འདུལ་བ་གཞུང་དམ་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཨུད་ཏ་ར་གྲན་ཐ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓ · หน้า 179b

བདེ་བར་སྤྱད། དགེ་སློང་མས་ཀྱལ་ཀ་བྱས་སོ། །དེ་ཇི་ལྟར་བྱས་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་རྒྱས་པར་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་དགེ་སློང་གཅིག་དང་

དགེ་སློང་མ་གཅིག་གནས་པ་དེ་ན་དགེ་སློང་དེ་གྲལ་ཀྱང་དང་པོ། ཆུ་ཡང་དང་པོ། ཟན་ཡང་དང་པོར་ཟོ་ཤིག །གང་ན་དགེ་སློང་མ་གཉིས་སམ། གསུམ་མམ། དེ་ལས་ལྷག་པ་ཞིག་ལ་དགེ་སློང་གཅིག་ཅིག་འོངས་ན་དགེ་སློང་གཅིག་པུ་དེ་སྟན་ཡང་དང་པོ། ཆུ་ཡང་དང་པོ།

ཟན་ཡང་དང་པོར་ཟོ་ཤིག །གང་དེ་སྟེ་དགེ་སློང་མ་དག་འབའ་ཞིག་ན་ཡང་རྟག་ཏུ་གྲལ་གྱི་དང་པོར་སྟན་ཅིག་ལྷག་པར་ཞོག་ལ་འཁོད་ཅིག་དེ་སྟེ་དགེ་ཚུལ་ཕ་ཞིག་འོངས་ན་ཡང་དེ་དེར་འདུག་ལ་ཟོ་ཤིག །དེ་སྟེ་དེས་མི་ནུས་པར་གྱུར་ན་ཡང་དགེ་སློང་མས་སྦྱིན་པའི་ཡོན་ཏན་ལྷོགས་

ཤིག །དགེ་སློང་མས་དེ་ལྟར་མ་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་ཛེ་ཏའི་ཚལ་དུ་དུས་སྟོན་ཆེན་པོ་བྱས་ནས་བུ་དང་ཆུང་མ་དགེ་འདུན་ལ་ཡོན་དུ་ཕུལ་བ་དང་། དགེ་སློང་དག་གིས་ཇི་

ལྟར་བྱ་བ་མི་ཤེས་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལ་དྲིས་ཤིག །དྲིས་པ་དང་། ཕ་དེས་སྨྲས་པ། འཕགས་པ་དག་རིན་ཐང་ཆོད་ཅིག་དང་བདག་གིས་གླུང་གསོལ་ལོ། །

དྲུག་སྡེ་དག་གིས་དེ་ལ་འགྲན་ཅིང་སྤེལ་བ་ལ་ཞུགས་པ་དང་། དེའི་ནང་ནས་ཆུང་མ་བུ་ཆུང་ངུ་མ་ཅན་གྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་རྐང་པ་ལ་བཏུད་དེ་ཇོ་བོ་བདག་གི་བུ་ཆུང་གིས་བདག་མ་གཏང་ཤིག་ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སེམས་ཅན་གྱི་ནང་ན་བུད་མེད་ལས་སྙིང་ཆུང་བ་མེད་ཀྱིས་འཇིགས་པར་མ་བྱ་ཤིག །དེ་བས་དགེ་སློང་གིས་བུད་མེད་ཀྱི་རིན་ཐང་མ་གཅོད་ཅིག །བཅད་ན་འདས་པ་དང་བཅས་པར་འགྱུར་རོ། །སྦྱིན་

เล่ม ๑๓ · หน้า 180a

བདག་གིས་ཇི་ལྟར་དགའ་ཞིང་དགའ་སྟེ་བྱིན་བཞིན་དུ་ལོངས་ཤིག །རྐྱང་པའི་མདོའི་ཚིགས་སུ་བཅད་པ་བཅུ་པ་རྫོགས་སྷོ།། །།མདོར་བསྡུས་པར་ན། ཡོ་བྱད་བུས་པ་བླུན་པ་དང་། །གང་གི་བ་དང་དེ་ཡི་སྟེ། །དེ་ལྟར་ཁྱེའུ་ལས་བསླང་མི་བྱ། །མགོན་མེད་

ཟས་སྦྱིན་དེ་བཞིན་ཏེ། །སྤུ་གྲི་དང་ནི་འཁོར་རྣམས་དང་། །ཆུ་དང་བསྡུས་པར་གསུངས་པའོ། །མདོར་ན། ཡོ་བྱད་རྣམས་དང་གནང་བ་དང་། །ཨུ་པཱ་ལིས་ནི་དྲིས་པ་སྟེ། །ཇི་ལྟར་བྱིན་གྱིས་བརླབ་པར་བྱ། །ཡིད་གཅུགས་ཚིགས་བཅད་མདོར་གསུངས་པའོ། །སངས་

རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དགེ་སློང་དག་ལྗོངས་རྒྱུ་བ་སྤྱོད་པ་ན་ན་བར་གྱུར་ཏེ། ཁ་ཅིག་ལ་སྨན་མེད་ནས་ལྷུང་བཟེད་བཙོངས་ཀྱང་ཁྱིམ་བདག་གིས་མ་ཉོས་ནས་དུས་འདས་པར་གྱུར་ཏོ། །དེ་ལྟར་

གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ཡོ་བྱད་དང་གོས་ཆོངས་ཤིག །བཅོམ་ལྡན་འདས་ཀྱིས་ཡོ་བྱད་དང་གོས་ཆོངས་ཤིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་བཀྲུས་ནས་

ཁ་བསྒྱུར་ཏེ་བཅངས་པ་དང་རིན་ཆུང་ངུར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བཀྲུས་ཁ་མ་བསྒྱུར། སར་པ་བཏགས་མ་ཐག་ཆོངས་ཤིག །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་

དག་གིས་ཡོ་བྱད་བཅུ་གསུམ་ཆོངས་ཤིག་ཅེས་བཀའ་སྩལ་ནི་ཇི་ལྟར་བྱིན་གྱིས་བརླབ་པར་བགྱི། ཨུ་པཱ་ལི་སོ་སོར་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་གོས་འདི་ནི་སྦྱར་མར་བྱིན་གྱིས་བརླབ་སྟེ། བྱ་བ་ཟིན་པ་ཡོངས་སུ་སྤྱད་པའོ། །དེ་བཞིན་དུ་སྟོད་གཡོགས་དང་མཐང་གོས་

དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་འཐེབ་དང་། སྟོད་ཆགས་དང་། སྟོད་ཆགས་ཀྱི་འཐེབ་དང་། གདོང་ཕྱིས་དང་། ལུས་ཕྱི་བ་དང་། གཡན་པའི་གོས་དང་། སྐྲ་བཟེད་དང་། གཡོགས་མ་དང་། རས་ཆེན་ཏེ་གོས་འདི་ནི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབས་

เล่ม ๑๓ · หน้า 180b

ཏེ། ན་བ་ལ་དགོས་ཏེ་བདག་དང་ཚངས་པ་མཚུངས་པར་སྤྱོད་པའི་ཕྱིར་བྱིན་གྱིས་བརླབ་བོ། །ཡང་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡོ་བྱད་བཅུ་གསུམ་བྱིན་གྱིས་རློབས་ཤིག་ཅེས་བཀའ་སྩལ་ན། དེ་ལས་ལྷག་

པའི་གོས་རྣམས་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དེ་ནི་སློབ་དཔོན་དང་། མཁན་པོ་དང་། ཡིད་གཅུགས་པ་རྣམས་ལ་བསྔོས་ལ་བཅང་བར་བྱ་སྟེ། དེ་ཡང་འདི་ལྟར་བསྔོ་བར་བྱའོ། །དགེ་སློང་གཅིག་གི་མདུན་དུ་འདུག་ལ་འདི་སྐད་སྨྲོས་ཤིག །

དགོངས་ཤིག་ཚེ་དང་ལྡན་པ་བདག་མིང་འདི་ཞེས་བགྱི་བ་ལ་གོས་འདི་ལྷག་པར་བསྔོ་སྟེ། བསྔོ་བའི་རིགས་པས་ན་མཁན་པོ་ལ་བསྔོ་སྟེ། མཁན་པོ་ཡིད་བཅུགས་པས་བཅང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །རྐྱང་པའི་ནང་ན་སྒོ་གསུམ་

པའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བུས་པ་བླུན་ལ་སོགས་ཤེས་པ། །བཅུ་གཉིས་ཀྱི་ནི་གང་ཟག་དང་། །དེ་བཞིན་རྣམ་པར་དབྱེ་བ་དང་། །ཚུལ་བཞིན་པ་ནི་གསུམ་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་

སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་གང་ཟག་དུའི་སླར་བཟློག་པ་མི་བརྩན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་བཅུ་གཉིས་ཏེ། བུས་པ་དང་། བླུན་པོ་དང་། མི་གསལ་བ་དང་།

མི་མཁས་པ་དང་། ངོ་ཚ་མེད་པ་དང་། ཁོན་དུ་འཛིན་པ་དང་། མཚམས་ཀྱི་ཕྱི་རོལ་ན་འདུག་པ་དང་། སྤངས་པ་དང་། ཚིག་མི་བརྟན་པ་དང་། སྤྱོད་ལམ་ལས་འགལ་བ་དང་། ཚུལ་བཞིན་དུ་མི་གནས་པ་དང་། བསླབ་པ་བྱིན་པའོ། །ཡང་ཞུས་པ་བཙུན་པ་ཇི་ཙམ་གྱིས་

ན་བྱིས་པ་ལྟ་བུ་ནས་ཇི་ཙམ་གྱིས་ན་བསླབ་པ་སྩལ་བའི་བར་དུ་ལགས། ཨུ་པཱ་ལི་གང་ལོག་པར་བསམ་པ་སེམས་པ་དང་། ལོག་པར་སྨྲ་བ་ལོག་པར་སྨྲ་བ་དང་། བཟློག་དཀའ་བར་བཟློག་པ་ཡིན་ཏེ། ཨུ་པཱ་ལི་ད་ལྟར་བགྱིས་པར་འགྱུར་རོ། །བཙུན་པ་ཇི་ཙམ་ན་གླེན་

เล่ม ๑๓ · หน้า 181a

པ་ལགས། མདོ་སྡེ་མི་འཛིན་པ། འདུལ་བ་མི་འཛིན་པ། མ་ལྟ་བུ་མི་འཛིན་པ་སྟེ། འདི་ཙམ་གྱིས་ན། ཨུ་པཱ་ལི་གླེན་པ་ཡིན་ནོ། །བཙུན་པ་ཇི་ཙམ་གྱིས་ན་མི་གསལ་བ་ལགས། ཨུ་པཱ་ལི་གང་མདོ་སྡེ་ཡང་འཛིན། འདུལ་བ་ཡང་འཛིན། མ་ལྟ་བུ་ཡང་

འཛིན་མོད་ཀྱི། འོན་ཀྱང་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་དུ་བྱ་བའི་དོན་མི་ཤེས་པ་སྟེ། འདི་ཙམ་གྱིས་ན་ཨུ་པཱ་ལི་མི་གསལ་བ་ཡིན་ནོ། །བཙུན་པ་ཇི་ཙམ་གྱིས་ན་མི་མཁས་པ་ལགས། ཨུ་པཱ་ལི་གང་མདོ་སྡེ་དང་། འདུལ་བ་དང་། མ་ལྟ་བུ་ཡང་འཛིན། དེ་

དག་གི་དོན་ཀྱང་ཤེས་མོད་ཀྱི། གཞན་ཤེས་པར་བྱེད་མི་ནུས་པ་ནི་ཨུ་པཱ་ལི་མི་མཁས་པ་སྟེ། འདི་ཙམ་གྱིས་ན་ཨུ་པཱ་ལི་མི་མཁས་པ་ཡིན་ནོ། །བཙུན་པ་ཇི་ཙམ་གྱིས་ན་ངོ་ཚ་མེད་པ་ལགས། ཨུ་པཱ་ལི་དེ་ནི་ཕས་ཕམ་པ་བཞི་ལས་གང་ཡང་རུང་ཉེས་པ་བྱུང་བར་གྱུར་པ་སྟེ། ཨུ་

པཱ་ལི་དེ་ནི་ངོ་ཚ་མེད་པར་གྱུར་པའོ། །བཙུན་པ་ཇི་ཙམ་གྱིས་ན་ཁོན་དུ་འཛིན་པ་ལགས། ཨུ་པཱ་ལི་དེ་ཁྲོ་བ་དང་། ཐབ་མོ་དང་། གཞན་ཡང་གང་དང་གང་དུ་འཐབ་པའི་སྒོར་གྱུར་པ་སྟེ། ཨུ་པཱ་ལི་དེ་ཙམ་གྱིས་ན་ཁོན་དུ་འཛིན་པའོ། །བཙུན་པ་ཇི་ཙམ་གྱིས་ན་མཚམས་ཀྱི་སླད་རོལ་ན་

མཆིས་པ་ལགས། དེ་ནི་ཨུ་པཱ་ལི་དགེ་སློང་གི་མཚམས་ཀྱི་ཕྱི་རོལ་ན་འདུག་པ་སྟེ། ཨུ་པཱ་ལི་དེ་ཙམ་གྱིས་ན་མཚམས་ཀྱི་ཕྱི་རོལ་ན་འདུག་པའོ། །བཙུན་པ་ཇི་ཙམ་གྱིས་ན་སྤངས་པ་ལགས། ཨུ་པཱ་ལི་དེ་ནི་དགེ་འདུན་གྱིས་གསོལ་པ་དང་བཞིའི་ལས་ཀྱིས་སྤངས་པ་སྟེ། ཨུ་པཱ་ལི་

དེ་ཙམ་གྱིས་ན་སྤངས་པར་གྱུར་པ་ཞེས་བྱའོ། །བཙུན་པ་ཇི་ཙམ་གྱིས་ན་ཚིག་མི་བརྟན་པར་གྱུར་པ་ལགས། ཨུ་པཱ་ལི་དེ་ནི་ཚིག་མི་བརྟན་པར་གྱུར་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཁྱལ་པར་སྨྲ་བའོ། །ཨུ་པཱ་ལི་དེ་ཙམ་གྱིས་ན་ཚིག་མི་

བརྟན་པར་གྱུར་པའོ། །བཙུན་པ་ཇི་ཙམ་གྱིས་ན་སྤྱོད་ལམ་ལས་གལ་བར་གྱུར་པ་ལགས། ཨུ་པཱ་ལི་དེ་ནི་དགེ་འདུན་གྱི་ནང་ནས་ལངས་ཏེ་སོང་བའོ། །ཨུ་པཱ་ལི་དེ་ལྟར་ན་སྤྱོད་ལམ་ལས་གལ་བར་གྱུར་པའོ། །བཙུན་པ་ཇི་ཙམ་གྱིས་ན་ཚུལ་བཞིན་ལ་མི་གནས་པར་གྱུར་པ་ཞེས་

เล่ม ๑๓ · หน้า 181b

བགྱི། ཨུ་པཱ་ལི་དེ་ནི་མི་སྤྱོད་པ་ནི་སྤྱོད་དགེ་སློང་གི་བསླབ་པ་ལ་མི་སློབ་པའོ། །ཨུ་པཱ་ལི་དེ་ཙམ་གྱིས་ན་ཚུལ་བཞིན་ལ་མི་གནས་པར་གྱུར་པ་ཞེས་བྱའོ། །བཙུན་པ་ཇི་ཙམ་གྱིས་ན་བསླབ་པ་སྩལ་བར་གྱུར་པ་ཞེས་བགྱི། ཨུ་པཱ་ལི་དེ་ནི་དགེ་སློང་ལ་དགེ་འདུན་གྱིས་གསོལ་བ་

དང་བཞིའི་ལས་ཀྱིས་ནམ་འཚོའི་བར་དུ་བསླབ་པ་བྱིན་པར་གྱུར་པ་སྟེ། ཨུ་པཱ་ལི་དེ་ལྟ་བུ་ནི་བསླབ་པ་བྱིན་པར་གྱུར་པའོ། །ཡང་གསོལ་པ། བཙུན་པ་ཇི་ཙམ་གྱིས་ན་གང་ཟག་གིས་སླར་བཟློག་པ་ལ་བརྩན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་རྣམ་པ་གསུམ་

སྟེ། ཚུལ་བཞིན་ལ་གནས་པ་དང་། ཚིག་བརྟན་པ་དང་། སྤྱོད་ལམ་ལས་མ་གལ་བའོ། །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། གང་གི་ཕྱིར་ནི་བྱ་བ་དང་། །གང་ཟག་ཀྱང་ནི་བཅུ་གཉིས་ནི། །བསྙེན་པར་རྫོགས་པར་བྱེད་པ་དང་། །

ཁྱིམ་པ་ཡིན་པར་ཁས་བླངས་པའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ལ་ལས་བྱ་བ་དེའི་སླར་བཟློག་

པ་མི་བརྩན་ནོ་ཞེས་བཀའ་སྩལ་ན། བཙུན་པ་གང་ཟག་བཅུ་གཉིས་སོ་སོར་བསྒོ་བའི་ཚེ་དེ་དག་འདི་སྐད་དུ་མཆི་སྟེ། ཚེ་དང་ལྡན་པ་དག་ངེད་ཅག་ལ་ནི་མ་སྒོ་ཤིག་ཅེས་མཆི་ན་ཅི་དེ་དག་གིས་སླར་བཟློག་པ་ཡང་མི་བརྩན་ནམ། ཨུ་པཱ་ལི་བརྩན་ནོ། །དེའི་ཆད་པའི་ལས་ལ་ངས་དགོངས་ཏེ་

གསུངས་སོ། །བཙུན་པ་བསྙེན་པར་རྫོགས་པར་བགྱིད་པ་ཁྱིམ་པ་ལགས་པར་ཁས་བླངས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་བསྙེན་པར་རྫོགས་པར་ཟིན་ཀྱང་ཁྱིམ་པ་ཡིན་པར་ཁས་བླངས་ན། དེ་ཡང་བསྙེན་པར་མ་རྫོགས་

པ་ཞེས་བྱ་ན་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ལྟ་སྨོས་ཀྱང་ཅི་དགོས། རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། ཚིལ་བུ་དག་ནི་མི་རུང་བ། །ལྔ་པོ་གང་གིས་རྐང་མི་བསྐུ། །དབང་ཕྱུག་བསྒྲག་པར་བྱ་བ་དང་། །ཞིང་གི་དངོས་པོ་དགེ་

เล่ม ๑๓ · หน้า 182a

འདུན་གྱིའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་རུང་བ་རྣམ་པ་ལྔའི་ལྷམ་མ་འཆང་ཤིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་དག་གིས་མི་རུང་བ་རྣམ་པ་

ལྔ་པོ་དེ་དག་གི་ཚིལ་བུས་རྐང་པ་བྱུགས་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བལ་གླང་གི་དྲུང་དུ་དོང་སྟེ། རྫི་ཕྱོགས་སུ་འཁོད་པ་དང་། བལ་གླང་དག་གིས་དྲི་ཚོར་ནས་བྲོས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་དག་ཟུང་ཤིག་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ།

བདག་ཅག་གིས་གཟུང་བར་མི་ནུས་སོ། །བཞིན་བཟངས་ངེད་ཀྱིས་གཟུང་ངམ། འཕགས་པ་དག་ཟུང་ཤིག་ངེད་ལ་ཅི་སྦྱིན། བཅའ་བའི་རིན་སྦྱིན་ནོ། །དེས་དེ་དག་གི་མདུན་དུ་སོང་སྟེ་རྫི་མི་ལྡང་བའི་ཕྱོགས་སུ་འདུག་པ་དང་། བལ་གླང་དེ་དག་ཀྱང་འཁོད་དོ། །དེ་དག་གིས་

སྨྲས་པ། འཕགས་པ་དག་ཅི་ཁྱེད་རིག་པ་མཁྱེན་ནམ། བཞིན་བཟངས་ངེད་རིག་པ་མི་ཤེས་མོད་ཀྱི། ངེད་ཀྱི་བལ་གླང་ཅང་ཤེས་ཀྱི་ཚིལ་བུས་རྐང་པ་བསྐུས་པས་སོ། །འཕགས་པ་དག་རྒྱལ་པོའི་བལ་གླང་མཆོག་དག་བྲོས་པར་གྱུར་ནས། ཁྱེད་ཀྱིས་རྒྱལ་པོ་ལ་གནོད་

པ་བྱས་པར་མི་འགྱུར་རམ་ཞེས་སྨྲས་ནས་དེ་དག་ཉེས་པ་ངོར་བརྗོད་ཅིང་འཕྱས་འདོགས་ཏེ་མི་སྙན་པར་ཟེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བལ་གླང་ཅང་ཤེས་ཀྱི་ཚིལ་

གྱིས་རྐང་པ་བྱུག་པར་མ་བྱེད་ཅིག །དགེ་སློང་གིས་བལ་གླང་ཅང་ཤེས་ཀྱི་ཚིལ་གྱིས་རྐང་པ་ལ་བྱུག་ན་འདས་པ་དང་བཅས་པར་འགྱུར་རོ། །ཇི་ལྟར་བལ་གླང་ཅང་ཤེས་པ་བཞིན་དུ་རྟ་ཅང་ཤེས་དང་། སེང་གེ་དང་། སྟག་དང་། གཟིག་ལ་སོགས་པ་རྒྱས་པར་བརྗོད་པར་

བྱའོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་

เล่ม ๑๓ · หน้า 182b

འདུག་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཀུན་དགའ་བོ་སེང་གེའི་གདན་བཤམས་པ་འདི་ཅི་ཞིག་བགྱི་ཅི་དེང་ཆོས་བསྒྲགས་སམ། དེའི་ཚེ་གསོ་སྦྱིན་གྱི་དུས་ལ་བབ་སྟེ། དེ་རྒྱལ་པོ་ཆེན་པོ་དགེ་སློང་གིས་

མཚུངས་པར་བཟུང་བ་ལགས་ཀྱི་ཁྱིམ་པས་མཚུངས་པར་བཟུང་བ་མ་ལགས་སོ། །ཞེས་སྨྲས་པ་དང་། རྒྱལ་པོས་རྐང་པ་ལ་ཕྱག་འཚལ་ཏེ་སོང་ངོ་། །མཁྱེན་བཞིན་དུ་འདྲི་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་

དགའ་བོ་ལ་ཅིའི་ཕྱིར་རྒྱལ་པོ་ཆོས་མ་མཉན་པར་སོང་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཞིབ་མོར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཉེས་སོ། །དེ་སྟེ་རྒྱལ་པོ་གཟུགས་ཅན་སྙིང་པོ་སོ་སོར་ཐར་པ་ཐོས་པར་

གྱུར་ན་ངེས་པར་དེ་སྡོན་པས་ཀྱང་མངོན་དུ་དགའ་བར་འགྱུར་ཏེ། དགའ་ནས་དགའ་བའི་དབང་གིས་བྱ་བ་བྱེད་དུ་གདོན་མི་ཟའོ། །དེ་བས་ན་ངས་གནང་གིས་འདི་འདྲ་བའི་སྐྱེས་བུ་དམ་པ་དད་པ་དེ་དག་ལ་ནི་ཐོས་པར་གྱིས་ཤིག །གཞན་ཡང་རབ་ཏུ་ཕྱུག་ལ་མ་དད། དབུལ་ལ་རབ་

ཏུ་དད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་དག་ལའང་ཐོས་པར་གྱིས་ཤིག །གང་གི་ཚེ་ཚེ་དང་ལྡན་པ་གྲོ་ཞིན་བྱེ་བ་ཉི་ཤུ་པ་ཞེས་བྱ་བ་སྐྱ་བོ་བསེང་བསེང་པོ་སྐེམ་ཞིང་རིད་ལ་རྨྱ་ཞིང་ལུས་ཉམ་ཆུང་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་གཟིགས་ཏེ། ཚེ་དང་

ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཅིའི་ཕྱིར་ན་གྲོ་ཞིན་བྱེ་བ་ཉི་ཤུ་པ་ཞེས་བྱ་བ་སྐྱ་བོ་བསེང་བསེང་པོ་སྐེམ་ཞིང་རིད་ལ་རྨྱ་ཞིང་ཉམ་ཆུང་བར་གྱུར། དེས་བཅོམ་ལྡན་འདས་དེ་དང་པོ་བཙས་ནས་ཐུག་པ་འབའ་ཞིག་གིས་ལུས་བསྐྱེད་པ་ལགས་སོ་ཞེས་གསོལ་

པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་ངས་གནང་གིས་གྲོ་ཞིན་བྱེ་བ་ཉི་ཤུ་པ་ལ་ཐུག་པ་ལུད་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གྲོ་ཞིན་བྱེ་བ་ཉི་ཤུ་པ་ལ་ཚེ་དང་ལྡན་པ་གྲོ་ཞིན་བཅོམ་ལྡན་འདས་ཀྱིས་ཁྱོད་ནི་ཐུག་པ་འཐུང་

เล่ม ๑๓ · หน้า 183a

ཤིག་པར་གནང་ངོ་ཞེས་བསྒོ་བ་དང་། དེས་སྨྲས་པ། བཙུན་པ་ཀུན་དགའ་བོ་བདག་གཅིག་པུ་ལའམ། དེ་སྟེ་དགེ་འདུན་ཐམས་ཅད་དེས་སྨྲས་པ། ཁྱོད་གཅིག་པུའོ། །བཙུན་པ་ཀུན་དགའ་བོ་འདིས་གླེངས་པས་ན་ཚངས་པ་མཚུངས་པར་སྤྱོད་པ་

དག་གིས་ཀྱང་འདི་སྐད་དུ་གྲོ་ཞིན་བྱེ་བ་ཉི་ཤུ་པ་བསྟན་པ་ལ་རབ་ཏུ་བྱུང་ནས་སྔོན་གྲོང་ཁྱེར་ཙམ་པ་ན་ལོ་ལེགས་པར་གྱུར་པའི་ཚེ། བལ་གླང་བདུན་གྱིས་དྲང་བ་ཡང་སྤངས་ཏེ་རབ་ཏུ་བྱུང་ན་ད་ཐུག་པ་ཙམ་ལ་ཡང་ཆགས་སོ་ཞེས་ཟེར་གྱིས། བཅོམ་ལྡན་འདས་ཀྱིས་བདག་གི་ཕྱིར་

དགེ་འདུན་ཐམས་ཅད་ཀྱང་ཐུག་པ་གནང་ན་བདག་ཀྱང་གཟོད་འཚལ་བར་བགྱིའོ་ཞེས་གསོལ་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་གནང་གིས་གྲོ་ཞིན་བྱེ་བ་ཉི་ཤུ་པའི་ཕྱིར་དགེ་

འདུན་ཐམས་ཅད་ཀྱང་ཐུག་པ་འཐུང་ཤིག །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱིས་དགེ་འདུན་རྣམས་ཐུག་པ་འཐུང་བར་གནང་ངོ་ཞེས་ཐོས་ནས་དེས་དགེ་འདུན་ལ་ས་བོན་བུམ་པ་སྟོང་གིས་བཏབ་པའི་ཞིང་དག་ཕུལ་བ་དང་། དགེ་སློང་དག་གིས་མ་

བླངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་ན་བླང་བར་བྱ་སྟེ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །དེ་བས་ན་ཞིང་ལས་བྱུང་བ་རྣམས་དགེ་འདུན་གྱིས་སྤྱད་པར་གྱིས་ཤིག །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན།

གདིང་དང་བསྙེན་པར་རྫོགས་པ་དང་། །དགེ་ཚུལ་ཕ་དང་གསར་བུ་དང་། །སྙོམས་ཞུགས་དང་ནི་མི་གནང་བ། །བསླབ་པ་བྱིན་པ་གཉིས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་

རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་སློང་དང་ཁྱིམ་པ་གཉིས་ལྷན་ཅིག་ཏུ་གདིང་བ་གཅིག་ལ་མཆིས་སུ་རུང་ངམ། ཨུ་པཱ་ལི་དེ་ནི་མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཅིག་བྱུང་ན་གནང་ངོ་། །བཙུན་པ་དགེ་ཚུལ་ཕ་དང་། དགེ་སློང་གསར་བུ་དང་།

เล่ม ๑๓ · หน้า 183b

མ་ནིང་དང་། ཟ་མ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་།

རྐུན་གནས་དང་། སོ་སོར་གནས་པ་དང་། མི་གནས་པ་དག་ལ་སོགས་པ་དང་གདིང་བ་གཅིག་གི་སྟེང་ན་ལྷན་ཅིག་ཏུ་མཆིས་པར་རུང་ངམ། ཨུ་པཱ་ལི་དེ་ལྟར་ནི་མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཅིག་བྱུང་ན་གནང་ངོ་དེ་བཞིན་དུ་སྟན་གཅིག་གམ། ཁྲི་གཅིག་གམ། ཁྲིའུ་གཅིག་གམ།

པར་ཏང་གཅིག་ཏུ་མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཅིག་བྱུང་ན་རུང་ངོ་། །བཙུན་པ་ཁྱིམ་པ་དང་སྟེགས་བུ་ལ་སྟན་བཏིང་བའི་སྟེང་ན་ལྷན་ཅིག་ཏུ་མཆིས་པར་རུང་ངམ། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཅིག་བྱུང་ན་རུང་ངོ་། །པར་ཏང་དག་བཏིང་ཡང་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་ཅིག་བྱུང་

ན་པར་ཏང་དག་བཏིང་བར་གྱུར་པའང་དེ་བཞིན་ནོ། །དེ་བཞིན་དུ་དགེ་ཚུལ་ཕ་དང་། དགེ་སློང་གསར་བུ་ནས་སོ་སོར་གནས་པའི་བར་དུ་སྟེ། དེ་བཞིན་དུ་གནས་ལ་ཉེས་པའི་དམིགས་མ་བྱུང་གི་བར་དུ་ལྷན་ཅིག་ཏུ་འདུག་ན་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་བསླབ་

པ་སྩལ་བ་གཉིས་ཤིག་སྟན་གཅིག་གི་སྟེང་ན་ལྷན་ཅིག་མཆིས་སུ་རུང་ངམ། ཨུ་པཱ་ལི་དེ་ནི་མི་རུང་ངོ་། །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་གཉིས་པ། མདོར་ན། མི་བསླང་བ་དང་ཁྲིའུ་

གཅིག །བྲེལ་བར་གྱུར་པའང་དེ་བཞིན་ཏེ། །ཅུང་ཟད་བྲེལ་བར་གྱུར་པ་དང་། །རྩྭ་དང་ཤིང་ཡང་དགེ་འདུན་གྱིའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། དགེ་སློང་དག་ཁྲིའུའི་

སྟེང་ན་བཙོ་བླག་གི་ལས་བྱེད་ཅིང་འདུག་པ་དང་། དྲུག་སྡེ་དག་དེ་ཉིད་དུ་འདུག་ཅིང་གནོད་པར་བྱེད་དེ། དེ་དག་བྲེལ་བཞིན་དུ་བསླང་བ་དང་དེ་དག་ལ་གནོད་པར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

เล่ม ๑๓ · หน้า 184a

བཀའ་སྩལ་པ། དགེ་སློང་བཙོ་བླག་གི་ལས་བྱེད་ཅིང་བྲེལ་བ་ལ་དགེ་སློང་དག་གིས་མ་བསླང་ཤིག །བསླང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ཟས་ཟ་ཞིང་འཁོད་པ་རྣམས་ལ་དྲུག་སྡེ་དག་

གིས་རྒན་རིམས་བཞིན་དུ་བྱའོ་ཞེས་བསླང་བ་དང་། དགེ་སློང་དག་ལྡང་དུ་མ་བཏུབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་རྒན་རིམས་བཞིན་དུ་འདུག་ཤིག །བཅོམ་ལྡན་འདས་ཀྱིས་ཇི་ལྟར་རྒན་རིམས་བཞིན་དུ་འདུག་ཤིག་ཅེས་བཀའ་སྩལ་པ་དང་།

དྲུག་སྡེ་དག་ཕྱིས་འོངས་ནས་དགེ་སློང་སྔ་མ་ཟས་ཟ་ཞིང་བྲེལ་བ་དག་བསླང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་ཟས་ཟ་ཞིང་བྲེལ་བ་དག་མ་བསླང་བར་གུད་དུ་འདུག་པར་བྱ་སྟེ། བསླང་ན་འདས་པ་དང་བཅས་པའོ། །སངས་རྒྱས་བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ཇི་ཙམ་གྱིས་ན་དགེ་སློང་དག་ཟན་ཟ་ཞིང་བྲེལ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུང་ངུ་ལན་ཚྭའམ། ཤང་ཅེའམ། ལ་ཕུག་ཀྱང་རུང་བྲིམས་པར་གྱུར་པའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་

ཟས་ཟ་ཞིང་བྲེལ་བ་ལ་མ་བསླང་ཤིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་དག་རྒན་རིམས་ཀྱིས་དང་པོར་འདུག་ནས། ཟས་ཟ་ཞིང་ཆེད་དུ་བྲེལ་བར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་གྲལ་མ་ཡིན་པར་འདུག་ལ་ཟས་ཟ་ཞིང་བྲེལ་བར་

མ་བྱེད་ཅིག །བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་གྲལ་རིམས་ལ་མཁས་པར་གྱིས་ཤིག །དེ་ལས་གཞན་དུ་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་འདུན་གྱི་བཙོ་བླག་གི་བུམ་པ་དང་། གཞོང་ཁུང་དག་དགེ་སློང་གིས་བླངས་ནས་བཙོ་བླག་གི་

ལས་བྱེད་པ་དང་། དྲུག་སྡེ་དག་གིས་ཚེ་དང་ལྡན་པ་དག་ངེད་རྒན་པས་ངེད་སྔར་དབང་ངོ་ཞེས་སྨྲས་ནས། ཚོན་རྩི་དག་ཕོ་སྟེ་ཁྱེར་བ་དང་། དགེ་སློང་དག་བྲེལ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

เล่ม ๑๓ · หน้า 184b

ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བུམ་པའམ། གཞོང་ཁུང་དག་བྲེལ་བ་ལ་མ་བླང་བར་བྱ་བ་རྣམས་ཟིན་ནས་གདོང་ལོང་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་བུམ་པའམ། གཞོང་ཁུང་དག་བྲེལ་བ་ལ་མ་བསླང་ཤིག་ཅེས་བཀའ་སྩལ་པ་དང་།

དྲུག་སྡེ་དག་གིས་བསམས་བཞིན་དུ་སྣོད་རྣམས་ཚོན་ཅུང་ཟད་ཙམ་ཞིག་གིས་བྲེལ་བར་བྱས་ཏེ་བཞག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་རྩི་ཐམས་ཅད་སྣོད་གཅིག་གི་ནང་དུ་བླུགས་ལ་དགོས་ན་བླང་བར་གྱིས་ཤིག །དགེ་སློང་གིས་སྣོད་དག་གི་ནང་དུ་

ཚོན་རྩི་ཅུང་ཟད་ཀྱིས་བྲེལ་བར་བྱ་སྟེ། མ་བཞག་ཤིག །བཞག་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཛེ་ཏའི་ཚལ་ཤིང་ཐགས་ཀྱིས་བསྐོར་བ་དང་། ཁྱིམ་བདག་དག་གིས་བཅག་ཅིང་བཅག་

ཅིང་ཁྱེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བཀུར་ཅིག་ཅེས་བསྒོ་ཤིག །དེ་དག་གིས་བསྒོ་བ་དང་། ཤིང་དང་རྩྭ་ཡང་བོར་ཏེ་དོང་ངོ་། །དེ་དག་ཆུད་ཟོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱད་དུ་མི་རུང་བ་དག་ནི་ཚང་མང་དུ་སྐྱོལ་ཅིག །

ལྷག་མ་དག་ནི་ལས་གསར་དུ་བྱེད་པ་ལ་ཕུལ་ཅིག །དྲུག་སྡེ་དག་གིས་ལས་གསར་དུ་བྱར་རུང་བའི་ཤིང་དག་གཤེགས་ནས་མེར་བུས་ཏེ་བཙོ་བླག་གི་ལས་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་གསར་དུ་བྱར་རུང་བའི་ཤིང་དག་ནི་མ་བུད་ཅིག །བུས་

ན་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། མགོན་མེད་ཟས་སྦྱིན་གྱི་ནི་རྒྱན། །འདུག་པ་བླང་བར་མི་བྱའོ། །སྣོད་སྤྱད་ལག་ན་ཐོགས་པ་དང་། །ལྷམ་ཡང་ཕྱི་བར་བྱ་བའོ། །སངས་རྒྱས་བཅོམ་ལྡན་

འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་དེ་སྟེ་གནང་ན་བདག་གིས་ཛེ་ཏའི་ཚལ་ཡང་དབུལ་བར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་

เล่ม ๑๓ · หน้า 185a

ཀྱིས་བཀའ་སྩལ་པ། ཁྱིམ་བདག་ངས་གནང་གིས་ཕུལ་ཅིག །དེས་ཤིང་གང་ཕོའི་མིང་དུ་བྱ་བ་ལ་ནི་ཕོའི་རྒྱན་གྱིས་བརྒྱན། གང་མོའི་མིང་དུ་བྱ་བ་ལ་ནི་མོའི་རྒྱན་གྱིས་བརྒྱན་པ་དང་། དགེ་སློང་དག་གིས་ཇི་ལྟར་བྱ་བ་མི་ཤེས་ནས། དེ་ལྟར་གྱུར་པ་དགེ་སློང་

དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཉིད་ལ་དྲིས་ཤིག །དེ་དག་གིས་ཁྱིམ་བདག་ཉིད་ལ་དྲིས་པ་དང་། དེས་སྨྲས་པ། འཕགས་པ་ཇི་ལྟར་བསྔོས་པ་དེ་བཞིན་དུ་མཛོད་ཅིག །དེ་ལྟར་གྱུར་པ་དགེ་སློང་དག་

གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཤིང་ཕོའི་མིང་དུ་བྱ་བ་དང་། གང་ཤིང་མོའི་མིང་དུ་བྱ་བ་རྣམས་ཀྱི་རྒྱན་སོ་སོར་བསྡུས་ལ་ཐུམ་པོར་བྱོས་ཏེ་ཞོག་ཤིག །ནམ་དུས་སྟོན་གྱི་ཚེ་ཡང་དེ་བཞིན་དུ་བརྒྱན་པར་གྱིས་ཤིག །

རྩིག་པའི་ནི་རི་མོའི་ཡོ་བྱད་དུ་བྱོས་ཤིག །བསྲོ་ཁང་གི་རྩིག་པ་དང་། ཀ་བ་དག་གི་ནི་ལས་གསར་དུ་བྱོས་ཤིག །དེའི་སའི་ནི་དགེ་འདུན་གྱི་སྣང་མར་བྱོས་ཤིག །ནད་པའི་སྨན་ཁང་གི་རྩིག་པ་དང་། ཀ་བའི་དེ་དག་ནི་ལས་གསར་དུ་བྱོས་ཤིག །དེའི་སའི་སྨན་གྱི་ཡོ་བྱད་

བྱོས་ཤིག །ཚང་མང་གི་རྩིག་པ་དང་ཀ་བའི་ནི་དེ་དག་ལས་གསར་དུ་བྱོས་ཤིག །དེའི་སའི་ནི་དགེ་འདུན་གྱི་བཤོས་སུ་གྱིས་ཤིག །ཆུ་གང་གི་རྩིག་པ་དང་། ཀ་བའི་ལས་གསར་དུ་གྱིས་ཤིག །དེའི་སའི་ནི་སྐོམ་དུ་བྲིམས་ཤིག །དུགས་ཁང་གི་རྩིག་པ་དང་།

ཀ་བའི་ནི་དེའི་ལས་གསར་དུ་གྱིས་ཤིག །དེའི་སའི་ནི་དུགས་ཁང་དུ་གྱིས་ཤིག །བཀད་སའི་ཁང་པའི་རྩིག་པ་དང་། ཀ་བ་དག་གིས་ནི་ལས་གསར་དུ་གྱིས་ཤིག །དེའི་སའི་ནི་སྣུམ་པའི་ཟོང་གྱིས་ཤིག །ཁྱམས་དང་། སྟེགས་བུ་དང་། འཆག་ས་དང་། སྒོ་

ཁང་དང་། ཡང་ཐོག་གི་རྩིག་པ་དང་། ཀ་བ་དག་གིས་ནི་ལས་གསར་དུ་གྱིས་ཤིག །དེའི་སའི་ནི་དགེ་འདུན་སྤྱིར་བགོས་ཤིག །གང་རྫིང་བུའི་བ་དེ་ནི་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་སྤྱིར་ཞོག་ཤིག །དགེ་སློང་སྤོང་བའི་ཁང་བུའི་ནང་ན་འདུག་ཅིང་དགེ་བའི་

เล่ม ๑๓ · หน้า 185b

ཕྱོགས་སྤྱོད་པ་དང་། དྲུག་སྡེ་དག་དེར་འོངས་ནས་ངེད་རྒན་ནོ་ཞེས་ཟེར་ནས་དེ་དག་བསླང་སྟེ་བཏང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་རིམས་སོ་ཞེས་དགེ་སློང་གིས་དགེ་སློང་འཁོད་པ་ལ་མ་བསླང་ཤིག །བསླང་ན་འདས་པ་དང་བཅས་པར་

འགྱུར་རོ། །དགེ་སློང་དག་བྱ་བ་བྱས་ནས་སྟན་ལས་ལངས་ཏེ་འཆག་ཅིང་འདུག་བཞིན་དུ་གཞན་གྱིས་སྟན་བླངས་ནས་མ་སྟེར་ནས་དགེ་སློང་དག་བྲེལ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

བྱ་བ་བྱས་ནས་སྟན་ལས་ལངས་ན་སྟན་མ་འཛིན་ཅིག །དགེ་སློང་དག་རིང་ཞིག་ཏུ་སྟན་ལས་འདུག་ནས་ལངས་ཏེ་འཆག་པ་དང་། དེའི་སར་དྲུག་སྡེ་དག་འདུག་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དེར་མ་འདུག་ཤིག །ལངས་ཏེ་འཆག་ཏུ་འགྲོ་ན་ཡང་དེའི་སྟེང་དུ་ཆོས་གོས་སམ། པུས་འཁྱུད་ཅིག་ཞོག་ལ་ཆོགས་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་སྣོད་རྣམས་ཐོགས་བཞིན་དུ་གཙུག་ལག་ཁང་དུ་འོངས་པ་དང་། དེ་ནས་དགེ་སློང་གཅིག་གིས་

ཐོགས་བཞིན་དུ་ཕྱག་བྱས་པ་དང་། དེའི་རིལ་བ་ཆག་པར་གྱུར་ཏོ། །གཞན་ཞིག་ཀྱང་ཁང་བཟངས་ཀྱི་ཀ་བ་ལ་ལྷམ་བརྡབས་པ་དང་། དགེ་སློང་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ངས་དགེ་སློང་ལམ་དུ་འཇུག་པའི་མཚུངས་པར་སྤྱོད་པའི་ཆོས་བཅའོ། །དགེ་སློང་ལམ་དུ་འཇུག་པས་ཆུ་མཐོང་ན་ལྷུང་བཟེད་དང་ཆོས་གོས་ཕོག་སྟེ་ཕྱོགས་གཅིག་ཏུ་ཞོག་ལ། དེ་ནས་གོས་དག་ཀྱང་སྤྲུགས་ཏེ་ཁྲུས་བྱོས་ལ། དེ་ནས་རྐང་པ་དང་། ལག་པ་ཁྲུས་ལ་

ཆུ་ཡང་ཆུ་ཆགས་ཀྱིས་ཚོགས་ཏེ་ར་ད་གཤེར་བས་ལྷམ་ཕྱིས་ལ་དེའི་འོག་ཏུ་ལག་པ་བསྙལ་ནས་བླ་འོག་གི་བགོ་བ་ལེགས་པར་གྱོན་ལ་སྤྱོད་ལམ་ཞི་བཞིན་གཙུག་ལག་ཁང་དུ་འགྲོ་བར་བྱའོ། །དེ་ལས་གཞན་དུ་ན་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་གསུམ་

เล่ม ๑๓ · หน้า 186a

པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། སྤུ་གྲིའི་བདར་དང་སེན་མོ་བཅད། །སྨང་ཚེར་རྐང་པའི་རྟེན་དང་ནི། །བཤང་བར་བྱ་དང་གཅི་བའི་གནས། །བྱ་བ་བྱས་པ་མི་བཅང་ངོ་། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་

ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ཕྱིར་སྤུ་གྲིའི་སྣོད་ཆོངས་ཤིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་དག་གིས་དགེ་འདུན་གྱི་སྤུ་གྲི་ཁྱེར་ཏེ་བྱ་བ་བྱས་ཀྱང་སྤུ་གྲི་བླངས་ནས་ད་དུང་བྱ་བ་ཡོད་ཅེས་ཟེར་ནས་སྤུ་གྲི་མ་སྟེར་རོ། །དེ་ལྟར་

གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤུ་གྲི་བྱ་བ་བྱས་ནས་མ་འཆང་ཤིག །བཅངས་ན་འདས་པ་དང་བཅས་པར་འགྱུར་རོ། །སྤུ་གྲི་ཇི་ལྟ་བ་དེ་བཞིན་དུ་བདར་དང་། སེན་མོ་བཅད་པ་དང་། སྨང་ཚེར་དང་། རྐང་པ་

བརྟེན་པ་རྣམས་སོ། །དྲུག་སྡེ་དེ་དག་གིས་གཅི་བའི་གནས་སུ་ཞུགས་ཏེ་བྱ་བ་བྱས་ཀྱང་ད་དུང་ཡང་སླར་འཇུག་གོ་ཞེས་སྨྲས་ནས། དགེ་སློང་ལྷགས་པའི་རྣམས་འཇུག་ཏུ་མི་སྟེར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དགེ་སློང་གིས་གཅི་བའི་གནས་སུ་ཞུགས་ཏེ་བྱ་བ་བྱས་ན་དགེ་སློང་དག་ལ་མ་བགགས་ཤིག་བགགས་ན་འདས་པ་དང་བཅས་པར་འགྱུར་རོ། །བཤང་བའི་སར་ཡང་དེ་བཞིན་ནོ། །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན།

གཡོག་དང་དུས་སྟོན་ཆེན་པོ་དང་། །རྙོག་པ་ཅན་གྱི་ཆུ་དང་ནི། །ཕྱེ་ལས་བརྫིས་དང་སྐྱོ་མ་དང་། །སྡེར་བསྡུས་དེ་བཞིན་བསྒྲགས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་

མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་དེ་སྟེ་གནང་ན་བདག་གིས་སེན་མོ་དང་དབུ་སྐྲའི་མཆོད་རྟེན་ལ་དུས་སྟོན་ཆེན་པོ་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་གནང་གིས་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང་སེན་མོའི་མཆོད་

เล่ม ๑๓ · หน้า 186b

རྟེན་ལ་དུས་སྟོན་གསོལ་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་དུས་སྟོན་ཆེན་པོའི་ཚེ་འདུས་ནས་དེ་དག་རྫིང་བུའི་ནང་དུ་ལྷུང་བཟེད་རྣམས་བཀྲུས་པ་དང་། གཙུག་ལག་ཁང་ན་གནས་པ་དང་། དགེ་བསྙེན་དག་གིས་ཀྱང་མར་དང་། འབྲུ་མར་དང་། ཞོ་དང་། སྦྲང་རྩིའི་

བུམ་པ་རྣམས་ཀྱང་རྫིང་དུ་བཀྲུས་པས་ན་ལྷུང་བཟེད་རྣམས་དང་བུམ་པ་དེ་རྣམས་ཀྱི་སྣུམ་དག་གིས་ཆུའི་སྟེང་དུ་ཞག་ཆགས་པར་གྱུར་ཏེ། དེ་ལ་དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཆུ་མི་འཐུང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དེས་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུས་ཀྱིས་དཀྲུགས་ལ་འཐུང་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །ཆུ་དེ་ཁོ་ར་ཁོར་ཡུག་ཏུ་སྐྱེ་བོ་མང་པོ་དག་གིས་དཀྲུགས་པས་ན་ཐམས་ཅད་ཀྱང་རྙོག་པས་གང་སྟེ་གདོང་གི་གཟུགས་བརྙན་ཡང་མི་སྣང་བར་གྱུར། ཆུ་

ཚགས་ཀྱང་རྙོག་པས་འགགས་ནས་ཆུ་མི་ཟག་པ་དང་། དེ་དག་ལ་གནོད་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་གདོང་གི་གཟུགས་བརྙན་མི་སྣང་བ་དེར་ལྷུང་བཟེད་ཆུང་ངུའམ་

སྣོད་གཞན་གྱི་ཆུས་ལ་ཤིང་ཏོག་ཀ་ཏ་ཀའི་འབྲས་བུ་ཆུག་སྟེ་སྐད་ཅིག་སྡོད་ལ་རྟོགས་ཤིག་དང་ངེས་པར་གདོང་གི་གཟུགས་བརྙན་ཡང་སྣང་བར་འགྱུར་རོ། །དེ་ལྟ་བུ་མེད་ན་ཟན་གྱི་ཆང་བུ་ཆུག་ཤིག །དེ་སྣུམ་མེད་པས་ཞིགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཕྱེ་མར་དུ་གྱིས་ལ་དེར་ཆུག་ཤིག །ཆུ་བ་ཚྭ་ཅན་དུ་གྱུར་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དེས་ལན་ཚྭའི་བྱ་བ་བྱེད་ནུས་ན་བྱིན་ལེན་བྱོས་ལ་འཐུང་ཤིག །དེ་སྟེ་བྱ་བ་བྱེད་མི་ནུས་ན་ཆུས་ལ་འཐུང་ཤིག །དེ་ལ་ཐེ་ཚོམ་

དུ་མ་བྱེད་ཅིག །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། ཆུ་དང་ཞོ་ལས་ཆུར་གྱུར་དང་། །བུམ་པ་བུམ་བུའང་དེ་བཞིན་ཏེ། །ལག་པ་བསྙལ་ནས་འཐུང་བ་དང་། །དགེ་ཚུལ་ཕ་ལའང་རྣམ་བཞིར་བྱ། །ལྷུང་བཟེད་དང་ནི་གདོང་

เล่ม ๑๓ · หน้า 187a

བཀྲུ་དང་། །བསོད་སྙོམས་པ་ལ་རྣམ་པ་གཉིས། །རྒྱགས་དང་འབྲས་བུ་མེ་ཏོག་དག །ཕོངས་ན་རུང་གིས་བཟའ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །

དགེ་སློང་དག་ཁྲོན་པའི་ནང་ནས་ཆུ་བཅུས་ཏེ་དེ་དག་གིས་བཙགས་ན་འབྲས་ཅན་བྲུལ་མ་དང་ཁུར་བའི་དུམ་བུ་དག་བྱུང་ངོ་། །དེ་དག་ཐེ་ཚོམ་སྐྱེས་ནས་ཆགས་པ་དང་དུམ་བུ་དག་ཀྱང་འཁྲུ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། དེས་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུས་ཀྱིས་ཕྱུང་སྟེ་བོར་ལ་ཚོགས་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །དགེ་སློང་དག་རྫིང་ནས་ཆུ་འཆུ་བ་དང་དེར་ཆུའི་བུམ་པ་དང་སྦྲང་རྩིའི་བུམ་པ་དག་བཀྲུས་པ་དང་། དགེ་སློང་དག་གིས་ཀྱང་ལྷུང་བཟེད་སྣུམ་

ཅན་དག་བཀྲུས་སོ། །དེ་དག་གི་སྣུམ་གྱིས་ཆུའི་སྟེང་ཞག་ཏུ་ཆགས་པར་གྱུར། ཞོའི་འབྲུམ་བུ་དག་ཀྱང་སྣང་བར་གྱུར་ནས། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་མ་བཅུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུས་ཀྱིས་ཆུས་ཤིག །

ཕྱི་དྲོ་མི་འཐུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཐུང་ཤིག་བུམ་པ་དང་རིལ་བ་དག་གི་ནང་དུ་མི་ལྡུགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ལུགས་ཤིག་དགེ་སློང་དག་ཅིག་ལམ་དུ་ཞུགས་ཏེ་དོང་བ་དང་། དེ་ན་ཆུ་མེད་དེ་ཁྱིམ་བདག་གིས་སྣོད་ནས་ཆུ་

འགྲོན་པ་མང་པོ་ལ་བྱིན་པ་དང་། དགེ་སློང་དག་གིས་འཐུང་དུ་མ་བཏུབ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་གཞན་མེད་ན་རྟོགས་ལ་འཐུང་ཤིག །དེ་དག་བུམ་པ་དང་རིལ་བའི་ནང་དུ་མི་ལྡུགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་

ལུགས་ཤིག །ཕྱི་དྲོ་མི་འཐུང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཐུང་ཤིག་ལམ་ན་རྡོ་ཆུ་སྒྲོམ་ཡོད་པ་དང་། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཆུ་མ་བླངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་རྡོ་ཆུ་སྒྲོམ་ནི་བཀྲུ་བཀྲུ་བ་ཡིན་

เล่ม ๑๓ · หน้า 187b

གྱིས། རྟོགས་ལ་འཐུང་ཤིག །རིལ་བ་དང་བུམ་པ་དག་ཏུ་མི་ལྡུགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་ལུགས་ཤིག །ཕྱི་དྲོ་མི་འཐུང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཐུང་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །དེ་

བཞིན་དུ་ཤིང་སྒྲོམ་དང་རྐྱལ་པའི་ནང་ན་འདུག་པ་ཡང་རྟོགས་ལ་འཐུང་ཤིག །ཕྱི་དྲོ་དང་། རིལ་བ་དང་། བུམ་པའི་ནང་དུ་ཡང་ལུགས་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །དགེ་སློང་དག་གིས་དགེ་འདུན་ལ་ཆུ་བྲིམས་པ་དང་། དེ་ན་དགེ་སློང་དག་གིས་ཚེ་དང་ལྡན་པ་ཆུ་རྒྱུན་ལྷུང་

བཟེད་ཀྱི་ནང་ནས་མ་ཆད་པས་ན་བཞག་པར་གྱུར་ཏོ་ཞེས་སྨྲས་ཏེ། དེ་དག་གིས་མ་བླངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁུ་བ་ཐམས་ཅད་ཀྱི་རྒྱུད་ནི་ཐུར་དུ་འབབ་ཀྱི་སྟེང་དུ་མི་འགྱུར་

གྱིས་འཐུང་ལ་དེ་ལ་ཐེ་ཚོམ་མ་བྱེད་ཅིག །དེ་བཞིན་དུ་འོ་མ་དང་། ཞོ་དང་། ཞོའི་ཆུ་དང་། དར་བ་དང་། རྩབ་མོ་དང་། ཚྭ་ལ་སོགས་པ་ལ་རྒྱས་པར་བརྗོད་དོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ལྗོངས་རྒྱུ་ཞིང་སྤྱོད་པ་ལས་བ་ལང་གི་ལྷས་སུ་ཕྱིན་པ་དང་། དེ་དག་ལ་

དེ་ན་ཆུ་མེད་དེ། དེ་དག་གིས་ཞོའི་ཆུ་བྱིན་པ་དང་། དགེ་སློང་དེ་དག་ཐེ་ཚོམ་སྐྱེས་ནས་མི་འཁྲུའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་ཆུ་མེད་པ་ཞོའི་ཆུ་དང་། དར་བ་དང་བས་ཁྲུས་ཤིག །དེ་

ལ་ཐེ་ཚོམ་དུ་མ་བྱེད་ཅིག །དགེ་སློང་དག་གིས་བ་ལང་རྫི་ལ་བུམ་པ་བརྙས་པ་དང་། དེ་དག་གིས་མར་གྱི་བུམ་པ་དང་། འོ་མའི་བུམ་པ་དག་རྙེད་ན་དེ་དག་ཐེ་ཚོམ་སྐྱེས་ནས་མ་བླངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དགེ་སློང་དག་བུམ་པ་ལ་རྣམ་པ་ལྔ་སྟེ། བཤང་བའི་བུམ་པ་དང་། གཅི་བའི་བུམ་པ་དང་། ཆང་གི་བུམ་པ་དང་། འབྲུ་མར་གྱི་བུམ་པ་དང་། མར་གྱི་བུམ་པའོ། །དེ་ལ་སྔ་མ་གསུམ་ནི་མ་བཞག་པ་ཡང་མ་བཞག་ཤིག །གཞག་ན་ནི་རྒྱང་རིང་

เล่ม ๑๓ · หน้า 188a

པོར་བོར་ཅིག །འབྲུ་མར་གྱི་བུམ་པ་དང་། མར་གྱི་བུམ་པ་ནི་མེའི་ནང་དུ་བསྲེགས་ལ་དེ་ནས་ལྕི་བའི་རིལ་བུའམ། བ་ལང་གི་ལྕི་བས་རུང་བར་གྱིས་ལ་ཆུ་ཆུས་ཏེ། དེ་སྔ་དྲོ་དང་ཕྱི་དྲོ་ཡང་སྤྱོད་ཅིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་

པ་ན་སྟེ། དགེ་སློང་གཞན་ཞིག་གིས་བུམ་པའི་ནང་ནས་ཆུ་འཐུངས་པ་དང་། བུང་བས་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུམ་བུའི་ནང་ནས་ཆུ་མ་འཐུང་ཤིག །འཐུང་

ན་འདས་པ་དང་བཅས་པར་འགྱུར་རོ། །སྔར་ལག་པ་སྙོལ་ལ་ཁ་ཁྲུས་ཏེ། གདོད་ཆུ་འཐུང་ཤིག །བུམ་བུའི་ཁ་གབ་མེད་པར་མ་བཞག་ཤིག །དེ་བས་ན་ངས་གནང་གིས་བུམ་པའི་ཁ་གབ་ཆོངས་ཤིག་བཅོམ་ལྡན་འདས་ཀྱིས་བུམ་བུའི་ཁ་གབ་ཆོངས་ཤིག་ཅེས་བཀའ་སྩལ་ན།

དགེ་སློང་དག་གིས་ཁ་གབ་ཇི་ལྟ་བུ་བཅང་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལས་བྱས་པའམ། རྡོ་ལས་བྱས་པའམ། ས་ལས་བྱས་པའོ། །བཅོམ་ལྡན་འདས་ཀྱིས་ལག་པ་སྙོལ་ལ་ཆུ་འཐུང་ཤིག་ཅེས་བཀའ་སྩལ་ན། ལམ་དུ་ཞུགས་པ་དག་

གཅིག་ལ་ཆུ་ཉུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདབ་མ་རང་ལྷགས་པ་ཚོལ་ལ་དེའི་ནང་ནས་འཐུང་ཤིག །དེ་ཡང་མེད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བག་ཡོད་བཞིན་དུ་ཤིང་ལ་ཆགས་པ་ལས་འཐུང་ཤིག །དེ་ཡང་

མེད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པར་འདུག་ལ་བུམ་བུ་ཉིད་ནས་འཐུང་ཤིག །གཞན་གྱིས་མ་མཐོང་བ་དང་མཛེས་པར་གྱིས་ཤིག །དགེ་སློང་དག་ངས་ཕོངས་པ་ན་གནང་བ་དེ་མ་ཕོངས་པའི་ཚེ་ན་མ་སྤྱོད་ཅིག །སྤྱད་ན་འདས་པ་དང་

བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ལྗོངས་རྒྱུ་བ་སྤྱོད་ཅིང་དོང་བ་ལས་དེ་དག་གིས་རྒྱགས་དགེ་ཚུལ་ཕ་དག་ལ་བསྐུར་བ་དེ་དག་མ་ཐེག་ནས་དེ་དག་གིས་ཐེག་ལ་བསྐུར་ཅིག་ཅེས་སྨྲས་པ་དང་། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་བཏེག་

เล่ม ๑๓ · หน้า 188b

གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐེག་ཤིག་དགེ་ཚུལ་ཕ་དག་ངལ་ནས་ཕོག་སྟེ་སླང་ཞེས་སྨྲས་པ་དང་། དགེ་སློང་དག་གིས་མ་ཕོག་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོག་ཤིག་དགེ་ཚུལ་ཕས་མ་བཟུང་བཞིན་གདེག་པ་དང་། དབབ་པ་དག་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕས་མ་གཟུང་བར་གདེག་པ་དང་། དབབ་པ་མ་བྱེད་ཅིག །དགེ་

ཚུལ་ཕ་དག་གིས་བདག་ཅག་ཆད་དེ་ངལ་བསོས་ཁྱེད་ཀྱིས་ཅུང་ཞིག་ཁྱེར་ཅིག་ཅེས་སྨྲས་པ་དང་། དགེ་སློང་དག་གིས་མ་ཁྱེར་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐ་གུས་བཅིངས་ལ་ཐ་གུའི་རྩེ་མོ་དགེ་ཚུལ་ཕས་ཟུང་སྟེ་ཕྱི་བཞིན་འབྲང་དུ་ཆུག་ལ་དགེ་སློང་གིས་

ཁྱེར་ཅིག །དགེ་སློང་དག་ཐེ་ཚོམ་སྐྱེས་ནས་དེ་ལ་མི་ཟ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཤིག །དགེ་སློང་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་འགྲོགས་ཏེ་ལམ་དུ་ཞུགས་པ་དང་། འགྲོན་པ་མང་པོ་དག་རྐུན་པོས་བཅོམ་པ་དང་།

དགེ་ཚུལ་གྱིས་རྒྱགས་རྣམས་བོར་ནས་བྲོས་ཏེ་དོང་ངོ་། །དགེ་སློང་དག་གི་རྒྱགས་མ་ཁྱེར་ནས་དེ་ཉིད་ན་བོར་ཞིང་འདུག་པ་དང་། འགྲོན་པ་མང་པོ་དག་གིས་འཕགས་པ་ཁྱེད་ཀྱི་རྒྱགས་ནི་རྐུན་པོས་མ་ཁྱེར་རོ་ཞེས་སྨྲས་པ་དང་། དགེ་སློང་དག་དགེ་ཚུལ་ཕ་དག་ལ་དེང་ལ་རྒྱགས་

ལོང་སྟེ་ཤོག་ཤིག་ཅེས་སྨྲས་པ་དང་། དེ་དག་སྐྲག་ནས་འདོང་དུ་མ་བཏུབ་སྟེ་ཁྱེད་ཉིད་ཅིའི་ཕྱིར་མི་འདོང་། ངེད་ཅག་རྐུན་པོས་གསད་མེད་ཅེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ལོང་ལ་གཟོད་དགེ་ཚུལ་ཕས་བྱིན་ཅིག །དགེ་སློང་དག་གིས་ཐེ་ཚོམ་སྐྱེས་ནས་དེ་དག་མ་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཤིག །ཀླུང་རྒལ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕ་དག་

เล่ม ๑๓ · หน้า 189a

ལ་ཁྱེད་ཉིད་ཀྱིས་ཁྱེར་ཏེ་རྒལ་བར་ནུས་སམ་ཞེས་དྲིས་ལ་དེ་སྟེ་ནུས་ཞེས་ཟེར་ན་ལེགས་སོ། །དེ་སྟེ་མི་ནུས་སོ་ཞེས་ཟེར་ན་རྒྱགས་བདག་ཅག་གིས་ཁྱེར་ལ་རྒོལ་ཅིག །དེ་ལ་དགེ་སློང་དག་གིས་རྒྱགས་དག་ཕ་རོལ་དུ་བསྒྲལ་བར་བྱ་ན་དགེ་ཚུལ་ཕས་བསྒྲལ་བར་

གྱིས་ལ་བརྟག་པར་གྱིས་ཤིག །དེ་སྟེ་དགེ་ཚུལ་ཕ་ཡང་མི་ནུས་ན་དགེ་སློང་དག་གིས་རྒྱགས་ཕ་རོལ་དུ་སྒྲོལ་ལ། དེའི་འོག་ཏུ་དགེ་ཚུལ་ཕ་ཡང་བསྒྲལ་བར་གྱིས་ཤིག །དེ་སྟེ་གཉི་གར་ནུས་ན་དགེ་ཚུལ་ཕ་དང་། རྒྱགས་ལྷན་ཅིག་ཏུ་བསྒྲལ་བར་གྱིས་ཤིག །གཉི་ག་ལྷན་

ཅིག་ཏུ་བསྒྲལ་བ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་མ་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་བཟའ་བར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་

དག་ལྷུང་བཟེད་དུ་ཟོ་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་ཞིག་གིས་ལྷུང་བཟེད་བཀྲུས་ནས་མཐེ་བོས་བརྡབས་ན་སྒྲ་མི་གསང་ནས། དགེ་སློང་དེ་ལ་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྱུ་མེད་པར་ལན་གཉིས་ལན་གསུམ་དུ་བཀྲུ་བས་

ཁྲུས་ལ་མཐེ་བོས་བརྡབས་ན་སྒྲ་གསང་བར་བྱུང་ན། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཤིག །དགེ་སློང་གཞན་ཞིག་གིས་ལྷུང་བཟེད་བཀྲུས་ཏེ། དེ་བུ་ག་ན་ཟས་ཀྱི་ཚིགས་མ་ཞིག་མཐོང་བ་དང་། དེ་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཤིང་

བུས་བྲུས་ཏེ་ལན་གསུམ་གྱི་བར་དུ་རབ་ཏུ་ཁྲུས་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །དགེ་སློང་གཞན་ཞིག་གིས་ཡང་ལྷུང་བཟེད་གས་པ་ཞིག་གི་ནང་དུ་ཁུ་བ་དྲོན་པོ་ཞིག་བླངས་པ་དང་། དེའི་འཕྲོ་ནས་སྣུམ་བྱུང་བ་དང་། ཞག་སྟེང་དུ་བྱུང་བ་དང་། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་གི་ཞག་ཞོམས་ལ་བཏུང་བར་གྱིས་ཤིག །དགེ་སློང་ཅིག་རླུང་ནད་ཀྱིས་བཏབ་ནས་དེས་ཕྱི་དྲོ་ཁུ་བ་ཞིག་འཐུངས་ཏེ། ནུབ་ཀར་ལྷུང་བཟེད་དེའི་ནང་དུ་སྐོམ་བཏུང་ཞེས་བྱས་པ་དང་། ལྷུང་བཟེད་ཀྱི་ནང་དུ་སྣུམ་ལངས་ནས་

เล่ม ๑๓ · หน้า 189b

དེའི་སྟེང་དུ་ཞག་ཆགས་པ་དང་། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་སྐོམ་ཡང་མ་འཐུངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་དང་ཁ་བཀྲུས་ནས་སྣུམ་ཞོམས་ཏེ་འོར་ཏེ་དེ་ལ་ཐེ་ཚོམ་དུ་མ་

བྱེད་པར་འཐུང་ཤིག །བཅོམ་ལྡན་འདས་ཀྱིས་ཁ་ཁྲུས་ཤིག་ཅེས་བཀའ་སྩལ་ན། དགེ་སློང་དག་ཁ་ཅིས་བཀྲུ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕི་བའམ་སའམ་ཤིང་གི་ཤུན་ཕྲགས་ལ་སོགས་པ་གཞན་གྱིས་སོ། །སངས་རྒྱས་བཅོམ་ལྡན་འདས་

ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ཇི་ཙམ་གྱིས་ཁ་བཀྲུས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་དང་རྨ་གཉིས་མཚུངས་ཏེ་རྟག་ཏུ་ཟག་པས་མ་འབགས་པ་མི་ནུས་མོད་ཀྱི་ལན་གསུམ་དུ་ཁ་བཀྲུས་ཏེ་ཆུ་བོར་བ་ནི་ཁ་བཀྲུས་པ་ཞེས་བྱའོ། །དགེ་

སློང་ཅིག་གིས་བསོད་སྙོམས་བསླངས་ཏེ་གནས་ཁང་དུ་བཞག་ནས་ཕྱི་རོལ་དུ་བྱུང་བ་དང་། ཁྱིམ་བདག་གཞན་ཞིག་གིས་དེའི་སྟེང་དུ་ཟས་ཤིག་བླུགས་ཏེ་བཞག་པ་དང་། ཇི་ཙམ་བསོད་སྙོམས་པ་དེ་སླར་འོངས་ན་བསོད་སྙོམས་ཀྱི་སྟེང་ན་ཟས་གཞན་ཞིག་བླུགས་པར་མཐོང་

སྟེ། དེ་ཐེ་ཚོམ་སྐྱེས་ཏེ་ཟན་མ་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་བྱིན་ལེན་བྱེད་པ་ཡོད་ན་བྱིན་ལེན་བྱོས་ལ་ཟོ་ཤིག །དེ་སྟེ་མེད་ན་སྟེང་གི་སར་པ་དེ་ལོག་ཤིག་ཏུ་འོར་ལ་ཐེ་

ཚོམ་དུ་མ་བྱེད་པར་ཟོ་ཤིག །དགེ་སློང་གཞན་ཞིག་གིས་བསོད་སྙོམས་བླངས་ནས་གནས་ཁང་དུ་བཞག་སྟེ། ཕྱི་རོལ་དུ་སོང་བ་དང་། དེ་ཁྱིམ་པ་ཞིག་གིས་རེག་པར་མཐོང་སྟེ་དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་མ་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལ་ཅིའི་ཕྱིར་རེག་ཅེས་དྲིས་ལ། དེས་རྩྭ་སྦྲངས་མ་དག་བསལ་བའི་ཕྱིར་རེག་ཅེས་ཟེར་ན་བྱིན་ལེན་བྱོས་ལ་ཟོ་ཤིག་དེ་སྟེ་འདོད་པའི་ཕྱིར་རེག་གོ་ཞེས་ཟེར་ན་དེ་ཡང་ཕྱེད་མར་གོས་ལ་བྱིན་ལེན་བྱོས་ཏེ་དེ་ལ་

เล่ม ๑๓ · หน้า 190a

ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་རྒྱགས་ཁྱེར་ཅིག་ཅེས་བཀའ་སྩལ་ན། ཁྱིམ་པ་དང་དགེ་ཚུལ་ཕ་དག་མེད་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། སྦྱིན་པའི་བདག་པོ་སྤྲོ་བ་སྐྱེད་ཅིག །སྦྱིན་བདག་ཀྱང་མེད་ན་བདག་ཉིད་ཀྱིས་སླར་ཁྱེར་ལ་དེ་ཁྱིམ་པ་དང་རྗེས་ལ་ཟོ་ཤིག །དེ་སྟེ་དེ་ལ་མེད་ན་སྐལ་བ་གཉིས་སུ་ཆོད་ལ་ཁྱིམ་པ་ལ་བྱིན་ཏེ། དེས་ཁྱེར་ན་ནི་དེའི་སྐལ་བ་སླར་སློངས་ཏེ་བྱིན་ལེན་བྱོས་ལ་ཟོ་ཤིག །

བདག་གི་སྐལ་བ་ནི་དེ་ལ་བྱིན་ཅིག །དེ་སྟེ་དེ་ལྟར་ཡང་མ་འབྱོར་ན་ཉི་མ་དང་པོའི་ཚེ་ནི་བསྙུང་བར་འདུག་ཤིག །ཕྱི་དེ་ཉིན་པར་བྱིན་ལེན་བྱེད་པ་མེད་ན་སྟག་གི་སྤར་ཐབས་གཅིག་ཟོ་ཤིག །ཡང་ཕྱི་དེ་ཉིན་མོ་ཡང་བྱིན་ལེན་བྱེད་པ་མེད་ན་སྟག་གི་སྤར་ཐབས་གཉིས་ཟོ་ཤིག །དེ་སྟེ་ཞག་

བཞིའི་ཉིན་མོ་ཡང་བྱིན་ལེན་བྱེད་པ་མེད་ན་ཇི་ཙམ་འགྲངས་པའི་བར་དུ་ཟོ་ཤིག །དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །དེ་སྟེ་རྒྱགས་མེད་ན་འབྲས་བུ་རང་ལྷུང་བ་དེ་ལོངས་ལ་གདུགས་ཚོད་ལ་བབ་ཀྱི་བར་དུ་ཁྱེར་ཏེ་སོང་ལ་དེ་སྟེ་ཁྱིམ་པ་དང་ཕྲད་ན་སྐལ་བ་གཉིས་སུ་ཆོད་ལ་གཅིག་ནི་དེ་ལ་བྱིན་

ཏེ། དེའི་སྐལ་བ་སླར་བདག་གིས་སློངས་ལ་རུང་བར་བྱོས་ཏེ་ཟོ་ཤིག །བདག་གི་དེ་བྱིན་ཅིག །དེ་སྟེ་མ་ཕྲད་ན་སྔ་དྲོ་འམ། ཕྱི་དྲོ་ཡང་རུང་། རུང་བར་བྱ་བའི་ཕྱིར་སྒྱུ་མེད་ན་སྲོག་དང་འབྲལ་བས། ཐེ་ཚོམ་དུ་མ་བྱེད་པར་ཟོ་ཤིག །དེ་སྟེ་ཡང་ལྷུང་བ་མེད་ན་ཤིང་ལ་འཛེགས་ཏེ་

ཐོགས་ཤིག །ཡང་ན་སྤྲུགས་ལ་བྱང་ཕྱོགས་ཀྱི་དུས་སུ་བསྔོས་ཏེ་ཟོ་ཤིག །དེ་བཞིན་དུ་རྩ་བ་ལ་སོགས་པ་ཡང་ས་ལ་ས་རང་གིས་བརྐོས་ཏེ་ཕྱུང་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཤིག །ངས་ཁྱེད་ལ་ཕོངས་པའི་ཚེ་གནང་བ་དེ་མ་ཕོངས་པའི་ཚེ་མ་སྤྱོད་ཅིག །སྤྱད་ན་འདས་པ་དང་

བཅས་པར་འགྱུར་རོ། །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བཅུ་སྟེ་སྒོ་གསུམ་པ་རྫོགས་སྷོ།། །།མདོར་བསྡུས་པ་སྟེ། ས་བོན་བུམ་པ་རྐུན་པོ་རྐུ་བ་དང་། །ལུས་ཀྱིས་རེག་པ་དེ་བཞིན་ཏེ། །འབྲས་ཅན་ལན་ཚྭ་སོང་བ་དང་། །བུ་རམ་ཤིང་དང་རྒུན་

เล่ม ๑๓ · หน้า 190b

འབྲུ་དང་། །གློ་བུར་འོངས་དང་གནས་པའོ། །མདོར་ན། ས་བོན་དུམ་པ་ཤིང་རྟ་གྲུ། །ཁུར་དང་འོ་མ་ཚོང་པ་དེ་བཞིན་ཏེ། །བྱ་རོག་སྦྲང་མ་བཙོ་བླག་ལས། །ཨུ་པཱ་ལི་བཞི་ཆོག་ཀུན་ཤེས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་

ན་བཞུགས་ཏེ། གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བུམ་པ་སྟོང་གི་ས་བོན་བཏབ་པ་ཕུལ་བ་དེའི་ཚེ་དགེ་སློང་དག་གིས་དེའི་ཐོག་ཟོས་ནས་ཞིང་ཡང་ཐ་བར་བོར་ཏེ་རྩྭ་ཀུ་ཤའི་གནས་སུ་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཕྱི་རོལ་དུ་བྱུང་བས་དེ་དག་མཐོང་ནས།

དེས་བློན་པོ་ལ་ཀྱེ་སུས་འདི་ལྟར་ཞིང་ཀུན་ཐ་བར་བོར་ནས་ཀུ་ཤའི་གནས་སུ་གྱུར་ཅེས་སྨྲས་པ་དང་། དེས་ལྷས་འཕགས་པ་དག་ལ་བུམ་པ་སྟོང་གི་ས་བོན་གྱིས་བཏབ་པ་ཕུལ་བ་ད་དེ་དག་གིས་ལེགས་པར་བླངས་པ་དེ་དག་གཟིགས་མོད་ཅེས་སྨྲས་པ་དང་། རྒྱལ་པོས་ཇི་འཕགས་པ་དེ་དག་

གིས་ཐུན་ཤས་སུ་ཡང་མ་བཏང་ངམ་ཞེས་དེ་དག་གིས་དགེ་སློང་དག་ལ་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཞིང་དག་ནི་ཐུན་ཤས་སུ་ཐོང་ཤིག །དགེ་སློང་དག་གིས་ཐུན་

ཤས་སུ་བྱིན་ནོ། །ཞིང་པས་ཞིང་གཤིན་པའི་རྣམས་ནི་ཐམས་ཅད་བདག་ཅག་ཁྱེར་ཡང་དེ་དག་གིས་སྐལ་བ་མ་བླངས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞིང་ཤས་ཀྱི་སྐལ་བ་ལོང་ཤིག །

དགེ་སློང་དག་གིས་བླངས་ཏེ་དེ་ཉིད་དུ་བཞག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐལ་བ་གཙུག་ལག་ཁང་དུ་སྐྱོས་ཤིག་ཅེས་གསུངས་པ་དང་། སྔར་ཞིང་པ་ཉིད་ཀྱིས་དེར་བསྐྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་དུ་ཞིང་བདག་གིས་དེར་

སྐྱོས་ཤིག །དེ་དག་སྐྱེད་པ་ན་ཡང་བརྐུས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲུང་བའི་དགེ་སློང་རྣམས་སྐོས་ཤིག །ཤིང་རྟའི་ནང་དུ་སྐྱེད་པ་ལས་ཤིང་རྟ་ཆག་ཀྱང་དགེ་སློང་གིས་གྲོགས་མ་

เล่ม ๑๓ · หน้า 191a

བྱས་པ་དང་། ཁྱིམ་བདག་མི་དགའ་བར་གྱུར་ནས་སྨྲས་པ། འཕགས་པ་འདི་ནི་ཅི་ཁྱེད་ཅག་གི་ན་ཁྱེད་ཀྱིས་ཅིའི་ཕྱིར་གྲོགས་མི་བྱ། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་རྟ་ལ་ཕྱུགས་འདེབས་པའི་ས་མ་གཏོགས་པར་དེར་བསྐྱབ་དང་ཞིང་པའི་གྲོགས་གྱིས་ཤིག །དགེ་སློང་གཞན་ཞིག་ན་བར་གྱུར་ནས། ཤིང་རྟ་པ་དག་གིས་ཤིང་རྟའི་སྟེང་དུ་ཞོན་ཅིག་ཅེས་སྨྲས་པ་དང་། དེ་ཐེ་ཚོམ་

སྐྱེས་ནས་མ་ཞོན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་ན་ཤིང་རྟ་ལ་ཞོན་ཅིག །དེ་ལ་ཐེ་ཚོམ་མ་བྱེད་ཅིག །གྲུའི་ནང་ན་མཐུན་ཤས་ཀྱི་སྐལ་བ་སྐྱེད་པ་ལས་གྲུ་ཡང་ཆག་པར་གྱུར་ནས། དགེ་སློང་དག་གིས་གྲོགས་མ་བྱས་པ་དང་། ཁྱིམ་བདག་མི་དགའ་བར་གྱུར་

ནས་སྨྲས་པ། འདི་ནི་ཁྱེད་ཀྱི་ན། ཁྱོད་ཀྱིས་ཅིའི་ཕྱིར་གྲོགས་མི་བྱ། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲུའི་དངོ་མ་གཏོགས་

པར་ཕུལ་བའི་གྲོགས་དང་ཞིང་པའི་གྲོགས་གྱིས་ཤིག །དགེ་སློང་གཞན་ཞིག་ཡང་ཀླུང་གི་འགྲམ་ནས་སོང་བ་ལས་ན་བར་གྱུར་ནས་མཉན་པས་འཕགས་པ་འདིའི་ནང་དུ་ཞུགས་ཞེས་སྨྲས་པ་དང་། དེ་ཐེ་ཚོམ་སྐྱེས་ནས་ནང་དུ་མ་ཞུགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་

བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོ་མ་གཏོགས་པར་ནང་དུ་ཞུགས་པ་དེ་ལ་ཐེ་ཚོམ་མ་བྱེད་ཅིག །གཞན་ཡང་ཁུར་གྱིས་བསྐྱས་པ་ལས་དེ་ཆད་པར་གྱུར་ནས། དེས་འཕགས་པ་འདི་མར་ཕོབ་ཤིག་ཅེས་སྨྲས་པ་དང་། དགེ་

སློང་དག་ཐེ་ཚོམ་སྐྱེས་ནས་མ་ཕོག་གོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོག་ཅིག །དགེ་སློང་དག་གིས་ཕབ་ནས་སླར་མ་བཏེག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཕོག་

เล่ม ๑๓ · หน้า 191b

པ་བཞིན་དུ་ཐེག་ཅིག །ལྷ་གང་གི་སྒོར་བོར་ཏེ་དོང་བ་དང་། མ་བྱིན་པར་ལེན་པ་དག་གིས་བརྐུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་དུ་སྐྱོས་ཤིག །དགེ་སློང་གིས་སུས་ནང་དུ་བསྐྱབ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་

པས་སོ། །ཁྱིམ་པ་མེད་ན་དགེ་ཚུལ་ཕས་སོ། །དགེ་ཚུལ་ཕ་ཡང་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཅག་ཉིད་ཀྱིས་ནང་དུ་སྐྱོས་ཤིག །དགེ་སློང་དག་གིས་བསྐྱས་ནས་བདག་གིས་བསྐྱས་པ་ཡིན་ནོ་སྙམ་ནས་མ་ཟོས་པ་དང་། དེ་ལྟར་གྱུར་པ་དགེ་སློང་

དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་མ་བྱེད་པར་ཟོ་ཤིག །དགེ་འདུན་གྱི་ཟངས་ཀྱི་ནང་དུ་མེ་ཆེར་འབར་བས་འོ་མ་ལ་སོགས་པ་ནི་ཁོལ། རུང་བར་བྱེད་པ་ནི་སྒོར་སོང་ནས་བོ་བ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དེ་ཕྱི་རོལ་དུ་མ་འགྲོ་ཤིག །དེ་སྟེ་རྐྱེན་ཅིག་བྱུང་ནས་ཕྱི་རོལ་དུ་སོང་ན་མ་གལ་པ་དག་ཕྱིར་དྲོངས་ཤིག །འོན་ཀྱང་དེ་བཞིན་དུ་ལུད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདག་མ་དག་ཕྱིར་དབྱུང་བར་གྱིས་ཤིག །མདག་མ་ཕྱིར་ཕྱུང་ཡང་ལུད་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཀྱི་ཐ་མས་གཡོབས་ཤིག །འོན་ཀྱང་ལུད་པར་གྱུར་ནས་བདག་ཉིད་ཀྱིས་གཟར་བུ་ལོང་ལ་དཀྲུག་པར་གྱིས་ཤིག །དགེ་སློང་དག་ངས་ཕོངས་པ་ལ་གནང་བ་དེ་མ་ཕོངས་པའི་ཚེ་མ་སྤྱོད་ཅིག །སྤྱད་ན་འདས་པ་དང་བཅས་པར་

འགྱུར་རོ། །དེ་བཞིན་དུ་སྨན་དག་ཀྱང་དགེ་ཚུལ་ཕའམ། ལྷ་གང་ན་གནས་པས་དཀྲུག་པར་གྱིས་ཤིག །དེ་ཡང་ཕྱི་རོལ་དུ་སོང་ན་དེའི་ཐབས་སྔ་མ་བཞིན་ནོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚོང་པ་མང་པོ་དག་ཅིག་གིས་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་ལ་

སོགས་པ་བཤོས་ལ་སྤྱན་དྲངས་སོ། །དེ་དག་གིས་བཤོས་སྦྱར་ཏེ་དྲོ་སར་བསྐྱས་ནས་མ་དྲངས་ཀྱི་བར་དུ་ཚོང་ཁང་དུ་མེ་ཤོར་ཏེ་དེ་དག་མེ་གསོད་དུ་སོང་བ་དང་། གདུགས་ཚོད་ཡོལ་ལ་ཐུག་ནས། དགེ་སློང་དག་གིས་ཇི་ལྟར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་

เล่ม ๑๓ · หน้า 192a

འདས་ཀྱིས་བཀའ་སྩལ་པ། དེའི་སེམས་ཀྱིས་ཡོངས་སུ་བཏང་བས་ན། དགེ་སློང་དག་དེ་ལ་ཐེ་ཚོམ་མ་བྱེད་པར་བཟའ་བར་བྱའོ། །ཟོས་ནས་བྱང་གི་སྒྲ་མི་སྙན་གྱི་དུས་སུ་བྱིན་གྱིས་རློབས་ཤིག །དགེ་འདུན་གྱིས་དྲོ་སར་བྱ་རོག་མཆུས་ཟས་ལ་རེག་པ་དང་།

དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཟན་མ་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆུའི་ཐན་ཀོར་འོར་ལ་དེ་ལ་ཐེ་ཚོམ་མ་བྱེད་པར་ཟོ་ཤིག །དགེ་སློང་དག་གིས་ལྷུང་བཟེད་ཀྱི་ཁ་ཟས་ཀྱི་ནང་དུ་བྱ་རོག་

གིས་རེག་ནས་དེ་དག་ཁ་ཟས་མ་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་མཆུའི་ཐན་ཀོར་འོར་ལ་ཐེ་ཚོམ་མ་བྱེད་པར་བཟའ་བར་གྱིས་ཤིག །ཚེ་དང་ལྡན་པ་ནམ་གྲུ་ཅི་ལ་ཡང་ཐེ་ཚོམ་ཟ་སྟེ། ནམ་གྲུ་ཐེ་ཚོམ་ཅན་ནམ་གྲུ་ཐེ་ཚོམ་ཅན་ཞེས་མིང་དུ་གྱུར་ཏོ། །དེ་བཤང་

སར་འོངས་པ་དང་། སྦྲང་མ་ཞིག་མཐོང་ངོ་། །ཕྱིས་ཡང་དེ་དང་འདྲ་བ་ཞིག་བསྐོས་ན་ཟས་ཀྱི་སྟེང་ན་འདུག་པ་མཐོང་བ་དང་། དེས་ཚེ་དང་ལྡན་པ་དག་བཤང་ས་ན་མཐོང་བའི་སྦྲང་མ་དེས་འདིར་འོངས་ཏེ་ཁ་ཟས་ལ་འབགས་ཏེ་མ་རུང་བར་བྱས་སོ་ཞེས་སྨྲས་པ་དང་། དེ་ཐོས་པ་དང་

དགེ་སློང་མང་ཞིག་གིས་ཟས་མ་ཟོས་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་སྦྲང་མ་ནི་མཐོན་དམན་ཀུན་དུ་རྒྱུས་དེས་གང་དུ་རེག་པ་དེ་འོར་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་པར་

ཟོ་ཤིག །དགེ་སློང་དག་ཚོན་རྩིའི་ལས་བྱེད་དེ། དེ་དག་སེམས་འཁྲུལ་བས་ཚོན་རྩིའི་བུམ་པ་ཡིན་ནོ་སྙམ་ནས་དེས་དགེ་འདུན་གྱི་འབྲུ་མར་གྱི་བུམ་པ་དང་། མར་གྱི་བུམ་པ་དག་སྟེང་དུ་བཏེག་སྟེ་ཁྱེར་བ་དང་། དེ་ན་གང་གི་ཚེ་ངོ་ཤེས་པ་དེའི་ཚེ་ན་འགྲེང་བཞིན་དུ་བོར་ནས་ཆག་པ་

བ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐང་མ་སྐས་ལ་འཛེགས་པ་ལས་ཅུང་ཟད་ཙམ་ཞིག་ནི་འཛེགས་མང་དུ་ལས་ན་སླར་བོབས་ལ་གནས་གར་བདེ་བར་མ་འགྱེལ་བར་ཞོག་ཤིག །དེ་སྟེ་

เล่ม ๑๓ · หน้า 192b

ཐང་མ་སྐས་ལ་མང་དུ་འཛེགས་ལ་ཐུང་དུ་འཛེག་དགོས་ན་སྟེང་དུ་འཛེགས་ལ་གནས་བདེ་བར་མ་འགྱེལ་བར་ཞོག་ཤིག །དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་ཟོས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དེ་ལ་ཐེ་ཚོམ་མ་བྱེད་པར་ཟོ་ཤིག །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཞག་པ་རྣམ་པ་དུ་འཚལ་དུ་རུང་། ཨུ་པཱ་ལི་རྣམ་པ་གཉིས་ཀྱིས་ཏེ། ངོ་ཚ་བ་མེད་ཅིང་བསླབ་པ་ལ་མི་མོས་པ་དང་། གང་ལ་ངོ་ཚ་ཡོད་ཀྱང་དྲན་པ་ཉམས་པ་སྟེ།

དེ་གཉིས་ཀྱིས་བཞག་པ་རུང་གིས་གཉི་ག་ཟོ་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱོལ་སོང་གི་སྐྱེ་གནས་སུ་གྱུར་པའི་སེམས་ཅན་ལ་སྦྱིན་པ་བྱིན་ན་ནི་རྣམ་པར་སྨིན་པ་བརྒྱར་རེ་བར་བྱའོ། །ཚུལ་ཁྲིམས་ངན་པས་ཟིན་པའི་མི་ལ་སྦྱིན་པ་བྱིན་ན་ནི་རྣམ་པར་སྨིན་པ་སྟོང་དུ་རེ་

བར་བྱའོ། །ཚུལ་ཁྲིམས་དང་ལྡན་པའི་སྐྱེས་བུ་གང་ཟག་ལ་སྦྱིན་པ་བྱིན་ན་ནི་རྣམ་པར་སྨིན་པ་བརྒྱ་ཕྲག་སྟོང་དུ་རེ་བར་བྱའོ། །ཕྱི་རོལ་གྱི་དྲང་སྲོང་འདོད་པའི་འདོད་ཆགས་དང་བྲལ་བ་དག་ལ་སྦྱིན་པ་བྱིན་ན་ནི་རྣམ་པར་སྨིན་པ་ས་ཡ་བརྒྱ་སྟོང་དུ་རེ་བར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་

བུ་མངོན་དུ་བྱེད་པར་ཞུགས་པ་ལ་ནི་ཚད་མེད་དོ། །རྒྱུན་དུ་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་པར་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །ལན་གཅིག་ཕྱིར་ལྡོག་པར་རྒྱུན་དུ་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །ཕྱིར་

མི་འོང་བའི་འབྲས་བུ་མངོན་དུ་བྱེད་པར་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །ཕྱིར་མི་འོང་བའི་རྒྱུན་དུ་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པར་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །དགྲ་བཅོམ་པ་ལ་དེ་བས་ཀྱང་ཚད་མེད་ན་རང་སངས་རྒྱས་

དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལྟ་སྨོས་ཀྱང་ཅི་དགོས་བྲམ་ཟེ་དང་ཁྱིམ་བདག་དད་པ་དག་གིས་དགེ་སློང་དག་མཆོད་རྟེན་ལ་ཕྱག་འཚལ་དུ་དོང་བ་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་དག་བསྐུར་བ་དང་། དགེ་སློང་དག་

เล่ม ๑๓ · หน้า 193a

རྣམ་པ་དེ་ལྟ་བུའི་རྐྱེན་བྱུང་ནས་དེ་དག་གིས་གང་དུ་བསྐུར་བར་བསྐུར་མ་ནུས་སོ། །དེ་དག་གི་ནང་ནས་ཁ་ཅིག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་གཞན་དུ་བསྔོས་ལ་གཞན་དུ་དབུལ་བར་མ་བྱེད་ཅིག་ཅེས་བྱུང་། ཁ་ཅིག་

གིས་ཡང་སྨྲས་པ། དེ་ལ་གཞན་བྱར་ཅི་ཡོད། བཅོམ་ལྡན་འདས་ལ་ཞུའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་རྣམ་པ་བཞི་ལ་ནི་ངེས་པར་དབུལ་དགོས་ཏེ་བྱང་ཆུབ་པ་དང་། ཆོས་

ཀྱི་འཁོར་ལོ་དང་། ཆོ་འཕྲུལ་ཆེན་པོ་དང་། ལྷ་ཡུལ་ནས་གཤེགས་པའོ། །འདི་དག་ལ་བསྔོས་ནས་གཞན་དུ་སྔོ་བར་མ་བྱེད་ཅིག །དེ་ལས་གཞན་དུ་བསྔོས་པའི་རྐྱེན་རྣམ་པ་དེ་ལྟ་བུས་ན་གཞན་དག་ཏུ་བསྔོར་རུང་གིས་དེ་ལ་ཐེ་ཚོམ་མ་བྱེད་ཅིག །དགེ་སློང་རྣམས་ངས་

ཕོངས་པའི་ཚེ་གནང་བ་དེ་བཞིན་དུ་མ་ཕོངས་པའི་ཚེ་མ་སྤྱོད་ཅིག །དེ་ལྟར་སྤྱད་ན་འདས་པ་དང་བཅས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་སློང་གཉིས་ཤིག་འཁྲུག་པར་གྱུར། རྩོད་པར་གྱུར། འཐབ་

པར་གྱུར་པ་དེ་ལ་གང་མད་པར་གཟུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གང་ཚུལ་ཁྲིམས་དང་ལྡན་པའོ། །གཉི་ག་ཚུལ་ཁྲིམས་དང་ལྡན་པ་ན་གང་མང་དུ་ཐོས་པའོ། །གཉི་ག་མང་དུ་ཐོས་ན་གང་ཆོག་ཤེས་པའོ། །གཉི་ག་ཆོག་ཤེས་ན་གང་ཆེར་ཆོག་ཤེས་པའོ། །

གཉི་ག་ཆེར་ཆོག་ཤེས་ན་ཨུ་པཱ་ལི་གཉི་ག་ཆེར་ཆོག་ཤེས་པ་ལས་ཆེར་ཆོག་ཤེས་པ་ནི་མེད་དེ་མི་སྲིད་དོ། །གནས་མེད་དེ་དེ་གཉིས་ལྟ་བུ་ལ་ནི་འཁྲུག་པའམ། རྩོད་པའམ། འཐབ་པར་འགྱུར་བ་འབྱུང་བའི་གནས་མ་ཡིན་ནོ། །རྐྱང་པའི་སྒོའི་མདོ་བཞི་པའི་ཚིགས་སུ་བཅད་

པ་དང་པོའོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་གསུམ་པ། མདོར་ན། རྐུན་པོ་གནས་དང་ཟ་མ་དང་། །སྔར་འཁྲུགས་པ་ལ་རྣམ་པ་བཞི། །བསླབ་པ་བྱིན་པས་ཚུལ་ཤིང་བྲིམས། །དེ་དག་དགེ་འདུན་དབྱེན་མི་འགྱུར། །སངས་རྒྱས་བཅོམ་

เล่ม ๑๓ · หน้า 193b

ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་པ་ལ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་ཚུལ་ཤིང་བྲིམས་པ་རྐུན་གནས་ཀྱིས་ཚུལ་ཤིང་བྲིམས་ན་དགེ་འདུན་གྱི་དབྱེན་དུ་འགྱུར་རམ།

ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་མ་ནིང་དང་ཟ་མ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་

བ་དང་། ཐ་དད་དུ་གནས་པ་དང་། མི་གནས་པ་དག་གིས་ཚུལ་ཤིང་བྲིམས་ན་དགེ་འདུན་གྱི་དབྱེན་དུ་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་སྔར་འཁྲུགས་པ་བཞིས་ཚུལ་ཤིང་བྲིམས་ན་དགེ་འདུན་གྱི་དབྱེན་དུ་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །བཙུན་པ་བསླབ་

པ་བྱིན་པས་ཚུལ་ཤིང་བྲིམས་ན་དགེ་འདུན་གྱི་དབྱེན་དུ་འགྱུར་རམ། ཨུ་པཱ་ལི་མི་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། ལུས་ལ་རེག་དང་རྔུལ་ཟན་དང་། །ཆར་པ་འབབ་པར་བཅད་མི་བྱ། །ཚང་མང་དང་ནི་བཤང་གཅི་ས། །

མ་རུང་ནས་ནི་མི་དོར་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་པ་ལ་ཟས་སྦྱིན་པའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་དགེ་འདུན་གྱི་མལ་སྟན་དག་ཀྱང་ལུས་ལ་རེག་པར་བགོས། རྐང་པ་ནས་མགོའི་བར་དུ་ཐང་ཆད་

པར་བགོས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་འདུན་གྱི་མལ་སྟན་ལུས་ལ་རེག་པར་མ་བགོ་ཤིག །བགོས་ན་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་

འདས་ཀྱིས་དགེ་སློང་དག་དགེ་འདུན་གྱི་མལ་སྟན་ལུས་ལ་རེག་པར་མ་བགོ་ཤིག་ཅེས་བཀའ་སྩལ་པ་ན། དགེ་སློང་དག་གིས་ཇི་ལྟར་བགོ་བ་མི་ཤེས་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

เล่ม ๑๓ · หน้า 194a

གང་ཟག་གིས་རྔུལ་ཟན་གྱི་སྟེང་དུ་ཤེས་བཞིན་དུ་དལ་ནས་ཁད་ཀྱིས་བགོ་བར་གྱིས་ཤིག །དྲུག་སྡེ་དག་གིས་དགེ་འདུན་གྱི་གོས་བགོས་ནས་དབྱར་ཆར་གྱི་ནང་ན་བླ་གབ་མེད་པར་འདུག་གོ། །དེ་ཆར་གྱིས་མ་རུང་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་

གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་འདུན་གྱི་གོས་གྱོན་ལ་དབྱར་ཆར་གྱི་ནང་ན་བླ་གབ་མེད་པར་མ་འདུག་ཤིག །འདུག་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་འདུན་གྱི་གོས་

བགོས་ནས་ཚང་མང་དུ་འཇུག་སྟེ། དེ་དུད་པས་མ་རུང་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་འདུན་གྱི་གོས་གྱོན་ནས་ཚང་མང་དུ་འགྲོ་བར་མ་བྱེད་ཅིག །སོང་ན་

འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་འདུན་གྱི་མལ་སྟན་དག་བགོས་ནས་བཤང་གཅིའི་སར་སོང་བ་དང་། བཤང་གཅིའི་གཟེར་མ་དག་གིས་ཕོག་ནས་མ་རུང་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་གྱི་མལ་སྟན་གྱོན་ནས་བཤང་གཅིའི་སར་མ་འགྲོ་ཤིག །སོང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་དགེ་འདུན་གྱི་མལ་སྟན་རྡོལ་བ་དང་། རལ་བ་རྣམས་

གར་བབ་བབ་ཏུ་འདོར་ཏེ་དེ་དག་མི་སྤྱོད་པ་དང་། དེ་ཉིད་མ་རུང་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་མལ་སྟན་ཅུང་ཟད་རྡོལ་ཏམ། རལ་ན་མ་དོར་བར་རྡོལ་ན་ནི་ལྷན་

པས་གློན་ཅིག་རལ་ན་ནི་སླར་དྲུབ་པར་གྱིས་ཤིག །དེའི་ནང་ན་རྙིངས་པ་དག་ནི་ཁོལ་ཕྱུང་ལ་སར་པ་གློན་ཅིག །དེ་རྙིང་པ་ལས་རུང་བ་ཡོད་ན་མེ་མར་གྱི་སྙིང་པོར་གྱིས་ཤིག །དེར་ཡང་མི་རུང་ན་བ་གླང་གི་ལྕི་བའམ་ས་དང་བསྲེས་ལ་ཀ་བའི་སེར་གའམ། རྩིག་པའི་སེར་ག་དག་

เล่ม ๑๓ · หน้า 194b

གི་ཞལ་ཞལ་དུ་གྱིས་ཤིག །སྦྱིན་པར་བྱེད་པ་དང་། ཡོན་བདག་གི་ཡུན་རིང་དུ་སྤྱད་པར་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། ཁ་ཟས་དེ་སྟེ་མེ་མར་དང་། །བྱུག་པར་བྱ་དང་ལྷམ་རྣམས་དང་། །གོས་དང་གདུགས་

དང་ཤིང་དག་དང་། །རྩ་བ་སྨན་རྣམས་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་འདུག་སྟེ། དེས་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཙུག་ལག་

ཁང་བརྩིགས་ཏེ་འཁོར་མང་པོའི་དགེ་སློང་དག་ཅིག་ལ་ཕུལ་ལོ། །དེ་འཁོར་དྲུག་བཅུ་དང་དེར་དབྱར་ཚུལ་དུ་ཞུགས་སོ། །ཚུལ་ནས་བྱུང་ནས་ལྷན་ཅིག་སྤྱོད་པ་དང་། ཉེ་གནས་དག་ལྗོངས་དང་། ཕྱོགས་གང་དང་གང་དུ་འཁོད་པ་དེ་དང་དེ་དག་ནས་དེའི་རྐང་པ་ལ་ཕྱག་བྱ་བར་

ལྷགས་ནས། དེ་དག་གིས་དེའི་རྐང་པ་ལ་ཕྱག་བྱས་ཏེ་དོང་བ་དང་། དེས་ཚེ་དང་ལྡན་པ་རྣམས་ང་ཁྱིམ་བདག་འདི་ཞེས་བྱ་བས་མགྲོན་དུ་བོས་ཀྱིས་ཁྱེད་འདི་ཉིད་དུ་འཁོད་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ་མཁན་པོ་མཆིའོ། །དེས་སྨྲས་པ། འོ་ན་འཁོད་དེ་ཟན་ཟོ་

ལ་དེང་ཤིག །དེ་དག་གིས་སྨྲས་པ། ཟས་དང་ཡོ་བྱད་ཁྱེར་ཏེ་མཆིས་ལ། དེ་ཉིད་བདག་ཅག་འཚལ་ལོ། །དེས་འོ་ན་ལེགས་ཀྱིས་དེ་བཞིན་དུ་བྱོས་ཤིག་ཅེས་སྨྲས་པ་དང་། ཟས་དང་ཡོ་བྱད་དག་ཁྱེར་ཏེ་དོང་ངོ་། །དེ་བཞིན་དུ་ཁ་ཅིག་གིས་མེ་མར་གྱི་མར། ཁ་ཅིག་གིས་

ནི་རྐང་པ་བྱུག་པ། ཁ་ཅིག་གིས་ནི་ལྷམ་དག །ཁ་ཅིག་གིས་ནི་གོས་དག །ཁ་ཅིག་གིས་ནི་གདུགས་དག །ཁ་ཅིག་གིས་ནི་ཤིང་དག །ཁ་ཅིག་གིས་ནི་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་རྣམས་ཁྱེར་ཏེ་དོང་བ་དང་། རིང་པོ་མ་ལོན་

པར་གཙུག་ལག་ཁང་དེ་ཡོ་བྱད་ཀྱིས་བྲེལ་བར་གྱུར་ནས་དགེ་སློང་དེ་ཁྱིམ་བདག་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཁྱིམ་བདག་ཁྱོད་ཀྱི་ཡོ་བྱད་དག་ནི་ཟད་དོ་ཞེས་སྨྲས་པ་དང་། འཕགས་པ་དེ་ན་དགེ་སློང་ཉུང་ལ་ཡོ་བྱད་མང་དུ་ཕུལ་ན་ཅིའི་ཕྱིར་མྱུར་དུ་བས་ཞེས་སྨྲས་པ་

เล่ม ๑๓ · หน้า 195a

དང་། དེ་དག་གིས་རྒྱས་པར་སྨྲས་ནས། དེས་འཕགས་པ་བདག་གིས་ནི་དེ་ན་བཞུགས་པ་རྣམས་ཀྱི་ཕྱིར་ཕུལ་ན། དེ་དག་གཞན་ན་གནས་ལ་ཅིའི་ཕྱིར་གཞན་དུ་སྤྱོད་ཅེས་ཉེས་པ་ངོར་བརྗོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཡོན་བདག་དེ་འཕྱ་བ་ནི་ཡུས་ཏེ། དེ་བས་ན་དགེ་སློང་དག་གིས་གཞན་དུ་གནས་ཤིང་གཞན་གྱི་ཁྱེར་བ་མ་སྤྱོད་ཅིག །དགེ་སློང་དག་གཞན་དུ་གནས་ལ་གཞན་གྱི་སྤྱད་དང་། དེ་དག་ཇི་ཙམ་

སྤྱད་པ་ཐམས་ཅད་རིན་ཐང་བཞིན་དུ་ཕོབ་ཤིག །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། མཚན་མ་དང་ཡང་མངོན་མཚན་དང་། །པར་ཏང་དག་དང་རི་མོ་ཅན། །ཁྲིའུ་རྐང་པ་རི་མོ་ཅན། །རལ་ཚེམས་བྱ་བ་དབྱར་མོ་ཁང་། །སངས་

རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་མི་སྤུན་གཉིས་ཤིག་རབ་ཏུ་བྱུང་སྟེ། དེ་ལས་གཅིག་ནི་ཞལ་ཏའི་གནས་ཁང་ན་འདུག་གོ། །གཅིག་ནི་ཛེ་ཏའི་ཚལ་ནའོ། །ཇི་ཙམ་ན་ཞལ་ཏ་བ་དེ་དོན་

ཞིག་གི་ཕྱིར་རི་བྲགས་ཀྱི་གྲོང་དུ་སོང་ངོ་། །དགེ་སློང་དེ་ཕུ་ནུ་བོ་བལྟ་བའི་ཕྱིར་བགོ་བ་དེ་བགོས་ནས་དེའི་ཐད་དུ་སོང་ངོ་། །དེས་དགེ་འདུན་གྱི་བགོ་བའི་ནང་དུ་གང་ཟག་གི་བགོ་བ་དེ་བཞག་ནས་གཏམ་འཛེར་ཅིང་འཁོད་དོ། །དེ་ནས་ནོར་ཏེ་དགེ་འདུན་གྱི་བགོ་བ་ཞིག་གྱོན་ཏེ་སོང་ངོ་། །

དེ་ནས་ཞལ་ཏ་བ་དེ་སླར་འོངས་ནས་དེ་ན་བགོ་བ་ཆུང་ངུ་ཞིག་མཐོང་སྟེ། དེས་ཚེ་དང་ལྡན་པ་ཅི་དགེ་འདུན་གྱིས་རྙེད་པ་གྲུབ་པའམ་ཞེས་སྨྲས་པ་དང་། དེས་སྨྲས་པ། དགེ་འདུན་གྱི་རྙེད་པ་ཅང་མེད་དོ། །བགོ་བ་འདི་སུའི་འདི་དག་དགེ་འདུན་གྱིའོ། །དེས་སྨྲས་པ། ངེད་ཅག་ནི་

ཆེ། འདི་ཆུང་ན། འདིར་སུ་ཡང་བགོ་བ་གྱོན་ཏེ་མ་འོངས་སམ། འདིར་བདག་གི་ཕུ་ནུ་བོ་ཞིག་འོངས་སོ། །སོང་ལ་དྲིས་ཤིག་དེ་སོང་ནས་དྲིས་ཏེ་དེས་བལྟས་ན་དགེ་འདུན་གྱི་ཡིན་ནས། དེས་སྨྲས་པ། བདག་གིས་ནོར་ཏེ་དགེ་འདུན་གྱི་ནི་བདག་གིས་ཁྱེར། བདག་གི་

เล่ม ๑๓ · หน้า 195b

ནི་དེ་ན་འདུག་པའི་རིགས་སོ། །དེས་དེ་ཁྱེར་དེ་འོངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ནི་མཚན་མ་ཐོབ་ཤིག །དགེ་སློང་དག་གིས་ཇི་ལྟར་མཚན་མ་གདབ་པ་མི་ཤེས་ནས་

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཞེས་བྱ་བས་ཕུལ་བའོ་ཞེས་ཡི་གེར་བྲིས་ཤིག །དགེ་སློང་གིས་དགེ་འདུན་གྱི་དང་། གང་ཟག་གི་གཉི་ག་དེ་བཞིན་དུ་བྲིས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། གང་ཟག་གི་ནི་མངོན་མཚན་ཐོབ་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱིའམ། གང་ཟག་གི་ཡང་རུང་སྟེ། རི་མོ་ཅན་ནི་གདིང་བ་མེད་ཀྱི་བར་དུ་མ་སྤྱོད་ཅིག་ཅེས་བཀའ་སྩལ་པ། དགེ་སློང་དག་གང་ཟག་གི་

པར་ཏང་སྟན་བྱེད་པ་ལ་ཞུགས་པ་དང་། དེའི་ནང་ནས་ཁ་ཅིག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ནི་རི་མོ་ཅན་ལས་རྙེད་པ་ནི་གནང་གི །བདག་ཉིད་ཀྱིས་བྱས་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །གཞན་ཞིག་གིས་ཡང་བྱས་པའི་དངོས་པོ་སྤོངས་ཤིག་ཅེས་སྨྲས་པ་དང་། དེ་ལྟར་

གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན་དགེ་འདུན་གྱི་ནི་པར་ཏང་རི་མོ་ཅན་རྙེད་དམ་བྱས་ན་ཡང་རུང་ངོ་། །གང་ཟག་གིས་ནི་གཞན་གྱིས་བྱིན་ན་ཡོན་བདག་ཉིད་ལ་བསྔོས་ན་འཆང་བར་གནང་གི །རང་

བྱེད་དུ་ནི་མི་གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་འདུན་ལ་ནི་པར་ཏང་རི་མོ་ཅན་རྙེད་པའམ། བྱས་པའང་འཆང་དུ་གནང་གི །གང་ཟག་ལ་ནི་གཞན་གྱིས་བྱིན་པ་དེ་ཉིད་ལ་བསྔོས་ན་འཆང་དུ་གནང་ངོ་ཞེས་བཀའ་སྩལ་ནས། དགེ་སློང་གཞན་ཞིག་གིས་ཁྲིའུ་རྐང་པ་རི་མོ་ཅན་ཞིག་

བདག་གིས་ནི་མ་བྱས་གཞན་གྱིས་བྱིན་པ་འཆང་ངོ་། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་རི་མོ་ཅན་ནི་དགོངས་ཏེ་གསུངས་ཀྱི། ཁྲིའུ་རྐང་པ་རི་མོ་ཅན་ལ་མ་ཡིན་གྱིས། དེ་བས་ན་

เล่ม ๑๓ · หน้า 196a

དགེ་འདུན་གྱིས་ཁྲིའུ་རྐང་པ་རི་མོ་ཅན་རྙེད་དམ་བྱས་ཀྱང་རུང་གནང་གི །གང་ཟག་ལ་ནི་རྗེས་སུ་མི་གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དབྱར་ཚུལ་ནས་བྱུང་ནས་ལྗོངས་རྒྱུ་བ་སྤྱོད་ཅིག་ཅེས་གསུངས་པ་དང་། དབྱར་ཚུལ་དུ་ཞུགས་ནས་ཁང་པའི་རལ་

ཚེམས་དག་མ་བྱས་པར་དོང་ནས་དེ་དག་གིས་རལ་ཚེམས་མ་བྱས་པས་མ་རུང་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དབྱར་ཚུལ་དུ་ཞུགས་ན་རལ་ཚེམས་མ་བྱས་ན་འདས་པ་དང་

བཅས་པར་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།མདོར་ན། སོང་ནས་སླར་འོངས་སྦྱིན་པ་མེད། །བྱིན་ནས་ཕྱིར་ཡང་འོངས་པར་གྱུར། །དགེ་འདུན་གྱིས་ཀྱང་སྦྱིན་པར་བྱ། །གང་ལས་བསྐྱིས་པར་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་

མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་པ་ཞིག་གིས་གཉེན་ཞིག་དུས་འདས་ཏེ་མཆོད་པའི་ཕྱིར་རྒྱལ་མཚན་དང་། བ་དན་གྱིས་དྲངས་ནས་དུར་ཁྲོད་དུ་བསྐྱལ་ཏེ། དེ་སླར་ཁྱེར་ཏེ་འོངས་ནས། དགེ་སློང་དག་ལ་ཕུལ་བ་དང་།

དགེ་སློང་དག་གིས་མ་བླངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོང་ན་སླར་འོངས་པ་ཞེས་བྱོས་ལ་ལོང་ཤིག །ཁ་ཅིག་ནི་དབུལ་ཏེ་ཕུལ་བ་དེ་སླར་ཡང་བརྙས་པ་དང་། དགེ་སློང་དག་གིས་

མ་སྟེར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སླར་སློང་ན་བྱིན་ཅིག །དེས་བརྙས་ནས་དེ་སླར་འགྱོད་པ་སྐྱེས་ནས་མི་དེས་སླར་ཡང་ཕུལ་བ་དང་། དགེ་སློང་དག་གིས་མ་བླངས་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་སླར་ཡང་འོངས་སོ་ཞེས་བྱོས་ཏེ་ལོང་ཤིག །དེ་ལ་ཐེ་ཚོམ་དང་ཁྲོ་བར་མ་བྱེད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཞལ་ཏ་བྱེད་པའི་དགེ་སློང་ཞིག་གིས་དགེ་འདུན་གྱི་ཕྱིར་ཁྱིམ་པ་ཞིག་ལ་ནོར་ཞིག་བསྐྱིས་པ་དང་། དེ་དུས་

เล่ม ๑๓ · หน้า 196b

ལས་འདས་སོ། །དེ་དུས་ལས་འདས་སོ་ཞེས་ཐོས་ནས་དེས་གཙུག་ལག་ཁང་དུ་འོངས་ནས་དྲིས་པ། དགེ་སློང་མིང་འདི་ཞེས་བགྱི་བ་ཞིག་ག་རེ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་སྨྲས་པ། དེ་དུས་ལས་འདས་སོ། །དེས་སྨྲས་པ། འཕགས་པ་བདག་གི་ནོར་ཞིག་དེས་

བསྐྱིས་སོ། །དགེ་སློང་དག་གིས་སྨྲས་པ། སོང་ལ་དེ་ཉིད་ལ་དོས་ཤིག །དེས་དགེ་འདུན་གྱི་ཕྱིར་ཁྱེར་གྱི་ཕ་མ་དང་བདག་གི་ཕྱིར་མ་ལགས་ཀྱིས་ཁྱེད་ཀྱིས་སྩོལ་ཅིག །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། དེ་སྟེ་དགེ་འདུན་གྱི་ཕྱིར་དེས་ཁྱེར་བར་ཤེས་ན། དགེ་འདུན་གྱིས་སྐྱིན་པ་བྱིན་ཅིག །དགེ་སློང་རྣམས་ངས་ལས་གསར་དུ་བྱེད་པའི་མཚུངས་པའི་དགེ་སློང་གི་ཆོས་བཅའོ། །ལས་གསར་དུ་བྱེད་པའི་དགེ་སློང་གིས་བསྐྱི་བ་དག་རྒན་ཞིང་རྒན་པ་དག་ལ་དྲིས་ལ་ལོང་ཤིག །

ལས་གསར་དུ་བྱེད་པ་རྣམས་ཀྱིས་མཚུངས་པར་སྤྱད་པའི་ཆོས་བཅས་པ་བཞིན་དུ་མ་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། བུ་རམ་ཤིང་དང་དགེ་སློང་རྣམས། །ཟ་ཞིང་བགོ་བ་ཕན་གདགས་པ། །

མི་བགོ་བ་དང་བཞི་པ་དང་། །སྐར་མ་བསྟན་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་འདུན་དག་གིས་བཅའ་བ་བུ་རམ་ཤིང་ཞིག་རྙེད་དེ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ཕ་དག་

ལ་སུམ་ཆ་བྱིན་ཅིག་ཅེས་བཀའ་སྩལ་ནས། དེ་དག་ལ་བུ་རམ་ཤིང་གི་སུམ་ཆ་རེ་རེ་བྱིན་ནོ། །དགེ་སློང་དག་རྒན་རིམས་སུ་འཁོད་ནས་གྲལ་ཉིས་རིམ་དུ་གྱུར་པས། སླར་ཡང་རྒན་རིམས་ཀྱི་ཐོག་ཏུ་འོངས་སོ། །ཚེ་དང་ལྡན་པ་སྒྲ་ཅན་འཛིན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་

སྟེ། དེ་བུ་རམ་ཤིང་གི་དུམ་བུ་ཟ་ཞིང་བཅོམ་ལྡན་འདས་ཀྱི་ཞལ་དུ་མིག་ལྟ་ཞིང་འདུག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་དང་ལྡན་པ་སྒྲ་ཅན་འཛིན་བུ་རམ་ཤིང་འདོད་དམ། དེས་སྨྲས་པ། བཅོམ་ལྡན་འདས་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་

เล่ม ๑๓ · หน้า 197a

སྐལ་ལས་བཅད་དེ་དུམ་བུ་གཅིག་དེ་ལ་བྱིན་ནས། དགེ་སློང་གི་དགེ་འདུན་རྣམས་བུ་རམ་ཤིང་གི་བྱ་བ་བྱས་ཏེ། གཙུག་ལག་ཁང་དུ་འོངས་པ་དང་། ཚེ་དང་ལྡན་པ་སྒྲ་ཅན་འཛིན་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་

དྲུང་དུ་འོངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་དང་ལྡན་པ་སྒྲ་ཅན་འཛིན་བུ་རམ་ཤིང་གི་བཟའ་བས་ཚིམ་པར་གྱུར་ཏམ། དེས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ཅག་གི་རྙེད་པ་ནི་སུམ་ཆ་ཅིག་སྩོལ་ཅིག་ཅེས་བཀའ་སྩལ་བས་ག་ལ་ཚིམ་མོད་ཀྱི།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེས་ན་གདོད་ཚིམ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་དག་བསྡུས་ནས་དགེ་སློང་དག་ལ་འདི་སྐད་ཅེས་བཀའ་སྩལ་པ། ངས་གོས་ཀྱི་ཐོབ་པ་ནི་དགེ་ཚུལ་ཕ་དག་སུམ་ཆ་ཅིག་བྱིན་ཅིག་ཅེས་བྱས་ཀྱི། ཁ་ཟས་ཀྱི་

འཐོབ་པ་དག་ནི་མཚུངས་པར་བགོས་ཤིག །ཆུང་ངུ་ན་ཤིང་བུ་ལ་སའི་ལོ་མ་ཙམ་ཡང་མཉམ་པར་བགོས་ཤིག །དེ་ལས་ཆེ་ཆུང་ངུ་བགོས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གནས་པ་དེ་དུས་དུས་སུ་

ཛེ་ཏའི་ཚལ་དུ་འགྲོ་བ་ལས་དགེ་སློང་ཞིག་གིས་དེ་ལ་ནོར་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་བདུན་རྒྱ་ཆེར་སྙན་པར་བཤད་པ་དང་། དེ་དད་པ་སྐྱེས་ནས་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེར་དགེ་སློང་གང་དག་གནས་པ་དེ་དག་ཁ་ཟས་འཕྲལ་འཕྲལ་དུ་སྦྱོར་བར་

བྱེད་པ་ལས་དེས་དེ་དག་གི་ཁ་ཟས་ཀྱི་རྒྱུར་ཀཱར་ཥཱ་པ་ཎ་དག་ཅིག་བྱིན་པ་ལས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་བདག་ཅག་བསོད་སྙོམས་ལ་འགྲོ་བས་ཆོས་གོས་ཀྱིས་བྲེལ་གྱི་ཟས་ཀྱིས་ནི་མ་ཡིན་གྱིས། ཀཱར་ཥཱ་པ་ཎ་ནི་ཆོས་གོས་ཀྱི་ཕྱིར་བགོའོ། །དགེ་སློང་བདག་ཅག་

ལས་སུ་ཡང་ཁྱིམ་བདག་དེའི་ཁྱིམ་དུ་མ་འདོང་ཤིག་ཅེས་དེ་དག་གིས་དམ་བཅས་སོ། །དེ་ནས་དུས་ཕྱི་ཞིག་ན་བསོད་སྙོམས་པ་ཞིག་ལྗོངས་རྒྱུ་བ་སྤྱོད་ཅིང་མཉན་དུ་ཡོད་པར་ཕྱིན་ཏེ། དེ་ཁྱིམ་བདག་དེའི་གཙུག་ལག་ཁང་དུ་འོངས་ནས། དགེ་སློང་དག་གིས་དེ་ངལ་སོར་

เล่ม ๑๓ · หน้า 197b

བཅུག་སྟེ། གནས་དང་མལ་སྟན་དག་བྱིན་ནས་དེས་བསམས་པ་དེ་རིང་ལ་ངལ་བསོ་ཞིང་ཟན་ཡང་གྲལ་དུ་ཟོས་ལ་ནང་པར་ནས་བསོད་སྙོམས་བསླང་ངོ་སྙམ་དུ་སེམས་ཤིང་འདུག་པ་ལས། དགེ་སློང་གཞི་ན་འཁོད་པ་དག་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་བསོད་སྙོམས་ལ་དོང་

བ་དང་། བསོད་སྙོམས་པ་དེས་བསམས་པ། གཞི་ན་གནས་པའི་དགེ་སློང་དག་ནི་དེ་ལྟར་ཕོངས་པ་ལྟ་ན། བདག་ཀྱང་དེ་འདྲ་བར་འགྱུར་གྱིས་བསོད་སྙོམས་སློང་དུ་འགྲོའོ་སྙམ་ནས། དེས་ལྷུང་བཟེད་དང་ཆོས་གོས་དང་ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་དང་། སྒོ་ལྕགས་

ཀྱང་ཁྱེར་ནས་མཉན་དུ་ཡོད་པར་རིམ་གྱིས་བསོད་སྙོམས་ལ་ཞུགས་པ་ལས་ཁྱིམ་བདག་དེའི་ཁྱིམ་དུ་འོངས་ནས། དེས་དེ་ལ་བདེ་བར་ཕྱིན་ཏམ་ཞེས་ཚིག་ཏུ་སྨྲས། སྟན་བཏིང་། རྐང་པ་ལ་ཕྱག་བྱས་ནས་དེའི་མདུན་དུ་འདུག་གོ། །དེ་དེའི་མདུན་དུ་འདུག་ནས་དེས་དེ་ལ་ནོར་ལས་

བྱུང་བའི་བསོད་ནམས་ཀྱི་དངོས་པོ་བདུན་དུ་ཡོན་ཏན་བཤད་པ་དང་། ཁྱིམ་བདག་དེས་སྨྲས་པ། འཕགས་པ་བདག་གིས་དེ་ཐམས་ཅད་བསྒྲུབས་ལགས་སོ། །བསོད་སྙོམས་པས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཅུང་ཟད་ཀྱང་སྦྱར་བ་མེད་དེ། ཁྱོད་ཀྱི་གཙུག་ལག་

ཁང་ན་ཐོག་མར་ཁ་ཟས་མེད་དོ། །དེས་སྨྲས་པ། འཕགས་པ་ཅི་གསུང་། བདག་གིས་དེར་མང་དུ་ཕུལ་ན། འཕགས་པས་གཞན་ཞིག་ཏུ་བྱོན་ཏེ་ནོར་བ་སྙམ། བསོད་སྙོམས་པ་དེས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་གཙུག་ལག་ཁང་གི་ལྡེ་མིག་དང་ལྡེ་མིག་ཀྱོག་

པོ་དག་ཤེས་སམ། འཕགས་པ་འཚལ་ལོ། །དེས་ལྡེ་མིག་དང་ལྡེ་མིག་ཀྱོག་པོ་དག་བསྟན་པ་དང་། དེས་སྨྲས་པ། འཕགས་པས་དེའི་དོན་གློ་བར་ཆུད་དོ་ཞེས་སྨྲས་པ་དང་། བསོད་སྙོམས་པས་དེ་ཁྱེར་ནས་སླར་སོང་ངོ་། །ཁྱིམ་བདག་ཀྱང་དེའི་ཕྱི་བཞིན་དུ་སོང་སྟེ་

གཙུག་ལག་ཁང་དུ་འདུག་ནས་ཇི་ཙམ་དགེ་སློང་དག་བསོད་སྙོམས་ཁྱེར་ཏེ་འོང་བ་མཐོང་སྟེ་མཐོང་ནས་དེས་འཕགས་པ་ཁྱེད་ཅག་གང་ནས་བྱོན་ཅེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཁྱིམ་བདག་སྤྱོད་ཡུལ་གྱི་དད་པ་བསྐྱེད་པའི་ཕྱིར་རོ། །འཕགས་པ་ཀཱར་ཥཱ་པ་ཎ་

เล่ม ๑๓ · หน้า 198a

གར་མཆིས། ཁྱིམ་བདག་གནས་ཁང་ན་ཡོད་དོ་སྣོམས་ཏེ་སྤྱོན། དེ་དག་གིས་ཕྱུང་སྟེ་བྱིན་ནོ། །དེས་སྨྲས་པ། ད་སྤྱོད་ཡུལ་གྱི་དད་པ་སྐྱེད་དུ་བཞུད་ཅིག །དེ་དག་གིས་མ་སྤོབས་ནས། ཅང་མི་ཟེར་བར་འདུག་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་དེ་འཕྱ་བ་ནི་ཡུས་ཏེ། དེ་བས་ན་རྣམ་པ་བཞིས་ནི་མ་བགོ་ཤིག །དེ་ནི་མཆོད་རྟེན་ཐམས་ཅད་ཀྱི་དང་། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་ཀྱི་དང་། ནད་གསོས་ཀྱི་རིན་ཐམས་

ཅད་དང་། ཟས་ནར་མ་ཐམས་ཅད་དོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་ལྗོངས་རྒྱུ་བ་སྤྱོད་ཅིང་སྐར་མ་ཤར་ཙམ་ཞིག་ན་གཙུག་ལག་ཁང་ཞིག་ཏུ་ཕྱིན་པ་དང་། དགེ་སློང་དེ་དག་གིས་གང་དུ་མཛའ་བའི་གནས་སུ་ངལ་བསོ་ཞིང་འདུག་ཏུ་བཅུག་པ་དང་། དེ་དག་གིས་

སྨྲས་པ། ཚེ་དང་ལྡན་པ་དག་ཅི་ཞིག་བསྡད་དུ་ཡོད། སྟོན་པ་བཞུགས་བཞིན་དུ་བསྟན་པ་ཞིག་པར་བྱའམ། རྒན་རིམས་བཞིན་དུ་ཅིའི་ཕྱིར་མི་བགོ། །དེ་དག་ཇི་ལྟར་རྒན་རིམས་བཞིན་དུ་བགེད་པ་ལ་ཞུགས་པ་དང་། གསར་བུ་དག་མ་བགོས་པར་ནམ་ནངས་སོ། །དེ་དག་ནམ་

ནངས་པ་དང་ལངས་ཏེ། ཚེ་དང་ལྡན་པ་དག་ངེད་ཅག་འདོང་གིས་མལ་སྟན་ལོང་ཤིག །དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་སྐད་ཅིག་འཁོད་པའི་ཕྱིར་ཁྱེད་ཀྱིས་དགེ་འདུན་ཐམས་ཅད་ལ་གནོད་པ་བྱས་སོ། །དེ་དག་གིས་སྨྲས་པ། དེ་ནི་སྟོན་པའི་བཀའ་ལུང་

བཞིན་ནོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྐར་མ་ཤར་ཕན་ཆད་མལ་སྟན་མ་བགོ་ཤིག །བགོས་ན་འདས་པ་དང་བཅས་པར་འགྱུར་རོ། །མལ་སྟན་བགེད་པས་ཀྱང་མ་བགོ་

ཤིག །བགོས་ན་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། རྒུན་འབྲུ་དང་ཡང་འབྲ་གོ་གཞན། །མེས་རུང་བ་ཡང་དེ་བཞིན་ཏེ། །ཞུགས་ཐབ་མར་མེ་སྡོང་བུ་དང་། །དྲང་སྲོང་ཆེན་པོས་གནང་

เล่ม ๑๓ · หน้า 198b

བའོ། །སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀུན་ནས་ལྗོངས་རྒྱུ་བ་སྤྱོད་ཅིང་རོ་ཧི་ཏ་ཀར་གཤེགས་ཏེ། རོ་ཧི་ཏ་ཀའི་གནོད་སྦྱིན་བལ་གླང་ལྡན་ཞེས་བྱ་བའི་གནས་ན་བཞུགས་སོ། །དེ་ནས་གནོད་སྦྱིན་བལ་གླང་ལྡན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་

འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དོ་ནུབ་བདག་གི་གནས་སུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་པར་ཅི་གནང་། དེ་ནས་གནོད་སྦྱིན་བལ་གླང་ལྡན་ལ་བཅོམ་ལྡན་འདས་ཅང་མི་གསུང་བར་ཞལ་གྱིས་བཞེས་སོ། །དེ་ནས་

གནོད་སྦྱིན་བལ་གླང་ལྡན་བཅོམ་ལྡན་འདས་ཅང་མི་གསུང་བར་ཞལ་གྱིས་བཞེས་པར་རིག་ནས། དེས་གཙུག་ལག་ཁང་ལྔ་བརྒྱ་སྤྲུལ། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་གྲུ་བཞི་པ་དག་ཀྱང་ལྔ་བརྒྱ་ལྔ་བརྒྱ་སྤྲུལ། མེ་མདག་དུད་པ་མེད་པ་བཀང་བ་ལྔ་བརྒྱ་ཡང་

སྤྲུལ་ཏེ། དེ་ནས་བཅོམ་ལྡན་འདས་ལ་ནི་གཙུག་ལག་ཁང་ཆེན་པོ་བསྐོས། དེའི་ལྷག་མ་དག་ནི་དགེ་སློང་དག་ལ་བསྐོས་ཏེ་གཙུག་ལག་ཁང་གི་ལྷག་མ་དགེ་སློང་དག་ལ་བསྐོས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་

མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སང་བདག་གི་ཁྱིམ་དུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཤོས་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་གནང་བས་ན་གནོད་སྦྱིན་བལ་གླང་ལྡན་ལ་ཅང་མི་

གསུང་བས་ཞལ་གྱིས་བཞེས་པ་དང་། གནོད་སྦྱིན་བལ་གླང་ལྡན་གྱི་གྲོགས་པོ་ཁ་ཆེའི་ཡུལ་ན་གནོད་སྦྱིན་ཨུ་ནི་ཀོ་ཞེས་བྱ་བ་ཞིག་ཡོད་དེ། དེས་དེ་ལ་སང་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཤོས་ལ་སྤྱན་དྲངས་ཀྱིས། སྟོད་ཕྱོགས་

ཀྱི་ནགས་ཀྱི་ཤིང་ཏོག་ལས་སྐུར་ཅེས་སྤྲིང་བ་དང་། དེས་རྒུན་འབྲུ་དང་། བལ་པོའི་སེའུ་དང་འབྲ་གོ་ལ་སོགས་པས་སྣོད་བཀང་སྟེ་གནོད་སྦྱིན་གྱི་ལག་ཏུ་བསྐུར་རོ། །དེས་གཙུག་ལག་ཁང་གི་དག་རར་སྤུངས་ཏེ་བཞག་གོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་

เล่ม ๑๓ · หน้า 199a

གསོལ་ནས། བཅོམ་ལྡན་འདས་འདི་ཅི་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་འདི་ནི་སྟོད་ཕྱོགས་ཀྱི་ནགས་ཀྱི་ཤིང་ཏོག་གོ། །དགེ་སློང་དག་གིས་ཇི་ལྟར་བགྱི་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། མེས་རུང་བར་གྱིས་ལ་ཟོ་ཤིག །དགེ་སློང་དག་གིས་རེ་རེ་ནས་རུང་བར་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོར་སྤུངས་ལ་ཁ་གསུམ་མམ་བཞིར་མེས་རེག་པར་བྱས་པས་རུང་བར་འགྱུར་རོ། །དགེ་སློང་རྣམས་ཀྱིས་དེ་དག་རུང་བར་བྱས་ནས་དགེ་

འདུན་དག་ལ་བྲིམས་པ་དང་ལྷག་ནས། དགེ་སློང་རྣམས་ཀྱིས་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཀུན་ཉེས་ལ་ནང་དུ་ཆུས་ལུགས་ཏེ་དེར་ཚགས་ཀྱིས་ཚོགས་ལ་ཕྱི་དྲོའི་སྐོམ་དུ་འཐུང་ཤིག །དེ་དག་གིས་ཕྱི་དྲོའི་སྐོམ་དུ་བྲིམས་པ་ན། འོན་ཀྱང་

ལྷག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐོལ་ཏེ་ཞོག་ལ་དེའི་ཕྱི་དེ་ཉིན་སྐོམ་དུ་བྲིམས་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགུན་གྱི་དུས་ལ་བབ་པས་དགེ་སློང་རྣམས་གྲང་སྟེ། གཞི་བསྟར་བའི་སྟེང་དུ་མེ་བུས་པ་དང་། གཞི་བསྟར་བ་དག་མ་རུང་བར་གྱུར་

ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་བསྟར་བའི་སྟེང་དུ་མེ་མ་བུད་པར་ཞུགས་ལིང་གི་སྟེང་དུ་མེ་བུས་ཤིག །ཞུགས་ལིང་གི་སྟེང་དུ་མེ་བུས་པ་དང་དུད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རོལ་དུ་ཞུགས་ལིང་གི་ནང་དུ་བུས་ལ་དུད་པ་

མེད་པ་དང་། མདག་མ་ལ་ཅི་བདེར་སྤྱོད་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཟོ་བོ་ཞིག་གིས་དགེ་སློང་རྣམས་ལ་མེ་མར་གྱི་སྡོང་བུ་ཡལ་ག་གཅིག་པ་ཞིག་བྱིན་པ་དང་། དེ་དག་གིས་མ་བླངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་

པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལ་མར་མེའི་སྡོང་བུ་ཡལ་ག་གཅིག་པ་གྲུབ་ན་གནང་ངོ་། །གང་ཟག་ལ་ཡང་གནང་ངོ་། །ཡལ་ག་གཉིས་པའམ། ཡལ་ག་མང་པོ་དག་ནི་དགེ་འདུན་ལ་གནང་གི་གང་ཟག་ལ་ནི་མི་གནང་ངོ་། །རྐྱང་

เล่ม ๑๓ · หน้า 199b

པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། གློ་བུར་གཉིས་པོ་བྱ་བ་དང་། །ཆུ་ཀླུང་ཕ་རོལ་གཉིས་པོ་དང་། །མང་དུ་མ་རུང་བྱས་པ་དང་། །ལུས་ཀྱི་ཚད་ནི་ཆོས་གོས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་

ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་གློ་བུར་དུ་ལྷགས་པ་དག་ཅིག་གཙུག་ལག་ཁང་དུ་ཕྱིན་པ་དང་། གཞི་ན་གནས་པའི་དགེ་སློང་གིས་ངལ་བསོར་བཅུག་གོ། །དེ་དག་ངལ་བསོས་ཟིན་པ་དང་། དེ་དག་གིས་ཅི་ཡོད་པ་དེ་བརྐུས་ཏེ་དོང་ངོ་། །དེ་ལྟར་གྱུར་པ་དགེ་སློང་

དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ངོ་མི་ཤེས་པའི་རྣམས་ངལ་བསོར་མ་གཞུག་ཤིག །བཅོམ་ལྡན་འདས་ཀྱིས་ངོ་མི་ཤེས་པར་ངལ་བསོར་མ་གཞུག་ཤིག་ཅེས་བཀའ་སྩལ་ནས། ངོ་ཤེས་པ་ཞིག་ངལ་བསོར་བཅུག་པ་དང་།

དེའི་ཕྱི་བཞིན་དུ་ངོ་མི་ཤེས་པའི་དགེ་སློང་ཞིག་འོངས་ཏེ། དགེ་སློང་དེ་ཕྱི་རོལ་དུ་སོང་བ་དང་། དེས་དེའི་ལྷུང་བཟེད་དང་ཆོས་གོས་དག་ལེན་པ་ལ་ཞུགས་པ་དང་། གཞི་དེ་ན་གནས་པའི་དགེ་སློང་གིས་བསམས་པ། འདི་ནི་གདོན་མི་ཟ་བར་དེའི་གྲོགས་པོ་ཞིག་གོ་སྙམ་ནས། དེས་དེ་མ་བགགས་

ནས་དེས་དེ་ཁྱེར་ཏེ་བྲོས་སོ། །ཕྱིས་དགེ་སློང་དེ་སླར་འོངས་ན་ཆོས་གོས་དང་ལྷུང་བཟེད་མི་སྣང་ནས། དེས་སྨྲས་པ། ཚེ་དང་ལྡན་པ་བདག་གི་ལྷུང་བཟེད་དང་ཆོས་གོས་དག་སུས་ཁྱེར། གཞི་ན་གནས་པའི་དགེ་སློང་གིས་སྨྲས་པ། ཁྱོད་ཀྱི་གྲོགས་པོས་ཁྱེར་རོ། །དེས་སྨྲས་པ། ང་དང་ངོ་

ཤེས་པ་ནི་མེད་ཀྱི་ངའི་ལྷུང་བཟེད་དང་ཆོས་གོས་ཁྱོད་ཀྱིས་བོར་གྱིས། ཁྱོད་ཀྱིས་སྐྱིན་པ་བྱིན་ཅིག །དེ་དང་དགེ་སློང་གཞི་ན་གནས་པ་དང་ལྷན་ཅིག་ཏུ་གཅིག་ལ་གཅིག་རྩོད་པར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། གློ་བུར་དུ་འོངས་པའི་དགེ་སློང་ལ་འདི་སུ་ཞིག་ཅེས་དྲིས་ཤིག །དེ་སྟེ་དགེ་སློང་དེ་ངས་ངོ་ཤེས་སོ་ཞེས་ཟེར་ན། དགེ་སློང་དེ་ལ་དེ་སྟེ་ཁྱོད་ཀྱིས་ལྷུང་བཟེད་དང་ཆོས་གོས་སམ། ངའི་ཡང་རུང་འདི་བརྙ་ཞེས་ཟེར་ན་སྦྱིན་ནམ་མི་སྦྱིན་ཞེས་དྲིས་ཤིག །དེ་སྟེ་མ་སྦྱིན་ཅིག་ཅེས་

เล่ม ๑๓ · หน้า 200a

ཟེར་ན་རིན་ཐང་བཞིན་དུ་ཆོད་ལ་ཕོབ་ཤིག །དེ་སྟེ་བྱིན་ཅིག་ཅེས་ཟེར་བ་ལས་ཁྱེར་ན་ཁྱེར་དུ་ཟད་དོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་གློ་བུར་དུ་འོངས་པ་གཞན་ཞིག་གཞི་ན་འདུག་པའི་དགེ་སློང་ཞིག་གིས་ངལ་བསོར་བཅུག་ནས་དེའི་ཕྱི་བཞིན་ངོ་མི་

ཤེས་པའི་དགེ་སློང་ཞིག་འོངས་ཏེ། ཇི་ཙམ་ན་གཞི་ན་གནས་པའི་དགེ་སློང་དེ་སོ་ཤིང་འདོར་དུ་ཕྱི་རོལ་དུ་སོང་ངོ་། །དེ་ནས་དེའི་ལྷུང་བཟེད་དང་ཆོས་གོས་དག་དེས་ཁྱེར་བ་དང་། གློ་བུར་དུ་འོངས་པའི་དགེ་སློང་དག་གིས་བསམས་པ། འདི་ཡང་སྔོན་ཁྱིམ་འདི་ན་གནས་པ་ཞིག་ཡིན་

ནོ་སྙམ་ནས་དེས་ཀྱང་ཅུང་ཟད་ཀྱང་མ་སྨྲས་ནས། དེས་ཁྱེར་ཏེ་བྲོས་སོ། །གཞི་ན་གནས་པའི་དགེ་སློང་དེ་སླར་འོངས་པ་དང་། ལྷུང་བཟེད་དང་ཆོས་གོས་མི་སྣང་ནས། དེས་སྨྲས་པ། ཚེ་དང་ལྡན་པ་ངའི་ལྷུང་བཟེད་དང་ཆོས་གོས་སུས་ཁྱེར། དེས་སྨྲས་པ། གནས་ཁང་ན་འདུག་

པས་ཁྱེར་རོ། །ངའི་གནས་ཁང་ན་གནས་པ་གང་ཡིན། ཁྱོད་ཀྱིས་ལྷུང་བཟེད་དང་ཆོས་གོས་ཁྱེར་གྱིས་སྐྱིན་པ་བྱིན་ཅིག །དེ་དང་དེ་གཉིས་ལྷན་ཅིག་རྩོད་པར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། གློ་བུར་དུ་འོངས་པའི་དགེ་སློང་གིས་གཞི་ན་གནས་པའི་དགེ་སློང་ལ་དགེ་སློང་འདི་ཁྱོད་ཀྱི་ཅུང་ཟད་ཅི་ཡང་རུང་བ་སློང་ན་སྦྱིན་ནམ་མི་སྦྱིན་ཞེས་དྲིས་ཤིག །དེ་སྟེ་མ་སྦྱིན་ཅིག་ཅེས་ཟེར་ན་རིན་ཐང་བཞིན་དུ་ཕོབ་ཤིག །དེ་སྟེ་བྱིན་ཅིག་ཅེས་ཟེར་བ་ལས་ཁྱེར་ན་ཁྱེར་དུ་ཟད་དོ། །གླེང་གཞི་

ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་ཞིག་གིས་གཞི་ན་གནས་པའི་དགེ་སློང་ཞིག་ལ་ཆོས་གོས་བཞག་ནས་ཆེམས་བཞག་པ། དེ་སྟེ་ང་སོང་གི་འོག་ཏུ་ངའི་སློབ་མ་དག་འོངས་ཏེ་འདོད་ཅེས་ཟེར་ན་བྱིན་ཅིག་ཅེས་སྨྲས་ནས་སོང་ངོ་། །དེའི་སློབ་མ་ཞིག་གིས་ཆོས་གོས་ཁྱེར་ཏེ་བྲོས་སོ། །

དེ་ལ་དགེ་སློང་དེས་བླངས་པ་དང་། ཕན་ཚུན་རྩོད་པར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སློབ་མ་ལ་བྱིན་ཅིག་ཅེས་ཟེར་ན། དེས་ཁྱེར་བ་ནི་ཁྱེར་རྒྱལ་དུ་ཟད་མོད་ཀྱི་གཏན་ཚིགས་

เล่ม ๑๓ · หน้า 200b

ཡོད་ན་བྱིན་ཅིག །བཅོམ་ལྡན་འདས་ཀྱིས་གཏན་ཚིགས་ཡོད་ན་བྱིན་ཅིག་ཅེས་བཀའ་སྩལ་པ་དང་། གཏན་ཚིགས་ཀུན་གྱིས་ཤེས་ཤིང་གྲགས་པར་སྤྲིངས་ཏེ་གཞན་གྱིས་ཐོས་ནས་བརྐུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་སྟེ་གཏན་ཚིགས་སྨྲོས་ཤིག །

དེ་ཡང་གཏན་ཚིགས་འདི་འདྲ་བར་ཤེས་པ་ཞིག་འོངས་ན་དེ་ལ་བྱིན་ཅིག་ཅེས་བསྒོ་ཤིག །དགེ་སློང་དག་ཅིག་ལམ་དུ་ཞུགས་ནས་ཀླུང་གི་འགྲམ་དུ་ཕྱིན་ཏེ་དེ་གྲུའི་ནང་དུ་ཞུགས་པ་དང་། དེ་ན་དགེ་སློང་གཞན་ཞིག་འདུག་པ་ལ་གྲུའི་ནང་དུ་ཞུགས་པས་སྨྲས་པ། བདག་གི་ཚང་ཐུར་འོ་ནི་

ཚུར་སྩོལ་ཅེས་སྨྲས་པ་དང་། དེས་ཚང་ཐུར་བྱིན་པ་ལ་ཞུགས་པ་ལས་ལྷུང་སྟེ་ཆུས་ཁྱེར་བ་དང་། དེས་སྨྲས་པ། ཁོ་བོའི་ཚང་ཐུར་ཁྱོད་ཀྱིས་བོར་གྱིས། ཁྱོད་ཀྱིས་སྐྱིན་པ་བྱིན་ཅིག །དེ་གཉིས་རྩོད་པར་གྱུར་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་ལག་ཏུ་འོངས་སམ་ཞེས་སྨྲོས་ལ་འོངས་སོ་ཞེས་ཟེར་ན་གདོད་བྱིན་ཅིག །དེ་ལས་གཞན་དུ་ན་རིན་ཐང་བཞིན་དུ་ཆོད་ལ་ཕོབ་ཤིག །ཡོ་བྱད་གཞན་དག་ཀྱང་དེ་བཞིན་དུ་སྦྱོར་ཅིག །ཇི་ལྟར་ཀླུང་བཞིན་དུ་རི་ལ་འཛེགས་པ་དང་།

འོབས་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ལག་ཏུ་འོངས་ཀྱིས་ཐོང་ཞེས་ཟེར་ཏེ་བཏང་བ་ལས་སྟོར་ན་ནི་སྟོར་དུ་ཟད་དོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། གཙུག་ལག་ཁང་ཞིག་ན་གཙུག་ལག་ཁང་སྐྱོང་གིས་སྒོ་རབ་ཏུ་མ་བསྡམས་ནས་རབ་ཏུ་མ་བརྟགས་པས་རྐུན་པོ་དག་གིས་

གླགས་རྙེད་དེ་བརྐུས་སོ། །དགེ་སློང་དག་ཞིང་དེའི་སྐྱིན་པ་ནི་གཙུག་ལག་ཁང་སྐྱོང་ལ་དབབ་བོ་ཞེས་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྒོ་བསྡམ་པ་ནི་རྣམ་པ་ལྔ་སྟེ། ལྔ་

གང་ཞེ་ན། རྒྱ་གཏན་དང་། སྒོ་གཏན་དང་། འཁོར་ལོ་དང་། སྒོ་ལྕགས་དང་། ལྡེ་མིག་ཀྱོག་པོ་དག་གོ། །གལ་ཏེ་དེ་ཐམས་ཅད་གཙུག་ལག་ཁང་ན་ཡོད་ལ་གཙུག་ལག་ཁང་སྐྱོང་གིས་བཞི་ནི་བཅུག་ལ་གཅིག་མ་བཅུག་ན་ཆ་གཅིག་དེ་ལ་ཕོབ་ཤིག །གསུམ་བཅུག་ལ་

เล่ม ๑๓ · หน้า 201a

གཉིས་མ་བཅུག་ན་གསུམ་དེ་ལ་ཕོབ་ཤིག །གཉིས་བཅུག་ལ་གསུམ་མ་བཅུག་ན་སུམ་ཆ་དེ་ལ་ཕོབ་ཤིག །གཅིག་མ་བཅུག་ལ་བཞི་བཅུག་ན་བཞི་ཆ་དེ་ལ་ཕོབ་ཤིག །དེ་སྟེ་ཐམས་ཅད་མ་བཅུག་ན་ཇི་ཙམ་སྟོར་བ་དེ་ཐམས་ཅད་དེ་ལ་ཕོབ་ཤིག །དེ་སྟེ་བསྡམ་

པ་རྣམ་པ་ལྔས་བསྡམས་ན་སྟོར་བ་ནི་སྟོར་དུ་ཟད་དོ། །གཙུག་ལག་ཁང་ན་གཙུག་ལག་ཁང་སྐྱོང་ལ་སྐྱིན་པ་མ་དབབ་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་

གི་ཆོས་གོས་ཁྲུ་ཚད་དུ་གྱིས་ཤིག་ཅེས་བཀའ་སྩལ་ན། བཙུན་པ་ཁྲུ་ཐུང་ལ་ལུས་རིང་ན་དེ་ཡང་ཆོས་གོས་ཁྲུ་ཚད་དུ་བགྱིའམ། ཨུ་པཱ་ལི་དེ་ནི་ལུས་ཀྱི་ཚད་དུ་གྱིས་ཤིག །གང་ལུས་ཐུང་ལ་ཁྲུ་རིང་ན་ཇི་དེ་ཡང་ལུས་ཀྱི་ཚད་དུ་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་

པཱ་ལི་ལུས་ཐུང་ལ་ཁྲུ་རིང་ན་དེ་ཡང་ལུས་ཀྱི་ཚད་དུ་གྱིས་ཤིག །ལུས་ཀྱང་ཆེ་ལ་ཁྲུ་ཡང་རིང་ན་ཁྲུ་ཚད་དུ་གྱིས་ཤིག །གཞན་དུ་ན་འདས་པ་དང་བཅས་པ་སྟེ། ཇི་ལྟར་བཅས་པ་ལས་ལྷག་པ་ཞིག་རྙེད་ན་ཡང་། དེ་ལ་ནི་བྱིན་གྱིས་མི་བརླབ་མོད་ཀྱི་འོན་ཀྱང་རུང་ལ་བྱིན་གྱིས་བརླབས་ཏེ་རུང་

བར་བྱས་ན། སློབ་དཔོན་ནམ། མཁན་པོའམ། མཛའ་བོའི་ཡིན་པར་སྔོས་ལ་སྤྱོད་ཅིག །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། ཤམ་ཐབས་རྗེས་སུ་གནང་བ་དང་། །ཤམ་ཐབས་འཐེབ་ཀྱང་དེ་བཞིན་ཏེ། །སྟོད་ཆགས་མཆོད་པ་

བྱ་བ་དང་། །བྱིན་ལེན་མ་བྱས་དེ་བཞིན་ཏེ། །རྔུལ་དང་རྐྱང་པ་བསྟན་པ་བརྗོད། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་པ་ལ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་དཔྱིད་ཀྱི་དུས་ལ་བབ་པས་ཤམ་ཐབས་རྣམས་རྡུལ་གྱིས་དྲི་

མ་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤམ་ཐབས་ཀྱི་འཐེབ་ཆོངས་ཤིག །སྦྱར་མ་ཡང་རྡུལ་ཏེ་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོད་ཆགས་ཆོངས་ཤིག །དེ་ཡང་དེ་བཞིན་དུ་དྲི་མི་ཞིམ་པར་གྱུར་ནས།

เล่ม ๑๓ · หน้า 201b

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོད་ཆགས་ཀྱི་འཐེབ་བཅང་བར་བྱ་སྟེ། དེ་ཡང་དུས་དུས་སུ་ཁྲུས་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་ཆོས་གོས་གྱོན་ཏེ་མཆོད་པའི་ལས་དག་བྱེད་པ་ན་དེ་དག་དྲི་དང་ཕྱེ་མ་དང་འབྲུ་མར་དག་གིས་མ་རུང་བར་གྱུར་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དྲི་དག་གིས་མ་རུང་བར་གྱུར་པ་ནི་ཁྲུས་ལ་གྱོན་ཅིག །གང་ཕྱེ་མས་མ་རུང་བ་ནི་སྤྲུགས་ལ་གྱོན་ཅིག །གང་འབྲུ་མར་གྱིས་མ་རུང་བར་གྱུར་པ་ལ་ནི་སྣུམ་འདག་པ་གང་ཡིན་པས་ཁྲུས་ལ་གྱོན་ཅིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་

སློང་རྣམས་ཟན་ཟ་བ་ལ་བྱིན་ལེན་མ་བྱས་པར་ལྷུང་བཟེད་དུ་ལྷུང་ནས་ཐེ་ཚོམ་སྐྱེས་ཏེ་མི་ཟ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་བྱོས་ལ་ལོང་ཤིག །བྱིན་ལེན་བྱེད་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཐན་ཀོར་ཆེར་ལོང་སྟེ་འོར་ལ་ཐེ་ཚོམ་དུ་

མ་བྱེད་པར་ཟོ་ཤིག །ཁུ་བའི་ནང་དུ་ལྷུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཡང་ཐན་ཀོར་ཆེར་འོར་ལ་ཟོ་ཤིག །གང་དགེ་སློང་དག་ཕོངས་པའི་ཚེ་ངས་གནང་བ་དེ་མ་ཕོངས་པའི་ཚེ་དེ་ལྟར་མ་སྤྱོད་ཅིག །སྤྱད་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་

རྣམས་བསོད་སྙོམས་ལ་ཞུགས་པ་དང་། རླུང་དང་ཆར་པ་དག་བབས་ནས་ལྷུང་བཟེད་ཀྱི་ནང་དུ་རྡུལ་སོང་སྟེ། ཐེ་ཚོམ་སྐྱེས་ནས་མ་ཟོས་ཏེ་གྲལ་ན་ཟ་བའི་ཚེ་ཡང་དེ་བཞིན་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་རྡུལ་ནི་རྣམ་པ་འདི་ལྔ་སྟེ།

རུང་བའི་རྡུལ་དང་། མི་རུང་བའི་རྡུལ་དང་། བཞག་པའི་རྡུལ་དང་། མ་བཞག་པའི་རྡུལ་དང་། རྡུལ་གྱི་རྡུལ་དང་ལྔའོ། །གཞན་ཡང་རྡུལ་རྣམ་པ་ལྔ་སྟེ། བཟའ་བའི་རྡུལ་དང་། བཏུང་བའི་རྡུལ་དང་། གོས་ཀྱི་རྡུལ་དང་། མེ་ཏོག་གི་རྡུལ་དང་། འབྲས་བུའི་རྡུལ་ཏེ།

མངོན་པར་གསལ་བ་མེད་པ་ན་དེ་ཐམས་ཅད་ཀྱང་རུང་བ་ཡིན་གྱིས། ཐེ་ཚོམ་དུ་མ་བྱེད་པར་ཟོ་ཤིག །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བཅུ་པའོ། །རྐྱང་པའི་སྒོ་རྣམས་རྫོགས་སྷོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་བཞི་པ། ནོངས་པ་

เล่ม ๑๓ · หน้า 202a

དམིགས་པ་ཞེས་བགྱིའམ། མི་དམིགས་པ་ཞེས་བགྱི། གསུངས་པ། ཉེས་པ་མི་དམིགས་པ་ཞེས་བྱའོ། །ནོངས་པ་གཟུགས་མཆིས་པ་ཞེས་བགྱིའམ། ཟུགས་མ་མཆིས་སོ་ཞེས་བགྱི། གསུངས་པ། ཉེས་པ་གཟུགས་མེད་པ་ཞེས་བྱའོ། །ནོངས་

པ་བསྟན་དུ་མཆིས་པ་ཞེས་བགྱིའམ། བསྟན་དུ་མ་མཆིས་པ་ཞེས་བགྱི། གསུངས་པ། ཉེས་པ་བསྟན་དུ་མེད་པ་ཞེས་བྱའོ། །ནོངས་པ་བར་དུ་ཐོགས་པ་དང་བཅས་པ་ཞེས་བགྱིའམ། བར་དུ་ཐོགས་པ་དང་བཅས་པ་ཞེས་མི་བགྱི། གསུངས་པ། ཉེས་པ་བར་དུ་ཐོགས་པ་དང་

བཅས་པ་ཞེས་མི་བྱའོ། །ནོངས་པ་ཟག་པ་དང་བཅས་པ་ཞེས་བགྱིའམ། ཟག་པ་མ་མཆིས་པ་ཞེས་བགྱི། གསུངས་པ། ཉེས་པ་ཟག་པ་དང་བཅས་པ་ཞེས་བྱའོ། །ནོངས་པ་འདུས་བྱས་ཞེས་བགྱིའམ། འདུས་མ་བྱས་ཞེས་བགྱི། གསུངས་པ། ཉེས་པ་འདུས་བྱས་

ཞེས་བྱའོ། །ནོངས་པ་འཇིག་རྟེན་པ་ཞེས་བགྱིའམ། འཇིག་རྟེན་ལས་འདས་པ་ཞེས་བགྱི། གསུངས་པ། ཉེས་པ་འཇིག་རྟེན་པ་ཞེས་བྱའོ། །ནོངས་པ་ཕུང་པོར་གཏོགས་པ་ཞེས་བགྱིའམ། མ་གཏོགས་པ་ཞེས་བགྱི། གསུངས་པ། ཉེས་པ་ཕུང་པོར་གཏོགས་པ་ཞེས་བྱའོ། །

ནོངས་པ་ཁམས་སུ་གཏོགས་པ་ཞེས་བགྱིའམ། ཁམས་སུ་མི་གཏོགས་པ་ཞེས་བགྱི། གསུངས་པ། ཉེས་པ་ཁམས་སུ་གཏོགས་པ་ཞེས་བྱའོ། །ནོངས་པ་བཟུང་བ་ཞེས་བགྱིའམ། མ་བཟུང་བ་ཞེས་བགྱི། གསུངས་པ། ཉེས་པ་མ་བཟུང་བ་ཞེས་བྱའོ། །ནོངས་པ་

ལུང་བསྟན་པ་ཞེས་བགྱིའམ། ལུང་མ་བསྟན་པ་ཞེས་བགྱི། གསུངས་པ། ཉེས་པ་ལུང་བསྟན་པ་ཞེས་ཀྱང་བྱ། ལུང་མ་བསྟན་པ་ཞེས་ཀྱང་བྱའོ། །ལུང་བསྟན་པ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདའ་བར་བྱེད་པ་ནི་ལུང་

བསྟན་པ་ཞེས་བྱའོ། །ལུང་མ་བསྟན་པ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་པར་འདའ་བ་ནི་ལུང་མ་བསྟན་པ་ཞེས་བྱའོ། །ནོངས་པ་འབྱུང་བ་ཆེན་པོར་ལུང་བསྟན་པ་ཞེས་བགྱིའམ། འབྱུང་བ་ཆེན་པོར་ལུང་མ་བསྟན་པ་ཞེས་བགྱི།

เล่ม ๑๓ · หน้า 202b

གསུངས་པ། ཉེས་པ་འབྱུང་བ་ཆེན་པོར་ལུང་བསྟན་པ་ཞེས་བྱའོ། །ནོངས་པ་ཀུན་དུ་སྦྱོར་བ་ཞེས་བགྱིའམ། མི་སྦྱོར་བ་ཞེས་བགྱི། གསུངས་པ། ཉེས་པ་ཀུན་དུ་སྦྱོར་བ་ཞེས་བྱའོ། །ནོངས་པ་བསྒྲིབས་པ་ཞེས་བགྱིའམ། མ་བསྒྲིབས་པ་ཞེས་བགྱི། ཉེས་པ་བསྒྲིབས་

པ་ཞེས་བྱའོ། །ནོངས་པ་ཉོན་མོངས་པ་ཞེས་བགྱིའམ། ཉོན་མ་མོངས་པ་ཞེས་བགྱི། གསུངས་པ། ཉོན་མོངས་པ་ཞེས་ཀྱང་བྱ། ཉོན་མ་མོངས་པ་ཞེས་ཀྱང་བྱའོ། །ཉོན་མོངས་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདའ་བ་འདི་ནི་ཉོན་

མོངས་པའོ། །ཉོན་མ་མོངས་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་པར་འདའ་བ་འདི་ནི་ཉོན་མ་མོངས་པའོ། །ནོངས་པ་ལ་ཟང་ཟིང་དུ་བཅས་པ་ཞེས་བགྱིའམ། ཟང་ཟིང་མ་མཆིས་པ་ཞེས་བགྱི། གསུངས་པ། ཉེས་པ་ལ་ཟང་ཟིང་དུ་བཅས་པ་

ཞེས་བྱའོ། །ནོངས་པ་ཆགས་པ་ལ་གནས་པ་ཞེས་བགྱིའམ། འབྱུང་བ་ལ་གནས་པ་ཞེས་བགྱི། གསུངས་པ། ཉེས་པ་ཆགས་པ་ལ་གནས་པ་ཞེས་བྱའོ། །ནོངས་པ་དགྲར་བཅས་པ་ཞེས་བགྱིའམ། དགྲར་མ་བཅས་པ་ཞེས་བགྱི། གསུངས་པ། དགྲར་བཅས་པ་

ཞེས་བྱའོ། །ནོངས་པ་དམིགས་པ་ཞེས་བགྱིའམ། མི་དམིགས་པ་ཞེས་བགྱི། གསུངས་པ། མི་དམིགས་པ་ཞེས་བྱའོ། །ནོངས་པ་སེམས་ཞེས་བགྱིའམ། སེམས་མ་ལགས་པ་ཞེས་བགྱི། གསུངས་པ། ཉེས་པ་སེམས་མ་ཡིན་པ་ཞེས་བྱའོ། །ནོངས་པ་རྣམ་པར་

སྨིན་པ་ཞེས་བགྱིའམ། རྣམ་པར་མ་སྨིན་པ་ཞེས་བགྱི། གསུངས་པ། རྣམ་པར་སྨིན་པ་ཞེས་ཀྱང་བྱ། མ་སྨིན་པ་ཞེས་ཀྱང་བྱའོ། །སྨིན་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདས་པ་འདི་ནི་སྨིན་པ་ཞེས་བྱའོ། །མ་སྨིན་པ་གང་ཞེ་ན།

གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་པར་འདས་པ་འདི་ནི་མ་སྨིན་པའོ། །ནོངས་པ་ལས་ཞེས་བགྱིའམ། ལས་མ་ལགས་པ་ཞེས་བགྱི། གསུངས་པ། ཉེས་པ་ལས་ཞེས་བྱའོ། །ནོངས་པ་ནང་གི་སྐྱེ་མཆེད་དུ་གཏོགས་པ་ཞེས་བགྱིའམ། ཕྱིའི་སྐྱེ་མཆེད་

เล่ม ๑๓ · หน้า 203a

དུ་གཏོགས་པ་ཞེས་བགྱི། གསུངས་པ། ཕྱིའི་སྐྱེ་མཆེད་དུ་གཏོགས་པ་ཞེས་བྱའོ། །ནོངས་པ་སྔར་འདས་པ་ཞེས་བགྱིའམ། མ་འོངས་པ་ཞེས་བགྱིའམ། ད་ལྟར་བྱུང་བ་ཞེས་བགྱི། གསུངས་པ། ཉེས་པ་སྔར་འདས་པ་ཞེས་ཀྱང་བྱ། མ་འོངས་པ་

ཞེས་ཀྱང་བྱ། ད་ལྟར་བྱུང་བ་ཞེས་ཀྱང་བྱའོ། །སྔར་འདས་པ་གང་ཞེ་ན། ཉེས་པ་བྱུང་ནས་བཤགས་ཤིང་སླར་བྱས་པ་ནི་ཉེས་པ་དེ་ལས་ལངས་པ་སྟེ། དེ་ནི་སྔར་འདས་པ་ཞེས་ཀྱང་བྱའོ། །མ་འོངས་པ་གང་ཞེ་ན། ཉེས་པ་མ་བྱུང་མོད་ཀྱི་ངེས་པར་འབྱུང་བ་དེ་ནི་མ་འོངས་པ་ཞེས་ཀྱང་

བྱའོ། །ད་ལྟར་གྱི་གང་ཞེ་ན། ཉེས་པ་བྱུང་བ་དེ་ནི་ད་ལྟར་གྱིའོ། །ནོངས་པ་དགེ་བ་ཞེས་བགྱིའམ། མི་དགེ་བ་ཞེས་བགྱིའམ། ལུང་མི་སྟོན་པ་ཞེས་བགྱི། གསུངས་པ། ཉེས་པ་མི་དགེ་བ་ཞེས་ཀྱང་བྱ། ལུང་དུ་མི་སྟོན་པ་ཞེས་ཀྱང་བྱའོ། །མི་དགེ་བ་གང་ཞེ་ན། གང་སངས་

རྒྱས་ཀྱིས་བསླབ་པ་བཅས་པ་ལ་ཤེས་བཞིན་དུ་འདས་པ་འདི་ནི་མི་དགེ་བའོ། །ལུང་དུ་མ་བསྟན་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་བཞིན་དུ་འདའ་བ་དེ་ནི་ལུང་དུ་མ་བསྟན་པའོ། །ནོངས་པ་འདོད་པའི་ཁམས་སུ་གཏོགས་པ་ཞེས་བགྱིའམ། གཟུགས་

ཀྱི་ཁམས་སུ་གཏོགས་པ་ཞེས་བགྱིའམ། གཟུགས་མེད་པའི་ཁམས་སུ་གཏོགས་པ་ཞེས་བགྱི། གསུངས་པ། ཉེས་པ་ནི་འདོད་པའི་ཁམས་སུ་གཏོགས་པ་ཞེས་བྱའོ། །ནོངས་པ་སློབ་པ་ཞེས་བགྱིའམ། མི་སློབ་པ་ཞེས་བགྱིའམ། སློབ་པའང་མ་ལགས། མི་སློབ་

པའང་མ་ལགས་ཞེས་བགྱི། གསུངས་པ། ཉེས་པ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཞེས་བྱའོ། །ནོངས་པ་མཐོང་བས་སྤང་བ་ཞེས་བགྱིའམ། བསྒོམས་པས་སྤྲང་བ་ཞེས་བགྱི། གསུངས་པ། བསྒོམས་པས་སྤང་བ་ཞེས་བྱའོ། །ནོངས་པ་ལུས་ལས་

བྱུང་བ་ཞེས་བགྱིའམ། ངག་ལས་བྱུང་བ་ཞེས་བགྱིའམ། སེམས་ལས་བྱུང་བ་ཞེས་བགྱི། གསུངས་པ། ཉེས་པ་ལུས་ལས་བྱུང་བ་ཡང་ཡོད། ངག་ལས་བྱུང་བ་ཡང་ཡོད། སེམས་ལས་བྱུང་བ་ཡང་ཡོད། དེ་ལུས་ལས་བྱུང་བ་གང་ཞེ་ན། མི་ཚངས་པར་སྤྱོད་པར་བྱེད་པ་དང་།

เล่ม ๑๓ · หน้า 203b

མ་བྱིན་པ་ལེན་པར་བྱེད་པ་དང་། མིའི་འཚོ་བ་དང་བྲལ་བར་བྱེད་པ་དང་། བསམས་བཞིན་ཁུ་བ་འབྱིན་པ་དང་། ལུས་ཀྱིས་རེག་པར་བྱེད་པ་དང་། རྩྭ་སྔོན་པོ་གཅོད་པ་དང་། ཕྱི་དྲོ་ཟ་བ་དང་། བཏུང་བ་ཆང་འཐུང་བ་ནི་ལུས་ལས་བྱུང་བའོ། །ངག་ལས་བྱུང་བ་གང་ཞེ་ན། གང་

མེད་ལ་ཀུན་མེད་བཞིན་དུ་དཀྱིལ་འཁོར་བླ་མར་གྱུར་པའི་ཆོས་སུ་བདག་ཉིད་སྨྲ་བ་དང་། བུད་མེད་དེ་ལ་ཉེས་པ་སྦོམ་པོའི་ཚིག་སྨྲ་བ་དང་། བུད་མེད་ཀྱི་མདུན་དུ་བདག་གིས་ལུས་ཀྱི་ཀུན་སྤྱད་པའི་ཡོན་ཏན་བརྗོད་པ་དང་། བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པ་སྟེ།

འདི་ནི་ངག་ལས་བྱུང་བའོ། །སེམས་ལས་བྱུང་བ་གང་ཞེ་ན། དེ་འདི་ལྟར་དགེ་སློང་གཅིག་པུ་དགོན་པ་ན་གནས་ན་དེ་དེ་ན་གསོ་སྦྱིན་ལ་སེམས་མི་སྐྱེད། ཚིག་ཏུ་ཡང་མི་སྨྲ། དེའི་སེམས་ལས་བྱུང་བའི་ཉེས་པ་མ་དག་པ་སྟེ། འོན་ཀྱང་འདི་སྐད་ཅེས་སྨྲའོ། །སེམས་ལས་བྱུང་བའི་

ཉེས་པ་དག་མེད་ཀྱི་འོན་ཀྱང་འདི་ནི་དགེ་བའི་རྩ་བ་མི་སྦྱོར་བའོ། །གང་གི་དངོས་པོ་ལས་ནོངས་པར་འགྱུར་བ་དེ་ལ་རྟུན་ཏེ་མ་བགྱིས་ན་ཉེས་པར་འགྱུར་ལ། དངོས་པོ་དེ་ཉིད་ལ་རྟུན་ཏེ་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། གསུངས་པ། དངོས་པོ་རྟུན་ཏེ་མ་བྱས་ན་ཉེས་པར་

འགྱུར་ལ་རྟུན་ཏེ་བྱས་ན་ཉེས་པར་མི་འགྱུར་བ་ཡོད་དོ། །གང་ཞེ་ན། གང་དངོས་པོ་དེ་ལ་རྟུན་ཏེ་མ་བྱས་ན། ཉེས་པར་འགྱུར་བ་ནི་འདི་ལྟ་སྟེ། དགེ་སློང་གཏན་པ་མ་བཏིང་བར་ཆོས་གོས་ཅི་འདོད་པ་འཆང་སྟེ་སྦྱར་མ་མེད་པར་གྲོང་དུ་འཇུག་པ་དང་། མགྲོན་དུ་མ་བོས་པར་གྲོང་དུ་

འཇུག་པ་དང་། འདུས་ཤིང་ཟ་བ་དང་། ཡང་ཡང་ཟ་བ་ནི་ཉེས་པའོ། །གང་དངོས་པོ་དེ་ཉིད་ལ་རྟུན་ཏེ་བྱས་ཀྱང་ནོངས་པ་མི་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གཏན་པ་བཏིང་ལ་ཆོས་གོས་ཅི་འདོད་པ་འཆང་སྟེ། སྦྱར་མ་མེད་པར་གྲོང་དུ་འཇུག་པ་དང་། མགྲོན་དུ་མ་

བོས་པར་གྲོང་དུ་འཇུག་པ་དང་། ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་ལ་ཉེས་པ་མེད་དོ། །དེ་ལྟར་ན་དངོས་པོ་གང་ལ་རྟུན་ཏེ་བྱས་ན་ཉེས་པར་འགྱུར་བའི་དངོས་པོ་དེ་ཉིད་ལ་རྟུན་ཏེ་བྱས་ཀྱང་ཉེས་པར་མི་འགྱུར་རོ། །ལས་བགྱིས་ན་ནོངས་པར་འགྱུར་བའི་ལས་དེ་ཉིད་བགྱིས་ཀྱང་

เล่ม ๑๓ · หน้า 204a

ནོངས་པར་འགྱུར་བ་མཆིས་སམ། གསུངས་པ་ལས་བྱས་ན་ཉེས་པར་འགྱུར་བའི་ལས་དེ་ཉིད་བྱས་པ་ལས་ཉེས་པར་མི་འགྱུར་བ་ཡང་ཡོད་དོ། །ལས་གང་བྱས་པ་ལས་ཉེས་པར་འགྱུར་བའི་ལས་དེ་ཉིད་བྱས་ཀྱང་ཉེས་པར་མི་འགྱུར་བ་གང་ཞེ་ན། དགེ་སློང་རྣམས་ཀྱིས་

དགེ་སློང་མ་མཐོང་ངོ་ཞེས་ནས་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་མི་གཏོང་སྟེ་སྤངས་པ་ལས་དེ་དག་དགེ་སློང་རྣམས་ལ་འབྱུང་བར་གསོལ། སྤུ་སྙོལ་བར་བྱེད་པ་ལས་མཚམས་ཀྱི་ཕྱི་རོལ་དུ་འབྱིན་ན་ཉེས་པར་འགྱུར་རོ། །ལས་དེ་ཉིད་བྱས་པ་ཉེས་པར་

མི་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ་ཞེས་ནས་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་མི་གཏོང་བ་སྤངས་པ་ལས་དེ་ཉིད་ཀྱིས་དགེ་སློང་རྣམས་ལ་འབྱུང་བར་གསོལ། སྤུ་སྙོལ་བར་བྱེད་ཐལ་མོ་སྦྱར་ཏེ་ཕྱག་

འཚལ་བར་སྟོན་པ་དེ་མཚམས་ཀྱི་ནང་ན་ཕྱུང་ན་ཉེས་པ་མེད་དོ། །དེ་ལྟར་ན་གང་ལས་བྱས་པ་ལས་ཉེས་པར་འགྱུར་བའི་ལས་དེ་ཉིད་བྱས་ཀྱང་ཉེས་པ་མེད་དོ། །ལས་དེ་འཚལ་ཀྱང་ནོངས་པར་ཡང་འགྱུར། ལས་དེ་ཉིད་འཚལ་ན་ནོངས་པར་མི་འགྱུར་བ་མཆིས་སམ། གསུངས་པ།

ལས་དེ་ཤེས་ལས་ཉེས་པར་འགྱུར་བ་དང་། ལས་དེ་ཉིད་ཤེས་ལ་ཉེས་པར་མི་འགྱུར་བ་ཡོད་དོ། །ཇི་ལྟར་ན་ལས་གང་འཚལ་ལ་ནོངས་པར་འགྱུར་ལ། ལས་དེ་ཉིད་འཚལ་ལ་ནོངས་པར་མི་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ་ཞེས་ནས་

སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལས་ལྟ་བ་མི་གཏོང་བས་སྤངས་པ་དེ་དགེ་སློང་རྣམས་ལ་འབྱུང་བར་གསོལ། སྤུ་སྙོལ་བར་བྱེད། ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་སྟོན་པ་མཚམས་ཀྱི་ཕྱི་རོལ་དུ་ཕྱུང་ནས། དགེ་སློང་རྣམས་དེ་ལ་འདུས་པར་བྱེད།

ལྷན་ཅིག་གནས། གནས་ཁང་གཅིག་ན་ལྷན་ཅིག་ཏུ་ཉལ་བར་བྱེད་པ་དང་། དགེ་སློང་གཞན་དག་གིས་སྨྲས་པ། ཀྱེ་ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་དགེ་འདུན་འདུས་པས་ཆོས་བཞིན་མ་མཐོང་ངོ་ཞེས་སྤངས་ན། དགེ་སློང་དེ་ལ་དགེ་སློང་རྣམས་རྗེས་སུ་འཇུག་གམ་ཞེས་སྨྲས་པ་དང་།

เล่ม ๑๓ · หน้า 204b

དེ་དག་འདི་སྐད་ཅེས་སྨྲའོ། །དེ་ནི་བདེན་ཏེ་དགེ་སློང་འདི་ནི་དབྱུང་བར་གསོལ། སྤུ་སྙོལ་བར་བྱེད། ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་སྟོན་ནས་ཕྱུང་ངོ་། །གང་དུ་མཚམས་ཀྱི་ཕྱི་རོལ་དུའོ་ཞེས་སྨྲ་བ་ནི་ཉེས་པ་བྱུང་བའོ། །འདི་ལྟར་ཡང་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ་

ཞེས་ནས་སྤངས་པ་དང་། སླར་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མི་གཏོང་ནས་སྤངས་ཏེ། དགེ་སློང་རྣམས་ལ་དབྱུང་བར་གསོལ། སྤུ་སྙོལ་བར་བྱེད། ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་སྟོན་ནས་མཚམས་ཀྱི་ནང་དུ་ཕྱུང་སྟེ། དེ་ལ་དགེ་སློང་རྣམས་དེ་དང་འདུས་པར་བྱེད།

ལྷན་ཅིག་ཏུ་གནས། གནས་ཁང་གཅིག་ན་ལྷན་ཅིག་ཏུ་ཉལ་བར་བྱེད་པ་དང་། དགེ་སློང་གཞན་དག་གིས་སྨྲས་པ། ཀྱེ་ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་དགེ་འདུན་འདུས་པས་ཆོས་བཞིན་མ་མཐོང་ངོ་ཞེས་སྤངས་ན། དགེ་སློང་རྣམས་དགེ་སློང་དེའི་རྗེས་སུ་འཇུག་གམ་ཞེས་

སྨྲས་པ་དང་། དེ་དག་འདི་སྐད་སྨྲའོ། །དེ་ནི་བདེན་ཏེ་དགེ་སློང་འདི་དབྱུང་བར་གསོལ། སྤུ་སྙོལ་བར་བྱེད། དེ་ཐལ་མོ་སྦྱར་ཅིང་ཕྱག་འཚལ་བར་སྟོན་ནས་ཕྱུང་ངོ་། །གང་དུ་མཚམས་ཀྱི་ནང་དུའོ་ཞེས་ཟེར་ན་ཉེས་པ་མེད་པའོ། །དེ་ལྟར་ན་ལས་ཤེས་ལ་ཉེས་པར་འགྱུར་བ་དང་།

ལས་དེ་ཉིད་ཤེས་ལ་ཉེས་པར་མི་འགྱུར་བའོ། །བདག་གི་ཡི་དམ་ལས་ནོངས་པ་དང་གཞན་གྱི་ཡི་དམ་ལས་ནོངས་པར་འགྱུར་བ་མཆིས་སམ། གསུངས་པ། བདག་གི་ཡི་དམ་ལས་ཉེས་པ་དང་། གཞན་གྱི་ཡི་དམ་ལས་ཉེས་པར་འགྱུར་བ་ཡོད་དོ། །ཇི་ལྟར་ན་བདག་གི་ཡི་

དམ་ལས་ནོངས་པ་ལགས། དེ་འདི་ལྟར་དགེ་སློང་གིས་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་ནས་རང་ཉིད་ཀྱིས་ཤེས་པ་ནི་ཉེས་པའོ། །གཞན་གྱི་ཡི་དམ་ལས་ནོངས་པ་གང་ལགས། ཇི་ལྟར་ཡང་དགེ་སློང་གིས་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་

བའི་ཉེས་པ་བྱུང་བ་ལས། དད་པའི་དགེ་བསྙེན་གྱི་ཚིག་བཞིན་ཉེས་པ་དེ་ཆོས་བཞིན་དུ་བྱེད་པའོ། །དེ་ལྟར་ན་རང་གི་ཡི་དམ་ལས་ཉེས་པ་དང་། གཞན་གྱི་ཡི་དམ་ལས་ཉེས་པའོ། །དྲན་པ་ལས་ནོངས་པར་འགྱུར་བ་དང་། མི་དྲན་པ་ལས་ནོངས་པར་འགྱུར་བ་མཆིས་སམ།

เล่ม ๑๓ · หน้า 205a

གསུངས་པ་ཡོད་དོ་ཇི་ལྟར་ན་དྲན་པ་ལས་ནོངས་པ་ལགས། དེ་འདི་ལྟར་དགེ་སློང་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་བར་དྲན་པ་དེ་ནི་དྲན་པའི་ཉེས་པའོ། །ཇི་ལྟར་ན་མི་དྲན་པ་ལས་ནོངས་པ་ལགས། དེ་འདི་ལྟར་དགེ་སློང་ཉེས་

པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་བ་དེ་མི་དྲན་ཏེ། དེས་ཅུང་ཟད་མི་དྲན་དུ་ཟིན་ཀྱང་དེ་ཉེས་པར་འགྱུར་རོ། །དེ་ལྟར་དྲན་ན་ཡང་ཉེས་པ་ཡིན་ལ། མི་དྲན་ཀྱང་ཉེས་པའོ། །མངོན་སུམ་དུ་གྱུར་པ་ལས་ནོངས་པ་དང་། མངོན་སུམ་དུ་མ་གྱུར་པ་ལས་ནོངས་པ་

མཆིས་སམ། གསུངས་པ་ཡོད་དོ། །ཇི་ལྟར་ན་མངོན་སུམ་དུ་གྱུར་པ་ལས་ནོངས་པ་ལགས། དེ་འདི་ལྟར་དགེ་སློང་གིས་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་བ་དེ་ནི་མངོན་སུམ་དུ་གྱུར་པའི་ཉེས་པའོ། །ཇི་ལྟར་ན་མངོན་སུམ་དུ་མ་གྱུར་པའི་ནོངས་པ་

ལགས། དེ་འདི་ལྟར་དགེ་སློང་གིས་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་མ་བྱུང་ཡང་འབྱུང་བར་གདོན་མི་ཟ་བའོ། །དེ་ལྟ་བུ་ནི་མངོན་སུམ་དུ་མ་གྱུར་ཀྱང་ཉེས་པ་དང་། མངོན་སུམ་དུ་གྱུར་ཀྱང་ཉེས་པའོ། །དངོས་པོ་གང་གིས་མི་གནས་པ་དང་། དངོས་པོ་དེ་

ཉིད་ཀྱིས་སོ་སོར་གནས་པར་འགྱུར་བ་མཆིས་སམ། གསུངས་པ་ཡོད་དོ། །དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ་ཞེས་ནས་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མི་གཏོང་སྟེ་སྤངས་པ་དེ་ནི་དངོས་པོ་གང་གིས་མི་གནས་པ་དང་། དངོས་

པོ་དེ་ཉིད་ཀྱིས་སོ་སོར་གནས་པའོ། །ལས་གང་བགྱིས་པས་མི་གནས་པ་དང་། ལས་དེ་ཉིད་བགྱིས་པས་སོ་སོར་གནས་པར་འགྱུར་བ་མཆིས་སམ། གསུངས་པ། ལས་གང་བྱས་པས་མི་གནས་པ་དང་། ལས་དེ་ཉིད་བྱས་པས་སོ་སོར་གནས་པ་ཡོད་དེ། ཇི་ལྟར་ན་ལས་གང་བྱས་

པས་མི་གནས་ཤིང་ལས་དེ་ཉིད་བྱས་པས་སོ་སོར་གནས་པ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་དེ་མ་མཐོང་ངོ་ཞེས་ནས་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མི་གཏོང་ནས་སྤངས་པ་དེ་ལྟ་བུ་ནི་ལས་གང་བྱས་པས་མི་གནས་པའི་ལས་

เล่ม ๑๓ · หน้า 205b

དེ་ཉིད་བྱས་ཀྱང་སོ་སོར་གནས་པའོ། །ལས་གང་འཚལ་ན་མི་གནས་པར་འགྱུར་བ་དང་། ལས་དེ་ཉིད་འཚལ་ན་སོ་སོར་གནས་པར་འགྱུར་བ་མཆིས་སམ། གསུངས་པ། ལས་གང་ཤེས་ནས་མི་གནས་པ་དང་། ལས་དེ་ཉིད་ཤེས་ཀྱང་སོ་སོར་གནས་པར་འགྱུར་བ་ཡོད་དེ། ཇི་

ལྟར་ལས་གང་འཚལ་ཀྱང་མི་གནས་པ་དང་། ལས་དེ་ཉིད་འཚལ་ན་སོ་སོར་གནས་པར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ་ཞེས་ནས་སྤངས་པ་དང་། སླར་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་མི་གཏོང་བའི་ཕྱིར་མ་སྤངས་པ་དེ་ལྟ་བུ་ནི་ལས་གང་ཤེས་

ཀྱང་མི་གནས་པ་དང་། ལས་དེ་ཉིད་ཤེས་ཀྱང་སོ་སོར་གནས་པའོ། །རང་གི་ཡི་དམ་གྱིས་མི་གནས་པ་དང་། རང་གི་ཡི་དམ་གྱིས་སོ་སོར་གནས་པར་འགྱུར་བ་མཆིས་སམ། གསུངས་པ། རང་གི་ཡི་དམ་གྱིས་མི་གནས་པ་དང་། རང་གི་ཡི་དམ་གྱིས་སོ་སོར་གནས་པར་འགྱུར་བ་

ཡོད་དོ། །ཇི་ལྟར་ན་རང་གི་ཡི་དམ་གྱིས་མི་གནས་པ་དང་། རང་གི་ཡི་དམ་གྱིས་སོ་སོར་གནས་པར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ཞེས་པའི་ཕྱིར་སྤངས་པ་དང་། སླར་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མི་གཏོང་བས་སྤངས་པ་དེ་ལྟ་

བུ་ནི་རང་གི་ཡི་དམ་གྱིས་མི་གནས་པ་དང་། རང་གི་ཡི་དམ་གྱིས་སོ་སོར་གནས་པའོ། །གཞན་གྱི་ཡི་དམ་ལས་མི་གནས་པ་དང་། གཞན་གྱི་ཡི་དམ་ལས་སོ་སོར་གནས་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ། གཞན་གྱི་ཡི་དམ་ལས་མི་གནས་པ་དང་། གཞན་གྱི་ཡི་

དམ་ལས་སོ་སོར་གནས་པ་ཡོད་དེ། ཇི་ལྟར་ན་གཞན་གྱི་ཡི་དམ་ལས་མི་གནས་པ་དང་། གཞན་གྱི་ཡི་དམ་ལས་སོ་སོར་གནས་པར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་བསྙེན་དད་པའི་ཚིག་བཞིན་དགེ་སློང་དེ་མ་མཐོང་ངོ་ཞེས་ནས་སྤངས་པ་དང་།

སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི་གཞན་གྱི་ཡི་དམ་ལས་མི་གནས་པ་དང་། གཞན་གྱི་ཡི་དམ་ལས་སོ་སོར་གནས་པའོ། །དྲན་ཀྱང་མི་གནས་པ་དང་། དྲན་ཀྱང་སོ་སོར་གནས་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ།

เล่ม ๑๓ · หน้า 206a

དྲན་ཀྱང་མི་གནས་པ་དང་། དྲན་ཀྱང་སོ་སོར་གནས་པ་ཡོད་དོ། །ཇི་ལྟར་ན་དྲན་ཀྱང་མི་གནས་པ་དང་། དྲན་ཀྱང་སོ་སོར་གནས་པར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ་ཞེས་ནས་སྤངས་པ་དང་། སླར་ལས་མི་བྱེད་པ་

དང་། སྡིག་པ་ལ་ལྟ་བ་སླར་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི་དྲན་ཀྱང་མི་གནས་པ་དང་། དྲན་ཀྱང་སོ་སོར་གནས་པར་འགྱུར་བའོ། །མི་དྲན་ཀྱང་མི་གནས་པ་དང་། །མི་དྲན་ཀྱང་སོ་སོར་གནས་པར་འགྱུར་བར་མཆིས་སམ། བཀའ་སྩལ་པ། མི་དྲན་ཀྱང་མི་གནས་པ་དང་།

མི་དྲན་ཀྱང་སོ་སོར་གནས་པར་འགྱུར་བ་ཡོད་དེ། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ཞེས་ནས་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི་མི་དྲན་ཀྱང་མི་གནས་པ་དང་། མི་དྲན་ཀྱང་སོ་སོར་གནས་པའོ། །

མངོན་སུམ་དུ་གྱུར་པ་ལ་མི་གནས་པ་དང་། མངོན་སུམ་དུ་གྱུར་པ་ལ་སོ་སོར་གནས་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ། མངོན་སུམ་དུ་གྱུར་པ་ལ་མི་གནས་པ་དང་། མངོན་སུམ་དུ་གྱུར་པ་ལ་སོ་སོར་གནས་པ་ཡོད་དོ། །ཇི་ལྟར་ན་མངོན་སུམ་དུ་གྱུར་པ་ལས་མི་

གནས་པ་ལ་སོགས་པ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ཞེས་ནས་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི་མངོན་སུམ་དུ་གྱུར་པ་ལས་མི་གནས་པ་དང་། མངོན་སུམ་དུ་གྱུར་པ་ལས་

སོ་སོར་གནས་པའོ། །མངོན་སུམ་དུ་མ་གྱུར་ཀྱང་མི་གནས་པ་དང་། མངོན་སུམ་དུ་མ་གྱུར་ཀྱང་སོ་སོར་གནས་པ་མཆིས་སམ། གསུངས་པ་ཡོད་དོ། །ཇི་ལྟར་ན་མངོན་སུམ་དུ་མ་གྱུར་ཀྱང་མི་གནས་པ་དང་། མངོན་སུམ་དུ་མ་གྱུར་ཀྱང་སོ་སོར་གནས་པ་ལགས།

དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་གིས་མ་མཐོང་ཞེས་ནས་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི་མངོན་སུམ་དུ་མ་གྱུར་ཀྱང་མི་གནས་པ་དང་། མངོན་སུམ་དུ་མ་གྱུར་ཀྱང་སོ་སོར་གནས་པའོ། །

เล่ม ๑๓ · หน้า 206b

དངོས་པོ་གང་གི་ཕྱིར་དགེ་འདུན་གྱིས་ལས་བགྱི་བ་དངོས་པོ་དེ་མང་པོའམ། གཉིས་སམ། གཅིག་གིས་བགྱི་བ་མཆིས་སམ། གསུངས་པ། དངོས་པོ་གང་གི་ཕྱིར་དགེ་འདུན་གྱིས་ལས་བགྱི་བའི་དངོས་པོ་དེ་མང་པོའམ། གཉིས་སམ། གཅིག་གིས་བྱ་བ་ཡང་ཡོད་དོ། །

ཇི་ལྟར་ན་དངོས་པོ་གཅིག་གིས་དགེ་འདུན་གྱི་ལས་བགྱི་བའི་དངོས་པོ་དེ་མང་པོའམ། གཉིས་སམ། གཅིག་གིས་བགྱི་བར་འགྱུར་ལགས། དེ་འདི་ལྟར་དགེ་སློང་མ་རྣམས་ཀྱིས་དགེ་སློང་ལ་ཕྱག་མི་འཚལ་བར་བཅས་པ་དང་། གཏམ་མི་སྨྲ་བར་བཅས་པ་དང་། ལོངས་སྤྱོད་

མི་གཅིག་པར་བཅས་ནས་བསྒོས་པ་སྟེ། དེ་ལྟ་བུ་ནི་དངོས་པོ་གང་གི་ཕྱིར་དགེ་འདུན་གྱིས་ལས་བྱ་བའི་ཕྱིར་དངོས་པོ་དེ་མང་པོའམ། གཉིས་སམ། གཅིག་གིས་ཀྱང་བྱའོ། །ལས་གང་དགེ་འདུན་གྱིས་ལས་སུ་བགྱི་བའི་ལས་དེ་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་

བཞིན་པ་མཆིས་སམ། གསུངས་པ་ཡོད་དོ། །ཇི་ལྟར་སྔ་མ་བཞིན་དུ་དགེ་སློང་མ་རྣམས་ཀྱིས་དགེ་སློང་ལ་ཕྱག་མི་འཚལ་བར་བཅས་པ་དང་། གཏམ་མི་སྨྲ་བར་བཅས་པ་དང་། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྒོས་པ་སྟེ། དེ་ལྟར་ན་ལས་གང་དགེ་འདུན་གྱིས་ལས་སུ་བྱ་བའི་

ལས་དེ་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་ནོ། །ལས་འཚལ་བཞིན་དུ་དགེ་འདུན་གྱིས་བགྱིད་པའི་ལས་དེ་ཉིད་འཚལ་ན་གཉིས་སམ། གཅིག་གིས་ཀྱང་དེ་བཞིན་པ་མཆིས་སམ། གསུངས་པ། ལས་གང་ཤེས་བཞིན་དུ་དགེ་འདུན་གྱིས་བྱ་བའི་ལས་དེ་

ཉིད་ཀྱིས་ཤེས་ཀྱང་མང་པོའམ། གཉིས་སམ། གཅིག་གིས་བྱ་བ་ཡང་ཡོད་དོ། །ཇི་ལྟར་ན་ལས་འཚལ་བཞིན་དུ་དགེ་འདུན་གྱིས་བགྱིད་པའི་ལས་དེ་ཉིད་འཚལ་ན་མང་པོའམ། གཉིས་སམ། གཅིག་གིས་བགྱི་བ་ལགས། དེ་འདི་ལྟར་དགེ་སློང་ལ། དགེ་སློང་རྣམས་

ཀྱིས་ཕྱག་མི་འཚལ་བར་བཅས་པ་དང་། གཏམ་མི་སྨྲ་བར་བཅས་པ་དང་། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྒོས་པ་དེ་ལྟ་བུ་ནི་གང་ཤེས་བཞིན་དུ་དགེ་འདུན་གྱིས་བྱ་བའི་ལས་དེ་ཉིད་ཤེས་ཀྱང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་ནོ། །རང་གི་

เล่ม ๑๓ · หน้า 207a

ཡི་དམ་བཞིན་དགེ་འདུན་ལས་མཛད་ན་རང་གི་ཡི་དམ་བཞིན་མང་པོའམ། གཉིས་སམ། གཅིག་གིས་དེ་བཞིན་དུ་འགྱུར་བ་མཆིས་སམ། གསུངས་པ། རང་གི་ཡི་དམ་བཞིན་དགེ་འདུན་ལས་བྱེད་ནའང་རང་གི་ཡི་དམ་བཞིན་མང་པོའམ། གཉིས་

སམ། གཅིག་གིས་བྱ་བ་ཡང་ཡོད་དོ། །ཇི་ལྟར་ན་རང་གི་ཡི་དམ་བཞིན་དགེ་འདུན་ལས་མཛད་པ། རང་གི་ཡི་དམ་བཞིན་མང་པོའམ་གཉིས་སམ་གཅིག་གིས་བགྱི་བ་ལགས། དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་བྱ་བ་ལ་བཅས་པ་དང་། གཏམ་མི་

སྨྲ་བར་བཅས་པ་དང་། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྒོས་པ་དེ་ལྟ་བུ་ནི་རང་གི་ཡི་དམ་བཞིན་དགེ་འདུན་ལས་བྱེད་ནའང་རང་གི་ཡི་དམ་བཞིན་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་ནོ། །གཞན་གྱི་ཡི་དམ་གྱིས་ཀྱང་དགེ་འདུན་ལས་མཛད་ན་

གཞན་གྱི་ཡི་དམ་གྱིས་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་དུ་འགྱུར་བ་མཆིས་སམ། གསུངས་པ་ཡོད་དེ། དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་བྱ་བར་བཅས་པ་དང་། གཏམ་མི་སྨྲ་བར་བཅས་པ་དང་། ལོངས་སྤྱོད་མི་གཅིག་པར་

བཅས་ནས་བསྒོས་པ་དེ་ལྟ་བུ་ནི་གཞན་གྱི་ཡི་དམ་གྱིས་ཀྱང་དགེ་འདུན་ལས་བྱེད་ན། གཞན་གྱི་ཡི་དམ་གྱིས་མང་པོའམ། གཉིས་སམ། གཅིག་གིས་ཀྱང་སྔ་མ་བཞིན་ནོ། །དྲན་བཞིན་དུའང་དགེ་འདུན་གྱིས་ལས་མཛད་ན། དྲན་བཞིན་དུའང་མང་པོའམ། གཉིས་སམ།

གཅིག་གིས་ཀྱང་དེ་བཞིན་དུ་འགྱུར་བ་མ་མཆིས་སམ། བཀའ་སྩལ་པ། དྲན་བཞིན་དུའང་དགེ་འདུན་གྱིས་ལས་བྱེད་ནའང་དྲན་བཞིན་དུ་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་དུ་འགྱུར་བ་ཡོད་དོ། །དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་

བྱ་བར་བཅས་པ་དང་། གཏམ་མི་སྨྲ་བར་བཅས་པ་དང་། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྒོས་པ་དེ་ལྟ་བུ་ནི་དྲན་བཞིན་དུའང་དགེ་འདུན་གྱིས་ལས་བྱེད་ན། དྲན་བཞིན་དུའང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་སྔ་མ་བཞིན་ནོ། །མི་དྲན་པ་ལས་ཀྱང་

เล่ม ๑๓ · หน้า 207b

མཆིས་སམ། སྔ་མ་བཞིན་ཏེ་མི་དྲན་ཀྱང་མང་པོའམ། གཉིས་སམ། གཅིག་ཞེས་བྱ་བའི་བར་དུ་དེ་བཞིན་ནོ། །མངོན་སུམ་དུ་གྱུར་ཀྱང་དགེ་འདུན་གྱིས་ལས་མཛད་ན། མངོན་སུམ་དུ་གྱུར་ཀྱང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་དུ་འགྱུར་བ་མཆིས་

སམ། གསུངས་པ། མངོན་སུམ་དུ་གྱུར་ཀྱང་མང་པོའམ། གཉིས་སམ། གཅིག་གིས་དེ་བཞིན་དུ་འགྱུར་བ་ཡོད་དེ། དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་བྱ་བར་བཅས་པ་དང་། གཏམ་མི་སྨྲ་བར་བཅས་པ་དང་། ལོངས་སྤྱོད་མི་གཅིག་པར་

བཅས་ནས་བསྒོས་པ་དེ་ལྟ་བུ་ནི་མངོན་སུམ་དུ་གྱུར་ཀྱང་དགེ་འདུན་གྱིས་ལས་བྱེད་ན། མངོན་སུམ་དུ་གྱུར་ཀྱང་མང་པོའམ། གཉིས་སམ། གཅིག་གིས་སྔ་མ་བཞིན་ནོ། །མངོན་སུམ་དུ་མ་གྱུར་ཀྱང་དགེ་འདུན་གྱིས་ལས་བགྱིས་ན་མངོན་སུམ་དུ་མ་གྱུར་ཀྱང་དེ་བཞིན་དུ་འགྱུར་

བ་མཆིས་སམ། གསུངས་པ་ཡོད་དེ། དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཀྱང་ཕྱག་མི་བྱ་བར་བཅས་པ་དང་། གཏམ་མི་སྨྲ་བར་བཅས་པ་དང་། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྒོས་པ་དེ་ལྟ་བུ་ནི་མངོན་སུམ་དུ་མ་གྱུར་ཀྱང་དགེ་འདུན་གྱིས་ལས་བྱེད་

ན་མངོན་སུམ་དུ་མ་གྱུར་ཀྱང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་སྔ་མ་བཞིན་ནོ། །སྨ་དབབ་པའི་ལས་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། སླར་བསྡུམ་པ་བཞི་སྟེ། བསྡིགས་པའི་ལས་སུ་རིགས་པ་ལས་སྨད་པ་དང་། བསྐྲད་པ་དང་། སླར་བསྡུམ་

པའི་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་གང་གིས་དབང་དུ་བྱ་བ་གསུམ་པོ་དེས་སམ། ལྔ་པོ་དེས་བྱས་ན་བྱས་པ་ཞེས་བྱའོ། །དེ་སྟེ་མདོ་སྡེའི་དབང་གིས་བྱེད་ན་མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསྡིགས་པའང་

གཞན་སྨད་པའང་གཞན། བསྐྲད་པའང་གཞན། སླར་བསྡུམ་པའང་གཞན་པའི་ཕྱིར་རོ། །བཙུན་པ་སྨད་པའི་ལས་སུ་རིགས་པ་ལས་བསྐྲད་པ་དང་། སླར་བསྡུམ་པ་དང་། བསྡིགས་པའི་ལས་བགྱིས་ན་བགྱིས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་

เล่ม ๑๓ · หน้า 208a

སྩལ་པ། དོན་གང་གི་དབང་དུ་བྱས་པ་གསུམ་པོ་དེས་སམ། ལྔ་པོ་དེས་བྱས་ན་བྱས་པ་ཞེས་བྱའོ། །དེ་སྟེ་མདོ་སྡེའི་དབང་གིས་བྱེད་ན་མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨད་པའང་གཞན། བསྐྲད་པའང་གཞན། སླར་བསྡུམ་པའང་གཞན།

བསྡིགས་པའང་གཞན་པའི་ཕྱིར་རོ། །བཙུན་པ་བསྐྲད་པའི་ལས་སུ་རིགས་པ་ལས་སླར་བསྡུམ་པ་དང་། བསྡིགས་པ་དང་། སྨད་པའི་ལས་བགྱིས་ན་བགྱིས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་གང་གི་དབང་དུ་བྱས་པ་གསུམ་པོ་དེས་སམ།

ལྔ་པོ་དེས་བྱས་ན་བྱས་པ་ཞེས་བྱའོ། །དེ་སྟེ་མདོ་སྡེའི་དབང་གིས་བྱས་ན། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསྐྲད་པ་འང་གཞན། སླར་བསྡུམ་པའང་གཞན། བསྡིགས་པའང་གཞན། སྨད་པའང་གཞན་པའི་ཕྱིར་རོ། །བཙུན་པ་སླར་བསྡུམ་པའི་ལས་སུ་

རིགས་པ་ལས་བསྡིགས་པ་དང་། སྨད་པ་དང་། བསྐྲད་པའི་ལས་བགྱིས་ན་བགྱིས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་གང་གི་དབང་དུ་བྱས་པ་གསུམ་པོ་དེས་སམ། ལྔ་པོ་དེས་བྱས་ན་བྱས་པ་ཞེས་བྱའོ། །དེ་སྟེ་མདོ་སྡེའི་དབང་གིས་བྱས་ན་

མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སླར་བསྡུམ་པའང་གཞན། བསྡིགས་པ་ལ་སོགས་པ་ཡང་གཞན་གྱི་ཕྱིར་རོ། །དངོས་པོ་གང་གིས་བསྐྲད་པའི་ལས་སུ་བགྱི་བའི་དངོས་པོ་དེས་སྨད་པ་དང་། བསྡིགས་པ་དང་། སླར་བསྡུམ་པར་རུང་ངམ། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དེའི་དོན་གྱི་དབང་དུ་བྱས་ན་རུང་ངོ་། །དངོས་པོ་གང་གིས་སྨད་པའི་ལས་སུ་བགྱི་བའི་དངོས་པོ་དེས་བསྐྲད་པ་དང་། བསྡིགས་པ་དང་། སླར་བསྡུམ་པར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དོན་གྱི་དབང་དུ་བྱས་ན་རུང་ངོ་། །

དངོས་པོ་གང་གིས་བསྡིགས་པའི་ལས་སུ་བགྱི་བའི་དངོས་པོ་དེས་སླར་བསྡུམ་པ་དང་། བསྐྲད་པ་དང་། སྨད་པར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དོན་གྱི་དབང་དུ་བྱས་ན་རུང་ངོ་། །དངོས་པོ་གང་གིས་སླར་བསྡུམ་པའི་ལས་སུ་བགྱི་བའི་དངོས་པོ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด