འདུལ་བ་གཞུང་དམ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཨུད་ཏ་ར་གྲན་ཐ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๓ · หน้า 61a
པའོ། །དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་དེ། ཐ་དད་པ་ལྔ་སྟེ། སྟོན་པ་ཐ་དད་པ་དང་། ཆོས་ཐ་དད་པ་དང་། དགེ་འདུན་ཐ་དད་པ་དང་། ལས་ཐ་དད་པ་དང་། ལམ་ཐ་དད་པའོ། །ལྷུང་བཟེད་འདི་ལྔ་མེད་ན་ཡང་མ་ཚོལ་ཅིག །ཡོད་
ན་ཡང་བཅང་བར་མ་བྱེད་ཅིག །ལྔ་གང་ཞེ་ན། ཤེལ་གྱི་ལྷུང་བཟེད་དང་། རྡོའི་ལྷུང་བཟེད་དང་། ཁར་བའི་ལྷུང་བཟེད་དང་། རིན་པོ་ཆེའི་ལྷུང་བཟེད་དང་། ལྷག་པའི་ལྷུང་བཟེད་དོ། །རྣམ་པ་ལྔར་དགེ་སློང་གིས་ཟན་ཟོས་ན་འདས་པ་དང་བཅས་པར་འགྱུར་ཏེ།
འདབ་མའི་སྣོད་དུ་ཟན་ཟ་བ་དང་། སྙིམ་པར་ཟན་ཟ་བ་དང་། ལྕེ་ཕྱུང་ལ་ཟན་ཟ་བ་དང་། མཆུས་ལེན་ཅིང་ཟན་ཟ་བ་དང་། ལག་པས་ཕུགས་སུ་ཕུལ་ཏེ་ཟན་ཟ་བའོ། །བརྟད་པའི་གོས་རྣམ་པ་ལྔ་སྟེ། འགྲོ་བས་ན་སྦྱིན་པ་དང་། འགྲོ་བའི་ཕྱིར་སྦྱིན་པ་དང་།
ནད་པས་ན་སྦྱིན་པ་དང་། ནད་པའི་ཕྱིར་སྦྱིན་པ་དང་། བརྟད་པ་བྱུང་ནས་སྦྱིན་པའོ། །རིངས་པའི་ཟན་ལ་ལྔ་སྟེ། འགྲོ་བ་དང་། ན་བ་དང་། ནད་གཡོག་དང་། ལས་བྱེད་པ་དང་། ཁང་སྐྱོང་རྣམས་སོ། །སྟན་རྣམ་པ་ལྔའི་སྟེང་དུ་མི་འདུག་པར་བྱ་སྟེ། དེ་
བཞིན་གཤེགས་པའི་དང་། དགེ་འདུན་གྱི་གནས་བརྟན་གྱི་དང་། སློབ་དཔོན་གྱི་དང་། མཁན་པོའི་དང་། ཆོས་འཆད་པའིའོ། །འདུལ་བའི་གཞུང་དམ་པ་ལས་ལྔ་པ་རྫོགས་སྷོ།། །།འདུལ་བ་བཅུ་དྲུག་སྟེ། མདོར་ན། སྨྲ་བར་བྱ་དང་རྒོལ་
བ་དང་། །ལན་འདེབས་གཟུ་བོ་འཛིན་གཉིས་དང་། །རྗེས་སུ་རིགས་དང་ཡོན་ཏན་དང་། །གནས་དང་བཤད་པ་དེ་བཞིན་ཏེ། །ལྟུང་བ་གཉིས་དང་ཆད་པའི་ལས། །རྣམ་པར་ཞི་གཉིས་བསོད་ནམས་མང་། །ཐ་མར་བྱས་ནས་སྡེར་བསྡུས་པའོ། །སངས་རྒྱས་
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་རྒོལ་བའི་དགེ་སློང་གིས་དོན་གྱིས་རྒོལ་བར་འཚལ་ན་གནས་དུར་ཤིན་ཏུ་བསམ་པ་བསམས། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ནས་དོན་གྱིས་རྒལ་བར་བགྱི། ཨུ་པཱ་ལི་རྒོལ་
เล่ม ๑๓ · หน้า 61b
བའི་དགེ་སློང་གིས་དོན་གྱིས་བརྒལ་བར་འདོད་ན་གནས་བཅུ་དྲུག་ཏུ་ཤིན་ཏུ་བསམ་པ་བསམས། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ལ་དོན་གྱིས་བརྒལ་བར་བྱའོ། །བཅུ་དྲུག་པོ་གང་ཞེ་ན། བདག་དོན་གང་གིས་བརྒལ་བར་འདོད་པའི་དོན་
འདི་ཅི་བདེན་པ་ཡིན་ནམ་འོན་ཏེ་བརྫུན། དོན་གྱིས་བརྒལ་བ་དེའི་དུས་ལ་བབ་བམ་འོན་ཏེ་དུས་ལ་མ་བབ། དོན་འདིས་བརྒལ་བའི་སྐབས་སུ་བབ་བམ་འོན་ཏེ་སྐབས་སུ་མ་བབ། དོན་གྱིས་བརྒལ་བ་འདི་དོན་དང་ལྡན་པ་འམ་འོན་ཏེ་དོན་དང་མི་ལྡན། དེའི་འོག་ཏུ་
ཡང་བརྟག་པར་བྱ་སྟེ། དེ་ལ་མཐོང་བ་དང་ཐོས་པ་དང་དོགས་པ་གང་གིས་སྨྲ་བར་བྱ། ལུས་ཀྱིས་འདས་པའམ། ངག་གིས་འདས་པའམ། གྲོང་དུ་བྱས་སམ། དགོན་པར་བྱས་སམ། ནུབ་མོ་བྱས་སམ། ཉིན་པར་བྱས་སམ། ལྷག་མ་དང་བཅས་
སམ། ལྷག་མ་མེད་དམ། ཚེ་དང་ལྡན་པ་འདི་དགེ་བའི་གནས་ནས་བསླངས་ནས་དགེ་བའི་གནས་སུ་གཞག་པར་ནུས་སམ། ཨུ་པཱ་ལི་དོན་གྱིས་རྒོལ་བའི་དགེ་སློང་གིས་དོན་གྱིས་རྒོལ་བར་འདོད་པས་གནས་བཅུ་དྲུག་པོ་འདི་ལ་ཤིན་ཏུ་བསམ་པ་བསམས་
ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ལ་དོན་གྱིས་བརྒལ་བར་བྱའོ། །ཆོས་རྣམ་པ་འདི་ལྔ་དང་ལྡན་ན་དོན་གྱིས་རྒོལ་བའི་དགེ་སློང་གི་ཚིག་གཟུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། དོན་གྱིས་རྒོལ་བ་དེ་རྣམ་པར་དག་པ་མ་ཡིན་པ་དང་། གཅིག་ནས་
གཅིག་ཏུ་ཟེར་བ་ལས་རྒོལ་བ་དང་། ཀུན་དགའི་གནས་བྱུང་བ་དང་། དགེ་ཚུལ་ཕའི་ཚིག་ལས་རྒོལ་བ་དང་། ཇི་ལྟར་ངེས་པར་གསུངས་པའི་མདོ་སྡེའི་ཚིག་མི་ཤེས་པ་དང་། གང་ལ་གནས་ནས་རྣམ་པར་སྦྱང་བ་དེའི་གནས་མི་ཤེས་པ་སྟེ། ཨུ་པཱ་ལི་ཆོས་རྣམ་
པ་འདི་ལྔ་དང་ལྡན་ན་དོན་གྱིས་རྒོལ་བའི་དགེ་སློང་གི་ཚིག་གཟུང་བར་མི་བྱའོ། །ཨུ་པཱ་ལི་ཆོས་རྣམ་པ་ལྔ་དང་ལྡན་ན་དོན་གྱིས་རྒོལ་བའི་དགེ་སློང་གི་ཚིག་གཟུང་བར་བྱ་སྟེ། དོན་གྱིས་རྒོལ་བ་དེ་རབ་ཏུ་དག་པ་ཡིན། གཅིག་ནས་གཅིག་ཟེར་བས་མི་རྒོལ་བ་དང་།
เล่ม ๑๓ · หน้า 62a
ཀུན་དགའ་ནས་བྱུང་བ་ཡིན་པ་དང་། དགེ་ཚུལ་ཕའི་ཚིག་ལས་རྒོལ་བ་མ་ཡིན་པ་དང་། ཇི་ལྟར་ངེས་པར་གསུངས་པའི་མདོ་སྡེའི་ཚིག་ཤེས་པ་དང་། གང་ལ་གནས་ནས་རྣམ་པར་སྦྱང་བ་དེའི་གནས་ཤེས་པ་དེས་ཨུ་པཱ་ལི་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་དོན་
གྱིས་རྒོལ་བའི་དགེ་སློང་གི་ཚིག་གཟུང་བར་བྱའོ། །ཨུ་པཱ་ལི་ལན་གློན་པའི་དགེ་སློང་གནས་བཅུ་དྲུག་ཏུ་ཤིན་ཏུ་བསམ་པ་བསམས། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ནས་བརྒལ་བའི་དགེ་སློང་ལ་སྐབས་དབྱེ་བར་གྱིས་ཤིག །བཅུ་དྲུག་པོ་གང་ཞེ་
ན། ཅི་ཚེ་དང་ལྡན་པ་འདི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནམ། ཐོག་མ་ནས་བསྙེན་པར་རྫོགས་པ་ཡིན་ནམ། ངོ་ཚ་ཅན་ནམ། འགྱོད་པ་ཅན་ནམ། སྡོམ་པ་ཅན་ནམ། སློབ་པར་འདོད་པའམ། མང་དུ་ཐོས་པའམ། ཐོས་པ་འཛིན་པའམ། ཐོས་པ་བསགས་
པའམ། འདུལ་བའམ། ལྷག་པའི་འདུལ་བ་ལས་ངེས་པར་ཤེས་པའམ། ལུང་ཁ་ཏོན་དུ་ལོབས་པའམ། དེའི་འོག་ཏུ་ཡང་བརྟག་པར་བྱ་སྟེ། བདག་ལ་མཐོང་བས་སམ། ཐོས་པས་སམ། དོགས་པས་སམ། ལུས་ཀྱིས་འདས་པས་སམ། ཚིག་གིས་འདས་
པས་སམ། གྲོང་དུ་བྱས་སམ། དགོན་པར་བྱས་སམ། ནུབ་མོ་བྱས་པའམ། ཉིན་པར་བྱས་པའམ། ལྷག་མར་བཅས་པའམ། ལྷག་མ་མེད་པ་གང་གིས་སྨྲ་བར་བྱེད། ཚེ་དང་ལྡན་པ་དེས་བདག་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་
པར་ནུས་སམ། ཨུ་པཱ་ལི་ལན་གློན་པའི་དགེ་སློང་གིས་གནས་བཅུ་དྲུག་པོ་འདི་ལ་ཤིན་ཏུ་བསམ་པ་བསམས། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ནས་རྒོལ་བའི་དགེ་སློང་ལ་སྐབས་དབྱེ་བར་གྱིས་ཤིག །ཨུ་པཱ་ལི་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་
ལན་གློན་པའི་དགེ་སློང་གི་ཚིག་གཟུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། རྒོལ་བའི་དགེ་སློང་གིས་དྲིས་པ་བཞིན་དུ་ལན་མི་འདེབས་པ་དང་། དྲིས་ནས་བསམ་པ་མ་ཡིན་པ་སྟོན་པ་དང་། གཞན་གྱིས་གཞན་ལ་སྨྲ་བ་དང་། ཕྱི་རོལ་གྱི་གཏམ་སྡུད་པ་དང་། བྱང་བའི་
เล่ม ๑๓ · หน้า 62b
དགེ་སློང་མ་རུང་བར་བྱེད་པ་དང་། ཕྱོགས་འཛིན་པ་ལ་བརྟེན་པ་དང་། ཉེས་པ་མི་ཤེས་ཉེས་པ་མེད་པ་མི་ཤེས་པ་སྟེ། ཨུ་པཱ་ལི་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་ལན་གློན་པའི་དགེ་སློང་གི་ཚིག་གཟུང་བར་མི་བྱའོ། །ཨུ་པཱ་ལི་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་ལན་གློན་
པའི་དགེ་སློང་གི་ཚིག་གཟུང་བར་བྱ་སྟེ། ལྔ་གང་ཞེ་ན། རྒོལ་བའི་དགེ་སློང་གིས་དྲིས་པ་བཞིན་དུ་ལན་འདེབས་པ་དང་། དྲིས་པའི་དོན་གཞན་དང་གཞན་དུ་མི་སྨྲ་བ་དང་ཕྱི་རོལ་གྱི་གཏམ་གཞན་མི་སྨྲ་བ་དང་། བྱང་བའི་དགེ་སློང་ལ་མ་རུང་བར་མི་བྱེད་པ་དང་། ཕྱོགས་
འཛིན་པ་ལ་མི་བརྟེན་པ་དང་། ཉེས་པ་ཤེས་ཉེས་པ་མེད་པ་ཤེས་པ་སྟེ། ཨུ་པཱ་ལི་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་དགེ་སློང་ལན་གློན་པའི་ཚིག་གཟུང་བར་བྱའོ། །ཨུ་པཱ་ལི་དེ་ལ་རྒོལ་བ་དང་ལན་གློན་པའི་དགེ་སློང་དག་རྩོད་པ་ཞི་བར་འདོད་པས་ཆོས་བཅུ་དྲུག་དང་
ལྡན་པའི་གཟུ་བོ་འདུལ་བ་འཛིན་པ་ཚོལ་ཅིག །བཅུ་དྲུག་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། ཐོག་མར་བསྙེན་པར་རྫོགས་པ་དང་། ངོ་ཚ་ཅན་དང་། འགྱོད་པ་ཅན་དང་། སྡོམ་པ་ཅན་དང་། སློབ་པ་འདོད་པ་དང་། མང་དུ་ཐོས་པ་དང་། ཐོས་པ་འཛིན་
པ་དང་། ཐོས་པ་བསགས་པ་དང་། འདུལ་བ་དང་། ལྷག་པའི་འདུལ་བ་ངེས་པར་ཤེས་པ་དང་། མདོ་སྡེ་དང་། ལུང་ཁ་ཏོན་དུ་ལོབས་པ་དང་། དེ་ལས་ཡང་དེའི་འོག་ཏུ་ཡང་བརྟག་པར་བྱ་སྟེ། ཅི་ཚེ་དང་ལྡན་པ་འདི་ལ་གཟུ་བོའི་དངོས་པོ་ཡོད་དམ། ཅི་
ཚེ་དང་ལྡན་པ་འདིས་སྔ་ནས་མ་འདྲེས་པའམ། ཅི་ཚེ་དང་ལྡན་པ་འདི་རྩོད་པ་སྔར་བྱུང་བ་ལ་མཁས་པའམ། ཅི་ཚེ་དང་ལྡན་པ་འདི་ལྷུང་བཟེད་ཀྱི་ཕྱིར་མ་ཡིན་ནམ། ཆོས་གོས་ཀྱི་ཕྱིར་མ་ཡིན་ནམ། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་མ་ཡིན་ནམ། འདོད་པའི་ཕྱིར་
འགྲོ་བ་མ་ཡིན་ནམ། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་མ་ཡིན་ནམ། ཅི་ཚེ་དང་ལྡན་པ་འདི་འདོད་ཆགས་ཀྱིས་གཟིར་བ་མ་ཡིན་ནམ། ཞེ་སྡང་གིས་གཟིར་བ་མ་ཡིན་ནམ། གཏི་མུག་གིས་གཟིར་བ་མ་ཡིན་ནམ། རྒྱལ་བའི་གསུང་
เล่ม ๑๓ · หน้า 63a
ལས་འདའ་བར་བྱེད་པ་མ་ཡིན་ནམ། ཅི་ཚེ་དང་ལྡན་པ་འདིས་རིགས་པ་མི་རིགས་པར་མི་བྱེད་དམ། རིགས་པ་གཅོད་པར་མི་བྱེད་དམ། ཅི་ཚེ་དང་ལྡན་པ་འདི་སྟོན་པས་བསྟན་པ་ཆོས་དང་འདུལ་བས་རབ་ཏུ་ཞི་བར་བྱེད་དམ། ཅི་ཚེ་དང་ལྡན་པ་
འདིས་ཚེ་དང་ལྡན་པ་འདི་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་པར་བྱེད་དམ། ཨུ་པཱ་ལི་རྒོལ་བ་དང་ལན་གློན་པའི་དགེ་སློང་དག་རྩོད་པ་ཞི་བར་འདོད་པས་ཆོས་བཅུ་དྲུག་པོ་དེ་དག་དང་ལྡན་པའི་གཟུ་བོ་འདུལ་བ་འཛིན་པ་བཙལ་བར་
བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་མི་ནུས་ཏེ། ལྔ་གང་ཞེ་ན། རྒོལ་བ་དང་ལན་གློན་པའི་དགེ་སློང་ལ་ཆོས་མ་ཡིན་པའི་ཕྱོགས་སུ་འཇུག་པ་དང་། རྒོལ་བ་དང་ལན་གློན་པའི་དགེ་སློང་ལ་འཐབ་པ་དང་།
མཚང་འདྲུ་བ་དང་། འཁོན་པ་དང་། རྩོད་པར་སྐུལ་བ་དང་། གཟུ་བོའི་དགེ་སློང་རྣམས་ཀྱི་མདོ་སྡེའི་ཚིག་མི་བརྩན་པར་བྱེད་པ་དང་། དགེ་སློང་གཅེས་པ་རྣམས་ལ་ཕྱས་འདོགས་པ་དང་། རྩོད་པའི་ཐོག་མ་དང་། བར་མ་དང་། ཐ་མལ་མི་མཁས་
པར་གྱུར་པའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། རྒོལ་བ་དང་ལན་གློན་པའི་དགེ་སློང་ལ་ཆོས་ཀྱི་ཕྱོགས་སུ་འཇུག་པ་དང་། རྒོལ་བ་དང་ལན་གློན་པའི་དགེ་སློང་འཐབ་
པ་དང་། མཚང་འདྲུ་བ་དང་། འཁོན་པ་དང་། རྩོད་པར་མི་སྐུལ་བ་དང་། གཟུ་བོའི་དགེ་སློང་རྣམས་ཀྱི་མདོ་སྡེའི་གཞུང་བརྩན་པར་བྱེད་པ་དང་། དགེ་སློང་གཅེས་པ་ལ་ཕྱས་མི་འདོགས་པ་དང་། རྩོད་པའི་ཐོག་མ་དང་བར་མ་དང་ཐ་མ་ལ་མཁས་པར་གྱུར་
པའོ། །ཨུ་པཱ་ལི་དེ་ལ་གཟུ་བོ་འདུལ་བ་འཛིན་པ་དེས་རྩོད་པ་རབ་ཏུ་གཟུང་བར་འདོད་ན་གནས་བཅུ་དྲུག་ཏུ་བདག་དང་གཞན་ལ་ཤིན་ཏུ་བརྟགས་ལ་གདོད་རྩོད་པ་གཟུང་བར་བྱ་སྟེ། རྣམ་པ་བརྒྱད་ཀྱིས་ནི་བདག་ཉིད་ཤིན་ཏུ་བརྟག་པར་བྱ། རྣམ་པ་བརྒྱད་ཀྱིས་
เล่ม ๑๓ · หน้า 63b
ནི་གཞན་ཤིན་ཏུ་བརྟག་པར་བྱའོ། །བདག་ཉིད་བརྟག་པ་བརྒྱད་གང་ཞེ་ན། ཅི་བདག་རྩོད་པའི་ཐོག་མ་དང་བར་མ་དང་ཐ་མ་ལ་མཁས་པ་ཡིན་ནམ། ཅི་བདག་རྩོད་པ་དེ་ལ་ཐོག་མ་ནས་མ་འདྲེས་སམ། རྒོལ་བ་དང་ལན་གློན་པའི་དགེ་སློང་གི་བདག་གིས་ཚིག་འཛིན་ཏམ།
རྒོལ་བ་དང་ལན་གློན་པའི་དགེ་སློང་གི་བདག་གིས་ཚིག་ཉན་ཏམ་རྒོལ་བ་དང་ལན་གློན་པའི་དགེ་སློང་དག་གི་ཉེས་པ་བདག་གིས་རྣམ་པར་སྦྱང་ནུས་སམ། སོ་སོའི་ཕྱོགས་ལ་བདག་གིས་ཆོས་བཞིན་བསྒོ་བར་ནུས་སམ། བདག་གིས་རྩོད་པ་འདི་ལྟར་འདུལ་བ་དང་ཇི་ལྟར་སྟོན་
པས་བསྟན་པ་དེ་ལྟར་རྣམ་པར་ཞི་བར་ནུས་སམ། རྒོལ་བ་དང་ལན་གློན་པའི་དགེ་སློང་དག་བདག་གིས་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་ནུས་སམ་སྙམ་པ་སྟེ། རྣམ་པ་བརྒྱད་ཀྱིས་བདག་ཉིད་ཤིན་ཏུ་བརྟག་པར་བྱའོ། །གཞན་ལ་བརྟག་པ་རྣམ་
པ་བརྒྱད་གང་ཞེ་ན། དགེ་འདུན་དེ་དག་གི་ནང་ན་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་ལྟ་བུ་འཛིན་པའི་དགེ་སློང་ལ་ཇི་ལྟར་བདག་གིས་རྒྱལ་བའི་གསུང་རབ་སྨྲས་པ་ལ་འཛིན་པར་འགྱུར་བ་ཡོད་དམ། དེའི་ཚེ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་།
མ་ལྟ་བུ་འཛིན་པའི་དགེ་སློང་གང་གིས་རྩོད་པ་འདི་ཇི་ལྟར་ཆོས་བཞིན་ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟ་བུར་ཞི་བར་བྱ་སྙམ་དུ་སེམས་པ་ཡོད་དམ། དགེ་འདུན་དེ་དག་ལས་དགེ་སློང་གནས་བརྟན་དང་བར་མ་དང་གསར་བུ་དག་གིས་སོ་སོའི་ཕྱོགས་ཀྱི་དགེ་
སློང་དེ་དག་ལ་ཇི་ལྟར་ཆོས་བཞིན་དུ་སླར་བཟློག་པར་བྱའོ་སྙམ་དུ་སེམས་པ་ཡོད་དམ། ཅི་རྩོད་པ་འདི་རྒྱལ་པོའི་ཕོ་བྲང་དུ་འགྱེད་པར་འགྱུར་རམ། རིགས་པའི་རིགས་ལ་འགྱེད་པར་མི་འགྱུར་རམ། ཅི་ཚེ་དང་ལྡན་པ་དེ་དག་རྩོད་པ་ཞི་བར་བྱ་བ་འདི་ལས་ཕྱི་རོལ་ཏུ་མི་ཚོལ་ལམ།
ཅི་ཚེ་དང་ལྡན་པ་དེ་དག་དགེ་འདུན་འདི་ཉིད་དུ་རྩོད་པ་ཞི་བར་བྱ་བ་ཚོལ་ལམ་སྙམ་པ་སྟེ། རྣམ་པ་འདི་བརྒྱད་ནི་གཞན་བརྟག་པར་བྱ་སྟེ། ཨུ་པཱ་ལི་དེ་ལྟ་བུར་རྣམ་པ་བཅུ་དྲུག་གིས་བདག་དང་གཞན་བརྟགས་ནས་རྩོད་པ་རབ་ཏུ་གཟུང་བར་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་
เล่ม ๑๓ · หน้า 64a
འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་མི་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། རྩོད་པ་མི་ཤེས་པ་དང་། རྩོད་པ་འབྱུང་བ་མི་ཤེས་པ་དང་། རྩོད་པ་ཡང་དག་པར་གཟུང་བ་མི་ཤེས་པ་དང་། རྩོད་པ་ཞི་བར་བྱེད་མི་ཤེས་པ་དང་། རྩོད་
པ་ཞི་ནས་ཕྱིས་མི་འབྱུང་བར་བྱེད་མི་ཤེས་པ་སྟེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ནོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་ནུས་པ་ཡིན་ནོ། །ལྔ་གང་
ཞེ་ན། རྩོད་པ་ཤེས་པ་དང་། རྩོད་པ་བྱུང་བ་ཤེས་པ་དང་། རྩོད་པ་ཡང་དག་པར་གཟུང་བར་ཤེས་པ་དང་། རྩོད་པ་ཞི་བར་བྱ་བ་ཤེས་པ་དང་། རྩོད་པ་ཞི་བར་གྱུར་ནས་ཕྱིས་རྩོད་པ་མི་འབྱུང་བར་བྱེད་ཤེས་པའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་
པ་དེ་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་ནུས་པ་ཡིན་ནོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་རྩོད་པ་རབ་ཏུ་བཟུང་ལ་གནས་བཅུ་དྲུག་གིས་རྒོལ་བ་དང་ལན་གློན་པའི་དགེ་སློང་བརྟག་པར་བྱ་སྟེ། རྣམ་པ་བརྒྱད་ཀྱིས་ལན་གློན་པའི་དགེ་སློང་བརྟག་པར་བྱའོ། །
རྣམ་པ་བརྒྱད་པོ་གང་གིས་རྒོལ་བའི་དགེ་སློང་བརྟག་པར་བྱ་ཞེ་ན། སྤྱོད་པ་དང་། སྤྱོད་ཡུལ་དང་། མཛའ་བ་དང་། གྲོགས་བྱེད་པ་དང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། འཚོ་བ་དང་། མང་དུ་ཐོས་པ་རྣམས་སོ། །དེ་སྟེ་ཨུ་པཱ་ལི་གཟུ་བོ་འདུལ་
བ་འཛིན་པའང་འདི་སྙམ་དུ་གྱུར་ཏེ། ཚེ་དང་ལྡན་པ་འདི་ནི་སྡིག་པ་ཅན་ཏེ་སྡིག་པར་སྤྱོད་པ། མཛའ་བ་སྡིག་པ་ཅན། གྲོགས་པོ་སྡིག་པ་ཅན། ལུས་ཀྱི་ལས་སྡིག་པ་ཅན། ངག་གི་ལས་སྡིག་པ་ཅན། འཚོ་བ་སྡིག་པ་ཅན། ཐོས་པ་སྡིག་པ་ཅན་ཏེ། ཚེ་དང་
ལྡན་པ་འདིས་ནི་དག་པའི་དགེ་སློང་ལ་མ་རུང་བར་བྱེད་ནུས། དགེ་འདུན་ལ་ཡང་དེ་ལྟ་བུར་རྩོད་པ་འབྱིན་པར་ནུས་ཏེ། དེ་སྐད་དུ་མ་སྨྲ་ཤིག་ཅེས་བསྒོ་ཤིག །དེ་སྟེ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་འདི་སྙམ་དུ་གྱུར་ཏེ། ཚེ་དང་ལྡན་པ་འདི་ནི་དགེ་བ་ཅན་ཏེ།
เล่ม ๑๓ · หน้า 64b
སྤྱོད་པ་དགེ །སྤྱོད་ཡུལ་དགེ །མཛའ་བོ་དགེ །གྲོགས་པོ་དགེ །ལུས་ཀྱི་ལས་དགེ །ངག་གི་ལས་དགེ །འཚོ་བ་དགེ །ཐོས་པ་དགེ་བ་ཅན་ཏེ། ཚེ་དང་ལྡན་པ་འདིས་ནི་དག་པའི་དགེ་སློང་ལ་མ་རུང་བར་བྱེད་མི་ནུས་ཏེ། དགེ་འདུན་གྱི་ནང་དུ་ཡང་རྣམ་
པ་དེ་ལྟ་བུར་མི་འབྱིན་ཏོ་སྙམ་ནས་དེ་ལྟ་བུ་ལ་ནི་སྨྲོས་ཤིག་ཅེས་བསྒོའོ། །ཨུ་པཱ་ལི་རྣམ་པ་བརྒྱད་པོ་དེ་ལྟ་བུས་རྒོལ་བའི་དགེ་སློང་ལ་བརྟག་པར་བྱའོ། །ལན་གློན་པའི་དགེ་སློང་ལ་རྣམ་པ་འདི་བརྒྱད་ཀྱིས་བརྟག་པར་བྱ་སྟེ། སྤྱོད་པ་དང་། སྤྱོད་ཡུལ་དང་། མཛའ་
བ་དང་། གྲོགས་པོ་དང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། འཚོ་བ་དང་། མང་དུ་ཐོས་པའོ། །དེ་སྟེ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་འདི་སྙམ་དུ་གྱུར་ཏེ། ཚེ་དང་ལྡན་པ་འདི་ནི་སྡིག་པ་ཅན་ཏེ། སྤྱོད་པ་སྡིག་པ་ཅན། སྤྱོད་ཡུལ་སྡིག་པ་ཅན།
མཛའ་བོ་སྡིག་པ་ཅན། གྲོགས་པོ་སྡིག་པ་ཅན། ལུས་ཀྱི་ལས་སྡིག་པ་ཅན། ངག་གི་ལས་སྡིག་པ་ཅན། འཚོ་བ་སྡིག་པ་ཅན། ཐོས་པ་སྡིག་པ་ཅན་ཏེ། ཚེ་དང་ལྡན་པ་འདིས་ནི་རྣམ་པ་འདི་ལྟ་བུའི་གནས་སུ་འཇུག་པར་ནུས་སོ་སྙམ་ནས་དེ་ན་རྒོལ་བའི་དགེ་
སློང་ལ་ཚིག་འཇམ་པོར་སྨྲོས་ལ་ལན་གློན་པའི་དགེ་སློང་ལ་ཚིག་འདི་སྐད་དུ་སྨྲོས་ཤིག །ཚེ་དང་ལྡན་པ་ཁྱོད་དེའི་ཚེ་ན་ལུས་ཀྱི་འདུས་བྱས་ཇི་ལྟ་བུར་གྱུར། ངག་གི་འདུས་བྱས་ཇི་ལྟ་བུར་གྱུར། ཡིད་ཀྱི་འདུས་བྱས་ཇི་ལྟ་བུར་གྱུར་ཅེས་ཇི་ལྟ་བུར་ཁས་ལེན་པ་དེ་ལྟ་བུར་བྱེད་
དུ་ཆུག་ཅིག །ཨུ་པཱ་ལི་དེ་སྟེ་གཟུ་བོ་འདུལ་བ་འཛིན་པས་འདི་སྙམ་དུ་གྱུར་ཏེ། ཚེ་དང་ལྡན་པ་འདི་ནི་དགེ་བ་ཅན་ཏེ། སྤྱོད་པ་དགེ། སྤྱོད་ཡུལ་དགེ །མཛའ་བོ་དགེ །གྲོགས་པོ་དགེ །ལུས་ཀྱི་ལས་དགེ །ངག་གི་ལས་དགེ །འཚོ་བ་དགེ །ཐོས་པ་
དགེ་སྟེ། ཚེ་དང་ལྡན་པ་འདི་ནི་གནས་དེ་ལྟ་བུ་ལ་འཇུག་པར་མི་བྱེད་དོ་སྙམ་ན། ལན་གློན་པའི་དགེ་སློང་ལ་ཚིག་འཇམ་པོར་སྨྲོས་ཏེ། རྒོལ་བའི་དགེ་སློང་ལ་ཆོས་ཉིད་ཀྱིས་ཤེས་པར་བྱོས་ཤིག །རྣམ་པ་འདི་བརྒྱད་ཀྱིས་ནི་གཞན་ལ་བརྟག་པར་བྱོས་ཤིག །
เล่ม ๑๓ · หน้า 65a
ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ནོ། །ལྔ་གང་ཞེ་ན། འཁྲུལ་པ་འཛིན་པ། གསང་བའི་ཚིག་འཛིན་པ། ཚིག་མང་པོ་འཛིན་པ། མ་ངེས་པར་འཛིན་པ། ཇི་ཙམ་ལན་གསུམ་གྱི་
བར་དུ་དམ་འཆར་མི་འཇུག་པ་ཡིན་ཏེ། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་མི་ནུས་པར་འགྱུར་རོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན།
འཁྲུལ་པ་མི་འཛིན་པ། གསང་བའི་ཚིག་མི་འཛིན་པ། ཚིག་མང་པོ་མི་འཛིན་པ། མ་ངེས་པར་མི་འཛིན་པ། ལན་གསུམ་གྱི་བར་དུ་དམ་འཆར་འཇུག་པ་ཡིན་ཏེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་རྣམ་པ་དེ་ལྔ་དང་ལྡན་ན་རྩོད་པ་ཞི་བར་བྱེད་ནུས་པར་འགྱུར་
རོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་རྒོལ་བ་དང་ལན་གློན་པའི་དགེ་སློང་དག་བརྟགས་ལ་གནས་བཅུ་དྲུག་ཏུ་རིགས་པས་གཞག་པར་བྱ་སྟེ། བཅུ་དྲུག་པོ་གང་ཞེ་ན། རྒོལ་བའི་དགེ་སློང་དེ་རིགས་པར་བྱ། རྒོལ་བའི་དགེ་
སློང་དེ་བརྟག་པར་བྱ། ལན་གློན་པའི་དགེ་སློང་དེ་རིགས་པར་བྱ། ལན་གློན་པའི་དགེ་སློང་དེ་བརྟག་པར་བྱ། རྒོལ་བའི་དགེ་སློང་ལ་བཟོད་པ་གསོལ་བར་བྱ། ལན་གློན་པའི་དགེ་སློང་ལ་བཟོད་པ་གསོལ་བར་བྱ། རྒོལ་བའི་དགེ་སློང་དེ་གཏོང་དུ་གཞུག །
ལན་གློན་པའི་དགེ་སློང་དེ་གཏོང་དུ་གཞུག །རྒོལ་བའི་དགེ་སློང་དེ་དྲི་བར་བྱ། ལན་གློན་པའི་དགེ་སློང་དེ་དྲི་བར་བྱ། རྒོལ་བའི་དགེ་སློང་དེ་བྱེད་དུ་གཞུག །ལན་གློན་པའི་དགེ་སློང་དེ་བྱེད་དུ་གཞུག །རྒོལ་བའི་དགེ་སློང་ཚུགས་པར་བྱེད་དུ་གཞུག །ལན་
གློན་པའི་དགེ་སློང་ཚུགས་པར་བྱེད་དུ་གཞུག །རྒོལ་བའི་དགེ་སློང་ཡི་དམ་འཆར་གཞུག །ལན་འདེབས་པའི་དགེ་སློང་ཡི་དམ་འཆར་གཞུག །མདོ་སྡེ་བརྗོད་པར་བྱ། མདོ་སྡེ་བརྗོད་ནས་ཇི་ལྟར་ཆོས་བཞིན་ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་
เล่ม ๑๓ · หน้า 65b
བསྟན་པ་དེ་ལྟར་རྩོད་པ་དེ་ཞི་བར་བྱ་སྟེ། ཨུ་པཱ་ལི་དེ་ལྟར་ན་གཟུ་བོའི་དགེ་སློང་གིས་གནས་བཅུ་དྲུག་ཏུ་རིགས་པས་གཞག་པར་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་རིགས་པའི་གནས་སུ་འཇོག་ནུས་པར་མི་འགྱུར་རོ། །ལྔ་གང་ཞེ་ན།
རྗེས་སུ་འབྲང་བའི་ཆོས་ལྔ་མི་ཤེས་པ་སྟེ། ལྔ་གང་ཞེ་ན། རྒོལ་བ་མི་ཤེས་པ། ལན་གློན་མི་ཤེས་པ། ཆོས་བཞིན་མི་ཤེས་པ། ཆོས་བཞིན་མ་ཡིན་པ་མི་ཤེས་པ། ཡི་དམ་མ་བླངས་པར་གྱུར་པ་སྟེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་
ན་རིགས་པའི་གནས་སུ་འཇོག་མི་ནུས་པའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་རིགས་པའི་གནས་སུ་འཇོག་ནུས་པར་འགྱུར་རོ། །རྗེས་སུ་འབྲང་བའི་ཆོས་ལྔ་ཤེས་པར་འགྱུར་རོ། །ལྔ་གང་ཞེ་ན། རྒོལ་བ་ཤེས་པ། ལན་གློན་ཤེས་
པ། ཆོས་བཞིན་ཤེས་པ། ཆོས་བཞིན་མ་ཡིན་པ་ཤེས་པ། ཡི་དམ་བླངས་པར་གྱུར་པའོ། །གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་རིགས་པའི་གནས་སུ་འཇོག་ནུས་པར་འགྱུར་རོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་རིགས་པའི་གནས་
བཅུ་དྲུག་ཏུ་གཞག་ལ་ཡོན་ཏན་བཅུ་དྲུག་མཐོང་ནས་མདོ་སྡེ་བསྒྲག་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། བདག་གིས་མདོ་སྡེ་བསྟན་ཏོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་མདོ་སྡེ་དཔྱད་པར་བྱའོ་སྙམ་ནས། མདོ་སྡེ་བསྒྲག་པར་བྱ། བདག་གིས་འདུལ་
བ་རྗེས་སུ་འབྲང་བར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གི་ཚིག་བརྩན་པར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་ངོ་ཚ་བ་མེད་པའི་ཕྱོགས་ལ་ཆད་པས་གཅད་པར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་
ཐམས་ཅད་མཁྱེན་པའི་གསུང་ལ་བསྒོ་ནུས་པར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། དགེ་འདུན་མཐུན་པར་བསྟན་པར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་གཞན་ལ་བསྒོ་བར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གི་
เล่ม ๑๓ · หน้า 66a
ཚིག་གཞན་གྱིས་གཟུང་བར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་དགེ་སློང་དག་གདོན་པར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་མ་དད་པ་དག་དད་པ་ལ་ཞུགས་པར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་
བྱ། དད་པ་ལ་སླར་འཕེལ་བར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། ངོ་ཚ་མེད་པའི་ཕྱོགས་ལ་བདག་གིས་ཆད་པས་གཅད་པར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། ངོ་ཚ་ཤེས་པའི་ཕྱོགས་ལ་བདག་གིས་གཟུང་བར་འགྱུར་རོ་སྙམ་ནས་མདོ་སྡེ་
བསྒྲག་པར་བྱ། རྩོད་པ་འབྱུང་བ་མི་འབྱུང་བར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། རྩོད་པ་ཞི་བར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། རྩོད་པ་ཞི་ནས་ཕྱིས་མི་སྐྱེ་བར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་ཡུན་རིང་དུ་ཚངས་པར་
སྤྱོད་པར་འགྱུར་རོ་སྙམ་ནས་མདོ་སྡེ་བསྒྲག་པར་བྱ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་བདག་གི་ཡོན་ཏན་བཅུ་དྲུག་པོ་འདི་མཐོང་ན་མདོ་སྡེ་བསྒྲག་པར་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་མདོ་སྡེའི་ཡོན་ཏན་མི་ཤེས་
པར་འགྱུར་རོ། །ལྔ་གང་ཞེ་ན། མདོ་སྡེ་ལ་མི་མཁས་པ་དང་། འདུལ་བ་ལ་མི་མཁས་པ་དང་། མ་ལྟ་བུ་ལ་མི་མཁས་པ་དང་། རྣམ་པར་འབྱེད་པ་ལ་མི་མཁས་པ་དང་། ལུང་ཁ་ཏོན་དུ་མ་བྱས་པར་གྱུར་པའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་
པ་ཆོས་རྣམ་པ་ལྔ་དང་ལྡན་ན་མདོ་སྡེའི་ཡོན་ཏན་ཤེས་པར་འགྱུར་རོ། །ལྔ་གང་ཞེ་ན། མདོ་སྡེ་ལ་མཁས་པ་དང་། འདུལ་བ་ལ་མཁས་པ་དང་། མ་ལྟ་བུ་ལ་མཁས་པ་དང་། རྣམ་པར་འབྱེད་པ་ལ་མཁས་པ་དང་། ལུང་ཁ་ཏོན་དུ་ལོབས་པ་སྟེ། ཨུ་པཱ་
ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་མདོ་སྡེའི་ཡོན་ཏན་ཤེས་པར་འགྱུར་རོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་གང་གིས་མདོ་སྡེ་ཤེས་པར་ནུས་པ་དེས་ནི་མདོ་སྡེ་འདི་ལས་ཡོན་ཏན་བཅུ་དྲུག་མཐོང་བས་ན་མདོ་སྡེ་བརྗོད་པར་བྱའོ། །གཞན་
เล่ม ๑๓ · หน้า 66b
ཡང་གནས་བཅུ་དྲུག་ཏུ་མདོ་སྡེ་བརྗོད་པར་བྱ་སྟེ། བཅུ་དྲུག་པོ་དེ་གང་ཞེ་ན། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་བརྗོད་པར་བྱ། ཉན་ཐོས་ཀྱིས་བཤད་པའི་མདོ་སྡེ་བརྗོད་པར་བྱ། སངས་རྒྱས་བྱུང་བའི་དུས་ཀྱི་མདོ་སྡེ་བརྗོད་པར་བྱ། ཕྱོགས་གཅིག་པའི་
མདོ་སྡེ་བརྗོད་པར་བྱ། ཐམས་ཅད་དུ་ཡོད་པའི་མདོ་སྡེ་བརྗོད་པར་བྱ། དེ་ཉིད་དང་འདྲ་བའི་མདོ་སྡེ་བརྗོད་པར་བྱ། འདུལ་བ་དང་ལྡན་པའི་མདོ་སྡེ་བརྗོད་པར་བྱ། འདུལ་བ་ལས་ལྷག་པའི་མདོ་སྡེ་བརྗོད་པར་བྱ། མདོ་སྡེའི་ཡོན་ཏན་བཙལ་ལ་མདོ་སྡེ་བརྗོད་པར་
བྱ། མདོ་སྡེའི་རྒྱན་བཙལ་ལ་མདོ་སྡེ་བརྗོད་པར་བྱ། མདོ་སྡེའི་གླེང་གཞི་བཙལ་ལ་མདོ་སྡེ་བརྗོད་པར་བྱ། མདོ་སྡེའི་ཆ་ཙམ་བཙལ་ལ་མདོ་སྡེ་བརྗོད་པར་བྱ། མདོ་སྡེའི་སྒྲ་བཙལ་ལ་མདོ་སྡེ་བརྗོད་པར་བྱ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་ཡོན་ཏན་བཅུ་
དྲུག་པོ་དེ་མཐོང་ན་མདོ་སྡེ་བརྗོད་པར་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་མདོ་སྡེ་བརྗོད་པར་མི་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། དགེ་སློང་གི་འདུལ་བ་མི་ཤེས་པ། དགེ་སློང་མའི་འདུལ་བ་མི་ཤེས་པ། ཉེས་པ་
འདུལ་བ་མི་ཤེས་པ། རྩོད་པ་འདུལ་བ་མི་ཤེས་པ། ཉོན་མོངས་པ་འདུལ་བ་མི་ཤེས་པའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་མདོ་སྡེ་བརྗོད་མི་ནུས་པར་འགྱུར་རོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་
ལྔ་དང་ལྡན་ན་མདོ་སྡེ་བརྗོད་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། དགེ་སློང་གི་འདུལ་བ་ཤེས་པ་དང་། དགེ་སློང་མའི་འདུལ་བ་ཤེས་པ་དང་། ཉེས་པ་འདུལ་བ་ཤེས་པ་དང་། རྩོད་པ་འདུལ་བ་ཤེས་པ་དང་། ཉོན་མོངས་པ་འདུལ་བ་ཤེས་པ་དང་། ཨུ་པཱ་
ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་མདོ་སྡེ་བརྗོད་ནུས་པར་འགྱུར་རོ།། །།འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་པ། དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་ཏུ་བརྗོད་ནས་གནས་བཅུ་དྲུག་ཏུ་འདུལ་བ་ལ་
เล่ม ๑๓ · หน้า 67a
བརྟག་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། ལུང་དང་། ལུང་བསྒོ་བ་དང་། དངོས་པོ་དང་། རྣམ་པར་འབྱེད་པ་དང་། སྤྱོད་པ་དང་། སྤྱོད་ཡུལ་དང་། ཉུང་ངུ་འདོད་པ་དང་། མང་དུ་འདོད་པ་དང་། མགུ་བ་དང་། མི་མགུ་བ་དང་། དགང་དཀའ་བ་
དང་། དགང་སླ་བ་དང་། གསོ་དཀའ་བ་དང་། གསོ་སླ་བ་དང་། རབ་ཏུ་གཅེས་པ་དང་། ཆོག་ཤེས་པ་སྟེ། ཨུ་པཱ་ལི་གནས་འདི་བཅུ་དྲུག་གིས་འདུལ་བ་ལ་བརྟག་པར་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་རྣམ་པ་ལྔ་དང་ལྡན་ན་ཉེས་པ་འབྱིན་མི་ནུས་
པར་འགྱུར་ཏེ། ལྔ་གང་ཞེ་ན། བྱུང་བ་མི་ཤེས། བཅས་པ་མི་ཤེས། རྗེས་སུ་བཅས་པ་མི་ཤེས། གནང་བར་མི་ཤེས། རྗེས་སུ་གནང་བར་མི་ཤེས་པའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་ཉེས་པ་འབྱིན་མི་ནུས་པར་འགྱུར་
རོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་ཉེས་པ་འབྱིན་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། བྱུང་བ་ཤེས་པ་དང་། བཅས་པ་ཤེས་པ་དང་། རྗེས་སུ་བཅས་པ་ཤེས་པ་དང་། གནང་བ་ཤེས་པ་དང་། རྗེས་སུ་གནང་བ་ཤེས་པའོ། །
ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་ཉེས་པ་འབྱིན་ནུས་པར་འགྱུར་རོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་འདུལ་བ་ཤེས་པར་བྱས་ལ་གནས་བཅུ་དྲུག་གིས་ཉེས་པ་བརྗོད་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། ལྕི་བ་
དང་། ཡང་བ་དང་། ལྷག་མ་ཡོད་པ་དང་། ལྷག་མ་མེད་པ་དང་། གནས་ངན་ལེན་དང་། ལུས་ཀྱི་དང་། ངག་གི་དང་། མི་དགེ་བ་དང་། ལུང་དུ་མི་སྟོན་པ་དང་། བཅས་པ་དང་། མ་བཅས་པ་དང་། མཐོལ་བར་བྱེད་པ་དང་། སྡོམ་པར་བྱེད་པ་དང་། འདུལ་
བ་ལས་འདས་པར་བྱེད་པ་དང་། ངན་དུ་སྨྲ་བར་འགྲོ་བ་སྟེ། ཨུ་པཱ་ལི་གནས་བཅུ་དྲུག་པོ་འདིས་འདུལ་བ་ཤེས་པར་བྱས་ལ་གནས་བཅུ་དྲུག་གིས་ཉེས་པ་བརྗོད་པར་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་ཉེས་པ་བརྗོད་མི་ནུས་པར་
เล่ม ๑๓ · หน้า 67b
འགྱུར་ཏེ། ལྔ་གང་ཞེ་ན། ཉེས་པ་མི་ཤེས་པ་དང་། ཉེས་པ་མེད་པ་མི་ཤེས་པ་དང་། ལྕི་བ་མི་ཤེས་པ་དང་། ཡང་བ་མི་ཤེས་པ་དང་། ལུང་ཁ་ཏོན་མི་ཤེས་པར་གྱུར་པ་སྟེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་ཉེས་པ་བརྗོད་
མི་ནུས་པར་འགྱུར་རོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་ཉེས་པ་བརྗོད་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། ཉེས་པ་ཤེས་པ་དང་། ཉེས་པ་མེད་པ་ཤེས་པ་དང་། ལྕི་བ་ཤེས་པ་དང་། ཡང་བ་ཤེས་པ་དང་། གཞུང་ཁ་ཏོན་དུ་ཤེས་
པར་གྱུར་པ་སྟེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་ཉེས་པ་བརྗོད་ནུས་པར་འགྱུར་རོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་པོ་འདི་དག་གིས་ཉེས་པ་བརྗོད་ནས་གནས་བཅུ་དྲུག་གིས་ཆད་པའི་ལས་ཀྱིས་སྨ་དབབ་པར་
བྱའོ། །བཅུ་དྲུག་པོ་གང་ཞེ་ན། ཉེས་པ་ངོར་བརྗོད་པ་དང་། དཔྱས་འདོགས་པ་དང་། བསྒོ་བ་བཞིན་དུ་མི་ཉན་པ་དང་། ཅང་མི་ཟེར་ཞིང་མི་ཉན་པ་དང་། བསྡིགས་པ་དང་། དགར་བ་དང་། བསྐྲད་པ་དང་། སླར་བསྡུམ་པར་བྱ་བ་དང་། མ་མཐོང་བའི་
ཕྱིར་སྤང་བ་དང་། སླར་ལས་མི་བྱེད་པའི་ཕྱིར་སྤང་བ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བ་དང་། ཆད་པ་བྱེད་པ་དང་། གཞི་ནས་བསླངས་ཏེ་ཆད་པ་བྱེད་པ་དང་། ཡིད་མགུ་བར་བྱེད་པ་དང་། གཞི་ནས་བསླངས་ཏེ་ཡིད་མགུ་བར་བྱེད་པ་དང་།
གཞི་ནས་བསླངས་ཏེ་སྨོས་པའོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་འདུལ་བ་བརྗོད་ནས་གནས་བཅུ་དྲུག་པོ་འདིས་ཆད་པའི་ལས་ཀྱིས་སྨ་དབབ་པར་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་ཆད་
པའི་ལས་ཀྱིས་སྨ་དབབ་མི་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདོད་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ཆད་པའི་ལས་བྱས་པ་དང་། མ་བྱས་པ་མི་ཤེས་པའོ། །ཨུ་པཱ་ལི་
เล่ม ๑๓ · หน้า 68a
གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་ཆད་པས་གཅད་པའི་ལས་ཀྱིས་སྨ་དབབ་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདོད་པས་མི་འགྲོ་བར་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བར་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བར་འགྲོ་
བ་དང་། འཇིགས་པས་མི་འགྲོ་བར་འགྲོ་བ་དང་། ཆད་པའི་ལས་བྱས་པ་དང་མ་བྱས་པ་ཤེས་པའོ། །དེ་ལ་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་ཆད་པས་གཅད་པའི་ལས་ཀྱིས་སྨ་ཕབ་ལ་གཞན་ཡང་གནས་བཅུ་དྲུག་གིས་ཆད་པའི་ལས་ཀྱིས་སྨ་
དབབ་པར་བྱ་སྟེ། བཅུ་དྲུག་པོ་གང་ཞེ་ན། ཚངས་པའི་ཆད་པས་བསྡིགས་པར་བྱ་བ་དང་། དད་པར་མི་འགྱུར་བར་ཚོར་བའི་ལས་བྱེད་དུ་གཞུག་པ་དང་། ལོངས་སྤྱོད་མི་མྱོང་བའི་ལས་བྱེད་དུ་གཞུག་པ་དང་། མིག་ལམ་ན་མི་སྣང་བར་བྱ་བའི་ལས་བྱ་
བ་དང་། དེའི་ངོ་བོ་ཚོལ་དུ་གཞུག་པ་དང་། གནོད་པར་བྱ་བ་དང་། སྨད་པར་བྱ་བ་དང་། སྤང་བར་བྱ་བ་དང་། ཕྱོགས་མེད་པར་བྱ་བ་དང་། སྤ་གོང་བར་བྱ་བ་དང་། ཞུམ་པར་བྱ་བ་དང་། འགྱོད་པ་བསྐྱེད་པར་བྱ་བ་དང་། རྣམ་པར་འགྱོད་པ་དང་། རྣམ་
པར་སླར་འགྱོད་པ་དང་། དམ་དེམ་དུ་གཞག་པ་དང་། གནད་དུ་དབབ་པ་དང་། ཉེས་སོ་ཞེས་བརྗོད་པའོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་ཆད་པའི་ལས་ཀྱིས་སྨ་དབབ་པར་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་
པ་ཆོས་རྣམ་པ་ལྔ་དང་ལྡན་ན་ཆད་པའི་ལས་ཀྱིས་སྨ་དབབ་མི་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདུལ་བའི་དངོས་པོ་ལྔ་མི་ཤེས་པ་སྟེ། ལྔ་གང་ཞེ་ན། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། སླར་བསྡུམ་པ་དང་། སྤང་བ་དང་
ལྔའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན་ཆད་པའི་ལས་ཀྱིས་སྨ་དབབ་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདུལ་བའི་དངོས་པོ་ལྔ་ཤེས་པའོ། །ལྔ་གང་ཞེ་ན། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། སླར་བསྡུམ་
เล่ม ๑๓ · หน้า 68b
པ་དང་། སྤང་བ་དང་ལྔའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན་ཆད་པས་གཅད་པའི་ལས་ཀྱིས་སྨ་དབབ་ནུས་པར་འགྱུར་རོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་པོ་འདི་དག་གིས་ཆད་པས་གཅད་པའི་ལས་ཀྱིས་སྨ་
ཕབ་ནས་གནས་བཅུ་དྲུག་གིས་ལས་བྱའོ། །བཅུ་དྲུག་གང་ཞེ་ན། མངོན་སུམ་དུ་གྱུར་པ་ལ་ལས་བྱ་བ་དང་། མངོན་དུ་མ་གྱུར་ཀྱང་ལས་བྱ་བ་དང་། སྐབས་ཕྱེ་ནས་ལས་བྱ་བ་དང་། སྐབས་མ་ཕྱེ་ཡང་ལས་བྱ་བ་དང་། གླེངས་ལ་ལས་བྱ་བ་དང་། མ་གླེངས་ཀྱང་ལས་
བྱ་བ་དང་། དྲན་པར་བྱས་པ་ལ་ལས་བྱ་བ་དང་། དྲན་པར་མ་བྱས་ཀྱང་ལས་བྱ་བ་དང་། དྲིས་ལ་ལས་བྱ་བ་དང་། མ་དྲིས་ཀྱང་ལས་བྱ་བ་དང་། རྗེས་སུ་སྦྱར་བ་ལ་ལས་བྱ་བ་དང་། རྗེས་སུ་མ་སྦྱར་ཀྱང་ལས་བྱ་བ་དང་། སོ་སོར་ཤེས་པ་ལ་ལས་བྱ་བ་དང་། སོ་སོར་
མི་ཤེས་ཀྱང་ལས་བྱ་བ་དང་། གཏན་ལ་ཕབ་ལ་ལས་བྱ་བ་དང་། གཏན་ལ་མ་ཕབ་ཀྱང་ལས་བྱ་བ་སྟེ། གནས་བཅུ་དྲུག་པོ་འདི་དག་གིས་ལས་བྱའོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་འདི་ལྔ་དང་ལྡན་ན་ལས་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན།
གསོལ་བའི་ལས་མི་ཤེས་པ་དང་། གསོལ་བ་དང་གཉིས་ཀྱི་ལས་མི་ཤེས་པ་དང་། གསོལ་བ་དང་བཞིའི་ལས་མི་ཤེས་པ་དང་། བསྒོ་བའི་ལས་མི་ཤེས་པ་དང་། བྱིན་གྱིས་བརླབས་པའི་ལས་མི་ཤེས་པ་སྟེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་དེ་ལྔ་དང་ལྡན་ན་
ལས་བྱེད་མི་ནུས་པ་ཡིན་ནོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་འདི་ལྔ་དང་ལྡན་ན་ལས་བྱེད་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། གསོལ་བའི་ལས་ཤེས་པ་དང་། གསོལ་བ་དང་གཉིས་ཀྱི་ལས་ཤེས་པ་དང་། གསོལ་བ་དང་བཞིའི་ལས་ཤེས་པ་དང་།
བསྒོ་བའི་ལས་ཤེས་པ་དང་། བྱིན་གྱིས་བརླབ་པའི་ལས་ཤེས་པ་སྟེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་དེ་ལྔ་དང་ལྡན་ན་ལས་བྱེད་ནུས་པ་ཡིན་ནོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་པོ་དེ་དག་གིས་ལས་བྱས་ལ་གནས་བཅུ་དྲུག་གིས་རྩོད་
เล่ม ๑๓ · หน้า 69a
པ་ཞི་བར་བྱེད་ན་ཉེས་པར་ཞི་བ་ཡིན་ཏེ། བཅུ་དྲུག་གང་ཞེ་ན། དེས་དགེ་འདུན་ལ་གསོལ་བ་མ་བྱས་པར་གྱུར་པ་དང་། རྒྱལ་བའི་བཀའ་དང་མི་མཐུན་པར་གྱུར་པ་དང་། ཕྱོགས་དང་ཕྱོགས་མ་ཡིན་པའི་དགེ་སློང་རྣམས་ལ་མ་བསྒོ་བར་མ་གྱུར་པ་
དང་། རྒོལ་བའི་དགེ་སློང་གི་འདུལ་བ་ཉམས་པར་གྱུར་པ་དང་། མ་དག་པའི་དགེ་སློང་གིས་ཉེས་པ་བཅབས་པར་གྱུར་པ་དང་། བྱུང་བ་མ་རུང་བར་གྱུར་པ་དང་། བཅས་པ་མ་རུང་བར་གྱུར་པ་དང་། རྗེས་སུ་བཅས་པ་མ་རུང་བར་གྱུར་པ་དང་། གནང་བ་
མ་རུང་བར་གྱུར་པ་དང་། རྗེས་སུ་གནང་བ་མ་རུང་བར་གྱུར་པ་དང་། རྒོལ་བའི་དགེ་སློང་ཡི་དམ་འཆར་མ་བཅུག་པར་གྱུར་པ་དང་། ལན་གློན་པའི་དགེ་སློང་ཡི་དམ་འཆར་མ་བཅུག་པར་གྱུར་པ་དང་། མདོ་སྡེའི་ཚིག་མ་རུང་བར་གྱུར་པ་དང་། འདུལ་བ་དང་མི་མཐུན་
པར་གྱུར་པ་དང་། ཆོས་ཀྱི་མིག་རྒྱས་པར་མ་གྱུར་པ་དང་། ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟ་བུར་རྩོད་པ་དེ་ཞི་བར་མ་གྱུར་པ་སྟེ། ཨུ་པཱ་ལི་རྣམ་པ་བཅུ་དྲུག་པོ་དེ་ལྟ་བུས་རྩོད་པ་ཞི་བར་བྱས་པ་ནི་ཉེས་པ་ཞི་བ་ཡིན་ནོ། །
ཨུ་པཱ་ལི་ཆོས་རྣམ་པ་འདི་ལྔ་དང་ལྡན་ན་རྩོད་པ་ཞི་བ་ཉེས་པ་ཞི་བར་གྱུར་པ་ཡིན་ཏེ། ལྔ་གང་ཞེ་ན། མ་བསྒོས་པར་ཞི་བར་བྱེད་པ་དང་། ཉེས་པ་མི་བརྗོད་པ་དང་། ཆད་པའི་ལས་ཀྱིས་སྨ་མི་དབབ་པ་དང་། རྣམ་པར་དག་པ་མི་སྟོན་པ་དང་། དེས་དགེ་འདུན་ལ་གསོལ་
བ་མ་བྱས་པར་གྱུར་པ་སྟེ། ཨུ་པཱ་ལི་ཆོས་རྣམ་པ་འདི་ལྔ་དང་ལྡན་པས་རྩོད་པ་ཞི་བར་བྱས་ཀྱང་ཞི་བར་བྱས་པ་མ་ཡིན་ནོ། །ཨུ་པཱ་ལི་ཆོས་རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་ན་རྩོད་པ་ཞི་བ་ལེགས་པར་ཞི་བ་ཡིན་ཏེ། བཅུ་དྲུག་གང་ཞེ་ན། དེས་དགེ་འདུན་ལ་གསོལ་
བ་བྱས་པར་གྱུར་པ་དང་། རྒྱལ་བའི་བཀའ་དང་མཐུན་པར་གྱུར་པ་དང་། ཕྱོགས་དང་ཕྱོགས་མ་ཡིན་པའི་དགེ་སློང་རྣམས་ལ་བསྒོ་བར་གྱུར་པ་དང་། རྒོལ་བའི་དགེ་སློང་དག་གི་འདུལ་བ་མ་ཉམས་པར་གྱུར་པ་དང་། མ་དག་པའི་དགེ་སློང་གིས་ཉེས་པ་མ་བཅབས་
เล่ม ๑๓ · หน้า 69b
པར་གྱུར་པ་དང་། བྱུང་བ་མ་རུང་བར་མ་གྱུར་པ་དང་། བཅས་པ་མ་རུང་བར་མ་གྱུར་པ་དང་། རྗེས་སུ་བཅས་པ་མ་རུང་བར་མ་གྱུར་པ་དང་། མི་གནང་བ་མ་རུང་བར་མ་གྱུར་པ་དང་། རྗེས་སུ་གནང་བ་མ་རུང་བར་མ་གྱུར་པ་དང་། རྒོལ་
བའི་དགེ་སློང་ལ་ཤིན་ཏུ་ཡི་དམ་འཆར་བཅུག་པ་དང་། ལན་གློན་པའི་དགེ་སློང་ལ་ཤིན་ཏུ་ཡི་དམ་འཆར་བཅུག་པ་དང་། མདོ་སྡེའི་ཚིག་རུང་བར་གྱུར་པ་དང་། འདུལ་བ་དང་མཐུན་པར་གྱུར་པ་དང་། ཆོས་ཀྱི་མིག་རྒྱས་པར་གྱུར་པ་དང་། ཇི་ལྟར་ཆོས་བཞིན།
ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟ་བུར་རྩོད་པ་དེ་ཞི་བ་ཡིན་ཏེ། ཨུ་པཱ་ལི་ཆོས་རྣམ་པ་འདི་བཅུ་དྲུག་དང་ལྡན་ན་རྩོད་པ་ཞི་བ་ལེགས་པར་ཞི་བ་ཡིན་ནོ། །ཨུ་པཱ་ལི་ཆོས་རྣམ་པ་འདི་ལྔ་དང་ལྡན་པས་རྩོད་པ་ཞི་ན་ལེགས་པར་ཞི་བ་ཡིན་ཏེ། ལྔ་གང་
ཞེ་ན། བསྒོས་ཏེ་ཞི་བར་བྱེད་པ་དང་། ཉེས་པ་བརྗོད་པ་དང་། ཆད་པའི་ལས་ཀྱིས་སྨ་མི་འབེབས་པ་དང་། རྣམ་པར་དག་པ་སྟོན་པ་དང་། དེས་དགེ་འདུན་ལ་གསོལ་བ་བྱས་པར་གྱུར་པ་སྟེ། ཨུ་པཱ་ལི་ཆོས་རྣམ་པ་འདི་ལྔ་དང་ལྡན་པས་རྩོད་པ་ཞི་བ་ལེགས་པར་ཞི་བ་
ཡིན་ནོ། །དེ་ལ་ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་རྣམ་པ་བཅུ་དྲུག་གིས་རྩོད་པ་ཞི་བར་བྱས་ན་བསོད་ནམས་མང་དུ་འཕེལ་བར་འགྱུར་ཏེ། བཅུ་དྲུག་གང་ཞེ་ན། དེས་བདག་ཉིད་ལ་བསོད་ནམས་ཀྱི་ཕུང་པོ་མང་པོས་བསྒོས་པར་གྱུར་པ་དང་། དེས་གཞན་ལ་
ཡང་བསོད་ནམས་ཀྱི་ཕུང་པོ་ཆེན་པོས་བསྒོས་པར་གྱུར་པ་དང་། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་དག་གིས་ཉེས་པ་སྦྱངས་པར་གྱུར་པ་དང་། རྒོལ་བ་དང་ཕྱིར་རྒོལ་བ་དག་གི་ཉེས་པ་ཆོམས་པར་གྱུར་པ་དང་། ཕྱོགས་རྣམ་པ་བཞི་པའི་ཉོན་མོངས་པའི་རྒྱུད་རྣམས་ཞི་
བར་གྱུར་པ་དང་། དགེ་འདུན་བསྡུ་བའི་ཕྱིར་ཞུགས་པར་གྱུར་པ་དང་། དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་མིག་རྒྱས་པར་གྱུར་པ་དང་། ངོ་ཚ་བ་མེད་པའི་ཕྱོགས་རྣམས་ལ་ནན་ཐུར་བྱས་པར་གྱུར་པ་དང་། ངོ་ཚ་བའི་ཕྱོགས་རྣམས་ཡང་དག་པར་བསྡུས་པར་
เล่ม ๑๓ · หน้า 70a
གྱུར་པ་དང་། དམ་པའི་ཆོས་མ་ཡིན་པ་བཟློག་པར་གྱུར་པ་དང་། དམ་པའི་ཆོས་རབ་ཏུ་ཟིན་པར་གྱུར་པ་དང་། ཆོས་ཉིད་བརྗོད་པར་གྱུར་པ་དང་། ཕྱིས་འོང་བའི་སྐྱེ་བོ་རྣམས་ལ་སྣང་བ་སྤྲོས་པར་གྱུར་པ་དང་། དམ་པའི་ཆོས་གནས་པ་དང་། སྐྱེ་
བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པར་གྱུར་པ་སྟེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་རྣམ་པ་བཅུ་དྲུག་གིས་རྩོད་པ་ཞི་བར་བྱས་ན་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པས་རྣམ་པ་འདི་ལྔ་དང་ལྡན་པས་རྩོད་པ་ཞི་བར་བྱས་ན་
བསོད་ནམས་མང་དུ་འཕེལ་བར་འགྱུར་ཏེ། ལྔ་གང་ཞེ་ན། ཉེས་པ་ལ་ཉེས་པར་བརྗོད་ཅིང་ཉེས་པ་མེད་པ་ལ་ཉེས་པ་མེད་པར་བརྗོད་པ་དང་། ལྕི་བ་ལ་ལྕི་བར་བརྗོད་ཅིང་ཡང་བ་ལ་ཡང་བར་བརྗོད་པ་དང་། ལྷག་མ་དང་བཅས་པ་ལ་ལྷག་མ་དང་བཅས་པར་བརྗོད་ཅིང་
ལྷག་མ་མེད་པ་ལ་ལྷག་མ་མེད་པར་བརྗོད་པ་དང་། ཉེས་པ་མེད་པའི་གང་ཟག་ལ་ཉེས་པ་མེད་པར་བརྗོད་ཅིང་ཉེས་པ་ཡོད་པའི་གང་ཟག་ལ་ཉེས་པ་ཡོད་པར་བརྗོད་པ་དང་། ཉེས་པ་མེད་པའི་གང་ཟག་ལ་ཉེས་པ་མེད་པར་རྟོག་པར་བྱེད་ཅིང་། ཉེས་པ་ཡོད་པའི་གང་ཟག་
ལ་ཉེས་པ་ཡོད་པར་རྟོག་པར་བྱེད་པ་སྟེ། ཨུ་པཱ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་པས་རྩོད་པ་ཞི་བར་བྱས་ན་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །ཨུ་པཱ་ལི་དེ་ལྟ་བས་ན་དེ་བཞིན་དུ་བསླབ་པར་བྱ་སྟེ། རྩོད་པ་བྱུང་ཞིང་སྐྱེས་པ་ལ་ཇི་ལྟར་
ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་བཞིན་ཞི་བར་བྱའོ་སྙམ་དུ། ཨུ་པཱ་ལི་ཁྱོད་ཀྱིས་དེ་བཞིན་དུ་བསླབ་པར་གྱིས་ཤིག །འདུལ་བ་ལས་བྱུང་བ་རྣམ་པ་བཅུ་དྲུག་ཅེས་བྱ་བ་རྫོགས་སྷོ།། །།སྒོ་རྣམས་ཀྱི་མདོ་བསྡུས་པ་སྟེ།
བསྙེན་པར་རྫོགས་པ་དང་པོ་དང་། །སོ་སོར་ཕྱེ་དང་དཀྱིལ་འཁོར་དང་། །དེ་བཞིན་སྒོ་ལེབ་བྱང་སེམས་ཏེ། །གླེང་གཞི་རྣམས་ནི་འདིར་བསྡུས་སོ། །མདོར་བསྡུས་པ་སྟེ། བསྙེན་པར་རྫོགས་དང་ལྷག་པ་དང་། །ཡོངས་སུ་དག་དང་བསྐོར་བ་ས། །ཕྱེད་དང་
เล่ม ๑๓ · หน้า 70b
གསུམ་དང་སྡེ་དག་དང་། །ཆད་པ་དག་ཀྱང་དེ་བཞིན་ནོ། །བླངས་པ་དང་ནི་ཤ་རྗེན་དང་། །བསྡུས་པ་རྣམས་ཀྱི་མདོར་བཤད་པའོ། །མདོར་ན། བསྙེན་པར་རྫོགས་པར་བྱེད་པ་ན། །བུད་མེད་སྐྱེས་པ་མངོན་དུ་གནས། །རབ་ཏུ་མ་བྱུང་བསྙེན་པར་རྫོགས། །བར་
ཆད་དག་ཀྱང་རྣམ་པ་བཞི། །མཁན་པོ་མེད་དང་བྱ་རོག་དང་། །དང་པོའི་སྡེར་ཡང་བརྗོད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་
ཨུ་པཱ་ལིས་ཞུས་པ། བཙུན་པ་བསྙེན་པར་རྫོགས་པའི་ཚེ་མཚན་འཕོས་ན་དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་བསྙེན་པར་ནི་རྫོགས་མོད་ཀྱི་དགེ་སློང་མའི་ནང་དུ་ནི་
ཐོང་ཤིག །བཙུན་པ་དགེ་སློང་དག་གིས་བུད་མེད་སྐྱེས་པ་འདྲ་བ་སྐྱེས་པའི་དབྱངས་ཅན། སྐྱེས་པའི་སྐད་དུ་སྨྲ་བ། སྐྱེས་པའི་སྒྲ་ཅན། སྐྱེས་པའི་དབྱིབས་ལྟ་བུ་ཞིག་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་
རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ནི་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་སྐྱེས་པ་ཞིག་ལས་བུད་མེད་འདྲ་བ། བུད་མེད་ཀྱི་དབྱངས་ཅན། བུད་མེད་ཀྱི་སྐད་དུ་སྨྲ་བ། བུད་མེད་ཀྱི་སྒྲ་ཅན།
བུད་མེད་ཀྱི་དབྱིབས་ལྟ་བུ་ཞིག་བསྙེན་པར་རྫོགས་པར་བགྱིས་ན་དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ནི་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་རབ་
ཏུ་མ་བྱུང་བར་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན་དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ནི་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་བསྙེན་པར་
เล่ม ๑๓ · หน้า 71a
མ་རྫོགས་པར་མཁན་པོ་བགྱིས་ཏེ། དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ནི་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་
བཅས་པར་འགྱུར་རོ། །བཙུན་པ་བར་ཆད་ཀྱི་ཆོས་དང་ལྡན་ལ་བདག་བར་ཆད་ཀྱི་ཆོས་དང་ལྡན་ནོ་ཞེས་མཆི་བཞིན་དུ་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ཡང་
མ་རྫོགས་ལ་བསྙེན་པར་རྫོགས་པར་བྱེད་པ་ཡང་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་བར་ཆད་ཀྱི་ཆོས་དང་མི་ལྡན་ལ་བདག་བར་ཆད་ཀྱི་ཆོས་དང་ལྡན་ནོ་ཞེས་མཆི་བ་ཞིག་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན་དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ།
བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ནི་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་དེ་དག་ནི་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་བར་ཆད་ཀྱི་ཆོས་དང་ཡང་མི་ལྡན་ལ་བདག་བར་ཆད་ཀྱི་ཆོས་དང་མི་ལྡན་ནོ་ཞེས་མཆི་བ་ཞིག་དགེ་སློང་དག་
གིས་བསྙེན་པར་རྫོགས་པར་བགྱིས་ན་དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ཡང་རྫོགས་ལ་བསྙེན་པར་རྫོགས་པར་བྱེད་པ་ལ་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ་མཁན་པོ་མ་མཆིས་
བཞིན་དུ་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན་དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ནི་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་དག་ནི་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་མཁན་
པོ་དང་ལྡན་པར་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན་དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་ཡང་རྫོགས་ལ་བསྙེན་པར་རྫོགས་པར་བྱེད་པ་ལ་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །
เล่ม ๑๓ · หน้า 71b
སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལོ་བདུན་ལོན་ལ་བྱ་རོག་སྐྲོད་ནུས་ན་རབ་ཏུ་ཕྱུང་ཤིག་ཅེས་གསུངས་ན། བཙུན་པ་ལོ་དྲུག་ལོན་པ་དེ་ཡང་དགེ་འདུན་གྱི་སྐོ་སར་བྱ་རོག་ཀྱང་སྐྲོད་ནུས་ན་དེ་རབ་ཏུ་དབྱུང་
བར་བགྱིའམ། རབ་ཏུ་མི་དབྱུང་བར་བགྱི། ཨུ་པཱ་ལི་ལོ་བདུན་ལོན་པར་བྱ་བའི་ཕྱིར་ཏེ་རབ་ཏུ་དབྱུང་བར་མི་བྱའོ། །བཙུན་པ་ལོ་བདུན་ནི་ལོན་ལ་དགེ་འདུན་གྱི་སྐོ་ས་ནས་བྱ་རོག་སྐྲོད་མི་ནུས་ན་དེ་ཡང་རབ་ཏུ་དབྱུང་བར་བགྱིའམ། ཨུ་པཱ་ལི་བྱ་རོག་སྐྲོད་ནུས་པར་བྱ་
བའི་ཕྱིར་ཏེ། རབ་ཏུ་དབྱུང་བར་མི་བྱའོ། །གླེང་གཞིའི་ནང་ན་སྒོ་ཐོག་མའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བྲམ་ཟེ་དང་ཡང་ཉིན་པར་དང་། །དཀོར་བ་ཚེས་གྲངས་དེ་བཞིན་ཏེ། །ལྷག་མ་དག་དང་ལོ་དྲུག་དང་། །དྲུག་ཏུ་བྱ་དང་བཅུ་
བཞི་དང་། །ཤོལ་བའི་ཟླ་བར་སྦྱར་བ་སྟེ། །འདྲི་བ་རྣམས་ལའང་དེ་བཞིན་བྱ། །དགེ་སློང་འཁོད་པའི་གནས་ན་ནི། །བསླབ་པ་བྱིན་པས་བཀླག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་
ར་བ་ན་བཞུགས་པའི་ཚེ། བྲམ་ཟེ་དང་ཁྱིམ་བདག་རྣམས་དགེ་སློང་དག་གི་གན་དུ་འོངས་ནས། འཕགས་པ་དེ་རིང་ཚེས་གྲངས་དུ་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ་ཀྱེ་མི་ཤེས་སོ། །བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་པ། མུ་སྟེགས་ཅན་གྱིས་
ཀྱང་ཚེས་གྲངས་དང་། ཉི་མ་དང་། སྐར་མ་དང་། ཡུད་ཙམ་ཡང་ཤེས་ན། ཁྱེད་ཅག་རབ་ཏུ་བྱུང་ན་ཚེས་གྲངས་ཙམ་ཡང་མི་ཤེས་སམ། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཚེས་གྲངས་བགྲང་བར་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་དང་། དགེ་སློང་ཐམས་ཅད་ཀྱང་བགྲང་བ་ལ་ཞུགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་
เล่ม ๑๓ · หน้า 72a
ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ཀྱིས་མ་བགྲང་བར་དགེ་འདུན་གྱི་གནས་བརྟན་དང་། གཙུག་ལག་ཁང་སྐྱོང་གཉིས་ཀྱིས་གྲོངས་ཤིག །དགེ་འདུན་གྱི་གནས་བརྟན་དང་། ཁང་སྐྱོང་གཉིས་ཀྱིས་ཀྱང་མ་དྲན་ནས་དེ་དག་ཉེས་པའི་
དམིགས་སུ་གྱུར་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས། བཅོམ་ལྡན་འདས་ལ་གསོལ་པ་དང་། འཇིམ་པའི་རིལ་བུ་བཅོ་ལྔ་བྱོས་ལ་སྲད་བུ་ལ་བརྒྱུས་ཏེ་ཞོག་ལ་ཉིན་རེ་རེ་ཞིང་དྲང་བར་གྱིས་ཤིག །སྲད་བུ་འཕྱོངས་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་འོད་
མའི་བྱང་བུ་བཅོ་ལྔ་བྱོས་ལ་སྲད་བུ་ལ་བརྒྱུས་ཏེ་ཞོག་ལ་དེ་ལ་ཉིན་གཅིག་རེ་རེ་བཞིན་དྲོངས་ཤིག་ཅེས་གསུངས་པ་དང་། དགེ་སློང་ཐམས་ཅད་ཀྱིས་དེ་བཞིན་དྲངས་པ་དང་། དྲན་པ་ཉམས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་
གྱིས་དྲང་བར་གྱིས་ཤིག །བྲམ་ཟེ་དང་ཁྱིམ་བདག་དག་གིས་ཀྱང་དེར་འོངས་ནས་འཕགས་པ་དེ་རིང་ཚེས་གྲངས་དུ་ཞེས་དྲིས་པ་དང་། དགེ་སློང་དག་གིས་དགེ་འདུན་གྱི་གནས་བརྟན་དང་། ཁང་སྐྱོང་གིས་ཤེས་སོ་ཞེས་དེར་གཏད་པ་དང་། དེ་དག་གིས་སྨྲས་པ།
འཕགས་པ་དེ་དག་ཁྱེད་ཀྱི་ཚེས་གྲངས་ཀྱི་མཛོད་པ་ཡིན་ནམ། ཁྱེད་ལ་དྲིས་ན་ཅིའི་ཕྱིར་གཞན་ལ་གཏོད། ཁྱེད་ཅག་ཉིད་ཀྱིས་སྨྲོས་ཤིག །དེ་དག་ལ་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་ཞིང་གཙུག་ལག་ཁང་ནས་བྱུང་
སྟེ་དོང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་བ་ནི་ཡུས་ཏེ། དེ་བས་ན་དགེ་འདུན་གྱི་ནང་དུ་ཚེས་གྲངས་བརྗོད་པར་བྱའོ་སྙམ་དུ་དགོངས་ནས། དགེ་
སློང་རྣམས་ལ་བཀའ་སྩལ་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཀྱིས། དེ་ལྟ་བས་ན་དགེ་འདུན་གྱི་ནང་དུ་ཚེས་གྲངས་བརྗོད་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ནང་དུ་ཚེས་གྲངས་བརྗོད་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་།
เล่ม ๑๓ · หน้า 72b
དགེ་སློང་རྣམས་ཀྱིས་དགེ་འདུན་གྱི་ནང་དུ་ཚེས་གྲངས་བརྗོད་ཀྱིས་ཟླ་བ་ཕྱེད་པོ་འཛིན་པར་མི་བྱེད་དོ། །ཁྱིམ་བདག་དང་བྲམ་ཟེ་དག་གིས་སྨྲས་པ། འཕགས་པ་ཁྱེད་ཀྱིས་ཟླ་བ་ཕྱེད་པོ་གཟུང་བ་ཡང་མི་ཤེས་ཏེ། དེ་ལྟར་མ་བཟུང་ན་ཡར་གྱི་ཟླ་བ་ཕྱེད་དང་། མར་གྱི་ཟླ་བ་ཕྱེད་
པོ་ཇི་ལྟ་བུར་ཤེས་པར་འགྱུར། དེ་དག་ལན་མེད་ནས་ཅང་མི་སྨྲ་བར་འཁོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་ཕྱེད་པོ་ཟུང་ལ་ཚེས་གྲངས་བརྗོད་པར་བྱའོ། །བརྗོད་པ་ནི་
འདི་བཞིན་དུ་བརྗོད་པར་བྱ་སྟེ། དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང་། དགེ་སློང་གཅིག་གིས་རྒན་རིམས་ཀྱི་དང་པོར་འདུག་ལ་རིམ་གྲོ་དང་བཅས་པས་ཐལ་མོ་སྦྱར་ལ་ཚིག་འདི་སྐད་དུ་སྨྲོས་ཤིག །དེ་རིང་ནི་ཟླ་བ་མར་གྱི་ཚེས་གཅིག་སྟེ། གཙུག་ལག་
ཁང་གི་བདག་པོ་དང་ལྷ་རྣམས་ཀྱི་ཕྱིར་ཚིགས་སུ་བཅད་པ་རེ་རེ་རྗོད་ཅིག །དགེ་སློང་རྣམས་ཀྱིས་ཚེས་གྲངས་ནི་བརྗོད་ཀྱིས། གཙུག་ལག་ཁང་གི་བདག་པོའི་མིང་ནས་མ་སྨོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གི་བདག་པོའི་མིང་
ནས་ཀྱང་བརྗོད་པར་བྱའོ། །འདི་སྐད་དུ་སྦྱིན་བདག་མིང་འདི་ཞེས་བྱ་བས་སང་དགེ་སློང་གི་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་ཀྱིས། དེ་ལ་བཙུན་པ་རྣམས་ཀྱིས་དགེ་བའི་ཡིད་ཀྱིས་བརྩེ་བར་མཛོད་ཅིག །གཙུག་ལག་ཁང་གི་བདག་པོ་ལ་ཇི་ལྟ་བ་གཞན་ཡང་
སྦྱིན་པར་བྱེད་པ་དང་། སྦྱིན་པའི་བདག་པོ་ལ་ཡང་དགེ་བའི་ཡིད་ཀྱིས་བརྩེ་བར་མཛོད་ཅིག །ཇི་ལྟར་དགེ་བའི་ཡིད་ཀྱིས་བརྩེ་བར་མཛད་པས་ན། དེའི་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་གྱིས་འགྲིབ་པར་མི་འགྱུར་རོ། །དེ་བཞིན་དུ་གཞན་ཡང་དེ་ན་རྐྱེན་
དུ་གནས་པའི་སེམས་ཅན་ཐམས་ཅད་ལ་ཡང་སོ་སོའི་མིང་ནས་བརྗོད་པར་བྱའོ། །དགེ་སློང་དག་གིས་ཀྱང་ཚིག་ཐམས་ཅད་རྫོགས་པའི་རྗེས་ལ་སོ་སོ་ནས་ཚིགས་སུ་བཅད་པ་རེ་རེ་ལྷོགས་ཤིག །བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་དེར་འོངས་ནས། འཕགས་པ་དེ་
เล่ม ๑๓ · หน้า 73a
རིང་ཚེས་དུ་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། ཀྱེ་དེང་ནི་བཅོ་ལྔའོ། །བྲམ་ཟེ་དང་ཁྱིམ་བདག་གིས་སྨྲས་པ། འཕགས་པ་འཇིག་རྟེན་པ་ཐམས་ཅད་ཀྱི་ནི་དེ་རིང་བཅུ་བཞི་ན་ཁྱེད་ཅག་གི་ཇི་ལྟར་ན་བཅོ་ལྔ། ཅི་ཁྱེད་ཅག་ཞག་འདུམས་པར་མི་
བྱེད་དམ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞག་འདུམས་པར་ཡང་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་ཞག་འདུམས་པར་བྱོས་ཤིག་ཅེས་གསུངས་པ་དང་། དགེ་སློང་དག་
ཟླ་བ་ཕྱེད་ཕྱེད་ཅིང་ཞག་འདུམས་པར་བྱེད་དོ། །བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་དེར་ལྷགས་ནས། འཕགས་པ་དེ་རིང་ཚེས་གྲངས་དུ་ཞེས་དྲིས་པ་དང་། དགེ་སློང་དག་གིས་སྨྲས་པ། ཀྱེ་དེ་རིང་ངེད་ཀྱི་བཅུ་བཞིའོ། །དེ་དག་གིས་ཡང་སྨྲས་པ། འཕགས་པ་
དེ་རིང་འཇིག་རྟེན་པ་ཐམས་ཅད་ཀྱི་ནི་བཅོ་ལྔ་ན་ཁྱེད་ཅག་གི་ཇི་ལྟར་བཅུ་བཞི། ཅི་ཁྱེད་ཅག་ཟླ་བ་ཕྱེད་ཕྱེད་ཅིང་ཞག་རེ་འདུམས་པར་བྱེད་དམ། དེ་དག་གིས་སྨྲས་པ། འདུམས་པར་བྱེད་དོ། །བྲམ་ཟེ་དང་ཁྱིམ་བདག་དག་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་
འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན་ཟླ་བ་ཕྱེད་ཕྱེད་ཅིང་ཞག་འདུམས་པར་མ་བྱེད་ཅིག །དུས་གཅིག་གི་ཟླ་བ་ཕྱེད་དང་གཉིས་འདས་ཤིང་ཞག་འདུམས་
པར་བྱོས་ཤིག །དེ་ལྟར་ན་ལོ་གཅིག་ལ་གསོ་སྦྱིན་བཅུ་བཞི་པ་ནི་དྲུག་གོ། །དེའི་ལྷག་མ་རྣམས་ནི་བཅོ་ལྔ་པའོ། །དེ་ནས་ཡང་བྲམ་ཟེ་དང་ཁྱིམ་བདག་རྣམས་ལྷགས་ནས། འཕགས་པ་ད་ལྟར་གྱི་ཟླ་བ་འདི་ཁྱེད་ཀྱི་གང་ཞེས་དྲིས་པ་དང་། དགེ་སློང་དག་གིས་
སྨྲས་པ། ཀྱེ་ངེད་ཀྱི་ནི་འདི་དབྱར་ཟླ་ཐ་ཆུངས་སོ། །དེ་དག་གིས་སྨྲས་པ། འཕགས་པ་འཇིག་རྟེན་ཐམས་ཅད་ཀྱི་ནི་ཟླ་བ་འདི་དབྱར་ཟླ་འབྲིང་པོ་ན་ཇི་ལྟར་ན་ཁྱེད་ཀྱི་དབྱར་ཟླ་ཐ་ཆུངས། ཅི་ཁྱེད་ཀྱིས་ཟླ་བ་ཤོལ་མ་བོར་རམ། དེ་དག་གིས་སྨྲས་པ། མ་བོར་རོ། །
เล่ม ๑๓ · หน้า 73b
བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཡུས་ཀྱིས། དེ་ལྟ་བས་ན་ཟླ་བ་ཤོལ་བོར་
ཅིག །བཅོམ་ལྡན་འདས་ཀྱིས་ཟླ་བ་ཤོལ་བོར་ཅིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་ལོ་རེ་རེ་ཞིང་ཤོལ་བོར་རོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཡང་དེར་ལྷགས་ནས། འཕགས་པ་ད་ལྟར་གྱི་ཟླ་བ་འདི་ཁྱེད་ཀྱི་གང་ཞེས་དྲིས་པ་དང་། དགེ་སློང་དག་
གིས་སྨྲས་པ། ཀྱེ་ངེད་ཅག་གི་ད་ལྟར་ནི་དབྱར་ཟླ་འབྲིང་པོའོ། །དེ་དག་གིས་ཡང་སྨྲས་པ། འཕགས་པ་འཇིག་རྟེན་པ་ཐམས་ཅད་ཀྱི་ནི་ཟླ་བ་འདི་དབྱར་ཟླ་ཐ་ཆུངས་ན། ཁྱེད་ཅག་གི་ཇི་ལྟར་དབྱར་ཟླ་འབྲིང་པོ། ཅི་ཁྱེད་ཅག་ལོ་རེ་རེ་ཞིང་ཤོལ་འདོར་རམ། དེ་དག་
གིས་སྨྲས་པ། འདོར་རོ། །བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དང་བྲམ་ཟེ་རྣམས་འཕྱ་བ་ནི་ཡུས་ཀྱིས་དེ་ལྟ་བས་
ན་ལོ་རེ་རེ་ཞིང་ཟླ་བ་ཤོལ་མ་འདོར་བར་ལོ་དྲུག་དྲུག་ཅིང་ཤོལ་བོར་ཅིག །དྲུག་ལྔ་སུམ་བཅུ་སྟེ། དེ་ལྟ་བུར་ཞག་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་ལོར་བསྒྲེས་ན་མཉམ་པར་འགྱུར་ཏེ། མུ་སྟེགས་ཅན་གྱིས་གླགས་བཙལ་ཀྱང་གླགས་མི་རྙེད་པར་འགྱུར་རོ། །བཅོམ་
ལྡན་འདས་ཀྱིས་ལོ་དྲུག་དྲུག་ཅིང་ཟླ་བ་ཤོལ་བོར་ཅིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་ལོ་དྲུག་དྲུག་ཅིང་ཟླ་བ་ཤོལ་འདོར་རོ། །རྒྱལ་པོ་དག་ནི་ལོ་གསུམ་གསུམ་ཞིང་ཤོལ་འདོར་བར་བྱེད་དོ། །དགེ་སློང་དག་གིས་དེ་བཞིན་མ་བྱས་པ་དང་། བློན་པོ་དག་འཕྱ་
བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བློན་པོ་རྣམས་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན་རྒྱལ་པོའི་གཞུང་བཞིན་དུ་ཡང་གྱིས་ཤིག །སྐར་མ་མི་མཐུན་པར་
เล่ม ๑๓ · หน้า 74a
གྱུར་ཏེ། དགེ་སློང་དག་གིས་དེ་ལྟ་བུར་མི་སྦྱོར་བ་དང་། སྐར་མ་རྩི་བ་ལ་མཁས་པ་དག་དགེ་སློང་དག་ལ་འཕྱ་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་
སྐར་མ་རྩི་བ་དག་འཕྱ་བ་ནི་ཡུས་ཏེ། དེ་ལྟ་བས་ན་སྐར་མ་རྩི་བའི་རྗེས་སུ་ཡང་འཇུག་པར་ཡང་བྱོས་ཤིག །གླེང་གཞིའི་ནང་ནས་སྒོ་དང་པོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། ཡོངས་སུ་དག་པ་གཉིས་བྱ་དང་། །མཚམས་ཀྱང་རྣམ་
པ་བཞིར་བྱ་སྟེ། །དེ་བཞིན་དད་པ་ནམ་མཁའ་ལས། །མ་བཀྲོལ་བ་ཡང་སྔ་མ་བཞིན། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་
ཞུས་པ། བཙུན་པ་མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ། ཡོངས་སུ་དག་པ་སྩལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་མཚམས་ཀྱི་སླད་རོལ་ན་མཆིས་པས་མཚམས་ཀྱི་ནང་ན་མཆིས་པ་ལ་ཡོངས་སུ་དག་པ་
སྩལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པའི་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་མཚམས་ཀྱི་སླད་རོལ་ན་མཆིས་པས་མཚམས་ཀྱི་ནང་ན་མཆིས་པའི་ལས་བགྱིར་
རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ལས་བགྱིད་པ་མཚམས་ཀྱི་ནང་ན་མཆིས་བཞིན་དུ་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ལས་བགྱིད་པ་མཚམས་ཀྱི་སླད་རོལ་ན་མཆིས་བཞིན་དུ་མཚམས་ཀྱི་
ནང་ན་མཆིས་པ་རྣམས་ལ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དད་པ་ལེན་པའི་དགེ་སློང་གིས་དད་པ་བླངས་ནས་ནམ་མཁའ་ལ་མཆིས་ན་དད་པ་བླངས་པ་ཞེས་བགྱིའམ། མ་
เล่ม ๑๓ · หน้า 74b
བླངས་པ་ཞེས་བགྱི། ཨུ་པཱ་ལི་མ་བླངས་པ་སྟེ། གདོད་ལོང་ཤིག །བཙུན་པ་མཚམས་སྔ་མ་མ་བཀྲོལ་བར་སླད་མ་དགུམ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །གླེང་གཞིའི་ནང་ནས་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།
འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་གཅིག་པ། མདོར་ན། བསྐོར་བ་དང་ནི་འཇིག་པ་དང་། །ཤིང་དང་ས་ཡི་སྐྱེ་བ་དང་། །མི་འབྱུང་བ་དང་འབྱུང་བ་དང་། །འཆི་བ་ཡང་ནི་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་
ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་མཚམས་ལ་མཚམས་ཀྱིས་བསྐོར་དུ་རུང་ངམ། ཨུ་པཱ་ལི་དཀྱིལ་འཁོར་དང་། ཆུས་བསྐོར་བ་དང་། དགེ་སློང་མའི་
དབྱར་མོ་ཁང་མ་གཏོགས་པར་གཞན་མི་རུང་ངོ་། །མཚམས་ལ་མཚམས་ཀྱིས་གཞིག་ཏུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་རྣམ་པ་དུས་མཚམས་གཞིག་པར་འགྱུར། །ཨུ་པཱ་ལི་ལྔ་སྟེ། དགེ་འདུན་ཐམས་ཅད་ཀྱིས་བོར་ཏེ་དོང་བ་དང་། དགེ་འདུན་ཐམས་
ཅད་མཚན་འཕོས་པ་དང་། དགེ་འདུན་ཐམས་ཅད་སླར་བབས་པ་དང་། དགེ་འདུན་ཐམས་ཅད་དུས་བྱས་པ་དང་། གསོལ་བའི་ལས་དང་ལྔའོ། །བཙུན་པ་ཤིང་གཅིག་ལས་གཙུག་ལག་ཁང་གཉིས་ཀྱི་མཚམས་དགུམ་དུ་རུང་ངམ། ཨུ་པཱ་ལི་རུང་ངོ་། །དེ་བཞིན་
དུ་གཙུག་ལག་ཁང་གསུམ་མམ་བཞི་ཡང་རུང་སྟེ། ཤིང་ཉིད་ནི་གཅལ་བར་བྱོས་ཤིག །སངས་རྒྱས་བཅོམ་ལྡན་འདས་གཞོངས་ཀ་ཤིར་སྤྱད་པ་སྤྱོད་པ་ན་གནས་གཞན་ཞིག་ཏུ་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་ནམ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་
དེའི་ཚེ་འོད་སྔོན་པོ། སེར་པོ། དམར་པོ། དཀར་པོའི་རྣམས་ཞལ་ནས་འབྱུང་སྟེ། ཁ་ཅིག་ནི་འོག་ཏུ་འགྲོ། ཁ་ཅིག་ནི་སྟེང་དུ་འགྲོ། འོག་ཏུ་སོང་བ་དེ་རྣམས་ནི་སེམས་ཅན་དམྱལ་བ་ཡང་འཚོ་དང་། ཐིག་ནག་པོ་དང་། ཀུན་དམྱལ་དང་། འོ་དོད་འབོད་པ་དང་།
เล่ม ๑๓ · หน้า 75a
འོ་དོད་འབོད་པ་ཆེན་པོ་དང་། འཚིག་པ་དང་། རབ་ཏུ་འཚིག་པ་དང་། བསྟིར་མེད་པ་དང་། ཆུ་བུར་དང་། རྒྱུན་དུ་ཆུ་བུར་དང་། ཨ་ཏ་ཏ་དང་། ཧ་ཧ་པ་དང་། ཧུ་ཧུ་པ་དང་། ཨུཏྤལ་ལྟ་བུ་དང་། པད་མ་ལྟ་བུ་དང་། པད་མ་ཆེན་པོ་ལྟ་བུ་
རྣམས་སུ་ཕྱིན་ནས། གང་ཚ་བའི་སེམས་ཅན་དམྱལ་བ་དེ་དག་ལ་བབ་ན་བསིལ་བར་གྱུར། གྲང་བའི་སེམས་ཅན་དམྱལ་བ་དེ་དག་ལ་བབ་ན་དྲོ་བར་གྱུར་ཏེ། དེས་སེམས་ཅན་དེ་དག་ལ་གནོད་པ་ནི་བདེ་བའི་ཁྱད་པར་དུ་གྱུར་པ་དང་། དེ་དག་འདི་སྙམ་དུ་ཀྱེ་ཅི་བདག་
ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སྙམ་དུ་བསམས་པ་དང་། དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་བཏང་ངོ་། །དེ་དག་གིས་སྤྲུལ་པ་མཐོང་བ་དང་འདི་སྙམ་དུ་ཀྱེ་བདག་ཅག་འདི་ནས་ཤི་འཕོས་པ་ཡང་མེད། གུད་
དུ་སྐྱེས་པ་ཡང་མ་ཡིན་གྱི། སྔོན་མ་མཐོང་བའི་སེམས་ཅན་འདིའི་མཐུས་ན། བདག་ཅག་གནོད་པ་ལས་བདེ་བའི་ཁྱད་པར་དུ་གྱུར་ཏོ་སྙམ་བསམས་ནས་དེ་དག་སྤྲུལ་པ་ལ་སེམས་དད་པར་གྱུར་ནས། སེམས་ཅན་དམྱལ་བའི་གནོད་པའི་ལས་མེད་པར་གྱུར་ཏེ།
གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་གྱུར་པ་དེར་ལྷ་དང་མིའི་ནང་དུ་མཚམས་འཛིན་པར་གྱུར་ཏོ། །གང་སྟེང་དུ་སོང་བ་དེ་ནི་རྒྱལ་ཆེན་བཞིའི་ལྷ་དང་སུམ་བཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་།
ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་ཆེན་དང་། སྣང་བ་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་དང་། མི་ཆེ་
བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་ལ་སོགས་པར་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་བརྗོད་ཅིང་ཚིགས་སུ་བཅད་པ་གཉིས་ཀྱང་བརྗོད་དོ། །འབྱུང་བར་བྱ་ཕྱིར་
เล่ม ๑๓ · หน้า 75b
བརྩམ་པར་བྱོས། །སངས་རྒྱས་བསྟན་ལ་བརྩོན་པར་བྱོས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་གཞོམ་པར་བྱོས། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་
ནས། །སྡུག་བསྔལ་ཐ་མར་འབྱིན་པར་འགྱུར། །དེ་ནས་འོད་ཟེར་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྐོར་ནས་སླར་བཅོམ་ལྡན་འདས་ཀྱི་སླད་བཞིན་དུ་འབྲང་ཞིང་དོང་ངོ་། །དེ་སྟེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་
བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་དུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །བྱོལ་སོང་
དུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་
ཀྱི་འཁོར་ལོས་སྒྱུར་བར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་
བར་འགྱུར་རོ། །ཉན་ཐོས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་
གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་གཉིས་སྦྱར་ཏེ། བཅོམ་ལྡན་
เล่ม ๑๓ · หน้า 76a
འདས་ལ་གསོལ་པ། ཁ་དོག་སྣ་ཚོགས་དུ་མ་སྟོང་། །ཞལ་ནས་བྱུང་བ་མང་པོ་སྟེ། །ཕྱོགས་ཀུན་དེས་ནི་སྣང་གྱུར་པ། །ཉི་མ་ཇི་ལྟར་ཤར་བ་བཞིན། །ཚིགས་སུ་བཅད་དེ་ཡང་སྨྲས་པ། རྒོད་དང་ཞུམ་ལས་རྣམ་བྲལ་ང་རྒྱལ་སྤངས། །སངས་
རྒྱས་སྐྱེ་བོ་མཆོག་གི་རྒྱུར་གྱུར་པ། །རྐྱེན་མེད་དུང་དང་པད་མོའི་རྩ་ལྟར་དཀར། །རྒྱལ་བ་དགྲ་ཐུལ་འཛུམ་པ་ཉེ་བར་སྟོན་མི་མཛད། །དེ་ཚེ་རང་གིས་མཁྱེན་ཅིང་བློ་བརྟན་པ། །རྒྱལ་དབང་ཉན་པ་ཐོས་སུ་རེ་བའི་རྣམས། །ཐུབ་པའི་ཁྱུ་མཆོག་བརྟན་པའི་གསུང་
རབ་ཀྱིས། །ཐེ་ཚོམ་སྐྱེས་པ་དགེ་བས་བསལ་བར་མཛོད། །རྒྱ་མཚོ་ལས་ནི་རི་རྒྱལ་བརྟན་པ་བཞིན། །ཡང་དག་མགོན་པོས་རྒྱུ་མེད་འཛུམ་མི་སྟེན། །བརྟན་པས་གང་ཕྱིར་འཛུམ་པ་ཉེར་བསྟན་པ། །དེ་ནི་སྐྱེ་བོ་མང་པོ་ཐོས་པར་འཚལ། །བཙུན་པ་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པར་མི་མཛད་ན། བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན་འཛུམ་པ་མཛད། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཕྱོགས་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་བཞུགས་ནས་ཆོས་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རིངས་ཤིང་མྱུར་བར་སྟོད་གཡོགས་
བཞི་ལྟབ་ཏུ་བལྟབ་སྟེ་བཏིང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདན་བཏིང་བ་འདི་ལ་བཞུགས་པར་གསོལ། གནས་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། ད་ལྟར་གྱི་བཅོམ་ལྡན་འདས་དང་ཡང་དག་
པར་རྫོགས་པའི་སངས་རྒྱས་གཉིས་བཞུགས་པར་འགྱུར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ཀུན་དགའ་བོ་ངས་མ་སྨྲས་པར་ཁྱོད་ཀྱིས་ཤེས་པ་ནི་ལེགས་སོ་ཞེས་
เล่ม ๑๓ · หน้า 76b
གསུངས་ནས་གདན་བཏིང་བ་དེ་ལ་བཞུགས་སོ། །བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཕྱོགས་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་ངོ་། །འདི་ནི་འཆག་སའོ། །འདི་ནི་སྟེགས་
བུའོ། །འདི་ནི་སྒོ་ཁང་ངོ་། །འདི་ནི་ཞབས་འཁྲུ་བའི་སའོ། །འདི་ནི་བསྲོ་ཁང་ངོ་། །འདི་ནི་རུང་བའི་ཁང་པའོ། །འདི་ནི་དུགས་ཁང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་རུང་བའི་ས་ཞེས་ཀྱང་བགྱི་
མི་རུང་བའི་ས་ཞེས་ཀྱང་བགྱི་ན། བཙུན་པ་ཇི་ཙམ་གྱིས་ན་རུང་བའི་སར་རིག་པར་བགྱི། ཨུ་པཱ་ལི་དམ་པའི་ཆོས་ཡོད་པའི་ཚེ་རུང་བ་དང་མི་རུང་བར་འགྱུར། དམ་པའི་ཆོས་ཞིག་པར་གྱུར་ན་ཐམས་ཅད་ཀྱང་རུང་བའོ། །བཙུན་པ་ཇི་ཙམ་གྱིས་ན་དམ་པའི་ཆོས་
མཆིས་པ་ཞེས་བགྱི། ཇི་ཙམ་གྱིས་ན་ཞིག་པ་ཞེས་བགྱི། ཨུ་པཱ་ལི་ཇི་སྲིད་དུ་ལས་བྱེད་ཅིང་ནན་ཏན་བྱེད་པ་ཡང་ཡོད་པའི་བར་དུ་སྟེ། ལས་བྱེད་ལ་ནན་ཏན་བྱེད་པ་ཡང་ཡོད་ན་དམ་པའི་ཆོས་ཡོད་པ་ཞེས་བྱའོ། །ལས་ཀྱང་མི་བྱེད་ལ་ནན་ཏན་བྱེད་པ་དག་
ཀྱང་མེད་ན་དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་མཚམས་ཀྱི་ནང་ན་རྒྱལ་བ་བཞུགས་བཞིན་ལས་བགྱིར་རུང་ངམ། ཨུ་པཱ་ལི་རུང་ངོ་། །རྒྱལ་བས་གྲངས་སུ་བསྐངས་ལ་ལས་བགྱིར་
རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་སངས་རྒྱས་དཀོན་མཆོག་ཀྱང་གཞན། དགེ་འདུན་དཀོན་མཆོག་ཀྱང་གཞན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་མི་བསྐྱེད་པའི་མཚམས་བསྐྱེད་དུ་རུང་
ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ཇི་ཙམ་གྱིས་ན་མཚམས་བསྐྱེད་དུ་མི་རུང་བ་ཞེས་བགྱི། ཨུ་པཱ་ལི་གསུམ་གྱིས་ཏེ། དཀྱིལ་འཁོར་དང་། ཆུས་བསྐོར་བ་དང་། མཚམས་ཀྱི་ནང་ངོ་། །བཙུན་པ་ཆུ་ཀླུང་འབབ་པའི་ཕ་རོལ་ཏུ་མཚམས་དགུམ་དུ་དུང་
เล่ม ๑๓ · หน้า 77a
ངམ། ཨུ་པཱ་ལི་མི་རུང་ངོ་། །དེ་སྟེ་ཟམ་པ་བརྟན་པོ་ཞིག་ཡོད་ན་རུང་ངོ་། །དེ་སྟེ་བཙུན་པ་ཟམ་པ་ཆད་དམ་ཞིག་པར་གྱུར་ན། ཇི་ཙམ་གྱིས་ན་མི་འཇིག་པ་ཞེས་བགྱི། ཨུ་པཱ་ལི་སླར་ཡང་བཅིང་བར་བྱ་བའི་སེམས་ཡོད་ན་ཞག་བདུན་དུ་འཇིག་
པར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་སློང་གིས་མཚམས་འགུམ་པའི་ཚེ་ལས་བྱེད་པའི་དགེ་སློང་གུམ་སྟེ། དུས་བགྱིས་ན་བཀུམ་པ་ཞེས་བགྱིའམ་མ་བཀུམ་པ་ཞེས་བགྱི། ཨུ་པཱ་ལི་མཚན་
མ་རྣམས་བརྗོད་ལ་ལས་ཀྱང་མང་དུ་བྱས་ན་བཅད་པ་ཞེས་བྱའོ། །བཟློག་པ་ནི་མ་བཅད་པའོ། །བཙུན་པ་དགེ་སློང་མའི་མཚམས་གཅོད་པའི་ཚེ་ལས་བགྱིད་པའི་དགེ་སློང་མ་གུམ་སྟེ། དུས་བགྱིས་ན་བཀུམ་པ་ཞེས་བགྱིའམ་མ་བཀུམ་པ་ཞེས་བགྱི། དེ་སྟེ་ཨུ་
པཱ་ལི་མཚན་མ་རྣམས་བརྗོད་ལ་ལས་ཀྱང་མང་དུ་བྱས་ན་བཅད་པ་ཞེས་བྱའོ། །བཟློག་པ་ནི་མ་བཅད་པ་ཞེས་བྱའོ། །གླེང་གཞིའི་ནང་ནས་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བཞིའོ།། །།མདོར་ན། ས་དང་ནམ་མཁར་ལས་བྱ་བ། །མཚམས་དང་
ཡོངས་སུ་དག་པ་དང་། །གནས་གཅིག་འདུག་པའི་དགེ་སློང་གིས། །ལས་རྣམས་ཀུན་ལ་བལྟ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་
ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ས་ལ་མཆིས་པ་དག་གིས་ས་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དད་པ་བྱིན་པ་ནི་རུང་སྟེ། དེ་སྟེ་ས་ལ་གནས་པས་གྲངས་སུ་ཚང་ལ་ས་ལ་གནས་པའི་རྣམས་ལས་དད་
པ་ཡང་བླངས་པར་གྱུར་པའོ། །བཙུན་པ་ས་ལ་མཆིས་པས་རྩིག་པ་ལ་མཆིས་པ་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དད་པ་བྱིན་པ་ནི་རུང་སྟེ། དེ་སྟེ་ས་ལ་གནས་པ་དག་མང་པོར་ཚང་ལ་རྩིག་པ་ལ་གནས་པའི་རྣམས་ལས་དད་པ་ཡང་
เล่ม ๑๓ · หน้า 77b
བླངས་པར་གྱུར་པའོ། །ས་ལ་མཆིས་པ་དག་གིས་ཤིང་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དད་པ་བྱིན་པ་ནི་རུང་སྟེ། དེ་སྟེ་ས་ལ་གནས་པ་དག་མང་པོར་ཚང་ལ་ཤིང་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་
གྱུར་པའོ། །བཙུན་པ་ས་ལ་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་རྩིག་པའི་སྟེང་ན་མཆིས་པ་དག་གིས་རྩིག་པའི་སྟེང་ན་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ།
ཨུ་པཱ་ལི་མི་རུང་ངོ་། །དད་པ་བྱིན་ན་རུང་སྟེ། དེ་སྟེ་རྩིག་པའི་སྟེང་ན་གནས་པ་དག་གྲངས་སུ་ཚང་ལ་རྩིག་པའི་སྟེང་ན་གནས་པའི་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ་རྩིག་པའི་སྟེང་ན་མཆིས་པ་དག་གིས་ས་ལ་མཆིས་པ་དག་དང་
ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དད་པ་བྱིན་པ་ནི་རུང་སྟེ། དེ་སྟེ་རྩིག་པའི་སྟེང་ན་གནས་པ་དག་གིས་གྲངས་སུ་ཚང་ལ་ས་ལ་གནས་པའི་རྣམས་ལས་དད་པ་ཡང་བླངས་པར་གྱུར་ནའོ། །བཙུན་པ་རྩིག་པའི་སྟེང་ན་མཆིས་པ་དག་གིས་
ཤིང་གི་སྟེང་ན་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དད་པ་བྱིན་ན་རུང་སྟེ། དེ་སྟེ་རྩིག་པ་ལ་གནས་པ་དག་གྲངས་སུ་ཚང་ལ་ཤིང་གི་སྟེང་ན་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ་རྩིག་པའི་
སྟེང་ན་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ཤིང་ལ་མཆིས་པ་དག་གིས་ཤིང་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དད་པ་བྱིན་ན་
རུང་སྟེ། དེ་སྟེ་ཤིང་ལ་གནས་པ་དག་གྲངས་སུ་བསྐངས་ལ་ཤིང་ལ་གནས་པའི་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །ཤིང་ལ་མཆིས་པ་དག་གིས་ས་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དད་པ་
เล่ม ๑๓ · หน้า 78a
བྱིན་ན་རུང་སྟེ། དེ་སྟེ་ཤིང་ལ་གནས་པ་དག་གིས་གྲངས་སུ་བསྐངས་ལ་ས་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ་ཤིང་ལ་གནས་པ་དག་གིས་རྩིག་པ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་
པཱ་ལི་མི་རུང་ངོ་། །དེ་སྟེ་ཤིང་ལ་གནས་པ་དག་གིས་གྲངས་སུ་བསྐངས་ལ་ས་ལ་གནས་པའི་རྣམས་ལས་དད་པ་ཡང་བླངས་པར་གྱུར་ནའོ། །བཙུན་པ་ཤིང་ལ་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ།
ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ནམ་མཁའ་ལ་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ནམ་མཁའ་ལ་མཆིས་པ་དག་གིས་ས་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་
བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ནམ་མཁའ་ལ་མཆིས་པ་དག་གིས་རྩིག་པ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ནམ་མཁའ་ལ་མཆིས་པ་དག་གིས་ཤིང་ལ་མཆིས་པ་དག་དང་
ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་འདུལ་བ་འདིའི་དཀྱིལ་འཁོར་ལས་ལས་བརྒྱ་རྩ་གཅིག་ཏུ་གསུངས་པ། བཙུན་པ་ལས་
བརྒྱ་རྩ་གཅིག་པ་དེའི་ནང་ནས་ལས་དུས་ན་དད་པ་དང་བཅས་པར་འགྱུར། དུས་ན་དད་པ་མ་མཆིས་པར་འགྱུར། ཨུ་པཱ་ལི་ཐམས་ཅད་ཀྱང་དད་པ་དང་བཅས་པ་སྟེ། མཚམས་བཅད་པ་ནི་མ་གཏོགས་སོ། །བཙུན་པ་རྫུ་འཕྲུལ་ལམ་སྒྱུ་མས་མཚམས་
དགུམ་དུ་རུང་ངམ། ཨུ་པཱ་ལི་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་རྫུ་འཕྲུལ་དང་སྒྱུ་མ་ལ་ནི་ཐ་སྙད་དུ་གདགས་པ་མེད་དོ། །བཙུན་པ་གཟའ་དང་། འོད་ཟེར་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་རྣམས་ཀྱིས་མཚམས་དགུམ་དུ་རུང་ངམ།
เล่ม ๑๓ · หน้า 78b
ཨུ་པཱ་ལི་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་གཟའ་དང་། འོད་ཟེར་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་རྣམས་མི་བརྟན་པའི་ཕྱིར་རོ། །བཙུན་པ་ཆུ་རླབས་ཀྱིས་མཚམས་དགུམ་དུ་རུང་ངམ། ཨུ་པཱ་ལི་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་
པཱ་ལི་ཆུ་རླབས་ནི་མི་བརྟན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་ཡོངས་སུ་དག་པ་བླངས་ནས་སྟེང་གི་ནམ་མཁའ་ལས་མཆིས་ན་དེས་ཡོངས་སུ་དག་པ་བླངས་
པ་ཞེས་བགྱིའམ། ཨུ་པཱ་ལི་མ་བླངས་པ་སྟེ། གདོད་བླང་དགོས་སོ། །བཙུན་པ་ལས་བགྱིད་པ་གཅིག་གིས་ལས་ཀྱི་ཚིག་ཀྱང་གཅིག་གསོལ་བ་ཡང་གཅིག་གིས་གནས་བཞིར་སྡེ་བཞི་ལ་ལས་བགྱིར་རུང་ངམ། ཨུ་པཱ་ལི་རུང་སྟེ། དེ་སྟེ་གནས་བཞིར་
དགེ་སློང་གསུམ་གསུམ་གནས་ལ། གསོལ་བ་དང་ལས་ཀྱང་མངོན་དུ་གྱུར་ཅིང་དེར་གསོལ་བར་བྱེད་པའི་དགེ་སློང་གིས་གནས་བཞིའི་མཚམས་སུ་སབ་མོའམ། རེ་ལྡེའམ། ཁྲི་འམ། གཞན་དག་ཀྱང་རུང་། དེས་མནན་ཏེ་དེའི་སྟེང་དུ་འདུག་ནས་ལས་བྱའོ། །
ལས་བྱེད་པ་དེ་ཉིད་དེ་དག་གི་གྲངས་སུ་སྐོང་བའོ། །བཙུན་པ་དགེ་སློང་གཅིག་གིས་གནས་གཅིག་ཏུ་མཆིས་ལ་གནས་བཞིར་ལས་བགྱིར་རུང་ངམ། ཨུ་པཱ་ལི་རུང་སྟེ། དེ་ཡང་གནས་བཞིར་འདི་ལྟ་སྟེ། བསྡིགས་པའི་ལས་དང་། སྨད་པ་དང་། བསྐྲད་
པ་དང་། སླར་བསྡུམ་པ་དང་། མ་མཐོང་བའི་ཕྱིར་སྤང་བ་དང་། སླར་ལས་མི་བྱེད་པས་སྤང་བའི་ལས་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་བས་སྤང་བའི་ལས་དང་། ཆད་པའི་ལས་དེ་རྣམས་ལ་མངོན་དུ་གནས་པར་གྱུར་ལ། ལས་བྱེད་པའི་དགེ་སློང་གིས་
གནས་བཞིའི་མཚམས་སབ་མོའམ་རེ་ལྡེས་མནན་ཏེ་འདུག་པའོ། །གླེང་གཞིའི་སྒོ་དང་པོའི་ཚིགས་སུ་བཅད་པ་ལྔ་པའོ།། །།མདོར་ན། ཕྱེད་དང་གསུམ་ལས་འདས་པ་དང་། །ཕྱེད་དང་གསུམ་ཡང་རི་ཡི་སྟེང་། །དགེ་འདུན་བྱེ་བ་སྐྱ་རེངས་དང་། །
เล่ม ๑๓ · หน้า 79a
མཚམས་ཀྱི་ནང་དུ་བྱིན་གྱིས་བརླབས། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་
བཅོམ་ལྡན་འདས་ཀྱིས་མཚམས་ཆེན་པོ་ཆོད་ཅིག་ཅེས་གསུངས་ན། བཙུན་པ་མཚམས་ཆེན་པོ་དེའི་ཚད་ཇི་ཙམ་ལགས། ཨུ་པཱ་ལི་དཔག་ཚད་ཕྱེད་དང་གསུམ་མོ། །བཙུན་པ་ཕྱེད་དང་གསུམ་ཕན་ཆད་ཀྱང་མཚམས་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། དཔག་
ཚད་ཕྱེད་དང་གསུམ་ཚུན་ཆད་མཚམས་སོ། །བཙུན་པ་འོག་གི་ཁམས་ཀྱི་མཚམས་གང་ལགས། ཨུ་པཱ་ལི་ཇི་ཙམ་ཆུ་ལ་ཐུག་པར་གྱུར་པའི་བར་དུའོ། །བཙུན་པ་དཔག་ཚད་ཕྱེད་དང་གསུམ་ལས་འདས་ཏེ། ཆུ་ལ་ཐུག་པར་གྱུར་ན་ཅི་དེ་ཡང་མཚམས་ཞེས་
བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ནི་མཚམས་ཡིན་གྱི། དེ་ཕན་ཆད་ནི་མཚམས་མ་ཡིན་ནོ། །བཙུན་པ་སྟེང་གི་ཁམས་སུ་མཚམས་གང་ལགས། ཨུ་པཱ་ལི་ཇི་ཙམ་ཤིང་གི་རྩེ་མོ་འམ་རྩིག་པའི་སྟེང་ལ་ཐུག་པར་
གྱུར་པའི་བར་དུའོ། །བཙུན་པ་དཔག་ཚད་ཕྱེད་དང་གསུམ་ཕན་ཆད་ཀྱི་ཤིང་གི་རྩེ་མོ་འམ། རྩིག་པའི་སྟེང་དུ་གྱུར་ན་ཅི་དེ་ཡང་མཚམས་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །ཨུ་པཱ་ལི་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ནི་མཚམས་སོ། །དེ་ཕན་
ཆད་ནི་མཚམས་མ་ཡིན་ནོ། །བཙུན་པ་རིའི་མཚམས་གང་ལགས། ཨུ་པཱ་ལི་ཇི་ཙམ་ཆུས་བསྐོར་བ་ལ་ཐུག་པའི་བར་དུའོ། །བཙུན་པ་དཔག་ཚད་ཕྱེད་དང་གསུམ་ཕན་ཆད་གཅིག་ཏུ་ཆུས་བསྐོར་བར་གྱུར་ན་ཅི་དེ་ཡང་མཚམས་ཞེས་བགྱིའམ། ཨུ་པཱ་ལི་
མ་ཡིན་ནོ། །ཨུ་པཱ་ལི་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ནི་མཚམས་སོ། །དེ་ཕན་ཆད་ནི་མཚམས་མ་ཡིན་ནོ། །བཙུན་པ་དབྱར་གྱི་ནང་དུ་དགེ་འདུན་བྱེ་སྟེ། དེ་ན་དགེ་སློང་ཞིག་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ། བདག་ཆོས་ལ་ཕྱོགས་པར་
เล่ม ๑๓ · หน้า 79b
བསམས་བཞིན་དུ་ཆོས་མ་ལགས་པའི་ཕྱོགས་ཀྱི་ནང་དུ་མཆིས་ན་དབྱར་ཆད་པ་ཞེས་བགྱིའམ། དབྱར་མ་ཆད་པ་ཞེས་བགྱི། ཨུ་པཱ་ལི་དེ་སྟེ་དེ་དག་གིས་ལྟ་བ་ལ་ཡང་དད་ལ་དེར་སོང་ནས། སྐྱ་རེངས་ཤར་ན་དབྱར་ཆད་པ་ཞེས་བྱའོ། །དེ་སྟེ་ལྟ་བ་ལ་ཡང་
མ་དད་ལ་དེར་སོང་ནས། སྐྱ་རེངས་མ་ཤར་ན་དེ་དབྱར་མ་ཆད་པ་ཞེས་བྱའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དབྱར་ཚུལ་ན་གནས་པའི་ཚེ། དགེ་སློང་གིས་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་སླད་རོལ་དུ་སོང་ཤིག་ཅེས་གསུངས་
ན། གང་དུ་བྱིན་གྱིས་བརླབ་པར་བགྱི། ཨུ་པཱ་ལི་མཚམས་ཀྱི་ནང་དུའོ། །ཇི་ལྟ་བུར་བགྱི། དགེ་སློང་གི་མདུན་དུ་འདུག་ནས་ཐལ་མོ་སྦྱར་བ་བྱ་སྟེ། ཚིག་འདི་སྐད་ཅེས་སྨྲོས་ཤིག །དགོངས་ཤིག་ཚེ་དང་ལྡན་པ་བདག་དགེ་སློང་མིང་འདི་ཞེས་བགྱི་
བ་མཚམས་ཀྱི་ནང་གནས་འདིར་དབྱར་དང་པོའམ་ཐ་མ་ཡང་རུང་སྟེ་ཚུལ་དུ་ཞུགས་པ་ལས། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་དོན་ལ་མཚམས་ཀྱི་སླད་རོལ་དུ་མཆི་བའི་སླད་དུ་ཞག་བདུན་བྱིན་གྱིས་བརླབས་ཏེ། བདག་དབྱར་འདིར་རོ། །
བདག་དབྱར་འདིར་གནས་སོ་ཞེས་ཀུན་རྒྱས་པར་བྱ་སྟེ་སྔ་མ་བཞིན་ནོ། །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་དྲུག་གོ། །།མདོར་ན། སྡེ་ལྔ་རྣམས་ཏེ་བསམས་བཞིན་དུ། །ཀུན་རྒྱུ་གཉེན་ལའང་དེ་བཞིན་ཏེ། །ལུང་ལ་ཐེ་ཚོམ་
བྱུང་བ་དང་། །མ་ཐོབ་ཕྱིར་ཡང་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་
བཅོམ་ལྡན་འདས་ཀྱིས་དབྱར་ཚུལ་དུ་འཇུག་པར་གྱིས་ཤིག་ཅེས་གསུངས་ན། གང་དག་ཚུལ་དུ་འཇུག་པར་བགྱི། ཨུ་པཱ་ལི་དེ་ནི་ལྔ་སྟེ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མའོ། །ཇི་ལྟར་འཇུག་པར་
เล่ม ๑๓ · หน้า 80a
བགྱི། ཐམས་ཅད་ཀྱང་སྔ་མ་བཞིན་དུའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཞག་བདུན་དུ་བྱིན་གྱིས་བརླབ་པར་བྱས་ན། དགེ་བསྙེན་གྱི་དོན་ལ་མཚམས་ཀྱི་སླད་རོལ་དུ་སོང་ཤིག་ཅེས་གསུངས་ན། བཙུན་པ་དེ་སྟེ་མུ་སྟེགས་ཅན་ཞིག་མཆིས་ན།
དེའི་དོན་ལ་ཡང་མཆི་བར་བགྱིའམ། ཨུ་པཱ་ལི་དེ་སྟེ་སྡིག་པ་ལ་ལྟ་བ་དེ་ལས་དབྲལ་བར་འདོད་ན་འགྲོ་བར་བྱའོ། །བཙུན་པ་གཉེན་ཞིག་མཆིས་ན། དེའི་དོན་ལ་ཡང་མཆི་བར་བགྱིའམ། འགྲོ་བར་བྱའོ། །བཙུན་པ་དགེ་སློང་ཞིག་གཞུང་ལ་ཐེ་ཚོམ་མམ་དོགས་
པ་ཞིག་མཆིས་ན། དེ་ཡང་མཆི་བར་བགྱིའམ། ཨུ་པཱ་ལི་དེ་ཡང་འགྲོ་བར་བྱའོ། །བཙུན་པ་དགེ་སློང་གིས་མ་ཐོབ་པ་ལས་ཐོབ་པའི་སླད་དུ། མ་ཆུད་པ་ལས་ཆུད་པའི་སླད་དུ། མངོན་དུ་མ་བགྱིས་པ་ལས་མངོན་དུ་བགྱི་བའི་སླད་དུ། ཐེ་ཚོམ་མམ་དོགས་
པ་ཞིག་མཆིས་ན། དེ་ཡང་མཆི་བར་བགྱིའམ། ཨུ་པཱ་ལི་དེ་ཡང་འགྲོ་བར་བྱའོ། །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བདུན་ནོ།། །།མདོར་ན། མ་དྲས་གོས་ཀྱང་དེ་བཞིན་ཏེ། །འོན་ཏེ་གྲོང་དུ་འགྲོ་བ་དང་། །ཀུན་ཏུ་རྒྱུ་དང་དེ་བཞིན་པ། །
གཏན་ལ་བབ་ན་གོང་ལུགས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་མ་དྲས་པའི་གོས་བྱིན་
གྱིས་བརླབ་པར་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་རྣམ་པ་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །བཙུན་པ་མ་དྲས་པའི་གོས་འཚལ་ནས་གྲོང་དུ་མཆིར་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །བཙུན་པ་མ་དྲས་པའི་གོས་འཚལ་ཏེ། ཁྱིམ་
པའི་ཁྱིམ་དུ་མཆིར་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །བཙུན་པ་མ་དྲས་པའི་གོས་འཚལ་ཏེ། ཁྱིམ་པའི་ཁྱིམ་དུ་གནས་སུ་མཆིས་སུ་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །བཙུན་པ་མ་དྲས་
เล่ม ๑๓ · หน้า 80b
པའི་གོས་འཚལ་ཏེ། ཀུན་ཏུ་རྒྱུ་བའི་ཁྱིམ་དུ་མཆིར་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །བཙུན་པ་མ་དྲས་པའི་གོས་འཚལ་ཏེ། ཀུན་ཏུ་རྒྱུ་བའི་གནས་སུ་མཆིས་སུ་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །
བཙུན་པ་མ་དྲས་པའི་གོས་འཚལ་ཏེ། སླད་རོལ་དུ་མཆིར་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཆོས་གོས་ཁྲུ་ཚད་དུ་བྱོས་
ཤིག་ཅེས་གསུངས་ན། བཙུན་པ་ལ་ལ་ཞིག་ཁྲུ་ཐུང་ཞིང་ལུས་རིང་ན་དེས་ཀྱང་ཁྲུ་ཚད་དུ་བགྱིའམ། ཨུ་པཱ་ལི་དེ་ནི་ཁྲུ་ཚད་དུ་བྱ་བ་མ་ཡིན་གྱི། དེའི་ལུས་ཀྱི་ཚད་དུ་བྱོས་ཤིག །བཙུན་པ་གང་ལ་ཐབས་ཀྱིས་ཆོས་གོས་མི་ལངས་ན། དེས་ཇི་ལྟར་བགྱི།
ཨུ་པཱ་ལི་དེས་གོང་ལུགས་སུ་གྱིས་ལ་ཆོངས་ཤིག །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། ལྷམ་ལ་རྣམ་པ་ལྔར་བྱ་སྟེ། །སེང་གེ་གཅན་གཟན་མི་སྲུན་དང་། །འདུག་པར་ཡང་ནི་མི་རུང་སྟེ། །པགས་པ་ལ་
ནི་ཉལ་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་བལ་གླང་ཅང་
ཤེས་ཀྱི་པགས་པ་ལས་བགྱིས་པའི་ལྷམ་མ་འཆང་ཤིག་གསུངས་ན། བཙུན་པ་ཅི་བལ་གླང་ཕལ་གྱི་པགས་པ་ལ་ཡང་ལྷམ་བགྱིས་ཏེ། བཅང་བར་མི་བགྱིའམ། ཨུ་པཱ་ལི་དེ་དག་གི་པགས་པ་ལ་ཡང་ལྷམ་བྱས་ཏེ་བཅང་བར་མི་བྱའོ། །ཨུ་པཱ་ལི་དེ་
ཅིའི་ཕྱིར་ཞེ་ན། དེ་དག་ཀྱང་སྣ་སྟོབས་དང་ལྡན་པ། སོ་སྟོབས་དང་ལྡན་པ། རྐང་སྟོབས་དང་ལྡན་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་རྟ་ཅང་ཤེས་ཀྱི་པགས་པ་ལས་བགྱིས་པའི་ལྷམ་མ་འཆང་ཤིག་ཅེས་གསུངས་ན། བཙུན་པ་ཅི་རྟ་ཕལ་གྱི་པགས་པའི་
เล่ม ๑๓ · หน้า 81a
ལྷམ་ཡང་བཅང་བར་མི་བགྱིའམ། ཨུ་པཱ་ལི་དེའི་པགས་པའི་ལྷམ་ཡང་བཅང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་དེ་དག་མགྱོགས་པ་དང་ལྡན། སྟོབས་དང་ལྡན་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སེང་གེ་དང་། སྟག་དང་
གཟིག་གི་པགས་པ་ལས་བགྱིས་པའི་ལྷམ་མ་འཆང་ཤིག་ཅེས་གསུངས་ན། བཙུན་པ་གཅན་གཟན་མི་སྲུན་པ་གཞན་དག་ཀྱང་མཆིས་ན། དེ་དག་གི་པགས་པ་ལས་བགྱིས་པའི་ལྷམ་བཅང་བར་མི་བགྱིའམ། ཨུ་པཱ་ལི་དེ་དག་གི་པགས་པ་ལ་ལྷམ་བྱས་པ་
ཡང་མ་འཆང་ཤིག །ཨུ་པཱ་ལི་དེ་ཅིའི་ཕྱིར་ཞེ་ན། དེ་དག་ཀྱང་སེན་མོའི་སྟོབས་དང་ལྡན། མཆེ་བའི་སྟོབས་དང་ལྡན་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་པགས་པའི་སྟེང་དུ་མ་འདུག་ཤིག་ཅེས་གསུངས་ན། བཙུན་པ་ཇི་ཙམ་གྱིས་ན་པགས་
པའི་སྟེང་དུ་མཆིས་པ་ཞེས་བགྱི། ཨུ་པཱ་ལི་དེ་ནི་ཇི་ཙམ་རྐུབ་བཞག་པར་གྱུར་པས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་པགས་པའི་སྟེང་དུ་མ་ཉལ་ཅིག་ཅེས་གསུངས་ན། བཙུན་པ་ཇི་ཙམ་གྱིས་ན་པགས་པའི་སྟེང་དུ་ཉལ་བ་ཞེས་བགྱི། དེ་ནི་ཨུ་པཱ་ལི་
ཇི་ཙམ་འཕྲེས་པར་གྱུར་པའོ། །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། ཤ་རྗེན་དང་ནི་རྩབ་མོ་དང་། །ཡོངས་སུ་བཙགས་པར་གྱུར་པ་དང་། །གཞང་འབྲུམ་གཅད་པར་མི་བྱ་སྟེ། །གཙུག་ལག་ཁང་དང་
བཅའ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་
སེ་ཀ་ཏ་བྲོ་འཚལ་བ་ལ་ཤ་རྗེན་བྱིན་ཅིག་ཅེས་གསུངས་ན། བཙུན་པ་སུ་ལས་བླང་བར་བགྱི། ཨུ་པཱ་ལི་དེ་ནི་ཤ་འཚོང་བ་རྣམ་པ་ལྔ་ལས་སོ། །རྣམ་པ་ལྔ་གང་ཞེ་ན། ཤེན་པ་དང་། ཁྱིམ་བྱ་གསོད་པ་དང་། རི་བྱ་གསོད་པ་དང་། ཕག་གསོད་པ་
เล่ม ๑๓ · หน้า 81b
དང་། རི་དགས་གསོད་པ་རྣམས་སོ། །འོ་ན་བཙུན་པ་སུས་བླང་ཞིང་བྱིན་ལེན་བགྱི། ཨུ་པཱ་ལི་དགེ་བསྙེན་དད་པས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་དུས་ན་དགེ་སློང་གཞན་ཞིག་ན་བར་གྱུར་ནས་དེ་སྨན་པའི་དྲུང་དུ་སོང་སྟེ། ནད་མེད་ཅིག་ཅེས་སྨྲས་ནས་
བཞིན་བཟངས་བདག་ནད་འདི་དང་འདི་ལྟ་བུ་ཞིག་གིས་བཏབ་ན་དཔྱད་ཅིག་སྟོན་ཅིག །དེས་འཕགས་པ་མར་འཐུང་ཤིག་དང་འཚོ་བར་འགྱུར་རོ་ཞེས་སྨྲས་པ་དང་། དེས་བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་སྨྲས་པ་དང་། སྨན་པས་ཁྱོད་ཀྱི་སྟོན་
པ་ནི་ཐུགས་རྗེ་ཅན་ཡིན་གྱིས་གནང་བར་འགྱུར་རོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་མར་གྱིས་འཚོ་བར་འགྱུར་ཞེས་བསྒོ་ན་འཐུང་ཤིག །དགེ་སློང་
དེས་མར་འཐུངས་ན་སྐོམ་གྱིས་གཟིར་བར་གྱུར་ཏེ། དེས་སྨན་པ་ལ་བཞིན་བཟངས་བདག་ནི་སྐོམ་པས་གཟིར་ཏོ། །དེས་སྨྲས་པ་འཕགས་པ་རྩབ་མོ་སྐྱུར་པོ་འཐུང་ཤིག །དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་མ་གནང་ན་ཇི་ལྟར་འཐུང་བར་
བྱ། སྨན་པས་སྨྲས་པ། འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་ཏེ་གནང་དུ་གདོན་མི་ཟའོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་རྩབ་མོ་སྐྱུར་པོ་འཐུང་ཤིག་
ཅེས་རྗེས་སུ་གནང་བ་དང་། དགེ་སློང་དག་གིས་རྩབ་མོ་སྐྱུར་པོ་ཇི་ལྟར་བཏུང་བ་མི་ཤེས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྩབ་མོ་སྐྱུར་པོ་ནི་རྣམ་པ་འདི་ལྔའོ། །
ལྔ་གང་ཞེ་ན། འདི་ལྟ་སྟེ། འབྲས་བུའི་ཆང་ལས་ཚར་གྱུར་པ་དང་། འབྲུའི་ཆང་ལས་ཚར་གྱུར་པ་དང་། ཞོའི་ཆུ་དང་། དར་བ་དང་། རྩབ་མོ་དང་ལྔའོ། །དེ་ལ་འབྲས་བུའི་ཆང་ལས་ཚར་གྱུར་པ་ནི་གང་འབྲས་བུ་རྣམས་ལས་བྱས་པ་དང་། མ་རུང་སྟེ་སྐྱུར་པོར་
เล่ม ๑๓ · หน้า 82a
གྱུར་པའོ། །འབྲུའི་ཆང་ལས་ཚར་གྱུར་པ་ནི་གང་འབྲུ་རྣམས་ལས་སྦྱར་ནས་མ་རུང་སྟེ་སྐྱུར་པོར་གྱུར་པའོ། །ཞོའི་ཆུ་ནི་ཞོ་ལས་ཆུ་བྱུང་བའོ། །དར་བའི་ཁུ་བ་ནི་དར་བ་ཞོའི་ཆུ་ལྟ་བུར་གྱུར་པའོ། །རྩབ་མོ་ནི་རྩབ་མོ་ཉིད་ཡིན་ནོ། །དེ་དག་གི་ནང་དུ་
ཆུས་བསླད་ལ་རས་ཀྱི་ནང་དུ་བཙགས་ཏེ། ཇི་ལྟར་མདའ་རྒྱུའི་ཁ་དོག་བཞིན་དུ་གྱུར་པ་དེ་ནི་དུས་དང་། དུས་མ་ཡིན་པ་དང་། ན་བ་དང་། མི་ན་བའི་དགེ་སློང་དག་བཏུང་བར་བྱ་སྟེ། དེ་ལ་ཐེ་ཚོམ་ནི་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་
དགེ་སློང་གཞན་ཞིག་གཞང་འབྲུམ་གྱི་ནད་ཀྱིས་བཏབ་ནས་དེས་འབྲུམ་བུ་སེན་མོས་བཅད་པ་དང་། དེ་སླར་སྡུག་བསྔལ་ཞིང་རྩུབ་ལ་ཚ་ཞིང་གནོད་ལ་ན་བར་གྱུར་པ་དང་། དེ་སྡུག་བསྔལ་གྱིས་རབ་ཏུ་གཟིར་ནས་དེས་འདི་སྙམ་དུ་བདག་ལ་བཅོམ་ལྡན་འདས་ཀྱིས་
སྡུག་བསྔལ་ཞིང་དོག་པ་དག་ཏུ་གྱུར་ཀྱང་མ་དགོངས་སྙམ་བསམས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་བསྐུལ་ནས་དེའི་གནས་སུ་བྱོན་ཏེ། དགེ་སློང་ཅི་ཉེས་ཞེས་རྨས་པ་དང་། དེ་སྙིང་རྗེ་ཞིང་མི་དགའ་ནས་མིག་མཆི་མས་གང་མཆིལ་མས་
བརྣངས་བཞིན་དུ་ཚིག་ངལ་ནས། བཅོམ་ལྡན་འདས་ལ་ཇི་ལྟར་གྱུར་པ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་སྔ་ནས་ཀྱང་གཞང་འབྲུམ་མ་གཅོད་ཅིག་ཅེས་མ་བསྒོའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
ལགས་སོ། །འོ་ན་ཁྱོད་ཀྱིས་ཅིའི་ཕྱིར་དེ་ལྟར་བྱ། བཅོམ་ལྡན་འདས་སྡུག་བསྔལ་གྱིས་གཟིར་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འདི་ནི་སྡུག་བསྔལ་གྱིས་གཟིར་བས་ན་ཉེས་པ་མེད་ཀྱིས།
ངས་ཡང་འདི་ལྟར་བསྒོ་བ་ནི་དགེ་སློང་དག་གཞང་འབྲུམ་གྱི་ནད་ཀྱིས་གཟིར་ན་སེན་མོ་ལ་སོགས་པས་བདག་ཉིད་ཀྱིས་ཀྱང་མ་གཅད་ཅིག །གཞན་ཡང་གཅོད་དུ་མ་གཞུག་ཤིག །དེ་ལ་དཔྱད་རྣམ་པ་གཉིས་སུ་སྦྱར་ཞིང་བྱ་སྟེ། སྨན་དང་སྔགས་ཀྱིས་སོ། །དགེ་སློང་གཞང་
เล่ม ๑๓ · หน้า 82b
འབྲུམ་གྱི་ནད་ཀྱིས་གཟིར་བ་ལ་སེན་མོ་ལ་སོགས་པས་བཅད་དམ། གཅོད་དུ་བཅུག་ན་འདས་པ་དང་བཅས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཤཱཀྱའི་གྲོང་འདབ་ཚོང་པ་སྦུ་བུ་ཅན་ཞེས་བྱ་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཞན་ཞིག་བདག་
ཉིད་དང་། བདག་ཉིད་མོས། བདག་ཉིད་དགའ་ནས་གཙུག་ལག་ཁང་ཞིག་བརྩིགས་ཏེ། ཚེ་དང་ལྡན་པ་སྒྲ་ཅན་འཛིན་གང་ཟག་གཅིག་པུ་ལ་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་འཛིན་ཇི་སྲིད་ཅིག་གི་བར་དུ་གཙུག་ལག་ཁང་དེར་གནས་ནས་ལྷུང་
བཟེད་དང་ཆོས་གོས་ཁྱེར་ཏེ་གཞོངས་སྤྱོད་དུ་སོང་ངོ་། །ཁྱིམ་བདག་དེས་འཕགས་པ་སྒྲ་ཅན་འཛིན་ཇི་སྲིད་ཀྱི་བར་དུ་གཙུག་ལག་ཁང་དེར་གནས་ནས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་གཞོངས་སྤྱོད་དུ་སོང་ཞེས་ཐོས་སོ། །དེ་སྐད་ཅེས་ཐོས་ནས་ཁྱིམ་བདག་
དེས་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་འཛིན་ཇི་སྲིད་དགའ་བའི་བར་དུ་གཞོངས་སྤྱད་ནས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ། ཤཱཀྱའི་གྲོང་འདབ་ཚོང་པ་སྦུ་བུ་ཅན་ཞེས་བྱ་བ་གང་ན་བ་དེར་སྤྱོད་ཅིང་སོང་སྟེ། རིམ་བཞིན་
དུ་སྤྱོད་པ་སྤྱོད་ཅིང་ཚོང་པ་སྦུ་བུ་ཅན་ཞེས་བྱ་བར་ཕྱིན་པ་དང་། ཚེ་དང་ལྡན་པ་སྒྲ་ཅན་འཛིན་གྱིས་ཁྱིམ་བདག་དེས་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ལོ་ཞེས་ཐོས་སོ། །དེ་སྐད་ཅེས་ཐོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་
ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་སྒྲ་ཅན་འཛིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ནི་ཁྱིམ་བདག་གཞན་ཞིག་བདག་ཉིད་དང་། བདག་ཉིད་མོས།
བདག་ཉིད་དགའ་ནས་གཙུག་ལག་ཁང་ཞིག་བརྩིགས་ཏེ། བདག་གང་ཟག་གཅིག་པུ་ལ་སྩལ་ནས་གཙུག་ལག་ཁང་དེར་བདག་ཇི་སྲིད་ཅིག་གི་བར་དུ་མཆིས་ཏེ། ལྷུང་བཟེད་དང་ཆོས་གོས་འཚལ་ནས་གཞོངས་སྤྱོད་དུ་མཆིས་པ་དང་། ཁྱིམ་བདག་དེས་
เล่ม ๑๓ · หน้า 83a
འཕགས་པ་སྒྲ་ཅན་འཛིན་གཙུག་ལག་ཁང་དེར་ཇི་སྲིད་ཅིག་གི་བར་དུ་འདུག་ནས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་གཞོངས་སྤྱོད་དུ་སོང་ངོ་ཞེས་ཐོས་སོ། །དེ་སྐད་ཐོས་པ་དང་། ཁྱིམ་བདག་དེས་ཡང་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ན་བཙུན་
པ་དེ་ལ་བདག་གིས་ད་ཇི་ལྟར་བགྱི་ཞེས་གསོལ་པ་དང་། སྒྲ་ཅན་འཛིན་ཚུར་ཤོག །ཁྱིམ་བདག་དེ་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲོས་ཤིག །ཁྱིམ་བདག་བདག་གིས་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་གྱུར་པ་ལྟ་
ཡོད་དམ་ཞེས་སྨྲོས་ཤིག །བཙུན་པ་དེ་བཞིན་དུ་བགྱིའོ་ཞེས་ཚེ་དང་ལྡན་པ་སྒྲ་ཅན་འཛིན་བཅོམ་ལྡན་འདས་ལས་མཉན་ཏེ། ཁྱིམ་བདག་དེ་གང་ན་བ་དེར་སོང་ནས་ཕྱིན་པ་དང་། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་བདག་གིས་ལུས་དང་
ངག་དང་ཡིད་ཀྱིས་ཉེས་པར་གྱུར་པ་ལྟ་ཡོད་དམ། འཕགས་པ་སྒྲ་ཅན་འཛིན་གྱིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཅུང་ཟད་ཙམ་ཡང་ནོངས་པར་གྱུར་པ་མ་མཆིས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་འཛིན་གྱིས་ཁྱིམ་བདག་དེ་ལ་ལེགས་པར་ཤིན་ཏུ་བརྟགས་
ཤིང་སྨྲས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་དྲུང་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་ཁྱིམ་བདག་དེ་ལ་ཁྱིམ་བདག་བདག་གིས་
ལུས་དང་ངག་དང་ཡིད་ཀྱིས་ཅུང་ཟད་ཙམ་ཡང་ཉེས་པར་གྱུར་པ་ལྟ་ཡོད་དམ་ཞེས་བགྱིས་ན། དེ་འདི་སྐད་ཅེས་འཕགས་པ་སྒྲ་ཅན་འཛིན་ཁྱོད་ཀྱིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཅུང་ཟད་ཙམ་ཡང་ནོངས་པར་བགྱིས་པ་མ་མཆིས་སོ་ཞེས་མཆིའོ། །དེའི་
ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ་སོང་ལ་ཤཱཀྱའི་གྲོང་འདབ་
เล่ม ๑๓ · หน้า 83b
ཚོང་པ་སྦུ་བུ་ཅན་ཞེས་བྱ་བ་ན་གནས་ཤིང་འཁོད་པའི་དགེ་སློང་ཐམས་ཅད་འདུན་ཁང་དུ་སྡུས་ཤིག་ཅེས་བཀའ་སྩལ་པ་དང་། བཙུན་པ་བཀའ་བཞིན་འཚལ་ལོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། ཤཱཀྱའི་གྲོང་
འདབ་ཚོང་པ་སྦུ་བུ་ཅན་ཞེས་བྱ་བ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་བསྡུས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་
སྐད་དུ་བཙུན་པ་བཅོམ་ལྡན་འདས་དུས་ལ་བབ་པར་དགོངས་ན་ཤཱཀྱའི་གྲོང་འདབ་ཚོང་པ་སྦུ་བུ་ཅན་ཞེས་བགྱི་བ་ན། དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་འདུས་ནས་མཆིས་སོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་འདུན་
ཁང་གང་ན་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་མདུན་ན་གདན་བཏིང་བ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་གང་གིས་གང་ཟག་གཅིག་ལ་སྦྱིན་པ་བྱིན་ཏེ། གཞན་ལ་
བྱིན་ན་ཆོས་མ་ཡིན་པར་བྱིན་པ་སྟེ། ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །གཉིས་ལས་མང་བའམ། དགེ་འདུན་ལ་བྱིན་ན་ཡང་ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དགེ་
སློང་དག་གང་གིས་གང་ཟག་གཉིས་ལ་སྦྱིན་པ་བྱིན་པ་གཅིག་ལ་བྱིན་ནམ། གཞན་ལའམ། གཉིས་ལའམ། མང་པོ་ལའམ། དགེ་འདུན་ལ་བྱིན་ན་ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དགེ་
སློང་དག་གང་གིས་གང་ཟག་མང་པོ་ལ་སྦྱིན་པ་བྱིན་ན་གཅིག་ལ་བྱིན་ནམ། གཉིས་ལའམ། མང་པོ་གཞན་ལའམ། དགེ་འདུན་ལ་བྱིན་ན་ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དགེ་འདུན་ལ་
เล่ม ๑๓ · หน้า 84a
བྱིན་ཏེ་གང་ཟག་གཅིག་ལ་བྱིན་ནམ། གཉིས་ལའམ། མང་པོ་ལ་བྱིན་ནམ། དགེ་འདུན་གཞན་ལ་བྱིན་ན་ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་
དགེ་འདུན་དག་བྱེ་སྟེ། ཕྱོགས་དང་ཕྱོགས་མ་ཡིན་པར་གནས་པ་ལས་ཕྱོགས་གཅིག་ལ་སྦྱིན་པ་དེ་གཞན་ལ་བྱིན་ན་ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དགེ་སློང་དག་གང་གིས་གང་ཟག་གཅིག་ལ་
སྦྱིན་པ་བྱིན་པ་གཞན་ལ་མ་བྱིན་ན་ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །གཉིས་ལ་མ་ཡིན། མང་པོ་ལ་མ་ཡིན། དགེ་འདུན་ལ་མ་བྱིན་ན་ཆོས་བཞིན་དུ་བྱིན་པའོ། །རུང་བར་སྤྱོད་པའོ། །དགེ་སློང་དག་གང་
གིས་གང་ཟག་གཉིས་ལ་སྦྱིན་པ་བྱིན་པ་དེ་གཅིག་ལ་མ་ཡིན། གཞན་ལ་མ་ཡིན། མང་པོ་ལ་མ་ཡིན། དགེ་འདུན་ལ་མ་བྱིན་ན་ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །དགེ་སློང་དག་གང་གིས་གང་ཟག་མང་པོ་ལ་སྦྱིན་
པ་བྱིན་པ་དེ་གཅིག་ལ་མ་བྱིན་གཉིས་ལའམ། མང་པོ་གཞན་ལའམ། དགེ་འདུན་ལ་མ་བྱིན་ན་ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །དགེ་སློང་དག་གང་གིས་དགེ་འདུན་ལ་སྦྱིན་པ་བྱིན་པ་དེ་གང་ཟག་གཅིག་ལ་མ་བྱིན།
གཉིས་ལའམ། མང་པོ་འམ། དགེ་འདུན་གཞན་ལ་མ་བྱིན་ན་ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །ཡང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་སྟེ། ཕྱོགས་དང་ཕྱོགས་མ་ཡིན་པར་གནས་པ་ལ་ཕྱོགས་
གཅིག་ལ་སྦྱིན་པ་བྱིན་པ་དེ་གཞན་ལ་མ་བྱིན་ན་ཆོས་བཞིན་དུ་བྱིན་པའོ་ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །དགེ་སློང་དག་རྒྱལ་པོ་ནི་ས་གཞི་ལ་དབང་ངོ་། །བདག་པོ་ནི་མལ་སྟན་ལ་དབང་ངོ་། །དགེ་སློང་ནི་ལྷུང་བཟེད་དང་ཆོས་གོས་ལ་དབང་ངོ་། །སྦྱིན་
เล่ม ๑๓ · หน้า 84b
པ་བྱེད་པ་དང་། སྦྱིན་པའི་བདག་པོ་ནི་བདག་གིས་བྱིན་པའི་ཆོས་རྣམས་ལ་སླར་འཆོས་པའི་རིགས་ཀྱི་གཞན་ལ་སྦྱིན་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྦྱིན་པ་ནི་སྔ་མ་ཡིན་ཏེ། ཕྱི་མ་ནི་མ་ཡིན་ནོ། །དེ་བས་ན་སྒྲ་ཅན་འཛིན་ལ་གཙུག་ལག་ཁང་
སླར་བྱིན་ཅིག །དགེ་སློང་དག་གང་གིས་སྦྱིན་པ་གཞན་ལ་བྱིན་པ་དེ་ཡང་གཞན་ལ་བྱིན་ན། དེ་ལྟ་བུའི་རྐྱེན་མ་གཏོགས་ཏེ། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་གིས་ཀྱང་ཚེ་དང་ལྡན་པ་སྒྲ་ཅན་འཛིན་ལ་གཙུག་ལག་ཁང་སླར་བྱིན་ནོ། །
འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་གཉིས་པ། གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་ལོ་ལྔ་པ་དང་། ལོ་དྲུག་པ་དང་། གཙུག་ལག་ཁང་གི་དུས་སྟོན་དང་། དུས་སྟོན་ཆེན་པོ་དག་བྱོས་ཤིག་ཅེས་གསུངས་པ་དང་། བྲམ་ཟེ་དང་
ཁྱིམ་བདག་དག་གིས་ཀྱང་དེ་བཞིན་བྱེད་དོ། །དེར་ཡུལ་སོ་སོ་ན་གནས་པའི་དགེ་སློང་དག་ཀྱང་འདུས་ནས་དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་བཅའ་བ་མང་དུ་བྱིན་པ་དང་། དེ་དག་གིས་ཅུང་ཟད་ཅིག་ཟོས་ནས་ལྷག་མ་དེ་དགེ་ཚུལ་ཕ་དག་ལ་བྱིན་ནོ། །
དེ་དག་གིས་ཀྱང་ཕྱི་དེ་ཉིན་དགེ་སློང་དེ་དག་ལ་དེ་ཉིད་བྱིན་ལེན་བྱས་པ་དང་། དེ་དག་གིས་དགེ་ཚུལ་ཕ་དག་ལ་ཁྱེད་ཅག་གི་བཟའ་བ་འདི་གང་ནས་འོངས་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་ཁར་རྩང་བདག་ཅག་ལ་བྱིན་པ་དེ་ཉིད་ལགས་སོ། །དགེ་
སློང་རྣམས་ཀྱིས་ངེད་ཀྱིས་འདི་ཁྱེད་ལ་བྱིན་པ་ཡིན་ནོ། །ཞེས་སྨྲས་ཏེ་ཐེ་ཚོམ་དུ་གྱུར་ནས་མི་ལེན་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེ་བ་ཡོད་བཞིན་དུ་དེས་བྱིན་ལ་རེ་བ་
ཡོད་བཞིན་དུ་སླར་ཟོས་ན་དེ་དག་གིས་བྱིན་ནི་ཉེས་བྱས་ཏེ། ཟོས་ན་ལྟུང་བའོ། །རེ་བ་ཡོད་བཞིན་དུ་དེས་བྱིན་ལ་རེ་བ་མེད་བཞིན་དུ་སླར་ཟོས་ན་དེ་དག་གིས་བྱིན་པའི་ཚེ་ནི་ཉེས་བྱས། ཟོས་ན་ཉེས་པ་མེད་དོ། །དེས་རེ་བ་མེད་བཞིན་དུ་བྱིན་ལ་རེ་བ་ཡོད་བཞིན་དུ་
เล่ม ๑๓ · หน้า 85a
ཟོས་ན་དེ་དག་གིས་བྱིན་པའི་ཚེ་ནི་ཉེས་པ་མེད། ཟོས་ན་ལྟུང་བའོ། །རེ་བ་མེད་བཞིན་དུ་བྱིན་ལ་རེ་བ་མེད་བཞིན་དུ་ཟོས་ན་དེ་དག་གིས་བྱིན་པའི་ཚེ་ཡང་ཉེས་པ་མེད་ལ་ཟ་བའི་ཚེ་ཡང་ཉེས་པ་མེད་དོ། །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བཅུ་
པ་རྫོགས་ཏེ། སྒོ་དང་པོ་རྫོགས་སྷོ།། །།མདོར་བསྡུས་པ་སྟེ། བསྒོ་བ་དང་ཡང་བསྒྲགས་པ་དང་། །མ་བཏིང་བ་ཡང་དེ་བཞིན་ཏེ། །བསླབ་པ་བྱིན་དང་ལས་བྱེད་དང་། །བཟོད་པར་བྱ་དང་བསྐྲད་པ་དང་། །ཆོས་དང་མཉམ་པའི་ཚུལ་བཞིན་ཏེ། །
རྩིག་པ་ཆད་པས་གཅད་པ་དང་། །མདོ་རྣམས་བསྡུས་པའི་གཉིས་པའོ། །མདོར་ན། བསྒོ་བ་དྲིས་ལ་ལན་གློན་པའི། །དགེ་སློང་དུས་ལས་འདས་པ་སྟེ། །མཉན་དུ་ཡོད་ན་རྩོད་པ་དང་། །དགེ་འདུན་གཉིས་དང་ཆོས་གོས་སོ། །སངས་རྒྱས་བཅོམ་ལྡན་
འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་རྩེ་དགའ་
ཞིང་ཡོངས་སུ་སྤྱད་པ་ལས་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་ཕོ་ཞིག་བཙས་ཏེ། དེ་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱ་ཆེར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་
སོ། །དེ་དུས་ཕྱི་ཞིག་ན། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེ་ཡང་དུས་ཕྱི་ཞིག་ན་ནད་ཀྱིས་བཏབ་སྟེ། དུས་ལས་འདས་པ་དང་། དགེ་སློང་དག་གིས་དེ་ལྷུང་བཟེད་དང་། ཆོས་གོས་དང་བཅས་ཏེ་དུར་ཁྲོད་དུ་བོར་བ་བྲམ་ཟེ་དང་ཁྱིམ་བདག་
ལམ་དེར་བྱུང་བ་དོང་བ་དེ་དག་གིས་མཐོང་ནས། དེ་དག་གཅིག་ལ་གཅིག་གཏམ་དུ་འཛེར་ཅིང་འདོང་སྟེ། ཀྱེ་བདག་ཅག་ཁྱིམ་པ་ཁྱིམ་ན་གནས་པས་ཐབས་རྣམ་པ་དུ་མས་ནོར་རྫས་དག་བསྒྲུབས་ཀྱང་སྣོད་སྤྱད་དང་གོས་དག་ནི་མི་འདོར་ན་དགེ་སྦྱོང་ཤཱཀྱའི་བུ་འདི་
เล่ม ๑๓ · หน้า 85b
དག་ནི་སྒོའི་ཐེམ་པ་བརྒྱ་རྒལ་ཞིང་དཀའ་བཞིན་དུ་ལྟོ་འགེངས་ཤིང་བསོད་སྙོམས་སྒྲུབ་ན་ཅིའི་ཕྱིར་ལྷུང་བཟེད་དང་ཆོས་གོས་འདོར་ཞེས་སྨྲ་བ་ན་དགེ་སློང་དག་ཀྱང་དེའི་མདུན་ནས་ཚུར་འོངས་པ་དང་། དེ་དག་གིས་དེ་དག་ལ་སྨྲས་པ། འཕགས་པ་བདག་ཅག་ཁྱིམ་པ་
ཁྱིམ་ན་གནས་ཏེ། ཐབས་རྣམ་པ་དུ་མས་ནོར་རྫས་བསྒྲུབས་ཀྱང་སྣོད་སྤྱད་དང་གོས་མི་འདོར་ན་ཁྱེད་ཅག་སྒོའི་ཐེམ་པ་བརྒྱ་རྒལ་ཞིང་དཀའ་བཞིན་དུ་ལྟོ་འགེངས་པའི་བསོད་སྙོམས་བསྒྲུབས་ཏེ། ལྷུང་བཟེད་དང་ཆོས་གོས་འདི་ག་ལས་འོང་ན་དེ་ཅིའི་ཕྱིར་ཁྱེད་
ཀྱིས་དགེ་སློང་འདིའི་ལྷུང་བཟེད་དང་ཆོས་གོས་སུ་བཅས་ཏེ་དུར་ཁྲོད་དུ་བོར་ཞེས་སྨྲས་པ་དང་། དེ་དག་གིས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་སྨྲས་པ་དང་། དེ་དག་ཅང་མི་ཟེར་བར་དོང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་
བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་དང་ཆོས་གོས་སུ་བཅས་ཏེ་མ་དོར་ཅིག །བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་དང་ཆོས་གོས་སུ་བཅས་ཏེ་མ་དོར་ཅིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་གཅེར་བུར་
བོར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅེར་བུར་མ་དོར་བར་སྨད་གཡོགས་དང་རྔུལ་གཟན་གྱིས་དཀྲིས་ཏེ་བོར་ཅིག །དེ་ནས་དགེ་སློང་དག་གིས་གོས་བཟང་པོ་དང་བོར་ནས་བཅོམ་ལྡན་འདས་ཀྱིས་བཟང་པོ་དང་མ་དོར་ཅིག་ཅེས་བཀའ་སྩལ་པ་དང་
དེ་དག་གིས་ངན་པ་དང་བོར་རོ། །བཅོམ་ལྡན་འདས་ཀྱིས་ངན་པ་ཡང་མ་དོར་བར་འབྲིང་པོ་དང་བོར་ཅིག་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་དང་ཆོས་གོས་སུ་བཅས་ཏེ་མ་དོར་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཇི་ལྟར་བྱ་
བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་གང་ཕོངས་པ་དེ་ལ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །དྲུག་སྡེ་དག་རྟག་ཏུ་ཕོངས་པ་ལྟར་བྱེད་ནས། བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་མ་སྦྱིན་པར་ཇི་ལྟར་རྒན་རིམས་བཞིན་དུ་བྱིན་ཅིག་ཅེས་བཀའ་སྩལ་པ་
เล่ม ๑๓ · หน้า 86a
དང་། གསར་བུ་དག་མ་ཐོབ་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་དྲིས་པ་ལ་ལན་འདེབས་པའི་དགེ་སློང་གིས་དགེ་འདུན་ལ་བསྒོ་ལ་དགེ་སློང་གི་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང་། གཙུག་ལག་ཁང་སྐྱོང་གིས་དགེ་འདུན་གྱི་ནང་དུ་རིན་
ཐང་བསྐྱེད་པར་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་དུས་འདས་ནས་དེའི་ལྷུང་བཟེད་དང་ཆོས་གོས་དགེ་སློང་མ་ཞིག་གི་ལག་ཏུ་བཞག་གོ། །དགེ་སློང་དག་གིས་དེའི་རོ་བསྲེགས་ནས་སླར་
གཙུག་ལག་ཁང་དུ་ཕྱིན་ནས་ལྷུང་བཟེད་དང་ཆོས་གོས་དག་བཙལ་ན་མ་རྙེད་དེ། དེ་དག་གིས་དགེ་སློང་མའི་དབྱར་མོ་ཁང་ན་དགེ་སློང་མ་མིང་འདི་ཞེས་བྱ་བ་ཞིག་ལ་ཡོད་པར་ཤེས་ནས་དེ་དག་གིས་དགེ་སློང་མའི་དབྱར་མོ་ཁང་དུ་དོང་སྟེ། འཕགས་མ་དགེ་སློང་འདི་ཞེས་
བྱ་བ་དུས་འདས་པ་དེའི་ལྷུང་བཟེད་དང་ཆོས་གོས་འདི་ན་གཏམས་ཤིང་འདུག་པ་དེ་ཚུར་བྱིན་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ། འཕགས་པ་དགེ་སློང་དེ་གང་དུ་དུས་འདས་ངེད་ཀྱི་གཙུག་ལག་ཁང་དུ་དུས་ལས་འདས་སོ། །འཕགས་པ་ཁྱེད་ཀྱི་དེ་ན་མཆིས་
པ་ནི་ཁྱེད་དབང་། བདག་ཅག་གི་དེ་ན་མཆིས་པ་ནི་བདག་ཅག་དབང་ངོ་། །ཇི་ལྟར་ཞེ་ན། བདག་ཅག་གི་ཡང་ཆོས་ཀྱི་མིང་པོ་ལགས་སོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
དགེ་སློང་གི་ལྷུང་བཟེད་དང་ཆོས་གོས་ནི་དགེ་སློང་དག་དབང་གིས་དགེ་སློང་མ་དག་མ་འཆང་ཤིག་ཅེས་བཀའ་སྩལ་ཏོ། །མཉན་དུ་ཡོད་པ་ན་དགེ་སློང་མ་གཞན་ཞིག་དུས་ལས་འདས་ནས་དེའི་ལྷུང་བཟེད་དང་ཆོས་གོས་དགེ་སློང་ཞིག་ལ་བཞག་གོ། །དགེ་སློང་མ་
དག་གིས་དེའི་རོ་བསྲེགས་ནས། དགེ་སློང་མའི་དབྱར་མོ་ཁང་དུ་ལྷགས་ཏེ། ལྷུང་བཟེད་དང་ཆོས་གོས་བཙལ་ན་མ་རྙེད་ནས་གཙུག་ལག་ཁང་ཞིག་ན་དགེ་སློང་མིང་འདི་ཞེས་བྱ་བ་ཞིག་ལ་ཡོད་པར་ཤེས་ནས། དེ་དག་གཙུག་ལག་ཁང་དུ་འོངས་ཏེ་དགེ་སློང་དག་
เล่ม ๑๓ · หน้า 86b
གི་རྐང་པ་ལ་ཕྱག་འཚལ་ནས། འཕགས་པ་དགེ་སློང་མ་མིང་འདི་ཞེས་བགྱི་བ་དུས་ལས་འདས་ཏེ། དེའི་ལྷུང་བཟེད་དང་ཆོས་གོས་འདི་ན་མཆིས་ན། དེ་བདག་ཅག་འཚལ་གྱིས་སླར་སྩོལ་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ། དགེ་སློང་མ་དེ་གང་དུ་
དུས་ལས་འདས། བདག་ཅག་གི་དབྱར་མོ་ཁང་དུ་དུས་ལས་འདས་སོ། །དེ་ལྟར་ན་འཕགས་མ་ཁྱེད་ཀྱི་དེ་ན་འདུག་པ་ནི་ཁྱེད་དབང་མོད། ངེད་ཀྱི་དེ་ན་ཡོད་པ་ནི་ངེད་དབང་བ་སྟེ། དེ་ཡང་ངེད་ཀྱི་ཆོས་ཀྱི་སྲིང་མོ་ཡིན་ནོ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་
དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དེ་སྟེ་དགེ་སློང་མའི་ལྷུང་བཟེད་དང་ཆོས་གོས་ཡིན་ན་དེ་དགེ་སློང་མ་དག་གི་ཡིན་ཏེ། དགེ་སློང་མ་དག་དབང་བས་ན་
དགེ་སློང་དག་མ་འཆང་ཤིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཕྱིན་ནས། དེ་ཁྱིམ་པའི་ཁྱིམ་ཞིག་ཏུ་དུས་ལས་འདས་ཏེ། དེ་དེས་
དུར་ཁྲོད་དུ་བོར་ནས་ལྷུང་བཟེད་དང་ཆོས་གོས་སྦས་ཏེ་བཞག་གོ། །དུས་ཕྱི་ཞིག་ན་དགེ་སློང་མ་མང་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་དེ་དག་མཐོང་སྟེ། འཕགས་མ་བདག་གི་ཁྱིམ་དུ་དགེ་སློང་ཞིག་དུས་
ལས་འདས་པའི་ལྷུང་བཟེད་དང་ཆོས་གོས་འདི་ལགས་ཀྱིས་སྣོམས་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཁྱིམ་བདག་འདི་ནི་བཅོམ་ལྡན་འདས་ཀྱིས་མ་གནང་བས་དགེ་སློང་དབང་ངོ་། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་སོ། །
དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གང་ན་དགེ་སློང་མེད་པ་དེ་དག་ཏུ་ནི་དགེ་སློང་མ་དག་གིས་བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པར་
เล่ม ๑๓ · หน้า 87a
དགེ་སློང་མ་མང་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་དོང་བ་ན་དེ་དག་ལས་དགེ་སློང་མ་ཞིག་ན་བར་གྱུར་ནས། དེ་དལ་བུས་འགྲོ་ཞིང་ཕྱི་ནས་འོང་བ་ལས་དེ་ལམ་སྟོར་ཏེ། རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཕྱིན་ནས་དེ་ཁྱིམ་པའི་ཁྱིམ་དུ་དུས་ལས་འདས་སོ། །དེས་
དེ་དུར་ཁྲོད་དུ་བོར་ནས་ལྷུང་བཟེད་དང་ཆོས་གོས་སྦས་ཏེ་བཞག་གོ། །དེ་ནས་དུས་ཕྱི་ཞིག་ན་དགེ་སློང་མང་ཞིག་གཞོངས་སྤྱད་པ་སྤྱོད་ཅིང་རི་བྲགས་ཀྱི་གྲོང་དེར་ཕྱིན་པ་དང་། ཁྱིམ་བདག་དེས་དེ་དག་མཐོང་ནས་འཕགས་པ་དག་བདག་གི་ཁྱིམ་དུ་དགེ་སློང་མ་ཞིག་
དུས་ལས་འདས་ཏེ། དེའི་ལྷུང་བཟེད་དང་ཆོས་གོས་འདི་ལགས་ཀྱིས་སྣོམས་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་སྟེ། འདི་དག་ནི་དགེ་སློང་མ་དབང་ངོ་། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གང་ན་དགེ་སློང་མ་མེད་པ་དེར་ནི་དགེ་སློང་རྣམས་ཀྱིས་བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་
ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་སློང་ཞིག་དུས་ལས་འདས་ཏེ། དེ་དབང་བའི་ལྷུང་བཟེད་དང་ཆོས་གོས་ཁྱིམ་པའི་དེ་ན་མཆིས་ན། དེ་གང་དབང་བཅོམ་ལྡན་འདས་ཀྱིས་གང་དེ་སྔར་འོངས་པ་དབང་ངོ་ཞེས་བཀའ་སྩལ་ཏོ། །གཉིས་མཆིས་ན་གང་དབང་།
གང་སྔར་བསླངས་པའོ། །གཉིས་ཀས་བསླངས་ན་གང་དབང་། གང་གིས་སྔར་ཐོབ་པའོ། །གཉིས་ཀས་ཐོབ་ན་གཉིས་ཀ་དབང་ངོ་། །དེ་སྟེ་གཉིས་ཀས་ཐོབ་ན་གང་ལ་ཁྱིམ་གྱི་བདག་པོ་དད་དེ་བྱིན་པ་དེ་དབང་ངོ་། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་
ཛེ་ཏའི་ཚལ་ན་དགེ་སློང་གཉིས་ཤིག་འཐབ་པར་གྱུར་ཏེ། དགེ་སློང་གཞན་དག་གིས་བསྐོར་ཅིང་འཁོད་དོ། །བྲམ་ཟེ་དང་ཁྱིམ་བདག་གིས་དེ་མཐོང་ནས། དེ་དག་གིས་འཕགས་པ་བདག་ཅག་གིས་ཁྱིམ་པ་འཐབ་པ་དག་མཐོང་བ་ཡང་བདག་ཅག་གིས་གཅུགས་
เล่ม ๑๓ · หน้า 87b
པར་བྱ་ན་ཁྱེད་ཅག་གིས་ཅི་འདི་མི་གཅུགས་པར་བསྐོར་ཏེ་འཁོད་དམ་ཞེས་སྨྲས་པ་དང་། དེ་ན་གཞན་དག་གིས་སྨྲས་པ། འདི་དག་ཉིད་འཐབ་མོ་བྱེད་པ་ཡིན་ན་ཅིའི་ཕྱིར་གཅུགས་ཞེས་སྨྲས་པ་དང་། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། །དེ་ལྟར་གྱུར་
པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བསྐོར་ཅིང་མ་འཁོད་པར་གཅུགས་པར་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དེ་དག་གཅུགས་ཀྱང་གཏོང་དུ་མ་བཏུབ་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་
ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་སྟེ་གཅུགས་ཀྱང་མ་བཏུབ་ན་སྤང་བའི་ལས་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་སྤང་བའི་ལས་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། དུས་ཕྱི་ཞིག་ན་དགེ་སློང་གཉིས་
ཤིག་ངེས་པའི་གཏམ་བྱེད་དེ། དེ་གཉིས་ན་རེ་འདི་ནི་འཐོབ་པའོ། །འདི་ནི་འཐོབ་པའོ་ཞེས་ངེས་པའི་གཏམ་སྨྲ་བ་ན་གཅིག་ལ་གཅིག་ངག་རྩུབ་པོ་སྨྲས་པ་དང་། དེ་གཉིས་ཀྱང་དགེ་སློང་དག་གིས་སྤང་བའི་ལས་བྱས་ནས། དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་
དག་བདག་ཅག་ནི་ངེས་པའི་གཏམ་སྨྲ་ན་གཅིག་ལ་གཅིག་ངག་རྩུབ་པོ་སྨྲས་སུ་ཟད་ན། ཅིའི་ཕྱིར་ཁྱེད་ཀྱིས་ངེད་གཉིས་ལ་སྤང་བའི་ལས་ཀྱིས་བཅད་ཅེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་འཐབ་པ་རྣམས་ལ་སྤང་བའི་ལས་བྱོས་ཤིག་
ཅེས་གསུངས་པས་ན་ངེད་ཀྱིས་ཁྱེད་གཉིས་ལ་སྤང་བའི་ལས་བྱས་སོ་ཞེས་སྨྲས་པ་དང་། དེ་དག་ཅང་མི་སྨྲ་བར་འཁོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་གཉིས་ལ་སྤང་བའི་ལས་
མི་བྱ་བར་གཅུགས་པར་བྱོས་ཤིག །དེ་སྟེ་གནས་འཆའ་བ་ཞིག་ན་ནི་དེའི་མཁན་པོ་དང་སློབ་དཔོན་གྱིས་སྒོ་ཤིག །དེ་སྟེ་རྒན་པ་ཞིག་ན་ནི་དེས་དགེ་འདུན་ཐམས་ཅད་འདུས་ལ་རྩོད་པ་ཞི་བར་བྱོས་ཤིག །དེ་སྟེ་དེས་ཀྱང་མ་སློན་ན་སྡོད་དེ་གཉིས་ལ་སྤང་བའི་ལས་བྱོས་ཤིག །
เล่ม ๑๓ · หน้า 88a
གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་མཚམས་ཀྱི་བར་དུ་དགེ་སློང་ཞིག་དུས་ལས་འདས་ན་གུམ་པ་དེའི་ཡོ་བྱད་རྣམས་སུ་དབང་བར་འགྱུར། ཨུ་པཱ་ལི་དེ་ནི་མགོ་གང་ལོགས་སུ་
བོར་བའོ། །བཙུན་པ་གཉིས་ཀར་མགོ་བོར་ན། གང་དབང་བར་འགྱུར། ཨུ་པཱ་ལི་དེ་ནི་གཉིས་ཀའོ། །གླེང་གཞིའི་སྒོ་གཉིས་པ་སྟེ་ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བསྒྲག་པར་བྱ་དང་ཤིང་རྟ་དང་། །དེ་ནས་ཕྲེང་བ་གོས་རྣམས་དང་། །དགེ་
འདུན་གོས་ཀྱང་དེ་བཞིན་ཏེ། །ཐེ་ཚོམ་སོ་སོའི་སྐྱེ་བོའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཡ་མཚན་ཅན་དུ་མ་གནས་ཤིང་འཁོད་དོ། །གང་གི་ཚེ་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་
བཞུགས་པ་དེའི་ཚེ་ན་མུ་སྟེགས་ཅན་རྣམས་ཀྱི་མཐུ་ཉམས་ནས་རྙེད་པ་ཆུང་བར་གྱུར་ཏེ། དེ་དག་གིས་ཇི་ཙམ་འདོད་པ་བླངས་ནས་མུ་སྟེགས་སུ་བྱ་བ་བྱ་བར་བརྩམས་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་པ་ཆོས་ཀྱིས་ནང་པར་སྔར་ལངས་ནས་བཅོམ་ལྡན་འདས་ལ་བལྟ་བའི་
ཕྱིར་འགྲོའོ། །ཇི་ཙམ་དུས་ཕྱི་ཞིག་ན་ཁྱིམ་བདག་མགོན་མེད་པ་ལ་ཟས་སྦྱིན་པ་ནང་པར་སྔར་ལངས་ནས་ཛེ་ཏའི་ཚལ་དུ་སོང་བ་དང་། མུ་སྟེགས་ཅན་དག་ཅི་འདོད་པ་བླངས་ཏེ། དེ་དག་གིས་དེ་ཡང་དག་པར་བསྐུལ་ནས་དེས་བསམས་པ་འདི་དག་ནི་ངན་དུ་སྨྲ་བའི་ཆོས་དང་འདུལ་
བའི་མུ་སྟེགས་ཅན་དག་སྟེ། ཅི་འདོད་པ་དག་བསླངས་ཏེ་མུ་སྟེགས་ཅན་གྱི་བྱ་བ་བྱེད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དེ་དང་དེ་དག་ལས་མ་དད་པ་དག་ནི་དད་པ་ཕུན་སུམ་ཚོགས་པར་ཡང་དག་པར་བསྐུལ་བར་བྱོས་ཤིག །གཞུག་པར་བྱོས་ཤིག །དགོད་པར་
བྱོས་ཤིག་ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་ནི་བདག་གིས་སྐྱེ་བོ་མང་པོ་དག་ཀྱང་དགེ་འདུན་ལ་ཡོན་འབུལ་བ་ལ་རབ་ཏུ་དགོད་དོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་
เล่ม ๑๓ · หน้า 88b
བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ངན་དུ་སྨྲ་བའི་ཆོས་དང་འདུལ་བའི་མུ་སྟེགས་ཅན་འདི་དག་ཅི་འདོད་པ་བླངས་ནས་མུ་
སྟེགས་སུ་བགྱི་བ་བགྱིད་ན། བཅོམ་ལྡན་འདས་ཀྱིས་གནང་ན་ནི་དེ་དང་དེ་དག་ཏུ་ཞེས་བྱ་བ་ནས་དགེ་འདུན་ལ་ཡོན་འབུལ་བར་དགོད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་ངས་ཁྱིམ་བདག་རྗེས་སུ་གནང་
གིས་ཅི་འདོད་པ་བསླངས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱེད་པར་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་ཅི་འདོད་པ་བླངས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱོས་ཤིག་ཅེས་བཀའ་སྩལ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་
གྱིས་ཡང་དག་པར་བསྐུལ་བར་བརྩམས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་གིས་འཕགས་པ་དག་ཀྱང་ཡང་དག་པར་བསྐུལ་ན་ནི་བདག་ཅག་ལ་བསོད་ནམས་དེ་བས་ཀྱང་རབ་ཏུ་མང་བར་འགྱུར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་
སློང་དག་གིས་ཀྱང་གྲོགས་གྱིས་ཤིག །བྲམ་ཟེ་དང་ཁྱིམ་བདག་དག་གིས་དེ་སྟེ་བདག་ཅག་གི་མིང་ནས་བརྗོད་ན་ནི་ལེགས་པར་འགྱུར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་སྦྱིན་བདག་གིས་བྱིན་ན་བརྗོད་པར་བྱོས་ཤིག་ཅེས་བཀའ་སྩལ་པ་དང་། ཁྱིམ་བདག་
གིས་ཀྱང་བརྗོད་པར་བྱས་ནས་བྲམ་ཟེ་དང་ཁྱིམ་བདག་གིས་དེ་སྟེ་འཕགས་པ་དག་གིས་བརྗོད་ན་ནི་བདག་ཅག་ལ་དེ་བས་ཀྱང་བསོད་ནམས་མང་དུ་འགྱུར་རོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ཀྱང་བརྗོད་པར་བྱོས་ཤིག །
བྲམ་ཟེ་དང་ཁྱིམ་བདག་དག་གཙུག་ལག་ཁང་དུ་འོངས་ནས་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་དུ་ཡང་བརྗོད་པར་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །རྗོད་པར་བྱེད་པ་དེ་སྐྱེ་བོ་མང་པོ་དག་གིས་བསྐོར་ནས་མི་སྣང་བར་གྱུར་པ་དང་། བཅོམ་ལྡན་འདས་
เล่ม ๑๓ · หน้า 89a
ཀྱིས་ཤིང་རྟའི་སྟེང་དུ་འཛེགས་ལ་བརྗོད་ཅིག་ཅེས་བཀའ་སྩལ་པ་དང་། ཚ་བ་དང་ཆར་པ་དང་རླུང་རྣམས་བྱུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་ཁང་བུ་རྩེག་མ་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །སྐྱེ་བོ་མང་པོ་དག་གིས་སྒོ་བསྒྲིབས་པས་ན།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་བཞི་ཐོད་ལ་བརྗོད་པ་བཞི་ཞོག་ཤིག །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཅི་འདོད་པ་བླངས་ནས་གོས་ཟུང་མང་པོ་གོས་ཟུང་བརྒྱ་སྟོང་མང་པོ་རྣམས་བསོགས་པ་དང་། དེས་འདི་སྙམ་དུ་གོས་མང་ཞིག་ཚོགས་ཀྱིས་ད་ནི་བདག་
གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་བཤོས་གསོལ་ལ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྒན་རིམས་སུ་ཡོན་དབུལ་ལོ་སྙམ་བསམས་ནས། དེས་ཛེ་ཏའི་ཚལ་གོས་སྣ་ཚོགས་ཀྱིས་བརྒྱན་ཏེ་གོས་ཀྱི་ཕྲེང་བས་སྟེང་ཀུན་ཏུ་སྦྱངས་ནས་
སྲུང་མ་ཡང་བཞག་སྟེ། མཛའ་བོ་དང་གཉེན་དང་ཕུ་ནུ་དག་ཀྱང་མགྲོན་དུ་བོས་སོ། །དེ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྦྱར་ནས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་དུ་བཅས་ཏེ། ཛེ་ཏའི་ཚལ་དུ་བཤོས་ལ་སྤྱན་དྲངས་སོ། །དེ་ནང་པར་
སྔར་ལངས་ཏེ་གདན་བཏིང་ནས་བུམ་པ་ཆུས་བཀང་སྟེ་བཞག་ནས། བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་དགེ་འདུན་དུ་བཅས་ཏེ་བཤོས་གསོལ་ནས། བཅོམ་ལྡན་འདས་ལ་བཙུན་པ་འཇིག་རྟེན་ན་ཡོན་གནས་སུ་མཆིས་ཞེས་ཞུས་པ་དང་། ཁྱིམ་བདག་གཉིས་ཏེ་སློབ་པ་དང་
མི་སློབ་པའོ། །དེ་ལ་ཡང་ཁྱིམ་བདག་སློབ་པ་ལ་རྣམ་པ་བཅྭ་བརྒྱད་ཡོད་དོ། །མི་སློབ་པ་ལ་རྣམ་པ་དགུའོ། །སློབ་པ་རྣམ་པ་བཅྭ་བརྒྱད་པོ་གང་ཞེ་ན། རྒྱུན་དུ་འཇུག་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་
འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། དད་པས་རྗེས་སུ་འབྲང་བ་དང་།
เล่ม ๑๓ · หน้า 89b
ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་པས་རྣམ་པར་གྲོལ་བ་དང་། ལྟ་བས་ཐོབ་པ་དང་། གོང་ནས་གོང་དུ་འགྲོ་བ་དང་། ཚེ་གཅིག་གིས་ཐོགས་པ་དང་། བར་མ་དོར་མྱ་ངན་ལས་འདའ་བ་དང་། སྐྱེས་མ་ཐག་ཏུ་མྱ་ངན་ལས་འདའ་བ་མངོན་པར་འདུ་བྱེད་པ་དང་བཅས་
པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུས་མ་བྱས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕར་བ་རྣམས་ཏེ་འདི་དག་ནི་སློབ་པ་བཅྭ་བརྒྱད་ཅེས་བྱའོ། །མི་སློབ་པ་དགུ་གང་ཞེ་ན། ཆོས་འགྲིབས་པ་དང་། ཆོས་མ་འགྲིབས་པ་
དང་། གསང་བའི་ཆོས་དང་། རྗེས་སུ་སྲུང་བའི་ཆོས་དང་། མི་གཡོ་བར་འདུག་པ་དང་། སོ་སོར་རྟོགས་ནས་སྐལ་བ་ཅན་དུ་མི་འགྱུར་བ་དང་། མི་བསྐྱོད་པའི་ཆོས་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་འདི་
དག་ནི་མི་སློབ་པ་དགུ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་སོ། །བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་ཡང་གསུངས་པ། ལུས་དང་ངག་ཡིད་དྲང་པོར་གྱུར་པ་ཡི། །སློབ་དང་མི་སློབ་འཇིག་རྟེན་འདི་ན་བཞུགས། །
དེ་དག་སྦྱིན་ཞིང་མཆོད་པར་འོས་པ་སྟེ། །མཆོད་པའི་ཞིང་རབ་དེར་བྱིན་འབྲས་བུ་ཆེ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་རྒན་རིམས་ཀྱི་མདུན་དུ་འདུག་སྟེ། བརྗོད་པ་བསྐོས་ནས་འཕགས་པ་བརྗོད་པའི་ཚེ་འདི་སྐད་དུ་གང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་
ལ་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བྱ་བར་རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་གང་ཡིན་པ་དེ་དག་ལ་གོས་འདི་དག་འབུལ་གྱིས་ཅི་བདེར་བཞེས་ཤིག་ཅེས་གསུང་
ཤིག །དེ་ནས་དགེ་སློང་རྗོད་པར་བྱེད་པ་དེས་རྒན་རིམས་ཀྱི་མདུན་དུ་འདུག་ལ་འདི་སྐད་དུ་གསོན་ཅིག །བཙུན་པའི་དགེ་འདུན་རྣམས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བྱ་
เล่ม ๑๓ · หน้า 90a
བར་རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་། འཇིག་རྟེན་གྱི་ཡོན་གནས་གང་ཡིན་པ་དེ་དག་ལ་གོས་རྙེད་པ་འདི་དག་འབུལ་གྱིས་ཅི་བདེར་བཞེས་ཤིག་ཅེས་བརྗོད་དོ། །དེ་ནས་དགེ་སློང་འདོད་ཆགས་དང་བྲལ་བ་ཞེ་སྡང་དང་བྲལ་བ་གཏི་
མུག་དང་བྲལ་བ་གང་ཡིན་པ་དེ་དག་ནི་འདི་སྙམ་དུ་གྱུར་ཏོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་འདི་སྐད་དུ་བརྗོད་དེ། གང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བྱ་བར་
རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་དེ་དག་ལ་གོས་རྙེད་པ་རྣམས་འབུལ་གྱིས་ཅི་བདེར་བཞེས་ཤིག་ཅེས་བརྗོད་དེ། བདག་ཅག་ནི་བླ་ན་མེད་པ་ཡིན་པས་ན་བདག་གིས་རྙེད་པ་འདི་དབང་མོད་ཀྱིས། བཅོམ་ལྡན་འདས་ཀྱིས་དགེ་
སློང་དག་ཁྱེད་ཀྱིས་དགེ་བ་རྣམས་ནི་བཅབ་པར་བྱའོ། །སྡིག་པ་རྣམས་ནི་བསྒྲག་པར་བྱའོ་ཞེས་གསུངས་ན། བདག་ཅག་གོས་རྙེད་པའི་ཕྱིར་བདག་ཉིད་བརྗོད་པ་ལྟ་ག་ལ་རུང་། བདག་ཅག་ནི་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་
བའོ་ཞེས་སྨྲས་ནས་ཅང་མི་ཟེར་བར་འཁོད་དོ། །ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་གང་ཡིན་པ་དེ་དག་ཀྱང་འདི་སྙམ་དུ། བླ་ན་མེད་པ་ལ་བསྔོས་པས་ན་བདག་ཅག་ནི་ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་ཡིན་པས་བདག་ཅག་ནི་མི་དབང་ངོ་སྙམ་བསམས་ནས་ཅང་
མི་ཟེར་བར་འཁོད་དོ། །བཅིང་བ་ཐམས་ཅད་ཀྱིས་བཅིངས་པ་གང་ཡིན་པ་དེ་དག་ནི་འདི་སྙམ་དུ། བླ་ན་མེད་པ་ལ་དེ་འབུལ་ལོ་སྙམ་དུ་བསམས་ནས་དེ་དག་ཅང་མི་སྨྲ་བར་འཁོད་དོ། །ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་དག་ཀྱང་ཅང་མི་ཟེར་བར་འཁོད་དོ། །
བདག་ཅག་ནི་བཅིང་བ་ཐམས་ཅད་ཀྱིས་བཅིངས་པས་ན། བདག་ཅག་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མི་དབང་ངོ་སྙམ་དུ་བསམས་ནས་དེ་དག་ཀྱང་ཅང་མི་སྨྲ་བར་འཁོད་དོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གོས་ཕུལ་བ་དེ་དག་དགེ་སློང་གཅིག་
เล่ม ๑๓ · หน้า 90b
གིས་ཀྱང་མ་བླངས་པ་དང་། དེ་ཡང་འདི་སྙམ་དུ་བདག་འཕགས་པའི་དགེ་འདུན་དག་གིས་ལྷུང་བཟེད་ཁས་ཕུབ་པར་མ་གྱུར་གྲང་སྙམ་དུ་བསམས་ནས། དེའི་ལུས་སྐྱ་བོ་བསེང་བསེང་པོ་རིད་ཅིང་སྐེམ་ལ་རྨྱ་བར་གྱུར་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་དྲུང་དུ་
ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དོན་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། སངས་རྒྱས་ནི་མཁྱེན་བཞིན་དུ་འདྲི་སྟེ།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ་ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་དགེ་སློང་དག་ལ་གོས་སྦྱར་ཏེ་བྱིན་ན། ཅིའི་ཕྱིར་མ་བླངས་ཞེས་རྨས་པ་དང་། དེས་བཙུན་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། འདི་
སྐད་དུ་གང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་བགྱི་བ་ནས་དེ་དག་ཅང་མི་མཆི་བར་མཆིས་སོ་ཞེས་བགྱི་བའི་བར་དུ་སྔ་མ་བཞིན་བརྗོད་དེ། དེ་ལྟར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་
གྱིས་སྩལ་བ་དགེ་སློང་གཅིག་གིས་ཀྱང་མ་བླངས་སོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཀུན་དགའ་བོ་སོང་ལ་མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་སྡུས་ཤིག །ཅེས་བཀའ་
སྩལ་པ་དང་། བཙུན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་བསོགས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་
པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་བཅོམ་ལྡན་འདས་ད་དུས་ལ་བབ་པར་དགོངས་ཤིག །མཉན་དུ་
เล่ม ๑๓ · หน้า 91a
ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་མཆིས་པ་དེ་དག་ཐམས་ཅད་འདུན་ཁང་དུ་འདུས་ཤིང་ཚོགས་སོ་ཞེས་དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་འདུན་ཁང་གང་ན་བ་དེར་གཤེགས་ཏེ་བྱོན་པ་དང་། གདན་བཏིང་བ་ལ་བཞུགས་
སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། དགེ་སློང་ཁྱེད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གོས་མང་པོ་བསྡུས་ཏེ་བྱིན་ན་ཅིའི་ཕྱིར་མ་བླངས་ཞེས་གསུངས་པ་དང་། དགེ་སློང་རྣམས་ཅང་མི་ཟེར་བར་འཁོད་
དོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་འདྲི་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཡང་ཀུན་དགའ་བོ་དགེ་སློང་རྣམས་ཅིའི་ཕྱིར་མི་སྨྲ་བར་འཁོད་ཅེས་རྨས་པ་དང་། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཡང་
རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ངའི་དྲུང་དུ་མྱ་ངན་ལས་འདའ་བར་བསམས་ཏེ་རབ་ཏུ་བྱུང་ངམ། བཙུན་པ་དེ་བཞིན་ནོ་ཞེས་གསོལ་ཏོ། །དགེ་སློང་དག་དེ་ལྟ་བས་ན་ངའི་དྲུང་དུ་མྱ་
ངན་ལས་འདའ་བར་བསམས་ཏེ་རབ་ཏུ་བྱུང་བ་དེ་ལ་ནི་བ་ན་ཕྲག་སྟོང་རི་བའི་གོས་དང་། མིག་ལྔ་བརྒྱ་ཡོད་པའི་ཁང་པ་བརྩེགས་པ་དང་། རོ་སྣ་བརྒྱ་དང་ལྡན་པའི་ཟས་རྣམས་རྗེས་སུ་གནང་ངོ་། །དགེ་སློང་དག་ཚུལ་ཁྲིམས་ཉམས་པ་དག་ནི་དགེ་འདུན་གྱི་ཀུན་
དགའ་ར་བ་ལ་རྐང་པའི་རྟིང་པ་གཅིག་ཙམ་ཡང་ཡོངས་སུ་སྤྱད་པ་མི་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཉམས་པའི་གང་ཟག་ལ་ནི་ཉེས་པའི་དམིགས་འདི་བཅུ་ཡོད་དེ། བཅུ་གང་ཞེ་ན། ཚུལ་ཁྲིམས་ཀྱིས་བདག་སྨད་པ་དང་། གཞན་དང་ལྷ་དང་
སྟོན་པས་སྨད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དང་། ཆོས་ཉིད་ཀྱིས་སྨད་པ་དང་། ཕྱོགས་ཕྱོགས་སུ་སྡིག་པ་མི་སྙན་པའི་སྒྲ་དང་ཚིགས་སུ་བཅད་པས་གྲགས་པར་འགྱུར་བ་དང་། མ་རྟོགས་པ་རྣམས་རྟོགས་པར་མི་འགྱུར་བ་དང་། རྟོགས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด