀྱང་འདའ་བར་མི་བྱ་བའི་དམ་ཚིག་ཡིན་ན། སེམས་ཅན་རྣམས་དང་། འཕགས་པ་གཞན་རྣམས་ཀྱང་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཡང་སེམས་དཔའ་ཆེན་པོས་ཕྱག་ན་རྡོ་རྗེ་གསང་བ་པའི་བདག་པོ་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས། མི་

ལས་འདས་པའི་དམ་ཚིག་ཡིད་ལས་བྱུང་བ་ནི་ངེས་པར་བསྟན་ཏོ། །མི་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ན་ཡང་དག་ཏུ་སེམས་ཅན་རྣམས་ཡང་དག་པར་ཞུགས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་པ་དང་།

སྔགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བར་བཤད་པར་བྱའོ། །དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་གང་ད་ལྟ་དུས་ལ་བབ་པར་ཤེས་

ན་གསུངས་ཤིག་གསུངས་ཤིག །ཤཱཀྱ་སེངྒེ་འཇིག་རྟེན་མགོན། །ཡོངས་སུ་མྱ་ངན་འདས་པ་ན། །མི་རྣམས་མཆོག་གི་སངས་རྒྱས་ཞིང་། །སེམས་ཅན་ས་སྟེངས་ཁྱོད་དཀྱིལ་འཁོར། །མཐོང་བ་ཙམ་གྱིས་འཇིག་རྟེན་ན། །སྔགས་ཀྱི་དངོས་གྲུབ་རབ་ཏུ་སྐྱེ། །མི་

ཤེས་ཆོ་ག་ཉམས་པའམ། །དམ་ཚིག་བདག་པོར་མ་གྱུར་ན། །ཚངས་པ་བདག་ཉིད་ཆེན་པོས་ཀྱང་། །རིག་སྔགས་དངོས་གྲུབ་མི་འགྱུར་རོ། །སྔགས་ལ་མངོན་པར་མི་བརྩོན་དང་། །དམ་ཚིག་བསྟན་པ་མི་མཐོང་ན། །རྣམ་པར་དུ་མར་འབད་བྱས་ཀྱང་། །རིག་པའི་

เล่ม ๙๓ · หน้า 237b

དངོས་གྲུབ་མི་འགྱུར་རོ། །དམ་ཚིག་སྦྱོར་བ་ཉམས་པ་ན། །བརྒྱ་བྱིན་གྱིས་ཀྱང་རབ་འབད་ལས། །རིག་པའི་དངོས་གྲུབ་མི་འགྱུར་ན། །ས་སྟེངས་མི་རྣམས་སྨོས་ཅི་དགོས། །དམ་ཚིག་བསྟན་བཅོས་དེ་ཉིད་ཤེས། །སྤྱོད་པའི་ལས་རྣམས་སྒྲུབ་པ་དེ། །འཇིག་རྟེན་

པ་དང་འཕགས་པའི་སྔགས། །བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ། །རབ་ཞུགས་ལས་རྣམས་ཐམས་ཅད་བྱེད། །བྱང་ཆུབ་སེམས་དཔའ་བསྟན་པ་ལ། །དེ་ཡི་རིག་པའི་དངོས་གྲུབ་རྟག །དེ་ནས་ཡང་གསང་བ་

པའི་བདག་པོ་ལག་ན་རྡོ་རྗེས། སེམས་དཔའ་ཆེན་པོ་དེ་ལ་གསོལ་བ་བཏབ་པར་གྱུར་ཏོ། །ཀྱེ་ཀྱེ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་གྱི་དོན་གྱི་ཕྱིར་དཀྱིལ་འཁོར་ཆོ་ག་གསུངས་སོ། །དང་པོ་རེ་ཞིག་ཆོ་འཕྲུལ་

གྱི་ཟླ་ཕྱེད་དམ། ནག་པ་ཅན་ནམ། ས་གཅན་གྱི་ཟླ་བའི་དཀར་པོའི་ཕྱོགས་ལ་རབ་ཏུ་བསྔགས་པའི་ཉི་མ་དང་། གཟའ་བཟང་པོ་བལྟས་ཏེ། རྒྱུ་སྐར་དགེ་བ་དང་ཡང་དག་པར་ལྡན་པའི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་དང་། ཟླ་བ་ཉ་བའམ། དུས་གཞན་ལ་

དབྱར་གྱི་ཟླ་བ་སྤངས་ཏེ། སྔ་དྲོ་ས་རབ་ཏུ་གནས་པར་བྱའོ། །གྲོང་ཁྱེར་ཆེན་པོ་ལ་བརྟེན་པའམ། གང་དུ་དཀྱིལ་འཁོར་གྱི་སློབ་དཔོན་རང་ཉིད་གནས་པར་ཏེ། རྒྱ་མཚོར་འཇུག་པའམ། ཆུ་ཀླུང་ལ་བརྟེན་པའམ། རྒྱ་མཚོའི་ངོགས་དང་ཉེ་བར་གྲོང་ཁྱེར་ཆེན་པོའི་

བྱང་ཤར་གྱི་ཕྱོགས་ཀྱི་ཆར་ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཉེ་བར་དཀྱིལ་འཁོར་གྱི་སློབ་དཔོན་སོང་ནས། ཉི་མ་བདུན་ནམ། ཟླ་ཕྱེད་དུ་མཐའ་གཅིག་ཏུ་སྨྱུང་བའམ། ཉེ་བར་གནས་ནས་སོ་སོར་གནས་པར་བྱའོ། །གང་གནས་དེ་རྣམས་སུའང་གཙང་

མའི་ས་ཕྱོགས་རྡོ་བ་དང་། གྱོ་མོ་དང་། ཐལ་བ་དང་། སོལ་བ་དང་། ཕུབ་མ་དང་། ཐོད་པ་དང་། རུས་པ་དང་། རུས་པ་གནས་པ་དང་བྲལ་བ། ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པའི་ས་ཕྱོགས་སུ། སྲོག་ཆགས་མེད་པའི་ཆུ་ལ། བ་བྱུང་ལྔ་དང་བསྲེས་པའི་ཙནྡན་དང་།

เล่ม ๙๓ · หน้า 238a

ག་པུར་དང་། གུར་གུམ་གྱི་ཆུས་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་སྟོང་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་པ་དེས་བཅོམ་ལྡན་འདས་མའི་ཕྱག་རྒྱ་ཆེན་པོ་ཡང་དག་པར་ལྡན་པས། ས་ཕྱོགས་དེ་ལ་ཕྱོགས་བཞི་རྣམས་སུ་མངོན་པར་

གཏོར་ཞིང་སྟེང་དང་འོག་དང་ཐད་ཀ་དང་ཕྱོགས་བྲལ་རྣམས་སུའང་ཀུན་ནས་གཏོར་བར་བྱའོ། །དེ་ནས་ས་ཕྱོགས་དེར་ཀུན་ནས་གྲུ་བཞིར། ཁྲུ་བཅུ་དྲུག་གམ། ཁྲུ་བཅུ་གཉིས་སམ། ཁྲུ་བརྒྱད་བྱ་སྟེ། དེ་ལ་ཆེན་པོ་ནི་ཁྲུ་བཅུ་དྲུག་གོ། །བར་མ་ནི་ཁྲུ་བཅུ་གཉིས་

སོ། །ཆུང་ངུ་ནི་ཁྲུ་བརྒྱད་དོ། །དཀྱིལ་འཁོར་རྣམ་པ་གསུམ་པོ་འདི། །ཐམས་ཅད་གཟིགས་པས་གསུངས་པ་ཡིན། །རྒྱལ་སྲིད་འདོད་ཕྱིར་ཆེན་པོ་སྟེ། །བར་མ་ལོངས་སྤྱོད་འཕེལ་བར་བྱེད། །ཆུང་ངུ་སྔགས་ཀྱི་དམ་ཚིག་ནི། །ལས་རྣམས་ཀུན་བྱེད་ཞི་

པ་ཡིན། །དེ་ལ་ཡིད་ལ་འདོད་པ་གང་ཡང་རུང་བའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་སའི་ཕྱོགས་དེར་ཁྲུ་གཉིས་ཙམ་བརྐོས་ལ། དེར་རྡོ་བ་དང་། སོལ་བ་དང་། ཐལ་བ་དང་། རུས་པ་དང་། སྐྲ་ལ་སོགས་པ་དང་། སྲོག་ཆགས་ཀྱི་རིགས་རྣམ་པ་སྣ་ཚོགས་པ་གལ་ཏེ་

མཐོང་ན་སའི་ཕྱོགས་གཞན་དུ་བརྐོ་བར་བྱའོ། །གནོད་པ་མེད་པ་དང་། ཉེ་བར་འཚེ་བ་མེད་པ་དེར་འགྱུར་རོ། །རིའི་རྩེ་མོ་དང་། རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོའི་ཆུ་ངོགས་རྣམས་སུའང་གང་རབ་ཏུ་འབད་པ་ཆེན་པོས་ཤིན་ཏུ་སོ་སོར་བརྟགས་ཏེ་ཤིན་ཏུ་གཙང་ཞིང་སྲོག་

ཆགས་མེད་པར་བྱས་ནས་བྲི་བར་བྱའོ། །སའི་ཕྱོགས་དེར་སླར་ཡང་སྲོག་ཆགས་མེད་པའི་ཆུ་ལ་བའི་རྣམ་ལྔ་བསྲེས་པས་ཆུ་ཀླུང་གི་འགྲམ་གྱི་ས་གཙང་མའམ། གྲོག་མཁར་གྱི་སའམ། གང་དུ་སྲོག་ཆགས་མེད་པའི་ས་དེས་དགང་བར་བྱའོ། །བཀང་ནས་ཀྱང་ལེགས་

པར་བརྡུངས་ཏེ་ཀུན་ནས་མཉམ་པར་བྱས་ལ་ཇི་ལྟར་འདོད་པའི་དཀྱིལ་འཁོར་རྣམ་པ་གསུམ་བྱའོ། །སེང་ལྡེང་གི་ཕུར་བུ་བཞི་ལ་ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས་ལན་བདུན་མངོན་པར་བསྔགས་པར་བྱས་ནས་ཕྱོགས་བཞི་རྣམས་སུ་གདབ་པར་བྱའོ། །ཚོན་སྣ་ལྔའི་སྐུད་པ་ལ་ཁྲོ་བོའི་རྒྱལ་

เล่ม ๙๓ · หน้า 238b

པོས་ལན་བདུན་མངོན་པར་བསྔགས་པར་བྱས་ནས་ཀུན་ནས་དཀྱིལ་འཁོར་གྲུ་བཞི་པའི་རྣམ་པར་དཀྲི་བར་བྱའོ། །དེ་བཞིན་དུ་དབུས་ཀྱི་གནས་སུ། ནང་དུའང་ཟུར་བཞིའི་རྣམ་པར་བྱའོ། །དབུས་ཀྱི་ནང་ན་གནས་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་རྩ་བའི་རིག་

པའམ། རྩ་བའི་སྙིང་པོ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཕྱག་རྒྱ་ཆེན་པོ་དང་རྩ་བའི་སྔགས་ཀྱིས་གཙུག་ཏོར་བཅིངས་ཏེ་ཁྲོ་བོའི་རྩ་བའི་སྔགས་ཀྱིས་གྲོགས་བསྲུངས་ནས་བདག་ཉིད་བསྲུང་བར་བྱས་ཏེ། བཟླས་པ་བྱེད་བཞིན་དུ་ཕྱི་རོལ་དུ་བྱུང་སྟེ། དཀྱིལ་འཁོར་ལ་

གཡས་སུ་བསྐོར་བ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ལ་བྱས་ཏེ་དཀྱིལ་འཁོར་དེ་ཀུན་ནས་གྲུ་བཞིའི་རྣམ་པར་དཀྲི་བར་བྱའོ། །དེ་ཉིད་ཀྱི་ཕྱི་རོལ་དུ་ཞག་གཅིག་སྨྱུང་བར་གནས་པས་

རབ་ཏུ་གནས་པར་བྱའོ། །དེ་ལ་འདིར་དཀྱིལ་འཁོར་གྱི་སློབ་དཔོན་གྱི་སྔོན་སྤྱད་པ་རྣམས་བྱས་ཏེ། རང་གི་རིག་པ་དང་། སྔགས་དང་རྒྱུད་ལ་མཁས་པའི་མཁན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པས་ཞག་གཅིག་སྨྱུང་བར་གནས་

པས་གྲོགས་བཟང་པོ་དང་ཡང་དག་པར་ལྡན་པ། བསྟན་བཅོས་རྣམ་པ་སྣ་ཚོགས་པའི་བྱ་བ་མཐོང་བས་ཚོན་ལྔའི་ཕྱེ་མ་ཞིབ་མོ་འབར་བས་ལེགས་པར་སྦྱང་བ་བྱས་ནས། རྩ་བའི་རིག་པའི་སྔགས་དང་སྙིང་པོས་མངོན་པར་བསྔགས་པའི་ཕྱེ་མ་དཀྱིལ་འཁོར་དབུས་སུ་གདབ་

པར་བྱའོ། །ཕ་རོལ་དུའང་རྒྱལ་མཚན་དང་། བ་དན་སྒྲེང་བ་དང་། རྟ་བབས་བཞེས་བརྒྱན་པ་དང་། ཆུ་ཤིང་གི་སྡོང་བུ་འབྲས་བུའི་ཚོགས་ཀྱིས་གཡུར་ཟ་ཞིང་ཀུན་ནས་འབྲས་བུའི་ཚོགས་རྣམས་ཀྱིས་རབ་ཏུ་འཕྱང་བཞིན་པ་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། དུང་གི་སྒྲ་

ངེས་པར་སྒྲོགས་པའི་སའི་ཕྱོགས་སུ་བསྒྲག་པར་བྱའོ། །ངོས་བཞིར་རྗེས་སུ་མཐུན་པའི་བར་དུ་བསྔགས་པའི་སྒྲའི་ཆོས་མཉན་པར་བྱའོ། །ཕྱོགས་བཞི་རྣམས་སུ་ཐེག་པ་ཆེན་པོའི་མདོ་སྡེའི་གླེགས་བམ་བཀླག་པར་བྱའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་

เล่ม ๙๓ · หน้า 239a

ལྷོ་ཕྱོགས་སུ་བཀླག་པར་བྱའོ། །འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ནུབ་ཕྱོགས་སུའོ། །འཕགས་པ་སྡོང་པོ་བཀོད་པ་བྱང་ཕྱོགས་སུའོ། །འཕགས་པ་གསེར་འོད་དམ་པ་ཤར་ཕྱོགས་སུའོ། །དེ་ལྟར་གླེགས་བམ་ཀློག་པ་པོ་མེད་ན་མདོ་སྡེ་བཞི་

པོ་ཀློག་པར་རྟོགས་པའི་གང་ཟག་ཆོས་སྨྲ་བ་པོ་ལ་ཆོས་མཉན་པའི་ཕྱིར་གསོལ་བ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་ལངས་ནས་ཙནྡན་དང་། ག་པུར་དང་། གུར་གུམ་རྣམ་པར་བསྲེས་པའི་མེ་ཏོག་དཀར་པོ་དྲི་ཞིམ་པ་ལ་རྩ་བའི་རིག་པ་བཟླས་ཏེ། དཀྱིལ་

འཁོར་དེ་ཐམས་ཅད་དུ་གཅལ་དུ་དགྲམ་པར་བྱའོ། །མངོན་པར་བཀྲམ་ནས་ཕྱི་རོལ་དུ་བྱུང་སྟེ། ཞག་བདུན་གྱི་བར་དུ་འདོད་པའི་ཁ་ཟས་བསྟེན་པ་གཉིས་སམ། གསུམ། བྱང་ཆུབ་ཀྱི་སེམས་བསྐྱེད་པ། གསོ་སྦྱོང་ཉེ་བར་གནས་པ་བསྟེན་པ་ལ་གནས་པའི་རི་མོ་མཁན་

དེ་གྲོགས་སམ། སློབ་མ་དེས་ཁས་བླངས་པ་རབ་ཏུ་གཞུག་པར་བྱའོ། །གང་རྩ་བའི་རིག་པ་ཉིད་ཀྱིས་གཙུག་ཏོར་བཅིང་བ་བྱས་ནས། དེ་ནས་གསེར་དང་། དངུལ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་གོ་འཕང་རྣམ་པར་བཀྲ་ཞིང་། འབར་ལ་མཛེས་པའི་ཟངས་ཀྱི་

ཕྱེ་མ་ཞིབ་མོ་སོ་སོར་བཟུང་ནས་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་། ཆོས་དང་ལྡན་པའི་རྒྱལ་པོ་ཆེན་པོ་རྣམས་འདིར་གཞུག་པར་བྱའོ། །དཀྱིལ་འཁོར་མཐོང་བ་ཉིད་ལས་ངེས་པར་བྱང་ཆུབ་ལ་གཞོལ་བ་ཡིན་ནོ། །སྔགས་སྒྲུབ་པར་བྱེད་པ་ལྟ་ཅི་སྨོས། ཤཱཀྱའི་སྐྱེས་

མཆོག་མྱ་ངན་འདས། །སེམས་ཅན་བསོད་ནམས་ཆུང་རྣམས་ལ། །འདི་ལྟའི་ལོངས་སྤྱོད་ག་ལ་ཡོད། །ཆོ་ག་འདི་ནི་བསྟན་པར་བྱ། །བྱང་ཆུབ་སེམས་དཔའ་འོད་ཆེན་ལྡན། །སྐྱེ་བོ་བཀྲེན་པ་གཟིགས་ནས་ནི། །ཉུང་ཞིང་མདོར་བསྡུས་དཀྱིལ་འཁོར་ནི། །མདོར་

བསྡུས་ནས་ནི་བསྟན་པ་ཡིན། །འབྲས་སཱ་ལུ་དང་ཐུག་པོ་ཆེའི་ཕྱེ་མ་ཤིན་ཏུ་ཞིབ་མོ་ཚོན་སྣ་ལྔ་པ་འབར་བས། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་གུའི་ཁ་དོག་ཏུ་ཁ་བསྒྱུར་ལ། སྔར་བཞག་པའི་ཕྱེ་མ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་

เล่ม ๙๓ · หน้า 239b

བླངས་ནས་བཅོམ་ལྡན་འདས་མའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་རྩ་བའི་རིག་པས་ཕྱེ་མ་ལ་ཕྱག་རྒྱས་གདབ་པར་བྱའོ། །གཞན་ཞི་བ་སྒྲུབ་པའི་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཕྱི་རོལ་ལྷོ་ཤར་གྱི་ཕྱོགས་སུ་ལས་ཀྱི་ཆོ་ག་མཐོང་བས་མེ་ཐབ་བྱའོ། །ཁྲུ་གཉིས་

ཀྱི་ཚད་ལ་དཔངས་ཁྲུ་གང་ཙམ་ཁོ་ར་ཁོར་ཡུག་ཏུ་པདྨའི་ཟེ་བའི་རྣམ་པར་ཤིང་པ་ལཱ་ཤའི་ཡམ་ཤིང་རྣམས་ཀྱིས་མེ་རབ་ཏུ་སྦར་ཏེ། ཤིང་དཔལ་འབྲས་ཀྱི་ཡམ་ཤིང་མཐོ་གང་ཙམ་གྱི་ཚད་ལ་རླན་དང་བཅས་པ། ཞོ་དང་སྦྲང་རྩི་དང་། མར་ལ་བཏགས་པ་རྣམས་

ཀྱིས་རྩ་བའི་སྙིང་པོས་སམ། ཕྱག་རྒྱ་དང་། རྩ་བའི་རིག་སྔགས་ཀྱིས་མེ་ལྷ་སྤྱན་དྲང་བར་བྱའོ། །སྤྱན་དྲངས་ནས་ཀྱང་སྔར་བརྗོད་པའི་ཡི་གེ་གཅིག་པ་ཉིད་ཀྱི་རིག་པའམ། རྩ་བའི་རིག་པའི་སྙིང་པོས་སླར་ཡང་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་དཀྱིལ་

འཁོར་གྱི་སློབ་དཔོན་གྱིས་གཙུག་ཏོར་གཙང་ཞིང་ཡོ་བྱད་ཚོགས་པར་བྱས་ནས་བདག་ཉིད་དང་རི་མོ་མཁན་ཆེས་མཁས་པའམ། སློབ་མ་བྱེད་དུ་གཞུག་གོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་

རྣམས་ཡིད་ལ་བྱས་ནས་སྔར་བརྗོད་པའི་བདུག་པའི་རིག་པས་བསྲེག་གོ། །ཐལ་མོ་སྦྱར་བ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བྱས་ནས་

ཕྱེ་མ་བླངས་ཏེ། གཟུགས་ཀྱི་རྣམ་པར་བྱ་ཞིང་། རི་མོ་མཁན་མཁས་པས་རྫོགས་པར་བྱའོ། །ཆོ་ག་འདི་དག་གིས་དང་པོ་ཁོ་ནར་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རིན་པོ་ཆེ་སེངྒེའི་ཁྲི་ལ་བཞུགས་པ་གནས་

གཙང་མའི་གནས་ན་ཆོས་སྟོན་པར་མཛད་བཞིན་པ་ཀུན་དུ་བྲིའོ། །དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཀུན་དུ་བྲིས་ནས་རྗེས་སུ་སྒྲུབ་པ་པོས་བདག་ཉིད་སྲུང་བའི་ཆོ་ག་དང་། རིག་པ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པར་བྱ་སྟེ། དཀྱིལ་འཁོར་

เล่ม ๙๓ · หน้า 240a

གྱི་ཕྱི་རོལ་གྱི་ཕྱོགས་བཞི་དང་སྟེང་དང་འོག་ཏུ་གཏོར་བར་བྱའོ། །དེ་ནས་ཁྲུས་བྱས་ནས་མེ་ཐབ་དང་ཉེ་བར་སོང་ནས་གོས་གཙང་མ་བགོས་ཏེ་གཙང་སྦྲ་དང་། སྲུང་བའི་ཆོ་ག་བྱས་ཏེ་རྩ་བའི་རིག་པས་གུར་གུམ་དང་བསྲེས་པའི་མར་གྱི་སྲེག་བླུགས་

སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་དེ་ཉིད་དུ་བཟླས་པ་བྱེད་ཅིང་དེ་ཉིད་དུ་གནས་པར་བྱའོ། །ཡུངས་ཀར་དཀར་པོ་ལ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པའི་སྔགས་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཏེ། མངོན་

པར་བསྔགས་ནས་ཁམ་ཕོར་ཁ་སྦྱོར་དུ་གཞག་པར་བྱའོ། །བགེགས་ཀྱི་རྣམ་པར་འགྱུར་བའི་གཟུགས་རྣམས་དུ་མ་དང་། ང་རོ་དྲག་པོ་དང་། རླུང་དང་། ཆར་དང་། ཡུལ་ངན་གཞན་དང་གཞན་གང་ཡང་རུང་བ་འོངས་པ་མཐོང་ན། ཁྲོས་པས་ཡུངས་

ཀར་གྱི་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། །དེ་ནས་བགེགས་རབ་ཏུ་འཇིགས་པར་འགྱུར་རོ། །མིའི་བགེགས་ལ་ནི་ལན་ལྔ་ཆང་པ་ནས་སྦྱིན་སྲེག་བྱས་ན་སྐྱེས་བུ་དེ་རེངས་པར་འགྱུར་བའམ། ནུས་པ་མེད་པར་འགྱུར་བའམ། འཆི་བར་འགྱུར་བའམ། སྐད་

ཅིག་དེ་ཉིད་ལ་མི་མ་ཡིན་པས་ཟིན་པར་འགྱུར་རོ། །དེ་ནས་རྗེས་སུ་སྒྲུབ་པ་པོས་དེ་ཉིད་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པས་བཟླས་པ་བྱེད་ཅིང་གནས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བཅོམ་ལྡན་འདས་ཤཱཀྱ་

ཐུབ་པའི་སྐུ་གཟུགས་ཀྱི་གཡས་ཀྱི་གཞོགས་སུ་རང་སངས་རྒྱས་གཉིས་པདྨའི་གདན་ལ་བཞུགས་པ་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པར་བྱའོ། །དེའི་འོག་ཏུ་ཉན་ཐོས་ཆེན་པོ་གཉིས་ཆོས་ཉན་པར་བྱའོ། །དེ་རྣམས་ཀྱིའང་གཡས་སུ་བཅོམ་ལྡན་འདས་འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟོན་ཀའི་སྤྲིན་གྱི་མདོག་ལྟར་དཀར་བ་པདྨའི་གདན་ལ་བཞུགས་པ་ཕྱག་གཡོན་པས་པདྨ་བསྣམས་ནས། གཡས་པས་མཆོག་སྦྱིན་པའོ། །དེའི་ཡང་གཡས་སུ་བཅོམ་ལྡན་འདས་མ་གོས་དཀར་

เล่ม ๙๓ · หน้า 240b

མོ་ཕྱག་ན་པདྨ་བསྣམས་པ། ཕྱག་གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ་པདྨའི་གདན་ལ་ཉེ་བར་བཞུགས་པ། རལ་བའི་ཅོད་པན་འཆང་བ། དར་ལ་དཀར་པོའི་ན་བཟའ་བསྣམས་པ། དར་ལའི་སྟོད་གཡོགས་བླ་གོས་

བསྣམས་པ། ཐལ་བ་ནག་པོའི་ཐིག་ལེ་གསུམ་བྱས་པའོ། །དེ་བཞིན་དུ་བརྟན་པ་དང་། ཁྲོ་གཉེར་ཅན་མ་ཡང་། རང་རང་གི་གདན་ལ་རང་རང་གི་སྤྱོད་ལམ་དུ་གནས་ཤིང་ཉེ་བར་བཞུགས་པའང་བྱའོ། །དེ་རྣམས་ཀྱི་གཡས་སུ་བཅོམ་ལྡན་འདས་མ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། དེ་བཞིན་གཤེགས་པ་སྤྱན་མ་དང་། གཙུག་ཏོར་རྒྱལ་མོའང་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བཅུ་དྲུག་བྱ་བ་ལ། འདི་ལྟ་སྟེ། ཀུན་དུ་བཟང་པོ་དང་། སའི་སྙིང་པོ་དང་། ནམ་མཁའི་མཛོད་དང་། སྒྲིབ་

པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་སྤོང་དང་། བྱམས་པ་ཕྱག་ན་རྔ་ཡབ་ཐོགས་པ་སངས་རྒྱས་བཅོམ་ལྡན་འདས་ལ་ལྟ་བཞིན་པ་དང་། དྲི་མ་མེད་པའི་བློ་གྲོས་དང་། དྲི་མ་མེད་པའི་ཏོག་དང་། ནོར་བཟང་དང་། ཟླ་འོད་དང་། དྲི་མ་མེད་པར་གྲགས་

པ་དང་། ནད་ཐམས་ཅད་གསོ་བར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་དབང་ཕྱུག་རྒྱལ་པོ་དང་། འཇིག་རྟེན་འགྲོ་བ་དང་། བློ་གྲོས་ཆེན་པོ་དང་། མངོན་པར་འཛིན་པ་ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་འདི་རྣམས་རབ་ཏུ་ཞི་བའི་སྐུ་དང་།

རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ། །རིག་པའི་རྒྱལ་པོའི་གཙོ་བོ་དང་། རིག་པའི་རྒྱལ་མོ་དང་། པདྨའི་རིགས་ཀྱི་གཟུགས་དང་། ཕྱག་རྒྱ་རྣམས་ལུང་ལས་ཇི་ལྟར་བཤད་པ་བཞིན་དང་། གནས་ཇི་ལྟ་བ་བཞིན་དུ་བྲིའོ། །མཐའི་གནས་སུའང་

གྲུ་བཞིའི་རྣམ་པར་གནས་གཞག་པར་བྱའོ། །པདྨའི་མེ་ཏོག་ལེགས་པར་བྱས་པ་དང་། རིག་པའི་ལྷ་གང་གིས་དྲན་པ་ཡང་གནས་དེ་རྣམས་སུ་གཞག་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡས་ཀྱི་གཞོགས་སུ་རང་སངས་རྒྱས་ནམ་

เล่ม ๙๓ · หน้า 241a

མཁའ་དང་། ཡོངས་སུ་ཞེས་བྱ་བ་གཉིས་ཀྱང་ངོ་། །དེ་བཞིན་དུ་ཤར་དུ་ཁ་བལྟས་པའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་སྒོ་རྣམས་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་གཞོགས་སུ་རང་སངས་རྒྱས་ཙནྡན་དང་། གྲུབ་པ་

ཞེས་པ་གཞན་གཉིས་ཀྱང་ཀུན་ཏུ་བྲིའོ། །དེ་རྣམས་ཀྱི་འོག་ཏུ་ཉན་ཐོས་ཆེན་པོ་འོད་སྲུང་ཆེན་པོ་དང་། ཀ་ཏྱ་ན་དང་གཉིས་ཀུན་དུ་བྲིའོ། །དེ་རྣམས་ཀྱིའང་གཞོགས་སུ་འཕགས་པ་ཕྱག་ན་རྡོ་རྗེ་ཨུཏྤ་ལ་ལྟར་སྔོ་བསངས་སུ་སྣང་བ་རབ་ཏུ་ཞི་བའི་གཟུགས་རྒྱན་ཐམས་ཅད་

ཀྱིས་བརྒྱན་པ། ཕྱག་གཡས་རྔ་ཡབ་ཐོགས་པ། གཡོན་པ་ཁྲོ་བོའི་སྤྱི་བོར་བཞག་པའོ། །རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ལྕགས་སྒྲོག་དང་། དཔུང་བཟང་དང་། རྡོ་རྗེ་སྡེ་རྣམས་ཆ་བྱད་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་བཞིན་དུ་བགེགས་

རྣམས་འཇོམས་པའོ། །རིག་པའི་རྒྱལ་པོ་དང་། རྒྱལ་མོ་འཁོར་དང་བཅས་པ་ཐམས་ཅད་དང་། གཟུགས་དང་ཕྱག་རྒྱ་ལ་སོགས་པ་རྣམས་ཇི་ལྟར་དྲན་པ་བཞིན་དུ་བྲིའོ། །དེ་རྣམས་ཀྱིའང་གཡོན་དུ་གྲུ་བཞིའི་རྣམ་པར་རྡོ་རྗེའི་ཕྱག་རྒྱ་གཉིས་བྲི་བར་བྱའོ། །བྲིས་

ནས་ཀྱང་གནས་གང་དུ་རིག་པའི་ཚོགས་མ་དྲན་པ་དེ་རྣམས་གནས་འདིར་བཞུགས་ཤིག་ཅེས་བརྗོད་པར་བྱའོ། །དེ་རྣམས་ཀྱི་སྟེང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བཅོམ་ལྡན་འདས་མ་མཱ་མ་ཀཱི་ཀུན་དུ་བྲི་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རབ་ཏུ་ཞི་བའི་ལུས་སོ། །དེ་

རྣམས་ཀྱིའང་སྟེང་དུ་གཙུག་ཏོར་གྱི་རྒྱལ་པོ་བརྒྱད་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། ཕྱག་རྒྱ་བཅིངས་པ་རང་རང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་གཟུགས་སུ་ཀུན་དུ་བྲི་སྟེ། གསེར་མདོག་དབང་པོ་རབ་ཏུ་ཞི་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེ་བཞིན་

གཤེགས་པའི་སྐུ་གཟུགས་ལ་ཅུང་ཟད་བལྟ་བ་སྦྱིན་པ་རྣམས་འདི་ལྟ་སྟེ། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གཙུག་ཏོར་མངོན་པར་འཕགས་པ་དང་། གཙུག་ཏོར་གདུགས་དཀར་པོ་དང་། རྒྱལ་བའི་གཙུག་ཏོར་དང་། པདྨའི་གཙུག་ཏོར་དང་། རྣམ་པར་

เล่ม ๙๓ · หน้า 241b

རྒྱལ་བའི་གཙུག་ཏོར་དང་། གཟི་བརྗིད་ཕུང་པོ་དང་། གཙུག་ཏོར་མཐོན་པོ་ཞེས་པ་སྟེ། གཙུག་ཏོར་བརྒྱད་པོ་འདི་རྣམས་ཀུན་དུ་བྲིའོ། །འཇུག་པའི་ཕྱོགས་ཀྱི་སྒོར་ནི་བྱང་ཆུབ་སེམས་དཔའ་གཉིས་བྱ་སྟེ། གཡས་ཕྱོགས་སུ་ནི་འཇིག་རྟེན་ལས་འདས་པར་

འགྲོ་བ་ཞེས་བྱ་བ་རབ་ཏུ་ཞི་བའི་ལུས་རལ་པའི་ཅོད་པན་འཆང་བ། ཕྱག་གཡས་མཆོག་སྦྱིན་པས་ཕྲེང་བ་འཛིན་པ། ཕྱག་གཡོན་པས་སྤྱི་བླུགས་འཛིན་ཅིང་སྒོ་ལ་མངོན་དུ་ཕྱོགས་པ། བཞིན་ཅུང་ཟད་ཁྲོ་གཉེར་དང་བཅས་པ་ཀུན་དུ་བྲིའོ། །འཇུག་པའི་སྒོའི་གཡོན་

ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་རྒྱལ་བ་ལས་རྒྱལ་བ་བྲི་བར་བྱ་སྟེ། རབ་ཏུ་ཞི་བའི་ལུས་རལ་པའི་ཅོད་པན་འཆང་བ། ཕྱག་གཡོན་དབྱུག་གུ་དང་། རིལ་བ་སྤྱི་བླུགས་འཛིན་པ། ཕྱག་གཡས་པས་བགྲང་ཕྲེང་བ་ཟུང་ནས་མཆོག་སྦྱིན་པས་རབ་ཏུ་

སྦྱིན་པར་བྱེད་པ། བཞིན་ཅུང་ཟད་ཁྲོ་གཉེར་ཅན་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པ་ཀུན་དུ་བྲིའོ། །སེང་གེའི་ཁྲིའི་འོག་ཏུ་ཆོས་ཀྱི་འཁོར་ལོ་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ་དེའི་འོག་ཏུ་རིན་པོ་ཆེའི་གཞལ་ཡས་ཁང་དེ་ལ་གནས་པའི་བཅོམ་ལྡན་འདས་མ་

རིག་པའི་རྒྱལ་མོ་ཆེན་མོ་ཧ་ཅང་མི་སྐེམ། ཧ་ཅང་མི་སྦོམ་པའི་ལུས་སུ་གནས་པ། རབ་ཏུ་ཞི་བའི་སྐུ། གཟུགས་མཛེས་ཤིང་ཅུང་ཟད་འཛུམ་པའི་བཞིན། ཕྱག་གཡོན་པས་ཨུཏྤལ་སྔོན་པོ་བསྣམས་པ། ཕྱག་གཡས་པས་དཔལ་འབྲས་བསྣམས་པ།

བྱིས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་འཆང་བ། མུ་ཏིག་གི་ཕྲེང་པས་མཆོད་ཕྱིར་ཐོགས་པ་བྱས་པ། དར་ལའི་སྟོད་གཡོགས་མནབས་པ། དར་གྱི་ན་བཟས་སྨད་གཡོགས་པ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། པདྨའི་

གདན་ལ་ཉེ་བར་བཞུགས་པ། ཁྲོ་བོའི་རྒྱལ་པོར་གྱུར་པ། སྒྲོལ་མས་ནོན་པ་ལ་གཟིགས་པར་གྱུར་པ། དཀྱིལ་འཁོར་དུ་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པ། བལྟ་ན་སྡུག་པ་ཐམས་ཅད་དུ་སྲིན་མོ་རལ་པ་གཅིག་པ་བྱས་པའི་གཟུགས་འཆང་བ་ཀུན་དུ་བྲིའོ། །དེའི་

เล่ม ๙๓ · หน้า 242a

གཡས་ཕྱོགས་ཀྱི་གཞོགས་སུ་པདྨའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་བྲི་སྟེ། རྣམ་པར་འགྱུར་བ་ཆེན་པོའི་གཟུགས་ཅན་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། བཀའ་སོ་སོར་བཞེས་བཞིན་པ། བྱང་ཆུབ་སེམས་དཔའ་ཆེན་པོར་

གྱུར་པ་ལ་བལྟ་བ་ཀུན་ནས་བྲིའོ། །གཡོན་གྱི་གཞོགས་སུ་པདྨའི་འོག་ཏུ་གནས་གཙང་མའི་རིས་ཀྱི་ལྷའི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ལྔ་བྲི་བར་བྱ་སྟེ། འདི་ལྟ་སྟེ། ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་དུལ་བ་དང་། དག་པ་དང་། མུན་པ་སེལ་བྱེད་

དང་། ཀུན་དུ་སྣང་བ་ཞེས་པ། དེ་རྣམས་ཐམས་ཅད་ཀྱང་གནས་གཙང་མའི་གནས་ན་འདུག་པ། རིན་པོ་ཆེ་འབར་བ་དུ་མའི་རྡོའི་མཐིལ་དང་འདྲ་བ། ཀུན་ནས་འབར་བ་རྣམ་པར་བཀྲ་བའི་མེ་ཏོག་རྣམས་ཀྱིས་གཅལ་དུ་བཀྲམ་པ། གཟུགས་མཛེས་པ་ཀུན་དུ་

བྲིའོ། །ཕྱི་རོལ་གྱི་ཁོར་ཡུག་ཏུ་གྲུ་བཞིར་རྟ་བབས་བཞི་དང་ལྡན་པ་རྣམས་པར་བཀྲ་བའི་ཚོན་སྣ་ལྔས་གསལ་བ། ཤིན་ཏུ་དྲང་བའི་མི་དམའ་བས་ནང་གི་དཀྱིལ་འཁོར་བྱའོ། །ཤར་གྱི་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་དུ་རི་མོའི་དབུས་སུ་མེ་ཏོག་གི་རྒྱལ་པོའི་

དབང་པོ་པདྨའི་གདན་ལ་ཉེ་བར་བཞུགས་པ་དེ་བཞིན་གཤེགས་པའི་གཟུགས་ཤིན་ཏུ་ཆུང་ཙམ་དུ་བྱ་སྟེ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། ཕྱག་མཆོག་སྦྱིན་པས་རབ་ཏུ་སྦྱིན་པ། སྐུའི་གཙུག་ཏོར་ལ་བཞུགས་པའོ། །དེའི་གཡས་སུ་གཙུག་ཏོར་

འཁོར་ལོས་སྒྱུར་བའི་ཕྱག་རྒྱ་བྲི་བར་བྱའོ། །གཡོན་དུ་གཟི་བརྗིད་ཕུང་པོའི་ཕྱག་རྒྱ་བྲི་བར་བྱའོ། །དེ་བཞིན་གཤེགས་པའི་སྤྱན་མའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བྲི་བར་བྱའོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དུ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་མའི་གཡས་སུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དེ་བཞིན་གཤེགས་པའི་སྐུར་བྱ་སྟེ། ཕྱག་མཆོག་སྦྱིན་པས་རབ་ཏུ་སྦྱིན་པ་པདྨའི་གདན་ལ་ཉེ་བར་བཞུགས་པ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པའོ། །དེའི་ཡང་གཡས་སུ་

เล่ม ๙๓ · หน้า 242b

ལྷུང་བཟེད་དང་། ཆོས་གོས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་མཐར་གྱིས་འཇུག་པའི་གནས་སུ་པདྨའི་ཕྱག་རྒྱ་བྱའོ། །བཅོམ་ལྡན་འདས་མེ་ཏོག་ཀུན་ནས་རྒྱས་པའི་རྒྱལ་པོ་དེ་བཞིན་གཤེགས་པའི་གཡོན་དུ་གཙུག་ཏོར་གཟི་བརྗིད་ཕུང་པོའི་ཕྱག་རྒྱ་བྲི་སྟེ་ཀུན་

ནས་འབར་བས་འཁྲུགས་པའོ། །དེའི་ཡང་གཡོན་དུ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སྐུ་རིན་པོ་ཆེའི་རི་ལ་ཉེ་བར་བཞུགས་པ་ཆོས་སྟོན་པར་མཛད་བཞིན་པ་བཻཌཱུརྱ་སྔོན་པོ་དང་། མར་གད་དང་། པདྨ་རཱ་ག་རྣམ་པ་སྣ་ཚོགས་པ་འབར་བའི་འོད་འབྱིན་པ།

ཀུན་ནས་ཀུན་དུ་འོད་གསལ་བ་བྲིའོ། །དེའི་ཡང་གཡོན་དུ་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱ་ཀུན་ནས་འབར་བ་འཁྲུགས་པ་ཀུན་དུ་བྲིའོ། །དེའི་ཡང་གཡོན་དུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཀུན་ནས་འབར་བ་བྲིའོ། །དེའི་ཡང་གཡོན་དུ་རིལ་བ་སྤྱི་བླུགས་དང་བགྲང་

ཕྲེང་དང་བཟང་པོའི་གདན་གྱི་ཕྱག་རྒྱ་བྲིའོ། །སྒོའི་གནས་སུ་རྡོ་རྗེ་རྩེ་གསུམ་པ་གཉིས་ཀ་ནས་ཀུན་ནས་འབར་བར་བྲིའོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་ཕྱག་རྒྱ་ཆེན་པོ་དབྱུག་པ་ཅན་དང་། ཨུཏྤ་ལའི་ཕྱག་རྒྱ་ཀུན་ནས་འབར་བ་

འདི་དག་ཕན་ཚུན་མ་འབྱར་བར་ཀུན་དུ་བྲིའོ། །དཀྱིལ་འཁོར་གྱི་རྣམ་པ་ཀུན་དུ་བྲིས་པའི་ཕྱི་རོལ་གྱི་དཀྱིལ་འཁོར་དེ་ཡང་ཚོན་སྣ་ལྔས་འབར་བ་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ། ཟུར་བཞིས་རྣམ་པར་མཛེས་པ། རྟ་བབས་བཞིའི་རྣམ་པ་ཕྱོགས་བཞིར་རོ། །

ནང་གི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་གྱི་ཕྱི་རོལ་གྱི་ཤར་ཕྱོགས་སུ་ཚངས་པ་ཆེན་པོ་བྲི་བར་བྱ་སྟེ། གདོང་བཞི་པ། གོས་དཀར་པོ་བགོས་པ། སྟོད་གཡོགས་གོས་དཀར་པོ་ཅན། མཆོད་ཕྱིར་ཐོགས་པ་དཀར་པོ་ཅན། གསེར་གྱི་མདོག་རལ་

པའི་ཅོད་པན་འཆང་བ། གཡོན་ན་དབྱུག་པ་དང་སྤྱི་བླུགས་ཐོགས་པ། ཕྱག་ན་རྡོ་རྗེའོ། །དེའི་ཡང་གཡས་སུ་འོད་གསལ་གྱི་ལྷའི་བུ་བྱ་སྟེ། ལུས་དར་ལའི་གོས་བགོས་པ། དར་ལའི་སྟོད་གཡོགས་ཅན། བཞིན་རབ་ཏུ་ཞི་བ། རལ་པའི་ཅོད་པན་

เล่ม ๙๓ · หน้า 243a

འཆང་བ། མཆོད་ཕྱིར་ཐོགས་དཀར་པོ་ཅན། སྐྱིལ་ཀྲུང་གིས་ཉེ་བར་འདུག་པ། ཕྱག་གཡས་མཆོག་སྦྱིན་པའོ། །དེའི་ཡང་གཡས་སུ་འོག་མིན་པའི་ལྷའི་བུ་བྱ་སྟེ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རབ་ཏུ་ཞི་བའི་ལུས། སེམས་བསམ་

གཏན་ལ་གནས་པ་དར་ལའི་གོས་བགོས་པ། དར་ལའི་སྟོད་གཡོགས་ཅན། སྐྱིལ་ཀྲུང་གིས་ཉེ་བར་འདུག་པ། ཕྱག་གཡས་པས་མཆོག་སྦྱིན་པ། མཆོད་ཕྱིར་ཐོགས་དཀར་པོ་ཅན་ནོ། །དེའི་རིམ་པས་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་

འཕྲུལ་དབང་བྱེད་དང་། འཐབ་བྲལ་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་རྣམས་བྲི་བར་བྱ་སྟེ། གོ་རིམས་ཇི་ལྟ་བ་བཞིན་དང་། ཆ་བྱད་དང་། དབྱིབས་ཇི་ལྟ་བ་བཞིན་ནོ། །བརྒྱ་བྱིན་གྱི་འོག་ཏུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཏེ། རྟག་མྱོས་དང་། ཕྲེང་ཐོགས་དང་།

ལག་ན་གཞོང་ཐོགས་དང་། པི་ཝང་གཉིས་པ་དང་། ས་བླ་པའི་ལྷའི་བུ་རྣམས་གོ་རིམས་ཇི་ལྟ་བ་དང་། ཆ་བྱད་ཇི་ལྟ་བ་བཞིན་བྲི་བར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། དགེ་

ཆུང་དང་། བསོད་ནམས་སྐྱེས་ལ་སོགས་པའི་ལྷའི་བུ་རྣམས་ཆ་བྱད་དང་། དབྱིབས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་བཞིན་དུ་ནུབ་ཀྱི་ཕྱོགས་དང་། དེ་བཞིན་དུའང་། བྱང་གི་ཕྱོགས་སུའང་ངོ་། །ནུབ་ཀྱི་ཕྱོགས་སུ་དེ་རྣམས་ཀྱི་འོག་ཏུ་ཕྲེང་གཉིས་ལ་

བརྟེན་ནས་བྲི་བར་བྱའོ། །དཀྱིལ་འཁོར་གཉིས་ཀྱི་ཕ་རོལ་ཏུ་དཀྱིལ་འཁོར་གསུམ་པར་འགྱུར་ཏེ། ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི་གོ་རིམས་བཞིན་དུ་བྲི་བར་བྱའོ། །བྱང་ཕྱོགས་སུ་འཇུག་པའི་གཡས་ངོས་སུ་ནོར་སྦྱིན་གཏེར་དང་ཉེ་བར་གནས་པ་རྒྱན་

ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཅོད་པན་ཅུང་ཟད་བཅོམ་པ། གནོད་སྦྱིན་གྱི་གཟུགས་ཅན་ནོ། །དེའི་གཡས་སུ་ནོར་བུ་བཟང་པོ་དང་། གང་བ་བཟང་པོ་གནོད་སྦྱིན་གྱི་སྡེ་དཔོན་དག་བྲིའོ། །དེ་བཞིན་དུ་རིམ་གྱིས་གནོད་སྦྱིན་མ་ཆེན་མོ་འཕྲོག་མ་

เล่ม ๙๓ · หน้า 243b

བྲི་སྟེ། གཞོན་ནུ་དགའ་བྱེད་ཕང་ན་འདུག་པ། དཀྱིལ་འཁོར་ལ་ངེས་པར་རྟོག་བཞིན་པ་བྲིའོ། །ལྔས་རྩེན་དམར་སེར་འཇིགས་སུ་རུང་བའང་བྲི་སྟེ། དེ་རྣམས་ཀྱི་ཉེ་ལོགས་སུ་གནོད་སྦྱིན་རྣམས་ཀྱི་ཕྱག་རྒྱ་བྲི་བར་བྱའོ། །དེ་བཞིན་དུ་རིམ་གྱིས་ནུབ་ཀྱི་ཕྱོགས་སུ་

ལྷ་ལག་ན་ཞགས་པ་ཐོགས་པ་དང་། ཀླུ་དགའ་བོ་དང་། ཉེ་དགའ་བོ་དང་། འཇོག་པོ་དང་། ནོར་རྒྱས་ཀྱི་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་བརྒྱད་བྲི་བར་བྱའོ། །དེ་བཞིན་དུ་ཕྲེང་གཉིས་པ་ལ་བརྟེན་ནས་གོ་རིམས་བཞིན་དུ་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། མིའམ་

ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲང་སྲོང་དང་། གྲུབ་པ་དང་། ཡི་དགས་དང་། ཤ་ཟ་དང་། ནམ་མཁའ་ལྡིང་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་དང་། སྨན་དང་། ནོར་བུ་རིན་པོ་ཆེའི་བྱེ་བྲག་དང་། རི་བོ་དང་། ཆུ་བོ་དང་། གླིང་རྣམས་གོ་རིམས་

བཞིན་དུ་གཙོ་བོར་གྲགས་པ་དང་། མཆོག་ཏུ་གཙོ་བོ་ཐམས་ཅད་ཀྱང་བྲི་བར་བྱའོ། །ལྷོ་ཕྱོགས་སུ་གཤིན་རྗེ་མ་མོ་བདུན་གྱི་འཁོར་དང་བཅས་པ་བྲི་བར་བྱའོ། །ཤར་གྱི་ཕྱོགས་སུ་མེ་ལྷ་ཀུན་འབར་བའི་ཕྲེང་བས་འཁྲུགས་པ། དབྱུག་པ་དང་། རིལ་པ་

སྤྱི་བླུགས་དང་བགྲང་ཕྲེང་ལག་ན་ཐོགས་པ། རལ་པའི་ཅོད་པན་འཆང་བ། གོས་དཀར་པོ་བགོས་པ། དར་ལའི་སྟོད་གཡོགས་ཅན། མཆོད་ཕྱིར་ཐོགས་དཀར་པོ་ཅན། གསེར་གྱི་མདོག་ཐལ་བའི་ཐིག་ལེ་གསུམ་བྱས་པ། སྣ་ཚོགས་པའི་རྒྱན་དང་།

མཚོན་ཆ་དང་། ཆ་བྱད་དང་། དབྱིབས་དང་། ཁ་དོག་དེ་ཡང་ཕྲེང་གཉིས་པ་ལ་བརྟེན་ནས་བྲི་བར་བྱའོ། །ཐམས་ཅད་ནས་འཇུག་པའི་དཀྱིལ་འཁོར་ཆེན་པོར་དཀའ་ཟློག་གི་བདག་པོ་ཁྱུ་མཆོག་ལ་ཞོན་པ། ལག་པ་གཡས་རྩེ་གསུམ་ཐོགས་པའོ། །ལྷ་མོ་དཀའ་

ཟློག་མའང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྨིན་དྲུག་གི་བུའང་རྨ་བྱ་ལ་ཞོན་པ། ལག་ན་མདུང་ཐུང་ཐོགས་པ། གཞོན་ནུའི་གཟུགས་ཅན། གདོང་དྲུག་བ་ལུས་དམར་པོར་སྣང་བ་གོས་སེར་པོ་བགོས་ཤིང་སྟོད་གཡོགས་གོས་སེར་པོ་ཅན། ཕྱག་གཡོན་

เล่ม ๙๓ · หน้า 244a

པས་དྲིལ་བུ་ཐོགས་ནས་བ་དན་དམར་པོ་ཐོགས་པའོ། །གོ་རིམས་བཞིན་དུ་བྷྲྀང་གི་རི་ཏི་ཤིན་ཏུ་རིད་པའི་རྣམས་པ་དང་། ཚོགས་ཀྱི་བདག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་། མ་མོ་བདུན་པོ་རྒྱན་དང་། ཆ་བྱད་དང་།

དབྱིབས་ཇི་ལྟ་བཞིན་དུ་མངོན་པར་བྲིའོ། །ནོར་ལྷ་བརྒྱད་དང་། དྲང་སྲོང་བདུན་དང་། ཁྱབ་འཇུག་ཕྱག་བཞི་པ། ཕྱག་ན་འཁོར་ལོ་དང་། བེ་ཅོན་དང་། མདུང་དང་། རལ་གྲི་ཐོགས་པ། ནམ་མཁའ་ལྡིང་གི་བཞོན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གཟའ་

བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བདུན་དང་། གང་ས་སྟེངས་ཀྱི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བའི་ཉེ་བའི་གཟའ་བརྒྱད་ཀྱང་བྲིའོ། །གོ་རིམས་བཞིན་དུ། དཀར་པོ་དང་། ནག་པོའི་ཚེས་བཅོ་ལྔ་དང་། ཁྱིམ་བཅུ་གཉིས་དང་། དུས་དྲུག་དང་། ཟླ་བ་བཅུ་གཉིས་དང་། ལོ་ཚིགས་

དང་། སྲིང་མོ་བཞི་གྲུ་ལ་ཞོན་པ་དང་། ལྔ་པ་མིང་པོ་ཆུ་ལ་གནས་པ་རྣམས་ཏེ། མདོར་ན། ཕྱག་རྒྱ་རྣམས་སུ་རྣམ་པར་གཞག་པར་བྱའོ། །ལྷ་རྣམས་གོ་རིམས་བཞིན་དུ་ཕྲེང་གཉིས་སུ་བྱའོ། །མདོར་ན་དཀྱིལ་འཁོར་གསུམ་པའང་། དཀྱིལ་འཁོར་གསུམ་ལ་བརྟེན་

ནས་མངོན་པར་བྲི་བར་བྱ་སྟེ། དཀྱིལ་འཁོར་གསུམ་པོ་རྣམས་སུའང་གྲུ་བཞིར་རྣམ་པར་གཞུག་པར་བྱའོ། །འདི་རྣམས་བཅོམ་ལྡན་འདས་སོ། །མདོར་བསྡུ་ན་སངས་རྒྱས་བཅོམ་ལྡན་འདས་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོ་ནི་ངེས་པར་མངོན་པར་བྲི་བར་བྱའོ། །པདྨའི་

རིགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་གཡས་སུ་ངེས་པར་བྲི་བར་བྱའོ། །རྡོ་རྗེའི་རིགས་འཕགས་པ་ཕྱག་ན་རྡོ་རྗེ་ནི་གཡོན་དུ་ངེས་པར་བྲི་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ་འཕགས་པ་ཀུན་དུ་བཟང་པོའང་ངེས་པར་བྲི་བར་བྱའོ། །འཇམ་དཔལ་གཞོན་

ནུར་གྱུར་པ་ངེས་པར་བྲི་བར་བྱའོ། །ལྷག་མ་རྣམས་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་སུ་ངེས་པར་བྲི་བར་བྱའོ། །འདི་དག་ནི་ནང་གི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བར་པ་ལ་ཡང་། ཤར་གྱི་ཕྱོགས་སུ་མི་མཇེད་ཀྱི་བདག་པོ་ཚངས་པ་ངེས་པར་མངོན་པར་བྲི་

เล่ม ๙๓ · หน้า 244b

བར་བྱའོ། །དེ་བཞིན་དུ་ལྷོའི་ཕྱོགས་སུ་འོད་གསལ་བའོ། །འོག་མིན་དང་གཟུགས་ཅན་མིན་པ་རྣམས་ལྷའི་དཀྱིལ་འཁོར་གྱི་རྣམ་པར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མི་གསལ་བའི་ལྷ་རྣམས་ནི་མ་ཡིན་ནོ། །བྱང་གི་ཕྱོགས་སུ་བརྒྱ་བྱིན་ལྷའི་རྒྱལ་

པོ་དང་། རབ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འོད་ཆུང་ལ་སོགས་པའི་ལྷའི་བུ་རྣམས་ལྷའི་རྒྱལ་པོ་རེ་རེ་ངེས་པར་མངོན་པར་བྲི་བར་བྱའོ། །ལྷག་མ་རྣམས་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་

སུ་མངོན་པར་བྲི་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་པར་ཡང་བྱང་གི་ཕྱོགས་སུ་འབྱུང་པོའི་བདག་པོ་དབང་ལྡན་དཀའ་ཐུབ་ཟློག་པ་དང་བཅས་པ་ངེས་པར་མངོན་པར་བྲི་བར་བྱའོ། །སྒོ་གཉིས་པའི་ཉེ་ལོགས་སུ་གཞོན་ནུ་སྨིན་དྲུག་གི་བུ་རྨ་བྱའི་གདན་ལ། ལག་ན་

མདུང་ཐུང་ཐོགས་པ། ལུས་དམར་པོར་སྣང་བ། གོས་སེར་པོའི་སྟོད་གཡོགས་བགོས་པ། ཕྱག་གཡས་ན་དྲིལ་བུ་དང་བ་དན་དམར་པོ་ཐོགས་པ། གཞོན་ནུའི་གཟུགས་ཅན་དཀྱིལ་འཁོར་ལ་ངེས་པར་རྟོག་བཞིན་པའོ། །ཤར་གྱི་ཕྱོགས་སུ་ནམ་མཁའ་ལྡིང་འདབ་

ཆགས་ཀྱི་གཟུགས་ཅན་དང་། དྲང་སྲོང་མཱརྐཎྜ་ངེས་པར་མངོན་པར་བྲི་བར་བྱའོ། །ལྷག་མ་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་སུ་ཡང་ངོ་། །ལྷོ་ཤར་དུ་གཞོན་ནུ་བཞི་དང་། གཞོན་ནུ་མིང་པོ་དང་ལྷན་ཅིག་པ་གྲུའི་བཞོན་པ་ལ་ཀུན་དུ་གནས་པ་ཆུ་གཏེར་ཆེན་པོ་ལ་

ཡོངས་སུ་རྒྱུ་བར་བྱེད་པ། མེ་ལྷའི་རྒྱལ་པོའང་ངེས་པར་མངོན་པར་བྲི་བར་བྱའོ། །དེ་བཞིན་དུ་ལྷོའི་ཕྱོགས་སུ་ལང་ཀའི་གྲོང་གི་སྲིན་པོའི་བདག་པོ་ཤིན་ཏུ་འཇིགས་སུ་རུང་བ་སྟེ་དེར་ཤིང་པི་ཙུ་མ་རྡ་ལ་བརྟེན་ནས་གནས་པ་དང་། རྨུགས་འཛིན་ཆུའི་དབང་པོ་ཞེས་བྱ་བ་གནོད་

སྦྱིན་གྱི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ངེས་པར་མངོན་པར་བྲི་བར་བྱའོ། །ལྷག་མ་ཕྱག་རྒྱ་རྣམས་སུའང་རྣམ་པར་གཞག་པར་བྱའོ། །དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་སུ་ཀླུའི་གཙོ་བོ་དགའ་བོ་དང་། ཉེ་དགའ་བོ་ངེས་པར་བྲི་བར་བྱ་སྟེ། གཟའི་གཙོ་བོ་ཉི་མ་ཡང་ངོ་། །

เล่ม ๙๓ · หน้า 245a

ནུབ་ཀྱི་ཕྱོགས་སུ་ཐུབ་པ་སེར་སྐྱ་ཞེས་བྱ་བ་དྲང་སྲོང་མཆོག་དང་། མུ་སྟེགས་ཅན་གཅེར་བུ་པའི་ཁྱུ་མཆོག །གཅེར་བུའི་གཟུགས་སུ་གོ་རིམས་བཞིན་དུ་ཕྱག་རྒྱ་རྣམས་སུ་རྣམ་པར་གཞག་པར་བྱའོ། །བྱང་ནུབ་ཀྱི་ཕྱོགས་སུ་གནོད་སྦྱིན་གྱི་རྒྱལ་པོ་ནོར་སྦྱིན་དང་། དྲི་

ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་སྟེ་འདི་རྣམས་ངེས་པར་བྲི་བར་བྱའོ། །ལྷག་མ་ནི་དབྱིབས་ཇི་ལྟར་ཀུན་དུ་གནས་པ་བཞིན་དུ་གོ་རིམས་བཞིན་ཕྱག་རྒྱ་རྣམས་སུའང་མངོན་པར་བྲི་བར་བྱའོ། །དཀྱིལ་འཁོར་བཞི་མངོན་པར་བྲིའོ་ཞེས་པ་ཕྱི་རོལ་གྱི་

དཀྱིལ་འཁོར་བཞི་པར་རི་མོ་ལྔས་སྤྲས་པ་ཕྱག་རྒྱའི་ཕྲེང་བས་མཛེས་པར་བྱས་པ་གྲུ་བཞི་དང་རྟ་བབས་བཞིའི་རྣམ་པ་དང་། རྒྱལ་པོ་ཆེན་པོ་བཞིས་རྣམ་པར་བརྒྱན་པ། གོ་རིམས་ཇི་ལྟ་བ་བཞིན་དུ་གནས་པ་འདི་ལྟ་སྟེ། འཇུག་པའི་སྒོར་ཕྱག་རྒྱར་གྱུར་པ་ནི་ཨུཏྤ་ལ་

སྔོན་པོ་བྲིའོ། །གཡས་དང་གཡོན་དུ་ནི་པདྨ་དང་། རྡོ་རྗེ་དང་། དགྲ་སྟ་དང་། དུང་དང་། མདུང་རྩེ་གསུམ་དང་། བེ་ཅོན་དང་། འཁོར་ལོ་དང་། སྭ་སྟི་ཀ་དང་། བུམ་པ་དང་། ཉ་དང་། དུང་དང་། གདུབ་ཀོར་དང་། རིལ་བ་སྤྱི་བླུགས་དང་། རྒྱལ་མཚན་དང་། བ་དན་དང་།

ཞགས་པ་དང་། དྲིལ་བུ་དང་། གྲི་དང་། ཐོ་བ་དང་། གཞུ་དང་། ལྕགས་མདའ་སྟེ་འདི་རྣམས་རྣམ་པ་སྣ་ཚོགས་པའི་མཚོན་ཆའི་མཆོག་གི་ཕྱག་རྒྱས་ཁོར་ཡུག་ཏུ་གྲྭ་བཞིར་ཕྲེང་བས་ཁྱབ་པར་བྱའོ། །དེ་ནས་ཕྱི་རོལ་གྱི་ཕྱོགས་བཞིར་ཕྱག་རྒྱ་ཆེན་པོ་བཞི་གཞག་པར་བྱ་

སྟེ། བྱང་ཕྱོགས་སུ་དཀྱིལ་འཁོར་གྲུ་བཞི་པའི་རྣམ་པ་ཅན་བྱས་ནས་རྡོ་རྗེ་གཉིས་ཀ་ནས་རྩེ་མོ་གསུམ་པའི་རྣམ་པ་ཀུན་ནས་འབར་བའོ། །ཤར་ཕྱོགས་སུ་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པ་ཅན་ཀུན་ནས་འབར་བ་ཅན་གཞག་པར་བྱའོ། །ལྷོའི་ཕྱོགས་སུ་དཀྱིལ་

འཁོར་གཞུའི་རྣམ་པ་ཅན་བྱས་ནས་ལྷུང་བཟེད་ཀུན་ནས་འབར་བ་ཅན་གཞག་པར་བྱའོ། །ནུབ་ཀྱི་ཕྱོགས་སུ་དཀྱིལ་འཁོར་ཉི་མའི་རྣམ་པ་ཅན་བྱས་ནས་ཨུཏྤ་ལ་སྔོན་པོ་རང་གི་སྡོང་བུ་དང་། འདབ་མ་དང་ལྡན་པ་ཀུན་ནས་འབར་བའོ། །ཕྱོགས་བྲལ་རྣམས་སུ་ཕྱག་རྒྱ་བཞིར་

เล่ม ๙๓ · หน้า 245b

འགྱུར་རོ། །ནུབ་བྱང་གི་ཕྱོགས་སུ་དཀྱིལ་འཁོར་ཟླུམ་པོའི་རྣམ་པ་བྱས་ནས་ཞགས་པ་ཀུན་ནས་འབར་བའོ། །ལྷོ་ནུབ་ཀྱི་ཕྱོགས་སུ་དཀྱིལ་འཁོར་རིང་པོའི་རྣམ་པ་བྱས་ནས་དབྱུག་པ་ཀུན་ནས་འབར་བའོ། །ལྷོ་ཤར་གྱི་ཕྱོགས་སུ་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པ་ཅན་

བྱས་ནས་དགྲ་སྟ་ཀུན་ནས་འབར་བའོ། །བྱང་ཤར་གྱི་ཕྱོགས་སུ་རལ་གྲི་ཀུན་ནས་འབར་བ་གཞག་པར་བྱའོ། །ཐམས་ཅད་ནས་མངོན་པར་བྲིས་ནས་སྟེང་དང་འོག་དང་ཐད་ཀར་ཕྱག་རྒྱ་གསུམ་ཕྱིའི་དཀྱིལ་འཁོར་གྱི་སྒོ་དང་ཉེ་བར་ཕྱེ་མ་ཉིད་ཀྱིས་བྲི་བར་བྱ་བ་ལ་འདི་ལྟ་སྟེ། གོས་

དང་། བསིལ་ཡབ་དང་། ལྷམ་ཀུན་ནས་འབར་བ་དེ་རྣམས་མངོན་པར་བྲི་བར་བྱའོ། །ཞེས་སོ། །བྱང་ཆུབ་སེམས་དཔའ་བློ་ལྡན་པས། །སེམས་ཅན་ཕན་དོན་འདོད་པ་ཡི། །དཀྱིལ་འཁོར་ཆོ་ག་འདི་རྣམས་ཀྱིས། །མདོར་བསྡུས་འདིར་ནི་བསྟན་པ་ཡིན། །དེ་ནས་

དཀྱིལ་འཁོར་གྱི་སློབ་དཔོན་གྱིས་དང་པོ་ཉིད་དུ་སློབ་མ་གཟུང་བར་བྱ་སྟེ། དབང་པོ་མ་ཚང་བ་མེད་པ་དང་ཡན་ལག་ཐམས་ཅད་མཛེས་པའི་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐེག་པ་ཆེན་པོའི་ཐེག་པ་པ། ཐེག་པ་གཞན་

མི་འདོད་པའི་ངང་ཚུལ་ཅན་གྱི་སེམས་དཔའ་ཆེན་པོ་དད་ཅིང་དགེ་བའི་ཆོས་ཅན་དང་། རྒྱལ་སྲིད་ཆེན་པོ་མངོན་པར་འདོད་པ་དང་། ལོངས་སྤྱོད་ཆུང་བ་ལ་སྨོད་པ་དང་། ལོངས་སྤྱོད་ཆེན་པོ་མངོན་པར་འདོད་པ་དང་ལྡན་པ་དང་། བཟང་ཞིང་དུལ་ལ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་

དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་སྡོམ་པ་ལ་གནས་པ། གསོ་སྦྱོང་ལ་ཉེ་བར་གནས་ཤིང་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ཞེ་མི་སྡང་བ་དང་། ཕྱོགས་ཆེན་པོ་དང་། རིགས་དང་ལྡན་པ་དང་། རང་བཞིན་གྱིས་ཆོས་སྤྱོད་

པ། ཉིན་དང་མཚན་དུ་སྨྱུང་བར་གནས་པ་གོས་གཙང་མ་བགོས་པ། སྐྲ་དྲི་ཞིམ་པ་དང་། ཁྲུས་གསུམ་བྱས་པ། མི་སྨྲ་བར་གྱུར་པ། དེའི་ཉིན་མོ་ག་བུར་དང་། གུར་གུམ་དང་། མ་ལ་ཡའི་ཙནྡན་དྲི་ཞིམ་པོས་དྲི་ཞིམ་པར་བྱས་པ། རྟག་ཏུ་ཉེ་རེག་བྱས་པ་དང་ལྡན་པ།

เล่ม ๙๓ · หน้า 246a

ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། བསྲུང་བའི་ཆོ་ག་བྱས་པ་དང་། ཚངས་པར་སྤྱོད་པ་དང་། བདེན་པ་དང་ལྡན་པ་དང་། རྒྱལ་བར་དགོངས་པ་ཕྱིའི་དཀྱིལ་འཁོར་དེ་ཉིད་དུ་ཧ་ཅང་ཡང་མི་ཉེ་ཧ་ཅང་ཡང་མི་རིང་བར་གཞག་པར་བྱའོ། །གཙང་ཞིང་གཙང་སྦྲ་

བྱས་པ་ཇི་སྲིད་གཅིག་ནས་བརྒྱད་ལ་སོགས་པའི་བར་རྣམས་ཏེ། གཞན་རྣམས་ནི་མ་ཡིན་ནོ། །དེ་རྣམས་ཀྱང་ཕན་ཚུན་ཀུན་དུ་ཆགས་པ། རྒྱལ་རིགས་སྤྱི་བོར་མངོན་པར་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དང་། དེ་རྣམས་ཀྱི་བུ་གཞོན་ནུ་མ་རྣམས་གྲོང་པའི་ཆོས་མ་

ཤེས་པ་སྟེ་བཅོམ་ལྡན་འདས་གཞོན་ནུའི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་བྱིས་པའི་སྐྱེ་བོ་རབ་ཏུ་སད་པར་བྱེད་པ། གཞོན་ནུའི་སྐྱེ་བོ་དགའ་བར་བྱེད་པས་སོ། །དེ་ནས་ཆེས་ཐོག་མར་དེ་ལྟ་བུའི་གྲོང་པའི་ཆོས་མི་ཤེས་པ་རབ་ཏུ་གཞུག་པར་བྱ། །རྒྱལ་པོ་ཆེན་

པོ་མངོན་པར་འཕེལ་བ་དང་། ཚེ་དང་ནད་མེད་པ་དང་། དབང་ཕྱུག་དང་ལོངས་སྤྱོད་ཆེན་པོ་མངོན་པར་འཕེལ་བ་དང་། ཁྱད་པར་དུའང་ཚུལ་ཁྲིམས་དང་ལྡན་པས་རིག་པའི་དངོས་གྲུབ་ངེས་པར་གནས་པའི་ཕྱིར་རོ། །དེ་ལྟར་སྔར་བཞག་པ་བྱས་ནས་གྲོགས་བཟང་པོ་དང་ལྡན་པའི་སློབ་

དཔོན་གྱིས་ག་པུར་གྱི་བདུག་པ་བསྲེགས་ཏེ། རྒྱབ་ཀྱིས་ཕྱོགས་པ་མིན་པར་ཕྱི་རོལ་དུ་འབྱུང་བར་བྱ་སྟེ། བྱུང་ནས་ཀྱང་ཇི་ལྟར་བདེ་བའི་ཆུ་ཤིན་ཏུ་གཙང་སྦྲ་བྱས་པ། སྲོག་ཆགས་མེད་པ། རྩ་བའི་རིག་པ་བརྒྱད་བརྒྱ་མངོན་པར་བཟླས་པ། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པའི་

ཆུས་ཁྲུས་བྱས་ནས། ཉེ་རེག་བྱས་ཏེ་གོས་གཙང་མ་བགོས་པའི་གཙང་མས། མེ་ཐབ་ཏུ་སོང་ནས། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བྱང་ཤར་དུ་མངོན་པར་ཕྱོགས་པས་ག་བུར་དང་གུར་གུམ་ཙནྡན་དང་བསྲེས་པའི་མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །སྔར་

བརྗོད་པའི་ཆོ་གས་སྤྱན་དྲངས་པ་དང་། གཤེགས་སུ་གསོལ་ལོ། །སླར་ཡང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ཞུགས་ནས་བུམ་པ་གང་བ་བརྒྱད་གཙང་མའི་གོས་དང་ལྡན་པ་ཤིང་ས་ཧ་ཀ་རའི་ཡལ་འདབ་དང་འབྲས་བུས་རྣམ་པར་བརྒྱན་པ་གསེར་དང་དངུལ་དང་རིན་པོ་

เล่ม ๙๓ · หน้า 246b

ཆེ་དང་། འབྲུ་ནང་དུ་བཅུག་པ། དེ་ལྟ་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོ་སོར་དབུལ་བར་བྱའོ། །གཉིས་པ་ནི་སངས་རྒྱས་ཐམས་ཅད་ལའོ། །གསུམ་པ་ནི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལའོ། །བཞི་པ་ནི་བྱང་ཆུབ་སེམས་དཔའ་ཐམས་

ཅད་ལའོ། །ལྔ་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལའོ། །དྲུག་པ་ནི་ལྷ་ཐམས་ཅད་ལའོ། །བདུན་པ་དང་བརྒྱད་པ་ནི་དཀྱིལ་འཁོར་གཉིས་པའི་སྒོ་ཁང་དུ་གཞག་པར་བྱ་སྟེ། གཅིག་པ་ནི་སེམས་ཅན་ཐམས་ཅད་དང་

ཐུན་མོང་དུ་གྱུར་བར་ཡོངས་སུ་བསྔོས་ནས་གཞག་པར་བྱའོ། །དེ་ནས་སྔར་བརྗོད་པའི་ཆོ་ག་ཉིད་ཀྱིས་བདུག་པ་བསྲེག་ཅིང་ཨུཏྤ་ལའི་ཕྱག་རྒྱ་བཅིངས་ནས་སླར་ཡང་སྤྱན་དྲང་བར་བྱ་སྟེ། སངས་རྒྱས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་

པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། འབྱུང་པོ་ཐམས་ཅད་དང་། སྤྱན་རས་གཟིགས་དབང་ཕྱུག་ཀྱང་སྔར་བརྗོད་པའི་ཆོ་ག་ཉིད་ཀྱིས་སྤྱན་དྲང་བར་བྱའོ། །དེ་བཞིན་དུ་མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་མེ་དང་། ལྷ་བཤོས་

ཀྱང་སྔར་བསྟན་པ་ཉིད་ཀྱི་ལས་ཀྱིས་ལྷ་བཤོས་ཐམས་ཅད་ཀྱིས་ཐམས་ཅད་དུ་གོ་རིམས་བཞིན་དུ་བྱའོ། །མར་མེ་སྨོས་པ་ཉིད་ཀྱིས་མར་གྱི་མར་མེ་དབུལ་བར་བྱའོ། །འཕགས་པ་དང་། འཕགས་པ་མ་ཡིན་པ་ཐམས་ཅད་ལ་ལྷ་བཤོས་སྨོས་པས། སཱ་

ལུའི་ཟན་ཞོ་དང་། སྦྲང་རྩི་དང་ལྡན་པ། འོ་ཐུག་ཁྱད་པར་ཅན་གྱིས་ཉེ་བར་སྦྱར་བའི་མར་ལ་བཙོས་པའི་སྣུམ་ཁུར་གྱིས་མྱ་ངན་མེད་པ་འཁྱིལ་བ་དང་། ཁཎྜ་ལ་སོགས་པ་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ལ་དབུལ་བར་བྱའོ། །ཕྱི་རོལ་གང་བ་

དང་། ཙནྡན་གྱི་ཐང་ཆུ་སྦྲང་རྩི་དང་འོ་མ། འོ་ཐུག་བཙོས་པའི་བཟའ་བ་རྣམས་རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་། འཕགས་པའི་ལྷ་རྣམས་ལ་མེ་ཏོག་དྲི་ཞིམ་པོ་རྣམས་ཀྱང་དབུལ་བར་བྱའོ། །

เล่ม ๙๓ · หน้า 247a

ལ་དུ་ཅན་དང་། གརྦྷཏྐྭཱ་ཁྱད་པར་དང་། སྔར་གྱི་ཡོ་བྱད་རྣམས་ལྷ་ཐམས་ཅད་དང་། འབྱུང་པོའི་ཚོགས་དང་། སེམས་ཅན་ཐམས་ཅད་ལ་དབུལ་བར་བྱའོ། །དེ་བཞིན་དུ་སྣ་མ་དང་། རྒྱ་སྤོས་ཀྱི་མེ་ཏོག་དང་། པུནྣཱ་ག་ལ་སོགས་པ་

རྣམས་སྔར་ངེས་པར་བསྟན་པ། སངས་རྒྱས་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། འཕགས་པ་དང་། འཕགས་པ་མ་ཡིན་པའི་ལྷ་རྣམས་ཐམས་ཅད་ལ་དབུལ་བར་བྱའོ། །ཁྱད་པར་དུ་དེ་

བཞིན་གཤེགས་པའི་རིགས་ལ་སྣ་མའི་མེ་ཏོག་དང་། པདྨའི་རིགས་ལ་པདྨ་དང་། དེ་བཞིན་དུ་ཕྱག་ན་རྡོ་རྗེའི་རིགས་ལ་ཨུཏྤ་ལ་དང་། གཞན་རྣམས་ལ་ཐ་མལ་པའི་སྔགས་ཀྱིས་སོ། །དེ་བཞིན་གཤེགས་པའི་རིགས་ལ་ག་པུར་གྱི་བདུག་པའོ། །པདྨའི་རིགས་ལ་

ཙནྡན་ནོ། །དེ་བཞིན་དུ་གསང་བའི་བདག་པོ་རྡོ་རྗེ་ཅན་ཉིད་ཀྱི་གུ་གུལ་དུ་ཤེས་པར་བྱའོ། །སྔགས་གཞན་ཐམས་ཅད་ལ་བདུག་པ་ཐ་མལ་པ་དབུལ་བར་བྱའོ། །འཕགས་པ་རྣམས་ནི་ཐམས་ཅད་ལ། །མར་གྱི་མར་མེ་དབུལ་བར་བྱའོ། །འཕགས་པ་མིན་པའི་སྔགས་

རྣམས་ལ། །དྲི་ཞིམ་ཏིལ་མར་དབུལ་དུ་གཞུག །ཆོ་གའི་གོ་རིམས་བཞིན་དུ་ནི། །བདུག་པ་མཐོང་བའི་རྒྱུ་ཡིས་སོ། །དེ་བཞིན་ཁོ་ནར་བརྗོད་པའི་དྲི། །སྔགས་རྣམས་ཀུན་ལ་རྟག་པར་དེའོ། །དེ་བཞིན་གཤེགས་ལ་གང་བརྗོད་དང་། །ཕྱག་ན་རྡོ་རྗེར་གང་བརྗོད་པ། །རང་རང་གི་ནི་རྒྱུད་

རྣམས་སུ། །སྔགས་སྤྱོད་དོན་དུ་སྒྲུབ་པ་པོས། །འདིར་ནི་ཆོ་ག་བལྟ་བར་བྱ། །ཀུན་ནས་རྗེས་སུ་འཇུག་པའོ། །ཞེས་པའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་སྔར་ཆོ་ག་མཐོང་བས་སྤྱན་དྲང་བ་དང་། མཆོད་པ་དང་། བདུག་པ་ལ་སོགས་པ་དང་། ལྷ་བཤོས་རབ་ཏུ་དབུལ་བ་རྗེས་

སུ་འཇུག་པའི་བྱ་བ་བྱས་ནས། དེའི་འོག་ཏུ་སྒྲུབ་པའི་གྲོགས་མཆོག་མཁས་ཤིང་སྐྱེན་པས། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཤ་མེད་པ་ཐམས་ཅད་དང་། རྔ་པ་ཊ་ཧ་དང་། དུང་གི་སྒྲའི་སྒྲ་དབྱངས་ངེས་པར་སྒྲོགས་པས། བདུག་པ་དང་། མེ་ཏོག་དང་། མར་མེ་དང་། ཕྲེང་བས་

เล่ม ๙๓ · หน้า 247b

རྣམ་པར་སྤྲས་པ་ཕྱོགས་བཞི་རྣམས་དང་། ཕྱོགས་བྲལ་རྣམས་དང་སྟེང་དང་འོག་དང་ཐད་ཀ་ཐམས་ཅད་དུ་ཕྱིའི་དཀྱིལ་འཁོར་ལ་བསྐོར་བ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་རྒྱ་ཆེར་གཏང་བར་བྱའོ། །དེ་ནས་ཁྲུས་བྱས་ནས་སླར་ཡང་ཞོ་དང་། སྦྲང་

རྩི་དང་། མར་ལ་བཏགས་པའི་འབྲས་སཱ་ལུ་དང་། ཐུག་པོ་ཆེའི་སྦྱིན་སྲེག་རྩ་བའི་རིག་པའམ་སྙིང་པོས་སྟོང་ཕྲག་བརྒྱད་བྱའོ། །སྦྱིན་སྲེག་བྱས་ནས་ཀྱང་སྔར་བཀོད་པའི་དཀྱིལ་འཁོར་ལ་རྗེས་སུ་ཞུགས་པའི་སེམས་དཔའ་ཆེན་པོ་ལ་སྲུང་བའི་ཆོ་ག་རྣམས་བྱས་

པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སློབ་མ་ཉིད་དུ་ཁས་བླངས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། གསོ་སྦྱོང་བྱས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་ལུས་དངོས་གྲུབ་ཀྱི་དོན་དུ་ཕུལ་བ། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་

ལོངས་སྤྱོད་པ་ཐུན་མོང་པར་གྱུར་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་གནོན་པར་བྱེད་པ། དགེ་བ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ལ་དཀྱིལ་འཁོར་བསྟན་པ་ཉིད་ལས་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ།

མཚམས་མེད་པ་བྱེད་པའི་སྐྱེ་བོ་རྣམས་ཀྱང་སྐད་ཅིག་དེ་ལ་གྲོལ་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གོས་མཉམས་པ་ཐ་ག་པས་བཏགས་མ་ཐག་པ། སྐྲ་དང་བྲལ་བ། རྩ་བའི་རིག་པས་ལན་བདུན་མངོན་པར་བསྔགས་པ། དྲི་ཞིམ་པོའི་ཙནྡན་

དང་། གུར་གུམ་གྱིས་བསྒོས་པའི་དར་གྱིས་དཀྱིལ་འཁོར་དུ་འཇུག་པར་འདོད་པ་རྣམས་གདོང་གཡོགས་ནས་ཐོག་མ་ནས་བཅོམ་ལྡན་འདས་མ་སྒྲུབ་པ་པོས་རབ་ཏུ་འཇུག་པར་བྱའོ། །རྒྱལ་པོའི་བུ་སྤྱི་བོ་ནས་དབང་བསྐུར་བའམ། རྒྱལ་རིགས་ཀྱི་བུའམ། གཞན་ཡང་

སྤྲོ་བ་ཆེན་པོ་རྒྱལ་སྲིད་ཆེན་པོ་འདོད་པའང་རབ་ཏུ་གཞུག་པར་བྱའོ། །དཀྱིལ་འཁོར་གཉིས་པར་གནས་པ་གདོང་གཡོགས་ནས་དྲི་བཟང་པོའི་མེ་ཏོག་ཙནྡན་དང་གུར་གུམ་དག་གིས་རྣམ་པར་བསྲེས་པ་བྱིན་ཏེ། ཤིན་ཏུ་གཙང་སྦྲ་བྱས་པའི་ལག་པ་

เล่ม ๙๓ · หน้า 248a

དག་གིས་མེ་ཏོག་འཐོར་དུ་གཞུག་པར་བྱའོ། །གང་དུ་དེའི་མེ་ཏོག་བབས་པ་དེ་ལ་དེའི་རིག་པའི་སྔགས་སྦྱིན་པར་བྱའོ། །སྐྱེ་བ་གཞན་རྣམས་སུ་དེ་ཉིད་དང་འདི་རྗེས་སུ་འབྲེལ་པའོ་ཞེས་ཀུན་དུ་གྲགས་པ་ཡིན་ཞིང་། དེ་ཉིད་འདིའི་དགེ་བའི་བཤེས་གཉེན་དང་བྱང་ཆུབ་ཀྱི་སྙིང་

པོ་གནོན་པར་བྱེད་པ་དང་། བྱང་ཆུབ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་དོན་དུ་མངོན་པར་སྒྲུབ་པར་བྱེད་པའོ། །དེ་ཉིད་འདིའི་བསྒྲུབ་པར་བྱ་བ་དང་། ལོངས་སྤྱོད་ཆེན་པོ་དང་། རྒྱལ་སྲིད་ཆེན་པོ་དང་། དབང་ཆེ་བར་གྲགས་པའི་གང་ཟག་དང་།

འགྲོགས་པ་འདིའི་མངོན་པར་སྒྲུབ་པར་བྱེད་པའོ། །སྐྱེ་བ་འདི་ཉིད་དུ། སྒྲུབ་པ་གང་དང་ལྡན་པ་ལྷག་པར་སྤྱོད་པ་ལས། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་རིམ་གྱིས་དེ་ལྟ་བུ་ལ་སོགས་པ་ཇི་སྲིད་དུ་བརྒྱད་པོ་རྣམས་དེ་སྲིད་དེ་གཞན་རྣམས་ནི་མ་ཡིན་ནོ། །ཞེས་

སོ། །སྒྲུབ་པར་འདོད་པ་གཞན་ཡང་ཅི་ལྟར་འདོད་པ་བཞིན་དུ་སྡིག་པ་ཟད་པའི་དོན་དུ་དམ་ཚིག་ཙམ་དུ་འགྱུར་ཞེས་པའོ། །དཀྱིལ་འཁོར་གྱི་སློབ་དཔོན་གྱིས་མངོན་པར་དབང་བསྐུར་བ་སྦྱིན་ན་དང་པོ་རེ་ཞིག་དཀྱིལ་འཁོར་གྱི་ཕྱི་རོལ་ཧ་ཅང་མི་རིང་། ཧ་ཅང་མི་ཉེ་བའི་བྱང་ཤར་གྱི་ཕྱོགས་

ཀྱི་ཆའི་ས་ཕྱོགས་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཤིང་སྔགས་ཀྱིས་དག་པར་བྱས་ནས་དེ་ནས་རྒྱལ་པོ་མངོན་པར་དབང་བསྐུར་བ་དེ་བཞིན་དུ་སེམས་བཞིན་པས་མཐའ་གཅིག་ཏུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དང་བའི་དད་པ་དང་། སྤྲོ་བ་ཆེན་པོ་དང་ལྡན་

པ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ། ཐེག་པ་ཆེན་པོ་ལ་ཞུགས་པ། དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱེད་པ། དབང་པོ་མ་ཚང་བ་མེད་ཅིང་མ་སྨད་པ། སྐྱེ་བ་འདི་ཉིད་ལ་རིག་པ་དང་། སྔགས་སྒྲུབ་པར་འདོད་པ། བསམ་པ་བཟང་ཞིང་། སྔགས་ཀྱི་སྤྱོད་པ་ལ་སྤྲོ་བའི་ཡིད་

དང་ལྡན་པ། དགེ་མཚན་འདོད་པའི་རང་བཞིན་ཅན། སད་པའི་རྒྱུར་ཡང་རིག་པའི་དོན་ལ་རྣམ་རྟོག་མེད་ཅིང་དེར་གཏད་པའི་ཡིད་ཅན་དེ་ལྟ་བུ་ལ་སོགས་པ་ལྔ་ཇི་སྲིད་པར་མངོན་པར་དབང་བསྐུར་བར་བྱའོ། །ལྷག་མ་རྣམས་སྤང་བར་བྱའོ་ཞེས་སོ། །ཤེས་རབ་ཅན་དང་སྤྱོད་པ་ལ་མ་

เล่ม ๙๓ · หน้า 248b

རྨོངས་པའི་ཁྱད་པར་ལས་ཏེ། གཞན་རྣམས་བསྟེན་པར་བྱ་བ་མ་ཡིན་ནོ། །དེ་ནས་རྒྱལ་པོ་ཐམས་ཅད་དབང་བསྐུར་བ་བཞིན་དུ་ཡོ་བྱད་ཐམས་ཅད་བསགས་ཏེ། སློབ་དཔོན་དང་མཁན་པོ་མཉེས་པར་བྱའོ། །དེ་ནས་བླ་རེ་བྲེས་ཏེ་རྒྱལ་མཚན་དང་། བ་དན་དང་གདུགས་དཀར་པོ་

མགོ་བོར་འཛིན་བཞིན་པ་དང་། རྔ་ཡབ་དཀར་པོ་གཡོབ་བཞིན་པ་དང་། བཀུར་སྟི་ཆེན་པོས་དུང་དང་། རྔ་བོ་ཆེ་དང་། རྫ་རྔའི་དགའ་བའི་སྒྲ་ངེས་པར་སྒྲོགས་པ་དང་། རྒྱལ་བའི་སྒྲ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མངོན་པར་བསྔགས་པ་དང་། བདེ་ལེགས་ཀྱི་ཚིགས་སུ་བཅད་

པ་རྒྱལ་བས་གསུངས་པ་རྣམས་ཀྱིས་མངོན་པར་བསྟོད་བཞིན་པས་བསྐོར་བ་དང་། བཀྲ་ཤིས་དེ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱའོ། །སློབ་དཔོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་

སྔགས་ཀྱི་སྤྱོད་པ་མངོན་པར་བསྒྲུབ་པ་ལ་ཡང་དག་པར་རྗེས་སུ་འཇུག་པ་དང་། འཇིག་རྟེན་པ་ཐམས་ཅད་ལས་འདས་པའི་གསང་ཆེན་རྣམ་པར་ཐར་པའི་དཀྱིལ་འཁོར་དུ་ཡང་དག་པར་རྗེས་སུ་འཇུག་པ་དང་། ཆོས་ཀྱི་རྒྱལ་སྲིད་ཐམས་ཅད་ཀྱིས་སངས་རྒྱས་ཉིད་མངོན་པར་རྟོགས་

པར་འདོད་པ་དང་། མདོར་བསྡུས་ནས་བརྗོད་ནས་སངས་རྒྱས་ཉིད་འབྱུང་བའི་ཕྱིར་བདག་ཉིད་སྤྲོ་བར་བགྱིའོ་ཞེས་སོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཤར་དུ་མངོན་པར་ཕྱོགས་པས་དཀྱིལ་འཁོར་མཐོང་ཞིང་རྟོགས་པ་ལ་དང་པོ་རེ་ཞིག་རིག་པའི་མངོན་པར་དབང་བསྐུར་བ་བྱིན་

ནས་ཕྱག་རྒྱ་ཆེན་པོ་རྩ་བའི་རིག་པ་བཟླས་པར་བྱའོ། །དེ་ནས་རིག་པ་དང་། སྔགས་དག་གང་གནས་པ། གྲོ་གའི་འདབ་མ་ལ་གི་ཝང་གིས་བྲི་བར་བྱའོ། །བྲིས་ནས་ཙནྡན་དང་གུར་གུམ་དག་གིས་ལག་པ་དག་དང་ཁམ་ཕོར་ཁ་སྦྱར་བཀྲུས་ནས་དེ་ནས་གྲོ་གའི་འདབ་མ་ཁམ་ཕོར་ཁ་

སྦྱར་གྱི་ནང་དུ་བཞག་པར་བྱས་ནས་དཀྱིལ་འཁོར་གྱི་ནང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་གཞག་པར་བྱའོ། །དེ་ནས་དེར་ཉེ་བར་འདུག་སྟེ་རིག་པ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་སྔ་མ་ཉིད་དུ་བརྗོད་པར་བྱའོ། །དེ་ནས་

เล่ม ๙๓ · หน้า 249a

དེར་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པ་མངོན་པར་དབང་བསྐུར་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་བུམ་པ་གང་བ་སྒོ་དང་ཉེ་བར་སྔར་བཞག་པ་བླངས་ནས་སློབ་དཔོན་གྱིས་རྩ་བའི་རིག་པ་བཟླས་ཤིང་སྤྱི་བོར་མངོན་པར་དབང་

བསྐུར་བར་བྱའོ། །སློབ་མ་ཇི་ལྟར་འདོད་པའི་ཆུས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་བྱའོ་ཞེས་སོ། །དེ་ནས་དེ་ལ་ཁམ་ཕོར་ཁ་སྦྱར་དེ་དེའི་ཆེད་དུ་སྦྱིན་པར་བྱའོ། །མར་མེ་ལ་ཀློག་ཏུ་གཞུག་པར་བྱའོ། །གལ་ཏེ་དེས་བཅོམ་ལྡན་འདས་རིག་པའམ་སྔགས་བཟུང་བ་ཉིད་

ཡིན་པར་གྱུར་ན་བཀླགས་པ་ཉིད་ལས་ཀྱང་ལས་བྱེད་དོ། །རྣམ་པ་གཞན་དུ་ན་རིམ་གྱིས་འབད་པས་བསྒྲུབས་པས་བྱེད་པར་འགྱུར་རོ། །གཞན་རྣམས་ནི་སྔགས་བཟླས་པ་ཁོ་ནས་འགྲུབ་པར་བྱེད་དོ། །དེ་ནས་སྔགས་ཡོངས་སུ་གཟུང་བར་འགྱུར་རོ། །དང་པོ་སྒྲུབ་པ་ཁོ་ནས་

འགྲུབ་པར་བྱེད་དོ། །ཞེས་པ་རྣམ་པར་རྟོག་པ་མེད་པ་ལས་སོ། །དེ་ཁོ་ན་སྔར་བྲིས་པ་སློབ་དཔོན་གྱི་སྒྲུབ་པ་གསུམ་གྱིས་ངེས་པར་འགྲུབ་པར་འགྱུར་རོ། །འབད་པ་མེད་པར་རོ། །དེ་བཞིན་དུ་ཐོག་མར་རིག་པའི་མངོན་པར་དབང་བསྐུར་བ་སྦྱིན་པར་བྱའོ། །དཀྱིལ་འཁོར་

གཉིས་པར་མངོན་པར་དབང་བསྐུར་བ་ནི། དཀྱིལ་འཁོར་གཉིས་པར། དཀྱིལ་འཁོར་ཐམས་ཅད་ལ་དང་། ལྷ་ཐམས་ཅད་ལ་གང་རབ་ཏུ་བསྟབས་པའི་བུམ་པ་གང་བ་དེས་སྔ་མའི་ཆོ་ག་གང་ཡིན་པ་ཇི་ལྟ་བ་དེ་ཉིད་ཀྱིས་སྤྱི་བོར་མངོན་པར་དབང་བསྐུར་བར་བྱས་ན་སྡིག་པ་ཐམས་

ཅད་ལས་གྲོལ་བར་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གནང་བར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་སྒྲུབ་པ་ལ་ཡང་ལྷག་པར་འདོད་པར་འགྱུར་རོ། །བྱང་ཆུབ་

སེམས་དཔའ་ཐམས་ཅད་ཀྱིས་སློབ་དཔོན་དུ་མངོན་པར་དབང་བསྐུར་བ་སྦྱིན་ནོ། །དཀྱིལ་འཁོར་གསུམ་པར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕུལ་བའི་བུམ་པ་གང་བ་ཆོ་ག་དེ་ཉིད་ཀྱིས་སྤྱི་བོར་མངོན་པར་དབང་བསྐུར་བར་བྱའོ། །ཁྱོད་ལ་སངས་རྒྱས་བྱང་ཆུབ་སེམས་

เล่ม ๙๓ · หน้า 249b

དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རིག་པའི་སྔགས་རྣམས་དང་། དཀྱིལ་འཁོར་འདྲི་བ་དང་། ཉེ་བར་སྟོན་པ་དང་། རྒྱུད་དང་རྒྱུད་ཀྱི་ཕྱག་རྒྱ་དང་སྤྱད་པ་ངེས་པར་སྟོན་པ་དང་། རང་གི་ཆོ་ག་ངེས་པར་

སྟོན་པར་རྗེས་སུ་གནང་ངོ་ཞེས་བརྗོད་པར་བྱའོ། །སྐྱེ་བ་འདི་ཉིད་དམ་གང་ཕྱི་མ་གཞན་དང་གཞན་རྣམས་སུ་སངས་རྒྱས་ཉིད་ངེས་པར་ཐོབ་བོ། །དེ་བཞིན་དུ་རྒྱལ་བ་དང་རྣམ་པར་རྒྱལ་བའི་མངོན་པར་དབང་བསྐུར་བ་དང་སྔར་ངེས་པར་བསྟན་པའི་ཆོ་གས་བཅོམ་ལྡན་འདས་ལ་

སྔར་ཕུལ་བའི་བུམ་པ་གང་བ་དང་། བྱང་ཆུབ་སེམས་དཔའ་ལ་ཕུལ་བའི་བུམ་པ་གང་བས་དེ་བཞིན་དུ་ཁོ་ནར་མངོན་པར་དབང་བསྐུར་རོ། །དེ་བཞིན་དུ་ཡང་ཁྱོད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་

ཀྱིས་འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པ་དང་། ལུས་ཅན་ཐམས་ཅད་ཀྱིས་མི་ཐུབ་ཅིང་རྣམ་པར་རྒྱལ་བ་དང་། ཁྱོད་སྔགས་རྣམས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་སྒྲུབས་ཤིག་ཅེས་རྗེས་སུ་གནང་ངོ་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་

སེམས་ཅན་ལྔ་པོ་ཉིད་རེ་རེ་ལ་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་དབང་བསྐུར་པ་སྦྱིན་པར་བྱའོ། །དེ་ནས་དེ་དག་རིམ་གྱིས་དཀྱིལ་འཁོར་དུ་བཅུག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ་ཏེ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་གཤེགས་

སུ་གསོལ་བར་བྱའོ། །དེ་ནས་ཉི་མ་གཞན་ལ་རིམ་གྱིས་རིག་པ་དང་གསང་སྔགས་ཀྱི་སྤྱོད་པ་རྣམས་ལ་བསླབ་པར་བྱ་ཞིང་། རྣམ་པར་སྦྱར་བར་བྱའོ། །སྐད་ཅིག་དེ་ཉིད་ལ་སོང་ནས་སྔར་བརྟེན་པར་ཕུལ་བ། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སྔར་ཕུལ་བའི་ཆུ་བུམ་པ་གང་

བ་བླངས་ནས། དཀྱིལ་འཁོར་དུ་ཞུགས་པ་དེ་རྣམས་ལ་ཆུ་ཁྱོར་བ་གསུམ་ཤར་དུ་མངོན་པར་ཕྱོགས་པར་བྱས་ནས་འཐུང་དུ་གཞུག་པར་བྱའོ། །འདི་སྐད་བརྗོད་པར་བྱ་སྟེ། ཀྱེ་བྱང་ཆུབ་སེམས་དཔའ་ཆེན་པོ་གསང་བའི་དམ་ཚིག་གང་གིས་འདའ་བར་བྱེད་པ་བསོད་

เล่ม ๙๓ · หน้า 250a

ནམས་མ་ཡིན་པ་མང་པོ་སྐྱེ་བར་འགྱུར་རོ། །དཀྱིལ་འཁོར་གང་དུའམ། དེར་ཡང་རིགས་དམན་པ་གང་གིས་དཀྱིལ་འཁོར་དུ་འོངས་པ་དེ་རྣམས་ཀྱང་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་གྲོགས་བྱེད་པའི་ལག་པར་གོས་

དཀར་པོ་གཙང་མ་མགོ་བོར་བཅིངས་པ་གཞན་གྱིས་སམ་གོས་ཀུན་དུ་གཡོགས་ཏེ་གནས་པ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་རིགས་དམན་པ་རྣམས་ཀྱིས་མེ་ཏོག་གཏོར་བར་བྱའོ། །དེ་ནས་གྲོགས་བྱེད་པ་དེ་རྣམས་ཀྱིས་ཀྱང་། རབ་ཏུ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱིས་

ཁྲུས་བྱའོ། །དེ་རྣམས་ཀྱིས་ཡང་དམ་ཚིག་ཙམ་དེ་འབྱུང་བར་འགྱུར་རོ། །སྒྲུབ་པ་ཡང་གྲུབ་པར་འགྱུར་རོ། །དེ་སྔར་བྱས་པའི་མེའི་བྱ་བའི་གནས་སུ་སོང་ནས་རྩེ་མོ་མ་ཉམས་པའི་ཀུ་ཤ་རྣམས་ཀྱིས་སོ། །དེར་ཡང་མེ་ཐབ་རྣམ་པ་གསུམ་དུ་བརྗོད་དོ། །ཞི་བ་དང་། རྒྱས་

པ་དང་། མངོན་སྤྱོད་དོ། །ཞི་བའི་དོན་དུ་པད་མའི་རྣམ་པའོ། །ཡང་ན་ཚིམ་པར་བྱེད་པས་དབང་དུ་བྱེད་པའང་ངོ་། །མངོན་སྤྱོད་ལ་ཟུར་གསུམ་མོ། །དེ་ལ་མེའི་བྱ་བའི་ཆོ་ག་ཐམས་ཅད་ལ་ཀུ་ཤ་དགྲམ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ལ་ཕྱག་བྱ་བ་བྱས་ནས་ཤར་

གྱི་རྩེ་མོར་མེའི་བྱ་བ་གཞག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་ནས་མེའི་བྱ་བ་མཛད་པ་རྣམས་ལ་ཕྱག་བྱས་ནས་ལྷོའི་རྩེ་མོར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། བྱང་གི་རྩེ་མོར་སྦྱིན་པར་བྱའོ། །དེ་བཞིན་དུའང་བྱ་བ་རྣམས་

གྲོགས་བྱེད་པས་གནས་པའི་ངང་ཚུལ་ཅན་གྱིས་མེའི་བྱ་བ་ཀུ་ཤ་རྣམས་ཀྱིས་སོ། །ཐོག་མར་རྩ་བའི་རིག་པས་སོ། །ཐོག་མར་ཞོ་དང་སྦྲང་རྩི་དང་མར་ལ་བཏགས་པའི་འབྲས་ཡོས་ཀྱི་སྦྱིན་སྲེག་ཉི་ཤུ་རྩ་གཅིག་སྦྱིན་པར་བྱའོ། །ཞི་བའི་དོན་དུ་སྙིང་པོའི་མར་གྱིས་སོ། །རྒྱས་པའི་དོན་

དུ་ཤིང་ཨ་པཱ་མརྒ་གསུམ་གྱི་སྦྱིན་སྲེག་གོ། །མངོན་སྤྱོད་ལ་ཀ་ཊ་ཀེ་ཡིས་སོ། །མེའི་བྱ་བའི་ཆོ་ག་འདིའང་ཐམས་ཅད་དུ་ཐུན་མོང་བའི་སྒྲུབ་པ་རྣམས་ལ་ཡང་ངོ་། །དཀྱིལ་འཁོར་ཐམས་ཅད་ཀྱི་ཉེ་བར་སྤྱོད་པ་རྣམས་སུའང་ངོ་། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གནས་

เล่ม ๙๓ · หน้า 250b

གཙང་མའི་གཙོ་བོའི་ལྷ་ཉིད་བསྟན་ནས། མེའི་ཆོ་གའི་བྱ་བ་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་ཞུགས་པ་རྣམས་ལ། དེ་ནས་རྩ་བའི་རིག་པ་བཟླས་པས་མཆོད་ཡོན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་

སེམས་དཔའ་རྣམས་དང་། གཞན་ཡང་རྫུ་འཕྲུལ་ཆེན་པོའི་ལྷའི་ཁྱད་པར་རྣམས་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱང་གསན་དུ་གསོལ། གང་དམ་ཚིག་གི་དཀྱིལ་འཁོར་འདིར་ཆོ་ག་ལས་འདས་པར་ཡང་རུང་སྟེ། གུས་པར་བྱེད་པ་དང་། གཞན་ཡང་གང་ཅུང་ཟད་

བདག་ཉིད་ཉམས་པར་བྱ་བ་དེ་དག་དགེ་བའི་རྩ་བ་འདིས་དཀྱིལ་འཁོར་ཐམས་ཅད་རབ་ཏུ་གནས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་དང་མ་བྲལ་བར་ཐོབ་པར་གྱུར་ཅིག །མྱུར་དུ་བདེ་བ་དང་ལྡན་པ་ཐོབ་

པར་གྱུར་ཅིག །དེ་སྐད་ཅེས་བརྗོད་པར་བྱའོ། །དཀྱིལ་འཁོར་དུ་རབ་ཏུ་ཞུགས་པའི་སེམས་ཅན་རྣམས་ཐམས་ཅད་ལ། མདོར་ན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་བར་བྱའོ། །སྦྱིན་པ་ལ་རབ་ཏུ་ཆགས་པ་དང་། བྱམས་པ་ལ་སོགས་པ་ལ་གནས་པ་དང་། སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པ་དང་། མདོར་ན་ལུང་དང་རིག་པ་དང་གསང་སྔགས་སངས་རྒྱས་དང་། བྱང་ཆུབ་སེམས་དཔས་གསུངས་པ་རྣམས་བལྟ་བར་བྱ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་བར་བྱའོ་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་

འཁོར་གྱི་སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་རྣམས་ཐམས་ཅད་ལ་དྲི་བཟང་པོའི་མེ་ཏོག་གིས་མཆོད་ཡོན་ཕུལ་ནས་སམ་དེ་ནས་ཡིད་ཀྱིས་མཆོད་ཡོན་ཕུལ་ནས་རྩ་བའི་རིག་པ་བཟླས་པས་གཙྪ་གཙྪ་ཞེས་པ་དང་། སྭཱ་ཧཱ་ཞེས་པ་ཁོ་ན་བཟླས་པས་ཕྱོགས་བཞིར་

རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་མའི་རྩ་བའི་ཕྱག་རྒྱ་བཅིངས་ནས་གྱེན་དུ་ངེས་པར་བལྟས་པས་གཤེགས་སུ་གསོལ་བར་བྱའོ། །ཞེས་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་ལས།

เล่ม ๙๓ · หน้า 251a

དཀྱིལ་འཁོར་གྱི་ཆོ་ག་རབ་འབྱམ་གྱི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།དེ་ནས་སེམས་དཔའ་ཆེན་པོ་དེ་སླར་ཡང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་གཟིགས་ནས་ལྷའི་བུ་རྣམས་ཐམས་ཅད་ལ་སྨྲས་པར་གྱུར་ཏེ། ཁྱེད་

རྣམས་ཉོན་ཅིག །མཆོག་གི་གྲུབ་པ་མཆོག་ཏུ་གསང་བ་སྒྲུབ་ཐབས་ཐམས་ཅད་ཀྱི་ཆོ་ག་རིག་པའི་ལས་ཐམས་ཅད་བྱེད་པ་དང་། རིག་པའི་ལས་བཟང་པོ་བྱེད་པ། ཆེན་པོ་ཉིད་དང་། དོན་ཆེན་པོ་བྱེད་པ། ཕུང་ཁྲོལ་ཐམས་ཅད་ཟློག་པར་བྱེད་པ། དོན་ཐམས་ཅད་སྒྲུབ་པར་བྱེད་

པ། མཆོག་ཏུ་བཀྲ་ཤིས་པ་ཐམས་ཅད་ཀུན་ནས་བཀྲ་ཤིས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། བདག་གི་མཆོག་ཏུ་གསང་བའི་སྙིང་པོ་ཡང་དག་པར་གྱུར་པ། ལས་ཕྲན་ཚེགས་ཐམས་ཅད་ལ་ཉེ་བར་སྦྱར་བར་བྱ་བ། རིག་པའི་རྒྱལ་མོ་ཆེན་མོའི་ལས་ཆེན་

པོ་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པའི་སྒྲོལ་མ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གྲོགས་པོ་དག་འདི་ནི་འཕགས་མ་སྒྲོལ་མ་ལས་ཆེན་པོ་ཐམས་

ཅད་བྱེད་པ་ལས་ཕྲན་ཚེགས་ཐམས་ཅད་བཀླགས་པས་གྲུབ་པ། མཆོག་ཏུ་གསང་བ་ཤིན་ཏུ་གསང་བ་མཆོག་ཏུ་གྲུབ་པ་གཞན་གྱིས་རབ་ཏུ་སྦྱར་བའི་ལས་ཐམས་ཅད་འཇིག་པར་བྱེད་པའི་རིག་པ་འདི་འང་དཀྱིལ་འཁོར་གཉིས་པའི་ཆོ་ག་དང་། སྒྲུབ་ཐབས་སུ་གྱུར་ཏེ། འཕགས་

མ་སྒྲོལ་མས་ལས་ཆེན་པོ་ཐམས་ཅད་མདོར་བསྡུས་པ་དང་། ལས་ཕྲན་ཚེགས་ཐམས་ཅད་ལའང་ཉེ་བར་སྦྱར་བར་བྱ་ཞིང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་དང་སྒྲུབ་ཐབས་རྣམས་ལའང་ངོ་། །ཉིན་མཚན་གང་དུ་འམ་དེར་ཡང་རུང་སྟེ། གཙང་མའི་ཕྱོགས་སུ་བྲི་བར་

བྱའོ། །བདག་ཉིད་ཉེས་པ་མེད་པ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གཅིག་པུས་དང་པོ་རེ་ཞིག་གྲུ་བཞི་མཉམ་པ་སྒོ་བཞི་པ་ཁྲུ་བཞིའི་ཚད་དང་ལྡན་པའི་དབུས་པདྨའི་ཕྱག་རྒྱ་དེའི་གཡས་སུ་ཨུཏྤ་ལ་སྔོན་པོ་དང་། དབྱུག་པའི་ཕྱག་རྒྱ་དང་། རིལ་བ་སྤྱི་བླུགས་ཀྱི་ཕྱག་རྒྱ་

เล่ม ๙๓ · หน้า 251b

གཡོན་དུ་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་དང་། གོས་དཀར་མོའི་ཕྱག་རྒྱ་དང་། རྟ་མགྲིན་དང་དཔལ་ཆེན་པོའི་ཕྱག་རྒྱའོ། །ཤར་སྒོར་པད་མ། བྱང་དུ་ཨུཏྤ་ལ། ལྷོ་རུ་རྡོ་རྗེ། ནུབ་ཏུ་འཇུག་པའི་རིམ་པ་ལས་འདས་པར། སྟེང་དུ་འཁྱིལ་བའི་རྣམ་པའི་ཞགས་པའི་ཕྱག་

རྒྱའོ། །དེའི་འོག་ཏུ་ཕྱི་ནས་མེའི་བྱ་བ་བྱས་ནས་སྔར་བརྗོད་པའི་ཆོ་གས་མཆོད་པ་ལ་སོགས་པ་བྱས་ཏེ། དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ལ་རྒྱལ་སྲིད་འདོད་པས་ཧདྤྱའི་ཤིང་དུའོ། །ལོངས་སྤྱོད་འདོད་པས་རང་གི་ཁྱིམ་གྱི་ལྷའོ། །རྟ་འདོད་པས་རྟའི་བྲེས་སུའོ། །

གླང་པོ་ཆེ་འདོད་པས་གླང་པོ་ཆེའི་བྲེས་སུའོ། །བུ་འདོད་པས་བོ་དེ་ཙེའི་ཤིང་གི་དྲུང་དུའོ། །ཚངས་པའི་སྲིན་པོས་ཟིན་པ་ལ་ཚངས་པས་བསྐྱངས་པ་རུའོ། །ཀླུས་ཟིན་པ་ལ་ཀླུ་ཤིང་དང་ཉེ་བ་རུའོ། །མཁའ་འགྲོ་མས་ཟིན་པ་ལ་ལམ་བཞི་མདོ་རུའོ། །གནོད་སྦྱིན་གྱིས་

ཟིན་པ་ལ་པ་ཊའི་ཤིང་གི་དྲུང་དུའོ། །སྲུལ་པོས་ཟིན་པ་ལ་ཁྲོན་པའི་དྲུང་དུའོ། །གཞན་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་གང་དུའང་། དེ་རུ་ཡང་ཉེས་པ་མེད་དོ། །གྲོགས་པོ་དག་མདོར་བསྡུ་ན། རིག་པ་འདི་ནི་དཀྱིལ་འཁོར་དང་། ལས་ཐམས་ཅད་པ་སྟེ། ལས་

ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱའོ། །གསང་ཆེན་འདི་དང་ལྷན་ཅིག་རབ་ཏུ་སྦྱར་བར་བྱ་སྟེ་དཀྱིལ་འཁོར་འདི་ནི་སེམས་ཅན་རྣམས་ལ་ཕན་པར་འདོད་པའི་འབྲས་བུ་ཡོད་པའོ། །ལོངས་སྤྱོད་ཐམས་ཅད་མངོན་པར་འཕེལ་བར་བྱེད་པ་སྒྲོལ་མའི་དཀྱིལ་འཁོར་གྱི་རིག་པ་སྒྲུབ་པ་

པོ་རྣམས་ལ་ཕན་པའི་དོན་གྱི་ཕྱིར་འབྱོར་པ་ཐམས་ཅད་མངོན་པར་འཕེལ་བར་བྱེད་པ་སྟེ། མདོར་ན་ཕྱི་མའི་ལུས་ཅན་འབྱུང་བར་འགྱུར་བ་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་པ་རབ་ཏུ་གྲགས་སོ། །དེ་ནས་དཀྱིལ་འཁོར་ཆེན་པོར་གྱུར་པ་གང་ཐོབ་ནས་དཔལ་མེད་པ་འཇོམས་

པར་བྱེད་ཅིང་ཞི་བར་བྱེད། ནད་དང་དགྲ་འཕྲོག་པ་དེ་ལྟ་བུའི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ཀྱི་གཟི་བརྗིད་དང་སྟོབས་སྒྲུབ་པར་བྱེད་པ་མཐོང་ཞིང་ཐོས་ནས་དེ་ནས་ཆོ་ག་ལ་རབ་ཏུ་དང་བ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་རྣམས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཏུ་བདག་གིས་

เล่ม ๙๓ · หน้า 252a

ལུང་སྟོན་པར་ཐེ་ཚོམ་མེད་དོ། །གང་ཡང་མ་འོངས་པའི་སངས་རྒྱས་འབྱུང་བར་འགྱུར་རོ། །འཇིག་རྟེན་གྱི་འདྲེན་པ་དེ་རྣམས་ཀྱང་རྗེས་སུ་ཡི་རང་བར་འགྱུར་རོ། །ས་སྟེངས་དཀྱིལ་འཁོར་སྨྲ་བ་ནི། །ཞི་བའི་ལས་རྣམས་ཐམས་ཅད་བྱེད། །བཀྲེན་པ་རྣམས་

ཀྱིས་འཕན་པ་ཐོབ། །སེམས་ཅན་མགོན་མེད་སྡུག་བསྔལ་ཅན། །རྣམས་ཀྱིས་དཀྱིལ་འཁོར་རབ་སྦྱར་བྱ། །ཨིནྡྲ་ནཱི་ལ་སོགས་ཕྱེ་མས། །དཀྱིལ་འཁོར་ཡང་དག་ཀུན་དུ་བྲི། །ཨིནྡྲ་ནཱི་ལ་སོགས་མེད་ན། །སཱ་ལུའི་ཕྱེ་མས་ཡང་དག་བྲི། །སཱ་ལུའི་ཕྱེ་མ་སོགས་མེད་ན། །

སོ་ཕག་ཕྱེ་མ་སོགས་ཀྱིས་བྲི། །སོ་ཕག་ཕྱེ་མ་སོགས་མེད་ན། །བྱེ་མ་རྣམས་ཀྱིས་ཡང་དག་བྲི། །དེ་ལྟར་ཡོན་ཏན་ཀུན་བསྡུས་པའི། །སྒྲོལ་མའི་དཀྱིལ་འཁོར་རྨད་བྱུང་བ། །འཇིག་རྟེན་མགོན་པོའི་ཡང་དག་བཀའ། །བྱང་ཆུབ་སེམས་དཔས་གསུངས་པ་ཡིན་ཞེས་སོ། །

བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་ཐེག་པ་ཆེན་པོའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་ལས་སྒྲུབ་ཐབས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི་ཆོ་ག་རབ་འབྱམ་གྱི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།དེ་ནས་སེམས་དཔའ་ཆེན་

པོས་སླར་ཡང་དཀྱིལ་འཁོར་ཆེན་པོ་དེ་ལ་ཀུན་དུ་གཟིགས་ནས་དངོས་པོ་མེད་པའི་རང་བཞིན་ཡང་དག་པར་འཕགས་པ་དགོངས་ནས་བཅོམ་ལྡན་འདས་མ་རིག་པའི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཤིང་མངོན་པར་ཡི་རང་བར་གྱུར་པ། མཆོག་གི་

སྒྲུབ་པའི་ཆོ་ག་རས་རིས་ཀྱི་ཆོ་ག་གསུངས་སོ། །དང་པོ་ར་ཞིག་དགེ་བའི་ཉི་མ་ལ་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་བླངས་ནས་བྲམ་ཟེའི་བུ་མོའི་ལག་པས་རས་བལ་བྱེད་དུ་གཞུག་པར་བྱའོ། །དེ་ནས་རས་བལ་དེ་ལ་ལྷག་པར་གནས་པར་བྱ་སྟེ་རྩ་བའི་རིག་པ་དཔའ་བོའི་

རིན་གྱིས་ཉོས་པའི་དོག་པ་བླངས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལྷག་པར་གནས་པར་མཛོད་ཅིག །བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་

เล่ม ๙๓ · หน้า 252b

ལེགས་པར་འཚོ་ཞིང་བདག་གི་སྐྱེ་བ་འབྲས་བུ་ཡོད་པ་དང་། སྔགས་ཀྱི་དངོས་གྲུབ་ལྷག་པར་གནས་པར་མཛོད་ཅིག །དེའི་དུས་སུ་རྔ་པ་ཊ་ཧ་དང་། རྔ་བོ་ཆེ་དང་། དུང་དང་། པི་ཝང་དང་། གླིང་བུ་དང་། འཁར་རྔ་དང་། རྔ་མུར་ཛའི་སྒྲ་ཐོས་པར་གྱུར་པའམ།

རྒྱལ་རིགས་སམ། རྒྱལ་རིགས་མོའམ། བུད་མེད་དམ། ཁྱེའུའམ། བུ་མོའམ། མི་རྣམས་གློ་བུར་དུ་འདི་སྐད་ཅེས། རྒྱལ་དང་། གྲུབ་པ་དང་། དངོས་གྲུབ་སྦྱིན་པ་དང་། བྱིན་པ་དང་། ཟུང་ཤིག་དང་། དཔལ་དང་། འབྲས་བུ་དང་བཅས་པ་དང་། ལས་

ཀྱི་འཁོར་ལོ་དང་། མང་པོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་གཞན་ཡང་དགེ་བའི་སྤྲ་རབ་ཏུ་འདོན་པ་དང་། དྲིལ་བུའི་སྒྲ་བྱུང་བ་དང་། དགའ་བའི་སྒྲ་ཡང་རུང་སྟེ། དེ་རྣམས་རིག་པ་འཛིན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་

ཀྱི་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །གཞན་དུ་དངོས་གྲུབ་འབྲས་བུ་མེད་དོ་ཞེས་པས་སོ། །དེའི་དུས་སུ་དེ་རྣམས་མ་རུངས་པའི་སྒྲ་འབྱིན་པའམ། ཟུང་ཤིག །ཟོ་ཤིག །འཛིན་དུ་ཆུ་གཅིག །ཉམས་པ་རྣམ་པར་བརླག་པ། ཀྱི་ཧུད། རིང་བ་མེད་པ་དེ་ལྟ་

བུ་ལ་སོགས་པའི་སྒྲ་འབྱིན་པར་བྱེད་པ་དང་། མི་དང་། མ་ཧེ་དང་། ཅེ་སྤྱང་དང་། བོང་བུ་དང་། བྱི་ལ་དང་། དུད་འགྲོ་དམན་པ་རྐང་གཉིས་པ། རྐང་བཞི་པ་རྣམས་ཀྱི་སྒྲ་འདོན་པར་གྱུར་ན། དེ་ལ་སྒྲུབ་པ་པོས་མཆོག་གི་དངོས་གྲུབ་མེད་དོ་ཞེས་ཤེས་པར་བྱ་ཞིང་། སྐྱེ་

བ་འདི་ཉིད་ལ་ཀུན་དུ་བརྟུལ་བར་བྱའོ། །སླར་ཡང་སྔ་མ་བཞིན་དུ་བྱས་ནས་བརྩམ་པར་བྱ་སྟེ། དེ་ལྟ་བུ་ལན་བདུན་གྱིས་མཚམས་མེད་པ་ལྔ་བྱེད་པའང་བདུན་པའི་ལས་ཀྱི་སྦྱོར་བས་འགྲུབ་པར་འགྱུར་རོ། །ཞེས་སོ། །དེ་ནས་སྒྲུབ་པ་པོས་གཞོན་ནུ་མ་དེ་ལ་སྲུང་བ་

བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ཏུ་བཅུག་སྟེ་ཤར་དུ་མངོན་པར་ཕྱོགས་པའམ། བྱང་དུ་མངོན་པར་ཕྱོགས་པར་བཞག་ནས་བདག་ཉིད་ཙཱ་རུའི་སྟོན་མོ་བཟའ་ཞིང་གཞོན་ནུ་མ་དེ་ལ་ཡང་ཙཱ་རུའི་སྟོན་མོ་བཟར་གཞུག་པར་བྱའོ། །སྔ་མ་ཁོ་ནར་ཡོངས་སུ་བརྟགས་

เล่ม ๙๓ · หน้า 253a

པའི་ཀུ་ཤའི་ཁྲེས་ལ་ཆོ་ག་དེ་ཉིད་ཀྱིས་རས་བལ་འཁལ་དུ་གཞུག་པར་བྱའོ། །དོག་པ་དེ་འཇམ་པ་དང་། ལེགས་པར་བསྒྲིམས་པ་སྔར་བརླབས་པའི་བུ་མོས་ཡང་དག་པར་བླངས་ཏེ། གཅིག་དང་ལྔ་དང་བརྒྱད་ལ་སོགས་པ་ནས་ཇི་སྲིད་བཅུ་དྲུག་

ཙམ་གྱི་བར་དུ་ཀཱ་ར་ཥཱའི་སྲང་གྲངས་ལེགས་པར་བགྲངས་པ་དང་ལྡན་པའི་གཞོན་ནུ་མས་བྱའོ། །དེ་ལ་རབ་ནི་བཅུ་དྲུག་བྱ། །དེ་བཞིན་འབྲིང་ནི་བརྒྱད་པ་སྟེ། །ཕྲན་ཚེགས་ལས་རྣམས་བསྒྲུབ་པ་ལ། །ལྔ་དང་གཅིག་ནི་ཐ་མའོ། །སྔགས་རྣམས་ཀུན་ལ་སྔགས་རིག་པས། །

ཇི་ལྟར་ནུས་པ་བཞིན་དུ་བྱ། །དེ་ནས་བརྩམས་ཏེ་གང་ཅུང་ཟད། །སྡིག་པའི་ལས་རྣམས་སྔོན་བྱས་པ། །དོག་པ་ལ་དམིགས་སེམས་ཀྱིས་ནི། །དེ་ཡི་སྐད་ཅིག་ཉིད་ལ་འཇིག །དོག་པ་འདི་ནི་བླངས་ནས་སུ། །གཙང་མའི་སྣོད་དུ་གཞུག་པར་བྱ། །ཕྱོགས་སུ་གྱུར་པར་

བཞག་བྱས་ནས། །ག་པུར་གྱི་ནི་བདུག་པས་བདུག །སྲོག་ཆགས་ཡན་ལག་མིན་འབྱུང་བའམ། །གུར་གུམ་ཙནྡན་ལ་སོགས་སམ། །ཙམ་པ་ཀ་སོགས་མཱ་ལི་ཀ། །དྲི་ཞིམ་མེ་ཏོག་རྣམས་ཀྱིས་བསྒོས། །གཙང་མའི་ཕྱོགས་སུ་བཞག་ནས་ནི། །སྲུང་བའི་ཆོ་ག་

བྱས་ནས་ནི། །སྔགས་རིག་ལས་ཀུན་ཤེས་པ་ཡིས། །ཤིན་ཏུ་མཉམ་བཞག་བཟླས་པར་བྱ། །དེ་ནས་ཐ་ག་པར་སོང་ནས། །ཇི་ལྟར་འདོད་པའི་གླ་བྱིན་ཏེ། །ཡན་ལག་བྲལ་མིན་སྐེམས་མིན་ཉིད། །དཀར་པོའི་ཆོས་ལ་རྟག་ཏུ་དགའ། །ནད་ཀྱིས་གདུངས་མིན་རྒན་པོ་

མིན། །ལུད་པ་དབུགས་མི་བདེ་ལས་གྲོལ། །མ་ནིང་མཚན་གཉིས་མིན་པ་དང་། །དེ་ནི་དམན་པ་མིན་ཉིད་དང་། །ངན་པར་ལྟུང་བ་སྤངས་པ་ནི། །ཀུན་ནས་མཚན་ཉིད་ཡང་དག་ལྡན། །རབ་བསྔགས་བལྟ་ན་སྡུག་པ་དང་། །བློ་ཡིས་ཀུན་དུ་སྤྱོད་པ་དགེ། །འཇིག་རྟེན་པ་

ཡི་འཇུག་པར་བརྟེན། །དངོས་གྲུབ་འདོད་པ་དེ་ལ་ནི། །རས་མཆོག་འཐག་པ་བྱེད་པ་ལ། །རབ་བསྔགས་དགེ་བའི་སྟོབས་ལྡན་ནམ། །བློ་ལྡན་བཟོ་ནི་ཤིན་ཏུ་མཁས། །ཤིན་ཏུ་མཁས་པར་མཆོག་གྱུར་པའི། །རས་ནི་འཐག་བྱེད་མཆོག་གིས་ནི། །རས་ཀྱི་རབ་

เล่ม ๙๓ · หน้า 253b

ལ་བྱ་བ་ཡིན། །འབྲིང་ལ་འབྲིང་པོ་སྒྲུབ་པར་བྱེད། །ཐ་མས་ཕྲན་ཚེགས་ལས་རྣམས་ནི། །དམན་པ་ཉིད་ནི་ཀུན་ལས་སོ། །བཟོ་བོས་ཇི་ལྟར་སྨྲ་བ་བཞིན། །དེ་ལས་གྲུ་ནི་ཇི་བཞིན་སྦྱིན། །བཟོ་བོ་ཡི་ནི་དང་པོའི་ངག །སྨྲས་པ་དེ་ལས་སྔགས་རིག་པས། །མྱུར་

དུ་རིན་ནི་སྦྱིན་པར་གྱིས། །དཔའ་བོའི་ཚོང་ཞེས་དེ་ལ་བརྗོད། །དོན་དུ་གཉེར་བ་ཉིད་དང་དེའི། །རིན་གྱི་དངོས་པོ་ཟློག་པར་བྱེད། །མྱུར་དུ་དངོས་གྲུབ་བྱེད་གང་འདིའི། །རས་ནི་བླ་ན་མེད་པའི་མཆོག །ལས་རྣམས་ཤིན་ཏུ་མཆོད་པར་འོས། །ལྷ་དང་མི་ཡི་བདེ་ཉིད་

དང་། །འབྱུང་པོ་ཀུན་གྱི་དཔལ་ཡིན་ཞེས། །ཡང་དག་རྫོགས་སངས་རྒྱས་ཀྱིས་གསུངས། །དེ་ནས་རིག་པ་འཛིན་པས་ཐ་ག་པ་ལ་གསོ་སྦྱོང་བྱིན་ནས། ཤིན་ཏུ་དག་པའི་རྒྱུ་སྐར་ལའམ། ཆོ་འཕྲུལ་གྱི་ཟླ་ཕྱེད་ལའམ། དཀར་པོའི་ཉི་མའམ། དཀར་པོའི་གཟའ་

ངེས་པར་བལྟས་ཏེ་དཀར་པོའི་ཟླ་ཕྱེད་གཞན་ལའང་རུང་སྟེ། ཤིང་ས་ཧ་ཀཱ་རིའི་སྙེ་མ་དང་མེ་ཏོག་སྐྱེས་ཤིང་ཤིང་གི་མེ་ཏོག་དང་ཡལ་ག་རྒྱས་ཤིང་དཔྱིད་ཀའི་དུས། དུས་ཀྱི་མཆོག་དེར་སྔ་དྲོ་ཉི་མ་འཆར་བའི་ཚེ་སྔར་བསྟན་པའི་རྒྱུ་མཐུན་དང་བཅས་པས་ཐ་ག་པ་ཙཱ་རུའི་བཟའ་

བ་ཟོས་ཤིང་གོས་དཀར་པོ་གྱོན་པ་མགོ་ལ་གཙུག་ཏོར་བཅིངས་ནས་ལེགས་པར་བཀྲུས་པ། ཙནྡན་དཀར་པོ་དང་། གུར་གུམ་དག་གང་ཡང་རུང་བས་ལེགས་པར་བྱུགས་པ། ལུས་ལ་རྗེས་སུ་བྱུགས་པ། ག་པུར་གྱི་དྲིས་ཁ་བསྒོས་པ། ཡིད་དགའ་ཞིང་བཀྲེས་པ་

དང་། སྐོམ་པ་དང་བྲལ་བར་བྱས་ནས། ཐགས་ཀྱི་སྣས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱང་ས་དང་། བ་ལང་གི་ལྕི་བ་དག་གིས་བཀྲུས་ཏེ་གསར་པ་རྣམས་ཀྱང་སླར་ཡང་བའི་རྣམ་ལྔས་བཀྲུ་བར་བྱའོ། །དེ་ནས་སྲོག་ཆགས་མེད་པའི་ཆུས་བཀྲུ་བར་བྱའོ། །ཙནྡན་

དཀར་པོ་དང་། གུར་གུམ་གྱིས་མངོན་པར་གཏོར་བར་བྱའོ། །སའི་ཕྱོགས་གཙང་མ་ཅ་ཅོ་དང་བྲལ་ཞིང་། ལྗོངས་ཀྱི་མི་དང་བྲལ་བ་རྣམ་པར་དབེན་པའི་གནས་བླ་གབ་དང་བཅས་ཤིང་གསང་བར་མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་དོ། །དེ་ནས་རྗེས་སུ་

เล่ม ๙๓ · หน้า 254a

སྒྲུབ་པ་པོས་ཡང་དག་པར་སྦྱོང་བར་བྱེད་པའི་སྔགས་ཉིད་ཡུངས་ཀར་དཀར་པོ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པར་བྱས་ནས་ཕྱོགས་བཞི་རྣམས་དང་། སྟེང་དང་འོག་དང་ཕྱོགས་བྲལ་རྣམས་སུ་གཏོར་བར་བྱའོ། །དེ་ནས་ཐ་ག་པ་ལ་ཡུངས་ཀར་

གྱིས་ཡང་དག་པར་བསྣུན་ནས་ཕྱག་རྒྱ་ཆེན་པོས་གཙུག་ཕུད་ལྔ་པ་བཅིངས་ཏེ། གཙུག་ཏོར་བཅིང་བ་བྱས་ན་སྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །གལ་ཏེ་རས་རབ་ཡིན་ན་ཞེང་དུ་ཁྲུ་བཞི། ཆུར་ཁྲུ་བརྒྱད་ཀྱི་ཚད་འདི་ཙམ་དུ་ཐ་ག་པས་བྲན་པར་བྱའོ། །འབྲིང་པོར་

གྱུར་ན་ཞེང་དུ་ཁྲུ་དོ་ཆུར་ཁྲུ་ལྔ་ཉིད་དོ། །ཐ་མ་ནི་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལ་ཆུར་ནི་སངས་རྒྱས་ཀྱི་ཁྲུ་གང་ཉིད་དོ། །དེ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐོ་གང་ནི་ཡུལ་དབུས་ཀྱི་སྐྱེས་བུ་ཚད་དང་ལྡན་པའི་ཁྲུ་གཅིག་སྟེ། འདི་ནི་བདེ་བར་གཤེགས་

པའི་མཐོའོ་ཞེས་བསྒྲགས་ཏེ་ཚད་འདིས་ཚད་ཀུན་དུ་བཤད་དོ། །འདི་ནི་ཕུར་པའི་དངོས་གྲུབ་ཏུ། །སྐྱེས་བུ་མཆོག་གིས་གསུངས་པ་ཡིན། །ཐུབ་པ་མི་སྣང་གྱུར་འོག་ཏུ། །རྒྱལ་སྲིད་འདོད་ལ་འབྲིང་པོ་སྟེ། །ལོངས་སྤྱོད་ཆེན་པོ་དོན་གཉེར་བའི། །སྐྱེས་བུ་ལྷ་དང་

ལྷ་མིན་དང་། །གདེངས་ཅན་ཐ་མ་གྲུབ་པར་བཤད། །འབྲིང་ལ་དངོས་གྲུབ་འབྲིང་པོའོ། །རས་འབྲིང་པོ་ནི་རྟག་པ་རུ། །སེམས་ཅན་ཀུན་གྱི་ལས་རྣམས་སྒྲུབ། །ཕྲན་ཚེགས་ལས་རྣམས་བསྒྲུབ་བྱ་ལ། །རས་ཐ་མ་ནི་རྟག་པ་རུ། །ལས་རྣམས་ཐམས་ཅད་སྒྲུབ་

པར་བྱེད། །རྫས་རྣམས་ཀུན་ལ་རྟག་ཏུ་ནི། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །རས་རིས་གསུམ་གྱིས་ངེས་བསྟན་པའི། །དངོས་གྲུབ་དཔལ་དོན་གཉེར་བའི་མི། །བརྒྱ་བྱིན་བདེ་སོགས་བདག་པོ་ཡང་། །ཆོ་ག་ཉམས་ན་མི་འགྲུབ་སྟེ། །ཆོ་ག་ཡང་དག་

ལྡན་གྱུར་ན། །མི་ཡི་སྐྱེ་བོ་ཕལ་པ་ལའང་། །འབད་པ་ཡིས་ནི་ལས་རྣམས་ཀུན། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །རྒྱལ་དང་རྒྱལ་མཆོག་སྲས་རྣམས་ཀྱིས། །སྦྱོར་བ་འདི་ནི་ཡང་དག་བཤད། །སེམས་ཅན་བཀྲེན་པ་མགོན་མེད་པ། །སྡུག་བསྔལ་

เล่ม ๙๓ · หน้า 254b

གྱིས་གདུངས་ཀུན་གྱི་དཔལ། །བྱང་ཆུབ་ལམ་དུ་གང་འདི་ནི། །དེ་ཉིད་གཟིགས་པ་རྣམས་ཀྱིས་བསྟན། །ཆོས་འདི་བྱང་ཆུབ་རྒྱུ་ཡིན་པར། །སྔགས་ཀྱི་ལམ་གྱིས་བསྟན་པ་ཡིན། །དཀྱིལ་འཁོར་ཡང་དག་བསྟན་པ་གང་། །འཇིག་རྟེན་དཀྱིལ་འཁོར་ཐམས་

ཅད་དང་། །འཇིག་རྟེན་འདས་པའང་འགྲུབ་འགྱུར་ཏེ། །འབད་པ་མེད་པར་སྔགས་རྣམས་འགྲུབ། །གང་ཞིག་བྱང་ཆུབ་རྒྱུར་འདོད་པ། །དེ་ལ་རྟག་ཏུ་དངོས་གྲུབ་འགྱུར། །རྟག་ཏུ་འགྲོ་ལ་མི་ཕན་པ། །གཞན་ལ་དངོས་གྲུབ་མེད་པར་གསུངས། །བྱང་ཆུབ་ཆེད་དུ་འཇུག་

ཀུན་ལ། །རས་རིས་ཐམས་ཅད་འགྲུབ་པར་གསུངས། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི། །དམ་ཚིག་འདི་ནི་ཁྱད་པར་དུ། །མྱུར་དུ་བྱ་བའི་དོན་བསྒྲུབ་ཕྱིར། །འདིར་ནི་མཐའ་དག་ཐོབ་པ་རུ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན། །དེ་ནས་རིམ་གྱིས་བཟོ་བོ་ཡིས། །

འབད་པས་རས་ནི་བཏག་པར་བྱ། །ཉིན་ཞག་ལྔ་དང་བརྒྱད་རྣམས་དང་། །བཅུ་དྲུག་གཉིས་ཀ་བཞི་དག་དང་། །ཉིན་མཚན་ཉིད་ཀྱིས་མྱུར་བ་རུ། །རས་ནི་འཐག་པ་རྫོགས་པ་དང་། །བཟོ་བོ་མཆོག་ཏུ་གྲུབ་པ་ནི། །ཉིན་མཚན་གྱིས་ནི་དགེ་བ་ཡིན། །གཙང་སྦྲའི་སྤྱོད་པ་

ཕུན་སུམ་ཚོགས། །བཟོ་བོ་རྟག་ཏུ་བྱིན་བརླབས་པ། །ཐག་རིང་གནས་སུ་སོང་ནས་ནི། །བཤང་དང་གཅི་བ་ཡོངས་སུ་དོར། །འོངས་པའི་གོས་དང་བཅས་བཀྲལ་ནས། །གཞན་པའི་གོས་གཞན་བགོ་བྱ་ཞིང་། །གོས་དཀར་འཆང་ཞིང་ཕྲེང་བར་ལྡན། །ཡང་དང་

ཡང་དུ་ཉེ་རེག་བྱ། །ལུས་ལ་ཙནྡན་དཀར་པོས་བྱུག །བཟོ་ལ་སོགས་པ་གཙང་བར་བྱ། །རྟག་ཏུ་འཇམ་ཞིང་ལེགས་སྦྱངས་པས། །སླར་ཡང་འབད་པས་བཏག་པར་བྱ། །དེ་ལ་སོགས་པའི་རབ་སྦྱོར་ནི། །རྒྱལ་བ་གཞན་གྱིས་གསུངས་པའམ། །འབད་པས་

རྣམ་དཔྱད་དང་ཚུལ་གྱིས། །རས་ནི་མ་ལུས་བཏག་པར་བྱ། །རས་ཀྱི་ཐགས་ནི་རྫོགས་པ་དང་། །སྔར་གྱི་ལས་ཀྱིས་ལེགས་སྤྲུལ་པ། །དེ་རྣམས་ཚད་ལྡན་མཉམས་པ། །བྱའོ་བཟང་པོའི་ཉིན་ཞག་ལ། །རྒྱུད་དང་རྒྱུད་དུ་མཉམ་པར་འཇུག །དཀར་པོའི་ཕྱོགས་

เล่ม ๙๓ · หน้า 255a

ཀྱི་མཛེས་པ་ལ། །འོད་མའི་ཤིང་ནི་ཁྲུ་བཞི་ལ། །རས་ནི་བླངས་ནས་དེ་ནས་འགྲོ། །ནོར་ནི་རྒྱ་ཆེར་འགོད་པ་ཡིས། །བཟོ་བོ་བདེ་ལེགས་བྱས་ནས་ནི། །བརྟུལ་ཞུགས་བཟང་པོ་ལེགས་སྤྱོད་པའི། །སྔགས་པ་ཇི་ལྟར་འདོད་སོང་ནས། །དྲི་ཞིམ་མེ་ཏོག་

གིས་མཆོད་དེ། །གཙང་བའི་ཕྱོགས་སུ་རྣམ་པར་དགོད། །འདི་ཉིད་ཀྱིས་ནི་སྔགས་ཀྱིས་ནི། །སྲུང་བའི་ཆོ་ག་རབ་ཏུ་བྱེད། །གང་ཞིག་རས་བལ་སྔོན་དུ་ནི། །སླར་ཡང་རྣམ་མང་ཡོངས་སྦྱངས་པ། །དེ་ཉིད་ཀྱིས་ནི་བདག་ཉིད་དང་། །རས་ཉིད་བསྲུང་བར་བྱ་བའོ། །བྱང་

ཆུབ་སེམས་དཔའ་དཔའ་བོ་ཆེ། །སྔགས་བཟླས་པ་ཡིས་གསུངས་པ་ཡིན། །སངས་རྒྱས་རྣམས་ནི་མང་པོས་དང་། །ངས་ཀྱང་དེ་ནི་སླར་ཡང་སྟེ། །དེ་ཉིད་གསང་སྔགས་ཐམས་ཅད་ཀྱིས། །རྣམ་པར་སྤྱོད་པའི་སྔགས་ཀྱི་གཟུགས། །བརྩོན་འགྲུས་ཆེན་པོ་གཟི་བརྗིད་ཆེ། །

སྔགས་ཀྱི་དོན་ཀུན་སྒྲུབ་པ་པོ། །སྣ་ཚོགས་སྐྱོབ་པའི་རྒྱུ་རྣམས་ནི། །རྣམ་པ་སྣ་ཚོགས་བྱེད་པར་འགྱུར། །འཛམ་གླིང་གནས་པའི་སེམས་ཅན་རྣམས། །སེམས་ཀྱི་སྤྱོད་པ་ཀུན་དུ་རྨོངས། །དད་པ་མེད་ཅིང་ཕྱིན་ཅི་ལོག །ལོག་པའི་ཀུན་སྤྱོད་ལ་རབ་བརྐམ། །སྔགས་

རྣམས་སྒྲུབ་པར་མི་བྱེད་པའི། །དེ་ཉིད་ཕྱིར་ན་སླར་གསུངས་པ། །འཁོར་བ་མུན་པའི་བཙོན་རར་འཁྱམས། །གང་ཡང་རྟག་ཏུ་ཡིད་དག་ཅིང་། །དད་ལྡན་ལྟད་མོ་བཀྲ་ཤིས་དང་། །སྔགས་རྣམས་ཀུན་ལ་རྟག་ཏུ་སྤྱོད། །བདག་ཉིད་ཆེན་པོ་དངོས་གྲུབ་འདོད། །རྟག་

ཏུ་འཛིན་ཅིང་འཆང་བ་དང་། །སྤྲོ་བ་ཆེ་ཞིང་གཟི་བརྗིད་ཆེ། །རྒྱལ་བས་གསུངས་པའི་སྔགས་རྣམས་གང་། །འབད་པ་མེད་པར་ཡང་དག་འགྲུབ། །དད་པ་མེད་པའི་སྐྱེ་བོ་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་ཚྭ་སྒོར་བཏབ་པ་ལ། །མྱུ་གུ་མེད་ཅིང་

འབྲས་མེད་བཞིན། །དད་པ་རྟག་ཏུ་ཆོས་ཀྱི་རྩར། །དོན་ཀུན་གཟིགས་པས་གསུངས་པ་ཡིན། །ཆོས་དོན་ངང་ཚུལ་ཅན་དེ་རྣམས། །སྔགས་ཀྱིས་དངོས་གྲུབ་རྟག་ཏུ་བརྗོད། །དེ་ནས་སྒྲུབ་པོས་བཟོ་བོ་ནི། །རི་མོ་མཁན་ནམ་བདག་ཀྱང་རུང་། །རི་མོ་མཁས་པས་

เล่ม ๙๓ · หน้า 255b

མ་འདྲེས་པའི། །ཚོན་རྩི་ཁ་དོག་གསལ་བ་དང་། །ཁ་དོག་ཅན་གྱི་ཚོན་བླངས་ནས། །ཇི་ལྟར་ཐ་ག་པ་ལ་ནི། །སྔར་གྱི་ཆོ་ག་དེ་ཉིད་ཀྱིས། །མཚན་ཉིད་ཡང་དག་ལྡན་པ་ཡིས། །རི་མོ་མཁན་ལ་གོང་བཞིན་དུ། །རྒྱས་པ་རུ་ནི་བྱ་བའོ། །ཇི་ལྟར་སྔར་བཞིན་ཐ་ག་

པའི། །ཆོ་ག་དེ་ཉིད་ཀྱིས་ནི་དེ། །རས་ལ་རི་མོ་བྲི་བར་བྱ། །ཡང་ན་རང་གིས་རི་མོ་བྲི། །ག་པུར་གུར་གུམ་ཙནྡན་ལས། །སོ་ཕག་ཚོན་ལ་བསྒོ་བར་བྱ། །བདུག་པ་བསྲེགས་ཤིང་སྔགས་ཉིད་ཀྱིས། །ལན་གྲངས་བརྒྱ་རྩ་བརྒྱད་བཟླས་ནས། །ནཱ་ག་གེ་སར་པུནྣཱ་ག། །བ་ཀུ་ལཱ་

དང་ཙམ་པ་ཀཱ། །བཱ་རི་ཥི་ཀ་དྷཱ་ན་སྐུ། །མཱ་ལི་ཏ་ཡི་མེ་ཏོག་སོགས། །རས་དེ་ལ་ནི་མངོན་པར་གཏོར། །ཤར་དུ་མངོན་ཕྱོགས་ཀུ་ཤ་ཡི། །ཁྲེས་ལ་ཉེར་འདུག་དད་པའི་བློས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །སེམས་དཔར་གྱུར་པས་འདི་ཕྲ་མོ། །ལག་པས་

བླངས་ནས་མ་འཁྲུགས་པའི། །སེམས་ཀྱིས་རས་ལ་རི་མོ་བྲི། །དང་པོ་རེ་ཞིག །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྲི་བར་བྱ་སྟེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་མཛེས་

པའི་སྐུ་རིན་པོ་ཆེའི་པདྨ་ལ་བཞུགས་པ་ཀུན་ནས་འོད་འབར་བ། ཀུན་ནས་འོད་འདོམ་གང་གིས་ཉེ་བར་མཛེས་པའི་སྐུ། ཆོས་སྟོན་པར་མཛད་བཞིན་པ། རབ་ཏུ་དང་བའི་སྐུ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། དབུས་ན་གནས་པའི་པདྨ་བཻ་ཌཱུརྱའི་སྡོང་པོ་ཅན།

འོག་ན་ཀླུའི་རྒྱལ་པོ་སྲ་བ་གདན་ཆེན་པོ་པདྨའི་སྡོང་བུ་དེ་ལ་འཛིན་བཞིན་པས་དེ་བཞིན་གཤེགས་པ་ལ་ལྟ་ཞིང་ལག་པ་གཡས་པས་ཕྱག་འཚལ་བ། དཀར་པོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལུས་ཕྱེད་མིའི་རྣམ་པ་ཅན་གྱི་དགའ་བོ་དང་། ཉེ་དགའ་བོ་བྲི་བར་བྱའོ། །

པདྨའི་མཚོ་དེའི་ཁོར་ཡུག་ཏུ་པདྨའི་འདབ་མ་དང་། མེ་ཏོག་དང་། ཅུང་ཟད་ཁ་བྱེ་བ་དང་རྣམ་པར་ཁ་བྱེ་བ་དང་། ཆུ་ལས་སྐྱེས་པའི་བྱ་དང་། ཉ་ལ་སོགས་པས་མངོན་པར་ཁྱབ་པ། མ་ལུས་པར་བཀོད་པ། མཛེས་པའི་རྣམ་པར་མངོན་པར་བྲི་བར་བྱའོ། །

เล่ม ๙๓ · หน้า 256a

གང་བཅོམ་ལྡན་འདས་ཀྱི་རྩ་བའི་པདྨའི་སྡོང་བུ་དང་། འདབ་མ་དེ་ཉིད་ལ་རྣམ་པར་འཕྲོས་པའི་པདྨའི་མེ་ཏོག་དུ་མ་རྣམས་རིམ་གྱིས་མཐོ་བའོ། །གཡོན་གྱི་གཞོགས་སུ་པདྨའི་མེ་ཏོག་བརྒྱད་དེ། དེ་རྣམས་ལ་ཡང་པདྨ་རྣམས་ལ་བཞུགས་པའི་བྱང་

ཆུབ་སེམས་དཔའ་ཆེན་པོ་བརྒྱད་ཀྱི་སྐུ་མངོན་པར་བྲི་བར་བྱའོ། །དང་པོ་རེ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་ཟེ་བ་ལྟར་ཅུང་ཟད་དཀར་བའི་གུར་གུམ་དང་། གསེར་གྱི་མདོག་ཅན་འོད་དཔག་ཏུ་མེད་པའི་ཅོད་པན་གྱིས་དབུ་ལ་རྣམ་པར་བརྒྱན་པ། ཕྱག་

ན་ཨུཏྤ་ལ་སྔོན་པོ་འཛིན་པ་གཡས་ཀྱི་ཕྱག་གིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བྱེད་བཞིན་པ། སྐུ་མཛེས་པ་དེ་བཞིན་གཤེགས་པ་ལྟ་བ་ཞི་བའི་རྣམ་པ། བཞིན་ཅུང་ཟད་འཛུམ་པ། ཀུན་ནས་འབར་བས་འཁྲིགས་པས་དཀྱིལ་འཁོར་གྱི་དབུས་སུ་གནས་

པའོ། །པདྨ་གཞན་ལ་ནི་འཕགས་པ་ཟླ་འོད་གཞོན་ནུ་དེ་བཞིན་དུ་མངོན་པར་བྲི་བར་བྱའོ། །གསུམ་པ་ལ་ནོར་བཟངས་སོ། །བཞི་པ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ལྔ་པ་ལ་ནམ་མཁའ་མཛོད་དོ། །དྲུག་པ་ལ་སའི་སྙིང་པོའོ། །བདུན་པ་ལ་འཇམ་

དཔལ་ལོ། །བརྒྱད་པ་ལ་སྤྱན་བཟང་སྟེ། འདི་དག་ཐམས་ཅད་གཞོན་ནུའི་ཆ་བྱད་ཅན། །གཞོན་ནུ་རྒྱན་གྱིས་མངོན་པར་བརྒྱན་པ་མངོན་པར་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ལ། བྱམས་པ་མ་

གཏོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྟེ། བཅོམ་ལྡན་འདས་ཀྱི་ཉེ་ལོགས་སུ་འཕགས་པ་བྱམས་པ་ཚངས་པར་སྤྱོད་པའི་ཆ་བྱད་འཛིན་པ། དབུ་ལ་རལ་པའི་ཅོད་པན་བཅིངས་པ། གསེར་མདོག་ངུར་སྨྲིག་དམར་པོ་གསོལ་བ། དར་ལ་དམར་པོའི་སྟོད་

གཡོགས་བྱས་པ། ཚོམ་བུ་གསུམ་གྱི་མཚན་མ་བྱས་པ། གཟུགས་མཛེས་པ་དབྱིག་པ་དང་། རིལ་བ་སྤྱི་བླུགས་གཡོན་གྱི་ཕྱག་ཏུ་བཀོད་པ། ཀྲྀཥྞ་སཱ་རའི་པགས་པ་ཕྲག་པ་གཡོན་དུ་བགོས་པ། ཕྱག་གཡས་པ་བགྲང་ཕྲེང་བཟུང་ནས་དེ་བཞིན་གཤེགས་པ་ལ་

เล่ม ๙๓ · หน้า 256b

ཕྱག་འཚལ་བར་བྱེད་བཞིན་པ། དེར་གཏོད་པའི་ལྟ་བ། བསམ་གཏན་ལ་དམིགས་པའི་སེམས་ཀྱི་སྤྱོད་པ་ཅན་ནོ། །པདྨ་གཉིས་པ་ལ་འཕགས་པ་ཀུན་དུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས་ཀྱི་མདོག་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པས་ཡིད་བཞིན་གྱི་

ནོར་བུ་རིན་པོ་ཆེ་བསྣམས་པ། ཕྱག་གཡས་པས་དཔལ་འབྲས་བསྣམས་ནས་མཆོག་སྦྱིན་པ། མཛེས་པའི་གཟུགས་ཅན་དེ་བཞིན་དུ་མངོན་པར་བྲི་བར་བྱའོ། །གསུམ་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། གསེར་གྱི་རྒྱན་གྱིས་རྣམ་

པར་བརྒྱན་པ། རལ་པའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར་པོ་ཅན། ཐམས་ཅད་མཁྱེན་པ་དབུ་ལ་བྱས་པ། འཕགས་པ་འོད་དཔག་མེད་སྟོབས་བཅུ་པ། རལ་པའི་ནང་དུ་ཉེ་བར་བཞུགས་པ། གཟུགས་མཛེས་པ། ཕྱག་གཡོན་ན་པདྨ་བསྣམས་པ།

ཕྱག་གཡས་མཆོག་སྦྱིན་པ། བསམ་གཏན་ལ་དམིགས་པར་གྱུར་པའི་སེམས་ཀྱི་སྤྱོད་པ་ཅན་སྐུ་ཀུན་ནས་གསལ་བར་གྱུར་པའོ། །བཞི་པ་ལ་འཕགས་པ་ཕྱག་ན་རྡོ་རྗེ་ཕྱག་གཡོན་པས་རྡོ་རྗེ་བསྣམས་པ། ཕྱག་གཡས་པས་ཉེ་བར་འགོག་པ་འབྲས་བུ་དང་བཅས་པ་བསྣམས་

ནས་མཆོག་སྦྱིན་པ། གསེར་མདོག་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། མཛེས་པའི་གཟུགས་ཅན་ཞི་བའི་ལྟ་བ་དང་ལྡན་པ། དོ་ཤལ་ཕྱེད་པས་ལུས་ཉེ་བར་དཀྲིས་པ། མུ་ཏིག་གི་དོ་ཤལ་གྱི་མཆོད་ཕྱིར་ཐོགས་བྱས་པ། ཅོད་པན་རིན་པོ་ཆེ་འབར་བས་རྣམ་པར་འཕྲོ་བ།

དར་སྲབ་མོའི་ཤམ་ཐབས་དང་། དར་ལ་དཀར་པོའི་བླ་གོས་བྱས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཀུན་དུ་བཟང་པོའི་ཤམ་ཐབས་དང་། བླ་གོས་ཀྱང་དེ་བཞིན་ནོ། །ལུས་ཀྱི་རྣམ་པ་ནི་སྔར་བསྟན་པ་ཇི་བཞིན་ནོ། །དེ་བཞིན་གཤེགས་པའི་པདྨ་ལྔ་པ་ལ་

འཕགས་པ་བློ་གྲོས་ཆེན་པོ། དྲུག་པ་ལ་ཞི་བའི་བློ་གྲོས། བདུན་པ་ལ་རྣམ་པར་སྣང་མཛད་ཀྱི་སྙིང་པོའོ། །བརྒྱད་པ་ལ་ངན་སོང་སྤོང་བ་ཞེས་པའི་བྱང་ཆུབ་སེམས་དཔའ་འདི་རྣམས་ཕྱག་ན་འབྲས་བུ་དང་གླེགས་བམ་བསྣམས་པ། རྣམ་པ་ཀུན་དུ་མཛེས་པ། དར་ལའི་སྟོད་

เล่ม ๙๓ · หน้า 257a

གཡོགས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གཡོ་བ་དང་ལྡན་པའི་སྐུ་ངུར་སྨྲིག་དམར་པོ་གསོལ་བ། སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ་རིན་པོ་ཆེའི་རྡོ་ལེབ་ལ་བཞུགས་པ་ཞི་བའི་ཆ་བྱད་ཅན། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ།

དྲི་ཞིམ་པོའི་མེ་ཏོག་གིས་གཅལ་དུ་བཀྲམ་པ་ལ་འདི་ལྟ་སྟེ། མཱ་ལ་ཏཱི་དང་། བཱརྵི་ཀཱ་དང་། དྷ་ནུ་སྐ་རི་ཀཱ་དང་། པུནྣཱག་དང་། ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་རས་ལ་ཀུན་ནས་གཅལ་དུ་བཀྲམ་བཞིན་པས་མངོན་པར་བྲིའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་

པའི་གཡོན་གྱི་གཞོགས་སུ་འཕགས་པ་འཇམ་དཔལ་གང་ཡིན་པའི་སྟེང་དུ་རིན་པོ་ཆེ་དུ་མས་སྤྲས་པའི་ཤིན་ཏུ་རིང་པོའི་རྣམ་པའི་གཞལ་མེད་ཀྱི་དཀྱིལ་འཁོར་རོ། །བྲག་རིའི་རྒྱལ་པོ་ཉེ་བར་མཛེས་པ་རིན་པོ་ཆེའི་རྡོ་ལེབ་ཀྱིས་བཀབ་པ་རི་བོའི་རྣམ་པ་ལྟ་བུར་མངོན་པར་བྲི་བར་བྱའོ། །

དེར་གནས་པའི་སངས་རྒྱས་བཅོམ་ལྡན་འདས་བརྒྱད་མངོན་པར་བྲི་བར་བྱ་བ་ལ་འདི་ལྟ་སྟེ། རིན་ཆེན་གཙུག་ཏོར་ཅན་རིན་པོ་ཆེ་བཻ་ཌཱུརྱའི་འོད་རྣམ་པར་འཕྲོ་བ། ཀུན་ནས་འོད་འདོམ་གང་བ། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། མ་ར་ཀ་ཏ་ལ་སོགས་པ་དང་། བཻ་ཌཱུརྱ་དང་། རྡོའི་

སྙིང་པོ་ལ་སོགས་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་ཁྱད་པར་རྣམས་ཀྱིས་ཀུན་ནས་རབ་ཏུ་འབར་བཞིན་པ། ཅུང་ཟད་ཉི་མ་འཆར་ཀའི་མདོག་འདྲ་བ། དེ་བཞིན་གཤེགས་པའི་སྐུ་ཆོས་གོས་སེར་པོའི་སྟོད་གཡོགས་མནབས་པ། སྐྱིལ་ཀྲུང་གིས་བཞུགས་པ། ཆོས་སྟོན་པར་མཛད་

བཞིན་པ། ཤམ་ཐབས་སེར་པོ་མནབས་པ་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གྱིས་གོ་ཆ་བགོས་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་མཛེས་པའི་སྐུ་རབ་ཏུ་ཞི་བའི་གཟིགས་སྟངས་ཅན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་གཤེགས་པ་རིན་ཆེན་གཙུག་

ཏོར་ཅན་མངོན་པར་བྲིའོ། །གཉིས་པ་ལ་དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོའི་དབང་པོ་གསེར་གྱི་མདོག་ཏུ་མངོན་པར་བྲི་བར་བྱའོ། །ནཱ་ག་གེ་སར་ཆེས་བཟང་བ་དང་། བ་ཀུ་ལ་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་མངོན་པར་གཏོར་བ་མངོན་པར་

เล่ม ๙๓ · หน้า 257b

བྲི་བར་བྱའོ། །འཕགས་པ་འཇམ་དཔལ་ལ་མངོན་པར་གཟིགས་བཞིན་པ་ཀུན་ནས་འོད་ཅན་རིན་པོ་ཆེའི་འོད་རྣམ་པར་འཕྲོ་བའི་མཐར་ཐུག་པའོ། །གསུམ་པ་ལ་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་མངོན་པར་བྲི་བར་བྱ་སྟེ་པདྨའི་གེ་སར་གྱི་མདོག་ཏུ་

སྣང་བ། ཆོས་སྟོན་པར་མཛད་བཞིན་པའོ། །བཞི་པ་ལ་དེ་བཞིན་གཤེགས་པ་སྤྱན་བཟང་མངོན་པར་བྲི་བར་བྱའོ། །ལྔ་པ་ལ་བཟོད་པར་དཀའ་བའོ། །དྲུག་པ་ལ་རྣམ་པར་སྣང་མཛད་རྒྱལ་བའོ། །བདུན་པ་ལ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོའོ། །བརྒྱད་

པ་ལ་དེ་བཞིན་གཤེགས་པ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དབང་པོའི་རྒྱལ་བ་མངོན་པར་བྲི་བར་བྱ་སྟེ། ཐམས་ཅད་གསེར་གྱི་ཁ་དོག་ཅན་དེ་བཞིན་གཤེགས་པའི་སྐུའི་རྣམ་པ་མི་འཇིགས་པ་སྦྱིན་པར་མཛད་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྟེང་

དུ་ཡང་བྲིས་སྐུའི་ཟུར་གཉིས་ཀ་ནས་སྤྲིན་གྱི་གོ་བར་ན་གནས་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་མེ་ཏོག་གི་ཆར་འབེབས་པར་བྱེད་བཞིན་པ་བྲིའོ། །བར་སྣང་ལ་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་

ཐམས་ཅད་ལ་ཕྱག་འཚལ་བར་བྱེད་བཞིན་པ། མངོན་པར་བྲི་བར་བྱའོ། །རང་སངས་རྒྱས་རྣམས་ཀྱི་བྱང་དུ་འཕགས་པ་ཉན་ཐོས་ཆེན་པོ་བརྒྱད་བྱང་ཆུབ་སེམས་དཔའ་རྣམས་དབུའི་གནས་སྤངས་པའི་སྟེང་དུ་མངོན་པར་བྲི་བར་བྱའོ། །འདི་ལྟ་སྟེ། གནས་བརྟན་

ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། འོད་སྲུང་ཆེན་པོ་དང་། རབ་འབྱོར་དང་། སྒྲ་གཅན་འཛིན་དང་། དགའ་བོ་དང་། བཟང་ལྡན་དང་། ཀ་པི་ན་ཞེས་པའོ། །རང་སངས་རྒྱས་ཀྱིས་རྣམས་འདི་ལྟ་སྟེ། དྲི་ངད་ཅན་དང་། ཙནྡན་དང་། ཉེ་

བའི་འཆི་ལྟས་དང་། དཀར་པོ་དང་། སི་ཀ་དང་། དབང་པོ་དང་། མུ་ཁྱུད་དང་། མུ་ཁྱུད་བཟང་པོ་ཞེས་པའོ། །ཐམས་ཅད་མཆོག་ཏུ་ཤིན་ཏུ་མཛེས་པ་ཞི་བའི་ཆ་ལུགས། ཞི་བའི་བདག་ཉིད། རབ་ཏུ་དུལ་བའི་རྣམ་པའོ། །ཉན་ཐོས་ཆེན་པོ་རྣམས་ཐལ་མོ་སྦྱར་བར་བྱས་

เล่ม ๙๓ · หน้า 258a

ནས་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ངེས་པར་རྟོག་པར་བྱེད་པའོ། །སྟེང་ངོས་སུའང་གནས་གཙང་མའི་ལྷ་དང་། ཉེ་བར་གནས་པའི་ལྷའི་བུ་གཞན་གཉིས་དར་གྱི་བླ་རེ་ཀུན་ནས་ཆུར་རིང་ཞིང་ཤིན་ཏུ་མཛེས་པ་བཟུང་ནས་སངས་རྒྱས་དང་བྱང་ཆུབ་

སེམས་དཔའ་དང་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ཀྱི་སྟེང་དུ་འཛིན་པར་བྱེད་བཞིན་པ་ལྷའི་ཕྲེང་བ་དང་གོས་འཆང་བའི་ལྷའི་བུ་མངོན་པར་བྲིའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་ངོས་སུ་དབུ་ལ་མུ་ཏིག་གི་དོ་ཤལ་དང་། རིན་པོ་ཆེའི་སྐུད་པ་ལ་པདྨ་རཱ་

ག་དང་། ཨིནྡྲ་ནཱི་ལ་ལ་སོགས་པ་རྣམས་ཀྱིས་བརྒྱུས་པའི་རིན་པོ་ཆེའི་སྐུད་པའི་ཚོགས་དེ་ལ་དར་གྱི་བླ་རེ་ལེགས་པར་བཀོད་ཅིང་ཁོར་ཡུག་ཏུའང་མུ་ཏིག་གི་དོ་ཤལ་རབ་ཏུ་འཕྱང་བ་མཛེས་པར་གྱུར་པ་མངོན་པར་བྲི་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་པདྨའི་གདན་གྱི་འོག་ཏུ་

བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཉེ་བར་ཀླུའི་རྒྱལ་པོ་ཉེ་དགའ་བོའི་གཞོགས་སུ་རིན་པོ་ཆེའི་རི་བོ། པདྨའི་མཚོ་ལས་མངོན་པར་འཕགས་པ། རིན་པོ་ཆེའི་ནྱུ་གུ་དང་། ཕུག་དང་། རི་སུལ་དང་། བྱི་རུའི་འཁྲི་ཤིང་ཡོངས་སུ་དཀྲིས་པའི་རིན་པོ་ཆེའི་ཤིང་དང་། དྲང་སྲོང་ཆེན་

པོ་ཉེ་བར་གནས་ཤིང་བསྟེན་པའི་རི་བོ། །དེའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་དྲག་པོ་ཆེན་པོའི་གཟུགས་ཅན་ཕྱག་གཡོན་པས་ཞགས་པ་བཟུང་ནས། གཡས་པས་དབྱུག་པ་འཛིན་པ། བཞིན་ཁྲོ་གཉེར་ཅན། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བལྟ་ཞིང་བཀའ་ནོད་པར་བྱེད་

བཞིན་པ། གསུས་པ་རློ་བ། སྐྲ་གྱེན་དུ་བརྫེས་པ། མིག་སྨན་ནག་པོ་སྤྲིན་དང་མཚུངས་པ། ཨག་ཚོམ་སེར་སྐྱ་དང་། སྐྲ་རིང་ཞིང་སེན་མོ་རིང་བ། མིག་དམར་བ། མགྲིན་པའི་ཕྱོགས་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། བགེགས་ཐམས་

ཅད་རྣམ་པར་འཇོམས་པ། ཆེས་མི་བཟད་པ་ཆེན་པོ། ཁྲོ་བོའི་རྒྱལ་པོ་ཆེན་པོ། ཀུན་ནས་འབར་བ། ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་རྣམས་འདི་ཉིད་ཁོ་ནས་བྲི་བར་བྱའོ། །དེའི་འོག་ཏུ་རལ་པ་ཅན་དེ་དང་དེའོ། །རི་དེའི་འོག་ཏུ་རྡོའི་སྟེང་དུ་ཉེ་བར་འདུག་པ། པུས་མོ་ས་ལ་

เล่ม ๙๓ · หน้า 258b

འདུད་པའི་ལུས་ཅན་ལག་པ་སྤོས་ཕོར་ཐོགས་པ། ཆ་བྱད་དང་། དབྱིབས་དང་། འཇུག་པ་དང་སྤྱོད་པ་ཇི་ལྟ་བ་བཞིན་དུ་བྱས་པ། འཕགས་པ་འཇམ་དཔལ་ལ་ལྟ་བར་གྱུར་པ་ཡང་དག་པར་བྲིའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འོག་གཡས་ཀྱི་གཞོགས་སུ་ཀླུའི་དབང་

པོའི་རྒྱལ་པོ་དགའ་བོ་དང་། ཉེ་ལོགས་སུ་པདྨའི་མཚོ་ལས་མངོན་པར་འཕགས་པའི་རིན་པོ་ཆེའི་རིའི་དབང་པོའི་རྒྱལ་པོ་གཞན་གསུངས་པ་དེ་བཞིན་དུ་མངོན་པར་བྲི་སྟེ། ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ཕན་པ་ལྷའི་མེ་ཏོག་གཅལ་དུ་བཀྲམ་པ་མངོན་པར་བྲི་སྟེ། རི་དེ་ནི་

སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་བྲིའོ། །རི་དེ་ནི་ཤིན་ཏུ་མཐོ་བ། པདྨ་རཱ་གའི་རྡོ་ལེབ་དང་། དེ་ཉིད་ཀྱི་མྱུ་གུ་དང་། བཻ་ཌཱུརྱའི་རང་བཞིན་གྱི་རྩེ་མོའི་རྣམ་པར་བྲི་བར་བྱའོ། །དེ་ལ་བརྟེན་པའི་ལྷ་མོ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེ། འཕགས་མ་སྒྲོལ་མ་

ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལ་དམར་པོའི་སྟོད་གཡོགས་དང་། དར་ལ་ཁྲ་བོའི་ཤམ་ཐབས་ཅན་བུད་མེད་ཀྱི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཡོན་ན་ཨུཏྤལ་སྔོན་པོ་བསྣམས་པ། གསེར་མདོག་ཅན་མ། ཧ་ཅང་མི་སྦོམ། ཧ་ཅང་མི་རྒན་པ།

སེམས་བསམ་གཏན་ལ་གནས་པ། བཀའ་ནོད་ཅིང་འདུག་པ། ཕྱག་གཡས་པས་མཆོག་སྦྱིན་པར་འདོད་པ། ལུས་ཅུང་ཟད་བཏུད་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཅུང་ཟད་ལྟ་བར་གྱུར་པ། ཀུན་ནས་འབར་བའི་ཕྲེང་

བས་ཡོངས་སུ་བསྐོར་བའོ། །དེ་ཉིད་དུའང་རིན་པོ་ཆེ་བཻ་ཌཱུརྱའི་རྩེ་མོ་དེ་ཉིད་དུའང་། པུནྣཱ་གའི་ཤིང་གིས་ཡོངས་སུ་བསྐོར་བ། ཡལ་ག་ཐམས་ཅད་ལ་ཀུན་ནས་མེ་ཏོག་གིས་སྤྲས་ཤིང་། ཁ་བྱེ་བར་གྱུར་པས་བཅོམ་ལྡན་འདས་མ་སྒྲོལ་མ་ལ་མངོན་པར་བཀབ་པ། ཡལ་ག་དུད་

པ་དེ་ཉིད་ཀྱིས་ཀྱང་ཤིན་ཏུ་བཀྲ་བའི་བྱི་རུའི་མྱུ་གུ་འབྲེལ་བ་རྣམ་པར་བཀྲ་བའི་གཟུགས་ཅན་གྱི་ཚོན་རྩི་འབར་བ་ན་ལྷ་མོ་སྒྲོལ་མའི་བཞིན་ཀུན་དུ་སྣང་བར་མངོན་པར་བྲིའོ། །ལྷ་མོ་བགེགས་ཀུན་འཇོམས་པ་མོ། །འཇིགས་པ་འཇོམས་པར་བྱེད་པའི་མཆོག །སྒྲུབ་པ་པོ་ནི་

เล่ม ๙๓ · หน้า 259a

སྲུང་དོན་དུ། །མཆོག་སྦྱིན་དགེ་བ་བྲི་བར་བྱ། །བུད་མེད་གཟུགས་འཆང་ལྷ་མོ་ནི། །ཐུགས་རྗེ་སྟོབས་བཅུ་ལྡན་པའི་སྲས། །འབྱུང་པོ་ཀུན་གྱི་དཔལ་ཡིན་ཏེ། །མཆོག་སྦྱིན་བྱེད་མ་བྲི་བར་བྱ། །ལྷ་མོ་ལས་ཆེན་བྱེད་པ་མོ། །བྱང་ཆུབ་སེམས་

དཔའ་འོད་ཆེན་པོ། །བགེགས་ཀུན་རྣམ་པར་འཇོམས་དོན་དུ། །སྒྲུབ་པ་པོ་ནི་ཀུན་དུ་འདོད། །མི་དབང་རྣམས་ནི་སྲུང་དོན་དུ། །དཔལ་གྱི་དོན་དུ་རབ་ཏུ་གྲགས། །ཁྲོ་རྒྱལ་དབང་པོ་གང་ཡིན་ཏེ། །རི་ཡི་རྩེ་མོར་གནས་འདོད་པ། །བགེགས་ཀུན་རྣམ་པར་གཞིག་པའི་

ཕྱིར། །རྒྱལ་མཆོག་སྲས་རྣམས་ཀྱིས་གསུངས་སོ། །དྲག་པོ་ཆེན་པོ་བརྩོན་འགྲུས་ཆེ། །གཏུམ་ཆེན་འོད་ཟེར་ཆེན་པོ་སྟེ། །བསྟན་པ་ལ་སྡང་སེམས་ཅན་རྣམས། །ཚར་བཅད་ཆེད་ཉིད་རབ་ཏུ་བརྟག །སྒྲུབ་པ་པོ་ནི་སྲུང་དོན་དང་། །བགེགས་རྣམས་ཐམས་ཅད་འཇོམས་

པ་དང་། །མི་བཟད་ཁྲོ་བོའི་ངང་ཚུལ་ཅན། །སྔགས་ཀྱི་ལྷ་རྣམས་འགུགས་པར་བྱེད། །ཤིན་ཏུ་དྲག་པོ་དྲག་གཟུགས་ཅན། །བརྩེ་བ་མེད་ཅིང་ངེས་པར་འགོག །སྡིག་པ་དྲག་པོ་སྤྱོད་པ་རྣམས། །དབང་དུ་མ་གྱུར་དབང་དུ་བྱེད། །མཁའ་སྤྱོད་ས་ལ་སྤྱོད་པ་དང་། །ཀུན་

ནས་ས་འོག་སྤྱོད་པ་དང་། །ཐུབ་པའི་བསྟན་པ་འགལ་བྱེད་པའི། །གདུག་པ་ཐམས་ཅད་འཇོམས་པར་བྱེད། །རས་ནི་ཀུན་ནས་གྲུ་བཞི་དང་། །གྲྭ་བཞི་དག་ཏུ་བྲི་བར་བྱ། །རས་ཀྱི་འོག་གི་མཐའ་རྣམས་སུའང་། །ཆུ་བོ་རྒྱ་ཆེར་བྱ་བ་ཡིན། །ཀླུ་ནི་གདེངས་ཀས་མཚན་པ་

ཅན། །གཅིག་ཉིད་ཀུན་དུ་བྱ་བ་ཡིན། །ཡན་ལག་དཀར་ཞིང་བཟང་བ་དང་། །ལུས་ཕྱེད་མི་ཡི་རྣམ་པར་སྐྱེས། །རྟག་ཏུ་ཐལ་མོ་སྦྱོར་བྱེད་པ། །མགོ་བོའི་སྟེང་དུ་བཞག་བྱས་ནས། །གདེངས་ཀ་བདུན་པ་བརྩོན་འགྲུས་ཆེ། །དབང་ཆེན་ལྡན་པའི་ཀླུ་དེ་ནི། །མིང་ནི་མཐའ་

ཡས་ཞེས་བྱ་ཡིན། །དེ་བཞིན་གཤེགས་ལ་ངེས་པར་ལྟ། །ནོར་བུ་རིན་ཆེན་གྱིས་མཛེས་ཤིང་། །ཤིན་ཏུ་མཛེས་ཤིང་གཟུགས་མཛེས་པ། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །འབར་བའི་ཕྲེང་ལྡན་ཀུན་དུ་བྲི། །ཀླུ་དབང་ཆེན་པོར་རྣམ་པར་གྲགས། །ཐུབ་པའི་བསྟན་

เล่ม ๙๓ · หน้า 259b

ལ་རབ་ཞུགས་པའི། །འཇིག་རྟེན་ཀུན་ལ་ཕན་པར་བརྩོན། །བགེགས་ཀུན་རྣམ་པར་གཞོམ་དོན་དུ། །ཆུ་བོ་ལ་བརྟེན་བྲི་བར་བྱ། །དེ་ལ་རས་ཀྱི་ཆོ་ག་འདི། །མདོར་བསྡུས་རྒྱལ་བས་གསུངས་པ་ཡིན། །རྒྱས་པར་དེ་བཞིན་གཤེགས་རྣམས་ཀྱིས། །ཀུན་ནས་བཤད་

པ་སྔར་གསུངས་སོ། །མཁས་པ་གང་ཞིག་འདྲི་བྱེད་པ། །དེ་ཡི་བསོད་ནམས་མཐའ་ཡས་སོ། །སྡིག་པ་ཤིན་ཏུ་མི་བཟད་པ། །བསྐལ་པ་བྱེ་བ་བྱས་པ་གང་། །ས་སྟེངས་བྲིས་སྐུ་མཐོང་བ་ཡིས། །དེ་ཡི་སྐད་ཅིག་ཉིད་ལ་འཇོམས། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཚུལ་

ཁྲིམས་འཆལ་དང་སྨད་པ་དང་། །སྡིག་པ་ཀུན་ལ་རབ་འཇུག་དང་། །འཁོར་བར་ཡོངས་སུ་རྒྱུ་བ་ཡི། །འགྲོ་བ་སྐྱེ་གནས་དམན་པ་རྣམས། །དེ་རྣམས་རས་རིས་འཛིན་མི་གཞུག །དེ་རྣམས་རས་རིས་མཐོང་བས་ནི། །འབྲས་བུ་ཡོད་པར་ཐུབ་དབང་གསུངས། །དེ་ཕྱིར་མཐོང་བ་

ཙམ་གྱིས་ནི། །སྐད་ཅིག་དེ་ལ་སྡིག་པ་འཇིག །དག་པས་འཇུག་པ་ཉིད་དང་ནི། །རྗེས་སུ་ཟློས་པ་དག་འཇུག་པ། །སྔགས་མཉན་པ་ལ་བརྩོན་པ་ཡི། །མི་རྣམས་གྲུབ་ཐོབ་སྨོས་ཅི་དགོས། །བསྐལ་པ་བྱེ་བར་སངས་རྒྱས་ཀུན། །མཆོད་པའི་བསོད་ནམས་གང་ཡིན་པ། །ས་

སྟེངས་རས་རིས་འདྲི་བ་ཡི། །སྔགས་པ་བསོད་ནམས་དེ་ཐོབ་འགྱུར། །གང་གཱ་ཡི་ནི་བྱེ་མ་ཡི། །ཚད་དུ་གྲགས་པ་གང་ཡིན་པ། །དེ་ཡི་ཚད་གྱུར་སངས་རྒྱས་དང་། །རྒྱལ་སྲས་རང་རྒྱལ་བསེ་རུ་དང་། །ཉན་ཐོས་རྣམས་ལ་འཇིག་རྟེན་དུ། །སླར་ཡང་ལན་མང་མཆོད་སྟོན་

གསོལ། །འབྲས་བུ་ཐོབ་པ་གང་ཡིན་དེའི། །སྔགས་པ་རས་རིས་བྲིས་པ་དང་། །མཐོང་དང་ཆོ་ག་ཀློག་པ་དང་། །རྗེས་སུ་ཡི་རང་བ་ཉིད་དང་། །ཆོ་ག་ཐམས་ཅད་རབ་བརྟགས་པ། །དེ་ཡི་སྔགས་ཀྱི་དངོས་གྲུབ་དེས། །ཇི་སྲིད་འཇིག་རྟེན་པ་ཡི་སྔགས། །གང་ཞིག་

རྒྱལ་བ་སྐྱེས་མཆོག་དང་། །དེ་སློབ་བསེ་རུ་ལྷ་རྣམས་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེས། །གསུངས་པའི་སྔགས་རྣམས་ཐམས་ཅད་ནི། །རས་རིས་འདི་ཡི་སྤྱན་སྔར་འགྲུབ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་ལས།

เล่ม ๙๓ · หน้า 260a

བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་དུ་བརྫེས་པའི་རྩ་བའི་ཆོ་ག་རབ་འབྱམ་གྱི་བྲིས་སྐུ་དང་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་གཞན་ཡང་ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་བར་མ་ཡོད་དེ། དེ་ངས་བཤད་པར་བྱ་ཡིས། དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་གྱིས་ཤིག །བཤད་པར་བྱའོ། །དང་པོ་རེ་ཞིག་སྔར་བསྟན་པའི་

དོག་པ་དང་། སྔར་བརྗོད་པ་ཉིད་ཀྱི་ཆོ་ག་དང་། སྔར་ཡོངས་སུ་བརྟགས་པའི་བཟོ་བོ་དང་། སྔར་གྱི་ཚད་བར་མ་ཉིད་ཀྱིས་རས་ཤིན་ཏུ་དག་པ། འཇམ་པ། ཤིན་ཏུ་སྦྱངས་པ། ཁ་ཚར་དང་བཅས་པ། ཚོན་མ་འདྲེས་པ། སྐྲ་དང་འདྲེས་པ་དང་བྲལ་བ་ལ་སོགས་པ་རྣམས་

ཀྱིས་ཚད་དང་གཟུགས་མ་གཏོགས་པ་དང་པོ་ཇི་ལྟ་བ་དེ་བཞིན་ཉིད་ཀྱིས་རས་རིས་ཕྱི་མ་འདྲིར་གཞུག་པར་བྱའོ། །དང་པོ་རེ་ཞིག་གནས་གཙང་མའི་གནས་ཀུན་ནས་མཛེས་པའི་རྣམ་པ་རིན་པོ་ཆེ་ཤེལ་གྱི་རང་བཞིན་ལྟ་བུ་མུ་ཏིག་དཀར་པོའི་དོ་ཤལ་གྱིས་བརྒྱན་པ། དེའི་དབུས་

སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདྲིར་གཞུག་པར་བྱ་སྟེ། རིན་པོ་ཆེ་སེང་གེའི་ཁྲི་ལ་ཉེ་བར་བཞུགས་པ། ཆོས་སྟོན་པར་མཛད་བཞིན་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་གེ་སར་

དུ་སྣང་བའམ། གུར་གུམ་མམ། ཉི་མའི་ཁ་དོག་ཅན། ཕྲག་པ་གཡོན་པའི་ཕྱོགས་སུ་པདྨ་བསྣམས་པ། ཐལ་མོ་སྦྱར་བ་བྱས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ངེས་པར་རྟོག་བཞིན་པ། བཞིན་ཅུང་ཟད་འཛུམ་པ། བྱང་ཆུབ་སེམས་དཔའ་ཆེན་པོ། བདེ་ལེགས་

དབུས་མའི་ཅོད་པན་ཅན། མཆོད་ཕྱིར་ཐོགས་དཀར་པོ་ཅན། པུས་མོ་གཡས་པའི་ལྷ་ང་དང་། མགོ་འདུད་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་གཞོགས་སུ་ཕྱག་ན་རྡོ་རྗེ་པྲི་ཡང་ཀུ་ལྟར་སྔོ་བསངས་སྔར་ཇི་ལྟར་བསྟན་པ་དེ་བཞིན་དུ་མངོན་པར་བྲིའོ། །

เล่ม ๙๓ · หน้า 260b

འོན་ཀྱང་བཅོམ་ལྡན་འདས་ལ་རྔ་ཡབ་གཡོབ་པར་བྱེད་བཞིན་པའོ། །དེའི་གཞོགས་སུ་འཕགས་པ་བྱམས་པ་དང་། ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། བློ་གྲོས་ཆེན་པོ་དང་། ཞི་བའི་བློ་གྲོས་དང་། ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་

སྟེ་འདི་རྣམས་རིམ་གྱིས་མངོན་པར་བྲི་བར་བྱ་སྟེ། དང་པོ་ཇི་ལྟ་བ་བཞིན་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདྲིར་གཞུག་པར་བྱའོ། །དེ་རྣམས་ཀྱི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་བརྒྱད་འདྲིར་གཞུག་པར་བྱ་སྟེ། བཞུགས་པ་ཕྱག་གཡས་མི་འཇིགས་པ་སྦྱིན་པ། ཆོས་གོས་

སེར་པོའི་བླ་གོས་མནབས་པའི་སྐུ་ཅན། ཕྱག་གཡོན་པས་ཆོས་གོས་ཀྱི་རྣ་བ་འཛིན་པ། ཅུང་ཟད་དམར་བར་སྣང་བའི་ངུར་སྨྲིག་གི་ཤམ་ཐབས་ཅན་ཀུན་ནས་སྣང་བའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་མེ་ཏོག་རབ་ཏུ་རྒྱས་པའི་རྒྱལ་པོ་

དང་། རིན་ཆེན་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། སྤྱན་བཟང་ཞེས་པའི་སངས་རྒྱས་བཅོམ་ལྡན་འདས་འདི་རྣམས་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཉེ་བར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདྲིར་གཞུག་པར་བྱའོ། །ཉན་ཐོས་ཆེན་པོ་བརྒྱད་དང་། རང་སངས་རྒྱས་བརྒྱད་སྔར་ཇི་ལྟར་བསྟན་པ་དེ་བཞིན་དུ་འདྲིར་གཞུག་པར་བྱ་སྟེ། འོན་ཀྱང་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཤཱ་

རིའི་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་རྔ་ཡབ་གཡོབ་པར་བྱེད་བཞིན་དུ་འཁོར་བའི་ལུས་སུ་མངོན་པར་བྲི་བར་བྱའོ། །དེ་བཞིན་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་མངོན་པར་བྲི་བར་བྱའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། རབ་འཐབ་བྲལ་དང་། དགའ་ལྡན་དང་།

འཕྲུལ་དགའ་དང་། དག་པ་དང་། དྲི་མ་མེད་པ་དང་། ཤིན་ཏུ་མཐོང་དང་། འོད་གསལ་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དང་། འོག་མིན་ཏེ་དེ་ལྟ་བུ་ལ་སོགས་པའི་ལྷའི་བུ་གཟུགས་ན་སྤྱོད་པ་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་རིམ་གྱིས་མངོན་པར་བྲི་བར་བྱའོ། །

เล่ม ๙๓ · หน้า 261a

སྤྱན་རས་གཟིགས་དབང་ཕྱུག་དང་ཉེ་བར་གནས་པའི་འཁོར་གྱི་དཀྱིལ་འཁོར་ཉེ་བར་སྤྲས་པ་དགོད་དེ། རང་གི་གཟུགས་དང་ཆ་བྱད་འཆང་བ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲིའི་འོག་ཏུ་རྒྱ་མཚོ་ཆེན་པོ་ལས་མངོན་པར་འཕགས་པའི་ཀུན་

ནས་རིན་པོ་ཆེའི་རི་བོ་ཇི་སྲིད་དུ་རས་ཀྱི་མཐའ་མར་འདྲིར་གཞུག་པར་བྱ་སྟེ། རས་ཀྱི་མཐའི་གྲྭའི་ཕྱོགས་གཅིག་ཏུ་སྒྲུབ་པ་པོ་ཆ་བྱད་དང་དབྱིབས་ཇི་ལྟ་བའི་རྣམ་པ་པུས་མོ་དང་། མགོ་བོ་བཏུད་པ། ལག་པ་སྤོས་ཕོར་ཐོགས་པ་འདྲིར་གཞུག་པར་བྱའོ། །རིན་པོ་ཆེའི་རི་བོ་དེ་ལ་

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་སྔར་ཇི་ལྟར་ངེས་པར་བསྟན་པ་དེ་བཞིན་དུ་མངོན་པར་བྲིའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་ཀྱི་སེང་གེའི་ཁྲིའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དང་ཉེ་བ་

དེར་རིན་པོ་ཆེའི་རི་ལ་བཞུགས་པའི་ལྷ་མོ་སྒྲོལ་མ་མངོན་པར་བྲི་སྟེ་སྔར་ཇི་ལྟར་ངེས་པར་བསྟན་པ་དེ་བཞིན་འདྲིར་གཞུག་པར་བྱའོ། །རས་དེའི་ཁོར་ཡུག་ཏུའང་མེ་ཏོག་སིལ་མ་མངོན་པར་གཏོར་ཏེ་ཙམ་པ་ཀ་དང་། ཨུཏྤ་ལ་སྔོན་པོ་དང་། པདྨ་དང་། སཽ་གནྡྷི་ཀ་དང་། མཱ་ལ་ཏཱི་དང་།

བརྵི་ཀ་དང་། དྷཱ་ནུསྐཱརྵི་ཀཱ་དང་། པུནྣཱ་ག་དང་། ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་ཁོ་ར་ཁོར་ཡུག་ཏུ་གཅལ་དུ་བཀྲམ་པར་བྱའོ། །རས་ཀྱི་སྟེང་། རས་ཀྱི་མཐའི་གྲྭ་གཉིས་སུ་ལྷའི་བུ་གཉིས་མེ་ཏོག་གི་ཚོགས་འཐོར་བར་བྱེད་བཞིན་པ། གཟུགས་རྣམ་པར་བཀྲ་བ། བར་

སྣང་ལ་གནས་པའི་ཆར་སྤྲིན་གྱི་ནང་ན་ལྡིང་བ་ཁ་དོག་དཀར་པོར་མངོན་པར་བྲི་བར་བྱའོ། །འདི་ནི་རས་རིས་འབྲིང་པོར་བརྗོད། །རྟག་ཏུ་དགེ་ལེགས་དོན་འབྱུང་བ། །ས་སྟེངས་སྐྱེ་བོ་མི་རྣམས་ལ། །དངོས་གྲུབ་འབྲིང་པོ་སྦྱིན་པར་བྱེད། །འཁོར་བར་ཀུན་དུ་འཁོར་བ་ན། །སྡིག་པ་ཅུང་ཟད་

སྔོན་བྱས་གང་། །འདིར་ནི་བྲིས་སྐུ་མཐོང་བ་ཡིས། །དེ་ཡིས་སྐད་ཅིག་ཉིད་ལ་འཇིག །སེམས་ཅན་རྨོངས་བ་མི་ཤེས་བ། །དེ་རྣམས་འགྲོ་བ་ལྔ་པོར་འཁྱམས། །གང་ཞིག་བྱང་ཆུབ་སེམས་དཔའ་ཡི། །བྲིས་སྐུ་བར་མ་མཐོང་བ་ཡང་། །སྡིག་པ་བྱེད་པར་འགྱུར་བ་དང་། །

เล่ม ๙๓ · หน้า 261b

མཚམས་མེད་ལྔ་པོ་བྱེད་པ་དང་། །ཚུལ་འཆལ་གྱིས་ཀྱང་འགྲུབ་པར་འགྱུར། །རྣམ་པ་སྣ་ཚོགས་སྔགས་གསུངས་པའང་། །ཤིན་ཏུ་མྱུར་བར་དངོས་གྲུབ་ནི། །བཟླས་པ་བྱས་པས་ཐོབ་པར་འགྱུར། །ནད་ཅན་རྣམས་ནི་ནད་ལས་གྲོལ། །བཀྲེན་པས་ནོར་ནི་རྙེད་པར་

འགྱུར། །བུད་མེད་རྣམས་ནི་བུ་ཐོབ་འགྱུར། །བྲིས་སྐུ་བར་པ་བལྟ་བ་ན། །མཐོང་བ་ཙམ་གྱིས་དེ་ཡི་ཚེ། །བསོད་ནམས་རྒྱས་པ་ཆེན་པོ་ཐོབ། །ངེས་པར་ལྷ་དང་མི་རྣམས་ཀྱི། །བདེ་བའི་སྐལ་བ་ཅན་འགྱུར་མི། །དེ་ཡི་སྐྱེ་བ་གཞན་ལ་ཡང་། །ངེས་པར་སངས་རྒྱས་ཉིད་དུ་

འགྱུར། །བྲི་བ་དང་ནི་ཀློག་པ་དང་། །ལྷ་མཆོད་པ་དང་འདྲིར་འཇུག་དང་། །དེ་བཞིན་མཐོང་དང་རེག་ཉིད་ཀྱང་། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །འདི་ལྟར་འོད་ཆེན་བྲིས་སྐུ་ལ། །དོན་དུ་གཉེར་དང་གསོལ་འདེབས་པ། །རྗེས་སུ་ཡི་རང་བ་ལས་ཀྱང་། །སྐྱེ་བ་འབྲས་

བཅས་མྱུར་དུ་ཐོབ། །བསྐལ་མཆོག་ཕྱེ་མ་རྣམས་ཀྱིས་ཀྱང་། །སྐྱེ་བོས་བསོད་ནམས་གང་ཐོབ་པ། །ཚིག་ཏུ་བརྗོད་པར་མི་ནུས་སོ། །བྲིས་སྐུ་མཐོང་བ་འབྲས་བུར་བཅས། །ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་

བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་རལ་པ་གྱེན་དུ་བརྫེས་པའི་རྩ་བའི་ཆོ་ག་རབ་འབྱམ་ལས། ལེའུ་གསུམ་པ་ཡོངས་སུ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་སེམས་དཔའ་ཆེན་པོ་དེ་ལ་བཀའ་སྩལ་པ་སེམས་དཔའ་ཆེན་པོ་

ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་ཆུང་ངུ་ཞེས་བྱ་བ་གཞན་གསུམ་པ་ཡང་ཡོད་དེ། །གང་འབད་པ་མེད་པར་དངོས་གྲུབ་འགྲུབ་པར་འགྱུར་བ་སྟེ། སྔར་བསྟན་པ་ཉིད་ཀྱི་ཆོ་ག་ཉིད་དང་། བཟོ་བོས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཙམ་ཐད་ཀར་དང་། དེ་བཞིན་ཁོ་ནར་ཀུན་ནས་གྲུ་བཞི་

པ་ལ་སྔར་བཞིན་དུ་རས་རིས་སྔར་བསྟན་པའི་ཚོན་རྩི་རྣམས་ཀྱིས་འདྲིར་གཞུག་པར་བྱའོ། །དང་པོ་རེ་ཞིག་བྱང་ཆུབ་སེམས་དཔའ་ཆེན་པོ་སེངྒེའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ་བྱིས་པ་ཁྱེའུ་སྔར་བཞིན་དུ་ཆོས་སྟོན་པར་མཛད་བཞིན་པ་ཀུན་ནས་འོད་ཟེར་འཕྲོ་བར་

เล่ม ๙๓ · หน้า 262a

བྱེད་བཞིན་པ། མཛེས་པའི་གཟུགས་ཅན་འདྲིར་གཞུག་པར་བྱའོ། །གཡོན་གྱི་གཞོགས་སུ་འཕགས་པ་ཀུན་དུ་བཟང་པོ་རིན་པོ་ཆེའི་རྡོ་ལེབ་ལ་གནས་པ་ཕྱག་ན་རྔ་ཡབ་ཐོགས་པ་གཡོན་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པ་ཁ་དོག་བྲི་ཡང་ཀུ་ལྟར་སྔོ་བསངས་

སོ། །གཡས་ཀྱི་གཡོགས་སུའང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིན་པོ་ཆེའི་རྡོ་ལེབ་ལ་གནས་པ་ཕྱག་ན་རྔ་ཡབ་ཐོགས་ཤིང་། ཕྱག་གཡོན་པདྨ་བསྣམས་པ། ཀུན་ནས་འོད་དང་ལྡན་པའི་ལུས་ཅན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྔ་མ་བཞིན་དུ་

མངོན་པར་བྲི་བར་བྱའོ། །སེང་གེའི་ཁྲིའི་འོག་ཏུ་གསེར་གྱི་རི་བོ། །ཇི་སྲིད་རས་ཀྱི་མཐའི་བར་དུ་འདྲིར་གཞུག་པར་བྱའོ། །རས་རིས་ཀྱི་མཐའི་ཟུར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སེང་གེའི་འོག་ཏུ་གཡས་ཀྱི་གཞོགས་སུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་སྔ་མ་བཞིན་དུ་འདྲིར་

གཞུག་པར་བྱའོ། །དེའི་འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་སྔ་མ་བཞིན་དུ་འདྲིར་གཞུག་པར་བྱའོ། །དེ་ཐམས་ཅད་སྔ་མ་ཇི་ལྟ་བ་དེ་བཞིན་དུའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དུ་དེ་བཞིན་གཤེགས་པ་འོད་དཔག་མེད་འདྲིར་གཞུག་པར་བྱ་སྟེ། རིན་

པོ་ཆེའི་རིའི་ཕུག །སོར་བཅུ་དྲུག་པའི་ཚད་ན་བཞུགས་པ། ཁང་པ་བརྩེགས་པ་འདྲི་བའི་རི་བོའི་བྱ་སྐྱིབས་མཐོ་བ་འདྲིར་གཞུག་པར་བྱའོ། །རས་རིས་དེའི་ཁོར་ཡུག་ཏུ་རི་བོའི་ཁོར་ཡུག་ཏུ་རི་བོའི་རྣམ་པས་ཡོངས་སུ་བསྐོར་བ་མངོན་པར་བྲིའོ། །རས་རིས་དེའི་སྟེང་གི་ཟུར་དུ་གནས་པའི་རི་

བོའི་བྱ་སྐྱིབས་དང་ཀུན་ཏུ་འབྲེལ་བར་ལྡིང་བཞིན་པ་ལྟ་བུ་མེ་ཏོག་སྣ་ཚོགས་འཐོར་བར་བྱེད་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་དག་པ་དང་རྣམ་པར་དག་པ་ཞེས་བྱ་བ་གཉིས་སུ་འདྲིར་གཞུག་པར་བྱའོ། །རས་དེ་ལ་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ་མངོན་པར་འདྲིར་གཞུག་

པར་བྱའོ། །རས་རིས་རྣམ་གསུམ་མཚན་ཉིད་ནི། །ཐམས་ཅད་འདིར་ནི་བསྟན་པ་ལས། །འདི་ནི་ཆུང་ངུ་ཞེས་བྱ་སྟེ། །རས་རིས་ཕྲན་ཚེགས་ལས་ལ་ཤིས། །སྡིག་ལས་ཤིན་ཏུ་མི་བཟད་པ། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །རས་རིས་མཐོང་བས་གྲོལ་འགྱུར་ཏེ། །རས་

เล่ม ๙๓ · หน้า 262b

རིས་མཐོང་བ་ཙམ་གྱིས་ནི། །སྐད་ཅིག་ཉིད་ལས་གྲོལ་བར་འགྱུར། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །བློ་ལྡན་སངས་རྒྱས་བསྙེན་བཀུར་བྱས། །རས་རིས་ཐ་མ་མཐོང་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ལ། །མཆོད་བྱས་བསོད་

ནམས་གང་ཡིན་དེ། །རས་རིས་ཆུང་ངུ་མཐོང་བ་ལ། །མཁས་པས་དེ་ཡི་བསོད་ནམས་ཐོབ། །མཛེས་པ་ཡི་ནི་ལས་རྣམས་དང་། །ལོངས་སྤྱོད་རྒྱུར་ཡང་འདི་སྤྱོད་དོ། །རིག་དང་གསང་སྔགས་ཇི་སྙེད་པ། །ཚངས་དབང་དྲང་སྲོང་གིས་བཤད་དང་། །ནམ་མཁའ་

ལྡིང་གིས་གང་བཤད་དང་། །ཆུ་ལྷ་ཉི་མ་ལུས་ངན་དང་། །ནོར་སྦྱིན་སོགས་དང་སྲིན་པོ་དང་། །ལྷ་མིན་དབང་པོ་ཐམས་ཅད་དང་། །ལྟོ་འཕྱེ་ཆེ་དང་ཟླ་བ་དང་། །རླུང་དང་གཤིན་རྗེ་ལ་སོགས་དང་། །སེང་གེ་འཕྲོག་བྱེད་སོགས་བཤད་པའི། །སྔགས་རྣམས་ཐམས་

ཅད་འདིར་དྲངས་ཏེ། །རས་རིས་སྤྱན་སྔར་འགྲུབ་པར་འགྱུར། །ཞི་བ་ཅན་དང་དེ་བཞིན་དུ། །རྒྱས་པ་ཅན་རྣམས་བྱ་བ་སྟེ། །དེ་བཞིན་འདིར་ནི་མི་བཟད་པ། །རྒྱལ་མཆོག་གིས་སྨད་སྤང་བར་བྱ། །ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་

ཏུ་རྒྱས་པའི་མདོ་སྡེ་ལས་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་རྩ་བའི་ཆོ་ག་བཞི་པ་རས་རིས་ཀྱི་ཆོ་ག་རབ་འབྱམ་རྫོགས་སོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་

པ་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གསུངས་པ་ནི་

ལེགས་སོ་ལེགས་སོ། །རིག་པའི་བརྟུལ་ཞུགས་ཐམས་ཅད་དཔྱད་པའི་དོན་དང་། ཕན་པའི་ཕྱིར་དང་། བདེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་བརྩེ་བས་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་བསྟན་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་

เล่ม ๙๓ · หน้า 263a

བྱེད་པའི་ཆོས་ལྷག་མ་དང་བཅས་པ་ངེས་པར་བྱང་ཆུབ་ལ་རྒྱུན་དུ་མཆོག་ཏུ་གཞོལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིག་པ་དང་། སྔགས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ་བདག་གི་རིག་པ་གསང་ཆེན་འདི་ཉིད་སྐྱེ་བོ་ཐམས་ཅད་རྒྱས་

པར་བྱེད་པར་འགྱུར་བ་མ་འོངས་པའི་དུས་འཇིག་རྟེན་གྱི་བླ་མར་མྱ་ངན་ལས་འདས་པ་ན་དེ་བཞིན་གཤེགས་པ་ཉི་མའི་རིགས་ནུབ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ཀྱིས་སྤངས་ཤིང་ཐམས་ཅད་བོར་ཏེ་མུན་

པར་གྱུར་པ་དང་། སྣོད་ཀྱི་འཇིག་རྟེན་རྣམ་པར་ཞིག་སྟེ་འཕགས་པའི་ལམ་དང་། རིག་པ་དང་། སྔགས་དང་། སྨན་དང་། ནོར་བུ་རིན་པོ་ཆེ་ཐམས་ཅད་དང་བྲལ་བ། སྐྱེ་བོ་ལེགས་པས་ཡོངས་སུ་བཟུང་བའི་སྣང་བ་མེད་པའི་སེམས་ཅན་གྱི་ཁམས་འབྱུང་བར་འགྱུར་ཏེ།

ལེ་ལོ་ཅན་དང་། དྲན་པ་ཉམས་པ་དང་། མ་དད་པ་དང་། མི་སྲུན་པ་དང་། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་སྒྱུ་དང་གཡོ་དང་། བརྫུན་དང་གཡོ་བའི་སྤྱོད་པ་དང་ལྡན་པ་དེ་རྣམས། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཀུན་དུ་སྐྲག་པར་འགྱུར་ཏེ། ལེ་ལོ་

དང་། སྙོམ་ལས་ལ་མངོན་པར་དགའ་ཞིང་དད་པ་མེད་པར་འགྱུར་ཏེ། འདོད་པ་ཚོལ་ཞིང་གསང་སྔགས་ཚོལ་བར་མི་འགྱུར་ཏེ། ལོག་པར་ལྟ་བ་ལ་དགའ་བ་རྣམས་ཀྱང་བསོད་ནམས་མ་ཡིན་པ་མང་པོ་ལ་འཇུག་པར་འགྱུར་ཏེ། དམ་པའི་ཆོས་སྤོང་བར་བྱེད་པ་འབྱུང་

བར་འགྱུར་རོ། །མནར་མེད་པ་ལ་མཆོག་ཏུ་གཞོལ་ཞིང་དྲག་པོའི་ཡང་དྲག་པོར་འགྲོ་བ་སྡུག་བསྔལ་གྱིས་གདུངས་པ་དེ་རྣམས་ཀྱི་དོན་གྱི་ཕྱིར་དང་། དབང་དུ་མ་གྱུར་པ་རྣམས་དབང་དུ་གྱུར་པར་བྱ་བ་དང་། དབང་དུ་གྱུར་པ་རྣམས་ལ་མི་འཇིགས་པ་རབ་ཏུ་སྦྱིན་པ་དང་། ཐབས་

ལ་མཁས་པས་བསྡུ་བའི་སྦྱོར་བ་རིག་པ་དང་། རས་རིས་ཀྱི་ཆོ་ག་ད་ལྟ་གསུངས་པའི་དུས་ལ་བབ་པར་དགོངས་ན་བཅོམ་ལྡན་འདས་གསུང་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་མཆོག་ཏུ་གསང་བ་རིག་པའི་བརྟུལ་ཞུགས་ཀྱི་ཆོ་ག་རབ་འབྱམ་མཆོག་ཏུ་

เล่ม ๙๓ · หน้า 263b

གསང་བ་འདོད་པའི་དོན་བྱེད་པ་དོན་ཆེན་པོ་རྣམ་པར་འབྱོར་པར་གྱུར་པ་རིག་པ་བདུན་ཅུ་པོ་ཐམས་ཅད་ཀྱི་མཆོག་གི་སྙིང་པོ། རྣམ་པར་རྟོག་པ་མེད་པའི་དུས་དེར་འགྲུབ་པར་འགྱུར་རོ། །དེ་ཡང་སེམས་ཅན་རྣམས་འདུལ་བའི་དོན་གྱི་ཐབས་ལ་མཁས་པས་འཁོར་བར་ཀུན་དུ་

འཇུག་པ་རྣམས་སྐྱོབ་པ། ངེས་པར་བྱང་ཆུབ་ལ་མཆོག་ཏུ་གཞོལ་བར་བྱེད་པ་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་དྲུག་གིས་གསུངས་པར་གྱུར་པ། འདི་ལ་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེནྡྲ་ཏཱ་རེ་

ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཤིན་ཏུ་རྒྱས་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་བཞིན་བཟང་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་

ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་དབུས་ལེགས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ།

འཕགས་མ་སྒྲོལ་མ་ལེགས་སྤྱོད་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་མཚན་ལེགས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་

ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ལྷོ་ཆུང་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་

མ་ལེགས་གནས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏཱ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ། ཏུ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་ཉེ་བར་འདུད་པ་ཞེས་བྱ་བའོ། །ཞེས་པ་འདི་བཅོམ་ལྡན་འདས་བདག་གི་རིག་པ་

เล่ม ๙๓ · หน้า 264a

ཆེན་པོ་མཆོག་གི་སྙིང་པོ་ཆེན་པོ་དང་མཚུངས་པ་བྱ་བ་ཐམས་ཅད་མཆོག་ཏུ་གྲུབ་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཞིན་དུ་སྐྱེས་པ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བ། འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པ། ལས་ཐམས་

ཅད་བྱེད་པ། བྱང་ཆུབ་ཀྱི་ལམ་སྟོན་པ་པོ། །པདྨའི་རིགས་ཀྱི་རིག་པ། རབ་དང་། འབྲིང་དང་། ཐ་མ་ལ་ཡང་དག་པར་རབ་ཏུ་སྦྱོར་བ། ཤིན་ཏུ་མཛེས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ། རབ་ཏུ་སྦྱིན་པ་དང་། བསྟན་པ་ནུབ་པའི་དུས་ཀྱི་ཚེའང་འགྲུབ་པར་འགྱུར་

རོ། །དམ་པའི་ཆོས་ཀྱི་ཚུལ་བསྲུང་བའི་ཆེད་དུ། མཉམ་པར་འཇུག་ཅིང་འགྲུབ་པར་འགྱུར་རོ། །དེ་རྣམས་སྦྱོར་བ་ཆུང་ངུ་ཉིད་ཀྱིས་རྒྱལ་སྲིད་ཆེན་པོ་དང་། ལོངས་སྤྱོད་ཆེན་པོའི་དབང་ཕྱུག་གི་དོན་དེ་རྣམས་འགྲུབ་པར་འགྱུར་རོ། །དེ་རྣམས་ཤིན་ཏུ་མྱུར་བར་དེའི་ཚེ་དེའི་དུས་

སུ་དངོས་གྲུབ་ཐོབ་པར་འགྱུར་རོ། །རས་རིས་ཀྱི་ཆོ་ག་མདོར་བསྡུས་པར་གྱུར་པ་འདི་དེའི་ཚེ་དེའི་དུས་ན་འཇིགས་པ་ཆེན་པོ་དང་། སྙིགས་མ་ལྔའི་སེམས་ཅན་བསོད་ནམས་ཆུང་བ་འབྱུང་བར་འགྱུར་ཏེ། དབང་ཆུང་བར་གྲགས་པ། ཚེ་ཐུང་བ། བརྩོན་འགྲུས་ཞན་པས་རས་རིས་ཀྱི་ཆོ་

ག་ཤིན་ཏུ་རྒྱས་པའི་ལས་བསྒྲུབ་པར་བྱ་བ་ལ་སོགས་པའི་ལས་རྣམས་རབ་ཏུ་བརྩོན་པར་མི་ནུས་ཏེ། དེ་རྣམས་ཀྱི་དོན་དུ་ཆེས་མདོར་བསྡུས་ཏེ་གསུངས་པ་ནི། དང་པོ་རེ་ཞིག་དཔའ་བོའི་རིན་གྱིས་དོག་པ་ཉོས། སྲང་ཚད་ཙམ་མམ་སྲང་ཕྱེད་ཙམ། དཀྱུས་སུ་ཁྲུ་གང་ཙམ་ལ་ཞེང་དུ་ཁྲུ་ཕྱེད་

ཙམ་པའི་རས་ཁ་ཚར་དང་བཅས་པ་ཐ་ག་པས་བཏག་པར་བྱའོ། །ཡང་ན་སླར་ཡང་སྐྲ་དང་བྲལ་བའི་རས་ཀྱི་དུམ་བུ་གསར་པ་སྟེང་འོག་ཏུ་ཇི་ལྟར་འདོད་པ་ཁྲུ་གཉིས་སམ་བཞིའམ། དྲུག་གམ། ལྔའམ། བཅུའམ། བརྒྱད་པའི་རས་ཤིན་ཏུ་དཀར་བ་བླངས་ཏེ། ཇི་ལྟར་འདོད་

པ་བཞིན་དུ་རི་མོ་མཁན་འདྲིར་གཞུག་པར་བྱའོ། །ཙནྡན་དང་ག་པུར་དང་གུར་གུམ་གྱིས་བསྒོས་པའི་མ་འདྲེས་པའི་ཚོན་རྩི་དེ་རྣམས་དང་། རས་ཙནྡན་དང་། གུར་གུམ་དང་། ག་པུར་རྣམས་གཅིག་ཏུ་བྱས་པས་སྲོག་ཆགས་མེད་པའི་ཆུ་རྙོག་མ་མེད་པ་དང་བསྲེས་ཏེ། སྣོད་གསར་པར་

เล่ม ๙๓ · หน้า 264b

རས་སྦང་དུ་བཅུག་ནས་ཉི་མ་གསུམ་དུ་ལེགས་པར་མནན་ལ་བཞག་གོ། །གཙང་བའི་ཕྱོགས་སུ་སྲུང་བ་བྱས་ཏེ་བདག་ཉིད་ཀྱང་གཙང་མར་བྱས་ནས། དཀར་པོའི་ཕྱོགས་ཀྱི་ཉ་ལ་རས་ཀྱི་སྣོད་ཀྱི་མདུན་དུ་ཁ་ཤར་དུ་ཕྱོགས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། སྔགས་ཀྱི་ཚིག་འདི་

ལན་སྟོང་ཕྲག་བརྒྱད་བརྗོད་པར་བྱའོ། །ཏདྱ་ཐཱ། ཨོཾ་ཧེ་ཧེ་བྷ་ག་བཱ་ན། བ་ཧུ་རཱུ་པ་དྷ་ར་དི་བྱ་ཙཀྵུ་ཥ། ཨ་བ་ལོ་ཀ་ཡ། ཨ་བ་ལོ་ཀ་ཡ་མཱཾ། ས་མ་ཡ་མ་ནུ་སྨ་ར། ཀུ་མཱ་ར་རཱུ་པ་དྷ་ར་ཎ། མ་ཧཱ་བོ་དྷི་སཏྭ། ཀིཉྩ་ར་ཡ་སི་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདི་བཟླས་པ་བྱས་ལ་དེ་

ཉིད་དུ་ཉལ་བར་བྱའོ། །རྨི་ལམ་དུ་གྲུབ་པའམ། མི་འགྲུབ་པར་སྟོན་པར་འགྱུར་རོ། །དེ་ནས་ལངས་ནས་གྲུབ་པའི་མཚན་མའི་རྨི་ལམ་མཐོང་ན། རིང་པོ་མི་ཐོགས་པར། རས་རིས་བྲི་བར་བྱའོ། །གལ་ཏེ་གྲུབ་པའི་མཚན་མའི་རྨི་ལམ་མ་མཐོང་ན་རས་དེ་སྣོད་དེ་ནས་ཕྱུང་སྟེ་ཉི་མ་

ལ་བསྐམ་པར་བྱའོ། །བསྐམས་ནས་སླར་ཡང་སྣོད་གསར་པ་གཞན་ཞིག་ཏུ་ལེགས་པར་སྦས་ལ་སྲུང་བ་བྱས་ཏེ་གཞག་པར་བྱའོ། །དེ་ནས་སླར་ཡང་མཆོག་གི་སྙིང་པོ་དེ་རྣམས་ལས་སྔགས་གང་ཡང་རུང་བ་གཅིག་བཟུང་ནས་ཇི་ལྟར་འདོད་པ་བཞིན་དུ་ཡི་གེ་དྲུག་པོ་རྣམས་ལས་

སླར་ཡང་ཡི་གེ་འབུམ་བཟླས་པར་བྱའོ། །དེ་ནས་ཆེས་མྱུར་བར་རས་རིས་འགྲུབ་པར་འགྱུར་རོ། །དང་པོ་རེ་ཞིག་རས་དེ་བླངས་ནས། ཆོ་འཕྲུལ་གྱི་ཟླ་ཕྱེད་དམ། གཞན་ཡང་དཀར་པོའི་ཉི་མ་དང་། རྒྱུ་སྐར་དགེ་བ་དང་། ཡང་དག་པར་ལྡན་པ། དགེ་བའི་ཚེས་དཀར་

པོའི་གཟའི་རེས་ཀྱི་ཉི་མ་ལ་ཤིན་ཏུ་མཛེས་པའི་དགེ་མཚན་དང་། བཀྲ་ཤིས་ཕུན་སུམ་ཚོགས་པའི་མཚན་མོ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ། རི་མོ་མཁན་གསོ་སྦྱོང་ལ་ཉེ་བར་གནས་པས་རས་རིས་དེ་འདྲིར་གཞུག་པར་བྱའོ། །གཙང་མའི་ཕྱོགས་སུ་ག་པུར་གྱི་བདུག་པ་བསྲེགས་ཏེ་

དང་པོ་རེ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱས་ཏེ། དབུ་ཟུར་ཕུད་ཅན་སྐྱེས་བུ་ཆེན་པོའི་མཚན་གྱིས་རྣམ་པར་བརྒྱན་པ། གསེར་གྱི་མདོག་ཅན། དར་ལ་སྔོན་པོ་གཡོ་བཞིན་པའི་ཤམ་ཐམས་ཅད་དར་ལ་སྔོན་པོའི་བླ་

เล่ม ๙๓ · หน้า 265a

གོས་མནབས་པ། སེང་གེའི་ཁྲིལ་སྐྱིལ་ཐུང་ཕྱེད་པས་བཞུགས་ཏེ་ཆོས་འཆད་བཞིན་པ། ཞབས་གཡས་པ་རིན་པོ་ཆེའི་ཞབས་རྟེན་ལ་བཞག་པ། སེང་གེའི་ཁྲི་ལ་བཞུགས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། བལྟ་ན་སྡུག་པ་བཞིན་ཅུང་

ཟད་འཛུམ་པ། སྒྲུབ་པ་པོ་ལ་གཟིགས་པར་གྱུར་པ་བྲི་བར་བྱའོ། །གཡས་ཀྱི་གཞོགས་སུ་འཕགས་པ་ཀུན་དུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས། རྔ་ཡབ་དཀར་པོ་གཡོབ་བཞིན་པ། ཕྱག་གཡོན་ན་ཡིད་བཞིན་གྱི་ནོར་བུ་བསྣམས་པ། ལུས་ཐམས་ཅད་མཛེས་པ།

རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལ་སྔོན་པོ་གཡོ་བ་དང་བཅས་པའི་ཤམ་ཐབས་མནབས་པ། མུ་ཏིག་གི་དོ་ཤལ་གྱི་མཆོད་ཕྱིར་ཐོགས་པ་ཅན། ཕྱག་གཡོན་པས་པདྨ་དཀར་པོ་བསྣམས་པ། ཕྱག་གཡས་པས་རྔ་ཡབ་དཀར་པོ་གསེར་གྱི་ཡུ་བ་ཅན་བསྣམས་ནས་

གཡོབ་པར་བྱེད་བཞིན་པ་ཞི་བའི་རྣམ་པ་ཅན་སྤྱན་རས་གཟིགས་དབང་ཕྱུག་ལ་བལྟ་བར་གྱུར་པའོ། །དེ་བཞིན་དུ་འཕགས་པ་ཀུན་དུ་བཟང་པོ་པདྨ་དཀར་པོའི་གདན་ལ་བཞུགས་པ་སྟེ་དེ་དག་གཉིས་ཀའང་དེ་ལྟར་མངོན་པར་བྲིའོ། །པདྨའི་སྡོང་བུ་གཅིག་ལས་འཐོན་པའི་

པདྨ་གསུམ་གྱི་དབུ་མ་རྩ་བའི་པདྨའི་ཟེ་འབྲུ་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་སེང་གེའི་ཁྲི་དང་རིན་པོ་ཆེའི་ཞབས་རྟེན་ནོ། །པདྨ་གཞན་ལ་ནི་འཕགས་པ་ཀུན་དུ་བཟང་པོའོ། །པདྨ་གསུམ་པ་ལ་ནི་འཕགས་པ་མཐུ་ཆེན་ཐོབ་བོ། །པདྨའི་སྡོང་བུ་དེ་ནི་མཛེས་པ། རིན་

པོ་ཆེ་མར་གད་ཀྱི་རྣམ་པ་ལ་པདྨའི་མེ་ཏོག་དུ་མ་ཁ་བྱེ་བ་དང་། ཕྱེད་ཙམ་ཁ་བྱེ་བ་དང་། མེ་ཏོག་ཁ་མ་བྱེ་བ་དང་ལྡན་པ། མཚོ་ཆེན་པོ་མ་དྲོས་པ་ལས་བྱུང་བའི་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་མཚོ་ཆེན་པོ་ལས་སྐྱེས་པའི་པདྨའི་སྡོང་བུ་ལ་འཛིན་པ། ཀླུའི་རྒྱལ་

པོ་དེ་གཉིས་ཁ་དོག་དཀར་བ། གདེངས་ཀ་བདུན་གྱིས་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་མཛེས་པ། ལུས་ཕྱེད་མིའི་ལུས་ལ་སྦྲུལ་གྱི་གདེངས་ཀས་མཚན་པ། ཕྱེད་སྦྲུལ་གྱི་ལུས་ཅན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ངེས་པར་རྟོག་བཞིན་པ། ཕྱེད་ཆུའི་

เล่ม ๙๓ · หน้า 265b

ནང་དུ་ནུབ་པ། ནོར་བུ་རིན་པོ་ཆེ་དང་གོས་ཀྱིས་ཉེ་བར་མཛེས་པ་བྲི་བར་བྱའོ། །མཚོ་ཆེན་པོ་དེའི་ཁོར་ཡུག་གི་འོག་ཏུ་རས་རིས་ཀྱི་མཐའི་གྲྭ་གཡས་ཀྱི་གཞོགས་སུ་སྒྲུབ་པ་པོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དཀྱིལ་འཁོར་ལ་ངེས་པར་རྟོག་

བཞིན་པ་ལག་ན་སྤོས་ཕོར་ཐོགས་པ་ལུས་དང་པུས་མོའི་ལྷ་ང་འདུད་པ། ཆ་བྱད་དང་ཁ་དོག་ཇི་ལྟ་བ་བཞིན་དུ་མངོན་པར་བྲིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དུ། རས་ཀྱི་མཐའ་གཉིས་སུ་ལྷའི་བུ་ཕྲེང་བ་འཛིན་པ་གཉིས་མེ་ཏོག་གི་ཕྲེང་བ་བཟུང་

ནས་ནམ་མཁའ་ལ་ལྡིང་བ། མེ་ཏོག་གི་ཚོགས་ཆེན་པོ་འཐོར་བར་བྱེད་བཞིན་པ། ཤིན་ཏུ་མཛེས་པ་དག་མངོན་པར་བྲིའོ། །རས་རིས་དེའི་ཁོར་ཡུག་ཏུ་ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རབ་ཏུ་བཀྲམ་པ་བྲི་བར་བྱ་སྟེ། ཇི་ལྟར་འདོད་པའི་གཟུགས་གསུམ་

ལྷག་པར་གནས་པའམ། མངོན་པར་བྲིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཆོས་སྟོན་པར་མཛད་བཞིན་པ་དང་། འཕགས་པ་ཀུན་དུ་བཟང་པོ་དང་། འཕགས་པ་ཕྱག་ན་རྡོ་རྗེ་ཕྱག་ན་རྔ་ཡབ་ཐོགས་པ་འདྲིར་གཞུག་པར་བྱའོ། །སྒྲུབ་པ་པོ་ཇི་ལྟར་

འདོད་པའི་གཟུགས་གསུམ་པོ་རྣམས་གདོན་མི་ཟ་བར་འདྲིར་གཞུག་པར་བྱ་སྟེ་ཇི་ལྟར་འདོད་པའི་རྣམ་པ་དང་། དབྱིབས་ཇི་ལྟར་གནས་པ་བཞིན་དུའམ། སྒྲུབ་པ་པོ་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་བྲི་བར་བྱའོ། །དབུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།

མཐའ་གཉིས་སུའང་། ཕྱག་ན་རྡོ་རྗེ་དང་། ཀུན་དུ་བཟང་པོ་ཇི་ལྟར་འདོད་པ་བཞིན་དུ་གདོན་མི་ཟ་བར་འདྲིར་གཞུག་པར་བྱའོ། །ཇི་ལྟར་རྙེད་པའི་རས་ཀྱི་དུམ་བུ་མཐོ་གང་ངམ། ཁྲུ་གང་ཙམ་ལ་བདག་ཉིད་དམ། གཞན་གྱིས་སམ། རི་མོ་མཁན་གསོ་སྦྱོང་མེད་

པའམ། དད་པ་ཅན་ནམ། གཙང་མའམ། མི་གཙང་བའམ། ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་པའང་རུང་སྟེ། རི་མོ་མཁན་གྱིས་འདྲིར་གཞུག་པར་བྱའོ། །སྒྲུབ་པ་པོ་བདག་ཉིད་ནི། གདོན་མི་ཟ་བར་སྔོན་སྤྱད་པ་བྱས་པ། དད་པས་བྱང་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด