རལ་པ་གྱེན་བརྫེས་ཀྱི་རྟོག་པ་ཆེན་པོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱུརྡྷ་ཛ་ཊཱ་མ་ཧཱ་ཀལྤ་མ་ཧཱ་བོ་དྷི་སཏྭ་བི་ཀུརྦྦ་ཎ་པ་ཊ་ལ་བི་ས་རཱད་བྷ་ག་བ་ཏཱ་ཨཱརྱ་ཏཱ་རཱ་མཱུ་ལ་ཀལྤ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๓ · หน้า 266a

ཆུབ་ཏུ་སེམས་བསྐྱེད་པ་གདོན་མི་ཟ་བར་འགྱུར་བས་ཏེ། དེ་ལྟར་ན་སྔགས་འགྲུབ་པར་འགྱུར་གྱི་གཞན་དུ་སྡིག་པ་བྱེད་པས་ནམ་ཡང་མ་ཡིན་ནོ། །དེ་ལྟར་དད་པར་གྱུར་པ་ཡིས། །སྔགས་ཀྱི་ལྷ་རྣམས་བསྒྲུབ་བྱ་ཞིང་། །དད་པ་དེ་ཡིས་གསང་སྔགས་རྒྱལ། །

འགྲུབ་འགྱུར་འདིར་ནི་གཞན་དུ་མིན། །གང་ཕྱིར་དད་པ་ཐེག་པའི་མཆོག །གང་གིས་འདྲེན་པ་འགྲོ་བར་བྱེད། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལས། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དད་དང་ལྡན་པའི་མི་རྣམས་ལ། །

སངས་རྒྱས་ལས་རྣམས་འགྲུབ་པར་འགྱུར། །ལྟ་རྣམས་ཀུན་དང་ཁྱད་པར་དུ། །གསང་སྔགས་རྣམས་ནི་ཐམས་ཅད་ནི། །དད་པ་མེད་ན་མི་འགྲུབ་བོ། །འཇིག་རྟེན་པ་ཡི་ལྷ་རྣམས་དང་། །གང་ཡང་འཇིག་རྟེན་འདས་དེ་བཞིན། །དད་དང་ལྡན་པར་བརྗོད་པ་དང་། །རྙོག་པ་བྲལ་

བས་འགྲུབ་པར་འགྱུར། །ཡིད་ནི་བྱང་ཆུབ་དེར་སོན་པས། །དེ་རྣམས་བྱང་ཆུབ་ངེས་པར་འགྲུབ། །གཞན་གྱིས་འགྲུབ་པར་མ་གསུངས་ཏེ། །བསྟན་པ་འདི་ལས་ཟློག་པ་ཡིན། །རས་རིས་ཆུང་དང་ཆེན་པོ་དང་། །བར་མ་ཡོངས་སུ་བསྒྲགས་པ་ཡིན། །ལས་རྣམས་ཐམས་ཅད་སྒྲུབ་

བྱེད་པ། །དེ་ནི་རབ་ཏུ་བཤད་པར་བྱ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་ཆོ་ག་ལས་རས་རིས་ཀྱི་ཆོ་ག་རབ་འབྱམ་ལྔ་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་

ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་ཅན་ཆེན་པོ་ཁྱོད་ཀྱིས་སེམས་ཅན་དེ་རྣམས་ཀྱི་དོན་གྱི་ཕྱིར་བསྟན་པ་གང་ཡིན་པ་དེ་རྣམས་རས་རིས་ཀྱི་ཆོ་ག་རབ་འབྱམ་བཤད་པ་འདི་ཐབས་ཉུང་ངུ་ཉིད་ཀྱིས་འགྲུབ་པར་འགྱུར་

ཏེ་དེ་རྣམས་ཀྱི་དོན་གྱི་ཕྱིར་སྒྲུབ་པར་བྱེད་པ་ཐབས་ཡོན་ཏན་རྒྱས་པ་རབ་ཏུ་དབྱེ་བས་རྣམ་པར་ཕྱེ་བ་ལས་རྣམ་པར་དབྱེ་བ་དེ་ཡང་དག་པར་མཐུན་པར་བཤད་པར་བྱའི། དེ་ལེགས་པར་ཉོན་ལ། ལེགས་པར་ཡིད་ལ་གྱིས་ཤིག་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བཤད་པར་བྱའོ། །དེ་

เล่ม ๙๓ · หน้า 266b

ནས་ཡང་བྱང་ཆུབ་སེམས་དཔས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་འབྱོར་བ་བསྟན་པར་མཛད་ཅིང་སྔགས་ཀྱི་སྤྱོད་པའི་ཡོན་ཏན་སྒྲུབ་པའི་མཐུ་གསལ་བར་མཛད་པ་ལེགས་པར་གསུངས་པ་ནི་ལེགས་སོ། །བཅོམ་ལྡན་འདས་གང་ད་

ལྟ་དེའི་དུས་ལ་བབ་པར་དགོངས་ནས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྒོ་

ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། བཙོད་དང་། ཤེལ་གྱི་ཁ་དོག་ལ་སོགས་པ་བྱུང་བར་གྱུར་ཏོ། །འོད་ཟེར་དེ་བྱུང་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་

གནས་ཐམས་ཅད་སྤ་བཀོད་པར་མཛད་ནས། རྒྱུ་སྐར་གྱི་འོད་དང་། རིའི་ལྷའི་ཚོགས་ཀྱི་འོད་དང་། གང་དུ་ཟླ་བ་དང་ཉི་མ་འདི་ལྟར་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་དེ་དག་གི་འོད་ཀྱང་སྤ་བཀོད་པར་མཛད་ནས་དེ་རྣམས་མི་གསལ་ཞིང་འོད་མེད་པར་གྱུར་ཏེ་རྣམ་པར་སྣང་བར་མི་

འགྱུར་ཞིང་སྤ་བཀོང་བར་མཛད་དེ་ནོར་བུ་དང་སྔགས་དང་སྨན་དང་རིན་པོ་ཆེའི་འོད་ཐམས་ཅད་མེད་པར་བྱས་ནས་སླར་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྒོར་ནུབ་པར་གྱུར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འཁོར་གྱི་དཀྱིལ་

འཁོར་དེ་ཉིད་ན་འདུས་ཤིང་འཁོད་པར་གྱུར་པ་དེ་སྟན་ལས་ལངས་ནས། རིངས་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་

འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་དེ་དེ་བཞིན་ནོ། །དེ་

เล่ม ๙๓ · หน้า 267a

དེ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་ཀྱི། རྒྱུ་ཡོད། རྐྱེན་ཡོད་དོ། །གང་ཞིག་མདོ་སྡེའི་དབང་པོ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་ཆོ་ག་རིག་པའི་སྤྱོད་པ་རྗེས་སུ་སྒྲུབ་པ་ལས་སྒྲུབ་

པར་བྱེད་པའི་ཐབས་ལ་ཡང་དག་པར་གཞོལ་བ། ཆོས་ཀྱི་སྤྲིན་ལ་བརྟེན་ཅིང་ཡང་དག་པར་རྗེས་སུ་འཇུག་ཅིང་རྗེས་སུ་འབྲང་བར་བྱེད་པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀློག་པར་འགྱུར་བ་དང་། དད་པར་འགྱུར་བ་དང་། གླེགས་བམ་དུ་བྲི་བར་བྱས་ནས་མཆོད་པར་

འགྱུར་བ་དང་། ཙནྡན་དང་། ཕྱེ་མ་དང་། བྱུག་པ་དང་། བདུག་པ་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམ་པ་སྣ་ཚོགས་པའམ། སིལ་སྙན་གྱི་རྣམ་པའི་ཁྱད་པར་རམ། རོལ་མོ་སྣ་ཚོགས་དང་། ཕེག་རྡོབ་པ་དང་། ཐ་ན་རྗེས་སུ་ཡི་རང་བ་

དང་ལྡན་པའི་སེམས་རྒྱུན་དུ་ཐོབ་པའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་བྱེད་པར་འགྱུར་བའམ། རིག་པའི་མཐུ་དང་ནུས་པ་ཐོས་ནས་དགའ་བ་སྐྱེ་བར་འགྱུར་བའམ། རྗེས་སུ་ཡི་རང་བར་འགྱུར་བའམ། སྤྱོད་པ་སོ་སོར་སྒྲུབ་པར་འགྱུར་བ་དེ་རྣམས་ངས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ་དེ་རྣམས་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་སུ་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བ་འཛུམ་པ་མཛད་ཀྱིས་རྣམ་པ་གཞན་དུ་མ་ཡིན་ནོ། །དང་པོ་རེ་ཞིག་དམ་ཚིག་མཐོང་བ། སྔོན་སྤྱད་པ་རྣམས་བྱས་པ། མངོན་པར་དབང་

བསྐུར་ཐོབ་པས། རྟོག་པའི་རྒྱལ་པོ་འདི་ལ་རྩ་བའི་རིག་པའམ། སྙིང་པོའམ། ཉེ་བའི་སྙིང་པོའམ། གཞན་གང་ཡང་རུང་བའི་སྔགས་བཟུང་ནས་ཡི་གེ་གཅིག་པའམ། ཇི་ལྟར་འདོད་པ་བཞིན་ཡང་རུང་སྟེ། དགོན་པ་ཆེན་པོར་སོང་ནས་ལོ་བདུན་དུ་བཟླས་པ་བྱ་སྟེ།

འབྲས་བུ་དང་། ཆུའི་བཟའ་བ་དང་། རྩ་བ་དང་། འདབ་མ་བཟའ་ཞིང་། སྔོན་སྤྱོད་པ་རྣམས་བྱས་པར་འགྱུར་རོ། །དེ་ནས་རིའི་རྩེ་མོར་འཛེགས་ཏེ་རས་རིས་ཀྱི་ཐུ་བོ་ཞལ་ནུབ་དུ་ཕྱོགས་པར་བཞག་ནས། བདག་ཉིད་ཤར་དུ་མངོན་པར་ཕྱོགས་ཏེ། ཀུ་ཤའི་ཁྲེས་ལ་ཉེ་བར་

เล่ม ๙๓ · หน้า 267b

འདུག་ནས་པདྨ་དཀར་པོ་དང་། ཙནྡན་དཀར་པོ་དང་། གུར་གུམ་གྱིས་མངོན་པར་བཏགས་ཏེ། འབུམ་ཕྲག་གཅིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་

ཀྱི་རས་རིས་ཀྱི་འོག་ནས་དབུལ་བར་བྱའོ། །ག་བུར་གྱི་བདུག་པ་ཡང་ཇི་ལྟར་འབྱོར་པ་བསྲེག་གོ། །ལྷའི་བུ་རྣམས་ལ་ཇི་ལྟར་རྙེད་པའི་མེ་ཏོག་གིས་མཆོད་པ་བྱའོ། །དེ་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་ཉའམ། ཉ་སོ་སོ་ལ་མཚན་མོ་ཕྱེད་ཀྱི་དུས་ཀྱི་ཚེ་རས་རིས་ཀྱི་སྤྱན་

སྔར་མེ་ཐབ་པདྨའི་རྣམ་པ་ལྟ་བུ་བྱས་ནས་ཙནྡན་དཀར་པོའི་ཤིང་གི་མེ་སྦར་ཏེ། གུར་གུམ་དང་ག་པུར་གཅིག་ཏུ་བྱས་ནས་སྲེག་བླུགས་ཇི་ལྟར་འབྱོར་པས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ཏེ། དེ་ནས་བསྲུང་བ་བྱའོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་འོད་ཟེར་བྱུང་སྟེ། རས་

རིས་ཀྱི་ཁོར་ཡུག་ཏུ་གཅིག་ཏུ་འབར་བར་གྱུར་པ་འབྱུང་ངོ་། །དེ་ནས་སྒྲུབ་པ་པོ་ཙནྡན་དང་། གུར་གུམ་གྱིས་བཏགས་པའི་པདྨ་དཀར་པོའི་མེ་ཏོག་གིས་མཆོད་ཡོན་དབུལ་ལོ། །དེ་ནས་སྒྲུབ་པ་པོས་རིངས་པའི་ཚུལ་གྱིས་རས་རིས་ལ་བསྐོར་བ་ལན་གསུམ་བྱས་ནས། སངས་རྒྱས་

དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་འཕགས་པ་ཉན་ཐོས་རྣམས་ལ་ཕྱག་འཚལ་ནས་སྔར་སྒྲུབ་པ་པོས་བྲིས་པའི་རས་མཐའི་ཕྱོགས་ནས་འཇིགས་པ་མེད་པས་རས་རིས་གཟུང་བར་བྱའོ། །དེ་ནས་བཟུང་བ་ཙམ་གྱིས་འཕུར་བར་འགྱུར་ཏེ། སེ་གོལ་

གཏོགས་པ་ཙམ་ལ་ཚངས་པའི་འཇིག་རྟེན་ལས་འདས་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ཀུན་དུ་གནས་པར་འགྱུར་རོ། །གང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་དབང་གིས་རྒྱལ་པོ་དེ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་

ཀྱང་སྟོན་པར་བྱེད་པ་དང་། བསྐལ་པ་ཆེན་པོ་སྟོང་དུ་རྒ་བ་མེད་པ་དང་། འཆི་བ་མེད་པར་རོལ་པར་འགྱུར་རོ། །བྲིས་སྐུ་གནས་པ་དེ་ཉིད་དུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་རྣམས་ཀྱི་བྱིན་གྱིས་བརླབས་

เล่ม ๙๓ · หน้า 268a

ཀྱང་ཤེས་སོ། །ཞིང་སྟོང་ཕྲག་ཀྱང་འདའ་བར་བྱེད་དོ། །ལུས་སྟོང་ཕྲག་སྟོན་པར་བྱེད་དོ། །རྫུ་འཕྲུལ་གྱི་མཐུ་དུ་མ་ཡང་དག་པར་འབྱིན་པར་བྱེད་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །ངེས་པར་བྱང་

ཆུབ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་སྣོད། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་བྲིས་སྐུ་རབ་འབྱམ་ལས། མཆོག་གི་སྒྲུབ་པའི་ཐབས་ཀྱི་ཆོ་ག །ལས་ཀྱི་

འབྲས་བུ་དྲུག་པ་རྫོགས་སོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ན་འདུག་པའི་ལྷ་ཚོགས་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་ཁྱེད་ཅག་ཉོན་ཅིག །ལས་ཆེན་པོ་དང་བཅས་པའི་རིག་པ་འཕགས་མ་སྒྲོལ་མའི་སྤྱོད་

པའི་དཀྱིལ་འཁོར་སྒྲུབ་པར་བྱེད་པའི་ལས་ཀྱི་ཆོ་ག་སྒྲུབ་པ་པོ་སྲུང་བའི་དོན་དུ་གསང་བ་དམ་པ་མཆོག་གི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་རིག་པའི་རྒྱལ་མོ་ཆེན་མོ་གང་གིས་བཟླས་ན་སྔགས་ཐམས་ཅད་བཟླས་པར་འགྱུར་རོ། །ཀྱེ་ཀྱེ་ལྷའི་ཚོགས་རྣམས་

འདི་ནི་འདའ་བར་བྱེད་པ་མ་ཡིན་པའི་རིག་པའི་རྒྱལ་མོ་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ཀྱང་རིག་པ་འདིས་འགུགས་ཤིང་། དབང་དུ་བྱེད་ལ་ཡང་དག་པར་འདོད་པར་འགྱུར་བར་བྱེད་ན་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་

པ་རྣམས་སྨོས་ཅི་དགོས། སྔགས་ཐམས་ཅད་དང་བགེགས་ཐམས་ཅད་འཇོམས་པར་བྱེད་པ་སྟེ། འདི་ནི་བརྩོན་འགྲུས་ཆེ་བ་དང་། མཐུ་ཆེ་བ་དང་། གཅིག་ཏུ་དཔའ་བ། རིག་པ་ཐམས་ཅད་གཅིག་ཁོ་ནར་སྔགས་ཐམས་ཅད་ཀྱི་མཆོག་ཏུ་བཤད་པ་དང་། གཅིག་ཁོ་ན་རིག་

པའི་རྒྱལ་མོ་འཇིགས་པ་ཆེན་པོ་རྣམས་ལས་མཆོག་ཏུ་བཤད་པ་སྟེ། དེ་གང་ཞེ་ན། ལས་ཆེན་པོ་ཐམས་ཅད་བྱེད་པ། དོན་ཐམས་ཅད་སྒྲུབ་པ། བྱ་བ་ཐམས་ཅད་བྱེད་པ། སྔགས་ཐམས་ཅད་གཅོད་པར་བྱེད་པ། གདུག་པའི་ལས་རྣམས་དང་སྡིག་པ་ཐམས་ཅད་རབ་ཏུ་

เล่ม ๙๓ · หน้า 268b

འཇོམས་པར་བྱེད་པ། སྔགས་ཐམས་ཅད་སོ་སོར་རྫོགས་པར་བྱེད་པ། དགེ་བར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་པ་དང་། སྔགས་ཐམས་ཅད་ཀྱི་གོང་ནས་གོང་དུ་རབ་ཏུ་འཇུག་པ། ཐོགས་པ་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་

པོ་ཡང་དག་པར་གྱུར་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དེ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གྲོགས་པོ་དག་འདི་ནི་

མཆོག་ཏུ་གསང་བ་དམ་པ་ལས་ཆེན་པོ་ཐམས་ཅད་བྱེད་པ། རིག་པའི་རྒྱལ་མོ་ཆེན་མོ་སེམས་ཅན་ཐམས་ཅད་ཀྱིས་འདའ་བར་བྱེད་པ་མ་ཡིན་པ། འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པ། སངས་རྒྱས་ཐམས་ཅད་ཀྱིས་བཀྲ་ཤིས་པ། རིག་པ་དང་སྔགས་ཐམས་ཅད་ཀྱིས་

བསྒྲུབས་པ། འཇིག་རྟེན་ཐམས་ཅད་ཀྱི་མངའ་བདག །རིག་པའི་དབང་ཕྱུག་ཐམས་ཅད་ཀྱི་དབང་ཕྱུག །རྣམ་པར་སྡང་བ་ཐམས་ཅད་ལ་བྱམས་པའི་བདག་ཉིད། སྐྱེ་བོ་རྣམས་ལ་སྙིང་བརྩེ་བ་དང་། བགེགས་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་སྟེ། མདོར་ན་ཇི་ལྟ་ཇི་ལྟར་

རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་རབ་ཏུ་བྱེད་དོ། །མ་བསྒྲུབས་པར་ཡང་ལས་རྣམས་བྱེད་དོ། །རིག་པ་བཟླས་ནས་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །གོས་ལ་མངོན་པར་བསྔགས་ནས་གྱོན་ན་སྐལ་བ་བཟང་པོར་འགྱུར་རོ། །སོ་ཤིང་ལ་མངོན་པར་བསྔགས་ཏེ་ཟོས་ན་སོ་ནད་སེལ་བར་

འགྱུར་རོ། །ཀ་ར་བཱི་ར་དཀར་པོ་ལ་ལན་བདུན་མངོན་པར་བསྔགས་ནས་ཟོས་ན་དོན་དུ་མ་གཉེར་བར་ཡང་ཁ་ཟས་འབྱུང་བར་འགྱུར་རོ། །མིག་གི་ནད་ལ་རྒྱམ་ཚ་ཕྱེ་མར་བྱས་པ་ལ་ལན་བདུན་མངོན་པར་བསྔགས་ནས་མིག་བཀང་ན་མིག་ནད་སེལ་བར་བྱེད་དོ། །རྣ་བའི་ནད་

ལ་གླང་པོ་ཆེའི་རྒྱབ་ནས་འཐོན་པ་འབྲུག་སྒྲོགས་པ་ན་འབྱུང་བའི་ཚི་དྷྲི་ཀ །ཀ་བུ་ཀའི་ལོ་མར་བཏུམས་ཏེ་མེ་ཆུང་ངུས་བཙོ་བར་བྱའོ། །ཚོས་ནས་ཕྱིར་བཙོས་པ་བྱས་ལ་ཆུ་དྲོ་འཇམ་ལ་རྒྱམ་ཚ་དང་སྦྱར་བ་བྱས་ནས་ལན་བདུན་མངོན་པར་བསྔགས་ཏེ་དེས་རྣ་བ་དག་པར་

เล่ม ๙๓ · หน้า 269a

བྱས་ཏེ་སྐད་ཅིག་དེ་ཉིད་ལ་ཉེ་བར་ཞི་བར་བྱེད་དོ། །བུད་མེད་བུ་འབྱུང་བའི་དུས་སུ་མངལ་འགགས་ནས་གཟེར་བས་ཟིལ་གྱིས་ནོན་པར་གྱུར་ན། ཨ་ཊརླུ་ཥ་ཀའི་རྩ་བ་སྲོག་ཆགས་མེད་པའི་ཆུ་ལ་བཏགས་ནས་ལྟེ་བའི་ཕྱོགས་སུ་བྱུགས་ན་བདེ་བླག་ཏུ་བཙའ་

བར་འགྱུར་རོ། །སྐྱེས་བུ་ཟུག་རྔུས་ཉམས་པའམ། མཚོན་ནང་དུ་ལུས་པ་ལ་མར་རྙིང་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་བླུད་པར་བྱ་བའམ། དེའི་ཕྱོགས་སུ་བྱུགས་ན། དེའི་སྐད་ཅིག་ཉིད་ལ་ཟུག་རྔུ་མེད་པར་འགྱུར་རོ། །མ་ཞུ་བ་དང་། གསུད་པ་དང་།

ཚད་པའི་ནད་ལ་ཁ་རུ་ཚ་དང་། རྒྱམ་ཚ་དང་། ཚྭ་གཞན་གང་ཡང་རུང་བ་ལ་མངོན་པར་བསྔགས་ནས་ཟོས་ན། ནད་དེ་ལས་གྲོལ་བར་འགྱུར་ཏེ་ཉི་མ་དེ་ཉིད་ལ་བདེ་བར་གནས་པར་འགྱུར་རོ། །གཏན་ནད་ཀྱི་ཚད་པའམ། འཕྲལ་གྱི་ཚད་པ་ལ་ཡང་རུང་སྟེ། མ་ཏུ་ལུང་

གའི་རྩ་བ་བཏགས་ནས་སྲོག་ཆགས་མེད་པའི་ཆུ་འཐུང་དུ་གཞུག་སྟེ་གནོད་པ་མེད་པར་དེ་ལས་གྲོལ་བར་འགྱུར་ཏེ། ལན་བདུན་བཟླས་པས་སམ། གཉིས་བཟླས་པས་སོ། །བུད་མེད་མོ་གཤམ་མི་སྐྱེ་བའི་ཆོས་རྣམས་སྐྱེ་བར་འདོད་ན་ཨ་ཤྭགནྡྷའི་རྩ་བའི་མར་དང་ལྷན་ཅིག་

བསྐོལ་ཏེ་བའི་འོ་མས་བསྲེས་ཏེ་ལན་ཉི་ཤུ་རྩ་ལྔ་ཡོངས་སུ་བཟླས་ཏེ། ཟླ་མཚན་གྱི་དུས་སུ་འཐུང་དུ་བཅུག་ནས་ཁྲུས་བྱས་པའི་མཐར་སྐྱེས་པ་གཞན་སྤང་ཞིང་ཁྱིམ་པ་ཡང་འདོད་པས་ལོག་པར་གཡེམ་པ་ཡོངས་སུ་སྤངས་ན། རང་གི་སྐྱེས་པའམ། རང་གི་བདག་པོའི་བུ་

སྐྱེ་བར་འགྱུར་རོ། །ལོ་གསུམ་མམ། ལོ་ལྔ་རབ་ཏུ་སྐྱེས་པའི་དུས་ལས་ལྷག་པའམ། ལོ་དུ་མར་བུ་མ་ཆགས་པའམ་གཞན་གྱི་སྔགས་དང་སྨན་གྱི་ཕྱག་རྒྱས་བཏབ་པ་དང་། གཞན་གྱིས་གདུག་པར་བྱས་པའམ། མངལ་འཛིན་པ་མི་འཛིན་པར་བྱས་པའམ། ནད་

ཀུན་དུ་ལངས་པའམ། སྦྱོར་བ་གཞན་ཀུན་དུ་སྤངས་པའམ། ནད་གཞན་གང་ཡང་རུང་བ་ཅུང་ཟད་ཀྱིས་ཡོངས་སུ་མི་འཛིན་པར་བྱས་པའམ། བརྟན་པ་དང་། གཡོ་བ་དང་། བཅོས་མ་དང་། བཅོས་མ་མ་ཡིན་པ་ལ་སོགས་པའི་དུག་ལ་སོགས་པ་རབ་ཏུ་ཞུགས་

เล่ม ๙๓ · หน้า 269b

པའམ། རྩ་བ་དང་། སྔགས་དང་། སྨན་དང་། མཛའ་བ་དང་། མི་མཛའ་བའི་སྦྱོར་བ་བྱས་པ་ལ། མར་རྙིང་པ་དང་། རྨ་བྱའི་མདོངས་གཅིག་ཏུ་བྱས་ནས་བཏགས་ལ། ཤ་ཁ་ར་དང་ལྷན་ཅིག་སྦྱར་ཏེ། ལན་ཉི་ཤུ་རྩ་བདུན་མངོན་པར་བསྔགས་ནས། ཨ་རུ་ར་ཙམ་

བཟའ་བར་བྱ་སྟེ། ཉིན་ཞག་བདུན་གྱི་བར་དུ་ཤ་ཁ་ར་དང་ལྡན་པའི་འོ་མ་བསྐོལ་བ་བཏུང་བར་བྱ་ཞིང་ཡང་དང་ཡང་དུ་སྔགས་ཀྱང་བཟླས་སོ། །ཀླད་པ་ན་བ་ལ་བྱ་རོག་གི་གཤོག་པ་ལ་ལན་བདུན་མངོན་པར་བསྔགས་ཏེ་དེས་བྱ་བས་ན་བདེ་བར་གནས་པར་འགྱུར་རོ། །བུད་མེད་ལ་ཆེས་

སྤྱད་པ་ལ་སོགས་པའི་ནད་རྣམས་ལ་ཨ་ལམ་བུ་ཤའི་རྩ་བ་འོ་མ་དང་ལྷན་ཅིག་བཏགས་ནས་ནི་ལི་ཀའི་རྩ་བ་དང་ལྡན་པ་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བཟླས་ནས་འོ་མས་སྐྱོ་མར་སྦྱར་ནས་བཏུང་བར་བྱའོ། །དེ་བཞིན་དུ་རིམས་ཉིན་བཞི་པ་དང་། ཉིན་གཅིག་པ་དང་། ཉིན་གཉིས་

པ་དང་། ཉིན་གསུམ་པ་དང་། རྒྱུན་པ་དང་། རྟག་པའི་རིམས་དང་། རིམས་དྲག་པོ་ལ་སོགས་པ་རྣམས་ལ་འོ་ཐུག་མར་དང་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་འཐུང་དུ་བཅུག་ན་བདེ་བར་གནས་པར་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མའི་གདོན་གྱིས་ཟིན་པ་ལ།

བདག་ཉིད་ཀྱི་གདོང་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་བལྟས་ན་བདེ་བར་གནས་པར་འགྱུར་རོ། །དེ་བཞིན་དུ་མ་མོ་དང་། བྱིས་པ་དང་། སྲུལ་པོ་དང་། རོ་ལངས་དང་། གྲུལ་བུམ་གྱི་གདོན་ལ་སོགས་པ་རྣམས་དང་། མི་ཐམས་ཅད་གདུག་པ་ཅན་དྲག་པོས་

མངོན་པར་ཟིན་པ་ལ་བདག་ཉིད་ཀྱི་ལག་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། ཟིན་པ་དེའི་མགོ་བོ་ལ་རེག་ན་བདེ་བར་གནས་པར་འགྱུར་རོ། །ལན་ཅིག་བཟླས་པས་བདག་ཉིད་སྲུང་ངོ་། །གཉིས་བཟླས་པས་གྲོགས་པོ་སྲུང་ངོ་། །གསུམ་བཟླས་པས་ཁྱིམ་སྲུང་

ངོ་། །བཞི་བཟླས་པས་གྲོང་སྲུང་ངོ་། །ལྔ་བཟླས་པས་གྲོང་གི་སྤྱོད་ཡུལ་དུ་གྱུར་པ་སྲུང་བར་འགྱུར་རོ། །དེ་བཞིན་དུ་ཇི་སྲིད་སྟོང་ཕྲག་གི་བར་དུ་བཟླས་པས་དམག་གི་ཚོགས་སྲུང་བ་བྱས་པར་འགྱུར་རོ། །འདི་རྣམས་སམ་གཞན་ཡང་ལས་ཕྲ་མོ་རྣམས་མ་བསྒྲུབས་

เล่ม ๙๓ · หน้า 270a

པར་ཡང་བྱེད་དོ། །དེ་ནས་སྒྲུབ་པར་འདོད་ན་ཕྲ་མོའི་ལས་རྣམས་མི་བྱ་བར་མཐའ་གཅིག་ཏུ་སོང་ནས་དབེན་པའི་ཕྱོགས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་འབབ་པ་དང་། རྒྱ་མཚོའི་ངོགས་དང་། གང་གཱའི་ཀླུང་གི་ངོགས་དང་། གཞན་ཡང་ཆུ་ཀླུང་ཆེན་པོའི་

ངོགས་ལ་བརྟེན་ནས། ཕྱོགས་གཙང་མ་ཕྱག་དར་བྱས་ནས་ཁྲུས་ལན་གསུམ་བྱ་ཞིང་། གོས་ལན་གསུམ་བརྗེས་ཏེ། སྨྲ་བ་བཅད། སློང་མོའི་ཁ་ཟས་ཟ་ཞིང་། ལོ་མ་དང་། ནས་ཟན་དང་། འོ་མ་དང་འབྲས་བུ་ཟ་ཞིང་འབུམ་ཕྲག་བཅུ་གཅིག་བཟླས་པར་བྱའོ། །

གྲུབ་པའི་མཚན་མ་མཐོང་ན། དེ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ་ཕྱོགས་དེ་ཉིད་དུ་རས་རིས་ཐུ་བོ་དེར་བཞག་ལ། རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་གསེར་དངུལ་གྱི་རང་བཞིན་ནམ། ཟངས་དང་སའི་རང་བཞིན་གྱི་མར་མེའི་སྣོད། ཏུ་རུཥྐའི་འབྲུ་མར་གྱིས་བཀང་བའམ།

དྲི་ཞིམ་པོའི་འབྲུ་མར་གྱིས་བཀང་བའམ། བའི་མར་གྱིས་བཀང་བའི་མར་མེའི་སྣོད་དུ་རས་གསར་པ་དུམ་བུར་བྱས་པའི་མར་མེ་འབུམ་ཕྲག་གཅིག་རས་རིས་ལ་དབུལ་བར་བྱའོ། །དེའི་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་རྣམས་ཕུལ་མ་ཐག་ཏུ་རས་རིས་ལས་འོད་ཟེར་རྣམས་བྱུང་

མ་ཐག་ཏུ་རས་རིས་ཀུན་ནས་འབར་བའི་ཕྲེང་བར་འགྱུར་རོ། །སྟེང་གི་བར་སྣང་ལ་རྔ་བོ་ཆེའི་སྒྲ་སྒྲོགས་ཤིང་ལེགས་སོ་ཞེས་པ་ཡང་ཐོས་ཏེ། དེ་ནས་རིག་པ་འཛིན་པས་རིངས་པའི་ཚུལ་གྱིས་རས་རིས་ཀྱི་མཐའི་ཟུར་དུ་སྒྲུབ་པ་པོ་སྔར་བྲིས་པར་རས་རིས་ལ་བརྟེན་པ་ལ་མཆོད་ཡོན་ཕུལ་ནས་བསྐོར་

བ་བྱས་ཏེ་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ལ་གཟུང་བར་བྱའོ། །དེ་ནས་བཟུང་བ་ཙམ་གྱིས་མར་མེ་འཛིན་པ་དེ་རྣམས་ཐམས་ཅད་ཀྱི་ལྷན་ཅིག་ཏུ་འཕུར་བར་འགྱུར་རོ། །གཅིག་གིས་ལྷག་པའི་གཞལ་མེད་ཁང་བརྒྱར་ཡང་འགྲོ་བར་བྱེད་དོ། །ལྷའི་སིལ་སྙན་དང་

སོ་སོར་ཡང་དག་པར་ལྡན་པ་དང་། སྒྲ་སྙན་པའི་གླུ་དབྱངས་སྒྲོགས་ཤིང་གར་བྱེད་པའི་རིག་པ་འཛིན་མ་དེ་རྣམས་ཀྱིས་འཁོར་ཡུག་ཏུ་ཀུན་ཏུ་ཁྱབ་པར་སྣང་བ་སྒྲུབ་པ་པོ་རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་དབང་སྐུར་བར་བྱེད་དོ། །མར་མེ་འཛིན་པ་དེ་རྣམས་ཀྱིས་ལྷན་ཅིག་

เล่ม ๙๓ · หน้า 270b

རྒ་བ་མེད་ཅིང་འཆི་བ་མེད་པར་རོལ་པར་བྱེད་དོ། །བསྐལ་པ་ཆེན་པོར་གནས་ཤིང་ཉི་མ་འཆར་ཀ་འདྲ་བ་དང་། ལྷའི་རྒྱན་གྱིས་མཛེས་པ་དང་། རྣམ་པར་བཀྲ་བའི་གོས་ཀྱིས་བརྒྱན་པ། དེ་རྣམས་དབང་དུ་བྱས་ནས་མངག་གཞུག་པར་འགྱུར་ཏེ། དེ་རྣམས་དང་ལྷན་ཅིག་སྤྱོད་

པར་གྱུར་ཏེ་ལྷའི་རིག་པ་འཛིན་པ་ཐམས་ཅད་ཀྱང་འདིའི་བྲན་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་ཞིང་རིང་དུ་འཚོ་ཞིང་གྲུབ་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །སྐད་ཅིག་ཙམ་གྱིས་ཚངས་པའི་འཇིག་རྟེན་དུ་མངོན་པར་འགྲོ་

བར་འགྱུར་རོ། །བརྒྱ་བྱིན་གྱིས་ཀྱང་གྲངས་སུ་མི་འགྲོ་ན་དེ་ལས་གཞན་པའི་རིག་པ་འཛིན་པ་རྣམས་ཀྱིས་ལྟ་ཅི་སྨོས། མཐར་ཡང་འདིས་སངས་རྒྱས་ཉིད་དུ་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །ལས་སྒྲུབ་

པའི་ཐབས་གཞན་ཡང་ཡོད་དེ། ཆེས་དཀའ་ཐུབ་བྱས་པ། དེ་ནས་མཐའ་གཅིག་ཏུ་སོང་ནས་ལྷག་པར་གནས་ཏེ་འདུ་འཛི་མེད་ཅིང་འདུ་འཛི་དང་བྲལ་བའི་དགོན་པ་ཆེན་པོར་ཞུགས་ནས། གནས་གང་ན་པདྨའི་མཚོ་ཆེན་པོ་དང་། ཆུ་དང་བཅས་པ། རི་བོ་གཅིག་ལ་

བརྟེན་པའི་རི་བོ་དེའི་རྩེ་མོར་འཛེགས་ཏེ། རིག་པ་རྣམས་ཀྱི་དྲི་དང་མེ་ཏོག་ལ་སོགས་པ་ཕུལ་ནས་དེ་རྣམས་ཇི་ལྟར་འདོད་པ་བཞིན་དུ། འོ་མའམ་ནས་ཟན་དང་། པདྨའི་རྩ་བ་དང་། འབྲས་བུ་བཟའ་ཞིང་འོ་མ་ལས་བྱུང་བ་ཟོས་ཏེ་རིག་པ་འབུམ་ཕྲག་བཅུར་བཟླས་

པ་བྱའོ། །བཟླས་པའི་མཐར་ཡང་སྔར་བསྟན་པའི་ཆོ་ག་དེ་ཉིད་ཀྱིས་རས་རིས་ཀྱི་ཐུ་བོ་བཞག་ནས། པདྨའི་མེ་ཏོག་ལ་ཙནྡན་དཀར་པོ་དང་། གུར་གུམ་གྱིས་བཏགས་ཏེ་སེང་ལྡེང་གི་ཤིང་གི་མེ་སྦར་ནས་སྔར་ཡོངས་སུ་བཏགས་པའི་པདྨས་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་

སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་མཐར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རས་རིས་ལས་འོད་ཟེར་འབྱུང་སྟེ། དེས་སྒྲུབ་པ་པོ་ཀུན་དུ་སྣང་བར་བྱས་ནས་སྤྱི་བོར་ནུབ་པར་འགྱུར་རོ། །རེག་མ་ཐག་ཏུ་སྒྲུབ་པ་པོ་མངོན་པར་ཤེས་པ་ལྔར་འགྱུར་རོ། །བྱང་ཆུབ་

เล่ม ๙๓ · หน้า 271a

སེམས་དཔའི་ས་ཐོབ་བོ། །ལྷའི་གཟུགས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུ་སྟེ། བསྐལ་པ་སུམ་ཅུ་རྩ་དྲུག་ཏུ་འཚོ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སུམ་ཅུ་རྩ་དྲུག་འདའ་བར་བྱེད་དོ། །དེ་རྣམས་ཀྱི་མཐུ་ཡང་ཡང་དག་པར་

རྗེས་སུ་མཐོང་ངོ་། །སངས་རྒྱས་སུམ་ཅུ་རྩ་དྲུག་མཉེས་པར་བྱེད་དོ། །དེ་རྣམས་ཀྱང་མཆོད་པ་དང་བསྙེན་བཀུར་བས་མངོན་པར་དགའ་བར་འགྱུར་རོ། །མཐར་ཡང་བྱང་ཆུབ་ལ་མཆོག་ཏུ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་བའི་

བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ། །ཇི་སྲིད་བྱང་ཆུབ་ཏུ་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་དུའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་

གྱེན་དུ་བརྫེས་པའི་རྩ་བའི་ཆོ་ག་ལས། ལས་མཆོག་སྒྲུབ་པའི་ཐབས་ཀྱི་ཆོ་ག་བདུན་པའི་ལེའུ་རབ་འབྱམ་ཡོངས་སུ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་སྒྲུབ་པའི་ལས་མཆོག་གསུངས་ཏེ། རྟོག་པའི་རྒྱལ་པོ་འདི་ལ་

རྩ་བའི་རིག་པའི་སྔགས་ཡོངས་སུ་བཟུང་ནས་གང་གཱའི་ཀླུང་དུ་ཞུགས་ནས་གྲུའི་བཞོན་པ་ལ་རབ་ཏུ་གནས་ཏེ། གང་གཱའི་དབུས་སུ་འོ་མ་དང་ཆུ་བཏུང་ཞིང་། སྟོང་ཕྲག་སུམ་ཅུར་ཇི་ལྟར་འདོད་པའི་ཉིན་ཞག་གི་བཟླས་པ་བྱའོ། །དེ་ནས་བཟླས་པའི་མཐར་ཀླུ་ཐམས་

ཅད་མཐོང་ངོ་། །དེ་ནས་སྒྲུབ་པ་བརྩམས་ཏེ་གྲུའི་དབུས་དེ་ཉིད་དུ་མེ་ཐབ་པདྨའི་རྣམ་པ་བྱའོ། །དེ་ནས་ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་རས་རིས་ལ་མཆོད་པ་ཆེན་པོ་བྱའོ། །རས་རིས་ཀྱི་ཐུ་བོ་ཞལ་ནུབ་ཏུ་ཕྱོགས་པར་བཞག་སྟེ་བདག་ཉིད་ཤར་དུ་མངོན་པར་

ཕྱོགས་ཏེ་ཀུ་ཤའི་ཁྲེས་ལ་འདུག་ནས། ནཱ་ག་གེ་སར་གྱི་མེ་ཏོག་རེ་རེ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་སེང་ལྡེང་གི་ཤིང་གིས་མེ་སྦར་ཏེ། ཙན་དན་དཀར་པོ་དང་གུར་གུམ་བསྲེས་པའི་ནཱ་ག་གེ་སར་གྱི་མེ་ཏོག་རྣམས་ཀྱིས་སྟོང་ཕྲག་བཅུའི་བར་ཇི་སྲིད་པར་སྦྱིན་སྲེག་

เล่ม ๙๓ · หน้า 271b

བྱའོ། །གཞན་ཀླུ་རྣམས་མཐོང་བ་ན་ཉེ་བར་བཅིངས་པའི་དངོས་གྲུབ་ཀྱི་རྫས་རྣམས་རབ་ཏུ་ཆགས་པས་བླང་བར་མི་བྱའོ། །གང་ལས་སྦྱིན་སྲེག་གི་མཐར་ཀླུའི་བཞོན་པ་དང་ལྷན་ཅིག་འཕུར་བར་འགྱུར་རོ། །རིག་པ་འཛིན་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ། །ཀླུའི་དབང་པོ་རྒྱལ་

པོ་ཐམས་ཅད་ཀྱང་རྗེས་སུ་འབྲང་ཞིང་བྲན་བཞིན་དུ་གནས་སོ། །བར་གྱི་བསྐལ་པ་སུམ་ཅུར་འཚོ་བར་འགྱུར་རོ། །རང་དབང་དུ་སྤྱོད་པར་འགྱུར་རོ། །འགྲོ་བ་ལ་ཐོགས་པ་མེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་སྟེ། དེའི་སྤྱི་བོ་ལ་རེག་

པར་མཛད་དོ། །རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔར་འགྱུར་རོ། །ངེས་པར་སངས་རྒྱས་ཉིད་དུ་ལྷག་པར་འགྲོ་བར་བྱེད་དོ། །གཞན་ཡང་མཆོག་གི་སྒྲུབ་པའི་ཆོ་གའི་སྒྲུབ་ཐབས་སུ་འགྱུར་བ་ནི་སྔར་བཞིན་དུ་གང་གཱའི་ཀླུང་དུ་ཞུགས་ནས་བིལ་བའི་ཤིང་གི་རང་བཞིན་གྱི་

ཤིང་གཅིག་ཉིད་ཀྱིས་གྲུའི་བཞོན་པ་བྱས་ནས་ཤིན་ཏུ་བརྟན་པ་ལེགས་པར་བྱས་པ་དེར་མངོན་པར་འཛེགས་ནས་བིལ་བའི་ཤིང་གི་རང་བཞིན་གྱི་སྐྱ་བ་དེས་གྲུ་དེའི་རྗེས་སུ་སྒྲུབ་པ་པོ་ཆེས་མཁས་ཤིང་གསལ་བ་ཉིད་ཀྱིས་གཡབ་པར་བྱ་སྟེ། གང་གཱའི་ཀླུང་ཆེན་པོ་ཡོངས་སུ་མི་དོར་བར་

ཀུན་ནས་ཐད་ཀའམ་རྒྱུན་རིངས་སུ་གཡབ་པར་བྱའོ། །དེ་ནས་རྩ་བའི་རིག་པ་བཟུང་ནས་སམ། སྙིང་པོའམ། ཉེ་བའི་སྙིང་པོའམ། ཡི་གེ་གཅིག་པའམ། ཁྲོ་བོའམ། ཕོ་ཉའམ། རིང་དུ་རྗེས་སུ་འབྲང་བའམ། གཞན་གང་ཡང་རུང་བའི་སྔགས་བཟུང་ནས་རས་རིས་

ཀྱི་ཐུ་བོ་དེ་ཉིད་དུ། ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས་བདག་ཉིད་དང་པོ་ཞལ་ཤར་དུ་ཕྱོགས་ལ། ཕྱིས་ནི་ཇི་ལྟར་འདོད་པར་བྱའོ། །འོ་མ་དང་། ནས་ཟན་དང་། འབྲས་བུ་བཟའ་བའམ། ཆུའམ། པདྨའི་རྩ་བ་དང་། འབྲས་བུ་བཟའ་ཞིང་། སྨྲ་བ་བཅད་དེ། དུས་

གསུམ་དུ་ཁྲུས་བྱ་ཞིང་། གོས་ལན་གསུམ་བརྗེས་ཏེ། ཤིན་ཏུ་དཀར་བའི་ལས་ཀུན་དུ་སྤྱོད་ཅིང་ཤིན་ཏུ་དཀར་བའི་བློ་དང་ལྡན་པས་དང་པོ་རེ་ཞིག་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་ཉེ་བར་བསྟན་པ་བཞིན་དུ་སྔར་ཆོ་ག་མཐོང་བས་རིག་པ་འབུམ་ཕྲག་བཅུ་བཟླས་པར་བྱའོ། །དེ་ནས་གལ་ཏེ་རྩ་

เล่ม ๙๓ · หน้า 272a

བའི་རིག་པར་འགྱུར་རོ། །དེ་ནས་སྟོང་ཕྲག་དྲུག་ཅུ་བཟླས་པའི་མཐར་གྲུ་རྒྱ་མཚོ་ཆེན་པོར་འགྲོ་བར་འགྱུར་རོ། །དེ་ནས་སྒྲུབ་པའི་ཡོ་བྱད་རྣམས་བསྡུས་ཏེ་སྔར་གནས་དེ་ཉིད་དུ་གཞག་པར་བྱའོ། །དེ་ནས་གྲུའི་བཞོན་པ་རྒྱ་མཚོ་ཆེན་པོར་འགྲོ་བ་ན། འཇིགས་

པར་མི་བྱ་ཞིང་། བཟློག་པར་མི་བྱའོ། །སྒྲུབ་པ་པོའི་དབང་ལས་མ་གཏོགས་པར་བཟློག་པར་ནུས་པ་ཡང་མ་ཡིན་ནོ། །དེ་ནས་དཔག་ཚད་སྟོང་དུ་གནས་པའི་རྒྱ་མཚོ་ཆེན་པོར་ཡང་ཡུད་ཙམ་གྱིས་འཇུག་པར་བྱེད་དོ། །ལམ་ཐུང་ན་ལྟ་ཅི་སྨོས། དེར་ཞུགས་ནས་ཆུའི་སྟེང་དུ་

སྒྲུབ་པའི་ལས་བརྩམ་པར་བྱའོ། །དེ་ནས་མེ་ཐབ་སྔར་གྱི་རྣམ་པའམ་རྫ་མཁན་གྱིས་བྱས་པའི་སའི་སྣོད་དུ་སེང་ལྡེང་གི་མེ་སྦར་ལ་ནཱ་ག་གེ་སར་གྱི་ཟེ་འབྲུ་དང་། མེ་ཏོག་ཙནྡན་དཀར་པོ་དང་། ག་པུར་དང་བསྲེས་པའི་སྲེག་བླུགས་ཆེས་ཉུང་བའམ། ཆེས་མང་བའི་ཚད་ཀྱང་

རུང་སྟེ། སྔར་བཞིན་དུ་རྩ་བའི་རིག་པས་འབུམ་ཕྲག་དྲུག་ཅུ་སྦྱིན་སྲེག་བྱའོ། །སྦྱིན་སྲེག་བྱེད་པ་ན། ལང་ཀའི་གྲོང་ན་གནས་པའི་སྲིན་པོ་གཟུགས་སྣ་ཚོགས་འཛིན་པ་རྣམས་ཧཱ་ཧཱ་ཞེས་སྒྲོགས་པ་དང་། ཀླུའི་གྲོང་ལོངས་སྤྱོད་ལྡན་ན་གནས་པའི་ཀླུའི་རྒྱལ་པོ་རྣམ་པ་སྣ་

ཚོགས་པའི་གཟུགས་འཆང་བ། ཆེས་ཞི་བ་དང་། ཆེས་ཁྲོ་བ་རྣམས་ལངས་ཏེ་ཀླུ་དང་སྲིན་པོ་རྣམས་ཀྱང་འདི་སྐད་ཅེས་སྨྲའོ། །ཁྱེད་བཞེངས་ཤིག་བཞེངས་ཤིག །བདག་ཅག་གི་རྗེ་བོ་མཛོད་ཅིག་ཅེས་སོ། །དེ་བཞིན་དུ་ལྷ་མ་ཡིན་དང་། གནོད་སྦྱིན་དང་ལྷ་དང་། ལྟོ་

འཕྱེ་ཆེན་པོ་དང་། གྲུབ་པ་དང་། མི་མ་ཡིན་པ་ཐམས་ཅད་ཀྱང་རབ་ཏུ་ཆགས་པར་བྱེད་མོད་ཀྱི་ལྡང་བར་མི་བྱའོ། །དེ་ནས་རིག་པ་འཛིན་པས་སྔགས་བཟླ་ཞིང་ལག་པ་གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་བྱའོ། །དེ་ནས་རྣམ་པར་བྱོལ་ཞིང་ཕན་ཚུན་རབ་ཏུ་འབྲོས་ལ་

འཇིགས་པར་བྱེད་དོ། །དེ་ནས་སྦྱིན་སྲེག་གི་མཐར་གྲུ་དེས་སྒྲུབ་པ་པོ་དེ་ཁྱེར་ནས་སྐད་ཅིག་ལ་འོག་མིན་གྱི་གནས་སུ་འགྲོ་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་གཞན་དུའང་འགྲོ་ཞིང་འོང་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་སེམས་ཤེས་པར་འགྱུར་རོ། །མངོན་

เล่ม ๙๓ · หน้า 272b

པར་ཤེས་པ་ལྔ་དང་། རྫུ་འཕྲུལ་ཆེན་པོ་དང་། མཐུ་ཆེན་པོ་དང་ལྡན་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཐོང་བར་འགྱུར་རོ། །ཀླུ་ཐམས་ཅད་དང་། སྲིན་པོ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། ལྷ་ཐམས་ཅད་དང་།

ལྷ་མ་ཡིན་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་འདིའི་དབང་དུ་འགྱུར་ཏེ། བཀའ་བཞིན་བྱེད་པ་ལ་བཞག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་རྣམས་འདིའི་སྔགས་གྲུབ་པ་དེ་རྣམས་ཀྱང་འདི་ལ་

བྱམས་པའི་བདག་ཉིད་དུ་འགྱུར་རོ། །རྗེས་སུ་འདོད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གཞན་ཡང་ལས་ཀྱི་ཆོ་ག་མཆོག་སྒྲུབ་ཐབས་སུ་འགྱུར་བ་ནི་བིལ་བའི་ཤིང་ལ་གྲུ་བོ་ཆེའི་བཞོན་པ་བྱེད་དུ་གཞུག་སྟེ། ཤིང་གཅིག་གི་བཞོན་

པའམ། བསྡུས་པའང་རུང་སྟེ་གནས་ཆེན་པོ་བྱའོ། །གང་གཱའི་དབུས་ཀྱི་གླིང་དེར་གནས་པའི་གྲུའི་བཞོན་པར་སྐྱེས་བུ་བརྒྱ་ཉི་ཤུ་ལག་ན་སྒྲོན་མེ་ཐོགས་པ་རྣམས་གྲུའི་བཞོན་པ་ལ་འཛེགས་ཏེ་གོས་དཀར་པོ་གྱོན་ཞིང་སྲུང་བ་བྱས་པ་རས་རིས་ཀྱི་ཐུ་བོ་སྔར་གྱི་ཆོ་གས་ཀུན་དུ་བཞག་

པའི་སྤྱན་སྔར་གཞག་པར་བྱའོ། །དེ་ནས་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་ནཱ་ག་གེ་སར་གྱི་ཕྱེ་མ་རྣམས་དང་གུར་གུམ་དང་། ཙནྡན་དཀར་པོ་དང་། ག་པུར་བསྲེས་པ་དང་། སེང་ལྡེང་གི་སྲེག་བླུགས་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་མཐར་

གྲུ་དེ་སྐད་ཅིག་ཙམ་གྱིས་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་འོང་བར་འགྱུར་ཏེ་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ། །མཐོང་བ་ཙམ་ལས་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་དང་ཡུན་རིང་དུ་འཚོ་

ཞིང་བསྐལ་པ་ཆེན་པོར་གནས་པར་འགྱུར་རོ། །རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོར་འགྱུར་རོ། །མར་མེ་འཛིན་པ་དེ་རྣམས་ཀྱང་འདིའི་རིག་པ་འཛིན་པ་གྲུབ་པར་འགྱུར་རོ། །ལྷན་ཅིག་སྤྱོད་པ་དེ་རྣམས་དང་། ཐབས་ཅིག་ཏུ་ཇི་ལྟར་

เล่ม ๙๓ · หน้า 273a

འདོད་པ་བཞིན་དུ་རྣམ་པར་རྒྱུ་ཞིང་། རང་དགར་འགྲོ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པ་དང་། བསྙེན་བཀུར་གྱིས་མངོན་པར་དགྱེས་པར་འགྱུར་རོ། །མཐར་ཡང་སངས་རྒྱས་ཉིད་དུ་ངེས་པར་འགྱུར་རོ། །གཞན་ཡང་ལས་ཀྱི་

ཆོ་གའི་སྒྲུབ་ཐབས་དམ་པར་གྱུར་པ་ནི། ཆུ་ཀླུང་འགྲམ་མམ་རྒྱ་མཚོའི་ངོགས། །དེ་བཞིན་ཁ་བ་ཅན་གྱི་རིར། །རི་ཡི་རྒྱལ་པོ་འབིགས་བྱེད་དེ། །དེར་ནི་ལས་མཆོག་བསྒྲུབ་པར་བྱ། །ས་ཧྱེ་མ་ལ་ཡ་ཉིད་དང་། །རི་བོ་སྤོས་ཀྱི་ངད་ལྡང་དང་། །བྱ་རྒོད་ཕུང་པོའི་རི་རྒྱལ་དུ། །ལས་ཀྱི་

མཆོག་ནི་བསྒྲུབ་པར་བྱ། །རྒྱ་མཚོ་ཆེན་པོའི་བྲག་དང་ནི། །ཤིང་སོགས་མེ་ཏོག་ལྡན་པ་སྟེ། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །ཕྱོགས་འདི་རྣམས་སུ་བསྒྲུབ་པར་བྱ། །རྣམ་པར་དབེན་པའི་ཕྱོགས་གཙང་མ། །བས་མཐའི་གྲོང་གི་ཆོས་བཞི་ལ། །མི་སྨྲ་རེག་པ་

སྤངས་ནས་ནི། །རྟག་ཏུ་གཅི་བ་བྱ་བ་ཡིན། །ལུས་ལ་ལྷ་གནས་བཤང་བ་དང་། །བརྟུལ་ཞུགས་ཅན་དག་གཙང་སྦྲ་བྱ། །རེག་ན་གཞོན་ཤ་ཅན་རྣམས་འདོད། །སྲོག་ཆགས་སྤངས་པའི་ས་རྣམས་ནི། །གསུམ་པོ་ཚུལ་བཞིན་བླངས་ནས་ནི། །རྟག་པ་ཁོ་ནར་བཤང་ལམ་ལའོ། །དེ་

བཞིན་གཉིས་ཀའི་མཐར་ལག་པ། །སྔགས་པས་རྟག་ཏུ་ས་དག་ནི། །སྔར་བསྟན་པ་དག་བླངས་ནས་ནི། །ཟློས་བོས་རྟག་ཏུ་རྐང་པ་ཉིད། །གཡས་དང་དེ་ལས་གཞན་པ་ནི། །ཕན་ཚུན་ཉིད་དུ་ཀུན་བཞག་ནས། །འབད་པས་རྐང་པ་བཀྲུ་བར་བྱ། །རྒྱ་ཆེར་སྔར་ནི་བརྗོད་པ་བཞིན། །

སྔགས་ཟློས་པོ་ཡི་གཙང་སྦྲ་ཡང་། །དྲི་ང་མེད་པའི་གཙང་སྦྲ་སྟེ། །རྟག་ཏུ་ཐུབ་པ་ཉིད་ཀྱིས་གསུངས། །འདི་དག་མདོར་བསྡུས་བསྟན་པ་ཡིན། །རྒྱུད་རྣམས་ཀུན་དུ་མཐོང་ངོ་ཞེས། །མངའ་བདག་ཐུབ་པ་ཉིད་ཀྱིས་གསུངས། །དེ་ནས་ཟློས་པོས་ཉེ་རེག་བྱ། །སྡོམ་བརྩོན་དངོས་

གྲུབ་ལས་ལ་དགའ། །སྔར་བརྗོད་པ་ཡི་ཆོ་ག་ཡིས། །ཡིད་ཀྱི་ནང་གི་དག་པ་ཡིན། །གཙང་སྦྲ་རྣམ་པ་ལྔ་རུ་བརྗོད། །སྔགས་པས་སྔགས་རྣམས་ཐམས་ཅད་དུ། །ལུས་ཀྱི་གཙང་སྦྲ་དེ་བཞིན་དུ། །ངག་ཡིད་ཁོ་ནར་རབ་ཏུ་བསྒྲགས། །བཞི་པ་བདེན་པའི་གཙང་སྦྲ་སྟེ། །ཆུ་ནི་

เล่ม ๙๓ · หน้า 273b

ལྔ་པར་བརྗོད་པར་བྱ། །བདེན་པའི་ཆོས་ནི་ཁྲོ་བ་ཐུལ། །རྒྱུད་ཤེས་བསྟན་བཅོས་མཐོང་བ་དང་། །ཕྲ་མོའི་དེ་ཉིད་དོན་ལ་མཁས། །སྔགས་ཤེས་ལས་ལ་གྲགས་པ་དང་། །རྒྱུ་ཡིས་ནང་ལ་མཁས་པ་སྟེ། །དེ་ལ་དངོས་གྲུབ་རྙེད་མི་དཀའ། །བདེན་པའི་ཆོས་ནི་རྣམ་སྤངས་པའི། །

བརྫུན་པའི་ཚིག་ནི་སྨྲ་མི་བྱ། །བདེན་པ་ཐམས་ཅད་རྣམ་སྤངས་པའི། །མ་རུངས་རབ་ཏུ་མ་རུངས་ཉིད། །རྣམ་པར་སྡང་དང་འཁྲུགས་བཅས་དང་། །རྩུབ་ཅིང་གནད་ནི་འགེམས་པ་དང་། །བདེན་པའི་ཆོས་ནི་རྣམ་པར་ཉམས། །སེམས་ཅན་གཞན་ལ་གདུང་བར་བྱེད། །ཕྲ་མ་

ཉོན་མོངས་ཅན་སེམས་དང་། །ཆོས་རྣམས་ཐམས་ཅད་སྤངས་པ་དང་། །དེ་བཞིན་འཚེ་བའི་བདག་ཉིད་ཅན། །རྟག་ཏུ་ཁྲིམས་འཆལ་ཆོས་མིན་སྤྱོད། །སྔགས་ཟློས་པ་ཡིས་སྤང་བར་བྱ། །དེ་བཞིན་ཉིད་དུ་གྲོང་གི་ཆོས། །ཁྲོ་བ་བརྣབ་སེམས་འབྱུང་བ་ཡི། །འཇིག་རྟེན་ཕ་རོལ་

འཇིགས་པ་རྣམས། །བློ་ལྡན་རང་རྒྱལ་བསེ་རུ་དང་། །སླར་ཡང་རྟག་ཏུ་ཉོན་མོངས་དང་། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྨད། །དེ་བཞིན་རྟག་ཏུ་བརྫུན་སྨྲ་བ། །འཇིག་རྟེན་དངོས་གྲུབ་འདོད་དོན་གཉེར། །ས་སྟེངས་བརྫུན་སྨྲ་ཉེ་བར་སྨྲ། །མི་བཟད་དམྱལ་བ་ཆེན་པོར་ལྟུང་། །

སྔོན་གྱིས་ཉེས་པ་ལས་དེ་བཞིན། །དགའ་བས་གཤིན་རྗེའི་འཇིག་རྟེན་དུ། །རྟག་ཏུ་སླར་ཡང་དེར་གནས་སོ། །རྟག་ཏུ་བརྫུན་སྨྲས་ཉེར་འཚོ་བ། །མི་བཟད་ངན་འགྲོར་ལྟུང་བར་འགྱུར། །ཐིག་ནག་རབ་ཏུ་ཚ་བ་དང་། །ཡང་སོས་རལ་གྲི་ལོ་མ་དང་། །དེ་བཞིན་ཤལ་མ་ལ་ཡི་

ནགས། །དེར་ནི་བསྐལ་པ་མང་པོར་གནས། །བརྫུན་དུ་སྨྲ་བའི་སྐྱེ་བོ་ནི། །གསང་སྔགས་ལོག་པར་སྨྲ་བ་དང་། །རྨོངས་པས་ལོག་པར་བརྗོད་པ་ཡི། །འབྱུང་པོ་རྣམས་ལ་སླུ་བྱེད་པ། །དེ་ལ་གྲུབ་པ་ག་ལ་ཡོད། །དེ་ཕྱིར་རྨོངས་པ་ལས་འདི་ཡིས། །སྔགས་ཀྱི་དངོས་གྲུབ་

མ་མཐོང་ནས། །སྔགས་པའི་དངོས་གྲུབ་མེད་དོ་ཞེས། །འདི་སྐད་དུ་ནི་ཚིག་སྨྲ་བ། །གང་གིས་སངས་རྒྱས་བསྟན་པ་ནི། །ས་སྟེངས་འདིར་ནི་རབ་སྤངས་པ། །བསྐལ་པ་བྱེ་བ་མང་པོ་ཡིས། །དེ་ཡིས་གྲུབ་པར་ག་ལ་འགྱུར། །དེ་ཕྱིར་འདི་ནི་མི་བཟད་པའི། །འཇིགས་

เล่ม ๙๓ · หน้า 274a

ཆེན་མནར་མེད་འཚེད་པར་འགྱུར། །ཡང་སོས་དང་ནི་ཐིག་ནག་དང་། །རབ་ཏུ་ཚ་བར་འཚེད་པ་དང་། །སེམས་ཅན་སྡིག་སྦྲུལ་ལ་སོགས་པ། །སྤངས་པའི་ས་ཕྱོགས་འདོད་པར་བྱ། །འབྲས་བུ་མེ་ཏོག་ཡང་དག་ལྡན། །དྲི་མེད་ཆུ་ནི་རབ་བསྔགས་པ། །སྔགས་རིག་པས་ནི་

སྔགས་བསྙེན་བྱ། །ཡུལ་གཞན་རྣམས་སུ་བསྒྲགས་མི་བྱ། །ལྷ་ཡི་གནས་སམ་དུར་ཁྲོད་དམ། །བརྟན་པའི་མཚན་མ་གཅིག་པ་དང་། །རྟགས་གཅིག་དེ་བཞིན་བས་མཐའ་རུ། །སྔགས་རིག་སྔགས་ནི་བསྙེན་པ་བྱ། །བདག་དང་གྲོགས་རྣམས་བསྲུང་བྱས་ནས། །སྔར་

སྤྱད་གསང་སྔགས་ལྡན་པ་དང་། །སྔགས་པས་རྟག་ཏུ་སྔགས་བཟླས་བྱ། །དགོན་པ་ཆེ་མཆོག་ཤིང་ཆེན་དང་། །མེ་ཏོག་འབྲས་བུ་ལ་སོགས་འབྱུང་། །རི་ཡི་རྩེ་དང་ཁུང་བུ་དང་། །ཆུ་ཡི་གནས་ནི་གཙང་མར་བཅས། །འབབ་ཆུ་ཆེ་འགྲམ་ཡིད་འོང་བར། །སྔགས་རིག་པས་

ནི་སྔགས་བསྙེན་བྱ། །སྔགས་ཤེས་ནས་ནི་ངེས་རྟོགས་བྱེད། །ཤར་ཕྱོགས་སུ་ཡང་ཆུ་ཀླུང་ཆེ། །ལུ་ཧི་ཏ་འགྲམ་དགེ་བ་དང་། །དེ་བཞིན་ཀཱ་མ་རུ་པའི་ཡུལ། །གྲོང་མཆོག་འཕེལ་བར་བྱེད་པ་དང་། །དམའ་བ་གང་དུ་འདི་འགྲོ་མཆོག །འདུག་པ་དང་ནི་ཆུ་ཀླུང་མཆོག །གནས་

དེར་རྟག་ཏུ་ཟློས་པ་དང་། །གཙང་མ་བློ་གྲོས་ལྡན་པས་བསྟེན། །སྔོན་དུ་བསྙེན་པའང་དེར་གྱིས་ཤིག །གང་གཱའི་སྒོ་རུ་ལས་རྣམས་ཀུན། །དེ་བཞིན་རྟག་ཏུ་གང་གཱ་དང་། །དུག་ཅན་པ་ནི་ཕྲད་པ་རུ། །རབ་ཏུ་སྦྱོར་བ་ཀུན་ཉིད་དང་། །གཙང་མའི་སྔགས་ཀྱིས་བཟླས་པ་བྱ། །དུར་

ཁྲོད་ཆེ་དང་གཞན་ཉིད་ནི། །ཟློས་པོས་དེར་ནི་རྟག་ཏུ་བཟླས། །དྲི་མེད་ཆུ་དང་འབབ་ཆུ་ནི། །སྲོག་ཆགས་རྣམས་ཀྱིས་སྤངས་པ་རུ། །དེ་ཉིད་ཕྱིར་ནི་ཤིན་ཏུ་ནི། །མཉམ་གཞག་སྔགས་ཀྱིས་བཟླས་པ་བྱ། །དེར་ནི་འཇིག་རྟེན་བསམ་པ་ཡི། །བསོད་ནམས་མིན་པ་ཅུང་ཟད་

མཐོང་། །འོན་ཀྱང་སྔགས་ཀྱིས་ཉེར་བསྟན་པས། །ཅུང་ཟད་དུས་སུ་འདུག་པར་བྱ། །དེ་ནས་གཞན་དུ་འགྲོ་བར་བྱ། །ཟླ་བ་གཟས་ཟིན་དུས་དེར་ནི། །དུས་མ་བབ་ནའང་དུས་ཅུང་ཟད། །དེར་འདུག་བྱ་ཡི་གཞན་དུ་མིན། །གཞན་དུ་སྔགས་རིག་ཅི་ནུས་པས། །

เล่ม ๙๓ · หน้า 274b

དེ་ནས་མྱུར་དུ་འགྲོ་བར་བྱ། །བདེ་གཤེགས་མཆོད་རྟེན་བཞུགས་པ་ཡི། །ས་སྟེངས་རྣམས་སུ་ཀུན་དུ་འདུག །འཇིག་རྟེན་མུ་སྟེགས་ཐམས་ཅད་ནི། །ལྟ་བ་ངན་པར་ལྷུང་བ་རྣམས། །མུ་སྟེགས་ཅན་གཞན་གནས་རྣམས་ནི། །སྔགས་རིག་པས་ནི་རྟག་ཏུ་སྤངས། །སྔགས་ཤེས་

དེར་ནི་མི་བསྡད་དོ། །སྐྱེས་མཆོག་བློ་གྲོས་རྒྱུ་ངན་པ། །རྒྱལ་བ་མཆོག་གིས་གང་བཞུགས་དང་། །རང་རྒྱལ་བསེ་རུ་ལྟ་བུ་དང་། །བྱང་ཆུབ་སེམས་དཔའ་སྐལ་བ་ཆེ། །རྒྱལ་མཆོག་སྲས་པོ་ཉན་ཐོས་རྣམས། །དེ་རྣམས་ཀུན་བཞུགས་ས་སྟེངས་ཀྱི། །ཡུལ་རྣམས་ཀུན་

དུ་སྔགས་ཤེས་པས། །འབད་པས་སྔོན་དུ་བསྙེན་པ་བྱ། །མཉམ་པར་གཞག་པས་གསང་སྔགས་ནི། །གནས་དེ་རུ་ནི་བཟླས་པར་བྱ། །གསུངས་པའི་གནས་ནི་འདི་རྣམས་སུ། །གསུངས་པའི་ལས་རྣམས་ཐམས་ཅད་དང་། །ལས་ཀྱི་ཆོ་གའི་སྒྲུབ་ཐབས་

རྣམས། །འདི་རྣམས་རྙེད་པར་མ་གྱུར་ན། །གང་ཡང་རུང་བའི་གནས་དེར་ནི། །གཙང་མས་སྔོན་དུ་བསྙེན་པ་བྱ། །དད་ཅིང་མོས་པས་སྒྲུབ་ཐབས་ཀྱི། །ཆོ་ག་མཆོག་གི་ལས་བརྩམ་མོ། །དང་པོ་རེ་ཞིག །བྲིས་སྐུའི་ཐུ་བོ་ཞལ་ནུབ་ཏུ་བསྟན་ནས་བཞག་སྟེ། བདག་

ཉིད་ཤར་དུ་མངོན་པར་ཕྱོགས་ལ་གྲོག་མཁར་གྱི་སའམ། གང་གཱའི་ཀླུང་གི་འགྲམ་གྱི་ས་བླངས་ནས་པུ་ཤེལ་ཙེ་དང་། ཙནྡན་དཀར་པོ་དང་། གུར་གུམ་དང་། ག་པུར་རྣམས་བསྲེས་ལ་རྨ་བྱའི་གཟུགས་བྱས་ཏེ། དེ་བྲིས་སྐུའི་སྤྱན་སྔར་བཞག་ནས་རྩེ་མོ་མ་བཅད་པའི་ཀུ་ཤ་

གཙང་མའི་ཕྱོགས་ནས་བྱུང་བས་འཁོར་ལོའི་རྣམ་པ་བྱས་ནས་བྲིས་སྐུའི་སྤྱན་སྔར་ལག་པ་གཡས་པས་བཟུང་སྟེ། ལག་པ་གཡོན་པས་ནི་རྨ་བྱའོ། །དཀར་པོའི་ཟླ་བ་ཉ་བའི་མཚན་ཕྱེད་ན་བྲིས་སྐུ་ལ་མཆོད་པ་ཆེན་པོ་བྱས་ནས་ག་པུར་གྱི་བདུག་པ་བསྲེགས་པའི་དྲི་དང་ཇི་སྲིད་

ནམ་ལངས་པའི་བར་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ཉི་མ་འཆར་བའི་དུས་ཀྱི་ཚེ་དེ་རྨ་བྱའི་རྒྱལ་པོར་འགྱུར་རོ། །འཁོར་ལོ་ཡང་འབར་རོ། །བདག་ཉིད་ལྷའི་ཕྲེང་བ་དང་གོས་འཆང་ཞིང་རྣམ་པར་བརྒྱན་པ་དང་། ཉི་མ་འཆར་ཀ་འདྲ་བར་འདོད་པའི་གཟུགས་ཅན་དུ་

เล่ม ๙๓ · หน้า 275a

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ཏེ་རས་རིས་ལ་བསྐོར་བ་བྱས་ལ་རས་རིས་བླངས་ནས་རྨ་བྱའི་གདན་དེ་ལ་འདུག་ན་ཡུད་ཙམ་གྱིས་ཚངས་པའི་འཇིག་རྟེན་ལས་འདའ་བར་བྱེད་དོ། །རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་

མས་ཡོངས་སུ་བསྐོར་བའི་རིག་འཛིན་གྱི་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར། བསྐལ་པ་དྲུག་ཅུའི་བར་དུ་འཚོ་བར་འགྱུར་རོ། །ཇི་ལྟར་འདོད་པར་འགྲོ་ཞིང་། རབ་ཏུ་སྤྱོད་པར་འགྱུར་རོ། །ཐོགས་པ་མེད་པར་འགྲོའོ། །ལྷའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ཉིད་འདིའི་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །མཐར་ཡང་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དབྱིག་པ་དང་། རིལ་བ་སྤྱི་བླུགས་དང་། མཆོད་ཕྱིར་ཐོགས་དང་། ལྡོང་

རོས་དང་། གི་ཝང་དང་། རལ་གྲི་དང་། ལྕགས་མདའ་དང་། མཚོན་རྩེ་གཅིག་པ་དང་། དགྲ་སྟ་དང་། མཚོན་ཆའི་ཁྱད་པར་རྣམ་པ་སྣ་ཚོགས་པ། སའི་རང་བཞིན་གྱི་ཁྱད་པར་དང་། རྐང་གཉིས་པ་དང་། རྐང་བ་བཞི་པ་དང་། བྱ་དང་། བཞོན་པའི་ཁྱད་པར་སེང་གེ་དང་།

སྟག་དང་། གཟིག་ལ་སོགས་པ་རྣམས་གྲོག་མཁར་གྱི་ས་དྲི་ཞིམ་པོའི་དྲི་ཞིམ་བསྲེས་པ་ལས་བྱས་པའམ། སྟན་དང་། བཞོན་པ་དང་། མལ་ཆ་དང་། གདུགས་དཀར་པོ་དང་། ཅོད་པན་དང་། རྒྱན་གྱི་བྱེ་བྲག་ཐམས་ཅད་དང་། རིན་པོ་ཆེའི་བྱེ་བྲག་ཐམས་ཅད་དང་། རབ་ཏུ་བྱུང་

བའི་ཡོ་བྱད་ཀྱི་བྱེ་བྲག་ཐམས་ཅད་ལ་བགྲང་ཕྲེང་དང་། །མཆིལ་ལྷམ་དང་། ལྷུང་བཟེད་དང་། ཆོས་གོས་དང་། ཁབ་དང་། གྲི་ལ་སོགས་པ་རྒྱལ་གྱི་ལྕགས་ལས་བྱས་པའམ། གཞན་ཡང་གང་ཅུང་ཟད་སེམས་ཅན་གྱི་ཡོ་བྱད་སྣོད་ལ་སོགས་པ་རྒྱལ་གྱི་ལྕགས་

ལས་བྱས་པའམ། གྲོག་མཁར་གྱི་སའམ། ཆུ་ཀླུང་གི་ས་ལས་བྱས་པ་དེ་ཐམས་ཅད་པའི་རྣམ་ལྔས་བཀྲུས་ནས་མངོན་པར་བསང་གཏོར་བྱས་ཏེ་སྔ་མ་བཞིན་དུ་སྦྱོར་བའི་སྔགས་སམ། ཡི་གེ་གཅིག་པའི་སྔགས་སམ། སྔགས་གཞན་གང་ཡང་རུང་བ་བརྒྱ་རྩ་བརྒྱད་མངོན་

เล่ม ๙๓ · หน้า 275b

པར་བསྔགས་པ་བྱས་ནས་རྟོག་པའི་རྒྱལ་པོ་འདིར་གསུངས་པ་མ་གཏོགས་པ་སྒྲུབ་པའི་ཆོ་གའི་རིག་པ་ཇི་ལྟར་འདོད་པ་དང་། ཇི་ལྟར་མངོན་པར་དགའ་བས་བདག་ཉིད་སྲུང་ཞིང་གྲོགས་པོ་ཡོངས་སུ་བསྐྱབ་པར་བྱས་པ། ཤིན་ཏུ་གསང་ཐུབ་ཅིང་སྔགས་དང་རྒྱུད་ཤེས་པ།

སྔར་བསྟན་པའི་གནས་སུ་བྲིས་སྐུ་ཞལ་ནུབ་ཏུ་བསྟན་ལ་བཞག་སྟེ་བདག་ཉིད་སྔར་བཞིན་དུའོ། །བྲིས་སྐུ་ལ་མཆོད་པ་ཆེན་པོ་བྱས་ནས་གཙོ་བོར་ག་པུར་གྱི་བདུག་པ་བསྲེགས་ཏེ་སྔར་བསྟན་པའི་མཚོན་ཆ་དང་ཡོ་བྱད་དང་སེམས་ཅན་གྱི་ཁྱད་པར་རྣམས་སྔར་བསྟན་པའི་བཅོས་མར་

བྱས་ལ། ཡར་ངོའི་ཟླ་བ་ཉ་བའི་མཚན་མོ་རྫས་དེ་རྣམས་གང་རུང་བླངས་ཏེ་མཚན་མོ་ཇི་སྲིད་དུ་བཟླས་པ་བྱས་ན་ཉི་མ་འཆར་བའི་དུས་ཀྱི་ཚེ་བར་སྐབས་འདིར་བྲིས་སྐུ་ལ་འོད་ཟེར་གྱི་ཕྲེང་བ་ཆེན་པོ་ཀུན་དུ་མཐོང་ངོ་། །གལ་ཏེ་སྒྲུབ་པ་པོ་བཞོན་པའི་ཁྱད་པར་བླངས་པར་གྱུར་ན། དེ་ལ་

ཞོན་ནས་ཇི་ལྟར་འདོད་པར་འགྲོ་བར་འགྱུར་རོ། །གལ་ཏེ་རྒྱན་གྱི་ཁྱད་པར་རམ། མཚོན་ཆའི་ཁྱད་པར་བླངས་པའམ། བཅངས་པས་རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་འགྲོ་ཞིང་། ལྷའི་ལུས་ཅན་ཉི་མ་ཤར་བ་དང་མཚུངས་པ་འོད་

ཟེར་ཆེན་པོའི་ཕྲེང་བ་དང་ལྡན་པ་གློག་ལྟར་གསལ་བའི་སྐུ། རིག་པ་འཛིན་པ་ཐམས་ཅད་ཀྱི་མངའ་བདག །རིང་དུ་འཚོ་ཞིང་བསྐལ་པ་ཆེན་པོར་གནས་པ་རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ལྷའི་ནོར་བུ་རིན་པོ་ཆེའི་གཞལ་ཡས་ཁང་ན་སྤྱོད་པ།

སྔར་ཡོངས་སུ་བརྟགས་པའི་སའི་རང་བཞིན་གྱི་བཞོན་པ་གང་གིས་གྲུབ་པ་དེ་ཉིད་མཐུ་ཆེན་པོར་འགྱུར་ཏེ། དེ་ཉིད་འདིའི་བཞོན་པ་དང་། དེ་ཉིད་འདིའི་གྲོགས་པོ་སྟེ། གཞན་གྱི་སྔགས་ཀྱི་དངོས་གྲུབ་བཟློག་པར་གྱུར་པ་བདག་གི་སྔགས་ཀྱི་དངོས་གྲུབ་ཀུན་ཏུ་སྦྱར་བར་བྱས་པ།

བྱམས་པའི་བདག་ཉིད་ཅན། ཕན་པར་འདོད་པ་རྟག་ཏུ་རྗེས་སུ་བཅིངས་པ། དེ་ཉིད་འདིའི་མཚོན་ཆ་དང་། རྒྱན་དང་། རིན་པོ་ཆེའི་བྱེ་བྲག་དང་། སྟན་དང་། མལ་ཆ་དང་། སེམས་ཅན་ལ་སོགས་པ་གང་ཡིན་པ་དེ་ཉིད་འདིའི་བསྲུང་བ་དང་། བསྐྱབ་པ་དང་། སྦ་

เล่ม ๙๓ · หน้า 276a

བ་ཆེན་པོ་རྟག་ཏུ་རྗེས་སུ་འབྲེལ་བར་འགྱུར་རོ། །མཐུ་ཆེན་པོ་དང་བརྩོན་འགྲུས་ཆེན་པོ་དང་། ལུས་ཆེན་པོར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་མཐོང་ཞིང་ལེགས་སོ་ཞེས་བྱ་བ་གནང་སྟེ་སྤྱི་བོར་བྱུགས་ནས་ཇི་སྲིད་བྱང་ཆུབ་སྙིང་

བོ་རྗེས་སུ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་མཛད་དེ། སྟོབས་བཅུ་པོ་རྣམས་ངེས་པར་ཀུན་ནས་ཐོབ་སྟེ་མཆོད་པའི་འོས་སུའང་འགྱུར་རོ། །སེམས་ཅན་རྣམས་ཀྱིས་ཟིལ་གྱིས་མི་ནོན་པ་དང་། འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ཡང་དག་

པའི་མཐའི་རིགས་རྒྱུན་མི་གཅོད་པ་དང་། ས་ཐོབ་པར་ཡང་འགྱུར་རོ། །སྟོབས་བཅུ་དང་བྱང་ཆུབ་སེམས་དཔའ་ཉིད་དུ་ངེས་པ་དང་ཏིང་ངེ་འཛིན་དུ་འགྱུར་རོ། །མདོར་བསྡུས་ནས་ལས་མཆོག་ཐམས་ཅད་དང་། གནས་མཆོག་ལ་གནས་པས་རས་རིས་མཆོག་གི་སྤྱན་སྔར་

མཆོད་པ་མཆོག་ལ་མངོན་པར་དགའ་བས་ལས་མཆོག་གཞན་ཉིད་བྱའོ། །རིག་པ་འཛིན་པ་ཉིད་ནམ་མཁའ་ལ་འགྲོ་བ་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་འཇུག་པ་དང་། མངོན་པར་ཤེས་པ་ལྔ་དང་། ས་རྗེས་སུ་ཐོབ་པར་བྱེད་པ་ཉིད་དང་། ལུས་འདི་ཉིད་

ཀྱིས་འཇིག་རྟེན་གྱི་ཁམས་སུ་ཀུན་དུ་འགྲོ་བ་ཉིད་དང་། སྟོབས་བཅུའི་རྒྱུད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། འཕགས་པ་བྱམས་པ་མངོན་སུམ་དུ་མཐོང་བ་ཉིད་ཀྱི་ཕྱིར་དང་། ཆོས་བསྟན་པ་དོན་ཡོད་པ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་

གཅོད་པ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་དུ་གནོན་ཅིང་རྗེས་སུ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། ཆོས་ཀྱི་སྤྲིན་རྣམ་པར་འབྱོར་པ་ལ་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་དང་། ཉོན་མོངས་པའི་ཡོངས་སུ་གདུང་བ་མེད་ཅིང་བདུད་རྩིའི་ཆར་གྱི་རྒྱུན་གྱིས་

རབ་ཏུ་ཞི་བ་ཉིད་ཀྱི་ཕྱིར་དང་། འཇིག་རྟེན་རྗེས་སུ་འཛིན་པ་ལ་རབ་ཏུ་འཇུག་ཅིང་ནན་ཏན་བྱེད་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་སྲུང་བ་ཉིད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་གསུང་དོན་ཡོད་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། སྔགས་ཀྱི་སྤྱོད་

เล่ม ๙๓ · หน้า 276b

པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རབ་ཏུ་སྒོམ་པ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་བདག་ཉིད་ཆེན་པོ་རྣམས་འབྱུང་བ་ཉིད་ཀྱི་ཕྱིར། རྟོག་པའི་རྒྱལ་པོ་འདི་བསྒྲུབ་པར་བྱ་སྟེ། སྔགས་

ཀྱི་མཐུ་རབ་འབྱམ་དང་ལྡན་པ་རས་རིས་ཐུ་བོ་སྤྱན་སྔ་དང་ཉེ་བར་འདུག་ནས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྔགས་ཀྱི་ཆོ་ག་དང་། རྒྱུད་ཐམས་ཅད་དུ་རྣམ་པ་སྣ་ཚོགས་པའི་ལམ་སྟེ། མདོར་ན་འདིར་རྟོག་པ་གཞན་དུ་གསུངས་པའི་ལས་རྣམས་ཀྱིས་

ཀྱང་རས་རིས་ཀྱི་རྒྱལ་པོ་འདི་བསྒྲུབ་པར་བྱ་སྟེ། མྱུར་དུ་དེ་རྣམས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ་གང་ངས་བསྟན་པ་དེ་དག་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་

མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་ལས། རས་རིས་མཆོག་གི་སྒྲུབ་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ། སེམས་

དཔའ་ཆེན་པོ་ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་བར་མའི་ལས་ཀྱི་ཆོ་གའི་སྒྲུབ་ཐབས་བར་མ་ཡོད་དོ། །དེ་མདོར་བསྡུས་ནས་བཤད་པར་བྱ་ཡིས། ལེགས་པར་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་

དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྟོན་པ་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་དགྱེས་པ། བདག་ཅག་ལ་ཐུགས་བརྩེ་བའི་དོན་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་གཟིགས་ནས་

གང་དེའི་དུས་ལ་བབ་པར་དགོངས་ན་དེ་གསུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ཉོན་ཅིག །དང་པོ་རེ་ཞིག་

เล่ม ๙๓ · หน้า 277a

ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། གཙང་སྦྲའི་ཀུན་དུ་སྤྱོད་པ་དང་། ངེས་པར་སྡོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་དང་། བསམ་གཏན་དང་། ཆོ་ག་དང་། གང་དུ་རབ་ཏུ་གནས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་སྒྲུབ་པའི་ལས་

འབྲས་བུ་དང་བཅས་ཤིང་དོན་མེད་པར་མི་འགྱུར་བ་དང་། སྔགས་ཐམས་ཅད་ཀྱི་རབ་ཏུ་སྦྱོར་བའི་དངོས་གྲུབ་འགྲུབ་པར་འགྱུར་བ་དེ་གང་ཞེ་ན། དེ་ངས་བཤད་ཀྱིས་སེམས་དཔའ་ཆེན་པོ་ཉོན་ཅིག །དང་པོ་རེ་ཞིག་རིག་པའི་བརྟུལ་ཞུགས་དང་། ཚུལ་ཁྲིམས་ཡང་

དག་པར་བླང་བ་དང་པོ་ཉིད་དུ་ཡང་དག་པར་བླངས་ཏེ། དང་པོ་རེ་ཞིག་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཉེ་བར་བསྟན་པའི་དམ་ཚིག་ལ་ཡང་དག་པར་རྗེས་སུ་འཇུག་པར་བྱའོ། །ཁྱོད་ཀྱིས་རྟོག་པའི་རྒྱལ་པོ་གསུངས་པ། སྔར་ངེས་པར་བསྟན་པ་གསལ་བ། ཡིད་གཞུངས་

པ་དང་ལྡན་པ། སློབ་དཔོན་དུ་དབང་བསྐུར་བ་ཐོབ་པ། ཁྱོད་ཀྱིས་བསྟན་པའི་ཆོ་ག་ཤེས་པ། མཁས་པ། གསལ་བ། ཆོས་དང་ལྡན་པ། བདེན་པར་སྨྲ་བ། སྤྲོ་བ་ཆེ་བ། བྱས་པ་གཟོ་བ། བརྟན་པ། སེམས་བཟང་པ། ཧ་ཅང་མི་རྒན་ཅིང་ཧ་ཅང་མི་གཞོན་པ། རྙེད་

པ་དང་། བཀུར་སྟི་ཐམས་ཅད་ལ་འདོད་པ་མེད་པ། ཚངས་པར་སྤྱོད་པ། སྙིང་རྗེ་དང་ལྡན་པ། རྙེད་པ་ཙམ་གྱིས་སམ་ལོངས་སྤྱོད་རྒྱུར་རམ། རྗེས་སུ་ཆགས་པའི་རྒྱུར་ཡང་བརྫུན་མི་སྨྲ་ན། ཤིན་ཏུ་ཆུང་ངུ་ཙམ་ཉིད་དང་། རྙེད་པ་དང་། རྨོངས་པའི་རྣམ་པ་ལྟ་སྨོས། དམ་

བཅས་པ་བརྟན་པ་དང་། འབྱུང་པོ་ཐམས་ཅད་ལ་མཉམ་པ་ཉིད་དུ་སྙིང་བརྩེ་བ་དང་ལྡན་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་དང་། སྔར་སྤྱད་པ་བྱས་པ་ཁྱོད་ཀྱི་གསང་བའི་རིག་པ་དང་། སྔགས་རྗེས་སུ་ཟློས་པ་དང་། རིག་པ་སྔོན་དུ་བསྙེན་པ་བྱས་པ་ཁྱོད་ཀྱི་དཀྱིལ་འཁོར་དུ་

ཡང་དག་པར་ཞུགས་པ། འཇིག་རྟེན་ཤེས་པ། ཡང་དག་པར་རྗེས་སུ་འཛིན་པར་བྱེད་པ། འབྲས་བུ་དང་ལྡན་ཞིང་མཁས་པ། ལེགས་པ་ལ་རབ་ཏུ་ཞུགས་པ། མི་འཇིགས་ཤིང་མི་གནོད་ལ། ཆགས་པ་མེད་པ། དཔའ་བ། བརྩོན་འགྲུས་བརྟན་པ།

เล่ม ๙๓ · หน้า 277b

ནད་མེད་པ་སྟེ། ནད་གང་གིས་ལས་སུ་མི་རུང་བའི་ངང་ཚུལ་ཅན་དང་། རིགས་ཆེ་ཞིང་མཐོ་བར་རབ་ཏུ་སྐྱེས་པ་ཞེས་པ། ཡོན་ཏན་འདི་རྣམས་དང་ལྡན་པ་ནི་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་ཏེ། སྒྲུབ་པ་པོ་ཡང་དེ་དང་འདྲ་བའམ། ཡན་ལག་ཅུང་ཟད་མ་རྫོགས་

པའོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་སློབ་དཔོན་ལ་མཆོད་པ་བྱས་ནས་འདིའི་དོན་དུ་གསོལ་བ་གདབ་པར་བྱ་སྟེ། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིག་པ་དང་སྔགས་དང་བཅོམ་ལྡན་འདས་མ་དེའི་དཀྱིལ་འཁོར་གྱི་དམ་ཚིག་ལ་རྗེས་སུ་འཇུག་

པར་འཚལ་ན་བདག་ཅག་ལ་རྗེས་སུ་བརྩེ་བའི་དོན་དང་། ཕན་པའི་ཐུགས་བསྐྱེད་ནས་དེ་སློབ་དཔོན་གྱིས་གསུང་དུ་གསོལ། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྔར་བསྟན་པའི་ཆོ་གས་སློབ་མ་ཇི་ལྟ་བ་བཞིན་རིམ་གྱིས་བརྟགས་ནས་གཞུག་པར་བྱ་ཞིང་སྔར་བཞིན་དུ་

མངོན་པར་དབང་བསྐུར་བ་བྱིན་ནས་རིག་པ་དང་སྔགས་བྱིན་ལ་རིམ་པ་ཇི་ལྟ་བར་དམ་ཚིག་བསྟན་པར་བྱའོ། །གསང་ཆེན་དང་། ཕྱག་རྒྱ་དང་། རྒྱུད་དང་། སྔགས་དང་ལས་རྣམས་ཀྱང་དུས་རིང་མོ་ཉིད་ནས་ཡོངས་སུ་བརྟགས་ཏེ། བསམ་པ་ཤེས་ནས་རྒྱུད་དང་སྔགས་ལ་སོགས་

པ་དང་། ལས་རྣམས་ཐམས་ཅད་བསྟན་པར་བྱའོ། །གཞན་དུ་མ་ཡིན་ནོ་ཞེས་པའི་ཆོ་ག་འདི་རབ་ཏུ་བསྒྲགས་སོ། །དེ་ནས་སློབ་མས་དཀྱིལ་འཁོར་གྱི་སློབ་དཔོན་ལ་ཇི་ལྟར་ནུས་པས་གང་གིས་སློབ་དཔོན་དགྱེས་པའམ་བདག་ཉིད་དང་ལོངས་སྤྱོད་ཀྱང་དབུལ་བར་བྱའོ། །

དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་དེས་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །བུ་བཞིན་དུ་བསྐྱང་བར་བྱའོ། །མ་བཞིན་ལོངས་སྤྱོད་ཀྱིས་ཉེ་བར་བསྡུ་བར་བྱའོ། །དེ་ནས་སྒྲུབ་པ་པོ་དེས་རིག་པ་དང་སྔགས་གང་ཡང་རུང་བ་ཞིག་བཟུང་ནས་མཐའ་གཅིག་ཏུ་སོང་སྟེ། སྔར་

བསྟན་པའི་གནས་རྒྱ་ཆེར་གོང་མ་བཞིན་དུ་སྦྱར་བས་རིག་པ་ལ་སོགས་པ་དེ་རྣམས་ཉིད་ཀྱིས་སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། མར་མེ་དང་། དྲི་དང་། བདུག་པ་དང་། གཏོར་མ་དང་། ལྷ་བཤོས་དག་དཀྱིལ་འཁོར་དུ་གསུངས་པའི་ཆོ་ག་ཉིད་ཀྱིས་

เล่ม ๙๓ · หน้า 278a

རྒྱས་པར་བྱས་ཏེ་སྤྱན་དྲངས་ནས་གདན་ཕུལ་བ་ཐུན་མཚམས་གསུམ་དུ་ཁྲུས་གསུམ་བྱ་ཞིང་གོས་ལན་གསུམ་བརྗེས་ཏེ་ཉི་མ་སོ་སོ་ལ་བཟླས་པ་བྱའོ། །དེ་ལ་ཐུན་མཚམས་ཀྱི་དུས་ཞེས་བྱ་བ་ནི་མཚན་མོའི་མཐའ་ནས་བརྩམས་ཏེ་ཇི་སྲིད་ཉི་མ་འཆར་བའི་དུས་

ཙམ་གྱི་བར་འདི་ལ་དང་པོར་བཤད་དོ། །ཉི་མ་གུང་ནི་ཉི་མ་ཤར་བའི་མཐར་དུས་ཙམ་གྱི་ཚད་ཀྱི་མཚམས་ཉི་མའི་དཀྱིལ་འཁོར་ནམ་མཁའ་ལ་ཡང་དག་པར་བརྟེན་པ་ནི་ཆོ་ག་ཤེས་པས་གུང་གི་ཐུན་མཚམས་སུ་ཤེས་པར་བྱའོ། །ནུབ་པའི་དུས་སུ་ཡང་ལྷག་མ་བཞི་ཆ་ཙམ་

ཐུན་མཚམས་གསུམ་པར་བརྗོད་པར་བྱའོ། །སློབ་དཔོན་མཁས་པ་བཤེས་གཉེན་ཅན། །ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་ལྡན། །ཆེན་པོའི་རིགས་སུ་འཁྲུངས་པ་དང་། །ཀུན་ནས་བརྩོན་འགྲུས་བརྟན་པ་ནི། །སྔགས་དང་རྒྱུད་སོགས་ཡང་དག་ལྡན། །བྱ་བ་ཀུན་

ལ་བློ་གྲོས་བྱང་། །ཕྲ་ཞིང་མཁས་ལ་ཚད་ཤེས་པ། །ཆོས་ཀྱི་དབྱིངས་ནི་རྟག་ཏུ་འཛིན། །སྤྲོ་བ་ཆེ་ཞིང་གཟི་བརྗིད་ལྡན། །འཇིག་རྟེན་ཆོས་ལ་ལྟོས་པ་མེད། །ཐུབ་པ་མཆོག་གི་ཆོས་ལ་དད། །འཇིག་རྟེན་པ་རྣམས་དོར་བ་དང་། །བཟླས་པ་བྱ་ཞིང་རྣམ་དབེན་བྱས། །སྔོན་

དུ་བསྙེན་པ་རྗེས་བརྟེན་པ། །བྱང་ཆུབ་སེམས་དཔའི་གསང་སྔགས་ཤེས། །དེ་ལས་གཞན་པའི་རྐྱེན་རྣམས་མཐོང་། །སངས་རྒྱས་ཀྱིས་གསུངས་གསང་སྔགས་དང་། །འཇིག་རྟེན་པ་ཡི་རབ་སྦྱོར་ཤེས། །སྲུང་བ་བྱས་ཤིང་མཐུ་བརྟན་པ། །གཙང་སྦྲའི་ཀུན་སྤྱོད་ལ་རྟག་དགའ། །

སངས་རྒྱས་ཉེ་བསྟན་ལམ་ལ་ནི། །ཀུན་ནས་རྗེས་སུ་འཇུག་པ་དང་། །གསང་སྔགས་རྒྱལ་བས་གསུངས་པ་ཡིན། །གསང་སྔགས་ཟློས་ལ་རྟག་ཏུ་བརྩོན། །རྟག་ཏུ་མཐོང་ཆོས་འབྲས་བུ་དང་། །འཇིག་རྟེན་ཕ་རོལ་དེ་བཞིན་ཉིད། །སྡིག་པ་ཀུན་ལ་འཇིགས་པ་དང་། །ཕྲ་

མོ་ཙམ་ལའང་དེ་བཞིན་ནོ། །གཙང་ཞིང་མཁས་ལ་ལེ་ལོ་མེད། །ཡིད་གཞུངས་བལྟ་ན་སྡུག་པ་དང་། །སྟོབས་བཅུ་པས་བཤད་སྔགས་གང་དང་། །དེ་བཞིན་ཁོ་ནར་རྒྱལ་སྲས་དང་། །འཇིག་རྟེན་པ་ཡི་སྔགས་གང་ཉིད། །རྡོ་རྗེ་པདྨའི་རིགས་དག་ལའང་། །དེ་ལ་རྟག་ཏུ་

เล่ม ๙๓ · หน้า 278b

ངལ་བར་བྱས། །གཞུང་དང་བསྟན་བཅོས་དོན་འཛིན་པ། །ནད་མེད་ནུས་པ་མེད་མིན་པ། །རྒ་དང་ནད་ནི་རྣམ་པར་སྤངས། །དེ་བཞིན་བཤེས་གཉེན་ཅན་སྔགས་གྲུབ། །ཀུན་ནས་མྱུར་དུ་བྱེད་པ་དང་། །མཐའ་ཡི་རིང་མིན་ཞིང་དེ་བཞིན། །ཚངས་པར་སྤྱོད་ཅིང་ཤེས་

རབ་ཆེ། །ཁྱད་པར་དུ་ནི་ཤེས་པ་དང་། །གཅིག་ཏུ་འདུ་འཛི་མེད་པ་དང་། །དཔའ་ཞིང་དབང་བསྐུར་ཐོབ་པ་དང་། །དེ་འདིར་བྱང་ཆུབ་ཕ་རོལ་སོན། །སྲིད་པ་ཞི་བར་བྱེད་ལ་བརྩོན། །དེ་བཞིན་ཉིད་དུ་རིག་སྔགས་བྱ། །མཐུ་ཆེན་འཇིག་རྟེན་ཤེས་པ་དང་། །

འགྲོ་བ་སེམས་ཅན་རྗེས་སེམས་པ། །དཔལ་ཉིད་དང་ནི་རབ་ཏུ་ལྡན། །སྦྱིན་དང་འབྱུང་པོ་ཕན་ལ་དགའ། །དེ་བཞིན་ཁྱད་འཕགས་སློབ་དཔོན་ལ། །རྟག་ཏུ་གསོལ་བ་གདབ་པར་བྱ། །དེས་ནི་དཀྱིལ་འཁོར་བྲིས་པ་ཡི། །སྔགས་ཀྱི་དངོས་གྲུབ་སྟེར་བར་བྱེད། །དེ་ཉིད་

ཀྱིས་ནི་དབང་བསྐུར་གྱིས། །འབྲས་བུ་ཆེན་པོ་སྦྱིན་པར་འགྱུར། །དངོས་གྲུབ་འདོད་པའི་སློབ་མས་ཀྱང་། །ཐུབ་པ་བཞིན་དུ་རྟག་ཏུ་མཆོད། །དེ་ཡི་གསུང་ནི་མི་འགོམ་པ། །སློབ་མས་འབད་པས་བྱ་བ་ཡིན། །ཇི་ལྟར་འབྱོར་ཅིང་བདོག་པ་ཡི། །ལོངས་སྤྱོད་དེ་

ལ་དབུལ་བར་བྱ། །ཉུང་ངུ་ཙམ་མམ་མང་ཡང་རུང་། །གང་གིས་མཉེས་པར་འགྱུར་བ་དང་། །ལུས་ནི་འཚོ་བའི་རྒྱུ་ཡི་ཕྱིར། །ཕ་ལ་ནོར་ནི་སྟེར་བ་ལྟར། །དེ་བཞིན་སློབ་མ་ཆོས་ཤེས་པས། །སློབ་དཔོན་ལ་ནི་ནོར་དབུལ་བྱ། །མཐའ་ཡི་དབང་ཕྱུག་དངོས་གྲུབ་

ཐོབ། །ཚེ་དང་དེ་བཞིན་ནད་མེད་དང་། །རྒྱས་པའི་འགྲོ་བ་ཐོབ་པར་འགྱུར། །སློབ་མས་བླ་མ་དེ་མཆོད་ན། །དེ་ཡི་སྔགས་རྣམས་འགྲུབ་པར་འགྱུར། །ལམ་དང་ཆོ་ག་ཉེར་མཐོང་དང་། །བསྙེན་པ་ལས་ཀྱང་བརྟེན་པ་ལས། །དེ་བཞིན་རི་མོར་བྱས་

མཆོད་ལས། །སངས་རྒྱས་ཐམས་ཅད་དགྱེས་པར་འགྱུར། །དེ་བཞིན་རྒྱལ་མཆོག་སྲས་རྣམས་དང་། །ལྷ་རྣམས་ཐམས་ཅད་དགྱེས་པར་འགྱུར། །བླ་མ་རྟག་ཏུ་བསྙེན་བཀུར་ན། །བླ་མ་སྔགས་རྣམས་མཐོང་བ་ཡིས། །འདི་དག་ཐམས་ཅད་བརྟན་པར་

เล่ม ๙๓ · หน้า 279a

འགྱུར། །སྒྲུབ་པོས་སྔོན་དང་ཐོག་མར་ནི། །དམ་ཚིག་ལ་ནི་རྗེས་འཇུག་བྱ། །དམན་ནམ་དེ་དག་མཉམ་ཡང་རུང་། །གལ་ཏེ་ཆེས་མཆོག་གྱུར་པ་ཡང་། །རྨོངས་པའམ་ལྷག་པར་ཁྲོ་བ་ཡིས། །རྟག་ཏུ་བླ་མ་བརྙས་མི་བྱ། །དེས་ཀྱང་

རྒྱུད་འདིར་དེ་ལ་ནི། །མན་ངག་རྟག་ཏུ་སྦྱིན་པར་བྱ། །གང་ཚེ་སྔགས་ཀྱི་དངོས་གྲུབ་བྱིན། །འདིས་ནི་སེར་སྣ་བྱས་པ་མིན། །སྔར་བསྟན་སློབ་མ་དེ་ལ་ནི། །མན་ངག་རྟག་ཏུ་སྦྱིན་པར་བྱ། །གང་ཚེ་སྔགས་ཀྱི་དངོས་གྲུབ་བྱིན། །ལུས་ཅན་ཞེན་པ་འཕེལ་བྱེད་

པའི། །མིག་ནི་གང་ལ་ཡོད་གྱུར་པ། །དེ་ཉིད་སློབ་མ་ཉིད་བྱའོ། །སློབ་དཔོན་ནམ་ནི་སློབ་མའི་རྒྱུར། །ཕན་ཚུན་རྗེས་སུ་འཇུག་བྱེད་པ། །གང་དུ་ཞེན་པའི་རྒྱུན་སྐྱོང་བ། །འཇམ་པོའི་རྒྱུན་ནི་འཛིན་པ་སྟེ། །དེ་ལ་སྔགས་ནི་སྦྱིན་པར་བྱ། །སློབ་དཔོན་དེ་བཞིན་

སློབ་མ་ནི། །སློབ་མ་བླ་མར་མཐོང་བ་ལ། །རྟག་ཏུ་སྤྲོ་བར་འགྱུར་བའམ། །གཉིས་ཀས་དངོས་གྲུབ་ཡང་དག་འབྱོར། །དེ་ལ་རྟག་ཏུ་ལམ་ཉིད་དང་། །སྔགས་ཀྱི་སྤྱོད་པ་རྗེས་བསྟན་བྱ། །གཉིས་ཀས་ཕ་དང་བུར་ཤེས་པས། །སྔགས་ནི་འབྲས་བཅས་

རྗེས་འཇུག་པ། །བརྟན་དང་དགའ་བ་དེ་བཞིན་ཐོབ། །རྟག་ཏུ་སློབ་མས་བླ་མ་ནི། །རབ་ཏུ་འབད་པས་བསྲུང་བར་བྱ། །བུ་ནི་བདག་ཉིད་ཆེན་པོ་རྣམས། །སངས་རྒྱས་ཆོས་རྒྱུན་མི་འཆད་འགྱུར། །དེ་མེད་མགོན་མེད་དེ་རྣམས་ལ། །ཇི་སྐད་གསུངས་པའི་

སྔགས་རྣམས་སྦྱིན། །སེམས་ཅན་བཀྲེན་དང་མ་ནིང་ལའང་། །ཐམས་ཅད་ལ་ནི་ཁྱད་པར་དུ། །སྔགས་ཀྱི་སྤྱོད་པ་ཁྱད་པར་འཕགས། །ཐ་མ་མཆོག་དང་བར་མ་ལ། །དུས་རྣམས་ཀུན་ཏུ་བྱ་བའོ། །ཡོངས་སུ་ཐོབ་པའི་ཆོས་རྣམས་ལ། །རྗེས་སུ་གཟུང་

བའི་རྒྱུན་བྱའོ། །འགྲོ་བ་བློ་གྲོས་ངེས་པ་ཡི། །འདོད་པ་རྣམས་ལའང་རབ་སྦྱིན་བྱ། །དེ་ཕྱིར་ཇི་ལྟར་འདོད་པའི་སྔགས། །སློབ་མ་ཉིད་ཀྱིས་བླང་བར་བྱ། །དེ་ཉིད་ཀྱིས་ནི་ཉེར་བསྟན་པས། །ལམ་ཉིད་ཡིན་ནོ་གཞན་དུ་མིན། །དངོས་གྲུབ་འདོད་པས་གང་དེ་ལ། །

เล่ม ๙๓ · หน้า 279b

ཕ་ནི་ཕ་རོལ་སོང་བ་ན། །ཕ་བཞིན་མགོ་བོས་ཕྱག་བྱས་ཏེ། །དེ་ནས་ཇི་ལྟར་འདོད་པར་འགྲོ། །དེ་ནས་འདིར་ནི་སོང་ནས་ནི། །མཉམ་པར་བཞག་པས་གསང་སྔགས་བཟླས། །སློང་མོ་སློང་བའི་རྗེས་འཇུག་ཅིང་། །སྨྲ་བ་བཅད་དེ་དུས་གསུམ་བཟླས། །དེ་ལྟར་

བསྟན་པ་ཉིད་དུ་འགྱུར། །ཇི་ལྟའི་ལམ་ལ་རབ་འཇུག་པ། །དེ་ཚེ་རྣམ་འགྱུར་དེ་གཅོད་པ། །ཁང་སྟོང་དང་ནི་དགོན་པ་ཆེ། །རི་བོ་ཆེ་དང་ཆུ་ཀླུང་ངོགས། །གཙང་དང་བ་ལང་གནས་མཚོ་ཆེན། །རྣམ་དབེན་སྐྱེ་བོ་སྤངས་པ་བསྟེན། །ལྷ་ཁང་དང་ནི་ཤིང་

དྲུང་དང་། །མཚན་གཅིག་རི་ནི་མཐོན་པོ་དང་། །རྒྱ་མཚོ་ཆེ་འགྲམ་ཉམས་དགའ་དང་། །ཆུ་གླིང་ངམ་ནི་གླིང་རྣམས་དང་། །རྣམ་པ་སྣ་ཚོགས་སྔར་བསྟན་པའི། །ཡུལ་རྣམས་སྣ་ཚོགས་ཡིད་འོང་བ། །འདི་རྣམས་ལས་ཀྱང་ཕྱོགས་གཞན་དུ། །མཉམ་

པར་བཞག་པས་སྔགས་བཟླས་བྱ། །གྲོགས་པོ་མཚན་ཉིད་ལྡན་པ་ནི། །སྔགས་དོན་ངེས་པའི་རྟོག་གེ་པ། །ལྟས་ནི་རྣམ་པ་དེ་ཉིད་ཤེས། །དཔའ་ཞིང་གཡུལ་ལས་རྣམ་རྒྱལ་བ། །སྙིང་སྟོབས་ལྡན་ཞིང་བཟོད་པ་ཅན། །དད་དང་ཚུལ་ཁྲིམས་ཕུན་ཚོགས་

ལྡན། །རྒྱལ་བས་གསུངས་པའི་ཡུལ་འདིར་ནི། །རབ་བསྔགས་མཚན་ཉིད་དང་ལྡན་པ། །བཟོད་དང་ལྡན་པའི་གྲོགས་པོ་ཡིས། །འབད་པ་མེད་པར་ཉིད་ཀྱིས་ནི། །ལས་རྣམས་རྒྱལ་བ་འགྲུབ་པར་འགྱུར། །ཐོ་རངས་མལ་ནས་ལངས་ནས་ནི། །འབབ་

ཆུ་མཚོ་ཆེན་ལས་བྱུང་བའི། །སྲོག་ཆགས་མེད་ཅིང་དྲི་མ་མེད། །ཆུ་དེ་ཉིད་ལ་ཁྲུས་བྱས་ནས། །ས་དང་བ་བྱུང་ཕྱེ་མ་ཡིས། །སྔགས་ཤེས་ལུས་ནི་དྲིལ་ཕྱིས་བྱ། །དེ་ནས་སྔགས་ཀྱིས་སྦྱང་བྱས་པའི། །ཆུ་ཉིད་ཤིན་ཏུ་དྲི་མེད་ལ། །ཟློས་པོ་བརྩོན་པས་

ཁྲུས་བྱའོ། །ཧ་ཅང་ཡུན་རིང་ཁྲུས་མི་བྱ། །དེ་ནས་ལངས་ལ་ལག་པ་དག །ས་དག་གིས་ཀྱང་བཀྲུ་བར་བྱ། །བདུན་དང་བདུན་དང་ཡང་ལན་བདུན། །ཉི་ཤུ་རྩ་གཅིག་ཉེ་རེག་བྱ། །ཡང་དེར་སོ་ཤིང་ཀུན་དུ་སྤྱད། །སོ་སྦྱངས་ནས་ནི་དོར་བར་བྱ། །དེ་ནས་

เล่ม ๙๓ · หน้า 280a

སྐྱོབ་ལ་ཕྱག་བྱས་ཤིང་། །འཇིག་རྟེན་མགོན་ལ་ཕྱག་བྱས་ནས། །སྔགས་རིག་མཆོད་པ་ཡིད་འོང་བྱ། །བྱ་བ་སྣ་ཚོགས་བསྟོད་མཆོད་ཀྱིས། །ཡང་དང་ཡང་དུ་ཡང་དག་བསྟོད། །དེ་བཞིན་དྲི་ཞིམ་མེ་ཏོག་གིས། །སྟོན་པ་སྐྱོབ་ལ་མཆོད་ཡོན་

དབུལ། །སངས་རྒྱས་རྣམས་ལ་མགོས་ཕྱག་བྱས། །དེ་ཚེ་སློབ་མར་གྱུར་པ་རྣམས། །འཇིག་རྟེན་མགོན་པོ་དེ་རྣམས་ཀྱི། །སྤྱན་སྔ་ཉིད་དུ་སྡིག་པ་བཤགས། །བདག་ཉིད་དག་ཀྱང་ཕུལ་བྱས་ནས། །རས་རིས་སྤྱན་སྔར་འཁོད་པར་བྱ། །ཀུ་ཤའི་ཁྲེས་

ལ་ཉེ་བར་འདུག །སྔགས་རིག་གཉིས་ཀ་འདུག་ནས་ནི། །མཚན་ཉིད་ཇི་ལྟ་བ་བཞིན་ཏེ། །དེར་ནི་བགྲང་ཕྲེང་ཉིད་ཀྱིས་ནི། །རབ་ཏུ་འབད་པས་བཟླས་པ་བྱ། །དེ་ཚེ་སྔགས་གཞན་མི་བཟླས་སོ། །ཆོ་ག་དམན་པ་ཡང་སྤང་ཞིང་། །ཧ་ཅང་མཆོག་ཀྱང་དེ་བཞིན་

ནོ། །བར་མ་བར་མའི་ལས་དག་ལ། །བརྟུལ་ཞུགས་ཅན་དག་སྔགས་བཟླས་བྱ། །ཧ་ཅང་མཐོན་པོ་སྤང་བར་བྱ། །གལ་ཏེ་ཚིག་ནི་དམན་པའང་མིན། །བར་མ་བར་མའི་ལས་རྣམས་ལ། །རབ་ཏུ་བསྔགས་པར་རྒྱལ་བས་གསུངས། །ཧ་ཅང་མཐོ་

མིན་དམའ་བ་མིན། །བར་མར་རྟག་ཏུ་བཟླས་པ་བྱ། །སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས། །ཚིག་ནི་དཔལ་དང་ལྡན་པར་གསུངས། །གཞན་གྱི་དྲུང་དུ་མི་བཟླས་ཤིང་། །གཞན་གྱི་ལས་ལམ་རྟག་ཏུ་གསང་། །བདག་ཉིད་རིག་པའི་ཡུལ་དུ་བཟླས། །

སྔགས་ནི་བར་མ་དེ་བཞིན་དུ། །བཟླས་པས་རབ་ཏུ་འབྱོར་བར་འགྱུར། །སྔགས་ནི་ལེགས་པར་ཐོས་པ་འགའ། །དངོས་གྲུབ་འབྲིང་པོ་འདོད་པ་ཉིད། །སྔགས་ནི་དགེ་བར་བཟླས་པར་བྱ། །དེ་ཕྱིར་སྐྱེ་བོ་དང་བྲལ་བར། །སྔགས་ཀྱི་དེ་ཉིད་དོན་ལེགས་

ཐོས། །ཚོགས་དང་བྲལ་ཞིང་རྣམ་དབེན་པར། །ཟློས་པ་པོས་ནི་སྔགས་བཟླས་བྱ། །མཚན་མོ་ཡི་ནི་བཞི་ཆ་དང་། །དེ་ཡི་ཕྱེད་ཀྱི་ཕྱེད་ཉིད་ཀྱི། །སྐྱ་རེངས་དམར་པོའི་དུས་ཙམ་སྟེ། །ཉི་མའི་དཀྱིལ་འཁོར་ཤར་བ་ན། །ཐུན་ནི་དང་པོར་རེ་བཞིན་

เล่ม ๙๓ · หน้า 280b

དུ། །ཐུབ་པའི་སྐྱེས་མཆོག་གིས་གསུངས་སོ། །དུས་ཀྱི་ཚད་ནི་བཞི་ཡིན་ཏེ། །བར་མར་ཡོངས་སུ་བསྒྲགས་པ་ཡིན། །དེ་ནས་ཉི་མ་ཕྱེད་ནུབ་ན། །སྔགས་ཀྱི་བཟླས་པ་དེ་ཚེ་བཏང་། །སྔགས་ཟློས་བོར་བ་དེ་ཡི་ཚེ། །མཆོད་ཡོན་ཕུལ་ནས་གཤེགས་

སུ་གསོལ། །བརྟུལ་ཞུགས་ཅན་གྱིས་རྣམ་གཞན་སྤང་། །དེ་ཚེ་བོར་བའི་གདུགས་ལྷག་ན། །ཐུབ་པའི་བསྟན་ལ་དགེ་བ་བྱ། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །དམ་པའི་ཆོས་ནི་ཀློག་པ་དང་། །ས་བཅུ་པ་ཡི་གླེགས་བམ་ནི། །མཆོད་དང་ཀློག་པ་

རྟག་ཏུའོ། །དེ་ནས་དུས་ལ་བབ་གྱུར་ན། །རང་སྔགས་སྔགས་ཀྱི་མགོན་པོ་དང་། །ཐུབ་པ་སྐྱེས་མཆོག་ཕྱག་བྱས་ནས། །དེ་ནས་འཚོ་བ་ལ་འགྲོ་ཞིང་། །དེ་བཞིན་དུས་སུ་སྤྱོད་པར་ལྡན། །དུས་སུ་ཟ་ཞིང་དབང་པོ་ཐུལ། །སྒྲུབ་པོ་ཆོས་དང་ལྡན་པ་

དང་། །སངས་རྒྱས་བསྟན་ལ་རབ་དད་བརྩོན། །གྲོང་གཞན་དུ་ནི་འཇུག་པ་ན། །མི་སྨྲ་གཙང་སྦྲ་སྤྱོད་ལ་དགའ། །སེམས་ཅན་རྟག་ཏུ་ཆོས་ལྡན་པའི། །ཁྱིམ་དུ་བསོད་སྙོམས་དག་ལ་འཇུག །ཟློས་པོ་སྲོག་ཆགས་མེད་པའི་ཆུ། །ཚོས་པར་གྲུབ་པ་

གཙང་མར་འདོད། །ཡང་དག་ལྟ་བ་ཕུན་སུམ་ཚོགས། །སངས་རྒྱས་བསྟན་ལ་རབ་ཏུ་དད། །དེ་ལྟའི་ཁྱིམ་དུ་རྟག་ཏུ་ནི། །བསོད་སྙོམས་དོན་དུ་སློང་མོ་བླང་། །དཔེར་ན་བརྩོན་པས་གོ་བགོས་ཏེ། །ཉམ་ངའི་ཡུལ་དུ་རབ་ཏུ་འཇུག །རྟག་ཏུ་དགྲ་ནི་

འཇོམས་པར་བྱེད། །དགྲ་རྣམས་ཀྱིས་གཞོམ་མི་ནུས་པ། །དེ་བཞིན་སྔགས་པ་སློང་མོས་འཚོ། །རྟག་ཏུ་གྲོང་དུ་འཇུག་པ་ན། །དེ་བཞིན་ཆགས་པར་འོས་པ་ཡི། །གཟུགས་སྒྲ་མཐོང་ན་མི་དགེ་བ། །འདོད་ཆགས་ཞི་བའི་དོན་གྱི་ཕྱིར། །

མི་སྡུག་དགེ་བ་བསྒོམ་པར་བྱ། །ལང་ཚོའི་རྣམ་པས་བརྒྱན་པ་ཡི། །བུད་མེད་ལུས་ནི་མཐོང་ནས་ཀྱང་། །སྨད་ཅིང་རུལ་བའི་ལུས་རྣམས་ནི། །སྲིན་བུས་ཟོས་ཤིང་དུར་ཁྲོད་གནས། །ལུས་ཀྱི་མི་རྟག་སྡུག་བསྔལ་བ། །མི་གཙང་དྲི་མི་ཞིམ་

เล่ม ๙๓ · หน้า 281a

པར་བསྒོམ། །གང་ལ་བྱིས་པ་རྨོངས་པ་ཡི། །འགྲོ་བ་ལྔ་པོར་འགྲོ་ཞིང་འཁོར། །ལས་ཀྱི་སྲད་བུས་བརྒྱུས་པ་ནི། །ཡུན་རིང་དུས་སུ་མྱ་ངན་བྱེད། །མི་ཤེས་སྒྲིབ་པས་རྨོངས་པ་ནི། །དམུས་ལོང་སྡུག་བསྔལ་རྒྱུ་ཅན་ནོ། །གང་དུ་

བློ་ནི་ཕྱིན་ཅི་ལོག །ཆགས་པས་སྐྱེ་བོ་ཕོངས་པར་འགྱུར། །རྣམ་པ་སྣ་ཚོགས་ལས་ལམ་གྱིས། །རྣམ་པ་དུ་མར་ཆགས་གྱུར་པ། །རིང་ནས་ཁྱོགས་ཀྱིས་འགྲོ་བ་ནི། །འགྲོ་དང་འོང་བ་སྤྱོད་པར་བྱེད། །རྟག་པ་ཉིད་ཕྱིར་རྗེས་ཆགས་པ། །འཛིན་པའི་ཀུན་

དུ་སྤྱོད་པ་སྤྱོད། །གང་དུ་སེམས་ཅན་མི་དགེ་དགའ། །ལམ་དུ་ཡུན་རིང་རྒྱུ་བར་བྱེད། །ཟོ་ཆུན་ཁྱུད་མོའི་རྣམ་པ་བཞིན། །སྲིད་པའི་མཚོ་ཆུང་འབྱུང་བ་རྣམས། །འགྲོ་བ་དེ་རྣམས་མི་བཟད་པའི། །སྡུག་བསྔལ་ཆུ་བོས་ཀུན་དུ་གཡེངས། །དེ་བཞིན་བུད་མེད་སྡུག་

བསྔལ་གྱི། །རྩ་བ་འབའ་ཞིག་ཡིན་པ་རུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་ཉན་ཐོས་རང་རྒྱལ་དང་། །ཐུབ་པ་རྣམས་ཀྱིས་གསུངས་པ་ཡིན། །སྲིད་པའི་རྒྱ་མཚོ་མི་འཁྲུགས་པའི། །མཚོ་ཆེན་འདི་དག་བསྐམ་པར་དཀའ། །བུད་མེད་སེམས་

ཀྱིས་བསླུས་པ་ཡི། །སེམས་ཅན་གནས་གང་བྱིང་བ་དེ། །དམྱལ་བ་དུད་འགྲོའི་འཇིག་རྟེན་དང་། །ཡི་དགས་འཇིག་རྟེན་ལྷ་མ་ཡིན། །དེ་བཞིན་མི་ཡི་འཇིག་རྟེན་ཉིད། །ལྷ་ཡི་འགྲོ་བར་འགྲོ་བར་བྱ། །རྟག་ཏུ་ཀུན་ནས་ཡོངས་སུ་འཁོར། །བུད་མེད་

ཆགས་པས་བསླུས་པ་ནི། །འཁོར་བའི་རྒྱ་མཚོ་བཙོན་ར་ཡི། །འདམ་རྫབ་ཆེན་པོར་བྱིང་བར་འགྱུར། །བུད་མེད་ཆགས་པའི་བླུན་པོའི་མི། །རོ་ལ་ཆགས་པའི་ཅེ་སྤྱང་བཞིན། །གང་ལ་སེམས་ཅན་རྟག་དགའ་བ། །མི་བཟད་སྡུག་བསྔལ་བཟོད་པར་

བྱེད། །དཀར་པོ་ཆོས་ལ་ངེས་པར་ཉམས། །སངས་རྒྱས་བསྟན་ལ་རབ་ཏུ་གནས། །སྲིད་པའི་མཚོ་ཡི་སྡུག་བསྔལ་ཉིད། །ཐམས་ཅད་ཟློག་པར་བྱེད་པ་ཡིན། །སྔགས་ཟློས་པ་ལ་དགའ་ཞིང་བརྩོན། །དབང་ཆེར་གྲགས་ཤིང་ཡིད་དང་ལྡན། །གཟི་

เล่ม ๙๓ · หน้า 281b

བརྗིད་ལྡན་ཞིང་སྔགས་ཐུབ་པ། །དེ་རྣམས་ལ་ནི་སྡུག་བསྔལ་མེད། །ཡང་དག་སྡོམ་དང་ཚགས་བདེན་ཤེས། །བླ་མ་ལྷ་མ་མཆོད་པ་བྱེད། །མ་དང་ཕ་ལ་གུས་པ་རྣམས། །གསུམ་པོ་རྣམས་ལ་སྡུག་བསྔལ་མེད། །མི་རྟག་སྡུག་བསྔལ་སྟོང་པ་དང་། །

གཞན་གྱི་དོན་ལ་རྗེས་སུ་བསྙེན། །བུད་མེད་ལུས་ལ་འབྱུང་པོའི་གཟུགས། །དེ་བཞིན་འབྲས་དང་ཟུག་རྔུ་དང་། །བློ་ངན་ཕུང་པོའི་ལྕགས་ཀྱུས་ཟིན། །འཁོར་བ་ལས་ནི་མི་འདའ་བ། །རྟག་ཏུ་བུད་མེད་ཆགས་གྱུར་པ། །དེ་ལ་དངོས་གྲུབ་ཡོད་པ་མིན། །

དེ་ལ་མཆོག་འགྲོ་ཡོད་མ་ཡིན། །འགྲོ་བ་འབྲིང་ཡང་ཡོད་མ་ཡིན། །དངོས་གྲུབ་ཆུང་ངུའང་ཡོད་མ་ཡིན། །འདིར་ནི་ཟློས་པོ་ཁྲིམས་འཆལ་ན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་ཀྱི་དངོས་གྲུབ་མ་བསྟན་ཏོ། །མྱ་ངན་འདས་གྲོང་འགྲོ་

བ་ཡི། །ལམ་ཡང་མེད་ཅིང་ཕྱོགས་དང་བྲལ། །འདིར་ནི་བྱིས་པ་སྨད་པ་ལ། །སྔགས་གྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་འཆལ་འདི་ལ་ནི། །དེ་ལ་བདེ་འགྲོའང་ཡོང་མ་ཡིན། །བདེ་བ་ཉིད་ལ་གཞོལ་བའང་མེད། །དེ་བཞིན་རྒྱལ་བས་གསུངས་པའི་

སྔགས། །གྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཏ་ལའི་ཤིང་གི་མགོ་བོ་ནི། །གང་ཚེ་བཅད་ན་སླར་ཡང་ནི། །སྔོན་པོ་ཉིད་དུ་མི་འགྱུར་ཞིང་། །མྱུ་གུ་སླར་ཡང་ནམ་ཞིག་འགྱུར། །དེ་བཞིན་སྔགས་གྲུབ་རྨོངས་པ་ནི། །ཚུལ་ཁྲིམས་འཆལ་ཞིང་སྡིག་པའི་ལས། །

རྟག་ཏུ་སླར་ཡང་བུད་མེད་ཆགས། །མི་དགེའི་གྲོགས་དང་ཕྲད་པ་ལ། །སྔགས་ཀྱི་རྒྱལ་པོ་ག་ལ་འགྲུབ། །དེ་བས་གང་ཚེ་ཟློས་པ་པོ། །བདེ་བར་གཤེགས་པས་སྤངས་པ་ཡི། །བུད་མེད་ཉེས་པ་རྣམས་སྤྱད་དེ། །གང་གི་དངོས་གྲུབ་བསྒྲུབ་བྱ་སྟེ། །

བྱིས་པ་བུད་མེད་ལ་རྨོངས་པ། །གཞན་གྱིས་གྲུབ་པར་མ་བསྟན་ནོ། །དེ་ནས་དང་པོར་བློ་ལྡན་པ། །གཙང་ཞིང་འདུ་འཛི་མེད་ལ་དགའ། །རིགས་ལྡན་བརྟན་ཞིང་དཔའ་བ་དང་། །སེམས་བཟང་ལྡན་ཞིང་མཐོང་ན་དགའ། །ཆོས་དང་ཆོས་མིན་རྣམས་

เล่ม ๙๓ · หน้า 282a

དཔྱོད་ཤེས། །དེ་རྣམས་གྲུབ་པ་རྙེད་མི་དཀའ། །དེ་ལྟར་སྔགས་ཤེས་ཞུགས་པ་ནི། །གྲོང་དུ་བསོད་སྙོམས་ཕྱིར་དུ་འཇུག །ཇི་ལྟར་འདོད་པ་བཞིན་སོང་ནས། །སྔར་ནི་བརྟགས་པའི་གནས་དག་ཏུ། །མཁས་པས་དག་པའི་བློས་བཟའ་བ། །

བཟའ་བ་ཕྱོགས་སུ་བཞག་ནས་ནི། །ཕྱི་རོལ་སོང་ནས་རྐང་པ་བཀྲུ། །དེ་ནས་སླར་ཡང་གནས་དེ་རུ། །སྲོག་ཆགས་མེད་པའི་ཆུ་རྣམས་ཀྱིས། །དང་པོ་འདྲེན་པ་ཉིད་ཡིན་ཏེ། །གཉིས་པ་ལ་ནི་ལག་གཡོན་གྱིས། །རྐེད་པ་མན་ཆད་དྲིལ་ཕྱིས་བྱ། །ཀུན་དུ་

གཡས་པ་སླར་བྱིན་ནས། །ལག་པས་ཡིས་བཀྲུ་བར་བྱ། །སྔར་བཞག་པ་ཡི་དག་པ་དང་། །གཙང་མ་རྣམས་ཀྱི་བདུན་ཉིད་དུ། །བཟའ་ཞིང་དག་ཆུས་གཙང་སྦྲར་བྱས། །སེར་སྐྱའི་བ་ལས་བྱུང་བ་ཡི། །བ་ཡི་ལྕི་བ་སེར་པོ་དག །གཙང་ཞིང་དྲི་མེད་སྣོད་བླང་ལ། །སྲོག་ཆགས་མེད་པའི་ཆུས་

སྦྱར་ཏེ། །དང་པོར་སྟོན་པ་ཐུབ་པ་ཡི། །མཆོག་ལ་དཀྱིལ་འཁོར་བྱ་བ་ཡིན། །ཁྱད་པར་ཁྲུ་གང་ཙམ་དུ་འོ། །གཉིས་པ་རང་སྔགས་མགོན་པོ་ལ། །གསུམ་པ་རིགས་ཀྱི་ལྷ་མོ་ལ། །གང་ཞིག་སྔགས་པ་ཟློས་པ་པོ། །སླར་ཡང་རྟག་ཏུ་བྱ་བ་ཡིན། །བཞི་

པ་སེམས་ཅན་ཐམས་ཅད་ཀྱི། །ཉེ་བར་ལོངས་སྤྱོད་དོན་དུ་གྲགས། །གཡས་སུ་འཇིག་རྟེན་མགོན་པོ་ཡི། །དཀྱིལ་འཁོར་འདི་ནི་རྟག་ཏུ་བྱ། །དཀོན་མཆོག་གསུམ་གྱི་ཆེད་དུ་ནི། །དཀྱིལ་འཁོར་དེ་ནི་གྲུ་བཞི་པའོ། །གཉིས་པ་རང་སངས་རྒྱས་རྣམས་དང་། །

གསུམ་པ་སྟོབས་བཅུ་ལྡན་པའི་སྲས། །དཀྱིལ་འཁོར་བདུན་པོ་འདི་དག་ནི། །ཀུན་ནས་གྲུ་བཞི་པ་རུའོ། །ཁྲུ་གང་ངམ་ནི་ཁྲུ་ཕྱེད་རུང་། །ཉིན་རེ་ཞིང་ཡང་བྱ་བའོ། །ཟློས་པོས་དེ་ཚེ་སྦས་པའི་ཕྱོགས། །སྡིག་པ་འཇོམས་བྱེད་ཉིན་རེ་བཞིན། །དེ་ནས་

སྔགས་པ་ཐུབ་པ་ལངས། །ལག་གཉིས་འབད་པས་བཀྲུས་ནས་ནི། །གཙང་མའི་ཆུ་ཡིས་ཉེ་རེག་བྱ། །དག་ཅིང་སྲོག་ཆགས་སྤངས་པ་ཡི། །དྲི་མ་མེད་པའི་གཙང་མ་ནི། །འབད་པས་གཙང་མའི་སྣོད་དུ་བླང་། །མཚོ་ཆེན་དང་ནི་འབབ་ཆུའམ། །

เล่ม ๙๓ · หน้า 282b

ཆུ་མིག་ཆུ་བོ་ལ་གནས་པ། །གཙང་མའི་ཕྱོགས་ནས་བྱུང་བ་ཡི། །སེམས་ཅན་གཙང་མ་ལག་གིས་བཅུས། །སྔགས་པས་སླར་ཡང་ཉེ་རེག་བྱ། །གཉིས་སམ་གསུམ་དུ་རྟག་ཏུ་ཡང་། །དེ་ནས་ཁ་ལ་རེག་བྱ་ཞིང་། །དེ་བཞིན་ཉིད་དུ་རྣ་བའི་རྒྱུན། །

མིག་དང་སྣ་ཡི་བུ་ག་དང་། །སྤྱི་བོ་ལྟེ་བའི་ཕྱོགས་རེག་བྱ། །དགེ་བ་སྤྱོད་པས་ལན་ལྔའམ་བདུན། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །གཙང་སྦྲའི་སྤྱོད་པ་ཕུན་སུམ་ཚོགས། །ཟློས་པོ་གཙང་མར་གྱུར་ནས་ནི། །བསོད་སྙོམས་སྣོད་ནི་བླངས་ནས་སུ། །ཆུ་

ཡི་ནང་དུ་འགྲོ་བར་བྱ། །གང་དུ་ཆུ་བོ་རབ་གནས་པ། །དེ་བཞིན་དམའ་བར་གྱུར་པ་དང་། །ཆུ་ཀླུང་རབ་ཏུ་འབབ་ལ་སོགས། །མི་ཡི་འཇིག་རྟེན་རྗེས་གཟུང་རྒྱུར། །དེ་བཞིན་རྟག་ཏུ་སྔགས་བཟླས་བྱ། །དེ་ཉིད་ཕྱིར་ན་ཐུབ་པའི་གཙོས། །བརྩོན་འགྲུས་

ཆེན་པོས་འདི་གསུངས་སོ། །མཚན་ནི་འོད་སྲུང་ཞེས་བྱ་བས། །སྔོན་ནི་དེ་ཚེ་ས་སྟེངས་དེར། །སྒྲོལ་མའི་རྟོག་པའི་རྒྱལ་པོ་འདིར། །འབྱུང་པོ་རྣམས་ལ་ལེགས་དོན་དུ། །སྔགས་ནི་རབ་ཏུ་གསུངས་པ་ཡིན། །སྡུག་བསྔལ་གྱུར་པའི་འཇིག་རྟེན་

ཀུན། །དབུལ་ཞིང་སྐྱོ་ལ་ཤ་ཐང་བ། །མཆོག་ཏུ་ཉོན་མོངས་གྱུར་པ་རྣམས། །འདི་རྣམས་དོན་དུ་གསུངས་པ་ཡིན། །འབྱུང་པོ་རྣམས་ལ་ལེགས་པ་ཉིད། །སླར་ཡང་ཀུན་དུ་བསྟེན་པ་རྣམས། །འབྱུང་པོ་ཀུན་གྱི་ཟས་དོན་དུ། །གསང་སྔགས་འདི་

ནི་མཆོག་ཏུ་གསུངས། །ང་ཡིས་གསང་སྔགས་འདི་བརྗོད་ཀྱི། །བྱང་སེམས་ལ་བསྟེན་ཐམས་ཅད་དང་། །ཉན་ཐོས་རྣམས་ནི་མཉན་པར་གྱིས། །ནད་ཀྱིས་ཟིན་པ་འཇོམས་བྱེད་ཅིང་། །བཀྲེས་པའི་ནད་ཀྱིས་གཟིར་བ་དང་། །གང་ཡང་སེམས་

ཅན་སྐོམ་པ་དང་། །སྡུག་བསྔལ་ཐམས་ཅད་ཞི་དོན་དང་། །འབྱོར་པ་འདོད་རྣམས་མཉན་པར་གྱིས། །འོད་སྲུང་འོད་ནི་ཆེན་པོ་ལ། །ཐུབ་པའི་གཙོ་བོས་དེ་སྐད་གསུངས། །ཉོན་མོངས་རྣམས་ནི་ཡིད་མགུ་ནས། །ཁྱབ་བདག་དེ་ལ་གསོལ་བ་

เล่ม ๙๓ · หน้า 283a

འདེབས། །ཆོས་ཀྱི་རྒྱལ་པོ་ཐུབ་པ་ཆེ། །ཆོས་མཁྱེན་གསང་སྔགས་བཤད་དུ་གསོལ། །དམ་ཚིག་མཆོག་ལ་ཉེར་གནས་པའི། །སེམས་ཅན་རྣམས་ལ་རྗེས་བརྩེར་མཛོད། །དེ་སྐད་གསོལ་ནས་ཐུབ་པ་ཡིས། །སྔགས་མཆོག་རྒྱས་པར་

གསུང་བར་བྱེད། །ཀ་ལ་པིང་ཀ་སྒྲ་དབྱངས་དང་། །རྔ་བོ་ཆེ་དང་སྤྲིན་གྱི་སྒྲ། །ཚངས་དབྱངས་བརྩོན་འགྲུས་ཆེན་པོ་དང་། །ཚངས་པའི་སྲས་གང་རྒྱལ་མཆོག་གིས། །གང་ཡང་ཅུང་ཟད་འདིར་འོངས་པ། །རྐང་མེད་པ་དང་རྐང་མངས་དང་། །རྐང་གཉིས་པ་དང་

རྐང་བཞི་པ། །འབྱུང་པོའི་ཚོགས་རྣམས་ཀུན་ཉོན་ཅིག །མདོར་ན་སེམས་ཅན་དོན་ཀུན་དུ། །བདེ་འབྱུང་སྔགས་ནི་བཤད་པར་བྱ། །འདས་དང་མ་འོངས་ད་ལྟར་གྱི། །སེམས་ཅན་ལ་སོགས་འདིར་ལྷགས་པ། །མདོར་བསྡུས་ནས་ནི་བཤད་པར་བྱ། །

འབྱོར་པ་འདོད་པ་རྣམས་ཉོན་ཅིག །ན་མཿ ས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོྃ་ག་ག་ནེ། ག་ག་ན། གཉྫོ་ཨཱ་ན་ཡ། སརྦ་ལ་ཧུ་ལ་ཧུ། ས་མ་ཡ་མ་ནུ་སྨ་ར། ཨཱ་ཀརྵ་ཎེ། མཱ་བི་ལམྦ། ཡ་ཐེ་པི་ཏཾ་སཾ་པཱ་དཱ་ཡ་སྭཱ་ཧཱ། བཅོམ་ལྡན་

འདས་འོད་སྲུང་གིས་དེ་སྐད་ཅེས་གསུངས་ནས། ཅང་མི་གསུང་བར་གྱུར་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། རིག་པའི་སྔགས་ཀྱི་ཚིག་འདི་རྒྱ་ཆེར་གསུངས་པའི་བར་སྐབས་འདིར་ནམ་མཁའ་ཐམས་ཅད་ཆེན་པོ་ལ་འོས་པའི་ཟས་ཀྱི་སྤྲིན་གྱིས་

ཡོངས་སུ་གང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ནམ་མཁའི་མཐིལ་ཐམས་ཅད་ཟས་ཀྱི་སྤྲིན་གྱིས་རབ་ཏུ་གཡོགས་པར་སྣང་བར་གྱུར་ཏོ། །བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའི་དོན་དུ་བླང་བར་བཀྲུ་བར་བྱ། །

སླར་ཡང་དེ་ནས་ལངས་ནས་ནི། །གཙུག་ལག་ཁང་ངམ་གནས་སུ་འགྲོ། །གང་སུ་སྔོན་ནི་ཡང་དག་བསྟེན། །གང་དུ་གནས་པ་དེར་འགྲོ་བྱ། །སོང་ནས་ཟློས་པོས་ཕྱོགས་དེ་རུ། །ལྷུང་བཟེད་དེ་ནི་གཞག་པར་བྱ། །དེ་ནས་མྱུར་དུ་ཉེ་རེག་བྱ། །དེ་བཞིན་

เล่ม ๙๓ · หน้า 283b

སླར་ཡང་ལྷུང་བཟེད་བླང་། །ལྷུང་བཟེད་ས་ལ་ལོ་མ་འམ། །དངུལ་ལམ་དེ་བཞིན་གསེར་ཉིད་དང་། །ཟངས་སམ་ཤིང་ཤུན་དག་ཀྱང་རུང་། །སྟོན་པ་ལ་ནི་ལྷ་བཤོས་དབུལ། །སྟོན་ལ་ལྷ་བཤོས་ཕུལ་ནས་ནི། །སླར་ཡང་རིག་སྔགས་རྒྱལ་ལའོ། །འགྲོན་

པོ་གཅིག་ནི་འོངས་གྱུར་དང་། །སྡུག་བསྔལ་ཅན་ལའང་ཅི་ནུས་སྦྱིན། །བཤོས་ཉིད་ཀྱང་ནི་ཐམས་ཅད་དུ། །ཀུན་ནས་ངེས་པར་བཟའ་བ་ཉིད། །ཧ་ཅང་མང་པོ་སྦྱིན་མི་བྱ། །སྔགས་ཤེས་འདིར་ནི་གདུང་མི་བྱ། །ཀུན་ནས་རིག་པ་ལྡན་པར་བྱ། །ལྟོ་བའི་ཚད་ཙམ་

བཞག་ནས་ནི། །གཞན་པའི་ཟན་ནི་རྟག་ཏུའོ། །བཀྲེས་དང་སྐོམ་པས་ཉེན་པ་ཡིས། །སྔགས་དོན་སྒྲུབ་པར་མི་ནུས་ཏེ། །ཧ་ཅང་ཉུང་དང་མང་ཟོས་ན། །སྔགས་དོན་བསྙེན་པར་མི་ནུས་སོ། །དེ་ཉིད་ཕྱིར་ན་རྒྱལ་དབང་གིས། །སེམས་ཅན་ཟས་ཀྱིས་གནས་སོ་ཞེས། །

ལུས་ཅན་ཀུན་ལ་གསུངས་པ་ཡིན། །གང་གིས་མི་རྣམས་འཚོ་བ་དང་། །ལྷ་དང་ལྷ་མིན་དྲི་ཟ་དང་། །ཀླུ་དང་གནོད་སྦྱིན་མིའམ་ཅི། །སྲིན་པོ་ཡི་དགས་ཤ་ཟ་དང་། །འབྱུང་པོ་སྐར་མ་གཟའ་དག་ནི། །གང་ཞིག་ཟས་ལ་མི་ལྟོས་པ། །དེ་ནི་འགའ་ཡང་ཡོད་

མ་ཡིན། །རྟག་ཏུ་ཁ་ཟས་རགས་པ་ནི། །ཁམ་གྱི་ཟས་ཞེས་གྲགས་པའོ། །སེམས་ཅན་ཕྲ་མོའི་ཟས་ཅན་སྤང་། །དེ་བཞིན་གཤེགས་པས་གསུངས་པ་ནི། །བསམ་གཏན་ཟས་ཅན་རྟག་པར་ནི། །གཟུགས་ནི་སྤྱོད་ཅིང་གཡོ་བ་སྟེ། །གཟུགས་མེད་ཉིད་ཀྱི་ལྷ་

རྣམས་ཀྱང་། །ཏིང་འཛིན་འབྲས་བུ་ཟ་བའོ། །སྲིད་པ་བར་མའི་སེམས་ཅན་ཡང་། །དྲི་ཟ་བར་ནི་རབ་ཏུ་གྲགས། །དེ་བཞིན་འདོད་ཁམས་སེམས་ཅན་རྣམས། །ཟས་ནི་རྣམ་པ་སྣ་ཚོགས་ཟ། །འདོད་དང་ལྡན་པའི་ལྷ་དང་མི། །ཁམ་གྱི་ཟས་ནི་ཟ་བར་བྱེད། །

དེ་ཉིད་ཕྱིར་ན་ཐུབ་དབང་གིས། །སེམས་ཅན་ཟས་ཀྱིས་གནས་པ་ཞེས། །ཆོས་ཀྱི་རྒྱུ་རུ་བསྟན་པ་ཡིན། །གང་དེ་རྣམས་ནི་རབ་ཏུ་གྲགས། །ཟློས་པོ་རྟག་ཏུ་བརྩོན་པ་ནི། །ཟས་ཀྱི་ཚོད་ནི་རིག་པར་བྱ། །གང་ཕྱིར་རིག་པ་བསྙེན་པ་ནི། །ཟས་འདི་ལ་ནི་རབ་ཏུ་གནས། །

เล่ม ๙๓ · หน้า 284a

ཀུན་སྤྱོད་མ་ནོར་དག་པ་དང་། །དགེ་ཞིང་ཚངས་པར་སྤྱོད་པ་དང་། །ཟས་ཀྱི་ཚོད་ཀྱང་ཤེས་པ་ལ། །དེ་ཡིས་དངོས་གྲུབ་རྙེད་མི་དཀའ། །དཔེར་ན་ཁུར་ནི་དྲང་བའི་རྒྱུར། །ཤིང་རྟ་ཡུན་རིང་གནས་དོན་དུ། །ཤིང་རྟའི་མིག་ནི་སྐུ་བར་བྱེད། །དེ་

བཞིན་སྔགས་པ་སྔགས་རིག་པས། །ཟས་ནི་གནས་པའི་ཆེད་དུ་སྤྱད། །ལུས་ནི་གསོ་བའི་དོན་དུ་ནི། །ཟློས་པོ་རྟག་ཏུ་གསོ་བར་བྱ། །སྔགས་རྣམས་བསྒྲུབ་པའི་དོན་ཕྱིར་དང་། །བྱང་ཆུབ་ཚོགས་ཀྱི་རྒྱུ་ཡི་ཕྱིར། །ཟས་ཐམས་ཅད་དང་། །ཇི་ལྟར་མངོན་པར།

སྲེད་པའི་བཟའ་བ་དེ། དེ་རྣམས་སུ་ཆར་འབབ་པར་གྱུར་ཏོ། །ཇི་ལྟར་མངོན་པར་སྲེད་པའི་བཟའ་བ་དེ་རྣམས་ཀྱིས་ཟས་ཀྱི་བྱ་བ་བཀྲེས་པའི་སྡུག་བསྔལ་ཞི་བའི་དོན་དང་། སྐོམ་པ་རྣམས་ཀྱིས་བཏུང་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོའི་རྒྱུན་ལྟ་བུ་བཏུང་བར་བྱ་བ་ཡང་

ཡིད་ལ་འདོད་པ་བཞིན་དུ་དེར་བབ་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་བཀྲེས་པའི་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། སྐོམ་པ་ཐམས་ཅད་བསལ་བར་བྱས་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་ཐམས་ཅད་ཀྱང་ངོ་མཚར་ཐོབ་ཅིང་ཚིམ་

པ་ཐོབ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་འོད་སྲུང་ཡང་དེ་བཞིན་གཤེགས་པའི་གནས་ལ་ཡོངས་

སུ་བཞུགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ངས་ཀྱང་དེའི་ཚེ་རྟོག་པའི་རྒྱལ་པོའི་ཆོ་ག་འདི་ལ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། བཀྲེས་པ་དང་། སྐོམ་པ་བསལ་བའི་དོན་གྱི་ཕྱིར་དང་། ཁྱད་པར་དུ་སྔགས་ཟློས་པ་པོ་ཐམས་ཅད་ཀྱི་ཕྱིར་གསུངས་

པ་ལ་མངོན་པར་རྗེས་སུ་ཡི་རང་ངོ་། །དང་པོ་རེ་ཞིག་ཟློས་པ་པོས་སྔགས་འདི་བསྒྲུབ་པར་བྱའོ། །གལ་ཏེ་བསོད་སྙོམས་ལ་འགྲོ་བར་མི་སྤྲོ་ན་རིའི་རྩེ་མོར་འཛེགས་ནས་འབུམ་ཕྲག་བདུན་བཟླས་པ་བྱ། །དེ་ནས་དཀར་གསུམ་བཟའ་བའམ། འོ་མ་བཏུང་

เล่ม ๙๓ · หน้า 284b

བའོ། །རིའི་རྩེ་མོ་དེ་ཉིད་དུ་འཕགས་མ་སྒྲོལ་མའི་རས་རིས་བར་མ་སྔར་བཞིན་དུ་བཞག་ནས་མཆོད་པ་ཆེན་པོ་བྱས་ཏེ་གཏོར་མ་དང་ལྷ་བཤོས་རྒྱ་ཆེན་པོ་བྱས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གསུངས་པའི་གསང་སྔགས་འདི་ཉིད་ཀྱིས་སེང་

ལྡེང་གི་ཡམ་ཤིང་རྣམས་ཀྱིས་མེ་སྦར་ནས་ཨུ་དུམ་བཱ་རའི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་མར་ལ་བཏགས་པ་རླན་དང་བཅས་པའམ། །དཔལ་འབྲས་ཀྱི་ཡམ་ཤིང་ཀྱང་རུང་སྟེ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ། །དེ་ནས་མཚན་ཕྱེད་ཀྱི་དུས་ཀྱི་ཚེ་སྤྲིན་ནག་པོ་ཆེན་པོ་དང་། རླུང་

གི་དཀྱིལ་འཁོར་འོང་བར་འགྱུར་ཏེ་འཇིགས་པར་མི་བྱ། ལངས་ན་འགྲོ་བར་ཡང་མི་བྱའོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྙིང་པོས་བདག་ཉིད་བསྲུང་བར་བྱ་ཞིང་། །དཀྱིལ་འཁོར་བཅིང་བ་དང་། གྲོགས་རྣམས་ཀྱང་སྔར་བཞིན་བསྲུང་བར་བྱའོ། །

དེ་ནས་རླུང་ནག་པོའི་དཀྱིལ་འཁོར་མི་སྣང་བར་འགྱུར་ཏེ། བུད་མེད་ཀྱང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འོད་ཀྱི་ཕྲེང་བ་དང་ལྡན་པས་ཕྱོགས་རྣམས་ཀྱང་ཀུན་དུ་སྣང་བར་བྱེད་བཞིན་པ། སྒྲུབ་པ་པོའི་མདུན་དུ་འདུག་སྟེ། ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ལོངས་ཤིག །

གྲུབ་པ་ཡིན་ནོ། །ཞེས་སོ། །དེ་ནས་སྒྲུབ་པ་པོས་སྣ་མའི་མེ་ཏོག་དང་བསྲེས་པའི་དྲི་ཆུས་མཆོད་ཡོན་དབུལ་ལོ། །དེ་ནས་དེ་ཉིད་དུ་མི་སྣང་བར་འགྱུར་རོ། །ཉི་མ་དེ་ནས་བདག་ཉིད་དམ་འདིའི་གྲོགས་པོ་ཉི་ཤུ་རྩ་ལྔ་ལ་དེང་ནས་ཇི་ལྟར་མངོན་པར་འདོད་པའི་བཟའ་བ་རྣམས་རབ་

ཏུ་སྟེར་བར་བྱེད་དོ། །ཇི་ལྟར་འདོད་པའི་ཡོ་བྱད་རྣམས་ཀྱང་ཀུན་དུ་སྦྱིན་པར་བྱེད་དོ། །དེ་ནས་སྒྲུབ་པ་པོས་མཆོད་ཡོན་ཕུལ་ནས་གཤེགས་སུ་གསོལ་བར་བྱའོ། །རས་རིས་ལ་བསྐོར་བ་ལན་གསུམ་བྱས་ནས་རས་རིས་བླངས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ལ་ཕྱག་བྱས་ནས་དེ་ནས་རིའི་རྩེ་མོའམ། མི་མེད་པའི་གནས་སུ་འགྲོ་བར་བྱའོ། །དེར་བདག་ཉིད་དམ། གྲོགས་པོས་ཕྱག་དར་བྱས་ནས་དགྲམ་པར་བྱ་བ་རྣམས་བཀྲམ་ལ་གནས་དེར་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ལས་རྣམས་བྱའོ། །དེ་ནས་

เล่ม ๙๓ · หน้า 285a

སྒྲུབ་པ་པོས་སྔར་བཞིན་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་རས་རིས་བར་མ་སྔར་བཞིན་དུ་བཞུགས་སུ་གསོལ་ནས་སེང་ལྡེང་གི་ཤིང་གིས་མེ་སྦར་ལ་ཐུན་གསུམ་དུ་པདྨ་དཀར་པོའི་མེ་ཏོག །ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་རྣམས་ཀྱིས་ཉི་མ་ཉི་ཤུ་

རྩ་གཅིག་ཏུ། རྩ་བའི་རིག་པའམ་སྙིང་པོའམ་ཉེ་བའི་སྙིང་པོས་ལས་ཆེན་པོ་ཐམས་ཅད་ཀྱི་ཆེད་དུའམ་ཡི་གེ་གཅིག་པའི་ཆེད་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ། །དེ་ནས་མཚན་ཕྱེད་ཀྱི་དུས་ཀྱི་ཚེ་སྦྱིན་སྲེག་གི་མཐར་བཅོམ་ལྡན་འདས་མ་སྒྲོལ་མ་མངོན་སུམ་དུ་མཐོང་

བར་འགྱུར་ཞིང་། འདོད་པའི་མཆོག་གནང་བར་བྱེད་དོ། །ནམ་མཁའ་ལ་འགྲོ་བའམ། མི་སྣང་བའམ་བྱང་ཆུབ་སེམས་དཔའི་སའམ། རང་སངས་རྒྱས་སམ། མངོན་པར་ཤེས་པ་ལྔ་ཉིད་དམ། ཚེ་རིང་བ་ཉིད་དམ། རྒྱལ་སྲིད་ཆེན་པོ་དང་། ལོངས་

སྤྱོད་ཆེན་པོ་ཉིད་ཀྱི་ཆེད་དམ། རྒྱལ་པོ་ཆེན་པོ་མཉེས་པ་ཉིད་དམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྗེས་སུ་རྣམ་པར་སྤྱོད་པ་ཉིད་དམ། མདོར་ན་ཡིད་ལ་འདོད་པ་དེ་ཐམས་ཅད་གནང་བར་བྱེད་དོ། །གང་བླངས་ཀྱང་རུང་སྟེ། དེ་མཐུན་པར་གནང་བར་

བྱེད་ཅིང་། གྲུབ་པའི་རྫས་རྣམས་ཐམས་ཅད་ཀྱང་ཐོབ་བོ། །སེམས་ཅན་ཆེན་པོ་རྣམས་འགུགས་པར་བྱེད་པའམ། མདོར་ན་ཇི་ལྟ་ཇི་ལྟར་ཞུས་པ་དེ་ཐམས་ཅད་མཛད་དོ། །ལས་ཀྱི་ཉེས་པ་རབ་ཏུ་སྤགས་པ་ཡང་ཡང་དག་པར་སྦྱོང་བར་བྱེད་དོ། །ཞེས་བཅོམ་

ལྡན་འདས་ཤཱཀྱ་ཐུབ་པས་གསུངས་སོ། །ལས་ཀྱི་ཆོ་ག་གཞན་པ་བར་མའི་སྒྲུབ་ཐབས་སུ་འགྱུར་བ་ནི། །དང་པོ་རེ་ཞིག་ཁྱད་པར་གྱི་གནས་སམ། གཙང་མའི་ཕྱོགས་སམ། ཆུ་ཀླུང་ངམ། ཆུ་གླིང་གི་འགྲམ་དུ་སྔར་བཞིན་དུ་ཐམས་ཅད་བྱས་ནས་རས་རིས་ཞལ་

ནུབ་ཏུ་ཕྱོགས་པར་གཞག་ལ། བདག་ཉིད་ཁ་ཤར་དུ་ཕྱོགས་བས་གནས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ། རྒྱས་པར་གོང་བཞིན་དུ་སྦྱར་བར་བྱ་སྟེ་ཐུན་གསུམ་དུ་འབུམ་ཕྲག་དྲུག་བཟླས་པར་བྱའོ། །བཟླས་པ་ཡོངས་སུ་རྫོགས་པ་དང་། དོང་ཀའི་མེ་

เล่ม ๙๓ · หน้า 285b

ཏོག་ཙནྡན་དཀར་པོ་དང་བསྲེས་པའམ་གུར་གུམ་དང་བསྲེས་པས་སྔ་མ་དེ་བཞིན་ཁོ་ནར་མེ་སྦར་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །སྦྱིན་སྲེག་གི་མཐར་རས་རིས་འགུལ་ན་བློན་པོ་ཉིད་དོ། །རས་རིས་ལ་འོད་ཀྱི་སྣང་བ་བྱུང་ན་འོད་ལས་རྒྱལ་སྲིད་དོ། །རས་རིས་ཀུན་ནས་

འབར་བའི་ཕྲེང་བས་འཁྲུགས་ན་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་རྒྱལ་སྲིད་དོ། །རས་རིས་ལ་མེ་བྱུང་ན་སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་ཉིད་དེ་བརྒྱ་བྱིན་ཉིད་དོ། །རས་རིས་ཆོས་སྟོན་པར་བྱེད་པ་བྱུང་ན་བྱང་ཆུབ་སེམས་དཔའ་གསུམ་གྱི་དབང་ཕྱུག་ཉིད་དོ། །རས་རིས་

ཀྱི་ཕྱག་སྤྱི་བོར་རེག་ན་མངོན་པར་ཤེས་པ་ལྔ་དང་། ས་བདུན་རྗེས་སུ་ཐོབ་པ་དང་། སྟོབས་བཅུ་ངེས་པ་ཉིད་རིམ་གྱིས་ཐོབ་པར་བྱེད་པ་ཉིད་དོ། །དེ་ནས་སྒྲུབ་པ་པོས་བཅོམ་ལྡན་འདས་འོད་སྲུང་གིས་གསུངས་པའི་སྔགས་བསྒྲུབས་ཏེ་བཀྲེས་པ་དང་སྐོམ་པ་ཕྱིར་གཞིལ་

བའི་དོན་རྗེས་སུ་ཐོབ་པ་དེ་ཉིད་ཀྱིས་དང་། ཆོ་ག་དེ་ཉིད་ཀྱིས་ཡོ་བྱད་ཀྱི་རིག་པའི་སྤྱོད་པའི་དོན་སྒྲུབ་པའི་ཐབས་ཀྱི་ཆོ་གའི་ཆོས་ལ་ཡང་དག་པར་ནན་ཏན་བྱའི་གཞན་དུ་གྲུབ་པར་མི་འགྱུར་རོ། །དེ་ལྟར་རིམ་གྱིས་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་ཅིང་མདོར་ན་ནན་

ཏན་ངེས་པར་སྒྲུབ་པར་བྱེད་དེ། རྫས་དང་སྨན་དང་ཡོ་བྱད་ཀྱི་ཁྱད་པར་དང་། ནོར་བུ་རིན་པོ་ཆེ་རྣམས་ཇི་ལྟར་སྔར་ངེས་པར་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་དོ། །སྔགས་ཤེས་སྔགས་ནི་ཟློས་པ་པོའང་། །ཆོ་ག་བཤད་པ་ལ་སེམས་པ། །སྔགས་པ་དེ་ཚེ་

དེ་ཕྱོགས་སུ། །གཙང་མའི་འགྲོ་བས་ཟས་ཀྱང་ནི། །ཟོས་ནས་ཡིད་ནི་དགའ་བ་དང་། །དབང་པོ་ཡོངས་སུ་རྫོགས་པ་དང་། །ལྷུང་བཟེད་ལྷག་མ་རྟག་བླངས་ཏེ། །སེམས་བཟང་ཆུ་བོ་གཙང་མར་འགྲོ། །མཐའ་གཅིག་ཏུ་ནི་བོར་ནས་ནི། །བརྟུལ་

ཞུགས་ཅན་གྱིས་དུད་འགྲོ་སྦྱིན། །དུད་འགྲོ་རྣམས་ལ་མཐུན་བྱིན་ནས། །འབད་པས་ལྷུང་བཟེད་བཀྲུ་བར་བྱེད། །ལྷག་མ་ལྷུང་བཟེད་བྱ་བ་ནི། །སྒུམ་མེད་ཟས་དང་དྲི་བྲལ་གང་། །ལྷུང་བཟེད་ལྷག་མར་ཐུབ་པས་གསུངས། །གང་དུ་སློང་བའི་སྣོད་དུ་ནི། །

เล่ม ๙๓ · หน้า 286a

དེ་རུ་ཟན་ནི་མི་བཟའ་སྟེ། །དེར་ནི་བཟའ་བ་འབྲས་བུ་དང་། །རྫས་རྣམས་རྟག་ཏུ་བཟའ་མི་བྱ། །པད་འདབ་ཀྱིས་ཀྱང་མ་ཡིན་ཏེ། །ཨུཏྤ་ལ་ལས་བྱུང་བས་སམ། །དྲི་བཟང་ལྡན་རྣམས་སྤངས་པ་སྟེ། །སྔགས་པས་དེར་ནི་མི་བཟའོ། །གང་

ཡང་སྔགས་པས་ཀུ་མུ་ད། །སླ་ཀྵ་ཨུ་དུམ་བཱ་ར་ལས་བྱུང་། །པ་ཊིའི་འདབ་མ་དང་ཡང་ནི། །ཚེར་མའི་ཡལ་གའི་རི་ཁྲོད་བྱུང་། །ཨ་མྲའི་འདབ་མ་རུ་ཡང་མིན། །དེ་བཞིན་སཱ་ཊ་ལ་ལས་བྱུང་། །སཱ་ལའི་འདབ་མ་ཤི་རི་ཥ། །བྱང་ཆུབ་ཤིང་ལས་བྱུང་བ་དང་། །

གང་དུ་བཅོམ་ལྡན་སངས་རྒྱས་ནི། །ཤཱཀྱ་སེང་གེ་བཞུགས་པ་ཡི། །ཤིང་དེ་འབད་པས་སྤང་བར་བྱ། །ཤིང་དེ་ཡི་ནི་ཡལ་ག་དང་། །ནཱ་ག་གེ་སར་ཤིང་ལའང་མིན། །གང་དུ་ནམ་ཡང་བཟའ་མི་བྱ། །མཁས་པས་དེ་ཀུན་ཅིས་ཀྱང་སྤང་། །ཐུབ་པའི་ལོ་མའི་

སྤྱིལ་པོ་ནི། །རྨོངས་པས་ནམ་ཡང་འགོམ་མི་བྱ། །སྔགས་པ་དམ་ཚིག་ཉམས་པར་འགྱུར། །ཟས་ནི་ལོ་མ་དེ་རྣམས་ལས། །གཞན་པའི་ལོ་མ་རྣམས་སུ་བཟའ། །ས་བྱུང་ཟངས་སུ་ངེས་བསྟན་དང་། །དེ་བཞིན་གསེར་དང་དངུལ་ལས་བྱུང་། །ཤེལ་དང་

རྡོ་བ་ལས་བྱུང་བ། །དེ་བཞིན་བཟའ་བ་བླངས་ནས་ནི། །རྟག་ཏུ་སྔགས་པས་དེར་ནི་བཟའ། །ལོ་མའི་རྒྱབ་ཏུ་མི་བཟའ་སྟེ། །དེ་བཞིན་ལག་པའི་མཐིལ་དུའང་མིན། །སྟོབས་བཅུ་པ་ཡི་སྲས་རྣམས་དང་། །རང་རྒྱལ་བསེ་རུ་ལྟ་བུ་གང་། །དེ་བཞིན་

གཤེགས་པའི་ཉན་ཐོས་གཙོ། །ལོ་མ་གཞན་དང་ལྷ་བཤོས་འབྱུང་། །ཟློས་པོས་དེ་རྣམས་སྤང་བར་བྱ། །ཡི་གེ་རྐང་པས་ཀྱང་མི་འགོམ། །སྣ་ཚོགས་བཟའ་བ་སྣུམ་ཁུར་དང་། །དེ་བཞིན་བཏུང་དང་བཟའ་བ་རྣམས། །སྔགས་པས་འབད་པས་

བླང་བར་བྱ། །རྒྱལ་དང་རྒྱལ་བའི་མཆོག་རྣམས་དང་། །དེ་བཞིན་ཉན་ཐོས་སྐྱེས་བུ་མཆོག །དཀོན་མཆོག་གསུམ་ལ་ཕུལ་བ་ཡི། །ལྷ་བཤོས་ཐམས་ཅད་ཉིད་ཀྱང་ནི། །ཟློས་པོས་རྟག་ཏུ་སྤང་བར་བྱ། །ཆུང་ངུ་ཙམ་ཡང་ལུས་ཅན་ལ། །སྔགས་རྣམས་

เล่ม ๙๓ · หน้า 286b

དེ་ཡིས་མི་འགྲུབ་སྟེ། །ཀུན་ནས་བཀྲ་ཤིས་ཐམས་ཅད་དང་། །རྟག་ཏུ་དཔལ་ནི་སྨོས་ཅི་དགོས། །རྒྱལ་བ་ཅན་དང་ཞི་བ་ཅན། །ལྷ་བཤོས་གཏོར་མ་ཟ་བྱེད་པ། །དེ་ཚེ་དེ་ཡི་ཀུན་མི་འགྲུབ། །གཙང་ཞིང་མཁས་ལ་ཚུལ་ཁྲིམས་ལྡན། །སྙིང་རྗེ་

སྙིང་རྗེའི་ལས་ཅན་དང་། །གཙང་སྦྲའི་སྤྱོད་པ་ལ་དགའ་བ། །རིག་སྔགས་ཀུན་དུ་སྒྲུབ་པར་བྱེད། །སེམས་ཅན་གཞན་ལ་བྱིན་པའི་ཟས། །ཟློས་པོས་དེ་ནི་བཟའ་མི་བྱ། །གཞན་གྱིས་རབ་ཏུ་མ་བརྟགས་པའི། །ཟས་གཞན་བཟའ་བར་མི་བྱའོ། །རང་

ལ་བྱིན་པས་ཁ་ཟས་ནི། །ཅུང་ཟད་ཙམ་ཡང་བླང་བར་བྱ། །སྔགས་ཤེས་དེ་ལྟར་འཇུག་པ་ནི། །དེ་ཡི་དངོས་གྲུབ་སྡིག་པའི་དགྲ། །ཡོངས་སུ་རྫོགས་པར་བྱེད་པར་གནས། །ཟློས་པོས་ཆོ་ག་འདི་ཡིས་ནི། །བཟའ་བ་ལེན་པའི་བརྟུལ་ཞུགས་ཅན། །ཐུབ་པ་

རྣམས་ཀྱིས་ལེགས་པར་བསྔགས། །སྔགས་རྣམས་ཐམས་ཅད་སྒྲུབ་པ་ལ། །མདོར་ན་ཆོ་ག་མཐོང་བ་ཡིས། །བཟའ་བ་ཀུན་དང་ལས་རྣམས་ལའོ། །དེ་ནས་གཞན་ཡང་རབ་འཆད་བྱེད། །སྔགས་ནི་ཐམས་ཅད་སྦྱོང་བར་བྱེད། །དེ་ནས་ཟློས་པོས་ཉེ་རེག་

བྱ། །དེ་ཚེ་སྔགས་འདི་བརྗོད་པར་བྱ། །དེ་ཚེ་སྔགས་པས་ལན་བདུན་དུ། །ལུས་སྦྱོང་བྱེད་པ་བཟླས་བྱས་ནས། །འབྱུང་པོའི་ཚོགས་དང་ལྷ་རྣམས་འདིར། །དེ་དོན་རྒྱས་པ་མཉན་པར་གྱིས། །ལུས་ཀུན་ཉེ་རེག་བྱས་ནས་སུ། །ཐུབ་པས་སྔགས་

འདི་བརྗོད་པར་བྱ། །ན་མཿ སརྦ་བུདྡྷཱ་ནཱཾ། ཨ་པྲ་ཧི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་སརྦ་ཀིལྦི་ཥ། ནཱ་ཤ་ནི། ནཱ་ཤ་ཡ། སརྦ་དུཥྚ་པྲ་ཡུཀྟཾ། ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཛཿསྭཱ་ཧཱ། སྔགས་འདིས་བསླབ་པའི་ཟས་གཞན་གང་ཡང་རུང་བ་ཡོངས་སུ་སྤྱོད་པ་ན་

སྔགས་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཡོངས་སུ་ལོངས་སྤྱད་པར་བྱའོ། །ཟོས་ནས་སྔ་མ་བཞིན་དུ་ཉེ་རེག་བྱས་ཏེ་སྤྱི་བོ་ལ་སོགས་པའི་ལུས་ཐམས་ཅད་དུ་བྱུགས་ནས་དེ་ནས་ངལ་བསོ་བར་བྱའོ། །ངལ་སོས་ནས་ཡུད་ཙམ་ཕྱེད་དམ་ཐུན་གཅིག་ལའོ། །དེ་ནས་

เล่ม ๙๓ · หน้า 287a

རས་རིས་དང་། སངས་རྒྱས་ཐམས་ཅད་ལ་མངོན་པར་ཕྱག་བྱས་ནས། དམ་པའི་ཆོས་ཀྱི་གླེགས་བམ་བཀླག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། འཕགས་མ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་དང་། འཕགས་པས་བཅུ་པ་

དང་། འཕགས་པ་གསེར་འོད་དམ་པ་དང་། འཕགས་པ་རྨ་བྱ་ཆེན་མོ་དང་། འཕགས་པ་རིན་པོ་ཆེ་ཏོག་གི་གཟུངས་ཏེ་འདི་རྣམས་ལས་གཞན་དང་གཞན་གང་ཡང་རུང་བ་བཀླག་པར་བྱའོ། །ཉི་མའི་དུས་ཀྱི་ཚད་བཞི་ཆ་ཙམ་དུའོ། །དེ་ནས་ཡོངས་སུ་ཞི་ནས་

ཇི་ལྟར་འདོད་པ་བཞིན་དུ་བཀླག་པར་བྱ་སྟེ་གླེགས་བམ་བརྟུལ་ནས་གོས་གཙང་མ་བགོས་ཏེ་དམ་པའི་ཆོས་ལ་ཕྱག་བྱས་ནས་དེ་ནས་ཁྲུས་ཀྱི་ཆེད་དུ་ཆུ་ཀླུང་གི་འགྲམ་མམ་མཚོ་ཕྲན་ཆེན་པོར་འཇུག་པས་སོང་ནས། སྲོག་ཆགས་མེད་པའི་ཆུ་བླངས་ཏེ་ལན་བདུན་མངོན་པར་

བསྔགས་པར་བྱས་ནས་རིག་པ་འདིས་ཆུ་ལ་གདབ་བོ། །གང་ཞེ་ན། ན་མཿ ས་མནྟ་བུད་དྷཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོྃ་སརྦ་དུཥྚ་སྟཾ་བྷ་ཡ་ཧཱུྃ། ན་དཱི་བ་ར་དྷ་རི་ཎེ། ས་མ་ཡ་མ་ནུ་སྨ་ར་ཕཊ་ཕཊ་སྭཱ་ཧཱ། འདིས་སྲུང་བ་བྱས་ནས་ཕྱོགས་རྣམས་བཅིང་བ་

དང་། གྲོགས་རྣམས་དང་། དཀྱིལ་འཁོར་བཅིང་བ་དང་། ཁ་བཅིང་བ་དང་། གདུག་པ་དང་། རབ་ཏུ་གདུག་པ་རྣམས་ཐམས་ཅད་འགུགས་པར་བྱེད་པ་དང་། བགེགས་བཅིང་བ་ལ་ཡང་སྲད་བུ་ལ་ལན་བདུན་བཟླས་ནས་རྐེད་པའི་ཕྱོགས་སུ་བཅིངས་པས་ཐམས་

ཅད་ཡོངས་སུ་འཆགས་པ་དང་། བཟླས་པའི་དུས་ཐམས་ཅད་དང་། ཁྲུས་ཀྱི་དུས་ཐམས་ཅད་དང་། གདུག་པའི་བགེགས་རྣམ་པར་གཞོམ་པ་དང་། རབ་ཏུ་ཞི་བའི་དོན་དུ་སྔགས་འདི་སྟོང་ཕྲག་གཅིག་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་བྱེད་དོ། །པདྨའི་

གདན་ལ་ཕྱག་རྒྱ་ཆེན་པོ་དང་ལྡན་པ་དགོད་པར་བྱའོ། །ལས་རྣམས་ཐམས་ཅད་དུ་ཐམས་ཅད་ཀྱི་རྣམ་པ་གཞན་དུ་མི་འགྱུར་རོ། །དེ་ནས་སྒྲུབ་པ་པོས་ས་ལས་བྱུང་བའི་ཕྱེ་མ་ལ་སོགས་པ་རྣམས་བླངས་ནས་ཇི་ལྟར་བདེ་བར་ཁྲུས་བྱ་ཞིང་སྲོག་ཆགས་མེད་པའི་

เล่ม ๙๓ · หน้า 287b

ཆུས་ཁྲུས་བྱས་ཏེ། ཐམས་ཅད་དུ་ལས་ཐམས་ཅད་ལ་སྲོག་ཆགས་མེད་པ་ཉིད་ཀྱིས་བྱའོ། །དེ་ནས་ཁྲུས་བྱས་ནས་སའི་རང་བཞིན་ནམ་གཞན་དྲི་ཞིམ་པོ་དང་ལྡན་པའི་དྲི་དང་། ཡོ་བྱད་ཀྱི་ཁྱད་པར་གྱིས་རྗེས་སུ་བྱུག་པར་བྱའོ། །ཆུའི་ནང་དུ་མཆིལ་མ་དང་།

བཤང་བ་དང་གཅི་བ་ལ་སོགས་པ་ཡང་དོར་བར་མི་བྱའོ། །རྩེ་བར་ཡང་མི་བྱའོ། །སྙིང་རྗེ་དང་ལྡན་པས་བདག་དང་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་པར་བྱ་སྟེ། བདག་མེད་པ་དང་། སྟོང་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་ཉེ་

བར་འགགས་པ་དང་། ཚོར་བས་མངོན་པར་ནོན་པ་དང་། ཆུ་རླབས་བཞིན་དུ་མངོན་པར་འབྱུང་བའི་རབ་ཏུ་སྦྱོར་བའི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་རྣམས་འདི་ལྟར་སྒྲུབ་པ་དང་བྲལ་བ་སྔགས་ཤེས་པས་གང་དེ་བཞིན་དུ་དུག་དང་། གཅོད་པ་དང་། ལྟུང་

བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིགས་པ་ལ་སོགས་པ་རྣམས་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་འགོག་པར་བྱ་བཞིན་པ། འཁོར་བའི་རྒྱ་མཚོ་ཐིབས་པོ་གནས་པའི་བདག་ཉིད་དུ་མཐོང་ཞིང་གནས་མེད་པ་དང་སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། ཤིན་

ཏུ་དམན་པའི་ཡིད་ཅན་གྱི་བདག་ཉིད་དུ་བརྟགས་ནས་སྒོམ་པ་པོ་མགྲིན་པ་ནུབ་ཙམ་གྱི་ཆུ་ན་གནས་པའམ། ལྟེ་བ་ཙམ་དུ་གནས་པའི་ཆུ་དེ་ཉིད་ཀྱི་ནང་དུ་སེམས་རྩེ་གཅིག་ཏུ་ཉེ་བར་གཟུང་བར་བྱའོ། །དང་པོར་རེ་ཞིག་པདྨ་ཆེན་པོའི་འདབ་མ་ལ་མེ་ཏོག་ཆེན་པོ་དང་ལྡན་པ་པདྨ་ཆེན་པོའི་ལོ་མས་

ཉེ་བར་མཛེས་པ། བལྟ་ན་སྡུག་པ། རིན་པོ་ཆེ་བཻ་ཌཱུརྱའི་རང་བཞིན་ལས་བྱུང་བའི་སྡོང་བུ་དང་། རིན་པོ་ཆེ་མ་ད་ཀ་ལས་གྲུབ་པའི་པདྨའི་གེ་སར་དང་། ཤེལ་ལས་བྱས་པའི་སྡོང་པོ་ལེགས་པར་ཁ་ཕྱེ་བ་དང་དེའི་རྗེས་སུ་སྐྱེས་པའི་ཤེལ་དང་པདྨ་རཱ་གའི་མེ་ཏོག་རྣམས་ཀྱིས་མཛེས་པའོ། །

དེའི་སྟེང་དུ་སེང་གེའི་ཁྲི་རིན་པོ་ཆེ་དུ་མས་ཉེ་བར་མཛེས་པ་རས་བཅོས་བུ་ཟུང་གིས་བཀབ་པའོ། །དེའི་སྟེང་དུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་བསམ་པར་བྱ་སྟེ། ཆོས་སྟོན་པར་མཛད་ཅིང་བཞུགས་པ་གསེར་གྱི་མདོག་ཏུ་སྣང་བ་ཀུན་ནས་འོད་འབར་བའི་ཕྲེང་བས་ཁྱབ་

เล่ม ๙๓ · หน้า 288a

པའི་འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ་ཚད་ཆེན་པོ་ནམ་མཁའ་ལྟ་བུ་མཆོག་ཏུ་བྲིས་བཞིན་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། པདྨ་ཆེན་པོའི་གདན་ལ་བཞུགས་

བ། རྔ་ཡབ་བསྣམས་པ། བཅོམ་ལྡན་འདས་བཞུགས་པའི་གྲྭ་ན་འཁོད་དེ། ལུས་དམར་སེར་གུར་གུམ་བཏགས་པའི་ཁ་དོག་ལྟ་བུའོ། །གཡོན་དུ་འཕགས་པ་མཐུ་ཆེན་པོ་ཐོབ་སྟོན་ཀའི་སྤྲིན་ལྟར་དཀར་བ་ཕྱག་ན་རྔ་ཡབ་ཐོགས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་

བརྒྱད་ལ། འཕགས་པ་བྱམས་པ་དང་། ཀུན་དུ་བཟང་པོ་དང་། སའི་སྙིང་པོ་དང་། ནམ་མཁའི་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། འཕགས་པ་འཇམ་དཔལ་དང་། འཕགས་པ་ཕྱག་ན་རྡོ་རྗེ་དང་། ནོར་བཟང་ཞེས་པ་བྱང་ཆུབ་སེམས་དཔའ་བཅུ་པོ་འདི་

རྣམས་ཀྱི་གཡས་སུ་རང་སངས་རྒྱས་བརྒྱད་བསམ་པར་བྱ་སྟེ། ཙནྡན་དང་། སྤོས་ངད་ལྡན་དང་། ཏོག་དང་། ཏོག་དཀར་དང་། འདོད་པ་དང་། ཉེ་བའི་འདོད་པ་དང་། མུ་ཁྱུད་དང་། མུ་ཁྱུད་བརྒྱད་དོ། །དེ་ཉིད་དུ་ཉན་ཐོས་ཆེན་པོ་བརྒྱད་གནས་པ་ལ་འདི་ལྟ་སྟེ་འཕགས་པ་

མཽད་གལ་གྱི་བུ་ཆེན་པོ་དང་། འཕགས་པ་ཤཱ་རིའི་བུ་དང་། བ་ལང་བདག་དང་། བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། པི་ལིན་དའི་བུ་དང་། འཕགས་པ་སྒྲ་གཅན་ཟིན་དང་། འཕགས་པ་འོད་སྲུང་ཆེན་པོ་དང་། འཕགས་པ་ཀུན་དགའ་བོ་ཞེས་པའི་ཉན་ཐོས་ཆེན་པོ་དེ་རྣམས་དང་ཉེ་བར་

དགེ་སློང་གི་དགེ་འདུན་མཐའ་ཡས་པ་བསྒོམ་པར་བྱའོ། །རང་སངས་རྒྱས་རྣམས་དང་ཉེ་བར་རང་སངས་རྒྱས་མཐའ་ཡས་པ་བསྒོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་བརྒྱད་པོ་རྣམས་ཀྱི་གནས་སུའང་བྱང་ཆུབ་སེམས་དཔའི་དགེ་འདུན་མཐའ་ཡས་པ་བསྒོམ་པར་བྱའོ། །དེ་

བཞིན་དུ་ཀུན་ནས་འཁོར་གྱི་དཀྱིལ་འཁོར་དུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྡན་པར་བསྒོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་ལྟེ་བ་ཙམ་གྱི་ཆུ་ལ་གནས་བཞིན་དུ་ལྷ་དང་མིའི་མེ་ཏོག་རྣམ་པ་སྣ་ཚོགས་པ་ལ་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་

เล่ม ๙๓ · หน้า 288b

ཆེན་པོ་དང་། པདྨ་དང་། པདྨ་ཆེན་པོ་དང་། དྷཱ་ནུ་སྐཱ་རི་ཀ་དང་། པརྵི་ཀ་དང་ཨིནྟྲ་བ་རའི་མེ་ཏོག་རྣམ་པ་སྣ་ཚོགས་པ་ཚད་ཆེན་པོ་ཕུང་པོ་ཆེན་པོར་གནས་པ་རི་རབ་ཙམ་གྱི་མེ་ཏོག་གི་ཕུར་མས་བཅོམ་ལྡན་འདས་ལ་མཆོད་པ་བྱ་ཞིང་། འཕགས་པ་ཉན་ཐོས་དང་རང་

སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། ལྷ་དང་མིའི་མར་མེ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཡིད་དུ་འོང་བ་རྣམས་ཀྱིས་མཆོད་པར་བྱའོ། །དེ་བཞིན་

དུ་གཏོར་མ་དང་། བདུག་པ་དང་། ལྷ་བཤོས་དང་། མཆོད་པ་དང་། བསྙེན་བཀུར་ལ་སོགས་པ་ཡོ་བྱད་ལྷ་དང་མིའི་ཉེར་མཁོ་རྣམས་དབུལ་བར་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་མངོན་པར་འཕྲོ་བཞིན་པས་བདག་ཉིད་དང་

ཕྱོགས་ཐམས་ཅད་ཀྱང་ཀུན་དུ་སྣང་བཞིན་པར་བསྒོམ་པར་བྱའོ། །སྒོམ་པ་པོ་བསམ་གཏན་ལ་ཞུགས་མ་ཐག་ཏུ། ཚངས་པའི་བསོད་ནམས་ཀྱི་འབྲས་བུ་ཐོབ་བོ། །ངེས་པར་བྱང་ཆུབ་མཆོག་ཏུ་གཞོལ་བར་འགྱུར་རོ། །དེ་ལྟ་བུ་སོགས་བསམ་གཏན་རྣམས། །

འཇིག་རྟེན་སྐྱེས་མཆོག་རྣམས་ཀྱིས་གསུངས། །འབྱུང་པོ་ཀུན་ཀྱང་ལེགས་པ་དང་། །སྔགས་པ་རྣམས་ལ་ཕན་དོན་དང་། །དེ་ཚེ་བསམ་གཏན་དང་པོའི་གཙོ། །སྔགས་པ་ཀུན་ལ་ཕན་དོན་དུ། །སེམས་ཅན་རྣམས་ཀྱི་ཕྱིར་གསུངས་སོ། །དེ་ནས་

ཐུབ་མཆོག་བདུན་པ་ཡི། །དཀྱིལ་འཁོར་རྣམ་པར་བརྗོད་པར་བྱ། །ཐུབ་པས་དང་པོར་གསུངས་པ་ཡིན། །གཉིས་པ་ཡི་ནི་དཀྱིལ་འཁོར་དང་། །གསུམ་པར་ཡང་ནི་དེ་ལས་གཞན། །དང་པོར་མཆོག་གི་དངོས་གྲུབ་སྟེ། །བར་མ་ལ་ནི་དེ་

བཞིན་གཞན། །ཆུང་ངུ་ལ་ནི་ཕྲན་ཚེགས་འགྲུབ། །ཐུབ་པ་མཆོག་གིས་ངེས་པར་གསུངས། །དེ་བཞིན་རས་རིས་བསམ་གཏན་ནི། །ཐུ་བོ་བར་མ་ཆུང་ངུ་སྟེ། །ཐམས་ཅད་སྡིག་པ་འཇིག་བྱེད་པའོ། །དེ་ལས་གཞན་ཡང་མཁས་པས་ནི། །

เล่ม ๙๓ · หน้า 289a

བསམ་གཏན་རྣམ་པ་རབ་བསྒྲུབ་བྱ། །བསམ་གཏན་དེ་ལ་རབ་གནས་ན། །སྔགས་རྣམས་དེ་ལ་འགྲུབ་པར་འགྱུར། །ཇི་ལྟར་འདོད་པའི་ཆོ་ག་བཤད། །ཟློས་པོས་བསམ་གཏན་བསྒོམས་ནས་ནི། །སྔགས་ཀྱི་མཆོད་ཡོན་དེར་ཕུལ་ནས། །ཇི་ལྟར་བདེ་བར་གཤེགས་

སུ་གསོལ། །ཆུ་ཚོགས་དེ་ལས་བསྒྲལ་ནས་ནི། །དེ་ནས་ཇི་ལྟར་བདེ་བར་འགྲོ། །གནས་ནི་སྔོན་དུ་ངེས་བསྟན་པར། །ཆོ་ག་མཐོང་བས་ལེགས་ཞི་བར། །དེ་ལ་སྔགས་པས་གསང་སྔགས་བཟླས། །སྔར་ལས་ཇི་ལྟར་བརྗོད་པ་བཞིན། །རང་གི་ལྷ་ནི་སྤྱན་དྲངས་པ། །དེར་ནི་སྔགས་

ཀྱིས་གཤེགས་སུ་གསོལ། །དེ་ནས་བདག་ཉིད་དེ་བཞིན་ཉིད། །གྲོགས་པོ་རྣམས་ནི་བསྲུངས་བྱས་ནས། །དགེ་བའི་ལས་ཀྱིས་དེ་ཉིད་ཤེས། །ཆོ་གའི་ལས་ལ་དགའ་ཞིང་འདུད། །རྣམ་པ་སྣ་ཚོགས་བསྟོད་མཆོད་ཀྱིས། །གང་ཟག་མཆོག་ལ་ཀུན་བསྟོད་ནས། །རང་སྔགས་

སྔགས་ཀྱིས་མགོན་པོ་དང་། །ཉན་ཐོས་རང་རྒྱལ་བསེ་རུ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །འཇིག་རྟེན་གསུམ་པོ་རྗེས་འཛིན་བཟོད། །དེ་ནས་གསང་སྔགས་ཟློས་པ་པོས། །སྟན་དེ་ལས་ནི་སླར་ལངས་ནས། །ཐག་རིང་གནས་སུ་སོང་ནས་ནི། །ཕྱི་རོལ་རླུང་

གི་རྣམ་པར་སྤངས། །སྣབས་དང་མཆིལ་མ་རྣམ་པར་དོར། །བཤང་དང་གཅི་བའང་དེ་བཞིན་ནོ། །ཉིན་པར་བྱང་དུ་ཁ་ཕྱོགས་ཤིང་། །མཚན་མོ་ལྷོ་རུ་ཁ་བལྟའོ། །སྔགས་ཟློས་པོས་ནི་ནམ་ཡང་དེར། །དོན་རྣམས་བསམ་པར་མི་བྱའོ། །དེར་ནི་རང་ལས་བྱེད་གསུངས་

པའི། །སྔགས་ཀྱི་བཟླས་པ་མི་བྱའོ། །རབ་སྔགས་འགྲོ་བ་མཚན་སོགས་ཀྱི། །དེ་ཚེ་ས་སྟེངས་ཉེར་འདུག་སྟེ། །དག་པའི་ཆུ་ཡིས་ཉེ་རེག་བྱ། །གཙང་མའི་གོས་མཐའ་ཆུར་གཞུག་བྱ། །ས་ཡི་ཕུང་པོ་བདུན་ཉིད་ཀྱིས། །འབད་པས་རྐང་པ་བཀྲུས་བྱས་ནས། །རབ་ཏུ་

འཛག་པ་བདུན་བླངས་ནས། །བཤང་བ་འཛག་པ་སུམ་ཅུ་སྟེ། །གཉིས་ཀའི་མཐའ་ལ་ལག་པ་དག །མཆིལ་མ་དོར་བ་ཉིད་དང་ནི། །སྣབས་ལའང་གཉིས་དེ་དེ་བཞིན་ནོ། །དེ་ནས་འབད་པས་ཉེ་རེག་བྱ། །གནས་ལ་རིང་དུ་སོང་བའི་སར། །དེ་བཞིན་སྒྲ་ཙམ་

เล่ม ๙๓ · หน้า 289b

སོང་ནས་ནི། །ལམ་ལ་སོགས་པ་ཡངས་པ་རུ། །དེ་ནས་གཞན་གྱི་ཅི་འདོད་བཞིན། །ལྷོ་ཕྱོགས་མཐའ་ཡི་ཕྱི་རོལ་ཏུ། །ཆུ་དང་གཡང་ས་མེད་པ་དང་། །དེ་བཞིན་བྱེ་མས་ཁྱབ་པ་དང་། །ཆུ་ཀླུང་སྤངས་ཤིང་ངོགས་ཀྱང་སྤངས། །འབད་པས་མི་གཙང་ཆུ་སྤངས་པར། །

གསང་ཞིང་ཤིན་ཏུ་སྦྱངས་པ་དང་། །བས་མཐའ་ལྗོངས་ནི་སྤངས་པ་དང་། །རྣམ་པར་དབེན་པའི་སར་སོང་ནས། །སྔགས་པས་མི་གཙང་དོར་བར་བྱ། །ཟློས་པོ་དུས་ནི་ཤེས་བྱས་ནས། །ཇི་ལྟར་འདོད་པའི་ཤུགས་དག་མིན། །དེ་ནས་དག་པའི་ཕྱོགས་སོང་སྟེ། །བས་མཐར་དེ་

བཞིན་བཤང་བ་དང་། །གཅི་བའི་བྱ་བ་བྱས་ནས་ནི། །དེ་རུ་ལུས་ནི་ཅི་བདེ་བར། །གཉིས་ཀའང་གསང་གཡོགས་སྦས་པ་དང་། །སྐྱེ་བོ་མེད་པའི་ས་སྤང་བར། །གསང་སྔགས་རྒྱལ་པོ་བསྒྲུབ་པར་བྱ། །དེ་བཞིན་ཁོ་ནར་ཐམས་ཅད་དུ། །རི་བོ་དང་ནི་ཚང་ཚིང་དང་། །བས་

མཐའི་གནས་མལ་ཉམས་དགའ་བ། །དེ་བཞིན་རྒྱལ་བས་སྤངས་པ་ཡི། །གདུག་པའི་སེམས་ཅན་རྣམ་བྲལ་བར། །གསང་སྔགས་རྒྱལ་པོ་ཐམས་ཅད་སྒྲུབ། །རྒྱལ་པོ་ཆོས་དང་ལྡན་པའི་ཡུལ། །སྐྱེ་བོ་གཙང་སྦྲ་སྤྱོད་ལ་དགའ། །མ་དང་ཕ་ལ་གུས་པ་དང་། །གཉིས་

སྐྱེས་རིགས་ཀྱིས་དོར་བ་རུ། །ལྷ་རྣམས་དངོས་གྲུབ་ཐོབ་པར་འགྱུར། །གནས་དེར་ཡིན་གྱིས་གཞན་དུ་མིན། །ཉམས་དགའ་སྐལ་ལྡན་ཤིང་རྟའི་འགྲམ། །ཡ་མུ་ན་ཉིད་རབ་མཛེས་པ། །སིན་དྷུ་ན་ར་མ་ད་བཀྵེ། །ཟླ་བའི་ཆ་ནི་གཙང་མའི་འགྲམ། །ཀཱ་བེ་རཱི་དང་

དབྱངས་ཅན་ཉིད། །ཆུ་ཀླུང་ཆེན་པོ་ཤཱི་ཏ་ཉིད། །འདི་གྲུབ་ཞིང་གཞན་མ་ཡིན་པར། །སྟོབས་བཅུ་ལྡན་སྲས་རྣམས་ཀྱིས་བཤད། །སྟོབས་བཅུ་པ་ཡིས་གསུངས་པའི་ཞིང་། །བྱང་ཕྱོགས་ལམ་མེད་རི་བོ་དང་། །ཁ་ཆེ་དང་ནི་རྒྱ་ཡུལ་དང་། །བལ་ཡུལ་དེ་བཞིན་མང་ཡུལ་དང་། །

རྒྱ་ནག་ཆེ་དང་ལི་ཡུལ་ཉིད། །དེ་དག་མ་ལུས་གྲུབ་པའི་ཞིང་། །བྱང་གི་ཕྱོགས་སུ་བརྟེན་པ་ཡི། །གང་ཡང་རི་དང་ཆུ་བོ་དང་། །བསོད་ནམས་ཡུལ་དུ་རབ་ཏུ་བརྗོད། །ནས་དང་གྲོ་ནི་ཟ་བའོ། །གང་དུ་སེམས་ཅན་སྙིང་རྗེ་ལྡན། །དེ་རུ་རྟག་པར་དངོས་གྲུབ་འགྱུར། །དཔལ་

เล่ม ๙๓ · หน้า 290a

གྱི་རི་བོ་བྲག་རི་ཆེ། །ལྷོ་ཕྱོགས་ཡུལ་དུ་གནས་པ་ཡི། །དཔལ་ལྡན་འབྲས་ཕུང་མཆོད་རྟེན་ནི། །ས་སྟེངས་རྒྱལ་བའི་རིང་བསྲེལ་འཛིན། །དེར་ནི་སྔགས་རྣམས་བསྒྲུབ་པར་བྱ། །མྱུར་དུ་ལས་དང་ལས་རྣམས་སོ། །རྡོ་རྗེ་གདན་དང་མཆོད་རྟེན་ཆེ། །ཆོས་

ཀྱི་འཁོར་ལོ་མཛེས་པ་དང་། །གང་དུ་ཐུབ་གཙོ་ཞི་བར་གཤེགས། །དེར་ཡང་དངོས་གྲུབ་བལྟ་བར་བྱ། །ལྷ་ལས་བབས་པའི་མཆོད་རྟེན་ནི། །ས་པཀྵེ་དང་ཆོ་འཕྲུལ་ཆེ། །སེར་སྐྱ་ཞེས་བྱའི་གྲོང་མཆོག་དང་། །ལུམྦིའི་ཚལ་དུ་འཁྲུངས་པ་དེར། །གསང་སྔགས་

རྒྱལ་པོ་འགྲུབ་པར་འགྱུར། །རྒྱལ་བས་བསྟོད་ཅིང་རབ་བསྔགས་པའི། །བྱ་རྒོད་ཕུང་པོའི་རི་དེར་དང་། །དེ་བཞིན་བྲག་དང་བསིལ་བའི་ཚལ། །མེ་ཏོག་ཞེས་བྱའི་གྲོང་མཆོག་དང་། །དེ་བཞིན་རྟག་ཏུ་ཀཱ་ཤའི་གྲོང་། །བཅོམ་བརླག་ཀ་ནྱ་ཀུབ་ཛི་དང་། །ས་སྟེངས་

གྲོང་ནི་འཕགས་རྒྱལ་དང་། །མཆོད་རྟེན་དེ་བཞིན་ཡངས་པ་ཅན། །རྟག་ཏུ་ས་སྟེངས་མི་ཐི་ལ། །གྲོང་དང་གྲོང་ཁྱེར་གཙོ་བོ་རྣམས། །གང་གཞན་རྒྱལ་བ་ཡང་དག་འབྱུང་། །རབ་བསྔགས་བསོད་ནམས་ཡུལ་དག་ཏུ། །དེ་རྣམས་སུ་ནི་དངོས་གྲུབ་སྒྲུབ། །འདི་རྣམས་

ལས་གཞན་ཡུལ་རྣམས་ནི། །གྲོང་དང་ལྗོངས་དང་རི་བོ་དང་། །གནས་དང་གྲོང་མཆོག་གཙོ་བོ་ནི། །འོ་མའམ་འབབ་ཆུ་ལ་བརྟེན་པ། །དེར་ནི་རྣམ་དབེན་རྗེས་འཇུག་ཅིང་། །བཟླས་དང་སྦྱིན་སྲེག་དགའ་བར་འགྱུར། །གནས་ནི་བླ་གབ་མེད་པ་དང་། །རྟག་ཏུ་ཁང་པ་

སྟོང་པ་རུ། །སྔོན་དུ་བསྙེན་པ་བྱ་བའོ། །སྔགས་རྣམས་རྗེས་མཐུན་ལས་རྣམས་ནི། །སྔགས་པས་རྟག་ཏུ་ཡུལ་དབུས་སུ། །སྔགས་བཟླས་ཡང་དག་འདོད་པར་བྱ། །བཟླས་ལ་རབ་ཞུགས་རྟག་ཏུ་བརྩོན། །སྔགས་རིག་གཏོང་བ་དག་ལ་གོམས། །ཚུལ་ཁྲིམས་

སྤྱོད་ཅིང་ཤིན་ཏུ་བརྟན། །འབྱུང་པོ་ཀུན་ལ་ཕན་པར་དགའ། །སྔགས་ཀྱི་སྤྱོད་པ་ལ་དད་པ། །བརྟུལ་ཞུགས་ཅན་གྱིས་སྔར་བཞིན་བཟླས། །གཙང་མའི་ཡུལ་དང་གཙང་སྦྲ་ཅན། །ཀླ་ཀློ་རྐུན་མ་སྤངས་པ་དང་། །དེར་ནི་བསྐལ་པ་ཆེན་པོར་གནས། །དམ་ཚིག་སྣང་བ་

เล่ม ๙๓ · หน้า 290b

བྲལ་བའི་ཕྱིར། །དམྱལ་བ་མི་བཟད་མུན་པ་རུ། །བྱིས་པའི་སྐྱེ་བོ་འཚེད་པར་བྱེད། །དམ་པའི་ཆོས་ལ་སྨད་པ་དང་། །མི་ཤེས་མུན་པས་བསྒྲིབས་པ་དང་། །ཡེ་ཤེས་བྱིས་པའི་ངོ་བོ་འམ། །རྨོངས་པ་ལོག་པའི་ང་རྒྱལ་ཅན། །རིག་པའི་རྒྱལ་པོ་བརྙས་བྱེད་པ། །མི་

བཟད་དམྱལ་བར་ལྟུང་བར་འགྱུར། །དེ་ཕྱིར་སྡིག་པ་མི་བྱ་ཞིང་། །ལོག་པར་སྨྲ་བའང་སྨད་པ་ཡིན། །དམ་པའི་ཆོས་ལ་བརྙས་པ་དང་། །ལོག་པར་ལྟ་བ་སྨད་པ་ཡིན། །དེ་ཕྱིར་རྟག་ཏུ་དད་གྱུར་ནས། །གསང་སྔགས་ཆོ་ག་རྟག་ཏུ་བསྟེན། །བདེན་པར་སྨྲ་ཞིང་ཆོས་ཤེས་པ། །

སེམས་ཅན་རྣམས་ལ་རྟག་ཏུ་ཕན། །སྔགས་ཤེས་སྔགས་ནི་སྟེན་པར་བྱེད། །དེ་ཡི་དངོས་གྲུབ་ངེས་པར་འགྱུར། །མཆོག་དང་འབྲིང་དང་ཐ་མ་ཡིས། །ལས་ནི་རྣམ་པ་སྣ་ཚོགས་བྱེད། །ལས་རྣམས་བྱ་བ་རྣམས་ཀྱིས་བྱེད། །རྟག་ཏུ་ཕན་པའི་བྱ་བ་ཡིས། །བྱ་བའི་

ལས་དང་ཡང་དག་ལྡན། །དེ་ལ་རྟག་ཏུ་གྲུབ་པར་འགྱུར། །བྱ་བའི་དོན་དང་དོན་ཀུན་ཕྱིར། །ལས་ནི་རྣམ་པ་སྣ་ཚོགས་བྱ། །བྱ་བའི་དོན་དུ་བྱ་མིན་གང་། །བྱ་བའི་ལས་ལ་སྦྱར་བར་བྱ། །འབྲས་བཅས་ཉིད་ཀྱི་བྱ་དོན་གྱི། །བྱ་བ་ཉིད་དུ་རྟག་ཏུ་བྱ། །བྱ་བ་ལས་དང་འབྲས་

བུ་ཉིད། །བྱ་བ་ལས་འབྲས་རྟག་ཏུའོ། །འབྲས་མེད་འབྲས་བུ་ཉིད་འགྱུར་ཞིང་། །འབྲས་བུ་ཉིད་ཀྱང་རྟག་ཏུ་འབྲས། །འབྲས་མེད་འབྲས་བུ་བཅས་པ་ཉིད། །ཐམས་ཅད་ཉིད་ཀྱང་འབྲས་བུ་བཅས། །རྣལ་འབྱོར་སྔགས་ནི་བསྒྲུབ་བྱ་སྟེ། །ཡང་དག་སྦྱོར་དང་བྲལ་

བ་ཡང་། །བྲལ་དང་ཡང་དག་ལྡན་སྒྲུབ་པོ། །བསྒྲུབ་བྱ་སྒྲུབ་བྱེད་མེད་པར་ནི། །དེ་ལ་གྲུབ་པ་ཡོད་མ་ཡིན། །གྲུབ་པའི་རྫས་ནི་ཐམས་ཅད་ཀྱང་། །གྲུབ་པའི་རྒྱུ་དང་འགལ་བ་ཡིན། །སྔགས་ཀྱི་དངོས་གྲུབ་མ་གྲུབ་པ། །སྔགས་ནི་སྒྲུབ་པར་བྱེད་པའི་རྒྱུ། །བྱེད་པར་འདོད་

པ་དེ་ལས་ཏེ། །འདོད་པའི་ལས་ནི་བྱང་བར་འགྱུར། །ལས་མིན་ལས་ནི་ཐམས་ཅད་ལ། །ལས་ཀྱི་རྒྱུད་ནི་མི་བྱའོ། །སྔགས་དང་རྒྱུད་ཀྱི་དོན་ལྡན་པའི། །ལས་ནི་མཐའ་དག་བརྩམ་པར་བྱ། །བརྩམས་དང་རྩོམ་པའི་འདུད་པ་ཡི། །ལས་ཉིད་བརྩམ་པར་མི་བྱའོ། །

เล่ม ๙๓ · หน้า 291a

བྱ་བ་མ་བརྩམས་སྔགས་རྣམས་ནི། །ལུས་ཅན་ཀུན་ལ་འགྲུབ་མི་འགྱུར། །སེམས་ཅན་ཀུན་རྗེས་སྐྱོང་བ་ཡི། །ཐུབ་པའི་གཙོ་བོས་སྔོན་གསུངས་པ། །གསང་སྔགས་སྨྲ་བས་བསྟན་པ་ཡི། །རྒྱལ་བའི་སྲས་ཀྱི་ཡང་དག་སྡོམ། །སྒྲུབ་པོ་སྔགས་ནི་ཀུན་

ཤེས་ཤིང་། །རྟོག་པའི་རྒྱལ་པོ་འདི་ལ་ཚིག །སྔགས་ཀྱི་ཚུལ་གྱིས་བསྟན་པ་ཡིན། །ལམ་ནི་བྱང་ཆུབ་རྒྱུར་གྱུར་པ། །སྔགས་ཀུན་ཉིད་ནི་སྒྲུབ་པར་བྱེད། །རིག་པ་མཉམ་པར་འགྱུར་བ་ཡིན། །དེ་ནི་རིང་པོར་མི་ཐོགས་པར། །མཁས་པས་དངོས་གྲུབ་འགྱུར་བ་

ཡིན། །འབྱུང་པོ་ཐམས་ཅད་ཞི་དོན་དུ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྒྲགས། །གསང་སྔགས་ཚུལ་གྱི་ལམ་འདིས་ནི། །མྱ་ངན་འདས་གྲོང་འགྲོ་བ་ཡི། །དེ་བཞིན་རྟག་ཏུ་བྱང་ཆུབ་ལམ། །ཆོས་དོན་ཐམས་ཅད་རྫོགས་པར་བྱེད། །དེ་ཡི་མཐར་ཐུག་དཔུང་གཉེན་

ནི། །དང་པོ་གནས་ནི་སངས་རྒྱས་ཉིད། །དེ་བཞིན་འདིར་ནི་ལྷུན་གྲུབ་ཏུ། །འབྲས་བུར་བཅས་པའི་དངོས་གྲུབ་ཐོབ། །སྣ་ཚོགས་ལས་དང་ཆོས་ཤེས་པ། །སྔགས་རྣམས་བྱེད་པར་འགྱུར་བ་ཡིན། །ཚུལ་ཁྲིམས་བསམ་གཏན་རྣམ་ཐར་རྣམས། །འདི་རྣམས་མདོར་

བསྡུས་ཐོབ་པ་ཡིན། །དངོས་གྲུབ་དོན་ཀུན་སྒྲུབ་བྱེད་པ། །རྒྱལ་བ་གཙོ་བོས་གསུངས་པ་ཡིན། །གང་ཟག་རྐང་པའི་དོན་ཐོབ་པ། །དམ་པའི་འགྲོ་བར་གནས་པ་དང་། །དེ་བཞིན་རྟག་ཏུ་གནོད་སྦྱིན་གཙོ། །ཐ་མས་རྒྱལ་སྲིད་རྒྱུ་ཡིན་ཏེ། །ལྷ་མིན་ལྷ་ཡི་འཇིག་རྟེན་

གྱི། །དེ་བཞིན་དེ་རྣམས་བདག་པོ་ནི། །སྔགས་པས་ཐམས་ཅད་ཐོབ་པར་འགྱུར། །བྱ་བ་འབྲས་བཅས་བྱེད་པར་འགྱུར། །གཙང་སྦྲའི་ཀུན་སྤྱོད་ཡང་དག་ལྡན། །ཚུལ་ཁྲིམས་བསམ་གཏན་རྟག་ཏུ་དགའ། །སྔགས་རྣམས་ཀུན་ཏུ་གསུངས་པ་ཡིན། །དེ་ནས་

སྔགས་པས་སྔགས་བཟླས་བྱ། །སྔགས་པ་འབྱོར་བ་འདོད་པ་ཡིས། །རྣམ་པ་སྣ་ཚོགས་ལས་བྱས་ཏེ། །དེ་བཞིན་མཆོག་དང་བར་མ་དང་། །ཐ་མ་ཉིད་ཀྱང་བྱ་བ་ཡིན། །ཐ་མས་ལོངས་སྤྱོད་འཕེལ་བ་ཡིན། །བར་མས་གོང་མའི་ལུས་ཅན་ཉིད། །མཆོག་ཉིད་

เล่ม ๙๓ · หน้า 291b

ཀྱིས་ནི་ལྡང་བ་ཉིད། །ཟློས་པོས་རྟག་ཏུ་ཐོབ་པར་བྱེད། །སྔགས་པས་བཟླས་མཐར་ངལ་བསོ་ཞིང་། །ཇི་སྲིད་དུས་སུ་བརྟག་པར་བྱ། །བཟླས་པའི་དུས་ལ་བབ་པ་ན། །དེར་ནི་བསྒྲུབ་པ་བྱ་བ་ཡིན། །དེ་བཞིན་ལས་རྣམས་སྒྲུབ་པར་བྱེད། །དེ་ལ་རྟག་ཏུ་

བཟླས་པས་སྐྱེས་བུ་རང་གི་སྡིག་པ་ཟད་པར་བྱེད་དོ། །སྔགས་པས་སྔོན་ལས་ཀྱི་ཆོ་ག་གང་བྱས་པ་སྐྱེ་བ་བརྒྱུད་པ་རྣམས་སུ་གྲུབ་པར་གནས་པ་དེ། དེ་བཞིན་དུ་ལས་ཚོགས་ལ་རྙེད་པར་འགྱུར་བ་དེ་སྐྱེས་པས་སྔགས་བཟླས་པས། སླར་ཡང་སྔགས་ཟློས་པ་པོའི་སྡིག་པ་

ཟད་པའི་དོན་དང་། ལས་དེ་འཇོམས་ཤིང་སྔགས་གྲུབ་པར་འགྱུར་ཏེ། དེ་བཞིན་དུ་མཆོག་དང་། བར་མ་དང་ཐ་མའི་འཇིག་རྟེན་གྱི་མཆོད་པ་དང་བཟླས་པས་སྡིག་པ་མ་ལུས་པར་ཟད་པར་བྱེད་ཅིང་། སྐྱེ་བ་བརྒྱུད་པ་རྣམས་སུ་གང་བར་བྱས། སྡིག་པ་དེ་ཐམས་ཅད་འཇིག་

པར་བྱེད་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་བཟླས་པས། ལུས་རྣམ་པ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་དང་། ཐུབ་པ་རྣམས་ཀྱིས་གནས་པས་དགའ་བ་དང་། ཡོན་ཏན་ཐམས་ཅད་ཀྱིས་གྲགས་པར་འགྱུར་བ་དང་། གནོད་སྦྱིན་གྱི་ཁང་པར་གནས་པའི་རྒྱལ་པོ་

ཉིད་དང་། རྟག་ཏུ་དོན་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པ་དང་ལྡན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ལས། རས་རིས་བར་མའི་ཆོ་ག་རབ་

འབྱམ་སྟེ་དགུ་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། བྱང་ཆུབ་

སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་རིག་པའི་སྔགས་རྗེས་སུ་སྤྱོད་པ་སེམས་ཅན་མཐའ་དག་གི་དོན་ལ་བརྩོན་པ། སེམས་ཅན་རྣམས་གང་གིས་བཟླས་པར་བྱ་བའི་རིག་པའི་སྔགས་དང་། གང་དང་ལྡན་པས་བགྲང་བར་བྱ་བའི་བགྲང་ཕྲེང་གི་ཆོ་ག །རྒྱུད་ཐམས་ཅད་

เล่ม ๙๓ · หน้า 292a

ཀྱི་ཐུན་མོང་གི་སྒྲུབ་ཐབས་ཀྱི་ཆོ་ག་སྔགས་ཐམས་ཅད་ཀྱི་ཆོ་ག་དེ་ལེགས་པར་ཉོན་ལ། ལེགས་པར་ཡིད་ལ་ཟུང་ཤིག་བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་བདག་ཅག་ལ་རྗེས་སུ་བརྩེ་བས་ཉེ་བར་བླངས་ནས་རིག་པའི་སྔགས་ཐམས་ཅད་ཀྱི་སྤྱོད་པ་དང་། དམ་ཚིག་ལ་རབ་ཏུ་ཞུགས་པའི་སེམས་ཅན་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཡང་དེ་བཀའ་

སྩལ་དུ་གསོལ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་རྣམ་པར་དབྱེ་བ་རྒྱས་པར་བཤད་པར་བྱའོ་ཉོན་ཅིག །གང་

གིས་སྔགས་ཐམས་ཅད་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ། སེམས་ཅན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་དེ་གང་ཞེ་ན། དང་པོ་རེ་ཞིག །སྔགས་སུ་འགྱུར་བ་ནི། ན་མཿསརྦ་བུདྷཱ་ནཱཾ། ཨ་ཙིནྟྱ་དྡྷཱུ་ཏ། རཱུ་པི་ནཱཾ། ཨ་ཙིནྟྱདྡྷུ་ཏ། རཱུ་པི་ནཱཾ། ཏདྱ་ཐཱ། ཨོྃ་ཀུ་རུ་ཀུ་རུ་སརྦ་ཨཪྠ་སཱ་དྷཱ་ཡ། སརྦ་དུཥྚ་

བི་མོ་ཧ་ནི། ག་ག་ནཱ་བ་ལཾ་བེ། བི་ཤོ་དྷཱ་ཡ་སྭཱ་ཧཱ། རིག་པ་འདིས་བགྲང་ཕྲེང་ཐམས་ཅད་ལ་ལས་བྱའོ། །སྦྱང་བ་དང་། དབུགས་པ་དང་། བླང་བ་དང་། རྒྱུ་བ་ལ་སོགས་པའི་ལས་རྣམས་བྱའོ། །དང་པོ་བགྲང་ཕྲེང་ཤིང་ལ་ནི། ལན་གྲངས་སུམ་ཅུ་རྩ་བདུན་དུ། །དེ་ཡིས་

མངོན་པར་བསྔགས་བྱས་ནས། །བརྟུལ་ཞུགས་ཅན་གྱིས་བསྲུང་བ་བྱ། །མཚན་མོ་གཅིག་ཏུ་གཉིད་ལོག་ནས། །དེར་ནི་རྨི་ལམ་བརྟག་པར་བྱ། །མི་མ་ཡིན་གཟུགས་ཀུན་རྫོགས་པ། །མི་སྡུག་ལྷག་པར་མཆེ་བ་གཙིགས། །སྔགས་པ་ལ་ནི་དེས་སྨྲས་པ། །

བཅོམ་ལྡན་སེམས་པ་ཇི་བཞིན་ལོང་། །སྒྲུབ་པོ་ཐོ་རངས་ལངས་ནས་ནི། །ཤིང་དེ་རུ་ནི་འགྲོ་བར་བྱེད། །མི་སྡུག་གཟུགས་ལྡན་གཙིགས་པ་ཆེ། །རྨི་ལམ་དུ་ཡང་མ་མཐོང་ན། །སྔགས་པས་ཤིང་དེ་བོར་བར་བྱ། །དེ་ནས་གཞན་དུ་འགྲོ་བར་གྱིས། །དང་པོ་རུ་དྲཱཀྵ་

เล่ม ๙๓ · หน้า 292b

ཡིན་ཏེ། །དེ་ལས་གཞན་པ་དབང་པོའི་ཤིང་། །བོ་དེ་ཙེ་ནི་འདོད་པའོ། །གཞན་ཡང་འབྲས་བུ་འབྱུང་བ་ཡི། །ཤིང་ལ་འཛེགས་པའི་ལེགས་རྫོགས་པའི། །གྲོགས་དང་ལྷན་ཅིག་འཛེག་པར་བྱ། །གྲོགས་པོ་མེད་པར་གྱུར་ན་ནི། །རང་ཉིད་དེ་ལ་འཛེག་པར་བྱ། །སྟེང་

གི་ཡལ་གའི་འབྲས་གནས་སུ། །འཛེགས་ནས་ཕུན་ཚོགས་བརྟུལ་ཞུགས་ཅན། །དེ་ལ་རྟག་ཏུ་བག་ཡོད་པས། །སྟེང་གི་ཡལ་གའི་འབྲས་བུ་བླངས། །སྟེང་གི་ས་ལ་ལེགས་སྦྱར་བྱ། །སྟེང་གི་མཆོག་གི་དངོས་གྲུབ་ཏུ། །གང་ཟག་མཆོག་གིས་གསུངས་པ་ཡིན། །

བར་མར་དངོས་གྲུབ་འབྲིང་པོ་སྟེ། །ཐ་མ་ལ་ནི་འོག་མའོ། །སྲོག་ཆགས་རྣམས་ཀྱིས་མ་སྨད་པའི། །འབྲས་བུ་དེ་རྣམས་ཡང་དག་བླང་། །ནུབ་ཀྱི་ཡལ་ག་ལས་ཐོབ་པ། །རྫས་ཀྱི་རྒྱུར་ནི་བསྒྲུབ་པར་བྱ། །བྱང་གི་གནོད་སྦྱིན་མོ་ལ་སོགས། །ལྷ་རྣམས་ལྷན་ཅིག་འགུགས་

པར་བྱེད། །དགུག་པའི་བྱ་བ་བཤད་པ་ནི། །ཀུན་གྱི་དོན་དུ་ཞི་ཕྱིར་རོ། །ལྷ་དང་ལྷ་མིན་གཡུལ་འགྱེད་དང་། །མིའམ་ཅི་དང་སྲིན་པོ་རྣམས། །འདོད་པ་རྣམ་པ་སྣ་ཚོགས་བྱེད། །འབྱུང་པོ་ཐམས་ཅད་རྒྱས་པའི་ཕྱིར། །འབྲས་བུ་དང་བཅས་ལས་རྣམས་ནི། །མ་ལུས་སྤྱོད་

པ་བྱེད་པའོ། །ཤར་གྱི་ཕྱོགས་སུ་ཡལ་ག་དང་། །དེར་གནས་འབྲས་བུ་འབྱུང་བ་རྣམས། །དེ་བཞིན་འབད་པས་བྱས་གྱུར་ན། །ཚེ་རིང་པོ་ཡི་དོན་གྱི་རྒྱུ། །རྟག་ཏུ་སྔགས་ཀྱིས་དངོས་གྲུབ་འབྲས། །རྣམ་པ་སྣ་ཚོགས་བྱེད་པ་ཡིན། །གང་ཞིག་ལྷོར་ནི་འགྲོ་བ་ཡི། །ཡལ་

ག་ལོ་མར་རབ་ལྡན་པ། །སེམས་ཅན་རྣམས་ཀྱི་སྲོག་འཕྲོག་བྱེད། །དེ་ནི་ཟློས་པོས་འབད་པས་སྤང་། །ལྷོ་རུ་རྟེན་པའི་ཡལ་ག་ལ། །འབྲས་བུ་གང་དུ་ཡང་དག་བརྗོད། །ཕྱོགས་དེར་གདུང་དབྱེ་དགྲ་རྣམས་ཀྱི། །སྲོག་ནི་འཇིག་པར་བྱེད་པ་ཡི། །བསོད་ནམས་མ་ཡིན་མང་པོའི་རྒྱུ། །

དེ་ནི་ཟློས་པོས་འབད་པས་སྤངས། །འོག་ཏུ་འཕྱང་བའི་ཡལ་གར་གནས། །འབྲས་བུ་གང་ཞིག་རབ་བསྒྲགས་པ། །ལྷ་མ་ཡིན་དང་ལྡན་པ་ཡི། །ས་ཡི་འོག་ཏུ་དེ་རྣམས་འགྲོ། །དེ་རྣམས་འབྲས་བཅས་ཕྲེང་བ་ནི། །བླངས་ནས་ཡང་དག་རབ་བསྒྲགས་པ། །འོག་ཏུ་འགྲོ་

เล่ม ๙๓ · หน้า 293a

བའི་འཁྲི་ཤིང་ལ། །དེ་ནས་དེ་ནི་ས་འོག་འགྲོ། །དེ་རུ་རབ་ཏུ་ཞུགས་ནས་ལྷའི། །བདེ་ཉིད་ཟློས་པོས་དེར་འགྱུར་རོ། །ལྷ་མིན་བུ་མོས་ཡང་དག་ལྡན། །དེ་ནི་བསྐལ་པར་གནས་པར་བྱེད། །བགྲང་ཕྲེང་འབྲས་བུ་ཀུན་བླངས་ནས། །དེ་ནས་ཟློས་པོས་བཟླས་པ་

བྱ། །ལྷན་ཅིག་སྲུང་བ་བྱས་ནས་ནི། །དེ་ནས་ཇི་ལྟར་བདེ་བར་འགྲོ། །དེ་ཉིད་རིང་པོའི་གནས་སུ་ནི། །གཙང་མའི་ཕྱོགས་དེར་སྔགས་པ་ནི། །དེ་བཞིན་རྟག་ཏུ་འདུག་པར་བྱ། །བགྲང་ཕྲེང་སྐྱེས་པ་སྦྱར་བར་བྱ། །བརྩོན་པས་བགྲང་ཕྲེང་འབྲས་བུ་བླང་། །དེ་ནས་ཀུན་ཏུ་ཡང་

དག་སྦྱང་། །དེར་ནི་ཕྲེང་བ་དབུགས་པར་གྲགས། །གསུམ་བདུན་བརྒྱད་དང་གཅིག་དང་ནི། །ལན་གྲངས་ཉི་ཤུ་རྩ་གཅིག་ཏུ། །སྔགས་ཤེས་དེར་ནི་སྦྱང་བར་བྱ། །རྟག་ཏུ་སྔ་མའི་སྔགས་ཀྱིས་ནི། །བརྒྱད་དམ་བདུན་དུ་བཟླས་བྱས་པ། །དེ་ནས་དེ་ནི་དག་པར་འདོད། །

པདྨའི་རྩ་ལག་ལེགས་བརྗོད་པས། །བུ་མོས་བཀལ་བའི་སྲད་བུ་ཡི། །སུམ་འགྱུར་ལྔ་དང་ལྡན་པ་ཡི། །བརྟུལ་ཞུགས་ཅན་གྱིས་ཕྲེང་ཐག་བྱ། །སྔགས་ཀྱི་དེ་ཉིད་ཤེས་པས་བརྒྱུ། །འབྲས་བུ་ཕྲ་མོ་ཟླུམ་པོར་བཅས། །རྟག་ཏུ་སྲོགས་ཆགས་བུ་ག་མེད། །ཡན་ལག་

མ་ཉམས་མ་སྨད་པ། །མཛེས་ཤིང་ཁ་དོག་སྡུག་པ་དང་། །བུ་ག་མེད་ཅིང་གས་པ་མེད། །རིལ་བུ་ཟླུམ་པོ་ཇི་བཞིན་པ། །དེ་བཞིན་རུ་དྲཱཀྵ་དང་ནི། །བོ་དེ་ཙེ་དང་ཨིནྟྲ་ཀྵ། །འབྲས་ཉིད་རྟག་ཏུ་ལུང་ཐང་མཛེས། །འབྲས་བུ་དམ་པའམ་གང་གི་ཚེ། །སྔགས་པ་མཆོག་

ཏུ་བརྩོན་པ་ཡིས། །འབད་པས་བགྲང་ཕྲེང་བརྒྱུ་བར་བྱ། །གསེར་རམ་ཡང་ན་དངུལ་དག་གམ། །ནོར་བུ་ཤེལ་ལས་བྱུང་བ་དང་། །མུ་ཏིག་དུང་ཉིད་མུ་ས་ར། །བྱི་རུ་ཡིས་ཀྱང་བྱ་བ་སྟེ། །ཕྲེང་བ་རྣམ་པ་སྣ་ཚོགས་བྱ། །གཞན་ཡང་རིན་ཆེན་ལས་བྱུང་བའི། །བགྲང་ཕྲེང་བཟང་

པོ་བྱ་བ་དང་། །ས་ལས་བྱུང་བའི་ལྡུམ་པོ་ཡི། །རིལ་བུས་བགྲང་ཕྲེང་ཅན་དག་ནི། །མཉམ་པར་བཞག་སྟེ་སྲད་བུ་བརྒྱུ། །གཞན་ཡང་རིལ་བུ་འགའ་ཞིག་གམ། །འབྲས་བུའམ་ཁམས་ལས་བྱུང་བ་ཡིས། །ཀུ་ཤའི་རྩེ་མོས་བརྒྱུས་པ་ཡང་། །ཟློས་པོས་འབད་དེ་བྱ་བ་

เล่ม ๙๓ · หน้า 293b

ཡིན། །བརྒྱ་རྩ་བརྒྱད་དམ་ཉི་ཤུ་ལྔ། །ལྔ་བཅུ་འདི་དག་བར་མ་ཡིན། །སྔགས་པ་མཉམ་པར་གཞག་པ་ཡིས། །འབྲས་བུའི་ཚད་རྣམས་བརྒྱུ་བར་བྱ། །སྟོང་རྩ་བརྒྱད་པ་ཉིད་བྱ་བ། ཕྲེང་བ་འདི་ནི་ཐུ་བོ་ཡིན། །ཕྲེང་བ་རྣམ་པ་འདི་བཞི་ནི། །སྔགས་པས་རྟག་ཏུ་བརྒྱུ་བར་བྱ། །

དེ་ནས་བརྒྱུས་ཏེ་སྔགས་རྣམས་ནི། །ཕྱི་མོ་གསུམ་མམ་གཉིས་ཉིད་དང་། །རྒྱ་ལྕགས་ལས་བྱུང་གདུ་བུ་དང་། །དེ་བཞིན་གསེར་དང་དངུལ་དག་དང་། །དེ་ནས་ཟངས་བྱུང་གདུ་བུས་ཀྱང་། །ཕྲེང་བ་ཀུན་ནས་བརྒྱུ་བར་བྱ། །དེ་ནས་མཐའ་རུ་ཡང་མིག་བྱ། །དེ་ལ་རིམ་གྱིས་དགོད་

པར་བྱ། །འབད་པས་མཛེས་པར་དཀྲི་བ་བྱ། །སངས་རྒྱས་མ་ལུས་བཞུགས་པར་ནི། །ཡོངས་སུ་གསལ་བར་བྱས་དེ་ནས། །དཀྱིལ་འཁོར་ལྟ་བུར་མཐོང་བ་ཡིན། །སྦྲུལ་གྱི་གདེངས་ཀའི་རྣམ་པ་བཞིན། །ཡོངས་སུ་དཀྲིས་པས་བརྒྱན་པ་ཡིན། །མུ་ཏིག་དོ་ཤལ་རྣམས་

མཚུངས་ཤིང་། །མགུལ་རྒྱན་རྣམ་པར་སྤྲུལ་པའོ། །དེ་ནས་འབབ་ཆུ་དགེ་བའི་མཐར། །དྲི་མ་མེད་ལ་ཁྲུས་བྱས་ནས། །གོ་རིམས་ཇི་བཞིན་ཁྲུས་བྱས་ཏེ། །ཆུ་ཡི་གནས་ལ་ལྡང་བར་བྱ། །དེ་བཞིན་བརྩོན་པས་ཉེ་རེག་བྱ། །བགྲང་ཕྲེང་སྲད་བུ་བླངས་ནས་ནི། །བ་ཡི་རྣམ་ལྔས་

རབ་ཏུ་བཀྲུ། །ས་ཡི་ཕྱེ་མས་རབ་བཀྲུས་ནས། །གཙང་མའི་གོས་ལ་དྲི་བཟང་གིས། །རྗེས་སུ་ཉེ་བར་བྱུགས་པ་དང་། །རབ་ཏུ་བསྔགས་པའི་ཁ་དོག་ཀྱང་། །ཙནྡན་དཀར་པོ་གུར་གུམ་དང་། །འབད་པས་དྲོན་མོས་བཀྲུ་བར་བྱ། །དེ་བཞིན་གཉིས་ཀ་འགྲོ་བར་འགྱུར། །ཇི་ལྟའི་

གནས་སུ་སོང་ནས་ནི། །གང་དུ་རས་རིས་བར་པ་ནི། །རྒྱལ་མཆོག་ཐུབ་པའི་གཙོ་བོ་ནི། །ཤཱཀྱ་སེང་གེ་མི་ཡི་མཆོག །སྟོན་པའི་གཟུགས་བརྙན་དེ་བཞིན་དུ། །ས་སྟེངས་རྒྱལ་བའི་རིང་བསྲེལ་ཅན། །མཆོད་པ་དེ་ཡི་སྤྱན་སྔར་དགོད། །དེ་དང་ཉེ་བར་བཞག་ནས་ནི། །དེ་

ཚེ་དེ་ཡི་སྤྱན་སྔ་རུ། །དམ་ཚིག་ལ་གནས་སྟོང་རྩ་བརྒྱད། །སོན་པའམ་བརྒྱ་ཡང་གཅིག་ཏུ་ནི། །བརྒྱད་དང་བཅས་པ་བཟླས་བྱས་ནས། །ཉིན་མཚན་སྨྱུང་བར་གནས་གྱུར་ནས། །བདུན་པའི་ཐུབ་ལ་ཕྲེང་བ་དབུལ། །སྔ་མ་དེ་བཞིན་བཟླས་བྱ་བ། །ཚད་ཉིད་དེ་དང་

เล่ม ๙๓ · หน้า 294a

མཉམ་པར་བྱ། །དེ་ནས་ཕྲེང་ལ་ཡོངས་སུ་བཟླས། །མཚན་མོ་དེ་ཉིད་དུ་འཁོད་དེ། །ཀུ་ཤ་བཏིང་བའི་ས་གཞི་ལ། །སྔགས་ཤེས་དེར་ནི་ཉལ་བར་བྱ། །རྨི་ལམ་གང་དང་གང་མཐོང་བ། །དགེ་བའི་རྨི་ལམ་མཐོང་ན་ནི། །རྨི་ལམ་ངེས་པར་བསྟན་པ་

ཡིན། །དངོས་གྲུབ་དེ་ཡིས་བསྒྲུབ་པར་བྱ། །སངས་རྒྱས་ཉན་ཐོས་བསེ་རུ་རྣམས། །གལ་ཏེ་རྨི་ལམ་མཐོང་གྱུར་ན། །སྔགས་པས་འབྲས་བུ་བཅས་པར་འགྲུབ། །ངེས་པར་དེ་ཡི་ཆོ་ག་བྱ། །དགེ་སློང་གཟུགས་དང་བྲམ་ཟེ་ཡི། །གཟུགས་བརྙན་སྣ་ཚོགས་མཛེས་པ་མཐོང་། །

གལ་ཏེ་རྨི་ལམ་དེ་མཐོང་ན། །ཕྲེང་བ་དབུལ་བྱ་དེ་བཞིན་དུ། །སྔགས་ཀྱི་དོན་ཀུན་སྒྲུབ་པ་པོ། །དེ་བཞིན་གདོན་མི་ཟ་བར་འགྲུབ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་

བའི་རྟོག་པ་ལས། རས་རིས་བར་མའི་ཆོ་ག་རབ་འབྱམ་ལས་བཅུ་པ་བགྲང་ཕྲེང་གི་ཆོ་གའི་ལེའུ་རབ་འབྱམ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་གཟིགས་ནས་བྱང་ཆུབ་སེམས་

དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཀྱི་རིག་པའི་སྔགས་ཀྱི་ལེའུ་རྫོགས་པའི་ཁྱད་པར་གྱི་ཆོ་ག་དང་། སྦྱིན་སྲེག་གི་ལས་རབ་ཏུ་སྦྱོར་བའི་རིག་པའི་སྒྲུབ་པ་ཡོད་དེ། མེ་ལ་ཉེ་བར་སྤྱོད་པའི་ཁྱད་པར་གྱི་ཆོ་ག་ལས་

གང་དུ་རིག་པའི་སྤྱོད་པ་ལ་མངོན་པར་བརྩོན་པའི་སེམས་ཅན་རྣམས་རབ་ཏུ་སྦྱོར་ཞིང་གནས་པར་འགྱུར་བ་དེ་གང་ཞེ་ན། རིག་པའི་སྔགས་ཀྱི་ཚོགས་གསང་ཆེན་ནི། ཏདྱ་ཐཱ། ཨོྃ་ཏིཥྛ་ཧ་རི་པིངྒ་ལེ། ཧི་རཀྵ་དི་ཧི་ད་དཱ་དཱི་པཱ་ཡ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྤྱན་རས་གཟིགས་དབང་ཕྱུག་འདི་ནི་

མཆོག་གི་སྙིང་པོ་ལས་ཐམས་ཅད་བྱེད་པ། འདོད་པ་ཐམས་ཅད་སྟེར་བའོ། །དང་པོ་རེ་ཞིག་སྒྲུབ་པ་པོས་མེའི་སྙིང་པོ་འདི་ལན་ཅིག་བཟླས་པས། མར་གྱི་སྲེག་བླུགས་གསུམ་མེ་ལ་སྦྱིན་སྲེག་བྱ་སྟེ་མེ་ལྷ་སྤྱན་དྲངས་པར་འགྱུར་རོ། །དེ་བཞིན་དུ་རབ་ཏུ་སྦྱར་ཏེ། ཞི་བ་

เล่ม ๙๓ · หน้า 294b

ཅན་དང་། རྒྱས་པ་ཅན་དང་། དྲག་པོའི་ལས་རྣམས་ལ་ཡམ་ཤིང་རྣམ་པ་གསུམ་དུ་འགྱུར་རོ། །མྱ་ངན་མེད་ཤིང་ཞི་དོན་དུ། །ཁྱད་པར་བརླན་དང་བཅས་པ་ཉིད། །མཐོ་གང་འམ་ནི་ཁྲུ་གང་ཙམ། །སོར་མོ་གསུམ་དུའང་མཐོ་བ་ཡི། །སྣམ་པའི་རྣམ་པ་རབ་ཏུ་ཤེས། །

ཆོ་ག་འདི་ནི་བྱ་བ་ཡིན། །བུ་ག་མེད་ཅིང་སེར་ག་མེད། །དེ་བཞིན་ནེ་ཙོའི་གཤོག་པ་འདྲ། །ལྗང་དང་དཀར་བའི་ཁ་དོག་གམ། །ཁ་དོག་ནག་པོ་སྤང་བར་བྱ། །སྲིན་བུ་རྣམས་ཀྱིས་ཟོས་པ་སྤང་། །བུ་ག་མེད་པའང་ཡང་དག་སྦྱིན། །གཞན་ཡང་ཁ་དོག་མཆོག་མིན་པ། །ཐ་མའི་

ཆོས་ཀྱང་སྤངས་པའོ། །དེ་རྣམས་སྐམ་དང་རློན་པའང་ཡིན། །དེ་ཡི་ཚེ་ཡང་བརྩམ་པར་བྱ། །མ་རུལ་ཡོན་པོ་མིན་ཉིད་དང་། །ཤིན་ཏུ་རིང་བའང་སྤང་བར་བྱ། །དེ་ནས་མེ་ཐབ་བྱས་ནས་ནི། །ཀུན་ནས་ཟུར་ནི་བཞི་པ་རུ། །འོག་ཉིད་དུ་ནི་འབད་པས་བརྐོ། །ཁྲུ་བཞི་པ་ཡི་ཚད་དང་

ནི། །ཁྲུ་གསུམ་ཁྲུ་ནི་གཉིས་པ་དང་། །དེ་བཞིན་ཉིད་དུ་ཁྲུ་གཅིག་པ། །རྟག་ཏུ་སྲོག་ཆགས་སྤངས་པ་དང་། །བྱེ་མས་ལེག་པར་སྦྱར་བ་དེ། །དེ་ནས་པད་འདྲའི་ཁ་ཁྱེར་ནི། །ཀུན་ནས་དཀྱིལ་འཁོར་རྣམ་པའོ། །ཡང་ན་འབད་པས་ཟུར་བཞི་པ། །འདབ་མ་གསུམ་དུ་

བྱ་བའོ། །ཞི་བ་ཅན་དང་རྒྱས་པ་ཅན། །འདི་ཡང་ཡང་དག་བསྒྲགས་པ་ཡིན། །མངོན་སྤྱོད་ལ་ནི་ས་དབུས་སུ། །རྡོ་རྗེ་བྱ་ཞིང་རྩེ་གཉིས་སུ། །རྩེ་མོ་གསུམ་དུ་བྱ་བ་ཡིན། །མེ་ཐབ་རྒྱ་ལ་ཁྲུ་གཉིས་རེ། །གཙང་མའི་ཕྱོགས་སུ་དེ་བཞིན་བདར། །ཆུ་ཀླུང་འགྲམ་དུ་དེ་བཞིན་

སྤྱད། །བསྟན་པ་གཅིག་གི་ཕྱོགས་རྣམས་དང་། །དུར་ཁྲོད་ཁང་པ་སྟོང་པ་རུ། །སྦྱིན་སྲེག་ལེགས་པར་བརྩམ་པར་བྱ། །དེ་བཞིན་རི་བོའི་རྩེ་ཉིད་དང་། །རྟག་ཏུ་ལྷ་ཁང་སྟོང་པ་དང་། །དེ་བཞིན་ཉིད་དུ་དགོན་པ་ཆེ། །གང་ཡང་སྒྲུབ་པའི་ཕྱོགས་རྣམས་ནི། །གང་

ཟག་མཆོག་གིས་གསུངས་པ་དང་། །སྦྱིན་སྲེག་ལས་ནི་ཐམས་ཅད་ལ། །དེ་རྣམས་གནས་སུ་གསུངས་པ་ཡིན། །ཁྲུ་གང་ཚད་དུ་གནས་པ་ཡི། །ཀུ་ཤའི་ཁྲེས་ལ་ཉེར་འདུག་ནས། །དེར་ནི་སྔགས་ཤེས་ཁྱད་པར་དུ། །སྦྱིན་སྲེག་གི་ནི་ལས་བྱའོ། །གནས་དེ་ཉིད་

เล่ม ๙๓ · หน้า 295a

དུ་རབ་གནས་པས། །མྱུར་དུ་དངོས་གྲུབ་ཐེ་ཚོམ་མེད། །ཤར་དང་བྱང་དུ་ཁ་ཕྱོགས་པས། །ཞི་བ་ཅན་དང་རྒྱས་པ་བྱ། །ལྷོ་རུ་དྲག་པོའི་ལམ་རྣམས་ཏེ། །དེ་ནི་སྔགས་པས་སྤང་བར་བྱ། །ཤར་བལྟས་ཞི་བའི་དངོས་གྲུབ་སྟེ། །རྒྱས་པ་ཅན་ཡང་བྱང་དུ་

ཕྱོགས། །དེ་ཡིས་སྔགས་ནི་དུས་རྟག་ཏུ། །རིག་པའི་བཟླས་པ་བརྩམ་པར་བྱ། །བིལ་བ་ཨརྒ་སླཀྵ་དང་། །ནྱ་གྲོ་དྷ་ཡིས་རྒྱས་ལས་བྱ། །མངོན་སྤྱོད་ཤིང་ནི་སྐམ་པོ་དང་། །ཚ་བ་སྐྱུར་དང་རྣོན་པོ་རྣམས། །དེ་དག་ཐམས་ཅད་སྤང་བྱ་སྟེ། །ཐུབ་པ་རྣམས་ཀྱིས་རྟག་ཏུ་བཀག །

ཞི་བ་ཅན་དང་རྒྱས་པ་ཅན། །རློན་པའི་ཤིང་གིས་རབ་ཏུ་ཤིས། །དེ་བཞིན་དྲག་ལས་ལ་ཤིང་སྐམ། །ཚ་བ་སྐྱུར་དང་རྣོན་པོ་རྣམས། །ཡམ་ཤིང་དེ་རྣམས་མེད་ན་ནི། །ཤིང་ལ་དེ་རྣམས་སུ་རྟག་བྱ། །རྩེ་མོ་གཉིས་སུ་བརྟག་པ་བྱ། །སྔོ་དང་སྣུམ་དང་འདྲ་བ་དང་། །རྨ་བྱའི་

མགྲིན་པ་དང་མཚུངས་པའི། །རྣམ་པ་དེ་ལྟའི་ཀུ་ཤ་ཡིས། །ཁོ་ར་ཡུག་ཏུ་ཀུ་ཤ་ནི། །རྟག་ཏུ་དགྲམ་པར་བྱ་བ་ནི། །ཞི་བ་ཅན་དང་རྒྱས་པ་ཅན། །མར་གད་དང་ནི་མཚུངས་པས་སོ། །དེ་བཞིན་རྟག་ཏུ་སྐམ་པོའི་རྩིས། །སྡིག་པའི་ལས་ནི་བྱ་བ་སྟེ། །འདིར་ནི་རྒྱལ་བ་མཆོག་གིས་

བཀག །དྲི་མེད་ཆུ་ནི་དག་པ་ལ། །རྟག་ཏུ་སྲིན་བུས་སྤངས་པ་ཡི། །དེ་ནས་ཀུན་ནས་བསང་གཏོར་བྱ། །གཡས་ཕྱོགས་སུ་ནི་བསྐོར་བྱས་ཏེ། །བརྩོན་པས་མེ་ནི་སྦར་བར་བྱ། །ཆོ་ག་ཇི་བཞིན་ཉེ་རེག་བྱ། །གཙང་མའི་རྩྭ་ཡི་རྩ་བ་ཡིས། །སྒྲོན་མེ་ཚད་དང་ལྡན་བྱས་ནས། །དེ་

ནས་ཁུ་ཚུར་བརྩམས་བྱས་ནས། །འབད་པས་མེ་ནི་སྦར་བར་བྱ། །ཁ་ཡི་རླུང་གིས་མི་བྱ་སྟེ། །རྟག་ཏུ་གོས་ཀྱི་མཐས་ཀྱང་མིན། །ཤམ་ཐབས་བླ་གོས་མངོན་པར་སྤང་། །གོས་གཞན་གྱིས་ཀྱང་ལག་པ་ཡི། །རླུང་གི་ཉེ་བར་གཞོམ་པ་ལ། །མངོན་པར་དགའ་བས་མ་ཡིན་ནོ། །

གཙང་མའི་རླུང་ཡབ་དེ་བཞིན་གོས། །ནོར་བུས་ཀྱང་ནི་རླུང་ཡབ་བྱ། །རླུང་ནི་ཡང་དག་འབྱུང་བ་འདིས། །མེ་ནི་མཉམ་པར་བྱས་པ་ལ། །སྔགས་ཤེས་པས་ནི་མེ་སྦར་བྱའོ། །སྦྱིན་སྲེག་དོན་དུ་མཉམ་གཞག་པས། །དེ་ནས་གཡས་པ་མིན་པ་ཡིས། །དེར་ནི་བསང་གཏོར་བྱས་

เล่ม ๙๓ · หน้า 295b

ནས་ནི། །དེར་ནི་བ་ཡི་མར་གྱིས་ནི། །སྲེག་བླུགས་གསུམ་ནི་སྦྱིན་པར་བྱ། །དེ་ནས་ཀྱང་ནི་ཕྱག་བྱ་སྟེ། །སངས་རྒྱས་ཀུན་དང་སྐྱོབ་པ་དང་། །རང་སྔགས་སྔགས་ཀྱི་མགོན་པོ་ལ། །དེ་ནས་ཅི་འདོད་ཕྱག་བྱའོ། །དེ་ཚེ་མེ་ཡི་སྙིང་པོ་ཡི། །སྔགས་ནི་ལན་བརྒྱ་བཟླས་པ་ཡིས། །བརྩོན་

ལྡན་དྲི་ཞིམ་མེ་ཏོག་གིས། །རྟག་ཏུ་མེ་ནི་སྤྱན་དྲང་བྱ། །སྔགས་ཤེས་རྟག་ཏུ་སྤྱན་དྲངས་ནས། །གནས་ལ་མཁས་པས་གདན་དང་གནས། །སྔགས་དེས་དབུལ་ཞིང་གཞན་གྱིས་མིན། །ཞོ་དང་མར་དུ་བསྲེས་པ་དང་། །སྦྲང་རྩི་བཏགས་པའི་ཡམ་ཤིང་ནི། །དེ་ལས་ལན་

གསུམ་སྦྱིན་སྲེག་བྱ། །རྒྱས་པའི་དོན་དུ་སྔགས་དང་ལས། །ཀུན་ནས་འབར་བའི་ཕྲེང་བ་ཡིས། །འཁྲུགས་པ་དེར་ནི་ངེས་སྦྱར་བྱ། །སྐོམ་པ་ཚིམ་པར་བསམ་པར་བྱ། །ཞི་བའི་ལས་དང་རྒྱས་པ་ཅན། །དེ་ལ་གསང་སྔགས་རིག་པ་ཡིས། །ལྷ་ཡི་གཟུགས་ནི་དགའ་བའོ། །

མངོན་སྤྱོད་ལས་ལ་ཐུན་མོང་པའི། །ངེས་པར་འབྱུང་བའི་ལྷ་རྣམས་ལས། །གཞན་པའི་གཟུགས་ནི་བལྟ་བར་བྱ། །རིམ་པ་ཇི་བཞིན་མེ་ཐབ་འདིར། །ཇི་ལྟར་རྙེད་པའི་མེ་ཏོག་དང་། །མར་ལ་ལན་བདུན་ཡོངས་བཟླས་པས། །དེ་ཚེ་སྤྱན་དྲང་རྣམ་པ་དེར། །ཇི་ལྟར་སླར་

ཡང་སྤྱན་དྲངས་པ། །ལྷག་པར་གནས་པས་གཉིས་ཀ་གནས། །ཡམ་ཤིང་རྫས་དང་བསྲེས་པ་དང་། །མར་དང་སྦྲང་རྩི་མཉམ་བསྟན་པ། །དེ་བཞིན་དུ་ནི་ཞོ་བསྲེས་པས། །སྟོང་ངམ་འབུམ་གྱི་ཚད་དང་ནི། །བརྒྱ་དང་བརྒྱད་དུའང་རྟག་པར་བྱ། །དེ་བཞིན་

སྔགས་པས་རིག་པ་བཟུང་། །ལན་རེ་བཟླས་ཤིང་མེ་ལ་དོར། །འབར་བའི་མེ་ཡི་ཕྲེང་བ་དང་། །དེ་བཞིན་མེ་ལྕེ་གཅིག་གྱུར་པ། །ཞི་བའི་ལས་ཀྱི་སྦྱིན་སྲེག་བྱ། །དུ་བ་མེད་ལའང་རྒྱས་པ་ཅན། །དུ་བཅས་དྲག་པོའི་ལས་རྣམས་ནི། །རྒྱལ་བས་སྨད་ཅིང་སྤངས་པ་ཡིན། །མེ་

ནི་ཁ་དོག་ལྡན་གྱུར་ན། །སྦྱིན་སྲེག་ལས་ནི་རབ་ཏུ་སྦྱར། །ཞི་བ་ཅན་ལ་ཁ་དོག་དཀར། །རྒྱལ་བ་མཆོག་གིས་རྟག་ཏུ་བསྔགས། །གལ་ཏེ་མེ་དཀར་སྦྱིན་སྲེག་བྱེད། །དེ་ལ་སྔགས་རྣམས་འགྲུབ་པར་འགྱུར། །དེ་བཞིན་རྟག་ཏུ་ཁ་དོག་དཀར། །རྒྱས་པ་ཅན་གྱིས་དངོས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด