འདུལ་བ་གཞུང་དམ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཨུད་ཏ་ར་གྲན་ཐ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓ · หน้า 31a
པ་རྣམས་ལ་དོན་མ་ཡིན་པ་དང་། མི་ཕན་པའི་རྙེད་པ་ལ་ཞུགས་པ་ཡིན་ནོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་ནི་དགེ་བསྙེན་ཕས་མ་དད་པ་ཚོར་བར་བྱ་བར་རིགས་ཏེ། ལྔ་གང་ཞེ་ན། སངས་རྒྱས་ལ་ངན་དུ་བརྗོད་པ་དང་། ཆོས་ལ་ངན་དུ་
བརྗོད་པ་དང་། དགེ་འདུན་ལ་ངན་དུ་བརྗོད་པ་དང་། མི་སྤྱད་པ་སྤྱོད་པ་དང་། དགེ་སློང་གི་བསླབ་པ་ལ་མ་མོས་པའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་བསྙེན་ནི་དགེ་འདུན་གྱི་ལྷུང་བཟེད་ཁས་ཕུབ་པར་འོས་ཏེ། ལྔ་གང་ཞེ་ན། དགེ་སློང་དག་ལ་ཁ་ཟེར་བ་དང་།
དགེ་སློང་དག་ལ་མི་སྙན་པར་སྨྲ་བ་དང་། དགེ་སློང་དག་ལ་ངན་དུ་བརྗོད་པ་དང་། དགེ་སློང་རྣམས་ལ་མི་ཕན་པ་དང་། དོན་མ་ཡིན་པར་བྱེད་པ་དང་། རྙེད་པར་འདོད་པ་དང་། ཞུགས་པ་རྣམས་ཡིན་ནོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་བསྙེན་ནི་དགེ་འདུན་
གྱི་ལྷུང་བཟེད་ཁས་དབུབ་པར་འོས་ཏེ། ལྔ་གང་ཞེ་ན། སངས་རྒྱས་ལ་ངན་དུ་བརྗོད་པ་དང་། ཆོས་ལ་ངན་དུ་བརྗོད་པ་དང་། དགེ་འདུན་ལ་ངན་དུ་བརྗོད་པ་དང་། མི་སྤྱད་པ་སྤྱོད་པ་དང་། དགེ་བསྙེན་གྱི་བསླབ་པ་ལ་མི་སློབ་པའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་
བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་སྟེ། ལྔ་གང་ཞེ་ན། ཤེན་དམན་པར་གྱུར་པ་དང་། ལོག་ཤིག་ཏུ་འགྲོ་བ་དང་། མང་དུ་སྨྲ་བར་གྱུར་པ་དང་། ཚིག་ཀྱལ་པར་སྨྲ་བ་དང་། མི་ཕན་པ་སྡུད་པར་གྱུར་པ་ཡིན་ཏེ། དེ་རྣམ་པ་ལྔ་ལས་དཀར་པོའི་ཕྱོགས་སུ་བཟློག་པ་
ཡང་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་སྟེ། ལྔ་གང་ཞེ་ན། འཁྲུལ་པ་འཛིན་པ་དང་། གསང་བའི་ཚིག་འཛིན་པ་དང་། ཚིག་མང་པོ་འཛིན་པ་དང་། མ་ངེས་པར་འཛིན་པ་དང་། ལན་གསུམ་
གྱི་བར་དུ་དམ་བཅར་མ་བཅུག་པར་མཆོད་པ་ཡིན་ཏེ། དཀར་པོའི་ཕྱོགས་སུ་བཟློག་པར་ཡང་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་ཏེ། ལྔ་གང་ཞེ་ན། བདག་གིས་སྨྲ་བ་མཐར་ཐུག་པར་མི་
เล่ม ๑๓ · หน้า 31b
ཤེས་པ་དང་། གཞན་གྱི་ཚིག་མཐར་མི་འབྱིན་པ་དང་། མི་ཉན་པ་དང་། གྲགས་པར་མི་བྱེད་པ་ཡིན་ཏེ། དཀར་པོའི་ཕྱོགས་སུ་ཡང་བཟློག་པ་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཤིན་ཏུ་ཞི་བར་བྱེད་མི་
ནུས་པ་ཡིན་ཏེ། མ་བསྒོ་བ་བསྒོ་བར་མི་བྱེད་པ་ཡིན། ཡང་དག་པར་མ་བསྒོ་བ་ཡང་དག་པར་བསྒོ་བར་མི་བྱེད་པ་ཡིན། མི་སེམས་པ་སེམས་པར་མི་བྱེད་པ་ཡིན། རྒོལ་བ་དང་། སླར་རྒོལ་བའི་དགེ་སློང་རྣམས་འཐབ་པ་དང་། མཚང་འདྲུ་བ་དང་། འཁོན་པ་དང་།
རྩོད་པ་རྣམས་སུ་སྐུལ་བ་ཡིན། རྒོལ་བ་དང་སླར་རྒོལ་བའི་དགེ་སློང་རྣམས་ཆོས་མ་ཡིན་པའི་ཕྱོགས་ལ་སྟེན་པ་ཡིན་ཏེ། རྣམ་པ་ལྔ་ལས་དཀར་པོའི་ཕྱོགས་སུ་བཟློག་པར་ཡང་བརྗོད་པར་བྱའོ། །མདོར་ན། རྗེས་སུ་བསྟན་དང་རྩོད་པ་དང་། །ལས་དང་རྒོལ་བ་འཛིན་
པ་དང་། །ཆོས་མ་ཡིན་པ་མདོ་སྡེ་འདུལ། །མ་བསྐོས་བྱུང་དང་ཉེས་དེ་བཞིན། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྗེས་སུ་སྟོན་པར་བྱེད་མི་ནུས་ཏེ། ལྔ་གང་ཞེ་ན། རྗེས་སུ་བསྟན་པའི་ངག་ལྔ་མི་ཤེས་པ་དང་། སླར་རྒོལ་བ་མི་ཤེས་པ་དང་། ཆོས་སུ་
རྗེས་སུ་སྦྱོར་བ་མི་ཤེས་པ་དང་། ཆོས་མ་ཡིན་པའི་རྗེས་སུ་སྦྱོར་བ་མི་ཤེས་པ་དང་། ཡི་དམ་མ་བཅས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ཏེ།
ལྔ་གང་ཞེ་ན། རྩོད་པ་མི་ཤེས་པ་དང་། རྩོད་པ་ཅི་ལས་བྱུང་བ་མི་ཤེས་པ་དང་། རྩོད་པ་བསྡུ་བ་མི་ཤེས་པ་དང་། རྩོད་པ་ཞི་བར་བྱ་བ་མི་ཤེས་པ་དང་། རྩོད་པ་ཞི་བར་བྱས་ཀྱང་ཉེས་པ་ཕྱིས་མི་འབྱུང་བ་ལ་མི་མཁས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་
རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་ལས་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། དེས་དོན་སྦྱིན་པ་ལ་ཤིན་ཏུ་རྣམ་པར་མ་དག་ཅིང་གཅིག་ནས་གཅིག་ཏུ་བསྒོ་བ་ཡིན་ཏེ། ཀུན་དགའ་བོ་དགེ་ཚུལ་གྱི་ཚིག་གིས་བསྒོ་ཞིང་
เล่ม ๑๓ · หน้า 32a
མདོ་སྡེའི་ཚིག་མི་ཤེས་པ་ཡིན། གསོལ་བའི་ལས་མི་ཤེས་པ། གསོལ་བ་དང་གཉིས་ཀྱི་ལས་མི་ཤེས་པ། གསོལ་བ་དང་བཞིའི་ལས་མི་ཤེས་པ་ཡིན། བསྒོ་བའི་ལས་མི་ཤེས་པ་དང་། བྱིན་གྱིས་བརླབས་པའི་ལས་མི་ཤེས་པ་སྟེ། སླར་དཀར་
པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་ན་རྒོལ་བའི་དགེ་སློང་གིས་ཚིག་མི་གཟུང་བ་ཡིན་ཏེ། ལྔ་གང་ཞེ་ན། དེའི་དོན་སྦྱིན་པ་ཤིན་ཏུ་རྣམ་པར་མ་དག་ཅིང་གཅིག་ནས་གཅིག་ཏུ་བསྒོ་བར་མི་བྱེད་པ་དང་། ཀུན་དགའ་བོའི་དགེ་ཚུལ་གྱི་
ཚིག་གིས་སྟོན་པ་དང་། མདོ་སྡེའི་གཞི་མི་ཤེས་པ་དང་། ཇི་ལྟར་གསུངས་པ་མི་མངོན་པའི་གནས་ནས་གསུངས་པ་མི་ཤེས་པ་དང་། གང་ལ་གནས་ནས་རྣམ་པར་སྦྱོང་བ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་
ལྡན་ན་སླར་རྒོལ་བའི་དགེ་སློང་གི་ཚིག་གཟུང་དུ་མི་རུང་བ་ཡིན་ཏེ། ལྔ་གང་ཞེ་ན། རྒོལ་བའི་དགེ་སློང་གིས་དྲིས་པ་གཞན་ལ་གཞན་གྱི་རྔོད་པ་དང་། གཏམ་རླུང་སྐུར་བ་དང་། དག་པའི་དགེ་སློང་ལ་འཚེ་བ་དང་། ཕྱོགས་ལ་གནས་ནས་ཉེས་པ་ཤེས་ཀྱང་ཉེས་པ་མི་ཤེས་
སོ་ཞེས་ཟེར་བ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། རྒོལ་བ་དང་། སླར་རྒོལ་བའི་དགེ་སློང་རྣམས་ཆོས་མ་ཡིན་པའི་ཕྱོགས་ལ་
བསྙེན་པར་བྱེད་པ་དང་། རྒོལ་བ་དང་། སླར་རྒོལ་བའི་དགེ་སློང་རྣམས་འཐབ་པ་དང་། མཚང་འདྲུ་བ་དང་། འཁོན་པ་དང་། རྩོད་པ་རྣམས་ལ་སྐུལ་བ་ཡིན། དགེ་སློང་གཟུ་བོ་རྣམས་ཀྱི་མདོ་སྡེའི་ཚིག་མི་ཉན་པ་དང་། དགེ་སློང་གཙོ་བོ་རྣམས་ལ་སྐུར་པ་འདེབས་པ་དང་།
རྩོད་པའི་ཐོག་མ་དང་བར་མ་དང་ཐ་མ་ལ་མི་མཁས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། མདོ་སྡེ་ལ་མི་མཁས་པ་ཡིན་
เล่ม ๑๓ · หน้า 32b
འདུལ་བ་ལ་མི་མཁས་པ་ཡིན། མ་ལྟ་བུ་ལ་མི་མཁས་པ་དང་། རྣམ་པར་འབྱེད་པ་ལ་མི་མཁས་པ་དང་། ལུང་ཁ་ཏོན་དུ་མ་ལོབས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་
བ་འཛིན་པ་ནི་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། ཉི་ཚེ་བ་དང་། ཐམས་ཅད་དང་ལྡན་པའི་འདུལ་བ་མི་ཤེས་པ་དང་། རེ་ཞིག་པ་དང་། དུས་ཐམས་ཅད་པའི་འདུལ་བ་མི་ཤེས་པ་དང་། ཉེས་པའི་འདུལ་བ་མི་ཤེས་པ་དང་། རྩོད་པའི་འདུལ་བ་མི་
ཤེས་པ་དང་། ཉོན་མོངས་པའི་འདུལ་བ་མི་ཤེས་པ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པས་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་ཏེ། ལྔ་གང་ཞེ་ན། ཉེས་པའི་འདུལ་བ་དང་། རྩོད་པའི་
འདུལ་བ་དང་། ཉི་ཚེ་བ་དང་། ཐམས་ཅད་དང་ལྡན་པ་དང་། རེ་ཞིག་པ་དང་། དུས་ཐམས་ཅད་པའི་རྣམས་ལ་ངེས་པར་མ་གྱུར་པ་ཡིན་ནོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། མ་བསྐོས་པ་ལས་ཞི་བར་
བྱེད་པ་དང་། ཉེས་པ་མི་སྟོན་པ་དང་། ཆད་པའི་ལས་མི་གཅོད་པ་དང་། རྣམ་པར་དག་པ་ཉེ་བར་མི་སྟོན་པ་དང་། འདིས་དགེ་འདུན་གྱིས་བསྒོ་བ་བཞིན་མ་བྱས་པར་གྱུར་པ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་
པའི་འདུལ་བ་འཛིན་པ་ནི་ཉེས་པ་སྟོན་པར་མི་ནུས་ཏེ། ལྔ་གང་ཞེ་ན། ཉེས་པ་མི་ཤེས་པ་དང་། ཉེས་པ་མེད་པ་མི་ཤེས་པ་དང་། ལྕི་བ་མི་ཤེས་པ་དང་། ཡང་བ་མི་ཤེས་པ་དང་། འདིས་སོ་སོར་ཐར་པའི་མདོ་ཁ་ཐོན་མ་ལོབས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་
པའང་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པས་ཉེས་པ་སྟོན་པར་མི་ནུས་ཏེ། ལྔ་གང་ཞེ་ན། བྱུང་བ་མི་ཤེས་པ་དང་། བཅས་པ་མི་ཤེས་པ་དང་། རྗེས་སུ་བཅས་པ་མི་ཤེས་པ་དང་། སྤང་བ་མི་ཤེས་པ་དང་། རྗེས་སུ་གནང་བ་མི་
เล่ม ๑๓ · หน้า 33a
ཤེས་པ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །མདོར་ན། ལྡང་དང་ལས་དང་གཡོགས་པ་དང་། །མེ་བྱིན་པ་དང་མལ་སྟན་རྣམས། །སེམས་འཁྲུགས་ཕོ་མཚན་ཁུ་བ་དང་། །གཎྜཱི་དང་ནི་བསྐོས་པའོ། །ཉེས་
པ་ལྡང་བ་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། གསོལ་བས་ལྡང་བ་དང་། གསོལ་བ་མི་དགོས་པས་ལྡང་བ་དང་། བརྡས་ལྡང་བ་དང་། དོན་དམ་པས་ལྡང་བ་དང་། དགེ་སློང་མ་དང་ཐུན་མོང་མ་ཡིན་པ་ལས་འདས་ཤིང་མཚན་གྱུར་པའོ། །རྒྱུ་ལྔས་ན་ཆོས་མ་ཡིན་པའི་ལས་
དང་འདུལ་བ་མ་ཡིན་པའི་ལས་བྱས་པར་འགྱུར་ཏེ། ལྔ་གང་ཞེ་ན། མངོན་སུམ་དུ་མ་གྱུར་པར་བྱེད་པ་དང་། མ་གླེངས་པ་དང་། དྲན་པར་མ་བྱས་པ་དང་། དངོས་པོ་མེད་པ་དང་། ཡི་དམ་མ་བཅས་པའོ། །རྣམ་པ་ལྡས་ན་ལས་བྱེད་པའི་དགེ་སློང་མདའ་འཕངས་
པ་བཞིན་དུ་ལུས་འགྱེལ་ཏེ་ཤི་མ་ཐག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་སྟེ། ལྔ་གང་ཞེ་ན། འདོད་པའི་ཕྱིར་འགྲོ། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་ཕྱིར་འགྲོ། ལས་བྱས་པ་དང་། མ་བྱས་པ་མི་ཤེས་པའོ། །རྒྱུ་ལྔས་
ན་དགེ་སློང་གི་ཕ་རོལ་ནས་མ་བྱིན་པ་བླངས་ན་ཕས་ཕམ་པའི་ཉེས་པར་འགྱུར་ཏེ། ལྔ་གང་ཞེ་ན། བདག་གི་བར་འདུ་ཤེས་མེད་པར་བླངས་པ་དང་། སྐད་ཅིག་བརྙ་བའི་འདུ་ཤེས་མེད་པར་བླངས་པ་དང་། ཡིད་གཅུགས་པའི་འདུ་ཤེས་མེད་པར་བླངས་པ་དང་། ལེན་
པ་ན་གཞན་ཤེས་པར་བྱས་ནས་མ་བླངས་པ་དང་། རྐུ་སེམས་ཉེ་བར་གནས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །མལ་སྟན་མི་སྤྱད་པ་རྣམ་པ་ལྔར་ཤེས་པར་བྱ་སྟེ། ལྔ་གང་ཞེ་ན། དུད་པ་དང་། རྡུལ་ཁྲོད་དང་། ཆུ་དང་། འདྲེན་
པ་དང་། དྲུད་པ་དང་ལྔའོ། །རྒྱུ་ལྔས་ན་སེམས་འཁྲུགས་པར་འགྱུར་ཏེ། ལྔ་གང་ཞེ་ན། གཉེན་བཤེས་ཟད་པ་དང་། ལོངས་སྤྱོད་ཟད་པ་དང་། ཁམས་མ་མཉམ་པ་དང་། མི་མ་ཡིན་པས་བརླམས་པ་དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའོ། །གཞན་ཡང་རྒྱུ་ལྔས་
เล่ม ๑๓ · หน้า 33b
ན་སེམས་འཁྲུགས་པར་འགྱུར་ཏེ། ལྔ་གང་ཞེ་ན། རླུང་བསྐྱོད་པ་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའོ། །གཞན་ཡང་རྒྱུ་ལྔས་ན་སེམས་འཁྲུགས་ཏེ། ལྔ་གང་ཞེ་ན། མི་མ་ཡིན་པས་བརྡེག་པ་དང་། མི་མ་ཡིན་
པས་སེམས་འཁྲུགས་པ་དང་། མི་མ་ཡིན་པས་མདངས་ཕྲོགས་པ་དང་། ཁམས་མ་མཉམ་པ་དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའོ། །རྒྱུ་ལྔས་འདོད་ཆགས་དང་མ་བྲལ་བའི་ཕོ་མཚན་ལས་སུ་རུང་བར་འགྱུར་ཏེ། བཤང་བ་འགགས་པར་གྱུར་པ་དང་། གཅི་བ་འགགས་
པར་གྱུར་པ་དང་། རླུང་འགགས་པར་གྱུར་པ་དང་། སྲོག་ཆགས་ཨུ་ཙ་ཏིང་ཀས་ཟིན་པར་གྱུར་པ་དང་། འདོད་པའི་འདོད་ཆགས་ཀྱིས་ཀུན་ཏུ་དཀྲིས་པར་གྱུར་པ་དང་ལྔའོ། །ཁུ་བ་རྣམ་པ་ལྔ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། བསྐ་བ་དང་། སླ་བ་དང་
ལྔའོ། །གཎྜཱི་བརྡུང་བ་ལ་རྣམ་པ་ལྔ་སྟེ། དགེ་འདུན་ཐམས་ཅད་ཀྱི་གཎྜཱི་དང་། ལས་ཀྱི་གཎྜཱི་དང་། ཤི་བའི་གཎྜཱི་དང་། ཉེས་པའི་གཎྜཱི་དང་། སྤང་བའི་གཎྜཱི་དང་ལྔའོ། །དགེ་འདུན་ཐམས་ཅད་ཀྱི་གཎྜཱི་དེ་ནི་རྒྱུད་གསུམ་དང་དྲག་པོ་གསུམ་མོ། །ལས་ཀྱི་གཎྜཱི་ནི་རྒྱུད་
གཉིས་དང་དྲག་པོ་གཅིག་གོ། །ཤི་བའི་གཎྜཱི་ནི་རྒྱུད་གཅིག་པའོ། །ཉེས་པའི་གཎྜཱི་ནི་ནམ་ཞི་བར་གྱུར་གྱི་བར་དུའོ། །སྤང་བའི་གཎྜཱི་ནི་ཁར་གསིལ་ལོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་གིས་དགེ་སློང་མ་ལ་ལུང་བསྒོ་བར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་
པར་གྱུར་པ་དང་། མང་དུ་ཐོས་པ་དང་། གནས་བརྟན་རྒྱལ་པོར་གྱུར་པ་དང་། གྲོང་ཁྱེར་གྱི་སྐད་དང་ལྡན་པར་གྱུར་པ་དང་། དེས་དགེ་སློང་མ་ལ་ལུས་ཀྱིས་བསྐྱོད་པས་སུན་མ་ཕྱུང་བར་གྱུར་པའོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཕས་ཕམ་པ་བཞི་ལས་གང་
ཡང་རུང་བ་འདས་པར་མ་གྱུར་པའོ། །ཇི་ལྟར་ན་མང་དུ་ཐོས་པ་ཡིན་ཞེ་ན། དེས་སོ་སོར་ཐར་པའི་མདོ་བཤད་པའམ་ཁ་ཏོན་དུ་བྱས་པར་གྱུར་པའོ། །ཇི་ལྟར་ན་གནས་བརྟན་རྒྱལ་པོ་ལྟ་བུར་གྱུར་པ་ཡིན་ཞེ་ན། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པར་གྱུར་པའམ། ཡང་
เล่ม ๑๓ · หน้า 34a
ན་དེ་ལས་འདས་པའོ། །དེ་སྟེ་དགེ་སློང་མ་ལ་ལུས་ཀྱིས་བསྐྱོད་པས་སུན་ཕྱུང་བར་མ་གྱུར་ཏམ། ཡང་ན་ཉེས་པ་དེ་འདིས་ཇི་ལྟར་ཆོས་བཞིན་དུ་བྱས་པར་གྱུར་པའོ། །སྒོ་གཉིས་པོ་རྫོགས་སྷོ།། །།སྒོ་གསུམ་པོའི་མདོ་བསྡུས་པ་སྟེ། རྩོད་དང་མགུ་
བར་བྱེད་པ་དང་། །ནོར་རྙེད་གང་ཟག་དེ་བཞིན་ཏེ། །ཨུ་པཱ་ལི་འདུལ་ཆད་པ་དང་། །རབ་འབྱུང་སྦྱིན་པ་དེ་བཞིན་ནོ། །མདོར་ན། འཁྲུག་པའི་རྩ་བ་བསྒོ་བ་དྲུག །ལས་དང་བསྟན་པའང་དེ་བཞིན་ཏེ། །བསྟབས་པར་བྱ་བ་ཉམས་པ་དང་། །བཟློག་པར་བྱ་བའང་དེ་བཞིན་
ནོ། །དགེ་སློང་དག་འདི་ལ་འཁྲུག་པའི་རྩ་བ་ནི་དྲུག་སྟེ། དགེ་སློང་ཁྲོ་ཞིང་འཁོན་པ་ཡང་ཡོད་དེ། དགེ་སློང་དག་དགེ་སློང་ཁྲོ་ཞིང་འཁོན་དུ་འཛིན་པར་གྱུར་པ་གང་ཡིན་པ་དེས་ནི་སྟོན་པ་ལ་བླ་མར་མི་བྱེད། བཀུར་སྟིར་མི་བྱེད། ཕུ་དུད་དུ་མི་བྱེད། མཆོད་པར་མི་བྱེད་དེ།
དེས་སྟོན་པ་ལ་བསྟི་སྟང་དུ་མ་བྱས། བླ་མར་མ་བྱས། བཀུར་སྟིར་མ་བྱས། ཕུ་དུད་དུ་མ་བྱས། མཆོད་པར་མ་བྱས་པས་ན་ཆོས་མི་མཐོང་ངོ་། །ཆོས་མ་མཐོང་བས་དགེ་འདུན་ལ་རིམ་གྲོར་བྱེད་པར་མི་སྤྱོད་དོ། །དགེ་འདུན་ལ་རིམ་གྲོ་མེད་པར་སྤྱད་པས་དགེ་སྦྱོང་ཉིད་
ལ་བག་མེད་པར་སྤྱོད་དོ། །དགེ་སྦྱོང་ཉིད་ལ་བག་མེད་པར་སྤྱོད་པས་ཇི་ནས་དགེ་འདུན་ལ་འཐབ་པ་དང་། མཚང་འདྲུ་བ་དང་། འཁོན་པ་དང་། རྩོད་པ་དེ་ལྟ་བུ་སྐྱེད་པར་འགྱུར་ཏེ། འཐབ་པ་དང་། མཚང་འདྲུ་བ་དང་། འཁོན་པ་དང་། རྩོད་པ་རྣམས་ནི་སྐྱེ་བོ་མང་པོ་
ལ་ཕན་པ་མ་ཡིན་ཏེ། སྐྱེ་བོ་མང་པོའི་དོན་མ་ཡིན་གྱི། སྐྱེ་བོ་མང་པོ་ལ་སྡུག་བསྔལ་བར་བྱེད་དོ། །ལྷ་དང་མི་རྣམས་ལ་ཡང་དོན་མ་ཡིན་པ་དང་། མི་ཕན་པ་དང་། སྡུག་བསྔལ་བར་བྱེད་དོ། །དགེ་སློང་ཁྱད་རྣམས་ལ་འདི་ལྟ་བུའི་རྩོད་པའི་རྩ་བ་ནང་ངམ་ཕྱི་རོལ་ན་ཡོད་ལ་བདག་
ཉིད་ཀྱིས་མ་སྤངས་པར་རྗེས་སུ་མཐོང་བ་དང་། དེ་ལ་ཁྱེད་དང་ལྷན་ཅིག་ཏུ་མཐུན་ཞིང་ཤིན་ཏུ་དགའ་བར་བྱོས་ལ་རབ་ཏུ་དད་པའི་བརྩོན་འགྲུས་དང་བརྩལ་བ་དང་སྤྲོ་བ་སྐྱེད་ཅིག །སྤྲོ་བ་བསྐྱེད་ནས་རྩོད་པའི་རྩ་བ་དེ་མ་བཏང་གི་བར་དུ་དྲན་པ་དང་། ཤེས་པ་མི་གཏང་བར་བརྩོན་
เล่ม ๑๓ · หน้า 34b
པར་བྱོས་ཤིག །དེ་བཞིན་དུ་དགེ་སློང་ཁྱེད་ཅག་གིས་རྩོད་པའི་རྩ་བ་ནང་ངམ་ཕྱི་རོལ་ན་ཡོད་པ་མ་སྤངས་པ་མཐོང་ན། དེར་ཁྱེད་དང་ལྷན་ཅིག་ཏུ་མཐུན་ཞིང་དགའ་བར་བྱོས་ལ་སེམས་ཀྱིས་ཤིན་ཏུ་བསྲུང་བའི་དྲན་པས་རྩོད་པའི་རྩ་བ་དེའི་ཉེས་པ་ཟད་པར་མ་གྱུར་གྱི་བར་དུ་
བརྩོན་པར་བྱོས་ཤིག་དང་། ཁྱེད་ཀྱི་རྩོད་པའི་རྩ་བ་དེ་ཡང་དག་པར་བཅོམ་ནས་ཕྱིས་ཀྱང་མི་འབྱུང་བར་འགྱུར་རོ། །ཁོན་དུ་འཛིན་པ་ཇི་ལྟ་བ་དེ་བཞིན་དུ་འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། འཇུངས་པ་དང་། གཡོ་དང་། སྒྱུ་དང་། ངོ་ཚ་མེད་པ་དང་། མི་
འཛེམ་པ་དང་། རང་གི་ལྟ་བ་སྙེམས་པར་གྱུར་པ་རྣམས་ཡིན་ཏེ། བབ་བབ་ཏུ་འཛིན་པ་སྤང་དཀའ་བའི་ཚིག་རྣམས་རྒྱས་པར་བརྗོད་པར་བྱའོ། །བསྒོ་བ་རྣམ་པ་དྲུག་སྟེ། སངས་རྒྱས་ཀྱིས་བསྒོ་བ་དང་། དགེ་འདུན་གྱིས་བསྒོ་བ་དང་། སློབ་དཔོན་གྱིས་བསྒོ་བ་དང་།
མཁན་པོས་བསྒོ་བ་དང་། རྒྱལ་པོས་བསྒོ་བ་དང་། རྐུན་པོས་བསྒོ་བའོ། །དགེ་བསྙེན་ཕས་བྱར་མི་རུང་བའི་ལས་དྲུག་སྟེ། སེམས་ཅན་འཚོང་བ་དང་། མཚོན་ཆ་འཚོང་བ་དང་། ཆང་འཚོང་བ་དང་། དུག་འཚོང་བ་དང་། རྒྱ་སྐྱེགས་ཀྱི་ལས་དང་། འབྲུ་མར་བྱེད་པའི་
ལས་སོ། །ནག་པོར་བསྟན་པ་དྲུག་སྟེ། འདི་ལྟར་དགེ་སློང་དག་ལ་དགེ་སློང་ཞིག་འདི་སྐད་དུ་ཚེ་དང་ལྡན་པ་ཁོ་བོས་ནི་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས། མངོན་སུམ་དུ་བླངས་ཏེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཟེར་ན། དགེ་
སློང་དེས་སྨྲས་པ་དེ་ལ་སྤྲོ་བར་ཡང་མི་བྱ། སྨད་པར་ཡང་མི་བྱ་སྟེ། སྤྲོ་བར་ཡང་མི་བྱ། སྨད་པར་ཡང་མི་བྱ་བར་ཚིག་དང་དོན་དང་འབྲུ་རྣམས་ཟུང་ལ་མདོ་སྡེ་དང་གཏུགས་ཤིང་འདུལ་བ་ལ་ལྟོས་ཤིག །དེ་སྟེ་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ཀྱང་མདོ་སྡེ་དང་ཡང་མི་
མཐུན། འདུལ་བ་ལས་ཀྱང་མི་འབྱུང་ཆོས་ཉིད་དང་ཡང་འགལ་ན་དགེ་སློང་དེ་ལ་འདི་སྐད་དུ་ཇི་ལྟར་ཚེ་དང་ལྡན་པ་ཁྱོད་ཀྱི་ཆོས་འདི་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཡང་ན་ཚེ་དང་ལྡན་པས་ཆོས་འདི་ལོག་པར་བཟུང་ངོ་། །དེ་ལྟ་བས་ན་ཁོ་བོས་ཆོས་འདི་མདོ་སྡེ་དང་ཡང་
เล่ม ๑๓ · หน้า 35a
གཏུགས། འདུལ་བ་ལ་ཡང་བལྟས་ན། མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང་། ཆོས་ཉིད་དང་ཡང་འགལ་བས་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ལ་བོར་ཅིག་ཅེས་སྒོ་
ཤིག །གཞན་ཡང་དགེ་སློང་དག་ལ་དགེ་སློང་ཞིག་འདི་སྐད་དུ་ཚེ་དང་ལྡན་པ་དག་གནས་འདི་ཞེས་བྱ་བ་ན་གནས་བརྟན་དུ་བཅས་སོ་སོར་ཐར་པ་བཅས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་གནས་ཏེ། ཚེ་དང་ལྡན་པ་ཁོ་བོས་ནི་དགེ་སློང་གི་དགེ་འདུན་དེ་དག་ལས་མངོན་སུམ་དུ་
ཐོས། མངོན་སུམ་དུ་བླངས་པས་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཟེར་ན། དགེ་སློང་དེས་དེ་ལ་སྤྲོ་བ་དང་། སྨད་པར་མི་བྱ་བར་ཚིག་དང་དོན་དང་འབྲུ་རྣམས་ཟུང་ལ་མདོ་སྡེ་དང་གཏུགས་ཤིང་། འདུལ་བ་ལ་ལྟོས་ཤིག །དེ་སྟེ་
མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ཀྱང་། མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང་ལ། ཆོས་ཉིད་དང་འགལ་ན། དགེ་སློང་དེ་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཀྱིས་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་སློང་གི་
དགེ་འདུན་གྱི་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་ཆོས་མ་ཡིན་འདུལ་བ་མ་ཡིན་པ་སྨྲས་སོ། །ཡང་ན་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་ལ་ལོག་པར་བཟུང་ངོ་། །དེ་ལྟ་བས་ན་ཆོས་འདི་དག་ནི་མདོ་སྡེ་དང་ཡང་གཏུགས། འདུལ་བ་ལ་ཡང་བལྟས་ན་མདོ་སྡེ་དང་ཡང་
མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང་ལ་ཆོས་ཉིད་དང་ཡང་འགལ་བས་ན་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ལ་བོར་ཅིག་ཅེས་སྒོ་ཤིག །གཞན་ཡང་དགེ་སློང་ཞིག་འདི་སྐད་དུ་དགེ་སློང་དག་གནས་
འདི་ཞེས་བྱ་བ་ན་དགེ་སློང་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པ་མང་ཞིག་གནས་ཏེ། ཚེ་དང་ལྡན་པ་དགེ་སློང་དེ་དག་ལ་བདག་གིས་མངོན་སུམ་དུ་ཐོས། མངོན་སུམ་དུ་བླངས་ཏེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་
เล่ม ๑๓ · หน้า 35b
པའོ་ཞེས་ཟེར་བ་ནས། དགེ་སློང་དེ་ལ་འདི་སྐད་ཅེས་བྱ་བ་སྨྲོས་ཤིག་ཅེས་བྱ་བའི་བར་དུ་སྔ་མ་དེ་བཞིན་ཏེ། ཇི་ལྟར་ཚེ་དང་ལྡན་པ་དགེ་སློང་དེ་དག་གིས་ནི་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ། ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་སྨྲས་སོ། །ཡང་
ན་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་དག་ལོག་པར་བཟུང་ངོ་། །འདི་ལྟར་ཆོས་འདི་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ན་མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང་། ཆོས་ཉིད་དང་ཡང་འགལ་ཏེ། འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན།
སྟོན་པས་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ལ་བོར་ཅིག་ཅེས་སྒོ་ཤིག །གཞན་ཡང་དགེ་སློང་ཞིག་དགེ་སློང་དག་ལ་འདི་སྐད་དུ་ཚེ་དང་ལྡན་པ་གནས་འདི་ཞེས་བྱ་བའི་ནང་ན་དགེ་སློང་གི་གནས་བརྟན་གྱི་ནང་ནས་གནས་བརྟན་གང་ཡང་རུང་བ་དང་། གཙོ་བོའི་ནང་ན་གཙོ་
བོ་གང་ཡང་རུང་བའི་དགེ་སློང་དག་གནས་ཏེ། ཚེ་དང་ལྡན་པ་དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས། མངོན་སུམ་དུ་བཟུང་བས་ན་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་བྱ་བ་ནས། དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག་
ཅེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། ཇི་ལྟར་ཚེ་དང་ལྡན་པ་གནས་བརྟན་གྱི་ནང་ན་གནས་བརྟན་གང་ཡང་རུང་བ་དང་། གཙོ་བོའི་ནང་ན་གཙོ་བོ་གང་ཡང་རུང་བའི་དགེ་སློང་གིས་འདི་ལ། ཆོས་སུ་འདུ་ཤེས་འདི་ལ་འདུལ་བར་འདུ་ཤེས་ཏེ་ཆོས་མ་ཡིན། འདུལ་བ་མ་ཡིན་པར་
སྨྲས་སོ། །ཡང་ན་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་ལོག་པར་བཟུང་ངོ་། །ཞེས་བྱ་བ་ནས་ཤེས་པར་བྱོས་ལ་བོར་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གཞན་ཡང་དགེ་སློང་ཞིག་ལ་དགེ་སློང་ཞིག་གིས་འདི་སྐད་ཅེས་སྨྲས་ཏེ། ཚེ་དང་ལྡན་པ་གནས་འདི་ཞེས་བྱ་བ་ན་
དགེ་བསྙེན་དད་པ་ཡིད་ཆེས་པ་ཞིག་ཡོད་དེ། ཚེ་དང་ལྡན་པ་ཁོ་བོས་ནི་དགེ་བསྙེན་དེ་ལས་མངོན་སུམ་དུ་ཐོས། མངོན་སུམ་དུ་བླངས་ན་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་བྱ་བ་ནས། དགེ་སློང་དེ་ལ་འདི་སྐད་ཅེས་སྨྲོས་ཤིག་
เล่ม ๑๓ · หน้า 36a
ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཇི་ལྟར་ཚེ་དང་ལྡན་པ་ཁྱོད་དགེ་བསྙེན་གྱིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ནས་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་སྨྲས་སོ། །ཡང་ན་ནི་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་དག་ལོག་པར་བཟུང་ངོ་ཞེས་བྱ་
བ་ནས་ཤེས་པར་བྱོས་ལ་བོར་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གཞན་ཡང་དགེ་སློང་དག་ལ་དགེ་སློང་ཞིག་འདི་སྐད་སྨྲས་ཏེ། ཚེ་དང་ལྡན་པ་ཁོ་བོས་ནི་ལྷ་རྣམས་ལས་མངོན་སུམ་དུ་ཐོས་ཏེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་
པའོ་ཞེས་བྱ་བ་ནས། དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། ཇི་ལྟར་ཚེ་དང་ལྡན་པ་ཁྱོད་ལ་ལྷ་རྣམས་ཀྱིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ནས་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་སྨྲས་སོ། །ཡང་ན་ཚེ་དང་ལྡན་པ་ཉིད་
ཀྱིས་ཆོས་འདི་དག་ལོག་པར་བཟུང་ངོ་ཞེས་བྱ་བ་ནས་ཤེས་པར་བྱོས་ལ་བོར་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བསྟན་པ་ཆེན་པོ་དྲུག་ཅེས་བྱ་བ་ནི་འདི་ལྟར་དགེ་སློང་དག་ལ་དགེ་སློང་ཞིག་འདི་སྐད་དུ་ཚེ་དང་ལྡན་པ་བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས། མངོན་
སུམ་དུ་བླངས་ཏེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཟེར་ན། དགེ་སློང་དེས་སྨྲས་པ་དེ་ལ་སྤྲོ་བར་ཡང་མི་བྱ་སྨད་པར་མི་བྱ་སྟེ། སྤྲོ་བར་མི་བྱ་སྨད་པར་མི་བྱ་བར་ཚིག་དང་དོན་དང་འབྲུ་རྣམས་བཟུང་སྟེ་མདོ་སྡེ་དང་གཏུགས་པར་བྱའོ། །
འདུལ་བ་ལ་བལྟ་བར་བྱའོ། །དེ་སྟེ་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ཀྱང་མདོ་སྡེ་དང་མཐུན། འདུལ་བ་ལས་ཀྱང་འབྱུང་། ཆོས་ཉིད་དང་ཡང་མི་འགལ་ན་དགེ་སློང་དེ་ལ་འདི་སྐད་དུ་སྨྲོས་ཤིག །ཇི་ལྟར་ཚེ་དང་ལྡན་པ་ཆོས་འདི་དག་ནི་བཅོམ་ལྡན་འདས་ཀྱིས་
གསུངས་ཏེ། ཚེ་དང་ལྡན་པས་ཀྱང་ཆོས་དེ་དག་ལེགས་པར་བཟུང་ངོ་། །དེ་ལྟ་བས་ན་ཆོས་འདི་དག་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ན་མདོ་སྡེ་དང་ཡང་མཐུན། འདུལ་བ་ལས་འབྱུང་ལ། ཆོས་ཉིད་དང་ཡང་མི་འགལ་བས་ན། འདི་ནི་ཆོས་སོ། །འདི་ནི་འདུལ་
เล่ม ๑๓ · หน้า 36b
བའོ། །འདི་ནི་སྟོན་པས་བསྟན་པ་ཡིན་པར་ཤེས་པར་བྱོས་ལ་གཟུང་བར་བྱའོ། །ལུང་བསྒོ་བ་ཆེན་པོ་འདི་དྲུག་རྒྱས་པར་དཀར་པོའི་ཕྱོགས་སུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བསྟབས་པ་རྣམ་པ་དྲུག་སྟེ། དགེ་སློང་ལ་བསྟབས་པ་དང་། དགེ་སློང་མ་ལ་བསྟབས་
པ་དང་། གཉིས་ཀ་ལ་བསྟབས་པ་དང་། སོ་སོར་བསྟབས་པ་དང་། གང་ཟག་ལ་བསྟབས་པ་དང་། སེམས་བསྐྱེད་པས་བསྟབས་པའོ། །གཞན་ཡང་བསྟབས་པ་དྲུག་སྟེ། དད་པས་བསྟབས་པ་དང་། ཡོངས་སུ་དག་པས་བསྟབས་པ་དང་། ཟང་ཟིང་
བསྟབས་པ་དང་། ཡོ་བྱད་བསྟབས་པ་དང་། སྨན་བསྟབས་པ་དང་། དུས་སུ་བསྟབས་པའོ། །ཉམས་པ་དྲུག་སྟེ། བདག་ཉམས་པ་དང་། གཞན་ཉམས་པ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་
ཉམས་པའོ། །ཕུན་སུམ་ཚོགས་པ་དྲུག་སྟེ། བདག་ཕུན་སུམ་ཚོགས་པ་དང་། གཞན་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། སྤྱོད་པ་ཕུན་སུམ་ཚོགས་པ་དང་། འཚོ་བ་ཕུན་སུམ་ཚོགས་
པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་བདུན་པ། མདོར་ན། མགུ་བར་བྱེད་དང་རྐུ་བ་དང་། །མངོན་སུམ་གྱུར་པ་དེ་བཞིན་ཏེ། །ཉམས་པར་གྱུར་དང་མ་གྱུར་དང་། །ལས་རྣམས་དྲུག་དང་བསྟན་པའོ། །མགུ་བར་བྱེད་ཅེས་
བྱ་བ་ནི་སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་བདག་གི་ལུས་བྱམས་པ་དང་ལྡན་པ་ཉེ་བར་གནས་པར་གྱུར་ཅིག་ཅེས་བྱ་བའི་ཆོས་འདི་ནི་མགུ་བར་བྱེད་པ་སྟེ། དགའ་བར་བྱེད། བླ་མར་བྱེད་པ་ཡིད་དུ་འོང་བ་དགའ་བར་བྱ་བ་དང་། བླ་མར་བྱ་བ་དང་།
བཀུར་སྟིར་བྱ་བ་དང་། བསྒོམ་པར་བྱ་བ་དང་། གཟུང་བར་བྱ་བ་དང་། མཐུན་པར་བྱ་བ་དང་། མི་འཁོན་པར་བྱ་བ་དང་། མི་རྩོད་པར་བྱ་བ་དང་། དངོས་པོ་གཅིག་ཏུ་འགྱུར་བའི་ཕྱིར་ངག་གི་ལས་བྱམས་པ་དང་། ཡིད་ཀྱི་ལས་བྱམས་པ་འཇུག་གོ། །གང་ཆོས་
เล่ม ๑๓ · หน้า 37a
བཞིན་དུ་ཆོས་ཀྱི་རྙེད་པ་དེ་ཆུང་ངུ་ན་ལྷུང་བཟེད་ཀྱི་ནང་དུ་འོངས་པའམ། ལྷུང་བཟེད་ཀྱི་འཁོར་དུ་གཏོགས་པ་དེ་ལྟ་བུའི་རྙེད་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ཐུན་མོང་བར་སྤྱད་པར་བྱའོ་ཞེས་བྱ་བའི་ཆོས་འདི་ནི་མགུ་བར་བྱེད་པའོ། །དངོས་
པོ་གཅིག་ཏུ་འགྱུར་བའི་ཕྱིར་འཇུག་གོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། གང་ཚུལ་ཁྲིམས་འདི་དག་མ་རལ་བ། མ་ཞིག་པ། མ་འདྲེས་པ། རྙོག་པ་ཅན་དུ་མ་གྱུར་པ། མ་ཉམས་པ། སྐྱོན་མེད་པ། ལེགས་པར་རྫོགས་པ། ལེགས་པར་མནོས་པ། མཁས་པ་
རྣམས་ཀྱིས་བསྟོད་པ་དེ་ལྟ་བུའི་ཚུལ་ཁྲིམས་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ལྷན་ཅིག་ཏུ་ཚུལ་ཁྲིམས་ཐུན་མོང་དུ་གྱུར་ཅིག་ཅེས་བྱ་བའི་ཆོས་འདི་ནི་མགུ་བར་བྱེད་པའོ། །གཅིག་ཏུ་འགྱུར་བའི་ཕྱིར་འཇུག་གོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། འཕགས་
པ་རྣམས་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བ་དང་། སྡུག་བསྔལ་གྱི་མཐར་ཕྱིན་པར་བྱ་བའི་ཕྱིར་འབྱུང་བར་བྱེད་པ་དང་། ངེས་པར་བྱུང་བའི་ལྟ་བ་གང་ཡིན་པ་དེ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ལྷན་ཅིག་ཏུ་ལྟ་བ་ལ་ཐུན་མོང་བར་གྱུར་ཅིག་ཅེས་བྱ་བའི་
ཆོས་འདི་ནི་མགུ་བར་བྱེད་པ་སྟེ། གཅིག་ཏུ་འགྱུར་བའི་ཕྱིར་འཇུག་གོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །རྐུ་བ་དྲུག་ལ་འཇབ་བུས་རྐུ་བ་དང་། སྒྱུས་རྐུ་བ་དང་། མཐུས་རྐུ་བ་དང་། ཕྱིར་སྦྱིན་ནོ་ཞེས་ནས་རྐུ་བ་དང་། བརྣོགས་ཏེ་རྐུ་བ་དང་། གཞན་ལ་བསྡོས་
ནས་རྐུ་བའོ། །གནས་དྲུག་མངོན་སུམ་དུ་གྱུར་པ་ལ་བསྙེན་པར་རྫོགས་པར་བྱ་སྟེ། སྟོན་པ་མངོན་སུམ་དུ་གྱུར་པ་དང་། ཆོས་མངོན་སུམ་དུ་གྱུར་པ་དང་། དགེ་འདུན་མངོན་སུམ་དུ་གྱུར་པ་དང་། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་དང་། སློབ་དཔོན་མངོན་སུམ་དུ་
གྱུར་པ་དང་། མཁན་པོ་མངོན་སུམ་དུ་གྱུར་པའོ། །ཆོས་དྲུག་ནི་སྟོན་པས་བསྟན་པ་ཉམས་པར་བྱེད་པའི་རྒྱུར་འགྱུར་ཏེ། ལས་ལ་དགའ་བར་གྱུར་པ་དང་། སྨྲ་བ་ལ་དགའ་བར་གྱུར་པ་དང་། ཉལ་བ་ལ་དགའ་བ་དང་། འདུ་འཛིའི་གཏམ་ལ་དགའ་བ་དང་། རྙེད་པ་དང་
เล่ม ๑๓ · หน้า 37b
བཀུར་སྟི་དང་གྲགས་པ་མི་སྤོང་བ་ལ་དགའ་ཞིང་མི་སྤོང་བ་ལ་མོས་པས་སྤོང་བ་ལ་མི་དགའ་ཞིང་རྣལ་འབྱོར་དུ་མི་འཇུག་པ་དང་། སྒོམ་པ་ལ་མི་དགའ་ཞིང་སྒོམ་པ་ལ་མི་མོས་པར་གྱུར་པས་སྒོམ་པ་ལ་མི་དགའ་ཞིང་རྣལ་འབྱོར་དུ་མི་འཇུག་པའོ། །ཆོས་དྲུག་ནི་སྟོན་པས་བསྟན་
པ་མི་ཉམས་པའི་རྒྱུར་འགྱུར་ཏེ། ལས་ལ་མི་དགའ་བར་གྱུར་པ་དང་། སྨྲ་བ་ལ་མི་དགའ་བ་དང་། ཉལ་བ་ལ་མི་དགའ་བ་དང་། འདུ་འཛིའི་གཏམ་ལ་མི་དགའ་བ་དང་། རྙེད་པ་དང་བཀུར་སྟི་ལ་མི་དགའ་ཞིང་། སྤོང་བ་ལ་དགའ་ཞིང་སྤོང་བ་ལ་མོས་པར་གྱུར་
པས་སྤོང་བ་ལ་དགའ་ཞིང་རྣལ་འབྱོར་དུ་འཇུག་པ་དང་། སྒོམ་པ་ལ་དགའ་ཞིང་སྒོམ་པ་ལ་མོས་པར་གྱུར་པས་སྒོམ་པ་ལ་དགའ་ཞིང་སྒོམ་པ་ལ་མོས་ཏེ་རྣལ་འབྱོར་དུ་འཇུག་པའོ། །ཆོས་དེ་དྲུག་ནི་སྟོན་པས་བསྟན་པའི་རྒྱུར་འགྱུར་ཏེ། དགེ་སློང་ཁྱེད་ཅག་གིས་ཤེས་པར་
བྱོས་ཤིག །ཆོས་འདི་དག་ནི་ཀུན་ཏུ་འདོད་ཆགས་པའི་རྒྱུར་འགྱུར། ཀུན་ཏུ་ཞེ་སྡང་བ་དང་། ཀུན་ཏུ་གཏི་མུག་པ་དང་། ཀུན་ཏུ་སྦྱོར་བ་དང་། ཀུན་ཏུ་ཉོན་མོངས་པ་དང་། རབ་ཏུ་སྤྲོས་པ་རྣམས་ཀྱི་རྒྱུར་འགྱུར་བ་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་
སྟོན་པས་བསྟན་པ་མ་ཡིན་གྱིས་ཁྱེད་ཀྱིས་རྟོགས་པར་ཤེས་པར་གྱིས་ཤིག །ཆོས་དྲུག་ནི་སྟོན་པས་བསྟན་པའི་རྒྱུར་འགྱུར་ཏེ། དགེ་སློང་དག་ཁྱེད་ཀྱིས་འདི་དག་ཤེས་པར་གྱིས་ཤིག །ཆོས་འདི་དག་ནི་ཀུན་ཏུ་འདོད་ཆགས་པའི་རྒྱུར་མི་འགྱུར། ཀུན་ཏུ་ཞེ་མི་སྡང་བ་དང་། ཀུན་
ཏུ་གཏི་མི་མུག་པ་དང་། ཀུན་ཏུ་མི་སྦྱོར་བ་དང་། རྣམ་པར་བྱང་བ་དང་། མ་སྤྲོས་པ་རྣམས་ཀྱི་རྒྱུར་འགྱུར་བ་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པ་སྟེ་ཁྱོད་ཀྱིས་རྟོགས་པར་བྱོས་ཤིག །གཞན་ཡང་ཆོས་དེ་དྲུག་ནི་སྟོན་པས་བསྟན་པའི་རྒྱུར་འགྱུར་
ཏེ། དགེ་སློང་དག་ཁྱེད་ཀྱིས་འདི་དག་ཤེས་པར་གྱིས་ཤིག །ཆོས་འདི་དག་ནི་ཆོག་མི་ཤེས་པའི་རྒྱུར་འགྱུར་ཏེ། མགུ་མི་མྱོང་བ་དང་། དགང་དཀའ་བ་དང་། གསོ་དཀའ་བ་དང་། འདོད་པ་མང་བ་རྣམས་ཀྱི་རྒྱུར་འགྱུར་བ་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན།
เล่ม ๑๓ · หน้า 38a
འདི་ནི་སྟོན་པས་བསྟན་པ་མ་ཡིན་གྱིས་ཁྱོད་ཀྱིས་རྟོགས་པར་ཤེས་པར་གྱིས་ཤིག །ཆོས་དེ་དྲུག་ནི་སྟོན་པས་བསྟན་པའི་རྒྱུར་འགྱུར་ཏེ། དགེ་སློང་དག་ཁྱེད་ཀྱིས་འདི་དག་ཤེས་པར་གྱིས་ཤིག །ཆོས་འདི་དག་ནི་ཆོག་ཤེས་པའི་རྒྱུར་འགྱུར་ཏེ། མགུ་སླ་
བ་དང་། གསོ་སླ་བ་དང་། དགང་སླ་བ་དང་། འདོད་པ་མི་མང་བའི་རྒྱུར་འགྱུར་བ་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པ་སྟེ། ཁྱོད་ཀྱིས་གཏན་ལ་བབ་པར་ཤེས་པར་གྱིས་ཤིག །མདོར་ན། ནོར་དང་སྟོབས་དང་ཞི་གནས་དང་། །
ཉམས་པ་དག་དང་གོས་རྣམས་དང་། །ཡོན་ཏན་འགྲོ་བར་མི་བྱེད་དང་། །ཆོས་མིན་དགེ་འདུན་སྤྱོད་པའོ། །ནོར་བདུན་ཏེ་དད་པའི་ནོར་དང་། ཚུལ་ཁྲིམས་ཀྱི་ནོར་དང་། ཁྲེལ་ཡོད་པའི་ནོར་དང་། འཛེམ་པའི་ནོར་དང་། ཐོས་པའི་ནོར་དང་། གཏོང་བའི་ནོར་དང་།
ཤེས་རབ་ཀྱི་ནོར་དང་བདུན་ནོ། །སྟོབས་བདུན་ཏེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་དང་། ཁྲེལ་ཡོད་པའི་སྟོབས་དང་། འཛེམ་པའི་སྟོབས་སོ། །རྩོད་པ་ཞི་བར་བྱེད་པའི་
ཆོས་བདུན་ཏེ། མངོན་སུམ་དུ་འདུལ་བ་དང་། དྲན་པས་འདུལ་བ་དང་། མ་རྨོངས་པས་འདུལ་བ་དང་། ཚུལ་ཤིང་གང་མང་བ་དང་། དེའི་དངོས་པོ་ཉིད་ཚོལ་བ་དང་། དམ་བཅས་འཇུག་པ་དང་། རྩྭ་འདིང་བ་ལྟ་བུ་རྣམས་སོ། །ཉམས་པའི་ཆོས་བདུན་ཏེ། སངས་རྒྱས་ལ་རིམ་གྲོ་
མེད་པར་སྤྱོད་པ་དང་། ཆོས་དང་། དགེ་འདུན་དང་། བསླབ་པ་དང་། བག་ཡོད་པ་དང་། གདིང་བ་དང་། ཏིང་ངེ་འཛིན་རྣམས་ལ་རིམ་གྲོ་མེད་པར་སྤྱོད་པའོ། །ཉམས་པ་མེད་པའི་ཆོས་བདུན་ཏེ། སངས་རྒྱས་ལ་རིམ་གྲོ་དང་བཅས་པར་སྤྱོད་པ་དང་། ཆོས་དང་།
དགེ་འདུན་དང་། བསླབ་པ་དང་། བག་ཡོད་པ་དང་། གདིང་བ་དང་། ཏིང་ངེ་འཛིན་རྣམས་ལ་རིམ་གྲོ་དང་བཅས་པ་སྤྱོད་པའོ། །གོས་སུ་རུང་བ་བདུན་ཏེ། བལ་དང་། ལྡུམ་བུ་ཤ་ན་ཀ་དང་། རས་བལ་དང་། ཟར་མ་དང་། རྩྭ་དུ་གུ་ལ་ཀ་དང་། རྩྭ་ཀོ་ཊ་བ་ཀ་དང་།
เล่ม ๑๓ · หน้า 38b
སྲིན་བལ་རྣམས་སོ། །གོས་སུ་མི་རུང་བ་བདུན་ཏེ། རྔ་མོའི་བལ་དང་། བ་ལང་གི་བལ་དང་། རེའུ་བལ་དང་། རི་དགས་ཀྱི་བལ་དང་། འབྲིའུ་བལ་དང་། འདྲེས་པ་དང་། ཐགས་སུ་མ་བཏགས་པ་རྣམས་སོ། །འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་བདུན་ཡོད་
དེ། རྒྱལ་བའི་ནང་གི་མཛོད་སྲུང་བ་ཡིན། རང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་བསྲུངས་ཤིང་ཤིན་ཏུ་སྦས་པ་ཡིན། ལུང་ནོད་ཅིང་སྟོན་པའི་རག་གཞན་ལ་མ་ལུས་པ་ཡིན། འཁོར་བཞི་འདུ་བར་གྱུར་པ་ཡིན། ཐེ་ཚོམ་སྐྱེས་པའི་གང་ཟག་རྣམས་ཀྱི་སྐྱབས་སུ་གྱུར་པ་ཡིན།
དགེ་འདུན་གྱི་ནང་དུ་འཇིགས་པ་མེད་པར་སྤྱོད་པ་དང་། སེམས་ལ་སྣང་བ་མང་དུ་སྤྱོད་པ་ཡིན་ནོ། །དགེ་སློང་འགྲོ་བར་མི་བྱ་བའི་སྤྱོད་ཡུལ་བདུན་ཏེ། ཤེན་པའི་ཁྱིམ་དང་། རྒྱན་པོ་འགྱེད་པའི་ཁྱིམ་དང་། སྨད་འཚོང་མའི་ཁྱིམ་དང་། ཆང་འཚོང་བའི་ཁྱིམ་དང་། རོལ་
མོ་མཁན་གྱི་ཁྱིམ་དང་། རྒྱལ་པོའི་ཕོ་བྲང་དང་། རིགས་ངན་གྱི་ཁྱིམ་མོ། །དམ་པའི་ཆོས་མ་ཡིན་པ་བདུན་ཏེ། ཆོས་མ་ཡིན་པ་མི་ཤེས་པར་གྱུར་པ་དང་། དོན་མི་ཤེས་པ་དང་། དུས་མི་ཤེས་པ་དང་། ཚོད་མི་ཤེས་པ་དང་། བདག་ཉིད་མི་ཤེས་པ་དང་། འཁོར་
མི་ཤེས་པ་དང་། གང་ཟག་ཕ་རོལ་དང་ཚུ་རོལ་མི་ཤེས་པར་གྱུར་པའོ། །དགེ་འདུན་གྱི་ནང་ན་སྤྱོད་པའི་དགེ་སློང་ཆོས་བདུན་དང་ལྡན་པ་ནི་དགེ་འདུན་གྱི་ནང་དུ་སྤྱོད་པར་མི་བྱ་སྟེ། སྤྲོ་ཐུང་ཞིང་མི་སྲུན་པར་གྱུར་པ་དང་། མང་དུ་སྨྲ་བར་གྱུར་པ་དང་། ཚིག་ཟློས་ཤིང་སྨྲ་བར་
གྱུར་པ་དང་། མ་གཙིགས་པར་སྨྲ་བར་གྱུར་པ་དང་། ཚུ་རོལ་མི་ཤེས་པར་གྱུར་པ་ཡིན་ནོ། །དམ་པའི་ཆོས་བདུན་ཏེ། ཆོས་ཤེས་པར་གྱུར་པ་དང་། དོན་ཤེས་པར་གྱུར་པ་དང་། དུས་ཤེས་པར་གྱུར་པ་དང་། ཚོད་ཤེས་པར་གྱུར་པ་དང་། བདག་ཉིད་ཤེས་པར་
གྱུར་པ་དང་། འཁོར་ཤེས་པར་གྱུར་པ་དང་། གང་ཟག་མི་མཛའ་བ་མང་བར་གྱུར་པ་དང་། རྩོད་པའི་ཐོག་མ་དང་བར་མ་དང་ཐ་མ་ལ་མི་མཁས་པར་གྱུར་པ་དང་། འདྲ་བ་དང་མི་འདྲ་བ་མི་ཤེས་པའོ། །བདུན་པོ་རྫོགས་སོ།། །།མདོར་ན། རྙེད་པ་གཏན་པ་དབྱུང་
เล่ม ๑๓ · หน้า 39a
བ་དང་། །ལྷམ་བྱ་བ་ཡང་དེ་བཞིན་ཏེ། །འཇིག་རྟེན་གྱི་ནི་ཆོས་བརྒྱད་དང་། །དབྱེན་དང་རྩ་བ་མེད་དེ་བཞིན། །རྙེད་པ་བརྒྱད་ཀྱི་མདོ་བར་མ་སྟེ། མཚམས་དང་བྱ་བ་གནས་དང་ནི། །དབྱར་དང་དགེ་འདུན་ལྔ་པོ་དང་། །གང་ཟག་མངོན་སུམ་གྱུར་པ་
དང་། །སོ་སོའི་ཡུལ་གྱི་བརྒྱད་པོའོ། །མཚམས་ཀྱི་ནང་དུ་ཕུལ་བའི་རྙེད་པ་དང་། བྱ་བའི་ཚེ་ཕུལ་བའི་རྙེད་པ་དང་། གནས་པའི་ཚེ་ཕུལ་བའི་རྙེད་པ་དང་། དབྱར་གྱི་རྙེད་པ་དང་། དགེ་འདུན་གྱི་བཅས་པའི་རྙེད་པ་དང་། གང་ཟག་གི་བཅས་པའི་རྙེད་པ་དང་།
མངོན་སུམ་དུ་གྱུར་པའི་རྙེད་པ་དང་། སོ་སོར་གྱུར་པའི་རྙེད་པ་དང་། བརྒྱད་ཡིན་ནོ། །མ་ལྟ་བུའི་གནས་ལས་གཏན་པ་དབྱུང་བའི་རྒྱུར་འགྱུར་བ་བརྒྱད་དེ་སོང་བ་དང་། འཛིན་པ་དང་། སླར་མི་འོང་སྙམ་པ་དང་། ཆུད་གསན་པ་དང་། ཐོས་པ་དང་། མཚམས་ལས་
འདས་པ་དང་། རེ་ཐག་ཆད་པ་དང་། གསོལ་བའི་ལས་དང་བརྒྱད་ཡིན་ནོ། །དགེ་སློང་གིས་བཅང་བར་མི་བྱ་བའི་ལྷམ་བརྒྱད་དེ། རྩྭ་ཀུ་ཤ་ལས་བྱས་པའི་ལྷམ་དང་། མུན་ཙ་ལས་བྱས་པའི་ལྷམ་དང་། བལ་པ་ཛ་ལས་བྱས་པའི་ལྷམ་དང་། འབྲ་གོ་ལས་བྱས་པའི་ལྷམ་
དང་། སྨྱུག་མ་ལས་བྱས་པའི་ལྷམ་དང་། སྤའི་ལོ་མ་ལས་བྱས་པའི་ལྷམ་དང་། གྲོ་བའི་ལྷམ་མོ། །གཞན་ཡང་དགེ་སློང་གིས་བཅང་བར་མི་བྱ་བའི་ལྷམ་བརྒྱད་དེ། སྐུད་པ་ལས་བྱས་པའི་ལྷམ་དང་། སྒྲ་དང་བཅས་པའི་ལྷམ་དང་། ཀོ་བ་ལས་བྱས་པའི་ལྷམ་དང་།
ཤིང་ལྷམ་དང་། བ་སོ་ལས་བྱས་པའི་ལྷམ་དང་། ལྕགས་ལས་བྱས་པའི་ལྷམ་དང་། རིན་པོ་ཆེ་ལས་བྱས་པའི་ལྷམ་དང་། ཤུན་ཕྲགས་ལས་བྱས་པའི་ལྷམ་རྣམས་སོ། །འཇིག་རྟེན་གྱི་ཆོས་བརྒྱད་དེ། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་
པ་དང་། སྨད་པ་དང་། བསྟོད་པ་དང་། བདེ་བ་དང་། སྡུག་བསྔལ་བ་རྣམས་སོ། །དགེ་འདུན་དབྱེ་བར་འགྱུར་བའི་ཆོས་བརྒྱད་ལ། འདི་ལྟ་སྟེ། ཆོས་སོ། །ཆོས་མ་ཡིན་ནོ་ཞེས་བྱ་བ་དང་། འདུལ་བའོ་འདུལ་བ་མ་ཡིན་ནོ་ཞེས་བྱ་བ་དང་། ལྟུང་བའོ་ལྟུང་བ་མ་ཡིན་
เล่ม ๑๓ · หน้า 39b
ནོ་ཞེས་བྱ་བ་དང་། ལྕི་བའོ་ཡང་བའོ་ཞེས་བྱ་བ་དང་། ལྷག་མ་དང་བཅས་པའོ། །ལྷག་མ་མ་ལུས་སོ་ཞེས་བྱ་བ་དང་། མཐོལ་བར་བྱ་བའོ། །བསྡམ་པར་བྱ་བའོ་ཞེས་པ་དང་། འདུལ་བ་ལས་འདས་པའོ། །ལོག་པར་བཤད་པར་འགྲོ་བའོ་ཞེས་བྱ་བ་དང་། མི་དགེ་བའོ། །
ལུང་དུ་མི་སྟོན་པའོ་ཞེས་བྱ་བ་རྣམས་སོ། །རྣམ་པ་བརྒྱད་ཀྱིས་ན་རྩ་བ་མེད་པས་སྨད་པར་འགྱུར་ཏེ། འཁོན་པ་དང་། སྤྲོ་ཐུང་བ་དང་། ཁྲོ་བ་དང་། མི་སྲུན་པ་དང་། ཡིད་མི་དགའ་བ་དང་། མགུ་དཀའ་བ་དང་། ཕྲག་དོག་དང་། སེར་སྣའོ། །མདོར་ན། གང་ཟག་
བརྟག་པར་བྱ་བ་དང་། །རྒོལ་བ་དང་ནི་སླར་རྒོལ་དང་། །འདུལ་བ་རྡུལ་དང་རྣམ་པ་བརྒྱད། །སོ་སོར་ཐར་པ་གཞག་པའོ། །གང་ཟག་བརྟག་པ་རྣམ་པ་བརྒྱད་དེ། སྤྱོད་པ་དང་། སྤྱོད་ཡུལ་དང་། མཛའ་བ་དང་། གྲོགས་དང་། འཚོ་བ་དང་། ཐོས་པ་དང་། ལུས་
ཀྱི་ལས་དང་། ངག་གི་ལས་རྣམས་སོ། །གང་ཟག་ཇི་ལྟ་བ་དེ་བཞིན་དུ་རྒོལ་བ་དང་ཕྱིར་རྒོལ་བ་ཡང་ཤེས་པར་བྱའོ། །ཆོས་བརྒྱད་ཀྱིས་འདོད་ཆགས་འདུལ་བའི་མཐར་ཕྱིན་པར་འགྱུར་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་
དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་རྣམས་སོ། །ཇི་ལྟར་འདོད་ཆགས་འདུལ་བའི་མཐར་ཕྱིན་
པར་འགྱུར་བ་དེ་བཞིན་དུ་ཞེ་སྡང་འདུལ་བ་དང་། གཏི་མུག་འདུལ་བའི་མཐར་ཕྱིན་པར་འགྱུར་བ་ཡང་དེ་བཞིན་ནོ། །རྡུལ་ལྟ་བུ་བརྒྱད་དེ། བཅའ་བ་རྡུལ་ལྟ་བུ་དང་། བཟའ་བ་རྡུལ་ལྟ་བུ་དང་། བཏུང་བ་རྡུལ་ལྟ་བུ་དང་། བལྡག་པ་རྡུལ་ལྟ་བུ་དང་། བཞིབ་པ་རྡུལ་
ལྟ་བུ་དང་། སྨན་རྡུལ་ལྟ་བུ་དང་། རྡུལ་ཉིད་ཀྱི་རྡུལ་དང་བརྒྱད་དོ། །ཆོས་མ་ཡིན་པའི་སོ་སོར་ཐར་པ་གཞག་པ་བརྒྱད་དེ། རྩ་བ་མེད་བཞིན་དུ་བྱས་པའི་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་དང་།
เล่ม ๑๓ · หน้า 40a
རྩ་བ་མེད་པས་མ་བྱས་པའི་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་རྣམས་སོ། །ཆོས་དང་ལྡན་པའི་གསོ་སྦྱིན་གཞག་པ་བརྒྱད་དེ། རྩ་བ་དང་བཅས་པས་བྱས་པའི་ཚུལ་ཁྲིམས་ཉམས་པ་
དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་དང་། རྩ་བ་དང་བཅས་པས་མ་བྱས་པའི་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་རྣམས་སོ། །མདོར་ན། ཨུ་པཱ་ལི་དང་མ་འགགས་
དང་། །གཽ་ཏས་གཽ་ཏ་མཱི་རིད་དེ། །མ་གནས་རིགས་པ་མ་ཡིན་པ། །གནོད་པ་དང་ནི་འདུལ་བའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བདག་གིས་ཆོས་དང་འདུལ་བ་འཚལ་བར་འགྱུར་བ་དེ་ལྟ་
བུའི་ཆོས་བདག་ལ་མདོར་བཤད་ན་ལེགས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཨུ་པཱ་ལི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨུ་པཱ་ལི་ཆོས་གང་འཐབ་པའི་རྒྱུར་འགྱུར་བ་དང་། མཚང་འདྲུ་བའི་རྒྱུར་འགྱུར་བ་དང་། འཁོན་པའི་རྒྱུར་འགྱུར་བ་
དང་། རྩོད་པའི་རྒྱུར་འགྱུར་བ་དང་། སོ་སོར་སྨྲ་བའི་རྒྱུར་འགྱུར་བ་དང་། མི་མཐུན་པར་སྨྲ་བའི་རྒྱུར་འགྱུར་བ་དང་། མི་སྡུད་པའི་རྒྱུར་འགྱུར་བ་དང་། དྲན་པ་ཉམས་པའི་རྒྱུར་འགྱུར་བ་དང་། དུ་མར་འགྱུར་བའི་རྒྱུར་འགྱུར་བ་སྟེ། དེ་ལྟ་བུ་ལ་འདི་ནི་ཆོས་མ་
ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་པར་ཤིན་ཏུ་རྟོགས་པར་གྱིས་ཤིག །ཨུ་པཱ་ལི་ཆོས་གང་མི་འཐབ་པའི་རྒྱུར་འགྱུར་བ་དང་། མཚང་མི་འདྲུ་བ་དང་། མི་འཁོན་པ་དང་། མི་རྩོད་པ་དང་། སོ་སོར་མི་སྨྲ་བ་དང་། མཐུན་པར་སྨྲ་བ་
དང་། སྡུད་པ་དང་། དྲན་པ་མ་ཉམས་པ་དང་། དངོས་པོ་གཅིག་ཏུ་འགྱུར་བ་འདི་རྣམས་ལ་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པ་ཡིན་པར་ཤིན་ཏུ་རྟོགས་པར་གྱིས་ཤིག །ཨུ་པཱ་ལི་བརྒྱད་པོ་ཇི་ལྟ་བ་དེ་བཞིན་ནོ། །མ་འགགས་
เล่ม ๑๓ · หน้า 40b
པ་ལ་ཡང་ནག་པོ་དང་དཀར་པོའི་ཕྱོགས་སུ་བརྒྱད་དུ་བརྗོད་པར་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་
གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཇི་ལྟར་ཆོས་དང་འདུལ་བ་འཚལ་བར་འགྱུར་བ་དེ་ལྟ་བུའི་ཆོས་བདག་ལ་བཤད་ན་ལེགས་སོ་ཞེས་དེ་སྐད་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ཆོས་གང་ཀུན་ཏུ་འདོད་ཆགས་པའི་རྒྱུར་འགྱུར་གྱི་ཀུན་ཏུ་འདོད་ཆགས་མེད་པའི་རྒྱུར་མ་ཡིན། ཀུན་ཏུ་ཞེ་སྡང་བའི་རྒྱུར་འགྱུར་གྱི་ཀུན་ཏུ་ཞེ་སྡང་མེད་པའི་རྒྱུར་
མ་ཡིན། ཀུན་ཏུ་གཏི་མུག་གི་རྒྱུར་འགྱུར་གྱི་ཀུན་ཏུ་གཏི་མུག་མེད་པའི་རྒྱུར་མ་ཡིན། ཀུན་ཏུ་སྦྱོར་བའི་རྒྱུར་འགྱུར་གྱི་ཀུན་ཏུ་མི་སྦྱོར་བའི་རྒྱུར་མ་ཡིན། ཀུན་ཏུ་ཉོན་མོངས་པའི་རྒྱུར་འགྱུར་གྱི་རྣམ་པར་བྱང་བའི་རྒྱུར་མ་ཡིན། འདོད་ཆེན་ཆེ་བའི་རྒྱུར་འགྱུར་གྱི་འདོད་ཆེན་མི་
ཆེ་བའི་རྒྱུར་མ་ཡིན། ཆོག་མི་ཤེས་པའི་རྒྱུར་འགྱུར་གྱི་ཆོག་ཤེས་པའི་རྒྱུར་མ་ཡིན། དགང་དཀའ་བའི་རྒྱུར་འགྱུར་གྱི་དགང་སླ་བའི་རྒྱུར་མ་ཡིན། གསོ་དཀའ་བའི་རྒྱུར་འགྱུར་གྱི་གསོ་སླ་བའི་རྒྱུར་མ་ཡིན་ཏེ། འདི་དག་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པས་
བསྟན་པ་མ་ཡིན་པར་ཤིན་ཏུ་རྟོགས་པར་བྱོས་ཤིག །གཽ་ཏ་མཱི་ཆོས་གང་ཀུན་ཏུ་འདོད་ཆགས་མེད་པའི་རྒྱུར་འགྱུར་གྱི་ཀུན་ཏུ་འདོད་ཆགས་ཀྱི་རྒྱུར་མ་ཡིན། ཀུན་ཏུ་ཞེ་སྡང་མེད་པའི་རྒྱུར་འགྱུར་གྱི་ཀུན་ཏུ་ཞེ་སྡང་གི་རྒྱུར་མ་ཡིན། ཀུན་ཏུ་གཏི་མུག་མེད་པའི་རྒྱུར་འགྱུར་གྱི་ཀུན་ཏུ་གཏི་
མུག་གི་རྒྱུར་མ་ཡིན། ཀུན་ཏུ་མི་སྦྱོར་བའི་རྒྱུར་འགྱུར་གྱི་ཀུན་ཏུ་སྦྱོར་བའི་རྒྱུར་མ་ཡིན། རྣམ་པར་བྱང་བའི་རྒྱུར་འགྱུར་གྱི་ཀུན་ཏུ་ཉོན་མོངས་པའི་རྒྱུར་མ་ཡིན། འདོད་ཆེན་མི་ཆེ་བའི་རྒྱུར་འགྱུར་གྱི་འདོད་ཆེན་ཆེ་བའི་རྒྱུར་མ་ཡིན། ཆོག་ཤེས་པའི་རྒྱུར་འགྱུར་གྱི་ཆོག་མི་ཤེས་པའི་
เล่ม ๑๓ · หน้า 41a
རྒྱུར་མ་ཡིན། དགང་སླ་བའི་རྒྱུར་འགྱུར་གྱི་དགང་དཀའ་བའི་རྒྱུར་མ་ཡིན། གསོ་སླ་བའི་རྒྱུར་འགྱུར་གྱི་གསོ་དཀའ་བའི་རྒྱུར་མ་ཡིན་ཏེ། དེ་དག་ལ་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་ཞེས་ཤིན་ཏུ་རྟོགས་པར་ཤེས་པར་
བྱོས་ཤིག །གཽ་ཏ་མཱིའི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ཇི་སྐད་གསུངས་པ། དེ་བཞིན་དུ་མདོ་བརྗོད་པར་བྱའོ། །བརྒྱད་པ་རྫོགས་སོ།། །།གནས་དགུ་སྟེ། སྟོན་པ་ལ་གནས་པ་དང་། ཆོས་ལ་གནས་པ་དང་། དགེ་འདུན་ལ་གནས་པ་དང་། སློབ་དཔོན་ལ་
གནས་པ་དང་། མཁན་པོ་ལ་གནས་པ་དང་། བླ་མ་ལ་གནས་པ་དང་། གནས་ལ་གནས་པ་དང་། གང་ཟག་ལ་གནས་པ་དང་། ཡུལ་ལ་གནས་པའོ། །མི་རིགས་པའི་གནས་དགུ་སྟེ། དགྲ་བཅོམ་པ་ཟག་པ་ཟད་པས་ཤེས་བཞིན་དུ་སྲོག་ཆགས་འཚོ་བ་དང་འབྲལ་
བར་བྱེད་པ་མི་རིགས་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ལ་སྟེན་པ་དང་། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་དང་། སྦགས་པ་ལ་ཀུན་ཏུ་སྤྱོད་པར་འདོད་ཅིང་ཟ་བ་དང་། ཤེས་བཞིན་དུ་བསླབ་པ་ལས་འདའ་བར་བྱེད་པ་དང་། བསླབ་
པ་ཕུལ་ཞིང་འབབས་པར་བྱེད་པ་དང་། འདི་ལས་ཕྱི་རོལ་གཞན་དུ་སྟོན་པ་ཚོལ་བ་དང་། མོ་དང་ལྟས་ཀྱིས་རྣམ་པར་འདག་པར་ཡིད་ཆེས་ཀྱི་ལས་ཀྱིས་མ་ཡིན་པ་རྣམས་སུ་མི་རིགས་པའོ། །འདོད་པའི་དངོས་པོ་དགུ་སྟེ། འདི་ནི་བདག་ལ་གནོད་པར་འདོད་དོ། །མི་ཕན་
པར་འདོད་དོ། །མི་བདེ་བར་འདོད་དོ། །བདེ་བ་དང་ལྡན་པ་འདོད་པ་མ་ཡིན་ནོ། །སྐྱིད་པ་དང་མི་ལྡན་པར་འདོད་པའོ། །འདིས་བདག་ལ་གནོད་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་སྙམ་ནས་དེས་དེ་ལ་གནོད་པར་བྱེད་དོ། །གང་ཡང་བདག་ལ་གནོད་པར་
འདོད་པ། མི་ཕན་པར་འདོད་པ། མི་བདེ་བར་འདོད་པ། བདེ་བར་འདོད་པ་མ་ཡིན་ནོ། །སྐྱིད་པ་དང་ལྡན་པར་མི་འདོད་དེ། འདིས་མི་གནོད་པར་འདོད། ཕན་པར་འདོད། བདེ་བར་འདོད། བདེ་བ་དང་ལྡན་པར་འདོད། སྐྱིད་པ་ལ་བདེ་བར་འདོད་དེ། འདིས་དེ་ལ་གནོད་
เล่ม ๑๓ · หน้า 41b
པ་མ་བྱས་སོ། །མི་བྱེད་དོ། །བྱེད་པར་མི་འགྱུར་རོ་ཞེས་དེས་དེ་ལ་གནོད་པར་བྱེད་དོ། །སུ་ཞིག་ཡང་བདག་ལ་མི་གནོད་པར་འདོད། ཕན་པར་འདོད་པ། བདེ་བར་འདོད་པ། བདེ་བ་དང་ལྡན་པར་འདོད་པ། སྐྱིད་པ་དང་ལྡན་པར་འདོད་པ་དེ་ལ་འདི་གནོད་པར་འདོད།
མི་ཕན་པར་འདོད། མི་བདེ་བར་འདོད། བདེ་བ་དང་མི་ལྡན་པར་འདོད། སྐྱིད་པ་དང་མི་ལྡན་པར་འདོད་ལ་གནོད་པར་བྱེད་དོ། །གནོད་པར་བྱེད་པ་དགུ་འདུལ་བ་སྟེ། འདི་ནི་བདག་ལ་གནོད་པར་འདོད། མི་ཕན་པར་འདོད། མི་བདེ་བར་འདོད། བདེ་བ་དང་
མི་ལྡན་པར་འདོད། སྐྱིད་པ་དང་མི་ལྡན་པར་འདོད། འདིས་ནི་བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་སྙམ་ནས་དེས་དེ་ལ་གནོད་པ་སྐྱེད་པ་སླར་འཇིལ་བར་བྱེད་དོ། །གང་ཡང་བདག་ལ་གནོད་པར་འདོད་པ། མི་ཕན་པར་འདོད་པ། མི་བདེ་བར་
འདོད་པ། བདེ་བ་དང་མི་ལྡན་པར་འདོད་པ། སྐྱིད་པ་དང་མི་ལྡན་པར་འདོད་པ་དེ་ལ་འདི་གནོད་པར་མི་འདོད། ཕན་པར་འདོད། བདེ་བར་འདོད། བདེ་བ་དང་ལྡན་པར་འདོད། སྐྱིད་པ་དང་ལྡན་པར་འདོད་དེ། དེ་ལ་འདིས་གནོད་པ་མ་བྱས། མི་བྱེད། བྱེད་པར་
མི་འགྱུར་རོ་སྙམ་ནས་དེ་འདི་སྙམ་དུ་བདག་འདི་ལྟར་གྱུར་ཅིག །འདི་ལྟར་མ་གྱུར་པར་གཞན་ལས་ཐོབ་པར་ག་ལ་འགྱུར་སྙམ་དུ་བསམས་ནས། དེས་དེ་ལ་གནོད་པ་སྐྱེད་པ་སླར་འཇིལ་བར་བྱེད་དོ། །ཡང་གང་བདག་ལ་མི་གནོད་པར་འདོད་པ། ཕན་པར་འདོད་པ། བདེ་བ་དང་ལྡན་པར་འདོད་
པ། སྐྱིད་པ་དང་ལྡན་པར་འདོད་པ་དེ་ལ་འདི་གནོད་པར་འདོད། མི་ཕན་པར་འདོད། བདེ་བ་དང་མི་ལྡན་པར་འདོད། སྐྱིད་པ་དང་མི་ལྡན་པར་འདོད་པ་དེ་ལ་འདིས་གནོད་པ་བྱས། བྱེད་བྱེད་པར་འགྱུར་རོ་སྙམ་པ་ལས་དེ་ཡང་འདི་སྙམ་དུ་བདག་འདི་ལྟར་གྱུར་ཅིག་འདི་ལྟར་མ་གྱུར་ཅིག་པར་
གཞན་ལས་ཐོབ་པར་ག་ལ་འགྱུར་སྙམ་དུ་བསམས་ནས། དེས་དེ་ལ་གནོད་པ་སྐྱེད་པ་སླར་འཇིལ་བར་བྱེད་དོ། །དགུ་པ་རྫོགས་སྷོ།། །།མདོར་ན། འདུལ་བ་མ་ཡིན་རྣམ་གཉིས་དང་། །འདུལ་བ་ལ་ཡང་རྣམ་གསུམ་སྟེ། །སྦྱིན་དང་བསྡུ་བར་བྱ་བ་དང་། །
เล่ม ๑๓ · หน้า 42a
ཡོན་ཏན་རྣམས་ནི་ཐ་མའོ། །འདུལ་བ་མ་ཡིན་པ་བཅུ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ཚིག་འཁྱལ་བ་
དང་། ངན་དུ་སེམས་པ་དང་། ཆགས་པ་དང་། ལོག་པར་ལྟ་བའོ། །གཞན་ཡང་འདུལ་བ་མ་ཡིན་པ་བཅུ་ནི་ལོག་པའི་ཡན་ལག་བཅུ་སྟེ། ལོག་པར་ལྟ་བ་དང་། ལོག་པར་རྟོག་པ་དང་། ལོག་པར་སྨྲ་བ་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པར་འཚོ་བ་
དང་། ལོག་པར་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་དང་། ལོག་པའི་རྣམ་པར་གྲོལ་བ་དང་། ལོག་པའི་ཡེ་ཤེས་སོ། །འདུལ་བ་བཅུ་ནི་དགེ་བའི་ལས་ཀྱི་ལམ་བཅུ་སྟེ། སྲོག་གཅོད་པ་ལས་སླར་ལྡོག་པ་དང་། མ་བྱིན་པ་ལེན་པ་ལས་
སླར་ལྡོག་པ་དང་། འདོད་པས་ལོག་པར་སྤྱོད་པ་ལས་སླར་ལྡོག་པ་དང་། བརྫུན་དུ་སྨྲ་བ་ལས་སླར་ལྡོག་པ་དང་། ཕྲ་མ་ལས་སླར་ལྡོག་པ་དང་། ཚིག་རྩུབ་མོ་སྨྲ་བ་ལས་སླར་ལྡོག་པ་དང་། ཚིག་འཁྱལ་བ་སྨྲ་བ་ལས་སླར་ལྡོག་པ་དང་། ངན་དུ་སེམས་པ་དང་། ཆགས་པ་
དང་། ལོག་པར་ལྟ་བ་རྣམས་ལས་སླར་ལྡོག་པ་རྣམས་སོ། །གཞན་ཡང་འདུལ་བ་བཅུ་ནི་ཡང་དག་པའི་ཡན་ལག་བཅུ་སྟེ། ཡང་དག་པར་ལྟ་བ་དང་། ཡང་དག་པར་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་
བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཡེ་ཤེས་སོ། །གཞན་ཡང་འདུལ་བ་བཅུ་སྟེ། སངས་རྒྱས་ཀྱི་དུས་སུ་བྱུང་བ་དང་། དུས་ཐམས་ཅད་དུ་བྱུང་
བ་དང་། ཉི་ཚེ་བའི་དུས་སུ་བྱུང་བ་དང་། ཐམས་ཅད་དུ་འགྲོ་བ་དང་། དུས་ཀྱི་འདུལ་བ་དང་། ཡུལ་གྱི་འདུལ་བ་དང་། གང་ཟག་གི་འདུལ་བ་དང་། གནས་ཀྱི་འདུལ་བ་དང་། རྩོལ་བའི་འདུལ་བ་དང་། ཉོན་མོངས་པའི་འདུལ་བའོ། །བསྡུ་བ་བཅུ་སྟེ། ལྷུང་
เล่ม ๑๓ · หน้า 42b
བཟེད་བསྡུ་བ་དང་། ཆོས་གོས་བསྡུ་བ་དང་། སྨན་བསྡུ་བ་དང་། ཟང་ཟིང་བསྡུ་བ་དང་། མལ་སྟན་བསྡུ་བ་དང་། མདོ་སྡེ་བསྡུ་བ་དང་། འདུལ་བ་བསྡུ་བ་དང་། མ་ལྟ་བུ་བསྡུ་བ་དང་། ཡོངས་སུ་དག་པ་བསྡུ་བ་དང་། ཉེས་པ་ལས་ལྡང་བ་བསྡུ་བའོ། །སྦྱིན་པ་བཅུ་སྟེ།
ལྷུང་བཟེད་སྦྱིན་པ་དང་། ཆོས་གོས་སྦྱིན་པ་དང་། སྨན་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་དང་། མལ་སྟན་སྦྱིན་པ་དང་། མདོ་སྡེ་སྦྱིན་པ་དང་། འདུལ་བ་སྦྱིན་པ་དང་། མ་ལྟ་བུ་སྦྱིན་པ་དང་། ཡོངས་སུ་དག་པ་སྦྱིན་པ་དང་། ཉེས་པ་ལས་ལྡང་བ་སྦྱིན་པ་སྟེ། འདི་དག་
ཀྱང་བསྡུ་བའི་དངོས་པོ་བཅུ་པོར་ཤེས་པར་བྱའོ། །འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་བཅུ་སྟེ། བྱུང་བ་ཤེས་པ་དང་། བཅས་པ་ཤེས་པ་དང་། རྗེས་སུ་བཅས་པ་ཤེས་པ་དང་། མི་གནང་བར་ཤེས་པ་དང་། རྗེས་སུ་གནང་བར་ཤེས་པ་དང་། ངའི་ཕྱོགས་
དེར་སྣང་བར་གྲགས་པ་དང་། སྣང་བར་གྱུར་པ་དང་། རབ་ཏུ་སྣང་བར་གྱུར་པ་དང་། ངའི་ཕྱོགས་དེ་མ་སྟོངས་པར་གྲགས་པ་དང་། འདུལ་བ་འཛིན་པའི་གང་ཟག་དེ་ལྟ་བུ་ཕྱོགས་གང་ན་གནས་པ་དེའི་ཕྱོགས་སུ་དེ་བཞིན་གཤེགས་པ་ཕྲིན་ལས་ཆུང་བར་འགྱུར་རོ། །མདོར་
ན། ཆད་པའི་ལས་དང་མངོན་སུམ་དུ། །བར་ཆད་བསྙེན་པར་རྫོགས་པ་དང་། །གླེང་བ་དག་དང་བཞི་པ་དང་། །ཡིད་དུ་འོང་དང་རྣམ་དྲུག་གོ། །ཆད་པའི་ལས་བཅུ་སྟེ། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། བསྡུམ་པ་དང་། མ་མཐོང་ཞེས་བྱ་བའི་
གཞི་ནས་བསླང་བའི་ཆད་པ་དང་། གནས་ནས་དབྱུང་བ་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པ་དང་། གསོལ་བར་བརྗོད་པ་གཞག་པ་དང་། ཡིད་མགུ་བ་དང་བཅུའོ། །མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་བཅུ་སྟེ། སྟོན་པ་
མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་དང་། སངས་རྒྱས་མངོན་སུམ་དུ་གྱུར་པ་དང་། ཆོས་མངོན་སུམ་དུ་གྱུར་པ་དང་། མཁན་པོ་མངོན་སུམ་དུ་གྱུར་པ་དང་། སློབ་དཔོན་མངོན་སུམ་དུ་གྱུར་པ་དང་། བསྙེན་པར་རྫོགས་པར་འདོད་པ་མངོན་སུམ་དུ་གྱུར་
เล่ม ๑๓ · หน้า 43a
པ་དང་། བསྙེན་པར་རྫོགས་པར་འདོད་པའི་ཡོ་བྱད་མངོན་སུམ་དུ་གྱུར་པ་དང་། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་དང་། གསོལ་བ་མངོན་སུམ་དུ་གྱུར་པ་དང་། ལས་མངོན་སུམ་དུ་གྱུར་པ་རྣམས་སོ། །བསྙེན་པར་རྫོགས་པའི་བར་ཆད་དུ་འགྱུར་བ་བཅུ་
སྟེ། མ་ནིང་དུ་གྱུར་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་ཕྱེ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། རྐུན་གནས་དང་། སྔར་ཉེས་པ་བྱུང་བ་དང་།
སྔར་འཁྲུགས་པ་དང་། མུ་སྟེགས་ཅན་དུ་སོང་བ་རྣམས་སོ། །བསྙེན་པར་རྫོགས་པ་བཅུ་སྟེ། དེ་བཞིན་གཤེགས་པ་ལས་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང་། ཡེ་ཤེས་མངོན་པར་རྟོགས་ནས་བསྙེན་པར་རྫོགས་པ་ལྔ་དང་། འོད་སྲུང་ཆེན་པོས་སྟོན་པ་ལ་ཁས་
བླངས་ཏེ་བསྙེན་པར་རྫོགས་པ་དང་། སོ་ད་ཡས་དྲིས་པའི་ལན་ལོན་པར་ཤེས་ནས་བསྙེན་པར་རྫོགས་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་བླ་མའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ་དང་། ཆོས་སྦྱིན་མ་ཕྲིན་པས་བསྙེན་པར་རྫོགས་པ་དང་། མཐའ་འཁོབ་
ཏུ་འདུལ་བ་འཛིན་པ་དང་། ལྔས་བསྙེན་པར་རྫོགས་པ་དང་། སློབ་དཔོན་མེད་མཁན་པོ་མེད་པར་བསྙེན་པར་རྫོགས་པ་དང་། དགེ་སློང་ཚུར་ཤོག་ཅེས་གསུངས་པས་བསྙེན་པར་རྫོགས་པ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །གླེང་བ་
ལ་བཅུ་སྟེ། དུས་དང་དུས་མ་ཡིན་པ་དང་། བདེན་པ་དང་། མི་བདེན་པ་དང་། དོན་དང་ལྡན་པ་དང་། དོན་དང་མི་ལྡན་པ་དང་། སྙན་པ་དང་། ཚིག་རྩུབ་མོ་དང་། བྱམས་པར་ལྡན་པ་དང་། ཞེ་སྡང་དུ་ལྡན་པའོ། །ཆོས་བཅུ་དང་ལྡན་པས་གཞན་ལ་གླེང་བར་
བྱ་སྟེ། ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་། ཤེས་རབ་དང་ལྡན་པ་དང་། དུས་སུ་གླེང་གི་དུས་ལས་འདས་པར་མ་ཡིན་པ་དང་། བདེན་པ་སྟེ་མི་བདེན་པ་མ་ཡིན་པ་དང་། དོན་
เล่ม ๑๓ · หน้า 43b
དང་ལྡན་པ་སྟེ། དོན་དང་མི་ལྡན་པ་མ་ཡིན་པ་དང་། སྙན་པ་སྟེ་ཚིག་རྩུབ་མོ་མ་ཡིན་པ་དང་། བྱམས་པ་དང་ལྡན་པས་ཏེ། ཞེ་སྡང་དང་ལྡན་པ་མ་ཡིན་པའོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་གཞན་ལ་གླེང་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དང་། མང་
དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། མ་གཡེངས་པ་དང་། ཤེས་རབ་དང་ལྡན་པ་དང་། དུས་སུ་གླེང་གི་དུས་ལས་འདས་པར་མ་ཡིན་པ་དང་། བདེན་པ་སྟེ་མི་བདེན་པ་མ་ཡིན་པ་དང་། དོན་དང་ལྡན་པ་སྟེ་དོན་དང་མི་ལྡན་པ་མ་ཡིན་པ་དང་། སྙན་པ་སྟེ་ཚིག་
རྩུབ་པོས་མ་ཡིན་པ་དང་། བྱམས་པ་དང་ལྡན་པ་སྟེ་ཞེ་སྡང་དང་ལྡན་པས་མ་ཡིན་པའོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་གཞན་ལ་གླེང་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་། སོ་
སོར་བརྟགས་པའི་སྟོབས་སུ་གྱུར་པ་དང་། དུས་སུ་གླེང་གི་དུས་ལས་འདས་པར་མ་ཡིན་པ་དང་། བདེན་པ་སྟེ་མི་བདེན་པས་མ་ཡིན་པ་དང་། དོན་དང་ལྡན་པ་སྟེ་དོན་དང་མི་ལྡན་པས་མ་ཡིན་པ་དང་། ངག་སྙན་པ་སྟེ་རྩུབ་པོས་མ་ཡིན་པ་དང་། བྱམས་པ་དང་ལྡན་པ་སྟེ་ཞེ་
སྡང་དང་ལྡན་པས་མ་ཡིན་པའོ། །ཆོས་བཅུ་དང་ལྡན་པའི་དགེ་སློང་ནི་ཚངས་པ་མཚུངས་པ་རྣམས་ལ་དགའ་བར་འགྱུར་ཏེ། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་། ཤེས་རབ་དང་ལྡན་པ་དང་།
མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པ་དང་། ཤེས་རབ་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་གྱུར་པའོ། །ཇི་ལྟར་དགའ་བར་གྱུར་པ་དེ་བཞིན་
དུ་གཉིས་པོ་ཡིད་དུ་འོང་བ་ལ་ཡང་བཅུར་བརྗོད་པར་བྱའོ། །གསུམ་པོ་བླ་མར་བྱས་པ་ཡང་བཅུར་བརྗོད་པར་བྱའོ། །བཞི་པོ་མོས་པར་བྱ་བ་ལ་ཡང་བཅུར་བརྗོད་པར་བྱའོ། །ལྔ་པོ་མཆོད་པ་ལ་ཡང་བཅུར་བརྗོད་པར་བྱའོ། །དྲུག་པོ་བསྟོད་པ་ལ་ཡང་བཅུར་བརྗོད་པར་བྱའོ། །
เล่ม ๑๓ · หน้า 44a
མདོར་ན། རབ་ཏུ་བྱུང་དང་བཞི་པོ་སྟེ། །རྣམ་པར་གྲོལ་དང་ཕུན་སུམ་དང་། །ཡོན་ཏན་དེ་བཞིན་སྦྱིན་པ་དང་། །གསོ་སྦྱིན་རྣམས་ཀྱི་གཞག་པའོ། །ཆོས་བཅུ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ།
བསྙེན་པར་རྫོགས་ནས་ལོ་བཅུ་བཅུ་ལོན་ནམ་དེ་ལས་ལྷག་པ་ཡང་རུང་བ་དང་། ལྷན་ཅིག་སྤྱོད་པ་དང་ཉེ་གནས་རྣམས་ཀྱང་རུང་སྟེ། ནད་གཡོག་བྱེད་དུ་འཇུག་པར་ནུས་པ་དང་། ལྷན་ཅིག་སྤྱོད་པ་དང་ཉེ་གནས་ལ་འགྱོད་པ་སྐྱེས་ན་སླར་སེལ་བའམ་སེལ་བར་བྱེད་དུ་འཇུག་པར་
ནུས་པ་དང་། ལྷན་ཅིག་སྤྱོད་པ་དང་ཉེ་གནས་རྣམས་སྡིག་པ་དང་ལྡན་པའི་རྣམ་པ་ཞིག་བྱུང་ན་སླར་གཏོང་ངམ་སླར་གཏོང་དུ་འཇུག་ནུས་པ་དང་། ལྷན་ཅིག་སྤྱོད་པ་དང་ཉེ་གནས་ཡུལ་དེར་གནས་པར་མི་དགའ་ན་ཡུལ་གཞན་དུ་གཏང་བར་ནུས་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་།
མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་། ཤེས་རབ་དང་ལྡན་པའོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ། བཅུ་གང་ཞེ་ན། ཉེས་པ་ཤེས་པ་དང་།
ཉེས་པ་མེད་པར་ཤེས་པ་དང་། ལྕི་བ་ཤེས་པ་དང་། ཡང་བ་ཤེས་པ་དང་། དེས་སོ་སོར་ཐར་པའི་མདོ་ཁ་ཏོན་དུ་སློབ་པར་གྱུར་པ་དང་། སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་།
རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་གྱུར་པའོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ། བྱུང་བ་ཤེས། བཅས་པ་ཤེས། རྗེས་སུ་བཅས་པ་ཤེས། མ་གནང་བ་ཤེས།
རྗེས་སུ་གནང་བ་ཤེས། བར་ཆད་དུ་འགྱུར་བ་ཤེས། བར་ཆད་དུ་མི་འགྱུར་བ་ཤེས། ལུང་བསྒོ་བ་ཡིན། རྗེས་སུ་སྟོན་པ་ཡིན། གནས་བཅུར་འཇུག་ནུས་པ་ཡིན་ནོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་
เล่ม ๑๓ · หน้า 44b
སྦྱིན་པར་བྱ་སྟེ། དད་པ་ཕུན་སུམ་ཚོགས་པ་ཡིན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན། ཐོས་པ་ཕུན་སུམ་ཚོགས་པ་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ཏིང་ངེ་འཛིན་ཕུན་སུམ་
ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའོ། །ཆོས་བཅུས་ན་རྣམ་པར་གྲོལ་བར་ཡང་དག་པར་འཇུག་པའི་རྒྱུར་འགྱུར་ཏེ། སློབ་པའི་ཚུལ་ཁྲིམས་ཀྱི་
ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་
པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཕུན་སུམ་ཚོགས་པ་བཅུ་སྟེ། སྟོན་པ་ཕུན་སུམ་ཚོགས་པ་དང་། ཆོས་ཕུན་སུམ་ཚོགས་པ་དང་། དགེ་འདུན་ཕུན་སུམ་ཚོགས་པ་དང་། སློབ་དཔོན་ཕུན་སུམ་ཚོགས་པ་དང་། མཁན་
པོ་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ཐོས་པ་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའོ། །ཡོན་ཏན་བཅུ་
སྟེ། དགེ་འདུན་བསྡུ་བ་དང་། དགེ་འདུན་ལ་དགེ་བ་དང་། དགེ་འདུན་བདེ་བར་སྤྱོད་པ་དང་། ཁྲེལ་མེད་པའི་གང་ཟག་རྣམས་ལ་ནན་ཏུར་བྱ་བ་དང་། ཁྲེལ་ཡོད་པའི་རྣམས་ལ་བདེ་བར་སྤྱོད་པ་དང་། མངོན་པར་མ་དད་པའི་རྣམས་མངོན་པར་དད་པར་བྱ་བ་དང་། མངོན་པར་དད་
པའི་རྣམས་ཕྱི་ཕྱིར་དད་པར་བྱ་བ་དང་། ད་ལྟར་གྱི་ཚེ་འདིའི་ཟག་པ་རྣམས་བསྡམ་པ་དང་། ཚེ་ཕྱི་མའི་ཕྱིར་འབྱུང་བའི་རྣམས་རབ་ཏུ་གཞོམ་པ་དང་། ཚངས་པར་སྤྱོད་པས་རྗེས་སུ་ཕན་གདགས་པ་དང་། ཚངས་པར་སྤྱོད་པ་དང་མཐུན་པར་བྱ་བའི་ཕྱིར་ངའི་ཚངས་པར་
เล่ม ๑๓ · หน้า 45a
སྤྱོད་པ་རིང་དུ་གནས་པར་འགྱུར་ཞིང་སྐྱེ་བོ་མང་པོ་ལ་ཕན་ཞིང་རྒྱས་པར་ལྷ་དང་མི་རྣམས་ལ་ཡང་དག་པར་བསྟན་པའི་བར་དུ་ཡོན་ཏན་དེ་བཅུ་དེ་བཞིན་གཤེགས་པས་གཟིགས་པས་ཉན་ཐོས་རྣམས་ལ་བསླབ་པའི་གནས་བཅས་སོ། །སྦྱིན་དུ་མི་རུང་བ་བཅུ་སྟེ།
གང་ཟག་གང་ཡང་རུང་བ་ཅིག་གིས་གང་ཟག་གཅིག་ལ་སྦྱིན་པ་བྱིན་པ་དེ་གཞན་ལ་ཡང་བྱིན་ན་ཆོས་དང་མི་ལྡན་པ་བྱིན་ལ་ཆོས་དང་མི་ལྡན་པས་བླངས་ཏེ་མི་རུང་བར་སྤྱོད་པའོ། །གང་ཟག་གཅིག་ལ་སྦྱིན་པ་བྱིན་པ་དགེ་འདུན་ལ་ཡང་དབུལ་ན་ཆོས་དང་མི་ལྡན་པར་བྱིན་
ལ་ཆོས་དང་མི་ལྡན་པ་བླངས་པ་སྟེ་མི་རུང་བར་སྤྱོད་པའོ། །དེ་བཞིན་དུ་གང་ཟག་གཉིས་ལ་སྦྱིན་པ་བྱིན་ལ་གང་ཟག་གཅིག་ལ་བྱིན་ནམ་མང་པོའམ་དགེ་འདུན་གཉིས་ལ་བྱིན་ན་ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། །དེ་ལྟར་གང་
ཟག་གཅིག་ལ་བྱིན་ནམ། གཉིས་ལའམ། མང་པོའམ། དགེ་འདུན་ལ་ཕུལ་ན་ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། །དེ་བཞིན་དུ་དགེ་འདུན་ལ་སྦྱིན་པ་བྱིན་ལ་གཅིག་ལའམ། གཉིས་ལའམ། མང་པོ་ལའམ། དགེ་
འདུན་ལ་ཕུལ་ན་ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ། མི་རུང་བར་སྤྱོད་པའོ། །དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་བྱིན་ལ་དགེ་སློང་མའི་དགེ་འདུན་ལ་བྱིན་ནམ། དགེ་སློང་གི་དགེ་འདུན་ལ་སྦྱིན་པ་བྱིན་པ་དགེ་འདུན་གཉིས་ཀ་ལ་
ཕུལ་ལམ། དགེ་སློང་མའི་དགེ་འདུན་ལ་སྦྱིན་པ་བྱིན་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ལམ། དགེ་སློང་མའི་དགེ་འདུན་ལ་སྦྱིན་པ་བྱིན་པ་དགེ་འདུན་གཉིས་ཀ་ལ་ཕུལ་ལམ། དགེ་འདུན་གཉིས་ཀ་ལ་སྦྱིན་པ་བྱིན་པ་དགེ་འདུན་སྡེ་གཉིས་གཞན་ལ་ཕུལ་ལམ། དགེ་
འདུན་ཕྱོགས་དང་གཞན་གྱི་ཕྱོགས་སུ་ཐ་དད་པར་གནས་ལ་ཕྱོགས་གཅིག་ལ་སྦྱིན་པ་བྱིན་པ་ཕྱོགས་གཉིས་པོ་ལ་ཕུལ་ན་ཆོས་དང་མི་ལྡན་པ་བྱིན་ལ་ཆོས་དང་མི་ལྡན་པས་བླངས་པ་སྟེ་མི་རུང་བར་སྤྱོད་པའོ། །དེ་དག་ལས་སླར་བཟློག་ན་སྦྱིན་པ་རུང་བ་བཅུ་དང་དཀར་པོའི་
เล่ม ๑๓ · หน้า 45b
ཕྱོགས་སུ་བརྗོད་པར་བྱའོ། །ཆོས་དང་ལྡན་པའི་གསོ་སྦྱིན་གཞག་པ་བཅུ་སྟེ། ཕས་ཕམ་པར་གྱུར་པ་དང་། ཕས་ཕམ་པར་གྱུར་པའི་གཏམ་ལ་ཞུགས་པ་དང་། བསླབ་པ་ཕུལ་བར་གྱུར་པ་དང་། བསླབ་པ་འབུལ་བའི་གཏམ་ལ་ཞུགས་པ་དང་། དགེ་འདུན་ལ་སྨད་པ་
དང་། དགེ་འདུན་ལ་སྨད་པའི་གཏམ་ལ་ཞུགས་པར་གྱུར་པ་དང་། ཚུལ་ཁྲིམས་ཉམས་པར་གྱུར་པ་དང་། ལྟ་བ་ཉམས་པར་གྱུར་པ་དང་། སྤྱོད་པ་ཉམས་པར་གྱུར་པ་དང་། འཚོ་བ་ཉམས་པར་གྱུར་པའོ། །མདོར་ན། རྒོལ་བ་རྣམས་དང་སྐབས་དབྱེ་དང་། །གཟུང་བར་
བྱ་དང་ཞི་བ་གཉིས། །རྒོལ་བར་བྱེད་དང་ཉེས་པ་དང་། །མངོན་སུམ་བྱུང་བ་ཆད་པའོ། །རྒོལ་བའི་དགེ་སློང་གིས་དོན་གཟུང་བར་འདོད་ན་གནས་བཅུར་བསམ་པ་ཤིན་ཏུ་བསམས། དཔྱད་པ་ཤིན་ཏུ་དཔྱད། བརྟག་པ་ཤིན་ཏུ་བརྟགས་ལ་དོན་གཟུང་བར་བྱའོ། །བཅུ་
གང་ཞེ་ན། བདག་གིས་དོན་གཟུང་བར་འདོད་པ་དེ་བདེན་པས་དོན་དེ་འཛིན་ཏམ། འོན་ཏེ་མི་བདེན་པས་དོན་དེ་གཟུང་བའི་དུས་ལ་འབབ་བམ། འོན་ཏེ་དུས་ལ་མ་བབ། དོན་གཟུང་བ་དེ་སྐབས་སུ་བབ་བམ། འོན་ཏེ་སྐབས་སུ་མ་བབ། དོན་དེ་གཟུང་བ་དེ་དོན་དང་ལྡན་
པའམ་འོན་ཏེ་དོན་དང་མི་ལྡན། དེ་ལ་མཐོང་བའམ། ཐོས་པའམ། དོགས་པའམ། ལུས་ཀྱི་ཉེས་པའམ། ངག་གི་ཉེས་པའམ། དེ་དག་གིས་སྨྲ་བར་བྱ། ཚེ་དང་ལྡན་པ་འདི་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་འཇོག་ནུས་སམ་སྙམ་དུ་
བསམས་པའོ། །ལན་འདེབས་པའི་དགེ་སློང་གིས་ཀྱང་གནས་བཅུར་བསམ་པ་ཤིན་ཏུ་བསམས། དཔྱད་པ་ཤིན་ཏུ་དཔྱད། བརྟག་པ་ཤིན་ཏུ་བརྟགས་ལ། སླར་རྒོལ་བའི་དགེ་སློང་ལ་སྐབས་དབྱེ་སྟེ། བཅུ་གང་ཞེ་ན། ཅི་ཚེ་དང་ལྡན་པ་ཚུལ་ཁྲིམས་དང་ལྡན་
ནམ་འོན་ཏེ་མ་ཡིན་ཁྲེལ་བ་ཅན་ནམ། འགྱོད་པ་ཅན་ནམ། སྡོམ་པ་ཅན་ནམ། བསླབ་པ་ལ་འདོད་པ་ཅན་ནམ། མང་དུ་ཐོས་པ། ཐོས་པ་འཛིན་པ། འཆང་བ་ཅན་ནམ། འདུལ་བ་དང་ལྷག་པའི་འདུལ་བ་ལ་ཤིན་ཏུ་མཁས་པའམ། ལུང་ཁ་ཏོན་ལོབས་
เล่ม ๑๓ · หน้า 46a
པ་ཡིན་ནམ། ཅི་ཚེ་དང་ལྡན་པ་གཟུ་བོའི་དངོས་པོ་ཡོད་དམ་སྙམ་དུ་སེམས་པའོ། །ཨུ་པཱ་ལི་དེ་ལ་འདུལ་བ་འཛིན་པའི་གཟུ་བོས་ཀྱང་གནས་བཅུར་བསམ་པ་ཤིན་ཏུ་བསམས། དཔྱད་པ་ཤིན་ཏུ་དཔྱད། བརྟག་པ་ཤིན་ཏུ་བརྟགས་ལ་རྩོད་པ་གཟུང་
བར་བྱའོ། །བཅུ་གང་ཞེ་ན། ཅི་བདག་རྩོད་པ་དེ་ཐོག་མ་བྱུང་བ་ལ་མཁས་སམ། ཅི་བདག་རྩོད་པ་དེ་ཐོག་མ་བྱུང་བའི་ནང་དུ་མ་གཏོགས་སམ། ཅི་བདག་ལ་གཟུ་བོའི་དངོས་པོ་ཡོད་དམ། རྒོལ་བ་དང་ལན་གློན་པའི་དགེ་སློང་དེ་དག་བདག་གིས་ཚིག་ཉན་ཏམ།
བདག་གིས་རྒོལ་བ་དང་། ལན་གློན་པའི་དགེ་སློང་དེ་དག་ལ་ཆོས་བཞིན་བསྒོ་བར་ནུས་སམ། བདག་གིས་རྒོལ་བ་དང་ལན་གློན་པའི་དགེ་སློང་དེ་དག་གིས་ལྟུང་བ་རྣམ་པར་སྦྱོང་ནུས་སམ། བདག་གིས་རྒོལ་བ་དང་། ལན་གློན་པའི་དགེ་སློང་དེ་དག་ལ་ནན་ཏུར་བྱ་
ནུས་སམ། བདག་གིས་རྩོད་པ་འདི་ཆོས་བཞིན་འདུལ་བ་བཞིན་སྟོན་པས་བསྟན་པ་བཞིན་ཉེ་བར་ཞི་བར་བྱ་ནུས་སམ། བདག་གིས་རྒོལ་བ་དང་། ལན་གློན་པའི་དགེ་སློང་དེ་དག་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་རབ་ཏུ་གཞོག་ནུས་སམ།
བདག་གིས་རྩོད་པ་འདི་ཅི་ནས་ཕྱིན་ཆད་མི་འབྱུང་བར་འགྱུར་བ་དེ་ལྟ་བུར་ཉེ་བར་ཞི་བར་བྱེད་ནུས་སམ་སྙམ་དུ་བསམས་པའོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་རྩོད་པ་གཟུང་བར་འདོད་ན་གནས་བཅུར་བསམ་པ་ཤིན་ཏུ་བསམས། དཔྱད་པ་ཤིན་ཏུ་དཔྱད། བརྟག་
པ་ཤིན་ཏུ་བརྟགས་ལ་རྩོད་པ་ཞི་བར་བྱའོ། །བཅུ་གང་ཞེ་ན། བདག་གིས་འདིར་འཆད་པའི་གསུང་སྐད་དུ་སྨྲས་པ་དེ་ཟིན་པའི་མདོ་སྡེ་འཛིན་པ་འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པའི་དགེ་སློང་དགེ་འདུན་གྱི་ནང་ན་ཡོད་པར་འགྱུར་རམ། དགེ་འདུན་འདི་དག་གི་ནང་ན་དགེ་
སློང་རྩོད་པ་འདི་ཇི་ལྟར་ཆོས་དང་། ཇི་ལྟར་འདུལ་བ་དང་། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟར་ཞི་བར་བྱེད་པ་བདག་གི་ཟླ་ཡོད་དམ། དགེ་འདུན་འདི་དག་གི་ནང་ན་དགེ་སློང་རྩོད་པ་འདི་ཕྱི་ཕྱིར་རྣམ་པར་མི་འཕེལ་བར་འགྱུར་བ་བདག་གི་ཟླ་ཡོད་དམ། དགེ་འདུན་འདི་དག་
เล่ม ๑๓ · หน้า 46b
གི་ནང་ན་དགེ་སློང་གང་རྩོད་པ་འདི་ཆོས་བཞིན་ཞི་བར་བྱ་སྟེ་ཕྱིན་ཆད་མི་འབྱུང་བར་བྱེད་པའི་བདག་གི་ཟླ་ཡོད་དམ། དགེ་འདུན་འདི་དག་གི་ནང་ན་དགེ་སློང་གང་རྒོལ་བ་དང་ལན་གློན་པའི་དགེ་སློང་འདི་དག་ལ་རྩོད་པ་འདི་རྒྱལ་པོའི་འཁོར་དུ་འགྱེད་པ། ངེས་པའི་རིགས་དེར་
འགྱེད་པར་གྱུར་ཅིག་ཅེས་ནས་ཆོས་བཞིན་དུ་བཟློག་པར་བྱའོ་སྙམ་དུ་བསམ་པ་ཡོད་དམ། ཅི་བདག་གིས་རྩོད་པ་འདི་དགེ་འདུན་འདིའི་ནང་དུ་ཞི་བར་བྱེད་ནུས་སམ། བདག་གིས་རྩོད་པ་འདི་ཞི་བར་བྱ་བ་ཕྱི་རོལ་དུ་བཙལ་དགོས་པར་མི་འགྱུར་གྲང་། བདག་གིས་
རྩོད་པ་འདི་ལ་རྒོལ་བ་དང་ལན་གློན་པའི་དགེ་སློང་དེ་དག་གནས་ནས་གནས་སུ་འདོང་མི་དགོས་པར་ནུས་པར་འགྱུར་རམ། བདག་གིས་རྩོད་པ་འདི་ཇི་ལྟར་ཕྱིན་ཆད་མི་འབྱུང་བའི་ཆོས་སུ་དེ་ལྟ་བུར་ཞི་བར་ནུས་སམ་སྙམ་དུ་བསམས་པའོ། །ཨུ་པཱ་ལི་ཆོས་བཅུ་དང་ལྡན་
པའི་འདུལ་བ་འཛིན་པས་རྩོད་པ་བྱུང་བ་ཞི་བར་བྱེད་ནུས་སོ། །བཅུ་གང་ཞེ་ན། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་སྟོན་ནུས་པར་འགྱུར་བ་དང་། ཉན་ཐོས་ཀྱིས་བཤད་པའི་མདོ་སྡེ་འཆད་པ་དང་། སངས་རྒྱས་ཀྱི་དུས་བྱུང་བའི་མདོ་སྡེ་འཆད་པ་དང་། དུས་
ཐམས་ཅད་དུ་བྱུང་བའི་མདོ་སྡེ་འཆད་པ་དང་། ཕྱོགས་གཅིག་པའི་མདོ་སྡེ་འཆད་པ་དང་། ནག་པོར་གསུངས་པ་དང་དཀར་པོར་གསུངས་པའི་མདོ་སྡེ་འཆད་པ་དང་། མདོའི་ལུགས་འཚལ་ནས་མདོ་འཆད་པ་ཐམས་ཅད་དུ་འགྲོ་བའི་མདོ་སྡེ་འཆད་པ་དང་། མཐུན་པའི་མདོ་
སྡེ་འཆད་པ་དང་། འདུལ་བ་དང་མཐུན་པའི་མདོ་སྡེ་འཆད་ནུས་པའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་རྩོད་པ་བཟུང་ནས་རྣམ་པ་བཅུས་ཉེ་བར་ཞི་བར་བྱའོ། །བཅུ་གང་ཞེ་ན། དགེ་སློང་རྒོལ་བ་ཤེས་པར་བྱ། དགེ་སློང་ལན་འདེབས་པ་ཤེས་པར་བྱ། དགེ་སློང་
རྒོལ་བ་དཔྱད་པར་བྱ། ལན་གློན་པའི་དགེ་སློང་དཔྱད་པར་བྱ། རྒོལ་བའི་དགེ་སློང་ཡི་དམ་བཅར་གཞུག །ལན་གློན་པའི་དགེ་སློང་ཡི་དམ་བཅར་གཞུག །རྒོལ་བའི་དགེ་སློང་གཏན་ལ་འབེབས་སུ་གཞུག །ལན་གློན་པའི་དགེ་སློང་གཏན་ལ་འབེབས་སུ་གཞུག །
เล่ม ๑๓ · หน้า 47a
རྒོལ་བའི་དགེ་སློང་ལྡང་བར་བྱེད་དུ་གཞུག །ལན་གློན་པའི་དགེ་སློང་ལྡང་བར་བྱེད་དུ་གཞུག་གོ། །ཆོས་བཅུ་དང་ལྡན་ན་འདུལ་བ་འཛིན་པ་ཉེས་པ་རྣམ་པར་སྟོན་ནུས་ཏེ། བཅུ་གང་ཞེ་ན། ཉེས་པ་ལྕི་བ་ཤེས། ཡང་བ་ཤེས། ལྷག་མ་དང་བཅས་པ་
ཤེས། ལྷག་མ་མེད་པ་ཤེས། གནས་ངན་ལེན་ཤེས། གནས་ངན་ལེན་མ་ཡིན་པ་ཤེས། བཅས་པ་ཤེས། མ་བཅས་པ་ཤེས། བཤགས་པ་ཤེས། བསྡམ་པར་བྱ་བ་ཤེས་པའོ། །ཆོས་བཅུ་དང་ལྡན་པའི་འདུལ་བ་འཛིན་པ་ནི་ལས་བྱེད་ནུས་པ་ཡིན་ཏེ།
བཅུ་གང་ཞེ་ན། མངོན་དུ་གྱུར་པའི་ལས་ཤེས། མངོན་དུ་མ་གྱུར་པའི་ལས་ཤེས། སྐབས་མ་བྱེ་བའི་ལས་ཤེས། སྐབས་བྱེ་བའི་ལས་ཤེས། གླེང་བར་རིགས་པ་ཤེས། མི་གླེང་བར་རིགས་པ་ཤེས། དྲན་པར་བྱ་བར་རིགས་པ་ཤེས། མི་དྲན་པར་བྱ་བར་རིགས་
པ་ཤེས། གཏན་ཚིགས་སུ་རིགས་པར་ཤེས། གཏན་ཚིགས་སུ་མི་རིགས་པར་ཤེས་པའོ། །ཆོས་བཅུ་དང་ལྡན་པའི་འདུལ་བ་འཛིན་པས་རྩོད་པ་ཞི་བར་བྱེད་ནུས་པ་ཡིན་ཏེ། བཅུ་གང་ཞེ་ན། བྱུང་བ་མ་ནོར་བར་བྱེད་པ་ཡིན། བཅས་པ་མ་ནོར་བར་བྱེད་པ་ཡིན།
རྗེས་སུ་བཅས་པ་མ་ནོར་བར་བྱེད་པ་ཡིན། མ་གནང་བ་མ་ནོར་བར་བྱེད་པ་ཡིན། རྗེས་སུ་གནང་བ་མ་ནོར་བར་བྱེད་པ་ཡིན། དགེ་སློང་མི་གཙང་བའི་ཉེས་པ་མི་འཆད་པར་བྱེད་པ་ཡིན། རྒོལ་བ་དང་ལན་གློན་པའི་དགེ་སློང་ལ་ཡི་དམ་བཅའ་བར་བྱེད་པ་ཡིན། མདོ་སྡེའི་
ཚིག་ཉེ་བར་སྟོན་པར་བྱེད་པ་ཡིན། རྗེས་སུ་བཅས་པ་ཉམས་པར་མི་བྱེད་པ་ཡིན། འདུལ་བ་ལ་མཐུན་པ་ཡིན། ཆོས་བཞིན་རྩོད་པ་ཞི་བར་བྱེད་པ་ཡིན་ནོ། །ཆོས་བཅུ་དང་ལྡན་ན་འདུལ་བ་འཛིན་པས་ཆད་པའི་ལས་ཀྱིས་གཅོད་ནུས་པ་ཡིན་ཏེ། བཅུ་གང་ཞེ་ན། ཚངས་
པའི་ཆད་པ་ཤེས། མི་དགའ་བར་འགྱུར་བའི་ལས་ཤེས། མི་སྤྱོད་པར་འགྱུར་བའི་ལས་ཤེས། མ་རུང་བར་བྱ་བའི་ལས་ཤེས། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པའི་ལས་ཤེས། བཟློག་པའི་ལས་ཤེས། སྤང་བའི་ལས་ཤེས། རྣམ་པར་དག་པའི་ལས་ཤེས། བྱིན་
เล่ม ๑๓ · หน้า 47b
གྱིས་བརླབ་པའི་ལས་ཤེས། རྒོལ་བའི་ལས་ཤེས་པའོ། །འདུལ་བ་དམ་པའི་གཞུང་ལས་གཅིག་ནས་འཛེགས་པ་རྫོགས་སྷོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་བརྒྱད་པ། འདུལ་བ་ལས་ལྔ་པའི་མདོར་བསྡུས་པ་སྟེ། ཉེར་བཞག་
འཇིགས་པ་སེལ་བ་དང་། །བྱིན་ལེན་བྱ་བརྐུ་བ་དང་། །བསྙེན་པར་རྫོགས་དང་མཚམས་རྣམས་དང་། །ཟས་ཀྱང་དེ་བཞིན་སྐབས་དབྱེ་དང་། །དུགས་ཁང་དང་ནི་ཐ་མའོ། །མདོར་ན། ཉེར་བཞག་ཚུལ་ཁྲིམས་བདེན་པ་དང་། །སྨྲ་བར་བྱ་དང་ཕས་ཕམ་དང་། །
ཉེས་བྱས་གཉིས་དང་ལྟ་བ་སྟེ། །ཉམས་པ་དང་ནི་ལྕི་བ་དང་། །ཇི་ལྟ་བུར་ནི་རིགས་ཀྱི་བུ། །དེ་མིན་རིམ་པར་བཅས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་སློང་གླེང་བ་ཞིག་གིས་གཞན་ལ་གླེང་བར་འཚལ་ན་
གནས་དུར་གནས་ཏེ་གླེང་བར་བགྱི། དགེ་སློང་ཡང་སྐབས་འབྱེད་དུ་གཞུག་པར་བགྱི། ཨུ་པཱ་ལི་དགེ་སློང་ཞིག་དགེ་སློང་གཞན་ལ་གླེང་བར་འདོད་པས་གནས་ལྔ་ལ་གནས་ཏེ་གླེང་བར་བྱའོ། །དགེ་སློང་སྐབས་འབྱེད་དུ་གཞུག་པ་ལྔ་གང་ཞེ་ན། སྟོད་གཡོགས་ཕྲག་
པ་གཅིག་ཏུ་གཟར་ཏེ་ལྷམ་ཕུད་ལ་རྒན་རིམས་སུ་འདུག་ནས་དགེ་སློང་གི་དགེ་འདུན་ལ་ཐལ་མོ་སྦྱར་བ་བཏུད་དེ་བྱམས་པའི་སེམས་ཉེ་བར་གཞག་ལ་གླེང་བའི་དགེ་སློང་དེ་ལ་སྐབས་འབྱེད་དུ་གཞུག །གླེང་བའི་དགེ་སློང་གིས་གཞན་ལ་གླེང་བར་འདོད་པས་ཆོས་ལྔས་ནང་དུ་
དྲན་པ་ཉེ་བར་གཞག་ལ་གཞན་ལ་གླེང་བར་བྱའོ། །ལྔ་གང་ཞེ་ན། ཅི་བདག་ཚུལ་ཁྲིམས་དང་ལྡན་ཞིང་སྔོན་རྫོགས་པ་ཡིན་ནམ། ངོ་ཚ་ཞིང་འབྱེད་པ་དང་ལྡན་ནམ། སྡོམ་པས་བསྡམས་པ་བསླབ་པར་འདོད་དམ། མང་དུ་ཐོས་ཤིང་ཐོས་པ་འཛིན། ཐོས་པ་ལ་
སོགས་པ་ལུང་ཁ་ཏོན་ལོབས་སམ། ཅི་འདུལ་བ་དང་ལྷག་པའི་འདུལ་བ་ལ་བདག་ཤིན་ཏུ་རྣམ་པར་གདོན་མི་ཟ་བར་གྱུར་ཏམ་སྙམ་དུ་བསམས་ནས་གླེང་བར་བྱེད་པའི་དགེ་སློང་གིས་གཞན་ལ་གླེང་བར་འདོད་ན། དེ་ལྟར་གནས་ལྔས་ནང་དུ་དྲན་པ་ཉེ་བར་གཞག་ལ་གཞན་ལ་གླེང་
เล่ม ๑๓ · หน้า 48a
བར་བྱའོ། །གཞན་ཡང་དགེ་སློང་གླེང་བ་ཞིག་གླེང་བར་འདོད་པས་ཆོས་ལྔས་ནང་དུ་དྲན་པ་ཉེ་བར་གཞག་ལ་གླེང་བར་བྱའོ། །ལྔ་གང་ཞེ་ན། འདི་ལྟར་བདག་གཞན་ལ་གླེང་བར་འདོད་པ་དེ་ཅི་བདེན་པས་སམ་འོན་ཏེ་མི་བདེན་པས་དོན་དུ་གཟུང་བ་འདི་དུས་ལས་
བབ་བམ་འོན་ཏེ་དུས་ལས་མ་བབ། ཅི་དོན་བཟུང་བ་སྐབས་སུ་བབ་བམ་འོན་ཏེ་སྐབས་སུ་མ་བབ། ཅི་དོན་བཟུང་བ་འདི་དོན་དང་ལྡན་པའམ་འོན་ཏེ་དོན་དང་ལྡན་པ་མ་ཡིན། དེ་ལ་མཐོང་བས་སམ། ཐོས་པས་སམ། དོགས་པས་སྨྲ་བར་བྱའམ་ཞེས་གླེང་བའི་དགེ་སློང་
གིས་གཞན་ལ་གླེང་བར་འདོད་པས། ཆོས་དེ་ལྔས་ནང་དུ་དྲན་པ་ཉེ་བར་གཞག་ལ་གཞན་ལ་གླེང་བར་བྱའོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེང་བའི་དགེ་སློང་ལ་རྣམ་པ་ལྔས་སྐབས་འབྱེད་དུ་གཞུག་པར་བྱའོ། །ལྔ་གང་ཞེ་ན། འདི་ལྟར་ཁྱོད་ལ་གླེང་གིས་ཤེས་པར་གྱིས་
ཤིག །ཚེ་དང་ལྡན་པ་ཁྱོད་ལ་སྨྲའོ། །ཚེ་དང་ལྡན་པ་ཁྱོད་ལ་གླེང་ངོ་། །ཚེ་དང་ལྡན་པ་ཁྱོད་ལ་དྲན་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་བདག་ལ་སྐབས་དབྱེ་བར་བྱོས་ཤིག །ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སླར་བཤགས་པ་དང་།
ཉེས་བྱས་རྣམས་ལས་གང་ཁྱོད་ལ་སྨྲ། གང་ཁྱོད་ལ་བརྗོད། གང་ཁྱོད་ལ་གླེང་། གང་ཁྱོད་ལ་དྲན་པར་བྱ། གང་ཁྱོད་ལ་སྐབས་སུ་འབྱེད་དུ་གཞུག །ཉེས་བྱས་སུ་གྱུར་ན་ཕས་ཕམ་པ་ལས་བྱུང་བའམ། དགེ་འདུན་གྱི་ལྷག་མ་ལས་བྱུང་བའམ། ལྟུང་བ་ལས་བྱུང་
བའམ། སོ་སོར་བཤགས་པ་ལས་བྱུང་བའམ། བསླབ་པ་ལས་བྱུང་བ་རྣམས་གང་ཁྱོད་ལ་བརྗོད་པར་བྱ། བཤགས་པར་བྱ་བའམ། བསྡམ་པར་བྱ་བའམ། འདུལ་བ་ལས་ཤིན་ཏུ་འདས་པའམ། ངན་དུ་སྨྲ་བ་ལས་བྱུང་བའམ། མངོན་དུ་སྤྱོད་པ་རྣམས་ཀྱི་ཉེས་བྱས་
གང་ཁྱོད་ལ་བརྗོད་པར་བྱ། ཁྱོད་ལ་མཐོང་བའམ། ཐོས་པའམ། དོགས་པ་གང་སྨྲ་བར་བྱ། ལུས་ཀྱི་འདས་པ་དང་། ངག་གི་འདས་པ་གང་ཁྱོད་ལ་སྨྲ་བར་བྱ། ལྟུང་བ་ལྕི་བའམ། ཡང་བའམ། ལྷག་མ་དང་བཅས་པའམ། ལྷག་མ་མ་ལུས་པའམ། ཐམས་
เล่ม ๑๓ · หน้า 48b
ཅད་ལས་འདས་པའམ། ལྟུང་བ་གང་ཁྱོད་ལ་སྨྲ་བར་བྱ། ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། འཚོ་བ་ཉམས་པའམ། ཉམས་པ་ཐམས་ཅད་གང་ཁྱོད་ལ་སྨྲ་བར་བྱ། ཁྱོད་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའམ། འཆག་
པའམ། སྤྱོད་ལམ་གང་ཁྱོད་ལ་སྨྲ་བར་བྱ། གྲོང་དུ་བྱས་པའམ། དགོན་པ་ལ་བྱས་པའམ། ལམ་དུ་བྱས་པའམ། ལམ་ལས་གོལ་བར་བྱས་པའམ། དབེན་པར་བྱས་པ་རྣམས་སམ། ས་གང་དུ་བྱས་པས་ཁྱོད་ལ་གླེང་བར་བྱ་ཞེས་དགེ་སློང་གླེང་བར་བྱེད་
པས་གླེང་བའི་དགེ་སློང་ལ་རྣམ་པ་འདི་ལྔས་སྐབས་ཕྱེ་ནས་ཡི་དམ་འཆར་བཅུག་ལ་གདོད་གླེང་བར་བྱའོ། །དེ་སྟེ་ཁས་མི་ལེན་ན་གླེང་བར་བྱེད་པའི་དགེ་སློང་གིས་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། ཕན་པའི་སེམས་དང་། རྗེས་སུ་བརྩེ་བའི་སེམས་དང་།
བསླང་བར་འདོད་པའི་སེམས་ཀྱིས་གླེང་བར་བྱའོ། །ལན་འདེབས་པའི་དགེ་སློང་གིས་ཀྱང་ཕས་གླེང་བར་བྱེད་པའི་ཚེ་གནས་ལྔ་ལ་གནས་ནས་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་བྱའོ། །གནས་ལྔ་གང་ཞེ་ན། སྟན་ལས་ལངས། ལྷམ་ཕུད། སྟོད་གཡོགས་
ཕྲག་པ་གཅིག་ཏུ་གཟར་ཏེ། རྒན་རིམས་ལ་ཐལ་མོ་སྦྱར་བ་བཏུད་ནས་བསྟི་སྟང་དུ་བཅས། འཇིགས་པ་དང་བཅས་པའི་དབང་དུ་བྱས་ལ་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་བྱའོ། །གླེང་བའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་
འདོད་ན་གླེང་བར་བྱེད་པའི་དགེ་སློང་ལ་གནས་ལྔར་བརྟག་པར་བྱའོ། །ལྔ་གང་ཞེ་ན། ཅི་ཚེ་དང་ལྡན་པ་འདི་ཚུལ་ཁྲིམས་དང་ལྡན་ཞིང་སྔོན་རྫོགས་པ་ཡིན་ནམ། ངོ་ཚ་ཞིང་འགྱོད་པ་དང་ལྡན་ནམ། སྡོམ་པས་བསྡམས་ཤིང་སྡོམ་པར་འདོད་དམ། ཅི་ཚེ་དང་ལྡན་པ་མང་
དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསགས་པའམ། ལུང་ཁ་ཏོན་ལོབས་སམ། འདུལ་བ་དང་། ལྷག་པའི་འདུལ་བ་དང་། མདོ་སྡེ་ལ་ཤིན་ཏུ་རྣམ་པར་གདོན་མི་ཟ་བ་ཡིན་ནམ་ཞེས་གླེངས་པའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་གནས་འདི་ལྔས་
เล่ม ๑๓ · หน้า 49a
བརྟགས་ལ་དེའི་འོག་ཏུ་སྐབས་དབྱེ་བར་བྱའོ། །གླེངས་པའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་འདོད་པས་ཆོས་ལྔ་ནང་དུ་དྲན་པ་ཉེ་བར་གཞག་ལ་སྐབས་དབྱེ་བར་བྱའོ། །ལྔ་གང་ཞེ་ན། བདག་ལ་གཞན་གྱིས་གླེང་བ་དེ་བདེན་
པས་གླེང་གི་མི་བདེན་པས་མ་ཡིན་པ་དང་། དུས་སུ་གླེང་གི་དུས་ལས་འདས་པར་མ་ཡིན་པ་དང་། དོན་དང་ལྡན་པས་གླེང་གི་དོན་དང་མི་ལྡན་པར་མ་ཡིན་པ་དང་། ཚིག་འཇམ་པོས་གླེང་གི་རྩུབ་པོས་མ་ཡིན་པ་དང་། བྱམས་པ་དང་ལྡན་པས་གླེང་གི་ཞེ་སྡང་དང་ལྡན་པས་མ་
ཡིན་པ་འདི་ལྟ་བུ་གཞན་ལས་རྙེད་པར་ག་ལ་འགྱུར་སྙམ་དུ་བསམས་ནས། གླེངས་པའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་འདོད་པས། ཆོས་འདི་ལྔ་ནང་དུ་དྲན་པ་ཉེ་བར་བཞག་ནས་གླེང་བར་བྱེད་པའི་དགེ་སློང་ལ་ཚིག་འདི་སྐད་སྨྲོས་ཤིག །ཀྱེ་གླེང་བར་
བྱེད་པའི་ཚེ་དང་ལྡན་པ་ཁྱོད་ཤེས་པར་གྱིས་ལ་བདག་ལ་སྨྲོས་ཤིག །ཚེ་དང་ལྡན་པ་ཁྱོད་ཀྱིས་བདག་ལ་སྒོ་ཤིག །ཚེ་དང་ལྡན་པ་ཁྱོད་ཀྱིས་བདག་ལ་གླེངས་ཤིག །ཚེ་དང་ལྡན་པ་ཁྱོད་ལ་སྐབས་དབྱེ་བར་བྱས་པ་དག་ལ་ཇི་སྐད་དུ་སྨྲ། བདག་ལ་ཇི་སྐད་དུ་བསྒོ། བདག་ལ་
ཇི་སྐད་དུ་གླེང་། བདག་ལ་ཇི་ལྟ་བུར་དྲན་པར་བྱ། གང་གི་ཕྱིར་བདག་གིས་སྐབས་དབྱེ་བར་བྱ། ཉེས་པའི་ནང་ནས་ཕས་ཕམ་པའམ། དགེ་འདུན་གྱི་ལྷག་མའམ། ལྟུང་བའམ་སོ་སོར་བཤགས་པ་རྣམས་ལས་གང་སྨྲ་བར་བྱ། ཉེས་བྱས་རྣམས་ལས་ཀྱང་ཕས་ཕམ་
པའམ། དགེ་འདུན་གྱི་ལྷག་མ་ལས་བྱུང་བའམ། ལྟུང་བ་ལས་བྱུང་བའམ། སོ་སོར་བཤགས་པ་ལས་བྱུང་བའམ། བསླབ་པ་ལས་བྱུང་བ་རྣམས་སྐབས་དབྱེ་བར་བགྱི། བཤགས་པར་བྱ་བའམ། བསྡམ་པར་བྱ་བའམ། འདུལ་བ་ལས་འདས་པའམ། ངན་
དུ་སྨྲ་བ་ལས་བྱུང་བའམ། མངོན་པར་སྤྱད་པ་ལས་བྱུང་བ་རྣམས་ཀྱི་ཉེས་བྱས་གང་གིས་སྐབས་དབྱེ་བར་བྱ། བདག་ལ་མཐོང་ངམ། ཐོས་པའམ། དོགས་པའམ། ལུས་ཀྱི་འདས་པའམ། ངག་གི་འདས་པའམ། བདག་ལ་མངོན་པར་སྤྱད་པ་གང་སྨྲ། བདག་
เล่ม ๑๓ · หน้า 49b
ལ་ལྕི་བའམ། ཡང་བའམ། ལྷག་མ་དང་བཅས་པའམ། ལྷག་མ་མ་ལུས་པའམ། ཐམས་ཅད་ལས་འདས་པའམ། བདག་ལ་ཉེས་པ་གང་སྨྲ། ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། སྤྱོད་པ་ཉམས་པའམ། འཚོ་བ་ཉམས་པའམ། ཐམས་
ཅད་ཉམས་པའམ། ཉམས་པ་གང་སྨྲ། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། མ་ཉལ་བ་རྣམས་སྤྱོད་ལམ་གང་བྱས་པ་ལས་སྨྲ། གྲོང་དུ་བྱས་པའམ། དགོན་པ་ལ་བྱས་པའམ། ལམ་དུ་བྱས་པའམ། ལམ་གོལ་བར་བྱས་པའམ།
མཚན་མོ་བྱས་པའམ། ཉིན་པར་བྱས་པ་རྣམས་ལས་བདག་གིས་གང་དུ་བྱས་པ་སྨྲོས་ཤིག །གླེངས་པའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་རྣམ་པ་འདི་ལྔས་སྐབས་ཕྱེ་ལ་ཡི་དམ་བཅར་ཆུག་སྟེ་ཚིག་འདི་སྐད་སྨྲོས་ཤིག །གླེང་བར་བྱེད་པ་ཇི་ལྟར་ཡི་དམ་
བཅས་པའི་ཉེས་པ་སྨྲོས་ཤིག་ཅེས་བྱའོ། །མདོར་ན། འཇིགས་པར་གྱུར་དང་འཁྲུལ་བ་དང་། །ཚངས་པའི་ཆད་པ་རིམ་གྲོ་མེད། །བསྡིགས་པའི་ཆད་པ་མངོན་སུམ་དང་། །བདེན་པ་རྣམས་ཀྱང་དེ་བཞིན་ནོ། །གང་གི་ཚེ་གླེང་བའི་དགེ་སློང་གིས་སྐབས་ཕྱེ་བར་
གྱུར་པ་དེའི་ཚེ་ན་གླེང་བར་བྱེད་པའི་དགེ་སློང་གིས་གནས་ལྔར་ཡིད་བརྟན་པར་བྱ་སྟེ། ཚེ་དང་ལྡན་པ་མ་འཇིགས་ཤིག །ཁྱོད་འཇིགས་པར་མ་བྱེད། ཁྱོད་སྐྲག་པར་མ་བྱེད། ཀུན་ཏུ་མ་སྐྲག་ཤིག །ཀུན་ཏུ་སྐྲག་པར་མ་བྱེད་ཅིག །མ་སྔངས་ཤིག །སྡངས་པར་
མ་བྱེད་ཅིག །མ་འཛེམ་ཤིག །འཛེམ་པར་མ་བྱེད་ཅིག །གླེང་བར་བྱེད་པའི་དགེ་སློང་གིས་གླེངས་པའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱི་འཁྲུལ་བ་མི་འཛིན་ཏོ། །ཁྱོད་ཀྱི་སྔངས་པའི་སྐབས་མི་འཛིན་གྱི། ཚེ་དང་ལྡན་
པ་ཁྱོད་ལ་གཏན་ལ་བབ་པར་འཛིན་ཏོ། །ཚེ་དང་ལྡན་པ་ལན་གསུམ་གྱི་བར་དུ་དམ་བཅའ་བ་ལ་གཞག་གོ། །གླེང་བའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱའོ། །དེ་སྟེ་ཚེ་དང་ལྡན་པ་ཁྱོད་ཚངས་པའི་ཆད་པས་རིགས་པར་
เล่ม ๑๓ · หน้า 50a
འགྱུར་ན་ཚངས་པའི་ཆད་པས་བསྒོ་བར་བྱའོ། །དེ་སྟེ་མི་དགའ་བར་ཚོར་བས་འོས་པར་གྱུར་ན་མི་དགའ་བར་འགྱུར་བའི་ལས་བྱའོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེངས་པའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱའོ། །དེ་སྟེ་ཚེ་དང་ལྡན་པ་ཁྱོད་རིམ་
གྲོ་མེད་པར་བྱེད་ན་རིམ་གྲོ་མེད་པའི་ནང་དུ་བགྲང་བར་བྱའོ། །དེ་སྟེ་ཚེ་དང་ལྡན་པ་ཁྱོད་ཉེས་པ་ངོར་བརྗོད་ན་ནི་ཉེས་པ་ངོར་བརྗོད་པའི་ནང་དུ་བགྲང་བར་བྱའོ། །དེ་སྟེ་ཁྱོད་གཞན་ཟེར་རོ་ཞེས་ཕྱས་ཐོགས་ན་ནི་གཞན་ཟེར་རོ་ཞེས་ཕྱས་ཐོགས་པའི་ནང་དུ་ཁྱོད་བགྲང་བར་བྱའོ། །དེ་སྟེ་
བསྒོ་བ་མི་ཉན་ན་ནི་བསྒོ་བ་མི་ཉན་པར་ཁྱོད་བགྲང་བར་བྱའོ། །དེ་སྟེ་ཅང་མི་སྨྲ་བས་བསྒོ་བ་མི་ཉན་ན་ནི་ཡང་ཅང་མི་སྨྲ་བའི་ནང་དུ་ཁྱོད་བགྲང་བར་བྱའོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེངས་པའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། དེ་སྟེ་ཚེ་དང་
ལྡན་པ་ཁྱོད་ལ་བསྡིགས་པའི་ལས་བྱ་བར་འོས་ན་ནི་ཁྱོད་ལ་བསྡིགས་པའི་ལས་བྱའོ། །དེ་སྟེ་ལོངས་སྤྱོད་མི་གཅིག་པར་འོས་ན་ནི་ལོངས་སྤྱོད་མི་གཅིག་པའི་ལས་བྱའོ། །དེ་སྟེ་མིག་ལམ་ན་མི་སྣང་བར་འོས་ན་ནི་ཁྱོད་ལ་མིག་ལམ་ན་མི་སྣང་བའི་ལས་བྱའོ། །དེ་
སྟེ་བསྐྲད་པར་འོས་ན་ནི་བསྐྲད་པའི་ལས་བྱའོ། །དེ་སྟེ་སྨད་པའི་ལས་བྱ་བར་འོས་ན་ནི་སྨད་པའི་ལས་བྱའོ། །དེ་སྟེ་སླར་བསྡུམ་པར་འོས་ན་ནི་ཁྱོད་ལ་བསྡུམ་པའི་ལས་བྱའོ། །དེ་སྟེ་སྤང་བར་འོས་ན་ནི་ཁྱོད་ལ་སྤང་བའི་ལས་བྱའོ། །གླེང་བར་བྱེད་པའི་དགེ་
སློང་གིས་གླེངས་པའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། དེ་སྟེ་ཚེ་དང་ལྡན་པ་ཁྱོད་ལ་ཆད་པས་གཅད་པར་འོས་ན་ནི་ཁྱོད་ལ་ཆད་པས་གཅད་པར་བྱའོ། །གཞི་ནས་བླངས་ཏེ་ཆད་པས་གཅད་པར་འོས་ན་ནི་ཁྱོད་གཞི་ནས་བསླང་སྟེ་ཆད་པས་གཅད་པར་
བྱའོ། །དེ་སྟེ་ཡིད་མགུ་བར་འོས་ན་ནི་ཁྱོད་ཡིད་མགུ་བར་བྱེད་དུ་གཞུག་གོ། །དེ་སྟེ་གཞི་ནས་བསླང་སྟེ་ཡིད་མགུ་བར་བྱེད་པར་འོས་ན་ནི་ཁྱོད་གཞི་ནས་བསླང་སྟེ་ཡིད་མགུ་བར་བྱེད་དུ་གཞུག་གོ། །དེ་སྟེ་སླར་གཞི་ནས་བསླང་སྟེ་ཆད་པ་བྱེད་དུ་གཞུག་པར་འོས་
เล่ม ๑๓ · หน้า 50b
ན་ནི་ཁྱོད་ལ་སླར་གཞི་ནས་བསླང་སྟེ། ཆད་པ་བྱེད་དུ་གཞུག་པའི་ལས་བྱའོ། །དེ་སྟེ་སླར་གཞི་ནས་བསླང་སྟེ་ཡིད་མགུ་བ་བྱེད་དུ་གཞུག་པར་འོས་ན་ནི་ཁྱོད་སླར་གཞི་ནས་བསླང་སྟེ་ཡིད་མགུ་བར་བྱེད་དུ་གཞུག་གོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེངས་པའི་དགེ་སློང་
ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། དེ་སྟེ་ཚེ་དང་ལྡན་པ་ཁྱོད་མངོན་སུམ་གྱིས་འདུལ་བར་འོས་ན་ནི་ཁྱོད་ལ་མངོན་སུམ་དུ་འདུལ་བར་བྱའོ། །དེ་སྟེ་དྲན་པས་འདུལ་བར་འོས་ན་ནི་ཁྱོད་དྲན་པས་འདུལ་བར་བྱའོ། །དེ་སྟེ་མ་རྨོངས་པས་འདུལ་བར་འོས་ན་ནི་ཁྱོད་
མ་རྨོངས་པས་འདུལ་བར་བྱའོ། །དེ་སྟེ་དེའི་ངོ་བོ་ཚོལ་བས་འདུལ་བར་འོས་ན་ནི་ཁྱོད་དེའི་ངོ་བོ་ཚོལ་བས་འདུལ་བར་བྱའོ། །དེ་སྟེ་ཚུལ་ཤིང་མང་པོར་བྱ་བར་འོས་ན་ནི་ཁྱོད་ལ་ཚུལ་ཤིང་མང་པོར་བྱ་བར་སྦྱིན་ནོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེངས་པའི་དགེ་སློང་ལ་
གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། གླེངས་པ་ཁྱོད་ཉོན་ཅིག །ཁྱོད་ལ་གང་དྲིས་པ་དེ་ལྟ་དེ་ལྟ་བུར་ཁྱོད་ཀྱིས་སྨྲོས་ཤིག །ཇི་ལྟར་བདག་ཉིད་སུན་པར་མི་འགྱུར་བ་དང་། གཞན་ལ་གནོད་པར་མི་འགྱུར་བ་དང་། སྐྱོན་མེད་པའི་དགེ་སློང་རྣམས་ལ་གཙེ་བར་མི་
འགྱུར་བ་དང་། མངོན་སུམ་དུ་གྱུར་པའི་དགེ་སློང་རྣམས་ལ་མངོན་སུམ་དུ་མི་སྨོད་པ་དང་། གཟུ་བོའི་དགེ་སློང་རྣམས་ལ་མདོ་སྡེའི་ཚིག་དང་། མི་མཐུན་པར་མ་བྱེད་ཅིག །དེ་ལྟར་བྱས་ན་དགེ་ཞིང་ཤིན་ཏུ་དགེ་བར་འགྱུར་རོ། །མདོར་ན། ཉེས་པ་བྱས་འདོགས་དེ་
བཞིན་ཏེ། །ཁས་ལེན་ལྟ་བ་གསོ་སྦྱིན་དང་། །སློབ་དཔོན་དང་ནི་གང་སྤྱོད་དང་། །གནས་འཇིག་པ་དང་བསྐྲད་པའོ། །ཉེས་པ་བྱེད་པ་ལྔ་སྟེ། ཁྲེལ་མེད་པ་ལས་ཉེས་པ་བྱུང་བ་དང་། ཐེ་ཚོམ་ལས་བྱུང་བ་དང་། མི་ཤེས་པ་ལས་བྱུང་བ་དང་། བློ་ཞན་པ་ལས་
བྱུང་བ་དང་། དྲན་པ་ཉམས་པ་ལས་བྱུང་བའོ། །སྤང་བའི་དངོས་པོ་ལྔ་སྟེ། གསོལ་བ་དང་། འདྲི་བར་བྱེད་པ་དང་། བསྒོ་བ་དང་། ཁ་ཅིག་ལ་སྨྲ་བ་དང་། བརྗོད་པར་བྱ་བའོ། །གསོལ་བ་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དགེ་སྦྱོང་དུ་མི་འགྱུར་བ་ཅུང་ཟད་
เล่ม ๑๓ · หน้า 51a
ཀྱང་མ་བྱེད་ཅིག་པར་ཚེ་དང་ལྡན་པ་ཁྱོད་ལ་གསོལ་ལོ། །འདྲི་བར་བྱེད་པ་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དགེ་སྦྱོང་དུ་མི་འགྱུར་བ་ཅུང་ཟད་མ་བྱས་སམ་ཞེས་ཚེ་དང་ལྡན་པ་ཁྱོད་ལ་དྲིའོ། །བསྒོ་བ་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དགེ་སྦྱོང་དུ་མི་འགྱུར་
བར་མ་བྱེད་ཅིག་ཅེས་ཁྱོད་ལ་བསྒོ་བར་བྱའོ། །ཁ་ཅིག་ལ་སྨྲ་བ་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་ཇི་ལྟར་ཁ་ཅིག་དགེ་སྦྱོང་བྱེད་དུ་མི་འགྱུར་བར་བྱེད་པ་དེ་ལྟར་མ་བྱེད་པར་བག་ཡོད་པར་བསྒྲུབ་པར་གྱིས་ཤིག །བརྗོད་པ་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་དགེ་སྦྱོང་དུ་མི་
འགྱུར་བར་མི་བྱ་བའི་ཕྱིར་ཡང་དང་ཡང་བརྗོད་དོ། །ཆོས་བཞིན་མ་ཡིན་པར་ཁས་ལེན་པ་ཡང་ལྔ་སྟེ། རྒྱལ་པོས་འཇིགས་ཏེ་ཁས་ལེན་པ་དང་། རྐུན་པོས་འཇིགས་ཏེ་ཁས་ལེན་པ་དང་། རིགས་པའི་གྲོང་གིས་འཇིགས་ཏེ་ཁས་ལེན་པ་དང་། ཆད་པས་འཇིགས་ཏེ་
ཁས་ལེན་པ་དང་། དགེ་སྦྱོང་ཉིད་ལ་ལྟོས་པ་མེད་པར་ཁས་ལེན་པའོ། །ཆོས་བཞིན་ཁས་ལེན་པ་ཡང་ལྔ་སྟེ། དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་པར་བྱའོ། །ཆོས་བཞིན་མ་ཡིན་པར་ལྟ་བ་སྨྲ་བ་ལྔ་སྟེ། ལྷག་མ་མ་ལུས་པའི་དངོས་པོ་ལ་ལྟ་བ་སྨྲ་བ་དང་།
བཤགས་པའི་དངོས་པོ་ལ་ལྟ་བ་སྨྲ་བ་དང་། ཉེས་པ་གཞན་བྱུང་བར་གྱུར་པ་ལ་ཉེས་པའི་དངོས་པོ་ལ་ལྟ་བ་སྨྲ་བ་དང་། བཤགས་པར་མི་འོས་པའི་དངོས་པོ་ལ་ལྟ་བ་སྨྲ་བ་དང་། མི་ལྡང་བར་འདོད་པ་ལྟ་བ་སྨྲ་བའོ། །ཆོས་བཞིན་དུ་ལྟ་བར་སྨྲ་བ་ལྔ་ཡང་དཀར་པོའི་
དགེ་བ་དང་ཚུལ་ནས་བྱུང་བའོ། །སློབ་དཔོན་ལྔ་སྟེ། དགེ་ཚུལ་གྱི་སློབ་དཔོན་དང་། གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་བཅའ་བ་དང་། ཀློག་པར་བྱེད་པའོ། །དགེ་ཚུལ་གྱི་སློབ་དཔོན་གང་ཞེ་ན། གང་གིས་དགེ་ཚུལ་གྱི་བསླབ་པའི་
གནས་བྱིན་པའོ། །གསང་སྟེ་སྟོན་པའི་སློབ་དཔོན་གང་ཞེ་ན། གང་གིས་བསྙེན་པར་རྫོགས་པའི་ཚེ་གསང་སྟེ་སྟོན་པའོ། །ལས་བྱེད་པའི་སློབ་དཔོན་གང་ཞེ་ན། གང་གིས་བསྙེན་པར་རྫོགས་པའི་ལས་བྱས་པའོ། །གནས་བཅའ་བའི་སློབ་དཔོན་གང་
เล่ม ๑๓ · หน้า 51b
ཞེ་ན། གང་ལས་ལན་གསུམ་གྱི་བར་དུ་ནན་ཏན་དུ་མནོས་ཤིང་གནས་བཅས་པའོ། །ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་བླང་བའི་སེམས་ཀྱིས་ཚིག་གཅིག་ཙམ་ཡང་བླངས་པའོ། །སྤྱོ་བ་རྣམ་པ་ལྔ་སྟེ། མི་སྨྲ་བར་བྱ་བ་དང་། ལུང་མི་སྟོན་པ་དང་།
གཅིག་ཏུ་མི་སྤྱོད་པ་དང་། དགེ་བའི་ཕྱོགས་གཅད་པ་དང་། གནས་བཅས་པ་སླར་གཞིག་པ་དང་ལྔའོ། །མི་སྨྲ་བར་བྱ་བ་གང་ཞེ་ན། དེ་ལ་སྨྲ་བར་མི་བྱ་ཀུན་ཏུ་སྨྲ་བར་མི་བྱའོ། །ལུང་མི་སྟོན་པ་གང་ཞེ་ན། དེ་ལ་ལུང་བསྒོ་ཞིང་རྗེས་སུ་མི་སྟོན་པའོ། །བསྟན་
པ་མི་སྟོན་པའོ། །གཅིག་ཏུ་མི་སྤྱོད་པ་གང་ཞེ་ན། དེས་བསྙེན་བཀུར་བྱས་པ་བདག་གིར་མི་བྱའོ། །དགེ་བའི་ཕྱོགས་གཅད་པ་གང་ཞེ་ན། དེ་ལ་བཀླག་པ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་མི་བསྟན་པའོ། །གནས་བཅས་པ་སླར་གཞིག་པ་གང་ཞེ་ན།
གནས་བཅར་མི་གཞུག་པའོ། །རྣམ་པ་ལྔས་ན་གནས་བཅས་པ་བཤིག་པར་འགྱུར་ཏེ། བསྐྲད་པ་དང་། ལངས་ཏེ་འགྲོ་བ་དང་། སླར་འབབ་པ་དང་། ཕྱོགས་ལས་གཞན་གྱི་ཕྱོགས་སུ་འགྲོ་བ་དང་། རེ་བ་མེད་པར་སེམས་བསྐྱེད་པ་དང་ལྔའོ། །ཆོས་ལྔ་དང་
ལྡན་ན་གནས་བཅའ་བ་སྦྱིན་ཏེ། ལྔ་གང་ཞེ་ན། དད་པ་ཡིན། རིམ་གྲོར་བཅས་པ་ཡིན། བརྩོན་འགྲུས་བརྩམས་པ་ཡིན། ངག་ཉན་པ་ཡིན། དགེ་བའི་བཤེས་གཉེན་ཡིན་པའོ། །ཆོས་ལྔ་དང་ལྡན་ན་གནས་བཅས་པ་ལས་གཞིག་པར་བྱ་སྟེ། ལྔ་གང་ཞེ་
ན། མ་དད་པ་ཡིན། རིམ་གྲོ་མེད་པ་ཡིན། ལེ་ལོ་ཅན་ཡིན། ངག་མི་ཉན་པ་ཡིན། སྡིག་པའི་གྲོགས་པོ་ཡིན་ནོ། །ལྷན་ཅིག་སྤྱོད་པ་དང་ཉེ་གནས་ཆོས་ལྔ་དང་ལྡན་ན་བསྐྲད་པ་ཡིན་ཏེ། ལྔ་གང་ཞེ་ན། མ་དད་པ་ཡིན། རིམ་གྲོ་མེད་པ་ཡིན། ལེ་ལོ་ཅན་
ཡིན། ངག་མི་ཉན་པ་ཡིན། སྡིག་པའི་གྲོགས་པོ་ཡིན་ནོ། །ལྷན་ཅིག་སྤྱོད་པ་དང་། ཉེ་གནས་ཆོས་ལྔ་དང་ལྡན་ན་མི་བསྐྲད་པ་ཡིན་ཏེ། ལྔ་པོ་དཀར་པོའི་ཕྱོགས་སུ་སླར་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ལྷན་ཅིག་སྤྱོད་པ་དང་ཉེ་གནས་ཆོས་ལྔ་དང་
เล่ม ๑๓ · หน้า 52a
ལྡན་ན་བཟོད་པར་བྱ་བ་མ་ཡིན་ཏེ། མ་དད་པ་ཡིན། རིམ་གྲོ་མེད་པ་ཡིན། ལེ་ལོ་ཅན་ཡིན། ངག་མི་ཉན་པ་ཡིན། སྡིག་པའི་གྲོགས་པོ་ཡིན་ནོ། །ལྷན་ཅིག་སྤྱོད་པ་དང་ཉེ་གནས་ཆོས་ལྔ་དང་ལྡན་ན་བཟོད་པར་བྱ་བ་ཡིན་ཏེ། དཀར་པོའི་ཕྱོགས་སླར་
རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །མདོར་ན། བྱིན་ལེན་གསུམ་དང་ཞིག་པ་དང་། །ཀླུ་དང་ཉེས་པ་བཤགས་པ་དང་། །མ་ནིང་ཕོ་དང་མ་ནིང་མོ། །རུང་བའི་གནས་དང་རྡུལ་གཉིས་སོ། །བྱིན་ལེན་རྣམ་པ་ལྔ་སྟེ། ལུས་ཀྱིས་ལུས་ལ་བྱ་བ་དང་། ལུས་
ཀྱིས་ལུས་ལ་ཟིན་པ་དང་། ལུས་ཀྱིས་ཟིན་པས་ལུས་ལ་བྱ་བ་དང་། ལུས་ཀྱིས་ཟིན་པས་ལུས་ཀྱི་ཟིན་པ་ལ་བྱ་བ་དང་། བཞག་པའི་བྱིན་ལེན་དང་ལྔའོ། །ཇི་ལྟར་ལུས་ཀྱིས་ལུས་ལ་བྱ་ཞེ་ན། ལག་ནས་ཕྱིན་ལ་ལག་གིས་བླངས་པའོ། །ཇི་ལྟར་ལུས་ཀྱིས་ལུས་ལ་ཟིན་པ་ཞེ་
ན། ལག་ནས་བྱིན་ལ་ལྷུང་བཟེད་དུ་བླངས་པའོ། །ཇི་ལྟར་ལུས་ཀྱིས་ཟིན་པས་ལུས་ལ་བྱ་ཞེ་ན། སྣོད་ཀྱིས་བྱིན་ལ་ལག་ཏུ་བླངས་པའོ། །ཇི་ལྟར་ལུས་ཀྱིས་ཟིན་པས་ལུས་ཀྱིས་ཟིན་པ་ལ་བྱ་ཞེ་ན། སྣོད་ནས་བྱིན་ལ་སྣོད་དུ་བླངས་པའོ། །ཇི་ལྟར་བཞག་པའི་བྱིན་ལེན་བྱ་
ཞེ་ན། སྨོད་པ་ཞེས་བྱ་བའི་མི་ཡོད་དེ། དེ་དག་གི་ཕ་དང་ཕུ་བོ་དག་ཀྱང་སྨོད་ན་གཞན་ལ་ལྟ་ཅི་སྨོས་ཏེ། དེ་དག་གི་མདུན་དུ་ལྷུང་བཟེད་བཞག་ནས་འདི་སྐད་ཅེས་སྨྲའོ། །བཞིན་བཟངས་དེ་སྟེ་བཏང་བར་གྱུར་ན་ལྷུང་བཟེད་འོ་ནིའི་ནང་དུ་ལུགས་ཤིག །དེ་དག་གིས་ཀྱང་ལྷུང་
བཟེད་དེར་བླུགས་པར་གྱུར་ན་དེ་ནི་བཞག་པའི་བྱིན་ལེན་ཞེས་བྱའོ། །གཞན་ཡང་བྱིན་ལེན་ལྔ་སྟེ། ཁྲིའི་སྟེང་དུ་བྱིན་ལེན་བྱ་བ་དང་། ཁྲིའུ་དང་། ཁྲིའུ་ཆུང་ངུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་གཞིར་རོ། །རྣམ་པ་ལྔས་ནི་བྱིན་ལེན་བྱས་ཀྱང་བྱིན་ལེན་བྱས་པར་མི་
འགྱུར་ཏེ། མ་བཏང་བཞིན་ལེན་པ་དང་། བཟའ་བར་མི་སེམས་པར་ལེན་པ་དང་། གཞན་དུ་འདུ་ཤེས་ཏེ་ལེན་པ་དང་། མདུན་དུ་མ་འདུག་པར་ལེན་པ་དང་། རང་བཞིན་ཅན་མ་ཡིན་པ་ལས་བླངས་པའོ། །རྣམ་པ་ལྔས་བྱིན་ལེན་བྱས་ཀྱང་བྱིན་ལེན་འཇིག་པར་འགྱུར་
เล่ม ๑๓ · หน้า 52b
ཏེ། ལྔ་གང་ཞེ་ན། ཕྲོགས་པ་དང་། ཤོར་བ་དང་། བོར་བ་དང་། སླར་བབས་པ་དང་། དུས་བྱས་པའོ། །ཀླུའི་རང་བཞིན་ལྔ་སྟེ། ལྷག་མ་རྣམས་ནི་སྤྲུལ་པ་ཡིན་ཏེ། རང་བཞིན་འབྱུང་བ་དང་། རང་བཞིན་གྱིས་འཆི་བ་དང་། རང་བཞིན་གྱིས་ཉལ་བ་དང་།
རང་བཞིན་གྱིས་ཁྲོ་བ་དང་། རང་བཞིན་གྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱེད་པའོ། །ཉེས་པ་ལྔ་སྟེ། ཕས་ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ལྟུང་བ་དང་། སོ་སོར་བཤགས་པ་དང་། ཉེས་བྱས་སོ། །ཉེས་པ་བྱུང་བ་རྣམ་པ་ལྔ་སྟེ།
ལུས་ལས་ཉེས་པ་འབྱུང་གི་ངག་ལས་མ་ཡིན་པ་ཡང་ཡོད། ངག་ལས་ཉེས་པ་འབྱུང་གི་ལུས་ལས་མ་ཡིན་པ་ཡང་ཡོད། ལུས་དང་སེམས་ལས་ཉེས་པ་འབྱུང་གི་ངག་ལས་མ་ཡིན་པ་ཡང་ཡོད། ངག་དང་སེམས་ལས་ཉེས་པ་འབྱུང་གི་ལུས་ལས་མ་ཡིན་པ་ཡང་ཡོད།
ལུས་དང་སེམས་དང་ངག་ལས་ཉེས་པ་འབྱུང་བ་ཡང་ཡོད་དོ། །ཉེས་པ་ལས་འབྱུང་བ་ཡང་ལྔ་སྟེ། མཐོང་བས་འབྱུང་བ་དང་། བསྒྲགས་པས་འབྱུང་བ་དང་། ཐོག་མ་ནས་མ་བྱས་པས་འབྱུང་བ་དང་། བྱིན་གྱིས་བརླབས་པས་འབྱུང་བ་དང་། བཤགས་པས་
འབྱུང་བ་དང་ལྔའོ། །མ་ནིང་ཕོ་ལ་རྣམ་པ་ལྔ་སྟེ། རང་བཞིན་གྱི་མ་ནིང་དང་། ཟླ་བ་ཕྱེད་ཀྱི་མ་ནིང་དང་། ཕྲག་དོག་གི་མ་ནིང་དང་། ཆགས་པའི་མ་ནིང་དང་། ཉམས་པའི་མ་ནིང་ངོ་། །རང་བཞིན་གྱི་མ་ནིང་གང་ཞེ་ན། རང་བཞིན་གྱིས་མ་ནིང་དུ་གྱུར་པའོ། །
ཟླ་བ་ཕྱེད་ཀྱི་མ་ནིང་གང་ཞེ་ན། ཟླ་བ་ཕྱེད་ནི་ཕོར་འགྱུར། ཟླ་བ་ཕྱེད་ནི་མོར་འགྱུར་བའོ། །ཕྲག་དོག་གི་མ་ནིང་གང་ཞེ་ན། གཞན་ལོག་པར་ཞུགས་པ་མཐོང་ནས་དེ་ཡང་གདོད་ལོག་པ་བྱེད་པར་གྱུར་པའོ། །ཆགས་པའི་མ་ནིང་གང་ཞེ་ན། དེ་ལ་གཞན་གྱིས་སྤྱོད་
ཅིང་བཙིར་ན་གདོད་བྱེད་པའོ། །ཉམས་པའི་མ་ནིང་གང་ཞེ་ན། གང་གིས་ཕོ་མཚན་སྲོག་ཆགས་ཀྱིས་ཟོས་པའམ་མཚོན་གྱིས་ཆོད་པའོ། །མ་ནིང་མོ་ཡང་རྣམ་པ་ལྔ་སྟེ། མཚན་གཉིས་ཀ་ཡོད་པ་དང་། སྒོ་གཉིས་འབྲེལ་བ་དང་། རྒྱུན་དུ་ཟག་པ་དང་། ཟླ་
เล่ม ๑๓ · หน้า 53a
མཚན་མེད་པ་དང་། མཚན་མ་ཙམ་ཡོད་པའོ། །རུང་བའི་གནས་ལྔ་སྟེ། དངོས་པོ་ཟིན་པ་དང་། དངོས་པོ་མ་ཟིན་པ་དང་། དངོས་པོ་བོར་བ་དང་། སྔ་ནས་ཡོད་པ་དང་། མ་འདུག་པ་དང་ལྔའོ། །རུང་བའི་གནས་དངོས་པོ་ཟིན་པ་གང་ཞེ་
ན། དངོས་པོ་དེ་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །གང་བྱིན་གྱིས་བརླབས་པ་རྣམ་པ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་སེམས་བསྐྱེད་པ་དང་། གཅིག་ལ་གཅིག་ཏུ་སྨྲས་པ་དང་། གསོལ་བ་བྱས་པའོ། །རུང་བའི་གནས་དངོས་པོ་མ་ཟིན་པ་གང་
ཞེ་ན། ཆུང་ངུ་ན་རྨང་རྡོ་ཙམ་ཡང་བརྩིགས་པའོ། །དེ་ཡང་བྱིན་གྱིས་བརླབས་པ་རྣམ་པ་གསུམ་པོ་དེ་བཞིན་བྱིན་གྱིས་བརླབས་པ་ཡིན་ནོ། །རུང་བའི་གནས་དངོས་པོ་བོར་བ་གང་ཞེ་ན། གང་མངོན་དུ་རུང་བའི་གནས་སུ་བྱིན་གྱིས་བརླབས་པ་ལས་བོར་ཏེ། སླར་རུང་བའི་
གནས་སུ་བྱིན་གྱིས་བརླབས་པ་རྣམ་པ་གསུམ་པོ་དེས་བྱིན་གྱིས་བརླབས་པ་ཡིན་ནོ། །རུང་བའི་གནས་སྔ་ནས་ཡོད་པ་གང་ཞེ་ན། མུ་སྟེགས་ཅན་ཡ་མཚན་སྣ་ཚོགས་རྣམས་ཐུན་མོང་དུ་གྱུར་པ་སྟེ། དགེ་འདུན་གྱིས་བྱིན་གྱིས་བརླབས་པ་འདི་གསུམ་གྱིས་བྱིན་གྱིས་
བརླབས་པ་ཡིན་ནོ། །རུང་བའི་གནས་སུ་མ་འདུག་པ་གང་ཞེ་ན། དེ་ནི་སྔ་ནས་རུང་བའི་གནས་མེད་པ་ལས་རྩིག་པས་བསྐོར་ཏམ། སབ་མོས་བསྐོར་ཏམ། འོབས་ཀྱིས་བསྐོར་ཀྱང་རུང་དེར་དགེ་འདུན་གྱིས་ས་ལ་རི་མོ་བྲིས་སམ། ཕུར་པ་བཏབ་བམ། རྩིག་
པས་བསྐོར་ཏམ། མཚན་མ་གཞན་ཅི་བཙུགས་ཀྱང་རུང་སྟེ། བྱིན་གྱིས་བརླབས་པ་རྣམ་པ་གསུམ་པོ་དེས་རུང་བའི་གནས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །རྡུལ་རྣམ་པ་ལྔ་སྟེ། ཟས་རྡུལ་དང་། བཏུང་བ་རྡུལ་དང་། དྲི་རྡུལ་དང་། སྨན་རྡུལ་དང་། རྡུལ་ཉིད་
རྡུལ་དང་ལྔ་ཡིན་ནོ། །གཞན་ཡང་རྡུལ་རྣམ་པ་ལྔ་སྟེ། བཟའ་བ་རྡུལ་དང་། བཅའ་བ་རྡུལ་དང་། ཐུག་པ་རྡུལ་དང་། བཞིབ་པ་རྡུལ་དང་། བལྡག་པ་རྡུལ་དང་ལྔའོ། །མདོར་ན། རྐུ་བ་དང་ཡང་སྐབས་འབྱེད་པ། །སྦྱིན་པ་དག་དང་གསོ་སྦྱིན་གནས། །བཀའ་
เล่ม ๑๓ · หน้า 53b
ལུང་སྟོན་པར་བྱེད་པ་དང་། །གྲོང་དུ་ཉེ་བར་འགྲོ་བ་གཉིས། །རྐུ་བ་རྣམ་པ་ལྔ་སྟེ། སྒྱུས་རྐུ་བ་དང་། མཐུས་རྐུ་བ་དང་། ཕྱིར་སྦྱིན་ནོ་ཞེས་ཟེར་ཞིང་རྐུ་བ་དང་། བརྣོགས་ཏེ་རྐུ་བ་དང་། བསྔོས་ཏེ་རྐུ་བ་དང་ལྔའོ། །གང་ཟག་སྐབས་འབྱེད་པར་མི་བྱ་བ་ལྔ་སྟེ། ངོ་ཚ་བ་མེད་
པ་དང་། བར་ཆད་ཡོད་པ་དང་། ཚིག་མི་བརྟན་པ་དང་། རང་བཞིན་དུ་མི་གནས་པ་དང་། ཕས་ཕམ་པ་བྱུང་བ་དང་ལྔའོ། །སྦྱིན་པ་ལྔ་བསོད་ནམས་མ་ཡིན་པར་བགྲང་སྟེ། མཚོན་བྱིན་པ་དང་། ཆང་བྱིན་པ་དང་། དུག་བྱིན་པ་དང་། བུད་མེད་བྱིན་པ་དང་། ཆོས་
མ་ཡིན་པ་བྱིན་པ་དང་ལྔའོ། །རྒྱུ་དང་རྐྱེན་ལྔས་གསོ་སྦྱིན་གྱི་གནས་སུ་མ་སོང་ཡང་ཉེས་པར་མི་འགྱུར་ཏེ། རྒྱལ་པོས་བར་ཆད་བྱས་པ་དང་། ཆུས་ཁྱེར་བ་དང་། མེས་ཚིག་པ་དང་། མི་མ་ཡིན་པས་བར་ཆད་དུ་བྱས་པ་དང་ལྔའོ། །བཀའ་ལུང་སྟོན་པ་ལ་རྣམ་པ་ལྔ་སྟེ།
སྨྱོན་པ་ཡིན་ཏེ་སེམས་འཁྲུགས་པ་ནད་ཀྱིས་གཟིར་བས་བཀའ་ལུང་སྟོན་པ་དང་། ཚུལ་འཆོས་པ་ཡིན་ཏེ། སྡིག་པ་ལ་དད་པས་ཚུལ་འཆོས་པས་བཀའ་ལུང་སྟོན་པ་དང་། བླུན་པ་ཡིན་ཏེ་བླུན་པ་ཉམ་ཆུང་བ་རྨོངས་པས་བཀའ་ལུང་སྟོན་པ་དང་། མངོན་པའི་ང་རྒྱལ་ཅན་
ཡིན་ཏེ། མངོན་པའི་ང་རྒྱལ་གྱིས་བཀའ་ལུང་སྟོན་པ་དང་། ཡང་དག་པར་རྣམ་པར་གྲོལ་བ་ཡིན་ཏེ། ཡང་དག་པར་རྣམ་པར་གྲོལ་བས་བཀའ་ལུང་སྟོན་པའོ། །གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་གྲོང་དུ་སོང་ན་ཉེས་པའི་དམིགས་རྣམ་པ་ལྔར་རིག་པར་བྱ་སྟེ། ལྔ་གང་
ཞེ་ན། དགེ་སློང་འཁོད་བཞིན་དུ་ཤེས་པར་མ་བྱས་པར་དུས་མ་ཡིན་པར་གྲོང་གི་ནང་དུ་འགྲོ་བ་དང་། ལེགས་པར་མ་བརྟགས་པར་སྟན་ལ་འདུག་པ་དང་། བུད་མེད་ལ་ཚིག་ལྔ་ལས་ལྷག་པར་ཆོས་འཆད་པ་དང་། བུད་མེད་དང་ལྷན་ཅིག་གཉིས་སུ་སྟན་གཅིག་ལ་
འདུག་པ་དང་། སྨེན་ངན་དང་བཅས་པའི་གྲོང་དུ་ནན་གྱིས་སྟན་ལ་འདུག་པའོ། །གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་དྲན་པ་ཉམས་པར་གྲོང་དུ་སོང་ན་གཞན་ཡང་ཉེས་པའི་དམིགས་ལྔར་རིག་པར་བྱའོ། །བུད་མེད་ལ་རྒྱུན་དུ་བལྟ་བ་དང་། བལྟ་ཞིང་གཏམ་ཟེར་བ་དང་།
เล่ม ๑๓ · หน้า 54a
གཏམ་ཟེར་བ་ལ་འདྲིས་པ་དང་། འདྲིས་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་ནས་ཚངས་པར་སྤྱོད་པ་ལ་མི་དགའ་བར་འགྱུར་ཞིང་ཉེས་པ་ལྕི་བ་འབྱུང་བའམ། བསླབ་པ་ཕུལ་བའམ། སླར་བབས་པར་
འགྱུར་བའི་བར་དུའོ། །མདོར་ན། བསྙེན་རྫོགས་སོ་སོར་ཐར་པ་དང་། །ཡིད་གཅུགས་འདུལ་བ་ཐར་པ་དང་། །གཏན་པ་ལྔ་དང་དམན་པ་དང་། །མ་སྐྱེས་པ་དང་དོགས་པའོ། །རྣམ་པ་ལྔའི་ཕྱིར་ན་བསྙེན་པར་རྫོགས་པ་ཞེས་བརྗོད་དེ། མཁན་པོའི་མིང་ནས་
འབྱིན་པ་དང་། དགེ་འདུན་གྱི་མིང་ནས་འབྱིན་པ་དང་། བསྙེན་པར་རྫོགས་པར་འདོད་པའི་མིང་ནས་འབྱུང་བ་དང་། གསོལ་བ་བྱེད་པ་དང་། ལས་ཉམས་པར་མི་བྱེད་པ་དང་ལྔའོ། །སངས་རྒྱས་བྱུང་བའི་དུས་ན་བསྙེན་པར་རྫོགས་པ་ལྔ་སྟེ། ཡེ་ཤེས་མངོན་པར་
ཆུད་པ་དང་། སྟོན་པར་ཁས་བླངས་པ་དང་། བཙུན་པའི་ཆོས་ཁས་བླངས་པ་དང་། དགེ་སློང་ཚུར་ཤོག་ཅེས་སྨྲ་བ་དང་། སློབ་དཔོན་དང་མཁན་པོ་མེད་པ་སྟེ་དེ་ལྟར་ལྔའོ། །སོ་སོར་ཐར་པ་ཀློག་པ་ལྔ་སྟེ། གསོལ་བ་བྱས་ནས་གླེང་གཞི་བརྗོད་དེ་ལྷག་མ་ཐོས་
པའོ། །ཞེས་བསྒྲགས་པ་འདི་ནི་སོ་སོར་ཐར་པ་བསྒྲགས་པ་དང་པོའོ། །གསོལ་བ་བྱས་ཏེ་གླེང་གཞི་དང་ཕས་ཕམ་པ་བཞི་བཀླགས་ཏེ། ལྷག་མ་ཐོས་པའོ་ཞེས་བསྒྲགས་པ་འདི་ནི་སོ་སོར་ཐར་པའི་མདོ་ཀློག་པ་གཉིས་པའོ། །གསོལ་བ་བྱས་ཏེ་གླེང་གཞི་དང་ཕས་
ཕམ་པ་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་བཀླགས་ཏེ། ལྷག་མ་རྣམས་ཐོས་པའོ་ཞེས་བསྒྲགས་པ་འདི་ནི་སོ་སོར་ཐར་པའི་མདོ་ཀློག་པ་གསུམ་པའོ། །གསོལ་བ་བྱས་ཏེ་གླེང་གཞི་དང་ཕས་ཕམ་པ་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང་མི་
མངོན་པ་གཉིས་བཀླགས་ཏེ། ལྷག་མ་ཐོས་པའོ་ཞེས་བསྒྲགས་པ་འདི་ནི་སོ་སོར་ཐར་པའི་མདོ་ཀློག་པ་བཞི་པའོ། །མདོ་རྫོགས་པར་ཀློག་པ་དང་ལྔའོ། །ཡིད་གཅུགས་པར་འཛིན་པ་ལྔ་སྟེ། མཛའ་བ་ཡིན་ཏེ་ཡིད་དུ་འོང་བ་དང་། བཟོད་པ་ཡིན་ཏེ་མི་མཐུན་པ་མེད་པ་
เล่ม ๑๓ · หน้า 54b
དང་། བླ་མ་ཡིན་ཏེ་བཙུན་པར་བྱ་བ་དང་། གཅུགས་པ་ཡིན་ཏེ་ཅི་འདོད་པ་བཞིན་བྱེད་པ་དང་། འདུག་འཚོ་སྐྱོང་བ་སྟེ་དེ་འདི་སྙམ་དུ་སེམས་སོ། །བླངས་པ་དེ་ཐོས་ན་ཡང་དགའ་བར་འགྱུར་བའོ། །འདུལ་བ་ལྔ་སྟེ། སངས་རྒྱས་ཀྱི་ཚེ་དང་། རྟག་པ་དང་།
ཕྱོགས་གཅིག་པ་དང་། ཐམས་ཅད་དུ་འགྲོ་བ་དང་། ཉོན་མོངས་པ་འདུལ་བའོ། །གཞན་ཡང་འདུལ་བ་ལྔ་སྟེ། ཡུལ་འདུལ་བ་དང་། དུས་འདུལ་བ་དང་། གནས་འདུལ་བ་དང་། གང་ཟག་འདུལ་བ་དང་། འཁྲུག་པ་འདུལ་བའོ། །གང་ཟག་ལྔ་ལ་
འདུལ་བ་མི་བརྗོད་དེ། སྐབས་ཚོལ་བས་འདྲི་བ་དང་། གཙེ་བར་བསམས་ཏེ་འདྲི་བ་དང་། ཕྱས་གདགས་པར་བསམས་ཏེ་འདྲི་བ་དང་། བགམ་པར་བསམས་ཏེ་འདྲི་བ་དང་། ཉེས་པར་བརྗོད་པར་འདོད་པས་འདྲི་བའོ། །གཏན་པ་ལ་ཡོན་ཏན་ལྔ་སྟེ། ཞག་
གཅིག་གིས་འབྲེལ་བར་མི་འགྱུར་བ་དང་། ཞག་བཅུས་མི་འགྱུར་བ་དང་། ཞག་བཅུ་ལས་འདས་ཀྱང་མི་འགྱུར་བ་དང་། མ་བསྔོས་པར་གོས་ལྷག་པར་འཆང་བ་དང་། སྟོད་གཡོགས་དང་མཐང་གོས་ཀྱིས་ལྗོངས་རྒྱུ་ཞིང་སྤྱོད་པའོ། །གཞན་ཡང་གཏན་པ་ལ་
ཡོན་ཏན་ལྔ་སྟེ། འདུས་ཏེ་ཟ་བ་མེད། ཡང་ཡང་ཟ་བ་མེད། སྤྱན་མ་དྲངས་པར་འགྲོ་བ་དང་། ཆོས་གོས་ཅི་དགར་ཚོལ་བ་དང་། སྟོན་ཟླ་ཐ་ཆུངས་ནས་དཔྱིད་ཟླ་ར་བའི་བར་དུ་རྙེད་པ་ཅི་ཡོད་པ་དབྱར་ལྷན་ཅིག་ཏུ་གནས་པའི་དགེ་འདུན་དང་འདྲ་བར་བགོ་བའོ། །གང་ཟག་ལྔ་
གཏན་པ་འདིང་བར་མི་བསྐོ་སྟེ། དབྱར་མེད་པ་དང་། དབྱར་ཆད་པ་དང་། དབྱར་ཕྱི་མར་ཞུགས་པ་དང་། གཞན་དུ་དབྱར་ཚུལ་དུ་ཞུགས་པ་དང་། སྤང་བ་བྱས་པའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། སོ་སོར་གནས་པ་དང་། མི་གནས་པ་
དང་། རྗེས་སུ་ཕྱོགས་པ་དང་། བསླབ་པ་བྱིན་པ་དང་། ཞིག་པའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། མ་མཐོང་བས་སྤང་བར་བྱས་པ་དང་། སླར་ལས་མི་བྱེད་པའི་ཕྱིར་སྤངས་པ་དང་། སྡིག་པར་ལྟ་བ་སླར་མ་གཏང་བ་སྤངས་པ་དང་། རྗེས་
เล่ม ๑๓ · หน้า 55a
སུ་ཕྱོགས་པ་དང་། མི་གནས་པའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། ཆད་པ་བྱེད་པ་དང་། གཞི་ནས་བསླང་སྟེ་ཆད་པ་བྱེད་པ་དང་། ཡིད་མགུ་བར་བྱེད་པ་དང་། གཞི་ནས་བསླང་སྟེ་མགུ་བར་བྱེད་པ་དང་། ཡིད་མགུ་བར་
སྤྱད་པའོ། །གང་ཟག་ལྔ་རྣམས་རྙེད་པ་དབང་ལ་ཡོན་ཏན་མེད་དེ། དབྱར་མེད་པ་དང་། དབྱར་ཆད་པ་དང་། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དང་། དགེ་ཚུལ་ཕ་དང་། བསླབ་པ་བྱིན་པའོ། །གཞན་ཡང་གང་ཟག་ལྔ་རྣམས་རྙེད་པ་དབང་ལ་ཡོན་ཏན་མེད་དེ། མ་
མཐོང་བའི་ཕྱིར་སྤངས་པ་དང་། སླར་ལས་མི་བྱེད་པས་སྤངས་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བས་སྤངས་པ་དང་། ཉེ་བར་ཕྱོགས་པ་དང་། མི་གནས་པའོ། །གང་ཟག་ལྔ་རྣམས་རྙེད་པ་ཡང་མི་དབང་ལ་ཡོན་ཏན་ཡང་མེད་དེ། ཕ་བསད་པ་དང་། མ་བསད་
པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ། །གཞན་ཡང་གང་ཟག་ལྔ་དག་རྙེད་པ་ཡང་མི་དབང་ལ་ཡོན་ཏན་ཡང་མེད་དེ། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མུ་
སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སྔོན་ཉེས་པ་བྱུང་བའོ། །བླ་མར་མི་བྱེད་པའི་ཆོས་ལྔ་སྟེ། མ་དད་པ་ཡིན། ཚུལ་ཁྲིམས་ངན་པ་ཡིན། ཉུང་ངུ་ཐོས་པ་ཡིན། སེར་སྣ་ཅན་ཡིན། ཤེས་རབ་འཆལ་བ་ཡིན་ནོ། །གང་ཟག་ལྔ་ནི་ཆོས་དང་འདུལ་བ་
འདི་ལས་མི་སྐྱེ་བའི་ཆོས་ཅན་ཡིན་ཏེ། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ། །གཞན་ཡང་གང་ཟག་ལྔ་ནི་ཆོས་དང་འདུལ་བ་འདི་ལས་མི་
སྐྱེ་བའི་ཆོས་ཅན་ཏེ། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། སྔོན་ཉེས་པ་བྱུང་བའོ། །ཆོས་ལྔ་དང་ལྡན་པའི་དགེ་སློང་སྡིག་པ་ལ་དོགས་པ་ཅན་ཡིན་ཏེ། གནོད་སྦྱིན་མོ་ལ་སྟེན་པ་དང་། སྨད་འཚོང་མ་
เล่ม ๑๓ · หน้า 55b
ལ་སྟེན་པ་དང་། ཡུགས་ས་མོ་ལ་སྟེན་པར་བྱེད་པ་དང་། གཞོན་ནུ་མ་ཆེན་མོ་ལ་སྟེན་པར་བྱེད་པ་དང་། མ་ནིང་མོ་དང་སྟེན་པར་བྱེད་པའོ། །མདོར་ན། མཚམས་གསུམ་ལྷག་མར་བྱས་པ་དང་། །མྱུར་དུ་གནས་པ་འགྲོ་བ་དང་། །གོས་དང་རུང་བས་སྨན་རྣམས་
དང་། །ཁབ་རལ་ཡང་ནི་དེ་བཞིན་ནོ། །རྣམ་པ་ལྔས་མཚམས་སླར་ཞིག་པར་འགྱུར་ཏེ། དགེ་འདུན་ཐམས་ཅད་དོང་བ་དང་། དགེ་འདུན་ཐམས་ཅད་བབས་པ་དང་། དགེ་འདུན་ཐམས་ཅད་ཤི་སྟེ་དུས་བྱས་པ་དང་། དགེ་འདུན་ཐམས་ཅད་ཕྱོགས་ཕྱོགས་སུ་
དོང་ཞིང་ཆད་པ་དང་། གསོལ་བ་དང་ལས་བྱས་པ་དང་ལྔའོ། །གཞན་ཡང་རྣམ་པ་ལྔས་ན་མཚམས་ཕྱིར་ཞིག་པར་འགྱུར་ཏེ། མཚན་མ་མེད་པ་དང་། དགེ་སློང་མེད་པ་དང་། རེ་བ་མེད་པ་དང་། མཚམས་གཞན་བསྐོར་བ་དང་། གསོལ་བ་དང་ལས་
དང་ལྔའོ། །རྣམ་པ་ལྔས་ན་ལྷག་མར་མ་བྱས་པ་ཞེས་བརྗོད་དེ། མངོན་སུམ་དུ་མ་གྱུར་པར་བཟའ་བ་དང་བཅའ་བ་ལྷག་མར་བྱེད་པ་དང་། བྱིན་ལེན་མ་བྱས་པར་བཟའ་བ་དང་བཅའ་བ་ལྷག་མར་བྱེད་པ་དང་། གཞན་ལ་མ་བསྒོ་བར་ལྷག་མར་བྱེད་པ་དང་། བསྙེན་
པར་མ་རྫོགས་པའི་མདུན་དུ་ལྷག་མར་བྱེད་པ་དང་། རང་བཞིན་དུ་མི་གནས་པའི་མདུན་དུ་ལྷག་མར་བྱེད་པའོ། །ལྷག་མར་བྱས་པ་དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་དོ། །མྱུར་དུ་སྨྲ་བའི་གང་ཟག་ལ་ཉེས་པའི་དམིགས་རྣམ་པ་ལྔར་རིག་པར་བྱའོ། །ལྔ་
གང་ཞེ་ན། ལུས་ངལ་བར་འགྱུར། དྲན་པ་ཉམས་པར་འགྱུར། སེམས་ལ་གནོད་པར་འགྱུར། མིད་པ་འགག་པར་འགྱུར། ཟུར་མི་ཕྱིན་ཅིང་གོ་བར་མི་འགྱུར་ཏེ། མྱུར་དུ་སྨྲ་བའི་གང་ཟག་ལ་ཉེས་པའི་དམིགས་སུ་འགྱུར་རོ། །མྱུར་དུ་མི་སྨྲ་བའི་གང་ཟག་
ལ་ནི་ཡོན་ཏན་རྣམ་པ་ལྔར་འགྱུར་ཏེ། དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །གནས་གཅིག་ན་ཡུན་རིང་དུ་གནས་པའི་གང་ཟག་ལ་ཉེས་པའི་དམིགས་རྣམ་པ་ལྔར་འགྱུར་ཏེ། བྱ་བ་མང་པོར་འགྱུར། སྣོད་སྤྱད་མང་དུ་འགྱུར། ཡོ་
เล่ม ๑๓ · หน้า 56a
བྱེད་མང་ཞིང་གནས་ལ་སེར་སྣ་ཅན་དུ་འགྱུར། གནས་ལ་ཆགས་ཤིང་ཁྱིམ་ལ་སེར་སྣ་ཅན་དུ་འགྱུར། རིགས་ལ་ཆགས་ཤིང་ཁྱིམ་པ་དང་རབ་ཏུ་བྱུང་བ་དེ་དག་ལྷན་ཅིག་འདྲེས་པར་འགྱུར་རོ། །གནས་གཅིག་ན་ཡུན་རིང་དུ་མི་གནས་པའི་གང་
ཟག་ལ་ཡོན་ཏན་ལྔ་སྟེ། དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་པར་བྱའོ། །རྟག་ཏུ་འགྲོ་བ་ལ་ཉེས་པའི་དམིགས་རྣམ་པ་ལྔར་འགྱུར་ཏེ། ཁོང་དུ་མ་ཆུད་པ་ཆུད་པར་མི་འགྱུར་བ་དང་། ཁོང་དུ་ཆུད་པ་རྣམས་ཉམས་པར་འགྱུར་བ་དང་། ཆོས་ཐོས་
པ་རྣམས་ཀྱང་བརྗེད་པར་འགྱུར། གནོད་པ་ཆེར་མྱོང་བར་འགྱུར། མཛའ་བོ་དང་ལྡན་པར་མི་འགྱུར་རོ། །རྟག་པར་མི་འགྲོ་བ་ལ་ཡོན་ཏན་ལྔ་སྟེ། དེ་དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་པར་བྱའོ། །རུང་བའི་གོས་ལ་རྣམ་པ་ལྔ་སྟེ། བལ་དང་། རས་
བལ་དང་། སྲིན་བལ་དང་། ལྡུམ་བུ་ཤ་ན་དང་། ཟར་མའི་གོས་སོ། །ཆོས་གོས་ལ་རྣམ་པ་ལྔས་ན་ཆོས་གོས་བྱིན་གྱིས་བརླབས་པ་ལས་སླར་ཞིག་པར་འགྱུར་ཏེ། ཕྲོགས་པ་དང་། བཏང་བ་དང་། སླར་ཕྱུང་བ་དང་། བབས་པ་དང་། དུས་བྱས་པའོ། །བསྔོས་
པ་ལས་ཀྱང་རྣམ་པ་ལྔས་ན་སླར་ཞིག་པར་འགྱུར་ཏེ། ཕྲོགས་པ་དང་། བྱིན་པ་དང་། སླར་ཕྱུང་བ་དང་། བབས་པ་དང་། དུས་བྱས་པའོ། །དེ་བཞིན་དུ་ལྷུང་བཟེད་བྱིན་གྱིས་བརླབས་པའང་བརྗོད་པར་བྱའོ། །དེ་བཞིན་དུ་སྨན་བྱིན་གྱིས་བརླབས་པ་དང་། སྨན་
བསྔོས་པ་ཡང་བརྗོད་པར་བྱའོ། །ཁབ་རལ་གང་ཟག་ལྔའི་དབང་དུ་མི་བྱ་སྟེ། ངོ་ཚ་མེད་པ་དང་། ཁོན་ཡོད་པ་དང་། ཆོག་མི་ཤེས་པ་དང་། དྲན་པ་ཉམས་པ་དང་། རང་བཞིན་དུ་མི་གནས་པའོ། །མདོར་ན། བཟའ་བ་ཕྱི་བཞིན་དགེ་སྦྱོང་དང་། །དགེ་བསྙེན་
དང་ནི་ནད་པ་གཉིས། །རབ་ཏུ་འབྱུང་བ་ལྔ་པོ་དང་། །ཡོན་ཏན་མང་པོ་དེ་བཞིན་ནོ། །ཟས་ཚོད་མེད་པ་ལ་ཉེས་པའི་དམིགས་རྣམ་པ་ལྔ་སྟེ། ལུས་ལྕི་བར་འགྱུར། ལས་སུ་མི་རུང་ཞིང་སྤོང་བ་ལ་མི་བཟོད་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་ལ་མི་བདེ་བ་དང་། བཤང་
เล่ม ๑๓ · หน้า 56b
གཅི་མང་དུ་འགྱུར་བ་དང་། སྙོམ་པ་དང་གཉིད་ཀྱིས་སེམས་ཀུན་ཏུ་ནོན་པར་འགྱུར་བ་དང་། སེམས་རྩེ་གཅིག་ཏུ་མི་འགྱུར་ཞིང་གཞན་དུ་འགྱུར་བའོ། །ཟས་ཚོད་ཟིན་པ་ལ་ཡོན་ཏན་ལྔར་འགྱུར་ཏེ། དེ་དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་
ལྔ་དང་ལྡན་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་བཀྲི་མི་དགོས་ཏེ། ཤིན་ཏུ་མདུན་དུ་རིང་དུ་འགྲོ་བ་དང་། ཤིན་ཏུ་ཕྱི་ནས་ནུར་ཞིང་འོང་བ་དང་། སྙོགས་ཤིང་འགྲོ་བ་དང་། གཏམ་གྱི་བར་དུ་འཇུག་པ་དང་། རིགས་ཤིང་འོས་པར་རྙེད་པ་རྣམས་ལེན་མི་ནུས་པའོ། །
ལྷུང་བཟེད་གཉིས་དང་ལྷུང་བཟེད་དུ་ཐོགས་པ་རྙེད་པ་བླང་བར་ཡང་དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ཆོས་ལྔ་དང་ལྡན་པའི་དགེ་བསྙེན་ནི་དགེ་བསྙེན་དྲི་མ་ཅན་ནོ། །དགེ་བསྙེན་སླུ་བའོ། །དགེ་བསྙེན་རུལ་བའོ། །དགེ་བསྙེན་
རིགས་ངན་དུ་རིག་པར་བྱ་སྟེ། ཚུལ་ཁྲིམས་ངན་པ་ཅན་ཡིན་ཏེ། བསླབ་པ་ཡོངས་སུ་རྫོགས་པར་མི་བྱེད་པའོ། །ལྟས་དང་བཀྲ་ཤིས་པ་ལ་བརྟེན་པ་ཡིན་ཏེ། ལྟས་དང་བཀྲ་ཤིས་པས་འདག་པར་ཡིད་ཆེས་ཀྱི་ལས་ཀྱིས་མ་ཡིན་པ་དང་། ལོག་པར་ལྟ་བ་ཡིན་
ཏེ་ལོག་པར་ལྟ་ཞིང་དགེ་སློང་ལ་མི་དགའ་བ་མང་དུ་ཡིན། གནས་བརྟན་དང་བར་མ་དང་། གསར་བུའི་དགེ་འདུན་ལ་དབང་བཟས་པ་ཡིན་ཏེ། དེས་དེ་ན་འཁོད་པའི་དགེ་སློང་ལ་སྨད་པའོ། །ཆོས་ལྔ་དང་ལྡན་པའི་དགེ་བསྙེན་ནི་དགེ་བསྙེན་པད་མ་ལྟ་བུ། དགེ་
བསྙེན་པུ་ཎྜ་རཱི་ཀ་ལྟ་བུ། དགེ་བསྙེན་དམ་པར་ལྟ་སྟེ། དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ཆོས་ལྔ་དང་ལྡན་པའི་ནད་པ་ལ་ནད་གཡོག་བྱ་བར་དཀའ་བ་ཡིན་ནོ། །ཚིག་མི་སྲུན་པ་ཚིག་མི་སྲུན་པར་གྱུར་པའི་ཆོས་རྣམས་དང་ལྡན་པ་དང་།
ནད་གཡོག་གིས་ལུང་བསྟན་པ་བཞིན་དུ་མི་བཏུབ་པ་དང་། གང་ཕན་པ་དང་གང་མི་ཕན་པ་མི་ཤེས་པ་དང་། སྨན་ལ་མི་སྟེན་པ་ཡིན་ཏེ། གང་བདག་ལ་ཡོ་བྱད་འབྱོར་བ་དེ་ཐམས་ཅད་གཞན་ལ་འཚོ་བ་དང་། ནད་རྣམས་དུབ་པ་དང་མ་དུབ་པ་མི་ཤེས་པའོ། །དེ་ཉིད་ལ་
เล่ม ๑๓ · หน้า 57a
དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ཆོས་ལྔ་དང་ལྡན་ན་ནད་པའི་ནད་གཡོག་དུ་བཅུག་པའི་མི་རིགས་སོ། །ཚིག་མི་སྲུན་པ་ཡིན་ཏེ། ཚིག་མི་སྲུན་པར་གྱུར་པའི་ཆོས་རྣམས་དང་ལྡན་པ་དང་། ནད་པ་ལ་ལུང་བསྟན་པ་བཞིན་མི་
བྱེད་པ་དང་། ནད་པ་ལ་ཕན་པ་དང་མི་ཕན་པ་མི་ཤེས་པ་དང་། ནད་པའི་སྨན་སྦྱོར་མི་ནུས་པ་དང་། ནད་པ་ལ་ཁ་ཟས་ཀྱི་ཕྱིར་ནད་གཡོག་བྱེད་ཀྱིས་ཆོས་ཀྱི་ཕྱིར་མ་ཡིན་ཞིང་སྨོད་པ་ཅན་ཡིན་ཏེ། ནད་པ་ལ་རབ་ཏུ་སྨད་ནས་ནད་པའི་བཤང་གཅི་དང་། མཆིལ་མ་དང་།
སྐྱུགས་པ་དང་། ཚད་པ་འདོར་དུ་མི་བཏུབ་ཅིང་སྨོད་པའོ། །དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ཆོས་ལྔ་དང་ལྡན་ཞིང་ལོ་བཅུ་ལོན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་
ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་ལྟ་བུ་འཛིན་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། མདོ་སྡེ་ལ་མཁས་པ་དང་། འདུལ་བ་ལ་
མཁས་པ་དང་། མ་ལྟ་བུ་ལ་མཁས་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། མདོ་སྡེ་རིག་པ་དང་། འདུལ་བ་རིག་པ་དང་། མ་ལྟ་བུ་རིག་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་དང་
ལྡན་པར་གྱུར་པ་དང་། མང་དུ་ཐོས་པ་དང་། མདོ་སྡེ་ལ་གསལ་བ་དང་། འདུལ་བ་ལ་གསལ་བ་དང་། མ་ལྟ་བུ་ལ་གསལ་བའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང་། མང་དུ་ཐོས་པ་དང་། ལྷན་ཅིག་སྤྱོད་པ་དང་། ཉེ་གནས་མདོ་སྡེ་
དང་། འདུལ་བ་དང་། མ་ལྟ་བུ་སློབ་ཏུ་འཇུག་ནུས་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང་། མང་དུ་ཐོས་པ་དང་། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་འདུལ་བ་ལ་བསླབས་པ་ཡིན་ནོ། །གཞན་ཡང་
เล่ม ๑๓ · หน้า 57b
རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང་། མང་དུ་ཐོས་པ་དང་། བསླབ་པ་ལས་ལྷག་པར་སྤྱོད་པའི་བསླབ་པ་དང་། འདུལ་བ་ལྷག་པ་དང་། སོ་སོར་ཐར་པ་ལྷག་པ་རྣམས་སློབ་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། དད་པ་དང་ལྡན་པ་ཡིན་ཏེ། ཚུལ་
ཁྲིམས་དང་ལྡན་པ་དང་། ཐོས་པ་དང་ལྡན་པ་དང་། གཏོང་བ་དང་ལྡན་པ་དང་། ཤེས་རབ་དང་ལྡན་པར་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་དང་། ཏིང་ངེ་འཛིན་དང་ལྡན་པ་དང་། རྣམ་པར་གྲོལ་
བ་དང་ལྡན་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ལྡན་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་རྩོམ་པ་དང་། དྲན་པ་ཉེ་བར་འཇོག་པ་དང་། ཤེས་རབ་ཅན་དུ་གྱུར་པའོ། །གཞན་
ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང་། མང་དུ་ཐོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། མཉམ་པར་འཇོག་པ་དང་། ཤེས་རབ་ཅན་དུ་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང་། མང་དུ་ཐོས་པ་དང་། བརྩོན་
འགྲུས་བརྩམས་པ་དང་། ནང་དུ་ཡང་དག་འཇོག་ལ་བརྩོན་པ་དང་། ཤེས་རབ་ཅན་ཡིན་ནོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོར་ལྡན་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་
ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་
པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཉེས་པ་བྱུང་བ་ཤེས། བཅས་པ་ཤེས། རྗེས་སུ་བཅས་པ་ཤེས། གནང་བ་ཤེས། རྗེས་སུ་གནང་བ་ཤེས་པའོ། །གཞན་ཡང་རྣམ་པ་
เล่ม ๑๓ · หน้า 58a
ལྔར་བརྗོད་དེ། བར་ཆད་དུ་འགྱུར་བ་ཤེས། བར་ཆད་དུ་མི་འགྱུར་བ་ཤེས། ལུང་བསྟན་པ་དང་། རྗེས་སུ་བསྟན་པ་དང་། གནས་བཅའ་བ་བྱེད་ནུས་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཉེས་པ་ཤེས། ཉེས་པ་མེད་པ་ཤེས། ལྕི་བ་
ཤེས། ཡང་བ་ཤེས། དེས་སོ་སོར་ཐར་པའི་མདོ་རྒྱས་པར་གོ་ཞིང་ཁ་ཏོན་དུ་ལོབས་པ་ཡིན་ནོ། །ཆོས་འདི་ལྔ་དང་ལྡན་ན་དེས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། བདག་ཉིད་ཀྱང་གནས་མི་བཅའ་བར་འདུག་པར་བྱ་སྟེ། ཐོག་མའི་
ལྔ་པོ་ཉམས་པ་གཉིས་ཏེ། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ནམ་དེ་བས་ལྷག་ཀྱང་རུང་སྟེ། ལྷན་ཅིག་སྤྱོད་པའམ་ཉེ་གནས་ཀྱང་རུང་སྟེ། ནད་པའི་ནད་གཡོག་བྱེད་དམ། ནད་གཡོག་བྱེད་དུ་འཇུག་ནུས་པ་དང་། ལྷན་ཅིག་སྤྱོད་པའམ་ཉེ་གནས་ཀྱང་རུང་སྟེ། ཐེ་
ཚོམ་བྱུང་ན་སླར་སེལ་ཏམ་སེལ་དུ་འཇུག་ནུས་པ་དང་། ལྷན་ཅིག་སྤྱོད་པའམ་ཉེ་གནས་སྡིག་པ་ལ་ལྟ་བར་གྱུར་ན། སླར་གཏོང་ངམ་གཏོང་ནུས་པར་གྱུར་པ་དང་། ལྷན་ཅིག་སྤྱོད་པའམ་ཉེ་གནས་གནས་འདི་ན་མི་དགའ་བར་གྱུར་ན། ཡུལ་གུད་དུ་ལེན་དུ་འཇུག་པར་བྱེད་
ནུས་པ་ཡིན་ཏེ། ཆོས་འདི་ལྔ་དང་ལྡན་ན་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། བདག་དང་གནས་མི་བཅའ་བར་འདུག་པར་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་དགུ་པ། ལྔ་པོ་རྣམས་ཀྱི་མདོ་
བར་མའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ལོ་བཅུ་མདོ་སྡེ་བཞི་པ་དང་། །ལྷག་མར་སྤྱོད་དང་རྫོགས་པ་དང་། །གཉིས་སུ་བྱས་ཏེ་བརྩོན་འགྲུས་བརྩམས། །གཞན་ཡང་གསུམ་པ་ཕུང་པོ་དང་། །བྱུང་བ་ལ་ཡང་གཉིས་སུ་བྱ། །བར་དུ་གཅོད་དང་ཉེས་པ་
དང་། །ཐ་མར་བྱས་ནས་སྡེར་བསྡུས་སོ། །འདུལ་བ་མི་འཛིན་པ་ལ་ཉེས་པའི་དམིགས་ལྔ་དང་ལྡན་པ་ནི་ཟབ་པ་དང་། སྤོབས་པ་མེད་པ་དང་། བསམ་པ་མང་བ་དང་། འཇིག་རྟེན་གྱི་ཡི་གེར་ལྡན་པ་དང་། གོ་དཀའ་བའོ། །གང་ཟག་འདུལ་བ་འཛིན་པ་ལ་
เล่ม ๑๓ · หน้า 58b
ཡོན་ཏན་རྣམ་པ་ལྔ་སྟེ། རྒྱལ་བའི་ནང་གི་མཛོད་སྲུང་བར་འགྱུར་བ་ཡིན། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་སྦས་ཤིང་ཤིན་ཏུ་སྦས་པར་གྱུར་པ་དང་། དེ་ལ་ལུང་བསྒོ་བ་དང་། བསྟན་པ་གཞན་ལ་རག་མ་ལུས་པ་ཡིན། འཁོར་བཞི་འདུ་བར་འགྱུར་བ་ཡིན།
མཁས་པ་ཚངས་པ་མཚུངས་པར་སྤྱོད་པའི་གང་ཟག་འགྱོད་པ་སྐྱེས་པ་རྣམས་ཀྱི་སྐྱབས་སུ་གྱུར་པ་ཡིན་ནོ། །གཞན་ཡང་འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་རྣམ་པ་ལྔ་སྟེ། མི་འཇིགས་པར་དགེ་འདུན་གྱི་ནང་དུ་གནས་པ་དང་། དེས་བསླབ་པའི་གནས་
ཤིན་ཏུ་ཟིན་པར་གྱུར་པ་དང་། སྟོན་པས་བསྟན་པ་དག་འཕེལ་བར་བྱེད་པ་དང་། ཆོས་ཀྱི་རྗེས་སུ་སྒྲོགས་པར་བྱེད་པ་དང་། འདི་ལྟར་བསླབ་པའི་དབང་དུ་བྱས་ནས་འདི་ལས་ཕྱི་རོལ་པའི་སྤྱི་བོར་བསྒྲུབས་ཏེ་འདུག་པ་ཡིན་ནོ། །གཞན་ཡང་གང་ཟག་འདུལ་བ་
འཛིན་པ་ལ་ཡོན་ཏན་རྣམ་པ་ལྔ་སྟེ། འདུལ་བ་འཛིན་པའི་གང་ཟག་ཕྱོགས་གང་ན་གནས་པ་དེར་ང་སྣང་བར་གྱུར་པ་དང་། མངོན་དུ་སྣང་བར་གྱུར་པ་དང་། རབ་ཏུ་སྣང་བར་གྱུར་པ་དང་། ཕྱོགས་དེ་ངས་སྟོངས་པར་མ་གྱུར་པ་དང་། འདུལ་བ་འཛིན་པའི་གང་ཟག་
ཕྱོགས་གང་ན་འདུག་པ་དེའི་ཕྱོགས་སུ་དེ་བཞིན་གཤེགས་པ་ཕྲིན་ལས་ཆུང་བ་ཡིན་ནོ། །གཞན་ཡང་འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་རྣམ་པ་ལྔ་སྟེ། བྱུང་བ་ཤེས་པ་དང་། བཅས་པ་ཤེས་པ་དང་། རྗེས་སུ་བཅས་པ་ཤེས་པ་དང་། སྤངས་པ་ཤེས་པ་དང་།
རྗེས་སུ་གནང་བ་ཤེས་པའོ། །གཞན་ཡང་འདུལ་བ་འཛིན་པ་ལ་ཡོན་ཏན་རྣམ་པ་ལྔ་སྟེ། ཉེས་པ་ཤེས་པ་དང་། ཉེས་པ་མེད་པ་ཤེས་པ་དང་། ལྕི་བ་ཤེས་པ་དང་། ཡང་བ་ཤེས་པ་དང་། དེས་སོ་སོར་ཐར་པའི་མདོ་ཀློག་ཅིང་རྒྱས་པར་བསྒྲགས་པ་ཡིན་ནོ། །གཞན་
ཡང་འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་རྣམ་པ་ལྔ་སྟེ། བར་ཆད་དུ་འགྱུར་བ་ཤེས། བར་ཆད་མ་ཡིན་པ་ཤེས། ལུང་བསྒོ་བ་དང་། རྗེས་སུ་སྟོན་པ་དང་། གནས་བཅར་འཇུག་ནུས་པ་ཡིན་ནོ། །མདོར་ན། སྤངས་པར་གྱུར་དང་གཉིས་པ་དང་། །ཕྱག་
เล่ม ๑๓ · หน้า 59a
དེར་ཁྲོད་པ་གཉིས་སུ་བྱ། །རུང་བ་གཉིས་པ་བཟའ་བ་དང་། །བཅའ་བ་བུ་རམ་དེ་བཞིན་ནོ། །རྣམ་པ་ལྔས་ན་སྤངས་པ་ཞེས་བྱ་སྟེ། བཟའ་བར་མངོན་པ་དང་། བཟའ་བ་སྦྱིན་པར་མངོན་པ་དང་། བཟའ་བ་བྱིན་ལེན་བྱེད་པར་མངོན་པ་དང་།
བཟའ་བ་སྤོང་བར་མངོན་པ་དང་། སྟན་ལས་ལངས་པར་མངོན་པའོ། །ཇི་ལྟར་ན་བཟའ་བར་མངོན་པ་ཞེ་ན། བཟའ་བ་རྣམ་པ་ལྔ་དང་བཅའ་བ་རྣམ་པ་ལྔ་སླར་སྤོང་བར་བྱེད་པའོ། །ཇི་ལྟར་ན་བཟའ་བ་སྦྱིན་པ་མངོན་པ་ཞེ་ན། སྐྱེས་པ་དང་བུད་མེད་དང་མ་ནིང་དུ་མངོན་པའོ་
ཇི་ལྟར་ན་བཟའ་བ་བྱིན་ལེན་བྱེད་པ་མངོན་པ་ཞེ་ན། བཟའ་བ་ལྔ་དང་བཅའ་བ་ལྔ་འབྲིམ་པར་གྱུར་པའོ། །ཇི་ལྟར་ན་བཟའ་བ་སྤོང་བར་མངོན་པ་ཞེ་ན། བཟའ་བ་ལྔ་དང་བཅའ་བ་ལྔ་མི་འདོད་ཅེས་སྤངས་པ་ཡིན། ཇི་ལྟར་ན་སྟན་ལས་ལངས་པར་མངོན་པ་གང་ཞེ་ན། གང་
སྟན་ལས་ལངས་པའོ། །རྣམ་པ་ལྔས་ན་མ་སྤངས་པ་ཞེས་བྱ་སྟེ། དེ་ལྟ་བུ་ལས་སླར་བཟློག་པ་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་རྣམ་པ་ལྔའི་ཕྱིར་མ་སྤངས་པ་ཞེས་བྱ་སྟེ། མི་རུང་བའི་བཟའ་བ་བཟའ་བ་དང་བཅའ་བ་བཅའ་བ་མི་རུང་བར་འདྲེས་པས་སྤོང་
བ་དང་། བཞག་པའམ་བཞག་པར་འདྲེས་པས་སྤོང་བ་དང་། མི་ཕན་པའམ་མི་ཕན་པར་འདྲེས་པས་སྤོང་བ་དང་། མི་འདོད་པའམ་མི་འདོད་པར་འདྲེས་པས་སྤོང་བ་དང་། མ་འགྲངས་པའམ་རྫོགས་པར་མ་གྱུར་པའོ། །རྣམ་པ་ལྔས་སྤངས་པ་ཞེས་བྱ་སྟེ། དེ་ལས་
སླར་བཟློག་པ་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་རྣམ་པ་ལྔས་ལྷག་མ་དང་བཅས་པའི་ཚིག་གིས་སྤངས་པ་ནི་མ་སྤངས་པ་ཞེས་བྱ་སྟེ། རེ་ཞིག་ཆོག་གོ་ཞེས་ཟེར་བ་དང་། རེ་ཞིག་ཞོག་ཅིག་ཅེས་ཟེར་བ་དང་། རེ་ཞིག་བཟའོ་ཞེས་ཟེར་བ་དང་། རེ་ཞིག་མི་དགོས་
སོ་ཞེས་ཟེར་བ་དང་། རེ་ཞིག་འགྲངས་སམ་མ་འགྲངས་བལྟའོ་ཞེས་ཟེར་བ་འདི་ལྔ་ནི་མ་སྤངས་པ་ཞེས་བྱའོ། །རྣམ་པ་ལྔའི་ཕྱིར་སྤངས་པ་ཞེས་བྱ་སྟེ། ཆོག་གོ་ཞེས་ཟེར་བ་དང་། ཞོག་ཅིག་ཅེས་ཟེར་བ་དང་། ཟོས་ཟིན་ཏོ་ཞེས་ཟེར་བ་དང་། མི་དགོས་སོ་ཞེས་ཟེར་བ་
เล่ม ๑๓ · หน้า 59b
དང་། འགྲངས་སོ་ཞེས་ཟེར་བའི་ཚིག་ལྔ་པོ་ལྷག་མ་མེད་པ་དེ་ལྔ་ནི་སྤངས་པ་ཞེས་བྱའོ། །ཕྱག་དར་ཁྲོད་ཀྱི་གོས་རྣམ་པ་ལྔ་སྟེ། སྲང་གི་ཕྱག་དར་ཁྲོད་ཀྱི་གོས་དང་། ཆུས་ཁྱེར་བ་དང་། ཕྱག་དར་ཁྲོད་པ་དང་། དགོན་པ་ན་འདུག་པ་དང་། མཛོད་རྙིང་ཁྱེར་བ་དང་
ལྔའོ། །གཞན་ཡང་ཕྱག་དར་ཁྲོད་ཀྱི་གོས་ལ་རྣམ་པ་ལྔ་སྟེ། བ་ལང་གིས་ཟོས་པ་དང་། བྱི་བས་ཟོས་པ་དང་། བྱེའུས་ཟོས་པ་དང་། མེས་ཚིག་པ་དང་། མ་མས་བོར་བའི་ཕྱག་དར་ཁྲོད་དང་ལྔའོ། །རུང་བར་བྱེད་པ་ལ་རྣམ་པ་ལྔ་སྟེ། མེས་རུང་བར་
བྱ་བ་དང་། མཚོན་གྱིས་རུང་བར་བྱ་བ་དང་། སེན་མོས་རུང་བར་བྱ་བ་དང་། ནེ་ཚོས་རུང་བར་བྱ་བ་དང་། རྙིས་པས་རུང་བར་བྱ་བ་དང་ལྔའོ། །གཞན་ཡང་རུང་བ་ལྔ་སྟེ། བཏོན་པ་དང་། བཙལ་བ་དང་། བཅད་པ་དང་། གཤེགས་པ་དང་། ས་བོན་མ་ཡིན་
པའི་ཆོས་དང་ལྔའོ། །བཟའ་བ་ལ་རྣམ་པ་ལྔ་སྟེ། འབྲས་ཆན་དང་། ཕྱེ་ཚལ་བཙོས་པ་དང་། ཤ་དང་། ཉ་དང་། ཁུར་བའོ། །བཅའ་བ་ལ་རྣམ་པ་ལྔ་སྟེ། རྩ་བ་བཅའ་བ་དང་། སྡོང་བུ་བཅའ་བ་དང་། ལོ་མ་བཅའ་བ་དང་། མེ་ཏོག་བཅའ་བ་དང་།
འབྲུ་བཅའ་བའོ། །གཞན་ཡང་བཅའ་བ་རྣམ་པ་ལྔ་སྟེ། བག་ཙོས་བཅའ་བ་དང་། བརྔོས་པ་བཅའ་བ་དང་། ཁུར་སྐམ་བཅའ་བ་དང་། བུ་རམ་བཅའ་བ་དང་། ཆན་བཅའ་བའོ། །ཉམ་དམའ་བ་ལྔས་ན་བྱིན་གྱིས་བརླབས་པའི་བུ་རམ་བཅའ་བར་བྱ་སྟེ།
ཟན་ཆུང་ངུ་ཟོས་པ་དང་། ཟན་མ་ཟོས་པ་དང་། ནད་ཀྱིས་གཟིར་བ་དང་། ལམ་དུ་ཞུགས་པ་དང་། ལས་གསར་དུ་བྱེད་པའོ། །མདོར་ན། དུགས་ཁང་ཚུལ་ཁྲིམས་མི་བཟོད་པ། །དམ་ཆོས་མ་ཡིན་མཛའ་མང་བ། །ལྷུང་བཟེད་དང་ནི་བཟའ་བ་དང་། །
གོས་དང་བསོད་སྙོམས་དེ་བཞིན་ནོ། །དུགས་ཁང་ལ་ཡོན་ཏན་རྣམ་པ་ལྔ་སྟེ། ལུས་ཀྱི་དྲི་མ་མེད་པར་བྱེད་པ་དང་། པགས་པ་དང་མདངས་གསལ་བར་བྱེད་པ་དང་། པགས་པའི་ནང་ན་ནད་ཡོད་པ་འབྱིན་པ་དང་། རླུང་དང་བད་ཀན་དང་། མི་མཐུན་པར་བྱེད་པ་དང་།
เล่ม ๑๓ · หน้า 60a
དགེ་སློང་དག་གི་ནད་མང་པོ་དུགས་ཁང་གིས་མེད་པར་གྱུར་པ་དང་ལྔའོ། །དགེ་སློང་ཆོས་འདི་ལྔ་དང་ལྡན་ན་དགེ་འདུན་བདེ་བར་གནས་པའོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། སྤྱད་པ་དང་སྤྱོད་ལམ་དུ་ལྡན་པ་དང་། ཁ་ན་མ་ཐོ་བ་རྡུལ་ཙམ་
ལ་ཡང་འཇིགས་པར་བྱེད་ཅིང་བསླབ་པའི་གནས་ལ་དམ་བཅའ་སྟེ་བསླབ་པ་དང་། བདག་ལ་ལྟའི་གཞན་ལ་མི་ལྟ་བ་དང་། བཤེས་ཉུང་བ་ཤེས་པ་རབ་ཏུ་ཉུང་བའོ། །དེ་ལ་བཤེས་པ་ཉུང་བ་ནི་ཕྲད་འདོད་པའི་སྡུག་བསྔལ་མེད་པར་འགྱུར་བ་དང་། བདེ་བར་གནས་ཤིང་
གཞན་ལ་གནོད་པ་མེད་པས་བདེ་བར་གྱུར་པ་ཡིན། གཞན་གྱིས་མི་སྙན་པར་སྨྲས་པ་དང་། ཚིག་རྩུབ་པོར་སྨྲས་ཀྱང་གཞན་གྱིས་མི་གདུང་ཞིང་མི་བཟོད་པར་མི་འགྱུར་བའོ། །གང་ཟག་མི་བཟོད་པ་ལ་ཉེས་པའི་དམིགས་རྣམ་པ་ལྔ་སྟེ། མ་རུང་བ་ཡིན། གཏུམ་
པོ་ཡིན། སྐྱེ་བོ་མང་པོ་ལ་མི་སྡུག་པ་ཡིན། ཡིད་དུ་མི་འོང་བ་ཡིན། ཕྱིས་འགྱོད་པ་ཡིན་ནོ། །བཟོད་པའི་སྐྱེས་བུ་གང་ཟག་ལ་ཡོན་ཏན་རྣམ་པ་ལྔ་སྟེ། དེ་ཡང་དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །མི་བཟོད་པ་ལ་ཉེས་པའི་དམིགས་རྣམ་པ་
ལྔ་སྟེ། དགྲ་མང་དུ་འགྱུར་བ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་དུ་འགྱུར། འབྱེ་བ་མང་དུ་འགྱུར། འགྱོད་བཞིན་དུ་དུས་བྱེད་པར་འགྱུར། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་གི་རྒྱུད་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའོ། །བཟོད་པ་ལ་ཡོན་
ཏན་རྣམ་པ་ལྔ་སྟེ། དེ་ལས་དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་དོ། །དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། ལྔ་གང་ཞེ་ན། དམ་པའི་
ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་མ་དད་པ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ལེ་ལོ་ཅན་དང་། དྲན་པ་ཉམས་པ་དང་། སེམས་རྩེ་གཅིག་ཏུ་མི་བཏུབ་ཅིང་སེམས་འཁྲུགས་པར་འགྱུར་ཏེ། དེ་ལྟར་ན་དམ་
เล่ม ๑๓ · หน้า 60b
པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་དེ་ནི། འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་དང་པོ་ཡིན་ནོ། །དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་རྣམས་འཐབ་པ་དང་། མཚང་
འདྲུ་བ་དང་། འཁོན་པ་དང་། རྩོད་པར་འགྱུར་ཏེ། དེ་ལྟར་ན་དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་འདི་ནི། འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་གཉིས་པ་ཡིན་ནོ། །དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་
དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་ཁ་ཅིག་ཚུལ་འཆོས་ཤིང་སྡིག་པ་ལ་ལྟ་བའི་ཆོས་པས་ཞི་གནས་ཙམ་ལ་རྟེན་ཅིང་བཀའ་ལ་ལུང་སྟོན་ཏེ། དེ་ལྟར་ན་དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་འདི་ནི་འཇིག་རྟེན་
དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་གསུམ་པ་ཡིན་ནོ། །དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་རྣམས་ཚུལ་ཁྲིམས་ཉམས་བཞིན་དུ་འཆི་བའི་དུས་བྱེད་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་སྐུར་བ་འདེབས་པ་སྟེ། དེ་
ལྟར་ན་དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་འདི་ནི་འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་བཞི་པ་ཡིན་ནོ། །དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་ཁྱིམ་བདག་གིས་རབ་ཏུ་བྱུང་བ་ལ་བྱ་བ་བྱས་
པས་དེ་དག་ནི་ལུས་དང་བྲལ་ཏེ་ཤི་ནས་ཡང་བདེ་འགྲོ་མཐོ་རིས་ཀྱི་ལྷར་སྐྱེའོ། །རབ་ཏུ་བྱུང་བ་ནི་མང་དུ་ངན་སོང་དུ་ལྷུང་སྟེ། དེ་ལྟར་ན་དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་འདི་ནི་འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་ལྔ་པ་ཡིན་ནོ། །
ཆོས་རྣམ་པ་ལྔ་དང་ལྡན་པའི་གྲོགས་པོ་དང་མི་འགྲོགས་པར་བྱ། མི་བསྟེན་པར་བྱ་སྟེ། ལས་ལ་ཞུགས་པ་དང་། རྩོད་པ་ལ་ཞུགས་པ་དང་། རྒྱུན་དུ་འགྲོ་བ་ལ་ནན་ཏན་བྱེད་པར་གྱུར་པ་དང་། གཅེས་པ་དང་ལྷན་ཅིག་ཏུ་སྔོ་བར་བྱེད་པ་དང་། རྒྱལ་པོའི་འཁོར་དུ་གནས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด