འདུལ་བ་གཞུང་དམ་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཨུད་ཏ་ར་གྲན་ཐ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓ · หน้า 208b

དེས་བསྐྲད་པ་དང་། བསྡིགས་པ་དང་། སྨད་པར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དོན་གྱི་དབང་དུ་བྱས་ན་རུང་ངོ་། །དངོས་པོ་གང་གིས་ལྷག་མ་མེད་པའི་ནོངས་པར་འགྱུར་བའི་དངོས་པོ་དེས་ལྷག་མ་དང་བཅས་པར་འགྱུར་བ་མཆིས་སམ། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་མ་ཐུན་མོང་མ་ཡིན་པའི་ཕས་ཕམ་པ་བཞི་བྱས་ན་ལྷག་མ་མེད་པར་འགྱུར་རོ། །དགེ་སློང་ལ་ནི་ལྷག་མ་དང་བཅས་པར་འགྱུར་རོ། །དངོས་པོ་གང་གིས་ཕས་ཕམ་པའི་དངོས་པོ་གང་གིས་ནོངས་པར་འགྱུར་བའི་

དངོས་པོ་དེས་དགེ་འདུན་གྱི་ལྷག་མར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མ་ལ་ནི་ལུས་ཀྱིས་རེག་པར་སྤྱད་པས་ཕས་ཕམ་པར་འགྱུར་རོ། །དགེ་སློང་ལ་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དངོས་པོ་གང་གིས་ཕས་ཕམ་པའི་

ནོངས་པར་འགྱུར་བའི་དངོས་པོ་དེས་ལྟུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་ཤེས་བཞིན་དུ་དགེ་སློང་མའི་ཉེས་པ་སྦོམ་པོའི་ཉེས་པ་སྐྱ་རེངས་བྱུང་གི་བར་དུ་བཅབས་ན་ཕས་ཕམ་པར་འགྱུར་རོ། །དགེ་སློང་དག་གིས་

དགེ་སློང་གི་བཅབས་ན་ལྟུང་བར་འགྱུར་རོ། །དངོས་པོ་གང་གིས་ཕས་ཕམ་པར་འགྱུར་བའི་དངོས་པོ་དེས་ཉེས་བྱས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་འདི་ལྟར་དགེ་འདུན་འདུས་པས་ཆོས་བཞིན་དུ་དགེ་

སློང་ཕ་མ་མཐོང་ངོ་ཞེས་ནས་སྤངས་པའི་རྗེས་སུ་ཞུགས་པ་དེ་ལ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་མི་གཏོང་ན་མོ་ལ་ནི་ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་བསྒོས་ཏེ་མ་བཏང་ན་ཉེས་བྱས་སུ་འགྱུར་རོ། །དངོས་པོ་གང་གིས་དགེ་འདུན་གྱི་ལྷག་མར་

འགྱུར་ལ། དངོས་པོ་དེ་ཉིད་ལྟུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་བསམས་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་མས་ཕྱུང་ན་ལྟུང་བར་འགྱུར་རོ། །དངོས་པོ་གང་གིས་དགེ་

เล่ม ๑๓ · หน้า 209a

འདུན་གྱི་ལྷག་མར་འགྱུར་ལ་དངོས་པོ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མ་དུས་མ་ཡིན་པར་དོན་གྱི་ཕྱིར་ཕྱི་རོལ་དུ་བྱུང་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་ལ་ནི་

ཉེས་བྱས་སུ་འགྱུར་རོ། །གང་གི་དངོས་པོས་ལྟུང་བར་འགྱུར་ལ། དེའི་དངོས་པོས་སོ་སོར་བཤགས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་ཉེ་དུ་མ་ཡིན་པ་ལས་བསོད་པའི་ཟས་བླངས་ན་ལྟུང་བར་འགྱུར་རོ། །དགེ་

སློང་མས་བླངས་ན་སོ་སོར་བཤགས་པར་འགྱུར་རོ། །གང་གིས་དངོས་པོས་ལྟུང་བར་འགྱུར་ལ། དེའི་དངོས་པོ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་རྩྭ་སྔོན་པོའི་སྟེང་དུ་བཤང་གཅི་བྱས་ན་ལྟུང་

བར་འགྱུར་རོ། །དགེ་སློང་གིས་བྱས་ན་ཉེས་བྱས་སུ་འགྱུར་རོ། །དངོས་པོ་གང་གིས་སོ་སོར་བཤགས་པར་འགྱུར་ལ། དེའི་དངོས་པོ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དམ་བཅས་པའི་སློབ་པའི་རིགས་པ་

ལས། བདག་གིས་ལག་གིས་དར་ཏེ། བཟའ་བ་དང་བཅའ་བ་དག་བླངས་ན་སོ་སོར་བཤགས་པར་འགྱུར་རོ། །དགེ་སློང་མས་བླངས་ན་ཉེས་བྱས་སུ་འགྱུར་རོ། །རྐུན་གནས་སུ་ཡི་དམ་འཆའ་བཞིན་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བགྱི་བ་དང་། བསྙེན་པར་

རྫོགས་ན་ཡང་སླར་དབྱུང་བ་དང་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བགྱི་བ་དང་། བསྙེན་པར་རྫོགས་པ་ལ་མི་དབྱུང་བར་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལན་གཉིས་སམ་ལན་གསུམ་གྱི་བར་དུ་གསོ་སྦྱོང་མངོན་དུ་མྱོང་ན་དེ་བསྙེན་པར་མ་

རྫོགས་ན་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བྱ། གང་ཞིག་གིས་གསོ་སྦྱོང་ལན་གཅིག་མྱོང་ན་དེ་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བྱ། བསྙེན་པར་རྫོགས་ན་ཡང་དབྱུང་བར་མི་བྱའོ། །དགེ་སློང་མ་སུན་ཕྱུང་བ་ཡི་

เล่ม ๑๓ · หน้า 209b

དམ་འཆའ་བཞིན་དུ་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བགྱི་བ་དང་། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བ་དང་། བསྙེན་པར་མ་རྫོགས་པ་ན་ཡང་བསྙེན་པར་རྫོགས་པར་བགྱི་བ་དང་། བསྙེན་པར་རྫོགས་ན་ཡང་མི་དབྱུང་བར་མཆིས་སམ། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མི་ཚངས་པར་སྤྱོད་པ་དག་གིས་དགེ་སློང་མ་སུན་ཕྱུང་བར་གྱུར་པ་དེ་ནི་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བྱ། གང་གིས་ལུས་ཀྱིས་རེག་པས་དགེ་སློང་མ་སུན་ཕྱུང་བ་དེ་ནི་

བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བྱ། བསྙེན་པར་རྫོགས་ན་ཡང་སླར་མི་དབྱུང་བར་བྱའོ། །དགེ་འདུན་གྱི་དབྱེན་བྱས་པར་ཡི་དམ་འཆའ་བཞིན་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བགྱིད་བསྙེན་པར་རྫོགས་ན་ཡང་སླར་དབྱུང་བ་དང་། བསྙེན་

པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བགྱི་བ་དང་། བསྙེན་པར་རྫོགས་ན་ཡང་སླར་མི་དབྱུང་བར་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གང་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། དབྱེན་ཀྱང་ཆོས་མ་ཡིན་པར་མཐོང་

བཞིན་དགེ་འདུན་ཕྱེ་བར་གྱུར་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ཤིང་དབྱེན་ཆོས་མ་ཡིན་པར་མཐོང་བཞིན་དགེ་འདུན་ཕྱེ་བར་གྱུར་པ་དང་། ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ཅིང་དབྱེན་ཡང་ཆོས་མ་ཡིན་པར་མཐོང་བཞིན་དགེ་འདུན་ཕྱེ་བར་གྱུར་པ་དེ་བསྙེན་པར་མ་

རྫོགས་ན་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བྱ། གང་གིས་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་བཞིན་དགེ་འདུན་གྱི་དབྱེན་དུ་གྱུར་ཅིང་དབྱེན་ལའང་ཆོས་བཞིན་མཐོང་ན་དེ་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བྱ། བསྙེན་

པར་རྫོགས་ན་ཡང་མི་དབྱུང་བར་བྱའོ། །མ་བསད་པར་ཁས་ལེན་བཞིན་དུ་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བགྱི་བ་དང་། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བགྱི་བ་དང་། བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བགྱི་བ་དང་།

เล่ม ๑๓ · หน้า 210a

བསྙེན་པར་རྫོགས་ན་ཡང་མི་དབྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གང་རང་གི་ལག་གིས་བསམས་བཞིན་མའི་འཚོ་བ་དང་ཕྲལ་བར་གྱུར་པ་དེ་ནི་བསྙེན་པར་མ་རྫོགས་ན་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་

རྫོགས་ན་ཡང་སླར་དབྱུང་བར་བྱའོ། །གང་གིས་གཞན་གྱི་འདུ་ཤེས་པས་མའི་འཚོ་བ་དང་ཕྲལ་བར་གྱུར་པ་དེ་ནི་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བགྱིས་ཤིག །བསྙེན་པར་རྫོགས་ན་ཡང་སླར་མ་དབྱུང་ཤིག །དེ་བཞིན་དུ་ཕ་དང་། དགྲ་བཅོམ་པ་དང་།

ཉན་ཐོས་ཀྱང་ངོ་། །བཙུན་པ་ཅི་དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ལམ། འོན་ཏེ་མི་དགེ་བའི་སེམས་སམ། འོན་ཏེ་ལུང་དུ་མི་སྟོན་པའི་སེམས་ཀྱིས་མའི་སྲོག་གཅོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དགེ་སློང་དགེ་བའི་སེམས་དང་།

མི་དགེ་བའི་སེམས་དང་། ལུང་དུ་མི་སྟོན་པའི་སེམས་ཀྱིས་ཀྱང་མའི་འཚོ་བ་དང་བྲལ་བར་བྱེད་དོ། །བཙུན་པ་ཅི་དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ནོངས་པར་འགྱུར་ཞིང་མཚམས་མེད་པའི་ལས་སུ་ཡང་འགྱུར་བ་མཆིས་སམ། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དགེ་སློང་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་མི་འགྱུར་ཞིང་མཚམས་

མེད་པའི་ལས་སུ་མི་འགྱུར་བ་ཡང་ཡོད་དོ། །བཙུན་པ་ཅི་དགེ་སློང་གིས་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་ཡང་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་འགྱུར་རམ། མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་མི་

འགྱུར་ལ། མཚམས་མེད་པའི་ལས་སུ་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་ཡང་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །མི་དགེ་བའི་སེམས་

เล่ม ๑๓ · หน้า 210b

ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་ཡང་མི་འགྱུར་ལ་མཚམས་མེད་པའི་ལས་སུ་མི་འགྱུར་བ་ཡང་ཡོད་དོ། །བཙུན་པ་ཅི་དགེ་སློང་ལུང་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་ཡང་འགྱུར་ལ་མཚམས་མེད་པའི་ལས་སུ་འགྱུར་བ་མཆིས་སམ། ལུང་

དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་ཡང་མི་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དགེ་སློང་ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་ཡང་

འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་ཡང་མི་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །བཙུན་པ་ཇི་ལྟར་དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་

པའི་ནོངས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར། ཇི་ལྟར་ན་དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ནོངས་པར་ཡང་མི་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་བ་ལགས། བཀའ་སྩལ་པ། ཨུ་པཱ་ལི་འདི་

ལྟར་དགེ་སློང་གིས་མ་ཞིག་ནད་བུ་ཅན་ཡུན་རིང་ཞིག་ནས་མི་བདེ་སྡུག་བསྔལ་གྱིས་དྲག་ཏུ་གཟིར་ཞིང་གནོད་པ་ཆེར་འགྱུར་བ་མྱོང་བ་དེས་དེ་ལྟ་བུའི་རྐྱེན་གྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །འདི་ལྟར་དགེ་

སློང་དེས་མ་ན་བ་ལ་འབྲས་ཆན་དང་། ནས་ཐུག་དང་། ཁུ་བ་དང་། ཤ་དང་། རི་དགས་ཀྱི་ཤ་བྱིན་པ་ལས། དེ་ཡང་དེའི་རྐྱེན་གྱིས་དུས་འདས་ན་དེ་དེ་ལ་ཕས་ཕམ་པའི་ཉེས་པར་མི་འགྱུར་ཞིང་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་ལྟར་ན་དགེ་སློང་དགེ་བའི་སེམས་

ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ་དེ་མཚམས་མེད་པའི་ལས་སུ་འགྱུར་ལ། དེ་ལྟར་ན་དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ཉེས་པར་ཡང་མི་འགྱུར་ལ་དེ་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །བཙུན་པ་

เล่ม ๑๓ · หน้า 211a

ཇི་ལྟར་ན་དགེ་སློང་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ནོངས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར། ཇི་ལྟར་ན་དགེ་སློང་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ནོངས་པར་ཡང་མི་འགྱུར་ལ།

མཚམས་མེད་པའི་སུག་ལས་སུ་ཡང་མི་འགྱུར་བ་གང་ལགས། གསུངས་པ། ཨུ་པཱ་ལི་འདི་ལྟར་དགེ་སློང་གིས་ནོར་གྱི་ཕྱིར་རམ། རྐང་འགྲོས་ཀྱི་ཕྱིར་ཡང་རུང་མའི་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །

འདི་ལྟར་ཡང་དགེ་སློང་མི་དགེ་བའི་སེམས་ཀྱིས་བལ་གླང་ལ་བརྡེག་གམ་ལུག་གམ་ར་ལ་བརྡེག་སྙམ་པ་ལས་མ་ལ་ཕོག་སྟེ། དེའི་རྐྱེན་གྱིས་དེ་དུས་འདས་ན་དེ་ལ་ཕས་ཕམ་པའི་ཉེས་པར་ཡང་མི་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་ལྟར་ན་མི་དགེ་

བའི་སེམས་ཀྱིས་མའི་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །དེ་ལྟར་ན་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་ཡང་མི་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །ཇི་

ལྟར་ན་ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ནོངས་པར་ཡང་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་འགྱུར་བ་གང་ལགས། ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ནོངས་པར་ཡང་མི་འགྱུར་ལ་མཚམས་

མེད་པའི་ལས་སུ་མི་འགྱུར་བ་གང་ལགས། བཀའ་སྩལ་པ། འདི་ལྟར་ཡང་དགེ་སློང་ལ་ལས་མ་གསད་པའི་ཕྱིར་ཐབས་སྦྱར་ཏེ་དེ་ཉལ་ལོ། །དེ་ཉལ་བའི་འོག་ཏུ་མ་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །

འདི་ལྟར་དགེ་སློང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ས་ལ་བརྡེག་གོ། །ཤིང་གི་ལོ་མ་ལ་བརྡེག་གོ་སྙམ་པ་ལས་མ་ལ་ཕོག་སྟེ་དེའི་རྐྱེན་གྱིས་དུས་འདས་ན་ཕས་ཕམ་པའི་ཉེས་པར་ཡང་མི་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་ལྟར་ན་དགེ་སློང་ལུང་

เล่ม ๑๓ · หน้า 211b

དུ་མ་བསྟན་པའི་སེམས་ཀྱིས་མ་བསད་ན་ཕས་ཕམ་པའི་ལྟུང་བར་ཡང་འགྱུར། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་བསད་ན་ཕས་ཕམ་པའི་ཉེས་པར་ཡང་མི་འགྱུར་ལ་མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་བཞིན་དུ་

ཕ་དང་། ཉན་ཐོས་ཀྱི་དགྲ་བཅོམ་པ་ཡང་དེ་བཞིན་ནོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་ལྔ་པ། བཙུན་པ་དགེ་སློང་མཚམས་ཀྱི་ནང་ན་ལྷན་ཅིག་གནས་པ་ལས་ཐོག་མ་ནས་མ་སྤངས་པར་དགེ་འདུན་ཀྱང་མ་འདུས་པ་དེའི་ཚེ་ཚིག་ཙམ་གྱིས་ལས་

ཐམས་ཅད་བགྱིས་ན་བགྱིས་པ་ཞེས་ཀྱང་བགྱི་ལ་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དེ་ལྟ་བས་ན་དེའི་ཕྱིར་ངས་མཽད་གལ་གྱི་བུ་

ལ་ཁྱེད་ཅག་གིས་སོ་སོར་ཐར་པའི་མདོ་ལྷོགས་ཤིག །དེ་བཞིན་གཤེགས་པ་ལ་སོ་སོར་ཐར་པའི་མདོ་ཀློག་པ་མ་སྡོད་ཅིག་ཅེས་བསྒོ་བ་ཡིན་ནོ། །ཡང་དགེ་སློང་ལ་ལ་གསོ་སྦྱིན་ལྔ་ལས་གང་ཡང་རུང་བའི་གསོ་སྦྱིན་མངོན་དུ་མ་མྱོང་ན་གསོ་སྦྱིན་བགྱིས་ཤིང་ནོངས་པར་

ཡང་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གསོ་སྦྱིན་བྱིན་གྱིས་བརླབས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཁྱིམ་པ་འདུག་པར་གསོ་སྦྱིན་མི་བྱ་ཞིང་སོ་སོར་ཐར་པ་མ་ཀློག་ཤིག་ཅེས་གསུངས་ན། ཁྱིམ་པ་མཆིས་བཞིན་

དུ་དགེ་འདུན་གྱིས་གསོ་སྦྱིན་བགྱིས་ཏེ་སོ་སོར་ཐར་པའི་མདོ་བཀླགས་ན་བཀླགས་པ་ཞེས་ཀྱང་བགྱི་ལ་ནོངས་པར་ཡང་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་ཡང་ཡོད་དེ། ངས་འདི་ལྟར་དགེ་སློང་རྣམས་ཁྱེད་ཀྱིས་ཀཽ་ས་ལའི་རྒྱལ་

པོ་གསལ་རྒྱལ་གྱི་མདུན་དུ་འཁོར་གཞན་མེད་པར་བྱོས་ལ་སོ་སོར་ཐར་པའི་མདོ་ལྷོགས་ཤིག་དང་དེ་རབ་ཏུ་དད་པར་འགྱུར་རོ། །ཞེས་བསྒོ་བ་ཡིན་ནོ། །བཅོམ་ལྡན་འདས་དགེ་སློང་དགེ་བའི་སེམས་དང་ལྡན་པས་ནོངས་པར་འགྱུར་རམ། དེ་སྟེ་མི་དགེ་བའི་སེམས་དང་།

เล่ม ๑๓ · หน้า 212a

ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དགེ་བའི་སེམས་དང་མི་དགེ་བའི་སེམས་དང་། ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཡོད་དོ། །དགེ་བའི་སེམས་ཀྱིས་ཇི་ལྟར་

ཞེ་ན། འདི་ལྟར་དགེ་སློང་གསར་བུ་བསླབ་པའི་ཡི་དམ་ལ་མི་མཁས་པས་མཆོད་རྟེན་འཁོར་གྱི་རྩྭ་རྔའམ། འཆག་ས་དང་ཁྱམས་ཀྱི་རྩྭ་རྔའམ། མེ་ཏོག་འཐོག་པ་ནི་དགེ་བའི་སེམས་ཀྱིས་སོ། །མི་དགེ་བའི་སེམས་ཀྱིས་ཉེས་པ་ཇི་ལྟར་ཞེ་ན། སངས་རྒྱས་ཀྱིས་

བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདའ་བ་འདི་ནི་མི་དགེ་བའི་སེམས་སོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་ཇི་ལྟར་ཞེ་ན། སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདའ་བ་སྟེ། དེ་ལྟ་བུ་ནི་ལུང་དུ་མི་སྟོན་པའི་སེམས་ཀྱིས་སོ། །བཙུན་པ་དགྲ་བཅོམ་

པ་དག་དགེ་བའི་སེམས་ཀྱིས་ནོངས་པར་འགྱུར་རམ། དེ་སྟེ་ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དགྲ་བཅོམ་པ་བྱེད་ན་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཞེས་བྱའོ། །བཙུན་

པ་ཇི་ལྟར་ན་དགེ་སློང་དགྲ་བཅོམ་པ་ནོངས་པར་བགྱིད་ན་དེ་དག་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་བགྱིད་པ་ཞེས་བགྱི། ཨུ་པཱ་ལི་འདི་ལྟར་དགེ་སློང་དགྲ་བཅོམ་པས་བརྒྱ་ལམ་བརྒྱ་ལམ་ན་དྲན་པ་ཉམས་པར་གྱུར་ནས་ཆོས་གོས་ཅི་ཆོག་ཏུ་འཆང་ལ། སྦྱར་མ་མེད་

པར་གྲོང་དུ་འཇུག །ཡང་ཡང་ཟ། འདུས་ཤིང་ཟ། གཉིད་ལོག་པའི་ཚེ་མལ་སྟན་ཆེན་པོའི་སྟེང་དུ་བཞག་པ་དང་། གཉིད་ལོག་པའི་ཚེ་བུད་མེད་ཀྱི་མལ་དུ་བསྙལ་བ་དང་། བསྙེན་པར་མ་རྫོགས་པ་རྣམས་དོང་བའི་ཚེ་ཉལ་ལ་ཕྱིས་བསྙེན་པར་མ་རྫོགས་པ་རྣམས་འོངས་

ན་དེ་སུ་དང་ལྷན་ཅིག་འདུག་འདུག་པ་དེ་ལ་ལངས་པའི་ཚེ་ཆོས་བཞིན་དུ་བཤགས་པ་དེ་ལྟ་བུ་དག་ནི་དགེ་སློང་དགྲ་བཅོམ་པ་ལ་ཉེས་པ་བྱེད་ན་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་བྱེད་ཅེས་བྱའོ། །གང་དགེ་འདུན་བྱེ་བ་དེ་ཐམས་ཅད་འཁྲུགས་པ་ཞེས་བགྱིའམ།

เล่ม ๑๓ · หน้า 212b

དགེ་འདུན་འཁྲུགས་པ་ཐམས་ཅད་བྱེ་བ་ཞེས་བགྱི། དགེ་འདུན་བྱེ་བ་དགེ་འདུན་མ་འཁྲུགས་པ་ཡང་ཡོད། དགེ་འདུན་འཁྲུགས་ལ་དགེ་འདུན་མ་བྱེ་བ་ཡང་ཡོད། དགེ་འདུན་བྱེ་ལ་དགེ་འདུན་འཁྲུགས་པའང་ཡོད། དགེ་འདུན་མ་བྱེ་ལ་དགེ་འདུན་མ་འཁྲུགས་པའང་ཡོད་

དོ། །དགེ་འདུན་བྱེ་ལ་དགེ་འདུན་མ་འཁྲུགས་པ་གང་ཞེ་ན། འདི་ལྟར་དགེ་འདུན་དག་བྱེ་བར་ནི་གྱུར་གྱི་དགེ་འདུན་བྱེ་བར་བྱེད་པའི་དངོས་པོ་བཅུ་བཞི་པོ་ཤིན་ཏུ་རུང་བར་བྱས་ཤིང་མ་བཟུང་བ་ཡིན་ཏེ། དེ་ལྟར་ན་དགེ་འདུན་བྱེ་ལ་མ་འཁྲུགས་པ་ཡིན་ནོ། །དགེ་འདུན་འཁྲུགས་ལ་

དགེ་འདུན་མ་བྱེ་བ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་བྱེ་བར་བྱེད་པའི་དངོས་པོ་བཅུ་བཞི་པོ་ཤིན་ཏུ་རུང་བར་བྱས་ཤིང་བཟུང་བ་ཡིན་གྱི་དགེ་འདུན་ནི་བྱེ་བར་མ་གྱུར་ཏེ། དེ་ལྟར་དགེ་འདུན་འཁྲུགས་ལ་བྱེ་བར་མ་གྱུར་པའོ། །དགེ་འདུན་བྱེ་ལ་འཁྲུགས་པར་གྱུར་པ་གང་ཞེ་ན། འདི་ལྟར་

དགེ་འདུན་བྱེ་བར་ཡང་གྱུར་ཏེ། བྱེ་བར་བྱེད་པའི་དངོས་པོ་བཅུ་བཞི་པོ་ཡང་ཤིན་ཏུ་རུང་བར་བྱས་ཤིང་བཟུང་བས་ནི་དགེ་འདུན་བྱེ་ལ་དགེ་འདུན་འཁྲུགས་པ་ཡིན་ནོ། །དགེ་འདུན་འཁྲུགས་པའང་མ་ཡིན་ལ་དགེ་འདུན་མ་བྱེ་བ་གང་ཞེ་ན། རྣམ་པ་འདི་རྣམས་མ་གཏོགས་པའོ། །གང་

དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཐ་དད་པ་ཞེས་བགྱིའམ། གང་དགེ་འདུན་ཐ་དད་པ་དེ་ཐམས་ཅད་བྱེ་བ་ཞེས་བགྱི། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པ་མ་ཡིན་པ་ཡང་ཡོད། དགེ་འདུན་ཡང་ཐ་དད་ལ་དགེ་འདུན་མ་བྱེ་བ་ཡང་ཡོད། དགེ་འདུན་བྱེ་བ་ཡང་ཡིན་ལ་དགེ་

འདུན་ཐ་དད་པར་གྱུར་པ་ཡང་ཡོད། དགེ་འདུན་བྱེ་བ་ཡང་མ་ཡིན་ལ་དགེ་འདུན་ཐ་དད་པར་ཡང་མ་གྱུར་པ་ཡོད་དོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མ་གྱུར་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་བྱེ་བར་ནི་གྱུར་ལ་དགེ་འདུན་གཉིས་ཐ་དད་དུ་མི་གནས། དོན་གྱིས་མ་བྱེ།

མཚམས་ཀྱིས་མ་བྱེ། རྙེད་པ་ལ་མ་བྱེ། ཟས་ལ་མ་བྱེ་བ་ནི་དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་གྱུར་པ་མ་ཡིན་ནོ། །དགེ་འདུན་ཐ་དད་ལ་དགེ་འདུན་བྱེ་བ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་གཉིས་ཐ་དད་དུ་གནས། དོན་གྱིས་བྱེ། མཚམས་ཀྱིས་བྱེ། རྙེད་

เล่ม ๑๓ · หน้า 213a

པ་ལ་བྱེ། ཟས་ལ་བྱེ་བ་དེ་ནི་དགེ་འདུན་གཉིས་ཐ་དད་དུ་གྱུར་ལ་དགེ་འདུན་མ་བྱེ་བ་སྟེ། དེ་ནི་དགེ་འདུན་ཐ་དད་ལ་དགེ་འདུན་བྱེ་བ་མ་ཡིན་པའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་ཡང་བྱེ་བར་གྱུར་ལ་དགེ་འདུན་

གཉིས་ཐ་དད་དུ་གནས། དོན་གྱིས་བྱེ། མཚམས་ཀྱིས་བྱེ། རྙེད་པ་ལ་བྱེ། ཟས་ལ་བྱེ་བ་དེ་ནི་དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་གྱུར་པ་ཡིན་ནོ། །དགེ་འདུན་བྱེ་བ་ཡང་མ་ཡིན་དགེ་འདུན་ཐ་དད་པ་ཡང་མ་ཡིན་པ་གང་ཞེ་ན། རྣམ་པ་འདི་དག་མ་གཏོགས་པའོ། །གང་

དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཐ་དད་དུ་གནས་པ་ཞེས་བགྱིའམ། གང་དགེ་འདུན་ཐ་དད་པར་གནས་པ་དེ་ཐམས་ཅད་དགེ་འདུན་བྱེ་བ་ཞེས་བགྱི། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་མི་གནས་པ་ཡང་ཡོད། དགེ་འདུན་ཐ་དད་དུ་གནས་ལ་དགེ་འདུན་མ་བྱེ་བ་ཡང་ཡོད།

དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་གནས་པ་ཡང་ཡོད། དགེ་འདུན་མ་བྱེ་ལ་དགེ་འདུན་ཐ་དད་དུ་མི་གནས་པ་ཡང་ཡོད་དོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མི་གནས་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་དེ་དག་བྱེ་བར་གྱུར་ཀྱང་དགེ་འདུན་གཉིས་ཐ་དད་དུ་མི་གནས་

པ་ཡིན་ཏེ། དོན་གྱིས་ཐ་མི་དད། མཚམས་ཀྱིས་ཐ་མི་དད། རྙེད་པས་ཐ་མི་དད། ཟས་ལ་ཐ་མི་དད་པ་དེ་ནི་དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་མི་གནས་པའོ། །དགེ་འདུན་ཐ་དད་པར་གནས་ལ་དགེ་འདུན་མ་བྱེ་བ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་གཉིས་ཐ་དད་དུ་གྱུར་

ཏེ། དོན་གྱིས་ཐ་དད། མཚམས་ཀྱིས་ཐ་དད། རྙེད་པས་ཐ་དད། ཟས་ལ་ཐ་དད་པ་དེ་ནི་དགེ་འདུན་གཉིས་ཐ་དད་པར་གནས་ཀྱང་མ་བྱེ་བ་སྟེ། དེ་ནི་དགེ་འདུན་ཐ་དད་པར་གནས་ལ་དགེ་འདུན་མ་བྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་གནས་པ་གང་ཞེ་ན། དེ་

འདི་ལྟར་དགེ་འདུན་བྱེ་བར་གྱུར། དགེ་འདུན་གཉིས་ཐ་དད་དུ་གནས་པར་གྱུར་ཏེ། དོན་ལ་ཐ་དད། མཚམས་ལ་ཐ་དད། རྙེད་པ་ལ་ཐ་དད། ཟས་ལ་ཐ་དད་པ་དེ་ནི་དགེ་འདུན་བྱེ་ལ་ཐ་དད་པར་གནས་པའོ། །དགེ་འདུན་མ་བྱེ་ལ་དགེ་འདུན་ཐ་དད་དུ་གནས་པའང་མ་ཡིན་

เล่ม ๑๓ · หน้า 213b

པ་གང་ཞེ་ན། དེ་འདི་ལྟར་རྣམ་པ་འདི་དག་མ་གཏོགས་པའོ། །དགེ་འདུན་གྱི་འབྱེད་པ་དེ་དག་ཐམས་ཅད་བསྐལ་པར་མཆིས་པ་ལགས་སམ། གང་བསྐལ་པར་མཆིས་པ་ཐམས་ཅད་དགེ་འདུན་གྱི་དབྱེན་བགྱིས་པ་ལགས་སམ་ཞེས་གསོལ་པ་དང་། དགེ་འདུན་གྱི་དབྱེན་

བྱས་ལ་བསྐལ་པར་མི་གནས་པའང་ཡོད། བསྐལ་པར་གནས་ལ་དགེ་འདུན་གྱི་དབྱེན་ཀྱང་བྱས་ལ་བསྐལ་པར་གནས་པའང་ཡོད། དགེ་འདུན་གྱི་དབྱེན་ཀྱང་མི་བྱེད་ལ་བསྐལ་པར་གནས་པ་ཡང་མ་ཡིན་པ་ཡོད་དོ། །དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་གནས་པ་

གང་ཞེ་ན། གང་གིས་ཆོས་བཞིན་དུ་འདུ་ཤེས་པས་དགེ་འདུན་ཕྱེ་བར་གྱུར་པ་དེ་ནི་དགེ་འདུན་ཕྱེ་ལ་བསྐལ་པར་མི་གནས་པའོ། །བསྐལ་པར་གནས་ལ་དགེ་འདུན་མ་ཕྱེ་བ་གང་ཞེ་ན། ཀླུའི་རྒྱལ་པོ་ཤུགས་ལྡན་དང་། ཀླུའི་རྒྱལ་པོ་ཤིན་ཏུ་གནས་པ་དང་། ཀླུའི་རྒྱལ་པོ་

ཡིད་དུ་འོང་བ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། བསྙེན་དགའ་བོ་དང་། ལ་བ་ཅན་དང་། རྟ་བཟངས་དང་། གཤིན་རྗེའི་རྒྱལ་པོ་དང་། ཚངས་རིས་ཀྱི་ལྷ་དང་། འདི་དག་ནི་བསྐལ་པར་གནས་པ་སྟེ། དགེ་འདུན་གྱི་དབྱེན་མ་བྱས་སོ། །དགེ་འདུན་འབྱེད་པའང་ཡིན་

ལ་བསྐལ་པར་གནས་པ་གང་ཞེ་ན། ལྷས་བྱིན་ཏེ། འདི་ནི་དགེ་འདུན་འབྱེད་པ་ཡང་ཡིན་ལ་བསྐལ་པར་གནས་པ་ཡང་ཡིན་ནོ། །དགེ་འདུན་འབྱེད་པ་ཡང་མ་ཡིན་ལ་བསྐལ་པར་གནས་པ་ཡང་མ་ཡིན་པ་གང་ཞེ་ན། རྣམ་པ་འདི་དག་མ་གཏོགས་པའོ། །གང་ཅུང་

ཟད་དགེ་འདུན་གྱི་དབྱེན་བགྱིས་པ་དེ་ཐམས་ཅད་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་རམ། གང་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་བ་དེ་ཐམས་ཅད་དགེ་འདུན་གྱི་དབྱེན་བགྱིས་ལགས་སམ། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་གནས་པའི་

ཁ་ན་མ་ཐོ་བར་མི་འགྱུར་བ་ཡང་ཡོད། བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་ལ་དགེ་འདུན་གྱི་དབྱེན་མ་བྱས་པ་ཡང་ཡོད། དགེ་འདུན་ཡང་འབྱེད་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་བ་ཡང་ཡོད། དགེ་འདུན་ཡང་མ་ཕྱེ་ལ་བསྐལ་པར་

เล่ม ๑๓ · หน้า 214a

གནས་པའི་ཁ་ན་མ་ཐོ་བར་མི་འགྱུར་བ་ཡང་ཡོད་དོ། །དགེ་འདུན་ཕྱེ་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་མི་འགྱུར་བ་གང་ཞེ་ན། གང་གིས་ཆོས་བཞིན་དུ་འདུ་ཤེས་པས་དགེ་འདུན་ཕྱེ་བར་གྱུར་པ་འདི་ནི་དགེ་འདུན་ཕྱེ་བ་ཡིན་ལ་བསྐལ་པར་གནས་

པའི་ཁ་ན་མ་ཐོ་བར་མི་འགྱུར་བའོ། །བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་ལ་དགེ་འདུན་མ་ཕྱེ་བ་གང་ཞེ་ན། ཀླུའི་རྒྱལ་པོ་ཤུགས་ལྡན་དང་། ཀླུའི་རྒྱལ་པོ་ཤིན་ཏུ་གནས་པ་དང་། ཀླུའི་རྒྱལ་པོ་ཡིད་དུ་འོང་བ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་

བསྙེན་དགའ་བོ་དང་། ཀླུའི་རྒྱལ་པོ་ལ་བ་ཅན་དང་། ཀླུའི་རྒྱལ་པོ་རྟ་བཟངས་དང་། གཤིན་རྗེའི་རྒྱལ་པོ་དང་། ཚངས་རིས་ཀྱི་ལྷ་དང་། འདི་དག་ནི་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་ལ་དགེ་འདུན་མ་ཕྱེ་བའོ། །དགེ་འདུན་ཡང་འབྱེད་ལ་བསྐལ་པར་གནས་

པའི་ཁ་ན་མ་ཐོ་བར་འགྱུར་བ་ནི་ལྷས་བྱིན་ཏེ། འདིས་དགེ་འདུན་ཡང་ཕྱེ་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །དགེ་འདུན་འབྱེད་པ་ཡང་མ་ཡིན་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་ཡང་མི་འགྱུར་བ་གང་ཞེ་ན། རྣམ་པ་འདི་རྣམས་མ་

གཏོགས་སོ། །གང་གིས་དགེ་འདུན་ཕྱེ་བ་དེ་ཐམས་ཅད་ལོག་པར་ངེས་པ་ལགས་སམ། ལོག་པར་ངེས་པ་དེ་ཐམས་ཅད་དགེ་འདུན་འབྱེད་པ་ལགས་སམ། གསུངས་པ། དགེ་འདུན་འབྱེད་པར་བྱེད་ལ་ལོག་པར་མ་ངེས་པའང་ཡོད། ལོག་པར་ངེས་པ་དགེ་འདུན་

མི་འབྱེད་པ་ཡང་ཡོད། དགེ་འདུན་འབྱེད་ལ་ལོག་པར་ངེས་པ་ཡང་ཡོད། དགེ་འདུན་ཡང་མི་འབྱེད་ལ་ལོག་པར་མ་ངེས་པ་ཡང་ཡོད་དོ། །དགེ་འདུན་འབྱེད་ལ་ལོག་པར་མ་ངེས་པ་གང་ཞེ་ན། གང་གིས་ཆོས་བཞིན་དུ་འདུ་ཤེས་བཞིན་དགེ་འདུན་ཕྱེ་བར་གྱུར་པ་དེ་ནི་

དགེ་འདུན་འབྱེད་པར་བགྱིད་ལ་ལོག་པར་མ་ངེས་པའོ། །ལོག་པར་ངེས་ལ་དགེ་འདུན་མི་འབྱེད་པ་གང་ཞེ་ན། ཕ་གསོད་པ་དང་། མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དེ་དག་ནི་ལོག་པར་

เล่ม ๑๓ · หน้า 214b

ངེས་ལ་དགེ་འདུན་གྱི་དབྱེན་མི་བྱེད་པའོ། །དགེ་འདུན་གྱི་དབྱེན་ཡང་བྱས་ལ་ལོག་པར་ཡང་ངེས་པ་གང་ཞེ་ན། ལྷས་བྱིན་ཡིན་ཏེ། དགེ་འདུན་ཡང་ཕྱེ་ལ་ལོག་པར་ཡང་ངེས་པའོ། །དགེ་འདུན་ཕྱེ་བ་ཡང་མ་ཡིན་ལ་ལོག་པར་མ་ངེས་པ་གང་ཞེ་ན། དེ་རྣམས་མ་གཏོགས་

པའོ། །གང་དགེ་འདུན་གྱི་དབྱེན་བྱེད་པ་དེ་ཐམས་ཅད་མི་མཁས་པ་ལགས་ལ་མི་མཁས་པས་སྨྲ་བ་ཡང་ལགས་སམ། གང་མི་མཁས་ལ་མི་མཁས་པར་སྨྲ་བ་དེ་ཐམས་ཅད་དགེ་འདུན་གྱི་དབྱེན་བགྱིད་པ་ལགས་སམ། གསུངས་པ། དགེ་འདུན་གྱི་དབྱེན་བྱེད་ལ་མི་མཁས་

པ་མ་ཡིན་ལ་མི་མཁས་པར་སྨྲ་བ་མ་ཡིན་པ་ཡང་ཡོད། མི་མཁས་ལ་མི་མཁས་པར་སྨྲ་ཞིང་དགེ་འདུན་གྱི་དབྱེན་དུ་མི་འགྱུར་བ་ཡང་ཡོད། དགེ་འདུན་གྱི་དབྱེན་ཡང་བྱས་ཤིང་མི་མཁས་ལ་མི་མཁས་པར་སྨྲ་བ་ཡང་ཡོད། དགེ་འདུན་གྱི་དབྱེན་ཡང་མ་བྱས་ལ་མི་མཁས་པ་

ཡང་མ་ཡིན་མི་མཁས་པར་སྨྲ་བ་མ་ཡིན་པ་ཡང་ཡོད་དོ། །དགེ་འདུན་གྱི་དབྱེན་བྱས་ལ་མི་མཁས་པ་ཡང་མ་ཡིན་མི་མཁས་པར་སྨྲ་བ་ཡང་མ་ཡིན་པ་གང་ཞེ་ན། གང་གིས་ཆོས་བཞིན་དུ་འདུ་ཤེས་བཞིན་དགེ་འདུན་གྱི་དབྱེན་བྱས་པར་གྱུར་ན་དེ་ལྟ་བུ་ནི་དགེ་འདུན་གྱི་དབྱེན་བྱས་ལ་

མི་མཁས་པ་ཡང་མ་ཡིན་མི་མཁས་པར་སྨྲ་བའང་མ་ཡིན་པའོ། །མི་མཁས་ལ་མི་མཁས་པར་སྨྲ་ཡང་དགེ་འདུན་གྱི་དབྱེན་དུ་མི་འགྱུར་བ་གང་ཞེ་ན། སྟོན་པ་དྲུག་པོར་ཡི་དམ་བཅས་པ་སྟེ། དེ་ནི་མི་མཁས་ལ་མི་མཁས་པར་སྨྲས་ཀྱང་དགེ་འདུན་གྱི་དབྱེན་དུ་མི་འགྱུར་བའོ། །དགེ་

འདུན་གྱི་དབྱེན་ཡང་བྱས་ལ་མི་མཁས་ལ་མི་མཁས་པར་སྨྲ་བ་གང་ཞེ་ན། ལྷས་བྱིན་ཡིན་ཏེ། དེ་ནི་དགེ་འདུན་གྱི་དབྱེན་ཡང་བྱས་ལ་མི་མཁས་ལ་མི་མཁས་པར་སྨྲ་བའོ། །དགེ་འདུན་གྱི་དབྱེན་ཡང་མ་བྱས་ལ་མི་མཁས་པའང་མ་ཡིན་མི་མཁས་པར་སྨྲ་བ་ཡང་མ་ཡིན་པ་གང་

ཞེ་ན། དེ་རྣམས་མ་གཏོགས་པའོ། །བཙུན་པ་དགེ་སློང་གིས་དགེ་སློང་གི་དགེ་འདུན་གྱི་དབྱེན་དུ་འགྱུར་རམ། འོན་ཏེ་དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ཕའམ། དགེ་ཚུལ་མས་དགེ་འདུན་གྱི་དབྱེན་དུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

เล่ม ๑๓ · หน้า 215a

དགེ་སློང་གིས་དགེ་འདུན་གྱི་དབྱེན་དུ་འགྱུར་གྱི། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ཕ་དང་། དགེ་ཚུལ་མས་དགེ་འདུན་གྱི་དབྱེན་དུ་མི་འགྱུར་རོ། །བཙུན་པ་དགེ་སློང་མས་དགེ་འདུན་མའི་དབྱེན་དུ་འགྱུར་རམ། འོན་ཏེ་དགེ་སློང་ངམ།

དགེ་སློབ་མའམ། དགེ་ཚུལ་ཕ་དང་། དགེ་ཚུལ་མས་དགེ་སློང་མའི་དགེ་འདུན་གྱི་དབྱེན་དུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་དགེ་འདུན་མའི་དབྱེན་དུ་འགྱུར་གྱི། དགེ་སློང་ངམ། དགེ་སློབ་མའམ། དགེ་ཚུལ་ཕའམ། དགེ་ཚུལ་

མས་དགེ་སློང་མའི་དགེ་འདུན་གྱི་དབྱེན་དུ་མི་འགྱུར་རོ། །བཙུན་པ་དགེ་འདུན་བྱེ་བ་དང་ལྡན་ནམ། དེ་སྟེ་ཁ་ན་མ་ཐོ་བ་དང་ལྡན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལ་ནི་བྱེ་བ་དང་ལྡན། འབྱེད་པའི་གང་ཟག་ལ་ནི་ཁ་ན་མ་ཐོ་བ་དང་ལྡན་ནོ། །དགེ་འདུན་གྱི་

དབྱེན་བགྱིས་ན་ནོངས་པ་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་འདུན་ཕྱེ་ན་ནོངས་པ་གང་བཤགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོའོ། །གང་ཉེ་བར་ཕྱོགས་པ་དེ་ཐམས་ཅད་མི་གནས་

པའམ། དེ་སྟེ་གང་མི་གནས་པ་དེ་ཐམས་ཅད་ཉེ་བར་ཕྱོགས་པ་ལགས། བཀའ་སྩལ་པ། ཉེ་བར་ཕྱོགས་ལ་མི་གནས་པ་མ་ཡིན་པའང་ཡོད། མི་གནས་ལ་ཉེ་བར་མ་ཕྱོགས་པའང་ཡོད། ཉེ་བར་ཕྱོགས་ལ་མི་གནས་པར་འགྱུར་བ་ཡང་ཡོད། ཉེ་བར་ཡང་མ་ཕྱོགས་ལ་མི་གནས་པའང་

ཡོད་དོ། །ཉེ་བར་ཕྱོགས་ལ་མི་གནས་པ་མ་ཡིན་པ་གང་ཞེ་ན། གང་གིས་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་ཅིང་ཉེས་པ་རྣམ་པ་བཞི་པོ་ལས་གང་ཡང་རུང་ཉེས་པ་བྱུང་བར་མ་གྱུར་པ་དེ་ནི་ཉེ་བར་ཕྱོགས་པ་སྟེ། མི་གནས་པར་འགྱུར་བ་མ་ཡིན་ནོ། །མི་གནས་པར་འགྱུར་ལ་ཉེ་བར་

ཕྱོགས་པ་མ་ཡིན་པ་གང་ཞེ་ན། གང་གིས་ཉེས་པ་བཞི་ལས་གང་ཡང་རུང་ཉེས་པ་ནི་བྱུང་བར་གྱུར་གྱིས་དངོས་པོ་ལྔ་ལ་ཁས་བླངས་པར་མ་གྱུར་པ་དེ་ནི་མི་གནས་པ་སྟེ། ཉེ་བར་ཕྱོགས་པ་མ་ཡིན་ནོ། །ཉེ་བར་ཕྱོགས་ལ་མི་གནས་པར་འགྱུར་བ་གང་ཞེ་ན། དངོས་པོ་ལྔ་ཁས་བླངས་

เล่ม ๑๓ · หน้า 215b

པར་གྱུར་ཅིང་ཉེས་པ་བཞི་ལས་གང་ཡང་རུང་། ཉེས་པ་བྱུང་བ་དེ་ནི་ཉེ་བར་ཕྱོགས་ལ་མི་གནས་པར་ཡང་འགྱུར་བའོ། །ཉེ་བར་མ་ཕྱོགས་ལ་མི་གནས་པར་ཡང་མི་འགྱུར་བ་གང་ཞེ་ན། རྣམ་པ་དེ་རྣམས་མ་གཏོགས་པའོ། །གང་མི་གནས་པ་དེ་ཐམས་ཅད་སོ་སོར་གནས་པ་ལགས་

སམ། གང་སོ་སོར་གནས་པ་དེ་ཐམས་ཅད་མི་གནས་པ་ལགས་སམ། གསུངས་པ། མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་ཡང་ཡོད། སོ་སོར་གནས་ལ་མི་གནས་པ་མ་ཡིན་པ་ཡང་ཡོད། མི་གནས་པ་ཡང་ཡིན་ལ། སོ་སོར་གནས་པ་ཡང་ཡོད། མི་གནས་པའང་

མ་ཡིན་ལ་སོ་སོར་གནས་པ་མ་ཡིན་པ་ཡང་ཡོད་དོ། །མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་ཉེས་པ་རྣམ་པ་བཞི་ལས་གང་ཡང་རུང་བྱུང་བར་ནི་གྱུར་གྱི་དགེ་འདུན་གྱིས་མ་མཐོང་བའི་ཕྱིར་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མ་

བཏང་བས་སྤངས་པར་མ་གྱུར་པ་དེ་ནི་མི་གནས་པ་སྟེ། སོ་སོར་གནས་པ་ནི་མ་ཡིན་ནོ། །སོ་སོར་གནས་ལ་མི་གནས་པ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་གྱིས་མ་མཐོང་བའི་ཕྱིར་སྤངས་པ་དང་། སླར་ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་ནས་སྤངས་པར་

ནི་གྱུར་གྱི་ཉེས་པ་བཞི་ལས་གང་ཡང་རུང་ཉེས་པར་མ་གྱུར་པ་དེ་ནི་སོ་སོར་གནས་ལ་མི་གནས་པ་མ་ཡིན་པའོ། །མི་གནས་པ་ཡང་ཡིན་ལ་སོ་སོར་གནས་པ་གང་ཞེ་ན། ཉེས་པ་བཞི་ལས་གང་ཡང་རུང་ཉེས་པ་ཡང་བྱུང་བར་གྱུར། མ་མཐོང་བའི་ཕྱིར་སྤངས་པ་དང་། སླར་

ལས་མི་བྱེད་པ་དང་། སྡིག་པ་ལ་ལྟ་བ་སླར་མ་བཏང་ནས་སྤངས་པར་ཡང་གྱུར་ལ་ཉེས་པ་བཞི་པོ་ལས་གང་ཡང་རུང་ཉེས་པ་བྱུང་བར་གྱུར་པ་དེ་ནི་མི་གནས་ལ་སོ་སོར་གནས་པའོ། །མི་གནས་པ་ཡང་མ་ཡིན་ལ་སོ་སོར་གནས་པར་ཡང་མི་འགྱུར་བ་གང་ཞེ་ན། དེ་རྣམས་མ་

གཏོགས་པ་སྟེ། དེ་རྣམས་ལ་གཏོགས་པ་ནི་མི་གནས་པ་དང་། སོ་སོར་གནས་པ་མ་ཡིན་པའོ། །གང་གིས་སྤང་བར་བགྱི་བ་དེ་བཀར་བ་ཞེས་ཀྱང་བགྱིའམ། གསུངས་པ། གང་གིས་སྤངས་པ་དེ་བཀར་བའང་དེ་ཉིད་དོ། །ལས་གང་ལགས། དངོས་པོ་གང་ལགས། ཉེས་པ་

เล่ม ๑๓ · หน้า 216a

འབྱིན་པར་བྱེད་པ་ལས་སོ། །མ་བཤགས་པ་ནི་དངོས་པོའོ། །གཏན་པ་ནི་གང་ལགས། གཏན་པ་གདིང་བ་ནི་གང་ལགས། གཏན་པ་དབྱུང་བ་ནི་གང་ལགས། གསུངས་པ། ཨུ་པཱ་ལི་གོས་དེའི་མིང་ནི་གཏན་པ་ཞེས་བྱའོ། །དེར་སེམས་

བསྐྱེད་པ་ནི་གཏན་པ་བཏིང་བའོ། །རྣམ་པ་བརྒྱད་དུ་བསམས་པ་ནི་གཏན་པ་ཕྱུང་བའོ། །དགེ་སློང་མ་ལགས་པར་ནོངས་པ་བྱུང་ལ་དགེ་སློང་དུ་གྱུར་ན་ཚངས་པར་འགྱུར་བ་མཆིས་སམ། དགེ་སློང་གི་ཚེ་ནོངས་པ་བྱུང་ལ་དགེ་སློང་མར་གྱུར་ན་ཚངས་པར་འགྱུར་བ་མཆིས་སམ། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ཇི་ལྟར་དགེ་སློང་མ་ཡིན་པ་ན་ཉེས་པ་བྱུང་ལ་དགེ་སློང་དུ་གྱུར་ན་ཚངས་པར་འགྱུར་ཞེ་ན། དེ་འདི་ལྟར་དགེ་སློང་མའི་ཚེ་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་བ་ལས་དེ་མཚན་འཕོས་ཏེ་མཚན་འཕོས་ནས་དགེ་སློང་ཕའི་ནང་

དུ་འོངས་ན་ཉེས་པ་ཚངས་པ་ཞེས་བྱའོ། །ཇི་ལྟར་ན་དགེ་སློང་གི་ཚེ་ནོངས་པ་བྱུང་ལ་དགེ་སློང་མ་ལགས་པའི་ཚེ་ཚངས་པ་ཞེས་བགྱི། དེ་འདི་ལྟར་དགེ་སློང་གི་ཚེ་མི་འདྲ་བ་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་བ་ལས་དེ་མཚན་འཕོས་ཏེ་མཚན་འཕོས་ནས་དགེ་སློང་མར་གྱུར་ན་དེ་ཉེས་པ་

ཚངས་པ་ཞེས་བྱའོ། །མ་འཚལ་བཞིན་དུ་ནོངས་པ་བྱུང་ལ་འཚལ་བཞིན་དུ་ཚངས་པར་འགྱུར་བ་མཆིས་སམ། འཚལ་བཞིན་དུ་ནོངས་པ་བྱུང་ལ་མ་འཚལ་བཞིན་དུ་ཚངས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་ཇི་ལྟར་མི་ཤེས་བཞིན་

དུ་ཉེས་པ་བྱུང་ལ་ཤེས་བཞིན་ཚངས་པར་འགྱུར་ཞེ་ན། དེ་འདི་ལྟར་དགེ་སློང་གཉིད་ལོག་པ་ལས་བཏེག་སྟེ་མལ་སྟན་ཆེན་པོ་མཐོན་པོ་སྟེང་དུ་བཞག་པའོ། །ཡང་ན་གཉིད་ཀྱིས་ལོག་པ་ལས་བུད་མེད་ཀྱི་མལ་དུ་བཞག་པའོ། །བསྙེན་པར་མ་རྫོགས་པ་ཕྱིར་ཕྱུང་སྟེ་ཉལ་བ་དང་། དེའི་

འོག་ཏུ་བསྙེན་པར་མ་རྫོགས་པ་དེ་སླར་འོངས་ཏེ་འདུག་ནས་བདག་སད་ནས་ཉེས་པ་དེ་ཉིད་ཇི་ལྟར་ཆོས་བཞིན་སླར་བྱེད་པ་དེ་ནི་མི་ཤེས་བཞིན་དུ་ཉེས་པ་བྱུང་སྟེ་ཤེས་ནས་ཚངས་པར་གྱུར་པའོ། །ཤེས་བཞིན་ཉེས་པ་བྱུང་ལ་མི་ཤེས་བཞིན་ཚངས་པར་འགྱུར་བ་གང་ཞེ་ན། དེ་འདི་ལྟར་དགེ་

เล่ม ๑๓ · หน้า 216b

སློང་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་སྟེ། དེ་དབྱུང་བར་ལས་ཀྱི་ཚིག་རྣམས་བྱེད་དེ་གསོལ་པ་བྱས་པ་དང་། དེ་གཉིད་ཀྱིས་ལོག་ནས་ལས་ཀྱི་ཚིག་གསུམ་མཇུག་ཏུ་ཕྱིན་པ་དང་། ལངས་པ་དེ་ལྟ་བུ་ནི་ཤེས་བཞིན་ཉེས་པ་བྱུང་ལ་མི་ཤེས་བཞིན་ཚངས་པར་འགྱུར་བའོ། །གཉིད་

ལོག་པའི་ཚེ་ནོངས་པ་བྱུང་ལ་སད་པའི་ཚེ་ཚངས་པར་འགྱུར་བ་མཆིས་སམ། སད་པའི་ཚེ་ནོངས་པ་བྱུང་ལ་གཉིད་ལོག་པའི་ཚེ་ཚངས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གཉིད་ལོག་པའི་ཚེ་ཉེས་པ་བྱུང་ལ་སད་པའི་ཚེ་ཚངས་པར་འགྱུར་

བ་གང་ཞེ་ན། དེ་འདི་ལྟར་དགེ་སློང་གཉིད་ཀྱིས་ལོག་པ་ལས་མལ་སྟན་མཐོན་པོ་མལ་སྟན་ཆེན་པོའི་དྲུང་དུ་བཏེག་སྟེ་བཞག་པ་དང་། ཡང་གཉིད་ཀྱིས་ལོག་པ་ལས་བུད་མེད་ཀྱི་མལ་དུ་བཞག་པ་དང་། བསྙེན་པར་མ་རྫོགས་པ་ཕྱིར་ཕྱུང་སྟེ། ཉལ་བའི་འོག་ཏུ་བསྙེན་པར་མ་རྫོགས་

པ་དེ་སླར་འོངས་ཏེ་འདུག་ནས་བདག་སད་ནས་ཉེས་པ་འདི་ཉིད་ཇི་ལྟར་ཆོས་བཞིན་སླར་བྱེད་པ་དེ་ནི་གཉིད་ལོག་བཞིན་ཉེས་པ་བྱུང་ལ་སད་ནས་ཚངས་པར་གྱུར་པའོ། །སད་བཞིན་དུ་ཉེས་པ་བྱུང་ལ་གཉིད་ལོག་བཞིན་ཚངས་པར་འགྱུར་བ་གང་ཞེ་ན། འདི་ལྟར་དགེ་སློང་དགེ་འདུན་གྱི་

ལྷག་མའི་ཉེས་པ་བྱུང་སྟེ། དེ་དབྱུང་བར་ལས་ཀྱི་ཚིག་རྣམས་བྱེད་དེ་གསོལ་བ་བྱས་པ་དང་། དེ་གཉིད་ཀྱིས་ལོག་ནས་ལས་ཀྱི་ཚིག་གསུམ་མཇུག་ཏུ་ཕྱིན་པ་དང་། ལངས་པ་དེ་ལྟ་བུ་ནི་སད་བཞིན་ཉེས་པ་བྱུང་ལ་གཉིད་ལོག་བཞིན་ཚངས་པར་གྱུར་པའོ། །དགེ་སློང་གིས་

གཅིག་སྨྲས་པ་མཇུག་ཏུ་ཕྱིན་ན་དེས་ཕས་ཕམ་པ་གསུམ་འབྱུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་འདི་སྐད་དུ་གང་གི་ཚེ་ང་མཐོང་བ་ན་ཁྱིམ་བདག་འདི་ཞེས་བྱ་བ་ལས་རྫས་རིན་ཐང་

ཆེ་བ་ཞིག་མ་བྱིན་པར་བླངས་པ་དང་། མི་འཚོ་བ་དང་ཕྲལ་བ་དང་། ངས་དགྲ་བཅོམ་པ་ཡང་ཐོབ་པར་ཡང་ཁྱོད་ཀྱིས་ཤེས་པར་གྱིས་ཤིག །དེ་ཐམས་ཅད་དགེ་སློང་མས་ཚིག་རྫོགས་པར་སྨྲས་ནའོ། །དགེ་སློང་གིས་གཅིག་སྨྲས་པ་མཇུག་ཏུ་ཕྱིན་ན་དེས་ཕས་ཕམ་པ་བཞི་འབྱུང་

เล่ม ๑๓ · หน้า 217a

བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་ཞིག་དགེ་སློང་མ་དང་ལྷན་ཅིག་འདི་སྐད་དུ་གང་གི་ཚེ་ཁྱོད་ཁོ་བོ་མཐོང་བ་ན་ཁྱིམ་བདག་འདི་ཞེས་བྱ་བ་ལས་རྫས་ཤིག་མ་བྱིན་པར་བླངས། མི་འཚོ་བ་དང་བྲལ་བ་

དང་། འདི་ཞེས་བགྱི་བའི་རྫས་ཕྲོགས་པ་དང་། ཁོ་བོས་དགྲ་བཅོམ་པ་ཐོབ་པ་དེ་ལྟར་ཤེས་པར་བྱའོ་ཞེས་འཐམས་པའོ། །དགེ་སློང་གནས་གཅིག་ན་མཆིས་བཞིན་དུ་ནོངས་པའི་ཕུང་པོ་ལྔ་འབྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། སྟོན་པའི་ཆོས་

གོས་ཀྱི་ཚད་ཙམ་སྤྱད་ན་ཉེས་བྱས་སུ་འགྱུར། བསླབ་པའི་སྡོམ་པ་བཅས་པའི་གྲོང་ནས་རང་གི་ལག་གིས་བཟའ་བ་དང་བཅའ་བ་བླངས་ན་སོ་སོར་བཤགས་པར་འགྱུར་རོ། །བུད་མེད་ལ་ཚིག་ལྔ་དྲུག་ལས་ལྷག་པར་ཆོས་བསྟན་ན་ལྟུང་བའོ། །བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན་

དགེ་འདུན་གྱི་ལྷག་མར་འགྱུར་རོ། །བུད་མེད་ལ་ཀུན་ཏུ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་བདག་ཉིད་ཀྱིས་སྨྲས་ན་ཕས་ཕམ་པར་འགྱུར་རོ། །དགེ་སློང་སྦྱར་བ་གཅིག་གིས་ནོངས་པ་བརྒྱ་འམ་སྟོང་ངམ་དེ་བས་ཀྱང་མང་དུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཡོད་དེ་འདི་ལྟར་དགེ་སློང་ཞིག་འཚིག་ཁྲོས་ཚིག་པ་ཟོས་ཏེ་ཡིད་འཁྲུགས་ནས་སྐྱེ་བོ་མང་པོ་འདུས་ཤིང་འཁོད་པ་ལ་སྲན་མ་སྤར་བ་གང་ངམ་ཕྱེ་སྤར་བ་གང་ཡང་རུང་དེས་གཏོར་ན་དེས་ཇི་སྙེད་ཕོག་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། །དགེ་སློང་ཞིག་གིས་རྫས་རིན་ཐང་ཆེ་བ་

ཞིག་གནས་ནས་གནས་སུ་བསྐྱོད་ཀྱང་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མི་མ་ཡིན་པའི་རྫས་རིན་ཐང་ཆེ་བའམ་དེ་སྟེ་མཱ་ཥ་ལྔར་མི་ཆོག་པའོ། །དགེ་སློང་གིས་མཱ་ཥ་གསུམ་བརྐུས་ན་ཕས་ཕམ་པར་འགྱུར་བ་

མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཱ་ཥ་རིན་ཐང་ཆེ་བར་གྱུར་པའོ། །དགེ་སློང་གིས་མཱ་ཥ་ལྔ་བརྐུས་ཀྱང་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ཀཱར་ཥཱ་པ་ཎ་རིན་ཐང་ཆུང་བར་གྱུར་

เล่ม ๑๓ · หน้า 217b

པའོ། །ཆུང་ངུ་ཞིག་མ་བྱིན་པར་བླངས་པས་ནོངས་པར་འགྱུར་བ་དང་། ཆུང་ངུ་དེ་ཉིད་མ་བྱིན་པར་བླངས་པས་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ཤོག་བལ་ལས་ཆུང་ངུ་བླངས་ན་ཉེས་པར་འགྱུར། བལ་ནག་པོ་

ལས་ཆུང་ངུ་བླངས་ན་ཉེས་པར་མི་འགྱུར་རོ། །མཉམ་པར་འགྱུར་བ་ལས་ལྷག་པར་བགྱིས་ཀྱང་ནོངས་པར་འགྱུར་བ་དང་། མཉམ་པར་བགྱིས་པ་ལས་ལྷག་པར་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ནག་

པོ་མཉམ་པར་བྱ་བ་ལས་ལྷག་པར་བགྱིས་ན་ཉེས་པར་འགྱུར། ཤོག་བལ་མཉམ་པར་བྱས་པ་ལས་ལྷག་པར་བྱས་པ་ལ་ཉེས་པར་མི་འགྱུར་རོ། །བགྱི་བ་ལས་མ་བགྱིས་ཏེ་ནོངས་པར་འགྱུར་བ་དང་། བགྱིས་ཏེ་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ཡོད་དེ། གོས་སར་པ་རྙེད་པའི་དགེ་སློང་གི་ཁ་དོག་བསྒྱུར་བ་གསུམ་ལས་གང་ཡང་རུང་ཁ་དོག་བསྒྱུར་བ་མ་བྱས་པས་ཉེས་པའོ། །དེ་ལྟར་བྱས་ན་ཉེས་པ་མེད་པའོ། །ཚད་བཞིན་བགྱིས་ན་ནོངས་པར་འགྱུར་བ་དང་། ཚད་བཞིན་བགྱིས་ན་ནོངས་པར་མི་འགྱུར་

བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བགྱིས་ན་ཉེས་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཚད་དུ་བྱས་ན་ཉེས་པར་མི་འགྱུར་རོ། །དངོས་པོ་གང་གིས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ན་དགེ་འདུན་

གྱི་ལྷག་མར་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་སྙོམས་པར་ཞུགས་ན་དགེ་འདུན་གྱི་ལྷག་མར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་དེས་བསམ་གཏན་དང་པོ་ལ་

སྙོམས་པར་འཇུག་པ་ན་བདག་གིས་ཁང་པ་རྩིགས་ཤིག་ཅེས་བསྒོ་ནས། དེ་སྐད་བསྒོ་མ་ཐག་ཏུ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ། དེ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པའི་ཚེ་ཁང་པ་ཡང་ཟིན་པར་གྱུར་ན་དེ་ལ་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དེའི་

เล่ม ๑๓ · หน้า 218a

དངོས་པོ་དེ་ཉིད་ཀྱི་ཕྱིར་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་སྙོམས་པར་འཇུག་པ་ན་དེས་ངའི་ཁང་པ་རྩིགས་ཤིག་ཅེས་བསྒོ་སྟེ། བསྒོ་མ་ཐག་ཏུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་སྙོམས་པར་ཞུགས་པ་དང་

ཁང་པ་ཡང་ཟིན་པར་གྱུར་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་གང་ན་ཡང་ནོངས་པ་མ་བགྱིས་ལ་ཆུང་ངུ་ན་ཉེས་བྱས་ཙམ་ཡང་མ་བགྱིས་ན་དགེ་སློང་དུ་མི་རུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་འཕོས་པར་གྱུར་པའོ། །དགེ་

སློང་མས་གང་ན་ཡང་ནོངས་པ་མ་བགྱིས་ལ་ཆུང་ངུ་ན་སྨད་གཡོགས་རྐེད་པ་ལས་བརླབས་ཏེ་བགོ་བ་ཙམ་ཡང་མ་བགྱིས་པར་དགེ་སློང་མས་མི་རུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་འཕོས་པའོ། །དགེ་སློང་གཙུག་ལག་ཁང་གི་ནང་དུ་

ཞུགས་ལ་དེ་ཉིད་ཀྱི་ནང་ན་ཆོས་གོས་འདུག་བཞིན་དབྱར་ཞིག་པ། ཞེས་ཀྱང་བགྱི། ཆོས་གོས་དང་བྲལ་བ་ཞེས་ཀྱང་བགྱི། ཡི་དམ་ལས་འདས་པ་དང་བཅས་པར་ཡང་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་དབྱར་ཚུལ་དུ་

ཞུགས་པ་ལས་ཐ་མའི་བདུན་པོ་ལ་བབ་སྟེ། བྱིན་གྱིས་མ་བརླབས་པར་ཆོས་གོས་ཀྱང་ཁྲིའམ་ཁྲིའུའམ། གདང་ལ་བཞག་ནས་སྟེང་གི་ནམ་མཁའ་ལ་འདུག་བཞིན་དུ་སྐྱ་རེངས་ཤར་ན་དེ་དབྱར་ཞིག་པ་ཞེས་ཀྱང་བྱ། ཆོས་གོས་དང་བྲལ་བ་ཞེས་ཀྱང་བྱ། ཡི་དམ་ལས་འགལ་

བས་འདས་པ་དང་བཅས་པ་ཞེས་ཀྱང་བྱའོ། །དགེ་སློང་གཅིག་པུ་གཙུག་ལག་ཁང་གི་ནང་དུ་ཞུགས་ན་ཕས་ཕམ་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མི་ཚངས་པར་སྤྱོད་པ་སྟེ། གང་ཞེ་ན། མཚན་རིངས་དང་། རྒྱབ་མཉེན་ནོ། །མ་

བྱིན་པ་ལེན་པ་དང་། སྲོག་གཅོད་པ་གང་ཞེ་ན། དགེ་སློང་དེས་ཐབས་སྦྱར་ཏེ་ནང་དུ་ཞུགས་པ་དང་། དེས་བརྐུས་པར་ཡང་གྱུར། སྲོག་གཅོད་པར་ཡང་གྱུར་པའོ། །རྫུན་དུ་སྨྲ་བའི་རྒྱུ་གང་ཞེ་ན། དེ་འདི་ལྟར་ང་ནི་དགྲ་བཅོམ་པའོ། །ང་ནི་སངས་རྒྱས་སོ་ཞེས་ཟེར་བའོ། །

เล่ม ๑๓ · หน้า 218b

དགེ་སློང་གིས་དགེ་སློང་གི་འཚོ་བ་དང་ཕྲལ་ན་ཕ་ཡང་མ་ལགས། དགྲ་བཅོམ་པ་ཡང་མ་ལགས་བཞིན་ཕས་ཕམ་པར་ཡང་འགྱུར་ལ་དེ་མཚམས་མེད་པའི་ལས་སུ་ཡང་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་དེའི་

མ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་གྱུར་པ་ལས་མཚན་འཕོས་ཏེ་མཚན་འཕོས་པར་གྱུར་པ་ལས་སྲོག་གཅོད་ན་ཕས་ཕམ་པ་ཡིན་ལ་དེ་མཚམས་མེད་པའི་ལས་ཀྱིས་ཀྱང་རེག་པར་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་འཚོ་བ་དང་ཕྲལ་ན་མ་ཡང་མ་ལགས། དགྲ་བཅོམ་པ་

ཡང་མ་ལགས་ན་ཕས་ཕམ་པར་འགྱུར་ཞིང་དེ་མཚམས་མེད་པའི་ལས་སུ་ཡང་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མ་དེའི་ཕ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་གྱུར་པ་དེའི་མཚན་འཕོས་ཏེ། མཚན་འཕོས་ནས་དེའི་འཚོ་བ་

དང་ཕྲལ་ན་ཕས་ཕམ་པ་ཡང་ཡིན་ལ་དེ་མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །གཞན་གྱིས་སྨྲས་ལ་དེས་སྨྲས་པའི་རྐྱེན་གྱིས་གཞན་ལ་ཕས་ཕམ་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་མས་དགེ་སློང་

འདུས་པ་དགེ་འདུན་གྱིས་མ་བཅིངས་པའི་ཕྱིར་དེའི་རྗེས་སུ་ཕྱོགས་ཏེ། དེ་ཡང་དགེ་འདུན་གྱི་དབུས་སུ་ལན་གསུམ་གྱི་བར་དུ་བསྒོ་ཡང་མི་གཏོང་བ་དེ་ནི་ཕས་ཕམ་པར་འགྱུར་རོ། །གཞན་གྱིས་སྨྲས་ན་དེས་སྨྲས་པའི་རྐྱེན་གྱིས་གཞན་ལ་དགེ་འདུན་གྱི་ལྷག་མར་འགྱུར་བ་མཆིས་སམ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་གང་གིས་དགེ་འདུན་གྱི་དབྱེན་བྱས་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། བཀའ་བློ་མི་བདེ་བའི་ཚིག་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་སླར་མི་གཏོང་བ་ནི་དགེ་འདུན་གྱི་ལྷག་མར་འགྱུར་རོ། །གཞན་

གྱིས་སྨྲས་ན་དེའི་རྐྱེན་གྱིས་གཞན་ལ་ནོངས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་གང་གིས་སྡིག་པ་ལ་ལྟ་བ་བཟུང་། རབ་ཏུ་བཟུང་ནས་སླར་མི་གཏོང་བ་དེ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་སླར་མི་

เล่ม ๑๓ · หน้า 219a

གཏོང་བ་ནི་ལྟུང་བར་འགྱུར་རོ། །གཞན་གྱིས་སྨྲས་ན་སྨྲས་པ་དེའི་རྐྱེན་གྱིས་གཞན་ལ་སླར་བཤགས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་གང་གིས་གྲོང་དུ་མགྲོན་དུ་བོས་ཏེ་ཟས་ཟ་བའི་ཚེ་དེ་ན་

ཡང་དགེ་སློང་མ་ཞིག་བསྒོ་ཞིང་འདུག་སྟེ། འདི་ལ་འབྲས་བྱིན། འདི་ལ་སྲན་ཚོད་བྱིན། འདི་ལ་ཡང་བྱིན་ཞེས་ཟེར་བ་དེ་ལ་མ་བསྒོ་བར་ཟོས་ན་སླར་བཤགས་པར་འགྱུར་རོ། །གཞན་གྱིས་སྨྲས་ལ་དེའི་རྐྱེན་གྱིས་གཞན་ལ་ནོངས་པ་བགྱིས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་གང་གིས་སོ་སོར་ཐར་པའི་མདོ་ཀློག་པའི་ཚེ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒྲགས་ཀྱང་ཉེས་པ་དྲན་བཞིན་དུ་སླར་མི་འཆགས་པ་ནི་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་མས་

བསླབ་པ་ཕུལ་ནས་སླར་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་སུ་མི་རུང་སྟེ། དགེ་སློང་མ་གང་དག་གིས་སླར་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་ན་དེ་དག་ཉེས་པ་དང་བཅས་སོ་ཞེས་གསུངས་ན། དགེ་སློང་མས་བསླབ་པ་ཕུལ་ཏེ་བབས་པ་ལས་དེ་དེ་དག་གིས་རབ་ཏུ་

བྱུང་ཞིང་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཡང་ལགས་ལ། དེ་དག་ལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་མ་དེ་བསླབ་པ་ཕུལ་ཏེ་བབས་པ་ལས་དེའི་མཚན་འཕོས་ཏེ་མཚན་འཕོས་

པར་གྱུར་པ་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ན་ཉེས་པར་མི་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སྔར་འཁྲུགས་པ་དེ་རབ་ཏུ་མ་དབྱུང་ཤིག །བསྙེན་པར་རྫོགས་པར་མ་བྱེད་ཅིག་ཅེས་གསུངས་ན། སྔར་འཁྲུགས་པ་དེ་རབ་ཏུ་ཕྱུང་ལ་བསྙེན་པར་རྫོགས་པར་བགྱིས་ཀྱང་

བསྙེན་པར་རྫོགས་པར་ཡང་འགྱུར་ལ། ནོངས་པར་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ། དེ་འདི་ལྟར་དགེ་སློང་མ་ཐུན་མོང་མ་ཡིན་པའི་ཕས་ཕམ་པའི་ཉེས་པ་བྱུང་ལ་དེས་བསླབ་པ་ཕུལ་ནས་བབས་པ་དང་དེའི་མཚན་འཕོས་ཏེ་མཚན་འཕོས་ནས་སྐྱེས་པར་གྱུར་པ་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་

เล่ม ๑๓ · หน้า 219b

རྫོགས་པར་བྱས་ཀྱང་ཉེས་པར་མི་འགྱུར་རོ། །ལས་རྣམ་པ་དུས་ན་ཐམས་ཅད་འདུས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་གསུམ་སྟེ། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་

ལས་བརྒྱ་རྩ་གཅིག་གོ་ཞེས་བཀའ་སྩལ་ན། དེ་དག་ལས་གསོལ་བའི་ལས་ཀྱིས་ནི་དུ་བསྡུས། གསོལ་བ་དང་གཉིས་པས་དུ། གསོལ་བ་དང་བཞི་པས་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བའི་ལས་ཀྱིས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱིས་ནི་

བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིས་ནི་སུམ་བཅུའོ། །ཚིག་ཏུ་ཡང་མི་སྨྲ། ལུས་ཀྱིས་ཀྱང་མ་སྩལ་ཀྱང་། དགེ་སློང་དུ་མི་རུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་མས་དགེ་སློང་མའི་ཕས་ཕམ་པའི་ལྟུང་བ་བྱུང་

བར་མཐོང་ལ་བཅབས་ཏེ་སྐྱ་རེངས་ཤར་ན་ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་ཉེས་པའི་ཕུང་པོ་བཞི་བྱུང་ལ་མ་བཤགས། སླར་ལས་མ་བགྱིས་པར་ཕྱིན་ཅིང་ནོངས་པ་མ་མཆིས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་འཕོས་པའོ། །

དགེ་སློང་མས་ཉེས་པ་སྡེ་ལྔ་བྱུང་ལ་མ་བཤགས་སམ། སླར་ལས་མ་བགྱིས་ཀྱང་ཕྱིན་ཅིང་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་འཕོས་པའོ། །དགེ་སློང་གིས་མིའི་འཚོ་བ་དང་ཕྲལ་ན་ཕས་ཕམ་པའི་ནོངས་པར་མི་འགྱུར་

བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་གཉིས་ལྷན་ཅིག་འཁོད་པ་ལས་གཅིག་གསད་དོ་སྙམ་པ་ལས་གཞན་བསད་པའོ། །མི་ཚངས་པ་སྤྱད་པ་གཞན་གྱིས་བགྱིས་ལ་ཕས་ཕམ་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་མ་མི་ཚངས་པར་སྤྱད་པ་མཐོང་ལ་བཅབས་ན་སྐྱ་རེངས་ཤར་བ་དང་ཕས་ཕམ་པར་འགྱུར་རོ། །དགེ་སློང་མི་ཚངས་པར་སྤྱོད་པ་ལས་ཕས་ཕམ་པའི་ནོངས་པར་འགྱུར་བ་དང་། མི་ཚངས་པར་སྤྱོད་པ་བགྱིས་ཀྱང་ཕས་ཕམ་པའི་ནོངས་པར་མི་

เล่ม ๑๓ · หน้า 220a

འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་མ་ཉམས་པ་དང་། ལྷན་ཅིག་ཏུ་མི་ཚངས་པར་སྤྱད་ན་ཕས་ཕམ་པར་འགྱུར་རོ། །ཉམས་པ་དང་ལྷན་ཅིག་ཏུ་སྤྱད་པ་དེ་ལ་ཕས་ཕམ་པར་མི་འགྱུར་རོ། །དགེ་སློང་གིས་མ་

བྱིན་པར་བླངས་པ་ལས་ཕས་ཕམ་པར་འགྱུར་བ་དང་། མ་བྱིན་པར་བླངས་པ་ལས་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་མིའི་ཡོ་བྱད་རིན་པོ་ཆེ་མ་བྱིན་པར་བླངས་ན་དེ་ཕས་ཕམ་པར་འགྱུར་རོ། །གང་གིས་མི་མ་ཡིན་པའི་ཡོ་

བྱད་རིན་པོ་ཆེ་བླངས་ཀྱང་ཕས་ཕམ་པའི་ཉེས་པར་མི་འགྱུར་རོ། །དགེ་སློང་གིས་མིའི་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་འགྱུར་བ་དང་། མིའི་འཚོ་བ་དང་ཕྲལ་ཀྱང་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། ཡོད་དེ། གང་རང་གི་ལག་གིས་མིའི་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་འགྱུར་རོ། །མིའི་

འཚོ་བ་དང་ཕྲལ་ན་ཕས་ཕམ་པར་མི་འགྱུར་བ་ཡང་ཡོད་དེ་གང་གིས་འདུ་ཤེས་གཞན་དུ་སྦྱར་བ་ལས་མིའི་འཚོ་བ་དང་ཕྲལ་ན་ཕས་ཕམ་པར་མི་འགྱུར་རོ། །དགེ་སློང་གིས་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་བདག་ཉིད་ཀྱིས་སྨྲས་ན་ཕས་ཕམ་པར་འགྱུར་བ་དང་། མེད་ལ་མེད་བཞིན་

དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ཀྱང་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་འདུ་ཤེས་བཅབས་ནས་བཀའ་ལ་ལུང་བསྟན་ན་ཕས་ཕམ་པར་འགྱུར་རོ། །རྡེང་ཡོད་དེ་བཀའ་ལ་ལུང་བསྟན་ན་ནི་དེ་ལ་ཕས་ཕམ་

པར་མི་འགྱུར་རོ། །དངོས་པོ་གང་གིས་ཕས་ཕམ་པའི་ནོངས་པར་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་ཕས་ཕམ་པའི་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་ལུས་ལ་ཀུན་རེག་པར་བྱས་ན་ཕས་ཕམ་པར་འགྱུར་རོ། །

དགེ་སློང་གིས་བྱས་ན་དེ་ལ་ཕས་ཕམ་པའི་ཉེས་པར་མི་འགྱུར་རོ། །དགེ་སློང་མས་ཤེས་བཞིན་དུ་དགེ་སློང་མའི་ཉེས་པ་སྦོམ་པོ་བཅབས་ན་སྐྱ་རེངས་ཤར་བ་དང་ཕས་ཕམ་པའི་ཉེས་པར་འགྱུར་རོ། །དགེ་སློང་གིས་བཅབས་ན་ཕས་ཕམ་པའི་ཉེས་པར་མི་འགྱུར་རོ། །དགེ་འདུན་ཆོས་

เล่ม ๑๓ · หน้า 220b

བཞིན་དུ་འདུ་ཤེས་པས་དགེ་སློང་ལ་མ་མཐོང་བའི་ཕྱིར་སྤངས་པར་དགེ་སློང་མས་ཤེས་བཞིན་དུ་དེའི་རྗེས་སུ་ཕྱོགས་ནས་དེ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་སླར་མི་གཏོང་བ་ནི་ཕས་ཕམ་པར་འགྱུར་རོ། །དགེ་སློང་ལ་བསྒོ་ནས་སླར་མ་བཏང་ན་ཕས་ཕམ་པའི་

ཉེས་པར་མི་འགྱུར་རོ། །དངོས་པོ་གང་གིས་དགེ་འདུན་གྱི་ལྷག་མར་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་དགེ་འདུན་གྱི་ལྷག་མའི་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་བསམས་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་གྱི་

ལྷག་མར་འགྱུར་རོ། །དགེ་སློང་མས་ཁུ་བ་ཕྱུང་ན་དེ་ལ་དགེ་འདུན་གྱི་ལྷག་མའི་ཉེས་པར་མི་འགྱུར་རོ། །དགེ་སློང་གིས་ལུས་ལ་ཀུན་ཏུ་རེག་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་མས་རེག་ན་དེ་ལ་དགེ་འདུན་གྱི་ལྷག་མར་མི་འགྱུར་རོ། །དགེ་སློང་མས་གནས་བོར་ཏེ་རེག་ན་

དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་སྤྱད་ན་དགེ་འདུན་གྱི་ལྷག་མར་མི་འགྱུར་རོ། །དངོས་པོ་གང་གིས་ལྟུང་བར་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་ལྟུང་བར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་བསམས་བཞིན་

དུ་ཁུ་བ་ཕྱུང་ན་ལྟུང་བར་འགྱུར་རོ། །དགེ་སློང་གིས་ཕྱུང་ན་ལྟུང་བར་མི་འགྱུར་རོ། །དགེ་སློང་གིས་གཉེན་མ་ཡིན་པ་ལས་བསོད་པའི་བཟའ་བ་དང་བཅའ་བ་བསླངས་ན་ལྟུང་བར་འགྱུར་རོ། །དགེ་སློང་མས་བསླངས་ན་ལྟུང་བར་མི་འགྱུར་རོ། །དགེ་སློང་མས་རྩྭ་སྔོན་པོའི་སྟེང་དུ་བཤང་

གཅི་བྱས་ན་ལྟུང་བར་འགྱུར་རོ། །དགེ་སློང་ཕས་བྱས་ན་ལྟུང་བར་མི་འགྱུར་རོ། །དངོས་པོ་གང་གིས་སླར་བཤགས་པའི་དངོས་པོ་དེ་ཉིད་ཀྱིས་སླར་བཤགས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་གཉེན་མ་ཡིན་པ་ལས་བསོད་

པའི་བཟའ་བ་དང་བཅའ་བ་བསླངས་ན་སླར་བཤགས་པར་འགྱུར་རོ། །དགེ་སློང་གིས་བསླངས་ན་སླར་བཤགས་པའི་ཉེས་པར་མི་འགྱུར་རོ། །དགེ་སློང་གིས་བསླབ་པའི་སྡོམ་པ་བཅས་པའི་གྲོང་ནས་རང་གི་ལག་གིས་བཟའ་བ་དང་བཅའ་བ་བསླངས་ན་སླར་བཤགས་པར་འགྱུར་རོ། །

เล่ม ๑๓ · หน้า 221a

དགེ་སློང་མས་བསླངས་ན་སླར་བཤགས་པར་མི་འགྱུར་རོ། །དངོས་པོ་གང་གིས་ནོངས་བགྱིས་སུ་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་ནོངས་བགྱིས་སུ་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་རྩྭ་སྔོན་པོའི་སྟེང་དུ་བཤང་གཅི་

བྱས་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་བྱས་ན་ཉེས་བྱས་སུ་མི་འགྱུར་རོ། །དགེ་སློང་མས་ཤམ་ཐབས་ཀྱིས་རྐེད་པ་འདས་ཙམ་དུ་བགོས་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཤམ་ཐབས་ཀྱིས་རྐེད་པ་འདས་པར་བགོས་ཀྱང་ཉེས་པ་མེད་དོ། །དགེ་སློང་ཕྱིན་ཏོ་སྙམ་པ་

ལས་ལྟུང་བར་མི་འགྱུར་བ་དང་། ལྟུང་བའོ་སྙམ་པ་ལས་ཕྱིན་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་ལ་དགེ་འདུན་གྱི་ལྷག་མའི་ནོངས་པ་བྱུང་ནས་དེ་ལ་དབྱུང་བའི་ལས་བྱེད་པའི་ཚེ་ལྷམ་གྱོན་ཞིང་འདུག་པ་དང་། ལག་པས་

པུས་མོ་གཉིས་ཀ་འཁྱུད་ཅིང་འདུག་པ་དང་། མགོ་གཡོགས་པ་དང་། རྩྭ་སྔོན་པོ་གཅོད་པ་དང་། ས་ལ་རི་མོ་འདྲི་བ་ལས་ཉེས་པ་བྱུང་བ་ནི་འདི་ལྟར་ཕྱིན་ཏོ་སྙམ་པ་ལས་ཉེས་པ་བྱུང་བའོ། །དགེ་སློང་གིས་ཉེས་པ་བྱུང་ངོ་སྙམ་པ་ལས་ཕྱིན་པ་གང་ཞེ་ན། དེ་འདི་ལྟར་དགེ་སློང་དེ་དགེ་འདུན་གྱི་

ལྷག་མའི་ཉེས་པ་བྱུང་བ་མི་མཐུན་པ་བྱུང་ངོ་སྙམ་པ་ལས་དེའི་མཚན་འཕོས་ཏེ་མཚན་འཕོས་པ་དགེ་སློང་མ་ལ་ནི་ཕྱིན་ཏེ། དེ་ལྟར་ན་ཉེས་པ་བྱུང་ངོ་སྙམ་པ་ལས་ཕྱིན་པ་ཡིན་ནོ། །མཚམས་བཀྲོལ་ལ་སྙམ་པ་ལས་བཅད་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ཡོད་དེ། ལས་ཀྱི་མཚམས་བཀྲོལ་ཡང་གྲོང་གི་མཚམས་མ་བཀྲོལ་བར་འགྱུར་རོ། །སོང་བའི་རྗེས་སུ་སོང་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་སོ། །དགེ་སློང་གིས་ཉེས་པ་སྡེ་ལྔ་འབྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ཡོད་དེ། བུད་མེད་ཀྱི་གོས་བྱས་ན་ཉེས་བྱས་སུ་འགྱུར་རོ། །བསླབ་པའི་སྡོམ་པ་བཅས་པའི་གྲོང་ནས་རང་གི་ལག་གིས་བཟའ་བ་དང་བཅའ་བ་བསླངས་ན་སོ་སོར་འཆགས་པར་འགྱུར་རོ། །བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་བསྟན་ན་ལྟུང་

เล่ม ๑๓ · หน้า 221b

བར་འགྱུར་རོ། །བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན་དགེ་འདུན་གྱི་ལྷག་མའི་ཉེས་པ་སྦོམ་པོར་འགྱུར་རོ། །བུད་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲ་ན་ཕས་ཕམ་པར་འགྱུར་རོ། །བཙུན་པ་བདག་ཅག་ལ་འདུལ་བ་འདྲི་བ་ཞིག་མཆིས་ན་བདག་ཅག་

གིས་གང་ནས་བཙལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོར་ཐར་པ་གཉིས་དང་། འབྱེད་པ་དང་། བཅས་པ་ལས་སོ། །འདུལ་བའི་དངོས་པོ་བཅྭ་བརྒྱད་དང་རྐྱང་པའི་གླེང་གཞི་གཉིས་དང་། འདུལ་བ་གཅིག་གིས་ལྷག་པའི་རྒྱུད་རྣམས་དང་། ཐུན་མོང་

བ་དང་། ཐུན་མོང་མ་ཡིན་པ་དང་། ས་དང་། བར་སྣང་ལས་མཚན་འཕོས་པ་ལས་སོ། །བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་དུ་ཡང་མི་གཏོགས་ལ་བསྟན་པ་ལས་ཀྱང་བསྟན་པ་ཡོངས་སུ་མྱ་ངན་ལས་འདས་པའང་མ་ལགས། ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་

འགྱུར་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དེ་ནི་སྤྲུལ་པའོ། །དེ་བཀུམ་ན་ནོངས་པ་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོའོ། །དེ་བཀུམ་ན་ནོངས་པ་གང་བཤགས་པར་བགྱི། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོའོ། །འདུལ་བ་གཞུང་དམ་པ་ལས་གཏམ་གྱི་དངོས་པོ་རྫོགས་སྷོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་དྲུག་པ། མ་ན་བི་ཀའི་མདོའི་མདོ་བསྡུས་པ་སྟེ། འདུས་པ་བུ་རམ་ཆུ་དང་རུང་བ་གཉིས། །

ཤ་དང་སྲིན་བུ་པད་པ་རྣམ་པ་ལྔ། །སྔ་དྲོ་བ་དང་བྱིན་ལེན་བྱས་པ་དང་། །མྱོས་པ་དགེ་བསྙེན་ན་བ་དགེ་སློང་བའོ། །མདོར་ན། འདུས་པ་དང་ནི་འོན་པ་དང་། །དམུས་ལོང་དང་ཡང་རི་མོ་ཅན། །གཞོན་པ་རྣམས་ནི་མ་གཏོགས་ཏེ། །ལྷག་མ་རྣམས་ནི་རུང་བའོ། །སངས་

རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔས་བསྙེན་པར་རྫོགས་པར་རུང་ངོ་ཞེས་བཀའ་སྩལ་ན། དེར་བཅུ་ཡོད་པ་ལས་འདུལ་བ་འཛིན་པ་དང་ལྔས་བསྙེན་པར་རྫོགས་

เล่ม ๑๓ · หน้า 222a

པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པཱ་ལི་དེ་ནི་དགེ་སློང་དུ་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཆོས་

གོས་རྙེད་ལ་ཞག་བཅུ་ལས་འདས་ན་སྤང་བའི་ལྟུང་བར་འགྱུར་ཞེས་བཀའ་སྩལ་ན། ཇི་ཙམ་གྱིས་ན་འོན་པས་ཆོས་གོས་འཐོབ་པར་འགྱུར། གང་གི་ཚེ་རྙེད་པ་ན་མཐོང་ལ་ལག་པས་རེག་གམ་པང་དུ་བླངས་པར་ཡང་གྱུར་ལ་འདི་ནི་བདག་གི་གོས་སོ་སྙམ་དུ་དེས་འདུ་ཤེས་

བསྐྱེད་པ་དེ་ལྟ་བུ་ནི་འོན་པས་གོས་ཐོབ་པར་གྱུར་པའོ། །ཇི་ཙམ་གྱིས་ན་དམུས་ལོང་གིས་གོས་ཐོབ་པར་གྱུར། གང་གི་ཚེ་དེས་ཐོས་ལ་ལག་ཏུ་བླངས་སམ་པང་དུ་བླངས་པར་གྱུར་ལ་འདི་ནི་བདག་གི་གོས་སོ་སྙམ་དུ་དེས་འདུ་ཤེས་ཀྱང་བསྐྱེད་ན་དེ་ལྟ་བུ་ནི་དམུས་ལོང་གིས་གོས་ཐོབ་

པར་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཨུ་པཱ་ལིས་ཞུས་པ། ཕྱེད་རི་མོ་བྲིས་ལ་ཕྱེད་རི་མོ་མ་བྲིས་པ་ལ་མཆིས་སུ་རུང་ངམ། ཨུ་པཱ་ལི་མི་རུང་སྟེ། དེའི་སྟེང་དུ་གདིང་བ་གཞན་ཡོད་དམ། དེ་སྟེ་རྙིངས་པར་གྱུར་ན་རུང་ངོ་། །བཙུན་པ་བཅོམ་ལྡན་འདས་ཀྱིས་བ་ལ་འཇུས་

ཏེ་ཀླུང་མ་རྒལ་ཅིག་ཅེས་བཀའ་སྩལ་པ། བཞོན་པ་མ་གཏོགས་པར་གཞན་ལ་འཇུ་ཞིང་ཀླུང་རྒལ་དུ་གནང་ངམ། གནང་སྟེ། གླང་ངམ། རྟའམ། མ་ཧེའམ། གཡག་ལ་འཇུས་ཤིང་ཀླུང་རྒལ་ན་ཉེས་པ་མེད་དོ། །མདོར་ན། བུ་རམ་ཤིང་དང་ཞག་བདུན་དང་། །ལན་ཚྭ་དང་

ནི་འབྲུ་མར་རུང་། །དགེ་སློང་གིས་ནི་རུང་བར་བྱས། །མི་རུང་སར་ནི་མི་རུང་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བུ་རམ་ཆང་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པཱ་ལི་རུང་ངོ་། །ཇི་སྲིད་དུ་བཏུང་བར་བགྱི། ནམ་མྱོས་

པར་མི་འགྱུར་བ་དང་། ཟས་དང་མ་འདྲེས་པ་དང་། མ་རྙོགས་པ་དང་། བསྔལ་བར་མ་གྱུར་ཅིང་། ཉིད་ཀྱི་བྲོ་ལས་མ་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་མི་རུང་བའི་ཚིལ་ལས་ལན་ཚྭ་བཙོས་ཏེ་འཚལ་དུ་རུང་ངམ། ཨུ་པཱ་ལི་

เล่ม ๑๓ · หน้า 222b

མི་རུང་ངོ་། །ཐལ་བར་རུང་བར་བྱས་ཏེ། ཟོས་ན་ཉེས་པ་མེད་དོ། །བཙུན་པ་མི་རུང་བའི་སྨན་ལས་འབྲུ་མར་བཙོས་པ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་སྟེ། མིག་གམ། རྣ་བའམ། སྣ་ལ་བསྐུས་ན་ཉེས་པ་མེད་དོ། །དགེ་སློང་རང་གིས་མེའམ་མཚོན་ནམ་སེན་མོས་ས་

བོན་དུ་འགྱུར་བ་རྣམ་པ་ལྔ་པོ་རུང་བར་བགྱིས་ན་རུང་བར་བགྱིས་པ་ཞེས་བགྱི་འམ། འཚལ་དུ་རུང་ངམ་རུང་སྟེ་མེས་རུང་བར་བྱ་བ་མ་གཏོགས་ཏེ། གང་རུང་བར་བྱེད་པ་དེ་ལ་ནི་ས་བོན་མ་རུང་བར་བྱས་པའི་ཉེས་པ་འབྱུང་བར་འགྱུར་རོ། །མི་རུང་བའི་སར་ཤིང་སྐྱེས་ལ་རུང་བའི་སར་འབྲས་བུ་

ལྟུང་ན་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །རུང་བའི་སར་ཤིང་སྐྱེས་ལ་མི་རུང་བའི་སར་འབྲས་བུ་ལྟུང་ན་འཚལ་དུ་རུང་ངམ། ཨུ་པཱ་ལི་རུང་སྟེ། ཞག་མ་ལོན་པར་གྱུར་པའོ། །མདོར་ན། རུང་བར་འགྱུར་བའི་ས་གཉིས་ཏེ། །བཟའ་བར་བྱ་བ་མ་ཡིན་དང་། །མི་ཡི་འོ་མར་རིག་

པ་དང་། །སྐྱུར་པོ་ཁུ་བར་གྱུར་པའོ། །རུང་བའི་ས་ན་ས་བོན་རྣམ་པ་ལྔ་པོ་དང་མི་མཆིས་ལ་མི་རུང་བའི་སར་རུང་བ་བགྱིད་པ་མཆིས་ཏེ། མེའམ་མཚོན་ཏམ་སེན་མོས་རུང་བར་བགྱིས་ན་རུང་བར་བགྱིས་པ་ཞེས་བགྱིའམ་མ་བགྱིས་པ་ཞེས་བགྱི། བྱས་པ་ཞེས་བྱའོ། །འཚལ་དུ་རུང་ངམ།

ཨུ་པཱ་ལི་མི་རུང་ངོ་། །རུང་བའི་ས་ན་དགེ་སློང་མཆིས་ཏེ། རུང་བའི་སར་ས་བོན་རྣམ་པ་ལྔ་པོ་ལ་མེའམ་མཚོན་ཏམ་སེན་མོས་རུང་བར་བགྱིས་ན་བགྱིས་པ་ཞེས་བགྱིའམ། མ་བགྱིས་པ་ཞེས་བགྱི། བྱས་པ་ཞེས་བྱའོ། །འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་སྟེ། མེས་མི་རུང་བར་བྱས་པ་མ་

གཏོགས་ཏེ། གང་རུང་བར་བྱེད་པ་ལ་ས་བོན་གྱི་གྲོང་བཤིག་པའི་ཉེས་པར་འགྱུར་རོ། །ཁུར་བླང་ངམ། མ་བསྲེགས་པའམ། ཁྲེའུའམ། སློ་མའི་ནང་དུ་བཞག་སྟེ་འཚལ་དུ་རུང་ངམ། ཨུ་པཱ་ལི་རུང་ངོ་། །མིའི་འོ་མ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་སྟེ། མིག་སྨན་དུ་དགོས་པ་ནི་

མ་གཏོགས་སོ། །དུས་མ་ལགས་པར་སྐྱུར་པོའི་ཁུ་བ་འཚལ་དུ་རུང་ངམ། ཨུ་པཱ་ལི་རུང་ངོ་། །མདོར་ན། མི་ཡི་ཤ་དང་ཆེད་དུ་ནི། །བསད་པར་གྱུར་པར་ཤེས་པ་དང་། །མི་རུང་བ་ཡི་ཤ་རྣམས་དང་། །འདི་རྣམས་ཀུན་ནི་བཟའ་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་

เล่ม ๑๓ · หน้า 223a

པ་ཨུ་པཱ་ལིས་ཞུས་པ། བཙུན་པ་མིའི་ཤ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་ནོངས་པ་ཅིར་འགྱུར་ཉེས་པ་སྦོམ་པོའོ། །མིའི་ཤ་མ་གཏོགས་པར་དེ་ལས་རུང་བ་གཞན་རྣམས་དེའི་ཕྱིར་ཆེད་དུ་བསད་པའི་ཤ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་

རུང་ངོ་། །མི་རུང་བའི་ཤ་རྣམས་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །མདོར་ན། སྲིན་བུ་པད་པ་དང་ནི་ཤིང་རྟ་དང་། །སྦལ་པའང་བཟའ་བར་མི་བྱ་སྟེ། །གཟུགས་པ་དེ་དག་ཐམས་ཅད་ནི། །བཟའ་བར་བྱ་བ་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་

དང་ལྡན་པ་ཨུ་པཱ་ལིས་ཞུས་པ་སྲིན་བུ་པད་པའི་ཤ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བྱ་ཤིང་སྟ་མོའི་ཤ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །སྦལ་པའི་ཤ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །གཟུགས་པ་དག་གི་ཤ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་

རུང་ངོ་། །མདོར་ན། རུང་བ་དག་དང་འདྲེས་པ་དང་། །ཞག་བདུན་དུ་ཡང་བཟའ་མི་བྱ། །ཚིལ་བུ་དང་ཡང་དེ་བཞིན་ཏེ། །བུ་རམ་ཤིང་དང་སྔ་དྲོར་སྦྱར། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། སྔ་དྲོ་བའི་སྨན་དང་ཕྱི་དྲོ་བའི་སྨན་དུ་བསྲེས་

ན་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །ཕྱི་དྲོ་བ་དང་བདུན་པར་བསྲེས་ན་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བདུན་པ་དང་ནམ་འཚོའི་བར་དུ་བསྲེས་ན་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །བཙུན་པ་དེ་ཉིད་སྔ་དྲོ་བ་ལགས་ལ་དེ་ཉིད་ཕྱི་དྲོ་བ་དང་བདུན་པ་དང་། ནམ་

འཚོའི་བར་དུ་རུང་ངམ། ཨུ་པཱ་ལི་རུང་སྟེ། བུ་རམ་ཤིང་ནི་སྔ་དྲོ་བ་ལ། དེའི་འོག་ཏུ་ཁུ་བ་བཙིར་བ་ནི་ཕྱི་དྲོ་བའོ། །དེའི་འོག་ཏུ་ཁུ་བ་བསྐོལ་ཏེ་བུ་རམ་དུ་བྱས་པ་ནི་བདུན་པའོ། །དེའི་འོག་ཏུ་བདུན་པ་བསྲེགས་པ་ནི་ནམ་འཚོའི་བར་དུ་བའོ། །དེ་ཉིད་ལ་སྔ་དྲོ་བ་དང་། དེ་ཉིད་

བདུན་པ་དང་། དེ་ཉིད་ལ་ནམ་འཚོའི་བར་དུ་བར་རུང་ངམ། རུང་སྟེ་ཤ་ནི་སྔ་དྲོ་བའོ། །དེའི་འོག་ཏུ་བཙོས་པའི་ཞག་ནི་བདུན་པའོ། །བདུན་པ་དེའི་འོག་ཏུ་བསྲེགས་པའི་ཐལ་བ་ནི་ནམ་འཚོའི་བར་དུ་བའོ། །མདོར་ན། དེ་ལྟར་བྱིན་ལེན་བྱས་པ་དང་། །དེ་ཡང་བྱིན་གྱིས་མ་བརླབས་

เล่ม ๑๓ · หน้า 223b

དང་། །ནད་པ་ནད་ཀྱིས་གཟིར་བ་དང་། །བསྔལ་བའི་བཏུང་བ་བརྒྱད་པའོ། །སྔ་དྲོ་བའི་སྨན་འདི་དག་གཞག་པར་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པཱ་ལི་མི་རུང་སྟེ། དེ་བཞིན་དུ་ཕྱི་དྲོ་བ་དང་། བདུན་པ་དང་། ནམ་འཚོའི་བར་དུ་ཡང་མི་རུང་ངོ་། །དེ་བཞིན་དུ་བྱིན་ལེན་མ་

བྱས་པ་དང་། ནང་དུ་བཙོས་པ་དང་། བླངས་པ་དང་མི་རུང་བའི་རྣམས་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །ཚུལ་བཞིན་པས་བླངས་པ་བྱིན་གྱིས་མ་བརླབས་པ་དེ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །སླར་བླངས་པ་དང་བྱིན་གྱིས་མ་བརླབས་པ་མི་ན་བར་འཚལ་དུ་རུང་

ངམ། ཨུ་པཱ་ལི་མི་རུང་ངོ་། །སླར་བླངས་པ་དང་བྱིན་གྱིས་མ་བརླབས་པ་ནད་པས་འཚལ་དུ་རུང་ངམ། ཨུ་པཱ་ལི་རུང་ངོ་། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། ནད་པ་ལ་ཅི་སྩལ་བར་བགྱི། གང་གིས་ནད་པ་ལ་སོས་པར་འགྱུར་བ་བཅས་

པའི་ཁ་ན་མ་ཐོ་བ་དེ་ནད་པ་ལ་བྱིན་ཅིག །བཅོམ་ལྡན་འདས་ཀྱིས་བཏུང་བ་ནི་རྣམ་པ་འདི་བརྒྱད་གནང་ན་དེ་ལ་རྩ་བའི་བསྔལ་བ་དང་། སྡོང་བུའི་བསྔལ་བ་དང་། ལོ་མའི་དང་། མེ་ཏོག་གི་བསྔལ་བར་འདྲེས་ན་འཚལ་དུ་རུང་ངམ། ཨུ་པཱ་ལི་རུང་ངོ་། །ཇི་སྲིད་དུ་རུང་། ནམ་མྱོས་

པར་མ་གྱུར། ཟས་དང་མ་འདྲེས་རྙོགས་པར་མ་གྱུར། ནམ་བསྔལ་བའི་བར་དུའོ། །མདོར་ན། སྨྱོས་པར་གྱུར་དང་བྱིན་གྱིས་བརླབ། །གཅིག་པུ་འདུག་པར་གྱུར་པ་དང་། །གོས་ལ་བྱིན་གྱིས་མི་བརླབ་པ། །མཚམས་ཀྱི་ཕྱི་རོལ་དགེ་འདུན་གྱིའོ། །སྨྱོན་པ་ལས་གོས་བླང་

བར་བགྱིའམ། གསུངས་པ། ཁ་ཅིག་ལས་ནི་བླང་བར་བྱ། ཁ་ཅིག་ལས་ནི་བླང་བར་མི་བྱའོ། །གང་ལས་བླང་བར་བགྱི། གང་ལ་ཕ་དང་། མ་དང་། ཕུ་ནུ་བོ་དང་། སྲིང་མོ་ཡོད་པའམ། བདག་གིས་ཁྱིམ་ནས་བྱིན་པ་དེ་ནི་བླང་བར་བྱའོ། །གང་ལས་མི་བླང་བར་བགྱི། གང་ལ་

ཕ་དང་། མ་དང་། ཕུ་ནུ་བོ་དང་། སྲིང་མོ་དང་། རང་གི་ཁྱིམ་མེད་པས་བྱིན་པ་དེ་ནི་བླང་བར་མི་བྱའོ། །སྨྱོན་པ་གང་ནས་བཟུང་སྟེ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། གང་གི་ཚེ་རང་གི་སེམས་མལ་དུ་ཕེབས་པར་གྱུར་པ་ནའོ། །བཙུན་པ་དགེ་སློང་གང་གཅིག་པུ་གནས་ན་མཆིས་པ་

เล่ม ๑๓ · หน้า 224a

དེར་མི་དག་གིས་དགེ་འདུན་གྱི་ཕྱིར་གོས་ཕུལ་བ་དེ་དགེ་འདུན་གྱིས་མངོན་དུ་བགོ་བར་བགྱི་བ་ཞིག་ལགས་ན་དགེ་སློང་དེས་གོས་རྙེད་པ་ཇི་ལྟར་བགྱི། གསུངས་པ། ཨུ་པཱ་ལི་དེའི་ཕྱིར་ན་དགེ་སློང་དེས་སེམས་འདི་ལྟར་སྐྱེད་ལ་ཚིག་ཏུ་ཡང་འདི་སྐད་རྗོད་ཅིག །

གནས་འདི་ན་བདག་གཅིག་པུ་འདུག་སྟེ། གོས་འདི་ནི་དགེ་འདུན་གྱི་ཕྱིར་ཏེ་དགེ་འདུན་གྱིས་མངོན་དུ་བགོ་བར་རིགས་པ་ཞིག་ལས་བསྒོས་ནད་བདག་དབང་སྟེ་བྱི་བདར་བྱའོ། །སྤའོ། །བྱིན་གྱིས་བརླབ་པར་བྱ་སྟེ། བྱི་བདར་བྱས་སྦས་ཤིང་བྱིན་གྱིས་བརླབས་ལ་དེ་ལྟར་བྱས་ན་ལས་

བྱས་པ་ཞེས་བྱའོ། །དགེ་སློང་གཞན་དག་གཅིག་འོངས་སུ་ཟིན་ཀྱང་དེ་དག་ལ་སྐལ་བ་མ་བྱིན་ཅིག །དེ་ལྟར་མ་བྱས་ན་དགེ་སློང་དེ་གཅིག་པུས་གོས་དེ་མ་བཀུར་ཅིག །ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དེ་དག་ཀྱང་མཚུངས་པར་དབང་བ་ལས་དེ་གཅིག་

པུས་དགེ་འདུན་གྱི་ཕྱིར་བྱིན་གྱིས་བརླབས་པ་ལས་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་ཁྱེར་ན་ཉེས་བྱས་སུ་འགྱུར་རོ། །དེ་སྟེ་རྐུ་སེམས་སུ་གྱུར་ན་འདས་པ་དང་བཅས་པར་འགྱུར་རོ། །མདོར་ན། དགེ་བསྙེན་པའི་ནི་བུ་དང་སྟེ། །དབྱར་གནས་མངོན་དུ་གྱུར་པ་དང་། །འདས་དང་

མ་འོངས་དགེ་སློང་དག །འདི་ལྟར་དབྱར་ནི་ཞིག་པར་གྱུར། །དགེ་བསྙེན་ཀྱིས་བུ་སྨ་ཕབ་པར་གྱུར་ན་དེ་ལས་གོས་བླང་བར་བགྱིའམ། མི་བླང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་མི་བླང་བ་ཞེས་བྱའོ། །གོས་འདི་དབྱར་གནས་པའི་དགེ་འདུན་ལ་ཕུལ་ན་

ཡང་དེ་དབྱར་གྱི་ཟླ་བ་ཐ་མ་ཡང་མ་ཡིན་ལ་གནས་དེར་གཏན་པ་ཡང་བཏིང་བར་མ་གྱུར་ཏེ། དབྱར་གྱི་ཟླ་བ་ཐ་མ་ཡང་མ་ཡིན་ལ་དེ་གནས་དེར་གཏན་པ་མ་བཏིང་དུ་ཟིན་གྱིས་ཀྱང་དབྱར་གནས་པའི་རྣམས་ལ་གོས་དེ་དབང་བར་འགྱུར་རོ། །གོས་འདི་ནི་དགེ་འདུན་མངོན་དུ་གྱུར་པ་

རྣམས་ཀྱི་ཡིན་ནོ་ཞེ་ན། དེ་ཡང་དབྱར་གྱི་ཟླ་བ་ཐ་མར་ཀྱང་གྱུར། གནས་དེར་གཏན་པ་ཡང་བཏིང་བར་གྱུར་ན་ཟླ་བའི་ཐ་མ་ཡང་ཡིན་ཞིང་གནས་དེར་གཏན་པ་བཏིང་བར་གྱུར་དུ་ཟིན་ཀྱང་། གང་དབྱར་དེར་མ་གནས་པ་དེ་དག་ཀྱང་གོས་དེ་དབང་བར་འགྱུར་རོ། །གོས་འདི་དགེ་

เล่ม ๑๓ · หน้า 224b

འདུན་མངོན་སུམ་དུ་ཚོགས་པ་ལ་ཕུལ་བར་གྱུར་ཏེ། དགེ་སློང་གང་གནས་འདིར་ལོ་ཕྱི་མར་གནས། ཡང་ཕྱིར་གནས། གསུམ་ཕྱིར་གནས། དེ་བཞིན་དུ་ལོ་ཕྱི་མ་བཅུའི་བར་དུ་གནས་པ་དེ་དག་ལ་དབུལ་ལོ་ཞེ་ན། དེར་དབྱར་གྱི་ཟླ་བ་ཐ་མར་གྱུར་ལ་གཏན་པ་

བཏིང་བར་ཀྱང་གྱུར་ཏོ། །དེ་དབྱར་གྱི་ཟླ་བ་ཐ་མར་གྱུར་དུ་ཟིན་ཀྱང་གང་ལ་བྱིན་པ་དེ་དག་དབང་སྟེ། སྔ་མའི་ཟླ་བ་དང་པོ་དང་གཉིས་པོ་ནས་བཅུའི་བར་དུ་རྒྱས་པར་བརྗོད་དོ། །དགེ་སློང་དབྱར་གནས་གནས་པ་ལས་དགེ་འདུན་གྱི་དོན་ཅིག་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་

ན་དེའི་དབྱར་གྱི་སྐལ་བ་དབང་བ་གང་ནས་སྩལ། གང་གི་དོན་གྱི་ཕྱིར་སོང་བ་དང་། གང་དུ་རིང་དུ་གནས་པར་གྱུར་པའོ། །དབྱར་ཞིག་པ་ལ་གོས་ཀྱི་སྐལ་བ་སྩལ་བར་བགྱིའམ། ཁ་ཅིག་ལ་ནི་སྦྱིན་པར་བྱའོ། །ཁ་ཅིག་ལ་ནི་མི་སྦྱིན་པར་བྱའོ། །གང་ལ་སྩལ་

བར་བགྱི། གང་ལ་སྔ་མ་དང་ཕྱི་མ་ཡོད་པ་དང་། གང་དུ་རིང་དུ་གནས་པར་གྱུར་པ་ལའོ། །གང་ལ་མི་སྩལ་བར་བགྱི། གང་ལ་སྔ་མ་ཡང་མེད་ལ་ཕྱི་མ་ཡང་མེད་པ་དང་། གང་རིང་དུ་མ་གནས་པར་གྱུར་པའོ། །མདོར་ན། ནད་པ་ཡི་ནི་དོན་ལ་སྟེ། །ནད་གཡོག་ཏུ་

ནི་གྱུར་པ་དང་། །རུང་བར་བྱས་དང་བསླབ་པ་བྱིན། །ནོར་རྣམས་རུང་བར་ཇི་ལྟར་བྱ། །དགེ་སློང་ནད་གཡོག་བགྱིད་པ་དེ་དོན་ཅིག་ལ་མཚམས་ཀྱི་སླད་རོལ་དུ་མཆིས་པ་དང་། དེ་མཚམས་ཀྱི་སླད་རོལ་དུ་མཆིས་པའི་འོག་ཏུ་ནད་པ་དུས་ལས་འདས་ན་ནད་གཡོག་ལ་གོས་རྣམས་

སྩལ་བར་བགྱིའམ་མི་སྩལ་བར་བགྱི། ཁ་ཅིག་ལ་ནི་སྦྱིན་པར་བྱའོ། །ཁ་ཅིག་ལ་ནི་མི་སྦྱིན་པར་བྱའོ། །གང་ལ་སྩལ་བར་བགྱི། གང་ནད་པའི་དོན་གྱི་ཕྱིར་བྲེལ་བར་གྱུར་པ་དེ་ལ་ནི་སྦྱིན་པར་བྱའོ། །གང་རང་གི་དོན་ཏམ་གཞན་གྱི་དོན་ལ་བྲེལ་བར་གྱུར་པ་དེ་ལ་ནི་མི་སྦྱིན་

ནོ། །ཁྱིམ་པ་ཞིག་ནད་པའི་གཡོག་བགྱིད་ན་གོས་སྩལ་བར་བགྱིའམ་མི་སྩལ་བར་བགྱི། གསུངས་པ། མི་སྦྱིན་ཏེ། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་ཡང་དེ་བཞིན་དུ་མི་སྦྱིན་ནོ། །དགེ་ཚུལ་ཕ་ཞིག་ནད་གཡོག་བགྱིད་ན་དེ་ལ་ནད་གཡོག་གི་

เล่ม ๑๓ · หน้า 225a

གོས་སྩལ་བར་བགྱིའམ། མི་སྩལ་བར་བགྱི། གསུངས་པ། སྦྱིན་པར་བྱའོ། །ཇི་ཙམ་ཞིག་སྩལ། ཀུན་དང་ཡང་མཉམ་པར་རོ། །ནད་གཡོག་དབྱར་གནས་གཞན་དུ་ཚུལ་དུ་ཞུགས་པ་ཞིག་ན། དེ་ལ་ནད་གཡོག་གི་གོས་སྩལ་བར་བགྱིའམ། མི་སྩལ་བར་

བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ། །ནད་གཡོག་སུས་བགྱི། མཁན་པོ་དང་། སློབ་དཔོན་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། སྨྲ་བ་དང་། ཀུན་དུ་སྨྲ་བ་དང་། སྟོན་པ་དང་། ལྷན་ཅིག་སྤྱོད་པ་དང་། སློབ་མས་སོ། །

དེ་སྟེ་མེད་ན་དགེ་འདུན་གྱིས་ནད་གཡོག་སྐོས་ཤིག །དེ་སྟེ་དགེ་འདུན་གྱིས་ཀྱང་ནད་གཡོག་མ་བསྐོས་ན་འདས་པ་དང་བཅས་པའོ། །ནད་གཡོག་གིས་ཀྱང་ནད་པའི་ནད་གཡོག་མ་བྱས་ན་ཉེས་བྱས་སུ་འགྱུར་རོ། །དེ་སྟེ་ནད་པས་ནད་གཡོག་ལ་ཆོས་བཞིན་དུ་བསྒོ་བ་མ་མཉན་ན་ཉེས་བྱས་སུ་

འགྱུར་རོ། །ནད་པ་ལ་ཡང་དེ་བཞིན་ནོ། །ནད་པ་ལ་ཇི་སྲིད་དུ་ནད་གཡོག་བགྱི། ཇི་སྲིད་ནད་པ་ཤི་བའམ། དེ་སྟེ་སོས་པར་གྱུར་པའི་བར་དུའོ། །མི་ཕན་པ་རྣམས་སྤོང་བར་བྱེད། ཕན་པའི་རྣམས་ནི་སྒྲུབ་པར་བྱེད། དོན་རྣམས་ཀྱང་ཉམས་པར་མི་བྱེད་པ་བསླབ་པ་སྩལ་པས་

གང་ནས་བཟུང་ཞིང་གོས་རྣམས་བྱིན་གྱིས་བརླབ་པར་བགྱི་ནམ་རྙེད་ནའོ། །ནོར་རྣམས་ཇི་ལྟར་རུང་བར་བགྱི། མི་རུང་བ་འདིས་རུང་བ་བསྒྲུབ་པར་བྱ་ཞིང་ན་བའི་སྨན་རྣམས་གཞག་པར་བྱའོ་སྙམ་དུའོ། །མདོར་ན། དགེ་སློང་གནས་པ་རྣམ་བཞི་ནི། །གནང་བ་དང་ནི་རས་རྣམས་དང་། །

སོང་ནས་སླར་འོངས་སྤང་བ་དང་། །སྦོམ་པོ་མུ་སྟེགས་ཅན་དང་གསུམ། །དགེ་སློང་གིས་སྔར་ཡང་མ་ལགས། སླད་ཀྱིས་ཀྱང་མ་ལགས་པར་གནས་བཞིར་དབྱར་ཅིག་ཅར་ཚུལ་དུ་ཡང་ཞུགས་ལ་ནོངས་པར་ཀྱང་མི་འགྱུར་བ་མཆིས་སམ། ཡོད་དེ། དེ་འདི་ལྟར་དགེ་སློང་

དེ་ཁྲིའམ་རེ་ལྡེའམ་ར་གོང་ཡང་རུང་སྟེ། གནས་བཞིའི་མཚམས་སུ་མནན་ནས་དབྱར་ཚུལ་དུ་ཞུགས་ན་ཚུལ་དུ་ཞུགས་པ་ཞེས་ཀྱང་བྱ་སྟེ། ཉེས་པ་ཡང་མེད་དོ། །དེའི་གོས་ཀྱི་བགོས་སྐལ་གང་ནས་འཐོབ། ཐམས་ཅད་ནས་སོ། །དབྱར་གྱི་རས་ཆེན་ཚད་ལས་ཆུང་ངུ་འཆང་ན་དེའི་

เล่ม ๑๓ · หน้า 225b

ནོངས་པ་གང་ལགས། གསུངས་པ། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་གཡན་པ་དགབ་པ་དང་གདིང་བ་ཡང་དེ་བཞིན་ནོ། །སོང་ནས་སླར་མཆིས་པའི་གོས་ཀྱིས་གཏན་པ་གདིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། མ་བཏིང་བ་ཞེས་བགྱི། གསུངས་པ། གཏན་པ་མ་

བཏིང་བ་ཞེས་བྱའོ། །གོས་དེ་གང་ལགས། ལམ་ཕན་ཆད་ནས་རྙེད་པའོ། །སྤང་བ་བྱུང་བའི་གོས་རྣམས་བགོས་ན་དེའི་ལྟུང་བ་གང་ལགས། གསུངས་པ། ཉེས་བྱས་སོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་གོས་མ་མཆིས་པ་དང་། འོལ་བའི་སྒྲོ་དང་། སྐྲའི་ལ་བ་དང་གསུམ་

འཆང་ན་དེའི་ལྟུང་བ་གང་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་གསུམ་པོ་མ་གཏོགས་པར་མུ་སྟེགས་ཅན་གྱི་རྒྱལ་མཚན་གཞན་འཛིན་ན་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་བྱས་སོ། །འདུལ་བ་གཞུང་དམ་པ་ལས།

མ་ན་བི་ཀ་བའི་སྒོ་དང་པོ་སྟེ་རྫོགས་སྷོ།། །།མདོར་བསྡུས་པར་ན། རྙིངས་པ་གདིང་དང་རིངས་པ་གསུམ། །གཟུ་བོའི་ཉེས་པ་ཇི་ཙམ་གྱིས། །ཀོ་ཤམ་བིས་ནི་ཇི་ལྟར་ལས་བྱས་པ། །ལས་དང་གཟུ་བོ་རྗེས་སུ་བསྒྲགས། །བསྡིགས་པ་བསྡུས་ནས་བསྒྲགས་པའོ། །མདོར་

ན། རྙིངས་པ་སར་པ་གཉིས་པོ་དང་། །ཁ་དོག་ཅན་དང་མ་བཞག་པ། །མི་རུང་དང་ཡང་དེ་བཞིན་ཏེ། །ཡོངས་སྤྱད་དང་མ་བགོས་རུང་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གོས་རྙིངས་པ་གཏན་པར་བཏིང་ན་གཏན་པར་མ་བཏིང་བའོ། །ཞེས་གསུངས་ན། གོས་རྙིངས་པ་

གང་ལགས། གོས་གང་ཡང་གཏན་པར་བཏིང་བར་གྱུར་པའོ། །བཅོམ་ལྡན་འདས་ཀྱིས་གོས་སར་པ་གཏན་པར་བཏིང་ན་གཏན་པ་བཏིང་བ་ཡིན་ནོ་ཞེས་གསུངས་ན། གོས་སར་པ་གང་ལགས། གོས་གང་སྔར་གཏན་པར་མ་བཏིང་བའོ། །བཅོམ་ལྡན་འདས་ཀྱིས་གཏན་པ་བཏིང་བའི་

དགེ་སློང་གིས་གོས་ལེན་པའི་ཚེ་སེམས་གསུམ་བསྐྱེད་པར་བྱའོ། །ཐོག་མར་འགྲོ་བར་བྱའོ། །གང་གི་ཚེ་མཐར་ཕྱིན་ན་སྐུད་ཁམ་གསུམ་ཙམ་ཡང་དྲུབས་ལ། སེམས་རྣམ་པ་གསུམ་ཡང་བསྐྱེད་པར་བྱའོ། །འཁྲུ་བ་དང་། འདྲ་བ་དང་། བཙོ་བ་དང་། དཀྱིལ་འཁོར་ཕྱེད་དང་གསུམ་

เล่ม ๑๓ · หน้า 226a

པ་ཡང་བྱོས་ཤིག་ཅེས་གསུངས་ན། གཏན་པ་བཏིང་བས་སེམས་རྣམ་པ་གསུམ་བསྐྱེད་ན་གཏན་པ་བཏིང་ཞེས་བགྱིའམ། དེ་སྟེ་གོས་འདི་ནི་དགེ་འདུན་གྱི་གཏན་པར་གཏིང་སྟེ། བདག་གིས་ཞེས་སེམས་རྣམ་པ་གཉིས་བསྐྱེད་པར་བགྱི། སེམས་དེ་ལྟར་རྣམ་གཉིས་

བསྐྱེད་དེ་གཏན་པར་བཏིང་ན་གཏན་པ་གདིང་བ་ལ་ཉེས་བྱས་སུ་འགྱུར་རོ། །སྤང་བའི་གོས་གཏན་པར་བཏིང་ན་གཏན་པར་བཏིང་བར་མི་འགྱུར་རོ་ཞེས་གསུངས་ན། སྤང་བའི་གོས་གང་ལགས། ཞག་བཅུ་ལས་འདས་པའམ། ནུབ་གཅིག་བྲལ་བར་གྱུར་པའོ། །མི་རུང་བའི་གོས་གཏན་པར་

བཏིང་ན་གཏན་པར་བཏིང་བ་མ་ཡིན་ནོ་ཞེས་གསུངས་ན། མི་རུང་བའི་གོས་གང་ལགས། གོས་གང་རྒྱུ་མི་རུང་བར་གྱུར་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གོས་བགོས་པ་རྙིང་པ་གཏན་པ་བཏིང་ན་གཏན་པར་བཏིང་བ་མ་ཡིན་ནོ་ཞེས་གསུངས་ན། གོས་རྙིང་པ་བགོས་པ་དེ་གང་ལགས།

གོས་གང་དགེ་སློང་གིས་རྟག་ཏུ་བགོས་པའོ། །མ་བགོས་པའི་གོས་གཏན་པར་བཏིང་ན་གཏན་པར་བཏིང་བ་ཡིན་ནོ་ཞེས་གསུངས་ན། མ་བགོས་པའི་གོས་གང་ལགས། གོས་གང་རྒྱུ་ལས་གསར་དུ་བཏགས་པའོ། །མ་བགོས་པ་རུང་བའི་གོས་གཏན་པར་བཏིང་ན་གཏན་པར་བཏིང་

བ་ཡིན་ཞེས་གསུངས་ན། མ་བགོས་པ་རུང་བའི་གོས་གང་ལགས། གོས་གང་ཁོད་དང་ལྡན་པ་དེ་གཏན་པར་བཏིང་ན་གཏན་པར་བཏིང་བ་ཞེས་བྱའོ། །མདོར་ན། མ་བཏིང་བར་ནི་དགེ་འདུན་བྱེ། །བཏིང་ནས་བྱེ་བར་གྱུར་པ་ནི། །ཕྱོགས་གཅིག་པ་ནི་གང་གིས་བགྱི། །ཟིན་པར་བྱ་བར་

གྱུར་པའོ། །བཙུན་པ་གཏན་པ་མ་བཏིང་བའི་གནས་སུ་དགེ་འདུན་བྱེ་ནས་དེ་དག་ལས་ཕྱོགས་གཅིག་གམ་ཕྱོགས་གཉིས་པས་གཏན་པ་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་གཏན་པ་བཏིང་བ་ཞེས་བྱའོ། །དེ་ཐམས་ཅད་ཅི་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་

པཱ་ལི་མ་ཡིན་ཏེ། གང་གིས་བཏིང་བ་དེ་དག་ལ་ནི་བཏིང་བ་ཞེས་བྱའི་གང་གིས་མ་བཏིང་བ་དེ་དག་ནི་གཏན་པ་མ་བཏིང་བ་ཞེས་བྱའོ། །བཙུན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ནས་དེ་དག་ལས་ཕྱོགས་གཅིག་པའམ་ཕྱོགས་གཉིས་པོས་ཀྱང་རུང་གཏན་པ་བྱུང་ན་གཏན་པ་ཕྱུང་བ་ཞེས་

เล่ม ๑๓ · หน้า 226b

བགྱིའམ། ཨུ་པཱ་ལི་ཕྱུང་བའོ། །ཅི་ཐམས་ཅད་ཀྱིས་ཕྱུང་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། གང་གིས་གཏན་པ་ཕྱུང་བ་དེ་དག་ལ་ནི་ཕྱུང་བ་ཞེས་བྱ། གང་གིས་མ་ཕྱུང་བ་དེ་དག་ལ་ནི་གཏན་པ་ཕྱུང་བ་ཞེས་མི་བྱའོ། །དགེ་འདུན་ཕྱོགས་དང་། ཕྱོགས་མ་ཡིན་པར་བྱེ་སྟེ་མཆིས་ན་

གང་གིས་གཏན་པ་གདིང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་བཞིན་སྨྲ་བ་རྣམས་ཀྱིས་སོ། །བཙུན་པ་གོས་མ་ལགས་པར་དགེ་འདུན་གྱི་གཏན་པར་བཏིང་ན་གཏན་པར་བཏིང་བ་ཞེས་བགྱིའམ། གཏན་པར་མ་བཏིང་བ་ཞེས་བགྱི། ཨུ་པཱ་ལི་མ་བཏིང་བ་ཞེས་བྱའོ། །

བཙུན་པ་གོས་ཟིན་ནས་གཏན་པར་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པཱ་ལི་བཏིང་བ་ཞེས་བྱའོ། །མདོར་ན། སེམས་གསུམ་བསྐྱེད་དང་བག་ཡངས་དང་། །རྐྱེན་དང་གཏན་པ་དེ་ཡི་དོན། །ཨུ་པཱ་ལི་གནས་བྲེལ་བའོ། །གཏན་པ་བཏིང་བའི་དགེ་སློང་གིས་མཇུག་ཏུ་ཁབ་སོ་འདྲུབ་

པའི་ཚེ་སེམས་གསུམ་བསྐྱེད་པར་གྱིས་ཤིག་ཅེས་གསུངས་ན། དེ་གང་ལགས། གོས་འདི་དགེ་འདུན་གྱི་གཏན་པར་གདིང་བར་བྱའོ། །གོས་འདི་ནི་གདིང་ངོ་། །གོས་འདི་ནི་བཏིང་ངོ་ཞེས་བརྗོད་དོ། །གཏན་པ་གདིང་བ་དེ་ལྟར་སེམས་གསུམ་བསྐྱེད་ན་གཏན་པ་བཏིང་བ་ཞེས་བགྱིའམ།

མ་བཏིང་བ་ཞེས་བགྱིའམ། བཏིང་བ་ཞེས་བྱའོ། །འོན་ཀྱང་སེམས་བསྐྱེད་པ་རྣམ་པ་གཉིས་ནི་སྔ་མ་བཞིན་དུ་གྱིས་ཤིག །སེམས་དེ་གཉིས་མ་བསྐྱེད་ན་ཅིར་འགྱུར། གཏན་པ་བཏིང་བ་ཞེས་ནི་བྱ་སྟེ། གཏན་པ་གདིང་བ་ནི་ཉེས་བྱས་སུ་འགྱུར་རོ། །གཏན་པ་བཏིང་བའི་གནས་སུ་

རྐྱེན་དུས་བག་ཡངས་སུ་འགྱུར། ལྔ་སྟེ། གོས་ཅི་རྙེད་འཆང་ཡང་རུང་བ་དང་། སྦྱར་མ་མེད་བཞིན་དུ་གྲོང་དུ་འཇུག་པ་དང་། འདུས་ཤིང་ཟ་བ་དང་། ཡང་ཡང་ཟ་བ་དང་། མ་བསྒོ་བར་སྤྱོད་པ་དང་། སྟེང་གོས་དང་། མཐང་གོས་ཀྱིས་ལྗོངས་སྤྱོད་དུ་འགྲོ་བའོ། །བཙུན་པ་རྒྱུ་

དུ་རྐྱེན་དུས་ན་སྦྱར་མ་བཞག་ཀྱང་འབྲལ་བར་མི་འགྱུར། ལྔ་སྟེ། ཇི་ལྟར་འདུལ་བ་ལས་འདུས་པར་འབྱུང་བ་བཞིན་དུ་དབྱར་གྱི་རས་ཆེན་གཞག་པའང་དེ་བཞིན་ནོ། །གཏན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། གཏན་པ་ཞེས་བྱ་བ་ནི་གོས་ལ་བྱ་སྟེ། གོས་གང་དགེ་འདུན་གྱི་གཏན་

เล่ม ๑๓ · หน้า 227a

པར་གདིང་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཨུ་པཱ་ལི་ཁྱོད་གནས་བྲེལ་བའོ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། གནས་གང་ན་གོས་རྙེད་པར་གྱུར་པ་ནི་བྲེལ་བ་ཞེས་བྱའོ། །མདོར་ན། བརྟད་དང་ཟླ་བ་གསུམ་པ་དང་། །དུས་དང་ཞིག་པར་གྱུར་པ་

དང་། །གང་ཟག་ལྔ་དང་མ་ལྟ་བུ། །གང་ཟག་གསུམ་གདིང་བ་འབྱིན་པ་ཐ་མའོ། །བརྟད་པའི་གོས་གཏན་པར་བཏིང་ན་གཏན་པ་བཏིང་བ་ཡིན་ནོ་ཞེས་གསུངས་ན། བརྟད་པའི་གོས་གང་ལགས། ཞག་འདི་ཙམ་ན་སྐབས་འབྱེད་པར་འགྱུར་བའི་ཚེ་རྙེད་པའོ། །ཟླ་བ་གསུམ་

འདས་ནས་གོས་རྙེད་པ་དེ་གཏན་པར་བཏིང་ན་གཏན་པར་བཏིང་བ་ཡིན་ནོ་ཞེས་གསུངས་ན། ཟླ་བ་གསུམ་འདས་པའི་གོས་གང་ལགས། གཞི་ན་འཁོད་པ་རྣམས་ཀྱིས་ནི་བཅྭ་ལྔ་གྱུར། བློ་བུར་དུ་ཡང་དགེ་སློང་མང་ཞིག་ལྷགས་ཏེ་དེ་དག་ལྟ་བ་མཐུན་པ་ཡོངས་སུ་དག་པ་དེ་དག་

གི་ནི་ཉིན་པར་བཅུ་བཞིར་གྱུར་ལ། དེ་སྟེ་གཞི་ན་འཁོད་པ་ལྟར་གློ་བུར་དུ་ལྷགས་པའི་རྣམས་བྱེད་ན་ནི་དེའི་ཚེ་གོས་གང་རྙེད་པ་དེ་ཟླ་བ་གསུམ་འདས་ནས་རྙེད་པའི་གོས་ཡིན་ཏེ། དེ་གཏན་པར་བཏིང་ན་གཏན་པར་བཏིང་བ་ཞེས་བྱའོ། །དུས་ཀྱི་གོས་གཏན་པར་བཏིང་ན་གཏན་པར་བཏིང་བ་

ཡིན་ནོ་ཞེས་གསུངས་ན། དུས་ཀྱི་གོས་གང་ལགས། གོས་གང་དབྱར་གྱི་ཟླ་བ་ཐ་མ་ལ་རྙེད་པའོ། །གོས་ཞིགས་པ་གཏན་པར་བཏིང་ན་གཏན་པར་བཏིང་བ་མ་ཡིན་ནོ་ཞེས་གསུངས་ན། གོས་ཞིགས་པ་གང་ལགས། གང་དགེ་སློང་གི་ལུས་ལས་དེངས་པའོ། །གང་ཟག་ལྔས་

གཏན་པ་བཏིང་ན་གཏན་པ་བཏིང་བ་མ་ཡིན་ཏེ། ལྔ་གང་ཞེ་ན། དབྱར་མེད་པ་དང་། དབྱར་ཞིག་པ་དང་། དབྱར་ཕྱི་མར་ཞུགས་པ་དང་། སྤངས་པ་དང་། རྗེས་སུ་ཕྱོགས་པའོ། །མ་ལྟ་བུའི་གཞི་ལས་རྣམ་པ་འདི་བརྒྱད་ཀྱིས་ན་གཏན་པ་ཕྱུང་བར་འགྱུར་རོ། །མཐུན་

པར་གཟུང་བ་གང་། ཐ་མ་གཉིས་ཀྱི་ཆ་མ་གཏོགས་པའི་ལྷག་མ་རྣམས་ནི་མཐུན་པར་གཟུང་བ་མ་ཡིན་ནོ། །བཞི་ལས་ཉུང་བས་གཏན་པ་བཏིང་ན་གཏན་པ་བཏིང་བ་ཞེས་བགྱིའམ། མ་བཏིང་བ་ཞེས་བྱའོ། །དེ་བཞིན་དུ་བཞི་པོ་ཁྱིམ་པའམ། དེ་བཞིན་གཤེགས་པ་

เล่ม ๑๓ · หน้า 227b

ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་བར་དང་། བཞི་པོས་གཏན་པ་བཏིང་ན་བཏིང་བ་མ་ཡིན་ནོ། །གང་གི་ཉིན་པར་གཏན་པ་བཏིང་ན་དེའི་ཉིན་པར་གསོལ་བ་དང་ལས་མ་བགྱིས་པར་ཕྱུང་བར་འགྱུར་བ་མཆིས་སམ། ཡོད་དེ། དེ་འདི་ལྟར་གཞི་ན་གནས་པའི་རྣམས་ཀྱིས་ཚེས་བཅུ་

དྲུག་ལ་གཏན་པ་བཏིང་བ་དང་། གློ་བུར་དུ་དགེ་སློང་མང་ཞིག་ལྷགས་ཏེ། དེ་དག་ཀྱང་ཡོངས་སུ་དག་ལ་ལྟ་བ་མཐུན། གནས་མཐུན་ཏེ་དེ་དག་གིས་ནི་དེའི་ཉིན་པར་ཚེས་བཅྭ་ལྔ་ཡིན་ཏེ། དེ་ན་གཞི་ན་འཁོད་པ་རྣམས་ཀྱིས་ཀྱང་དེ་དག་དེ་ལྟར་བྱས་ཏེ་དེའི་ཉིན་པར་གསོ་སྦྱིན་བྱས་

ན་གསོལ་བ་དང་ལས་མ་བྱས་པར་གཏན་པ་ཕྱུང་བར་འགྱུར་རོ། །མདོར་ན། ཇི་ཙམ་གྱིས་ནི་དགེ་འདུན་ལ། །དེ་ཡི་ཚུལ་ལ་རྣམ་པ་གསུམ། །གཞན་གྱིས་གཞན་ལ་བདེ་བ་དང་། །དགེ་སློང་རྣམས་ཀྱི་གསོ་སྦྱིན་ནོ། །ཇི་ཙམ་གྱིས་ན་དགེ་འདུན་གྱི་དབྱེན་བགྱིས་པའི་གང་ཟག་

ལགས། དེ་བཞིན་གཤེགས་པའི་ཉན་ཐོས་འདུས་པའི་དགེ་འདུན་ཕྱེ་ན་མནར་མེད་པའི་ཁ་ན་མ་ཐོ་བ་ཐོབ་པར་འགྱུར་ལ་དེ་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་སུ་ཡང་འགྱུར་རོ། །ཨུ་པཱ་ལི་འདི་ལྟ་སྟེ། དགེ་སློང་གིས་ཆོས་མ་ཡིན་པ་ལ་ཆོས་བཞིན་མ་ཡིན་པའི་འདུ་

ཤེས་ཀྱིས་རྒྱས་པར་ཏེ་རྣམ་པ་བཅྭ་བརྒྱད་དུ་ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ནོ། །གང་དགེ་འདུན་གྱི་དབྱེན་བགྱིས་པ་དེ་ཐམས་ཅད་དགེ་འདུན་འཁྲུགས་པ་ལགས་སམ། གང་དགེ་འདུན་འཁྲུགས་པ་དེ་ཐམས་ཅད་དགེ་འདུན་གྱི་དབྱེན་ལགས། དགེ་འདུན་གྱི་དབྱེན་ཡིན་ལ་

འཁྲུག་པ་མ་ཡིན་པར་འགྱུར་བ་རྣམ་པ་བཞིར་སྦྱར་བ་ཡང་ཡོད་དོ། །དགེ་འདུན་གྱི་དབྱེན་ཡིན་ལ་འཁྲུག་པ་མ་ཡིན་པར་འགྱུར་བ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་ཕྱེ་བར་ནི་གྱུར་ལ་དགེ་འདུན་གྱི་དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ནི་མ་བཟུང་བར་གྱུར་པའོ། །དེ་ནི་དགེ་

འདུན་ཕྱེ་བ་ཡིན་ཏེ་དགེ་འདུན་འཁྲུག་པ་ནི་མ་ཡིན་ནོ། །དགེ་འདུན་འཁྲུགས་པར་གྱུར་ལ་དགེ་འདུན་ཕྱེ་བ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་གྱི་དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་བཟུང་བར་གྱུར་པ་དེ་ནི་དགེ་འདུན་འཁྲུགས་པར་གྱུར་གྱི་དགེ་འདུན་གྱི་དབྱེན་མ་ཡིན་

เล่ม ๑๓ · หน้า 228a

པའོ། །དགེ་འདུན་འཁྲུགས་ལ་དགེ་འདུན་བྱེ་བར་ཡང་གྱུར་པ་ནི། དེ་འདི་ལྟར་དགེ་འདུན་ཕྱེ་བར་ཡང་གྱུར་ལ་དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ཡང་ཤིན་ཏུ་ངེས་པར་བཟུང་བ་དེ་ནི་དགེ་འདུན་ཕྱེ་ལ་དགེ་འདུན་འཁྲུགས་པར་གྱུར་པའོ། །དགེ་

འདུན་གྱི་དབྱེན་ཡང་མ་ཡིན་ལ་འཁྲུགས་པར་ཡང་མ་གྱུར་པ་གང་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ། །གང་དགེ་འདུན་བྱེ་བའི་དགེ་འདུན་དེ་ཐམས་ཅད་ཐ་དད་དུ་གྱུར་པ་ལགས་སམ། གང་དགེ་འདུན་ཐ་དད་དུ་གྱུར་པ་དེ་ཐམས་ཅད་དགེ་འདུན་བྱེ་བ་ལགས། དགེ་འདུན་

བྱེ་ལ་དགེ་འདུན་ཐ་དད་དུ་མ་གྱུར་པའང་ཡོད་དེ། རྣམ་པ་བཞིར་སྦྱར་རོ། །དྲིས་པ། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་མ་གྱུར་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་བྱེ་བར་ནི་གྱུར་ན་དགེ་འདུན་གནས་ཐ་དད་པའམ། གོས་ཐ་དད་དུ་གྱུར་པ་མེད་པ་དེ་ནི་དགེ་འདུན་བྱེ་མོད་ཀྱི་

དགེ་འདུན་ཐ་དད་དུ་གྱུར་པ་མ་ཡིན་ནོ། །དགེ་འདུན་ཐ་དད་དུ་གྱུར་ལ་དགེ་འདུན་མ་བྱེ་བ་གང་ཞེ་ན། འདི་ལྟར་དགེ་འདུན་གཉིས་ཐ་དད་དུ་གྱུར་པ་ནས་རྒྱས་པར་ཏེ། དགེ་འདུན་བྱེ་བར་མ་གྱུར་པའི་བར་དུ་དགེ་འདུན་ཐ་དད་དུ་གྱུར་མོད་ཀྱི་མ་བྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་

དད་དུའང་སྤྱོད་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་དེ་དག་བྱེ་བར་ཡང་གྱུར་ལ། དགེ་འདུན་གཉིས་སུ་གནས་ཀྱིས་ཐ་དད་པའམ། མཚམས་ཀྱིས་ཐ་དད་པའམ། རྙེད་པ་ཐ་དད་པའམ། གོས་ཐ་དད་པར་སྤྱོད་པར་གྱུར་པ་དེ་ནི་དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་གྱུར་པ་

ཡིན་ནོ། །དགེ་འདུན་བྱེ་བའང་མེད་ལ་དགེ་འདུན་ཐ་དད་དུའང་གྱུར་པ་ཡང་མ་ཡིན་པ་གང་ཞེ་ན། རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། །གང་དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་སོ་སོར་གྱུར་པ་ལགས་ལ་གང་དགེ་འདུན་སོ་སོར་གྱུར་པ་དེ་ཐམས་ཅད་དགེ་འདུན་བྱེ་བར་

འགྱུར་རམ། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་གྱུར་པའང་མ་ཡིན་པའང་ཡོད་དེ། དེ་ཡང་རྣམ་པ་བཞིར་སྦྱར་རོ། །དགེ་འདུན་བྱེ་ལ་ཐ་དད་དུ་གྱུར་པ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་བྱེ་བར་གྱུར་ཀྱང་དགེ་འདུན་གཉིས་གནས་ལས་སོ་སོའམ། གོས་ལས་

เล่ม ๑๓ · หน้า 228b

སོ་སོར་སྤྱོད་པ་མང་བ་དེ་ནི་དགེ་འདུན་བྱེ་མོད་ཀྱི་དགེ་འདུན་ཐ་དད་དུ་གནས་པ་མ་ཡིན་ནོ། །དགེ་འདུན་ཐ་དད་དུ་གྱུར་ཅིང་དགེ་འདུན་མ་བྱེ་བ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་གཉིས་གནས་དང་མཚམས་དང་རྙེད་པ་སོ་སོར་གྱུར་པ་དེ་ནི་དགེ་འདུན་ཐ་དད་དུ་གྱུར་ཅིང་དགེ་འདུན་བྱེ་བ་མ་ཡིན་

པའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་གྱུར་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་བྱེ་བར་ཡང་གྱུར་ལ། གཉིས་གནས་ཐ་དད་དུ་འཁོད་པ་ལ་སོགས་པ་སྔ་མ་བཞིན་ནོ། །དགེ་འདུན་བྱེ་བའང་མ་ཡིན་ལ་དགེ་འདུན་ཐ་དད་དུ་གནས་པ་ཡང་མ་ཡིན་པ་གང་ཞེ་ན། རྣམ་པ་དེ་ལྟ་བུ་

མ་གཏོགས་པའོ། །དགེ་འདུན་བྱེ་ནས་ཐ་དད་དུ་སྤྱོད་པ་ལས་ཕྱོགས་གཅིག་གམ་གཉིས་པོས་མཚམས་བཀྲོལ་ན་བཀྲོལ་བ་ཞེས་བགྱིའམ། དེ་སྟེ་ཆོས་བཞིན་སྨྲ་བས་བཀྲོལ་ན་ནི་བཀྲོལ་བ་ཞེས་བྱའོ། །དགེ་འདུན་ཕྱེ་ནས་ཕྱོགས་སོ་སོར་གནས་ཤིང་འཁོད་ན་དགེ་སློང་མ་རྣམས་

ཀྱིས་གསོ་སྦྱིན་བགྱིའམ། བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དང་དགེ་སློང་རྣམས་སོ་སོར་གནས་པའི་ཕྱིར་རོ། །མདོར་ན། གཟུ་བོ་ལས་ནི་གཉིས་སུ་བྱ། །སྤངས་པ་དེ་ཡང་གྲོགས་མེད་པ། །སྤངས་པར་གྱུར་པ་མི་ཤེས་ན། །རྗེས་སུ་ཕྱོགས་དང་སྤྱོད་པ་དང་། །དབྱེན་བྱེད་

རྗེས་སུ་འཇུག་པའོ། །དགེ་འདུན་ཕྱེ་ནས་ཕྱོགས་དང་ཕྱོགས་མ་ཡིན་པར་གནས་ན་གཟུ་བོ་རྣམས་ཀྱིས་ཇི་ལྟ་བུར་བགྱི། མཚམས་ཀྱི་ཕྱི་རོལ་དུ་དོང་ལ་གསོ་སྦྱིན་བྱོས་ཤིག །དགེ་འདུན་བྱེ་ནས་ཕྱོགས་དང་ཕྱོགས་མཚམས་པར་འཁོད་ནས་དགེ་སློང་མ་ལ་བསྟན་པ་སུས་བགྱི། ཆོས་

བཞིན་སྨྲས་པས་སོ། །དེ་སྟེ་ཆོས་བཞིན་སྨྲ་བ་གཟུ་བོ་རྣམས་ཀྱིས་མཚམས་ཀྱི་ཕྱི་རོལ་དུ་དེང་ལ་སྟོན་ཅིག །སྤངས་པའི་རྗེས་སུ་ཕྱོགས་ན་ཉེས་པ་ཅིར་འགྱུར། གཉིས་ལ་ནི་ཉེས་བྱས་སོ། །གཅིག་ལ་ནི་ལྟུང་བའོ། །སྤངས་པ་དང་སྤངས་པ་གྲོགས་དང་བཅས་པ་ཞེས་བགྱིའམ། གྲོགས་

མ་མཆིས་པ་ཞེས་བགྱི། སྤངས་པ་ནི་ཐམས་ཅད་ཀྱང་གཅིག་པུ་སྟེ་གཉིས་སུ་མ་ཡིན་པ་གྲོགས་མེད་པ་ཞེས་བྱའོ། །སྤངས་པ་དང་ལྷན་ཅིག་ཏུ་སྤྱོད་པར་བགྱིའམ། མི་སྤྱད་པར་བགྱི། སྤངས་པ་ནི་ཐམས་ཅད་དང་ལྷན་ཅིག་ཏུ་མི་སྤྱད་པར་བྱའོ། །གང་སྤངས་པར་མ་འཚལ་ན་དེ་དང་

เล่ม ๑๓ · หน้า 229a

ལྷན་ཅིག་སྤྱོད་པར་བགྱིའམ། གང་ལ་སྤངས་པར་མི་ཤེས་ན་དེ་དང་ལྷན་ཅིག་གནས། ལྷན་ཅིག་སྤྱད་ཀྱང་ཉེས་པ་མེད་དོ། །ཉེ་བར་ཕྱོགས་པ་དང་ཉེ་བར་མ་ཕྱོགས་པ་ལྷན་ཅིག་ཏུ་སྤྱོད་ན་ཉེས་བྱས་སུ་འགྱུར་རོ། །ཉེ་བར་མ་ཕྱོགས་པ་དང་ཉེ་བར་ཕྱོགས་པ་དང་

ལྷན་ཅིག་ཏུ་སྤྱོད་ན་ཉེས་བྱས་སུ་འགྱུར་རོ། །དབྱེན་བྱེད་པའི་རྗེས་སུ་ཕྱོགས་པ་གང་ཟག་བཞི་ཡོད་ན་དགེ་འདུན་བྱེ་བ་ཞེས་བྱའོ། །ཇི་ཙམ་གྱིས་ན་དགེ་འདུན་གྱི་དབྱེན་དུ་འགྱུར། སྐྱེ་བོ་བཞི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པར་གྱུར་པའོ། །མདོར་ན། དེ་འདྲ་བ་དང་དད་པ་དང་། །

ཆོས་དང་ཆོས་བཞིན་འདྲ་བ་དང་། །ཉེས་ལས་དབྱུང་བ་སྤངས་པ་དང་། །དབྱེན་པར་མཐོང་དང་ཡན་ལག་གོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དེ་འདྲ་བའི་དགེ་སློང་སྤང་བར་མ་བྱེད་ཅིག་ཅེས་གསུངས་ན། དེ་འདྲ་བའི་དགེ་སློང་གང་ལགས། དགེ་སློང་གང་གྲགས་པ། བསོད་

ནམས་ཆེ་བ། མང་དུ་ཐོས་པའོ། །མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པ། གཡོག་མང་བ། འཁོར་མང་བ། དེ་ལྟ་བུ་ནི་དེ་འདྲ་བའི་དགེ་སློང་ཞེས་བྱའོ། །དེ་འདྲ་བའི་དགེ་སློང་སྤངས་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ། །དེ་སྟེ་དབྱེ་བའི་དེ་གང་ལགས། དེ་ལ་

དད་པའི་དགེ་སློང་ཞེས་ནི་ངས་དགོངས་ཏེ་གསུངས་ན་དད་པའི་དགེ་སློང་གི་ཚིག་བཞིན་དུ་ཉེས་པ་ཆོས་བཞིན་སླར་བྱོས་ཤིག །བྲམ་ཟེ་དད་པ་ཟེར་བ་ལྟར། དགེ་སློང་གིས་ཉེས་པ་ཆོས་བཞིན་མ་བྱས་ན་ཉེས་བྱས་སུ་འགྱུར་རོ། །ཆོས་བཞིན་དུ་སྨྲ་བའི་དགེ་སློང་སྟན་གྱི་བར་དུ་འདུག་ཤིག་

ཅེས་གསུངས་ན་ཆོས་བཞིན་དུ་སྨྲ་བ་གང་ལགས། གང་ཉེས་པ་གཅིག་ལ་གཅིག་པུ་སྙོལ་བ་དང་། འབྱུང་བར་སྩོལ་བ་དང་། ཕྱག་འཚལ་བར་སྟོན་པའོ། །དགེ་འདུན་བྱེ་ནས་ཕྱོགས་མ་ཡིན་པར་གནས་ན། གཏན་པ་བཏིང་བ་སུས་དབྱུང་བར་བགྱི། ཆོས་བཞིན་དུ་སྨྲ་བ་

དག་གིས་དབྱུང་ངོ་། །སྤངས་པའི་དགེ་སློང་དག་སྤུ་ཉལ་བ་དང་། དབྱུང་བར་སྩོལ་བ་དང་། ཕྱག་འཚལ་བར་སྟོན་པར་བགྱིད་ན། དེ་དག་སུས་བཟོད་པར་གསོལ་བར་བགྱི། གང་སྤངས་པ་དང་རྗེས་སུ་སོང་བས་སོ། །ཤཱ་རིའི་བུ་མལ་སྟན་རྣམས་ནི་རིགས་པར་བགོས་

เล่ม ๑๓ · หน้า 229b

ཤིག་ཅེས་གསུངས་ན། རིགས་པ་དེ་གང་ལགས། དེ་ནི་ཕྱོགས་གཅིག་ཏུ་རིགས་པར་བྱས་པའོ། །སྐྲ་བརྒྱར་གྱེས་པའི་ཡན་ལག་གི་དུམ་བུ་ཚོལ་ལ་སྦྱོར་ཅིག །སོ་སོར་དབྱེ་བར་ནི་མ་བྱེད་ཅིག་ཅེས་གསུངས་ན་དེ་སྐད་དུ་གསུངས་པའི་དོན་གང་། ཡན་ལག་གི་དུམ་བུ་ནི་

དད་པ་བླང་བའོ། །ཡན་ལག་བཙལ་བར་བྱ། དུམ་བུ་བཙལ་བར་བྱ། དགེ་འདུན་འདུས་པ་བཙལ་བར་བྱའི་དབྱེན་དུ་འགྱུར་བ་ལ་ནི་འཇུག་པར་མི་བྱའོ། །མདོར་ན། ཀཽ་ཤཱམ་བཱི་ཡི་ཕྱོགས་གཉིས་དང་། །གསོ་སྦྱིན་དང་ནི་ཆོས་གོས་དང་། །ཀཽ་ཤཱམ་བཱི་ཡི་ཕྱོགས་གཅིག་དང་། །

ཡངས་པ་ཅན་གྱི་གཟུ་བོ་སྟེ། །གཟུ་བོས་ཀྱང་ནི་ཕྱོགས་གཉིས་སུ། །ཡངས་པ་ཅན་གྱི་གཟུ་བོའོ། །ཀཽ་ཤཱམ་བཱིའི་ཕྱོགས་གཉིས་པོ་གཅིག་ཏུ་འདུས་ནས་གསོ་སྦྱིན་ལ་ཞུགས་ན་གཟུ་བོ་རྣམས་ཀྱིས་ཇི་ལྟར་འཚལ་ཅིག །མཚམས་ཀྱི་ཕྱི་རོལ་དུ་དེང་ལ་གསོ་སྦྱིན་བྱོས་ཤིག །ཀཽ་ཤཱམ་

བཱིའི་ཕྱོགས་གཉིས་ཀ་གཅིག་ཏུ་འདུས་ཤིང་འཁོད་པ་ལ་དེ་ན་མི་ཞིག་གིས་དགེ་འདུན་ལ་གོས་ཕུལ་ན་དེ་གང་དབང་། གནས་བརྟན་གང་ན་འདུག་པ་དབང་ངོ་། །ཕྱོགས་གཅིག་ན་ནི་གནས་བརྟན་མཆིས། ཕྱོགས་གཅིག་ན་ནི་གནས་བརྟན་འོག་མ་མཆིས་ན་གང་དབང་། དེ་གཉིས་

ལས་གང་ལ་ཆུ་རྒྱུན་བྲིམས་པ་དེ་དབང་ངོ་། །ཐམས་ཅད་ཀྱིས་ཇི་ལྟར་བགོ་བར་བགྱི། གང་ལ་ཐོབ་པ་དེ་རྣམས་ལ་རིམ་བཞིན་དུའོ། །ཡུལ་ཡངས་པ་ཅན་དང་ཀཽ་ཤཱམ་བཱི་པ་གཉིས་ལྷན་ཅིག་གསོ་སྦྱིན་བགྱིད་ན་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །གཟུ་བོ་རྣམས་ཀཽ་ཤཱམ་

བཱི་པ་དང་གསོ་སྦྱིན་བགྱིས་ན་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །གཟུ་བོ་རྣམས་ཡངས་པ་ཅན་པ་དག་དང་གསོ་སྦྱིན་བགྱིས་ན་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །མདོར་ན། གང་གི་དུས་སུ་བྱེ་བར་གྱུར། །སྲིང་མོ་རྣམས་ལའང་རྗེས་བསྒྲགས་པ། །

ཕྱོགས་དང་དགེ་སློང་མ་ཡི་དགེ་འདུན་དང་། གང་གི་དུས་སུ་ཀཽ་ཤཱམ་བཱིའི་དགེ་འདུན་རྣམས་བྱེ་བར་གྱུར། གང་གི་ཚེ་དེ་དག་གི་མཚམས་ཀྱི་ནང་དུ་གསོ་སྦྱིན་ཐ་དད་དུ་བྱས་པ་ནའོ། །གང་གི་དུས་སུ་དགེ་སློང་གང་གིས། ཀཽ་ཤཱམ་བཱིའི་དགེ་སློང་ཕྱེ། ཆོས་བཞིན་སྨྲ་བ་མ་ཡིན་པ་དག་

เล่ม ๑๓ · หน้า 230a

གིས་ཏེ། མཚམས་ཀྱི་ནང་དུ་ལྷན་ཅིག་གནས་པ་ལས་གསོ་སྦྱིན་ཐ་དད་དུ་བྱས་པས་སོ། །དགེ་སློང་མའི་དགེ་འདུན་ཀྱང་ཕྱེ་ནས་ཐ་དད་དུ་གནས་པ་ཞེས་བྱའོ། །ཅི་དགེ་སློང་མའི་དགེ་འདུན་བྱེ་བ་ལ་ཟླ་བ་ཕྱེད་ཕྱེད་ཅིང་ལུང་བསྟན་པར་བགྱིའམ། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། བསྟན་པར་མི་བྱ་སྟེ། སྲིང་མོའི་རྣམས་མཐུན་པར་གྱིས་ཤིག་ཅེས་སྔར་བསྒོ་བར་བྱའོ། །རྣམ་པ་གཉིས་ཀྱི་ཕྱིར་དགེ་འདུན་བྱེ་བ་རྗེས་སུ་བསྒྲགས་པ་དང་ཚུལ་ཤིང་བྲིམས་པ་ལགས་སོ་ཞེས་གསུངས་ན། གང་གིས་དབྱེ་ཞིང་གནོད་པར་བརྩམས་ཏེ་རྗེས་

སུ་བསྒྲགས་སམ་ཚུལ་ཤིང་བྲིམས་པ་ལས་བླངས་ན། དགེ་འདུན་བྱེ་བ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །ལས་བགྱིད་པ་ལ་ཅིར་འགྱུར། དབྱེན་གྱི་འཁོར་དུ་གཏོགས་པས་ན་དེ་སྟེ་དགེ་འདུན་ཐམས་ཅད་ཀྱིས་ན་དགེ་འདུན་ཐམས་ཅད་ཀྱང་འདས་པ་དང་བཅས་པར་འགྱུར་རོ། །

ཕྱི་རོལ་ན་དགེ་སློང་མའི་དགེ་འདུན་ཕྱོགས་དང་ཕྱོགས་མ་ཡིན་པར་གནས་པར་གྱུར་ན་དེ་དག་ལ་ཟླ་བ་ཕྱེད་ཕྱེད་ཅིང་ལུང་བསྟན་པ་སྩལ་བར་བགྱིའམ། དགེ་སློང་མའི་དགེ་འདུན་ཀྱང་བྱེ་བར་འགྱུར་གྱིས་སྦྱིན་པར་བྱའོ། །ཡངས་པ་ཅན་གྱི་དགེ་སློང་མ་རྣམས་ལ་ལུང་བསྟན་པར་

བགྱི་བ་ལས་དེ་ན་ཀཽ་ཤཱམ་བཱི་ཡང་མཆིས་པར་གྱུར་ན་དེ་དག་ལས་ཇི་ལྟ་བུར་བསྟན་པར་བགྱི། མཚམས་ཀྱི་ཕྱི་རོལ་དུ་སོང་ལ་བསྟན་པར་བྱའོ། །མདོར་ན། གཅིག་གིས་གཅིག་ལ་སྤངས་པ་དང་། །གཉིད་ཀྱིས་ལོག་ནས་སྤངས་པ་དང་། །གཞན་དག་གིས་ཀྱང་གང་ཟག་

ལ། །ཚུལ་བཞིན་དུ་ཡང་མ་བྱས་པའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཆོས་བཞིན་མ་ཡིན་པས་བྱས་ལ་མ་འདུས་པ་དང་། ཆོས་བཞིན་མ་ཡིན་ལ་འདུས་པ་དང་། ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་འདུས་པ་དང་། ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་མ་འདུས་

པའོ་ཞེས་གསུངས་ན། ཆོས་བཞིན་མ་ཡིན་པར་བགྱིས་ན་མ་འདུས་པ་གང་ལགས། བསྡིགས་པའི་ལས་བྱ་བར་རིགས་པ་ལས་སྤངས་ནས་འདུས་པ་སྟེ། དེ་ལྟར་ན་ཆོས་བཞིན་མ་ཡིན་པར་བྱས་ལ་མ་འདུས་པའོ། །ཆོས་བཞིན་མ་ཡིན་པ་ལ་འདུས་པ་གང་ཞེ་ན།

เล่ม ๑๓ · หน้า 230b

བསྡིགས་པའི་ལས་སུ་རིགས་པ་ལ་སྤངས་ལ་འདུས་པར་ཡང་གྱུར་པ་སྟེ། དེ་ལྟར་ན་ཆོས་བཞིན་མ་ཡིན་པ་ལ་འདུས་པའོ། །ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་མ་འདུས་པ་གང་ཞེ་ན། སྤང་བར་རིགས་པ་ལ་ཐོག་མར་རྗེས་སུ་བསྒྲགས་ཏེ། དེའི་འོག་ཏུ་གསོལ་བ་བྱས་ནས་སྤངས་

ན་དེ་ནི་ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་མ་འདུས་པའོ། །ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་འདུས་པ་གང་ཞེ་ན། སྤངས་པར་རིགས་པ་ལ་སྔར་རྗེས་སུ་བསྒྲགས་ཏེ། དེའི་འོག་ཏུ་གསོལ་བ་བྱས་ཏེ་སྤངས་ལ་འདུས་པར་ཡང་གྱུར་པ་སྟེ། དེ་ནི་ཆོས་བཞིན་མ་ཡིན་པ་དང་འདྲ་བ་

ལ་འདུས་པའོ། །ཆོས་བཞིན་དུ་མ་འདུས་པ་གང་ཞེ་ན། སྤངས་པར་རིགས་པ་སྤངས་ལ་མ་འདུས་པར་ཀྱང་གྱུར་པ་སྟེ། དེ་ནི་ཆོས་བཞིན་དུ་མ་འདུས་པའོ། །གཅིག་གིས་གཅིག་སྤངས་ན་ཉེས་བྱས་སུ་འགྱུར་རོ། །གཅིག་གིས་གཉིས་སམ་མང་པོ་སྤངས་ནས་བཞིའི་བར་དུ་

ནི་བསྐོར་ཅིང་བསྡུ་བར་བྱའོ། །བཞིས་བཞི་སྤངས་ན་དབྱེན་གྱི་འཁོར་དུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་འདུན་ཐམས་ཅད་གཉིད་ཀྱིས་ལོག་པ་ལ་དགེ་སློང་སྤངས་ན་སྤངས་པ་ཞེས་བགྱིའམ། དེ་སྟེ་གསོལ་བ་བྱས་ནས་ཉལ་ཏེ་སྤངས་ན་ནི་སྤང་བ་ཞེས་བྱའོ། །

དེ་སྟེ་སྔར་ཉལ་ལ་ཕྱིས་གསོལ་བ་བྱས་ན་སྤངས་པ་ཞེས་མི་བྱའོ། །ལས་གཞན་དུ་བསྒྲགས་ལ་གཞན་དུ་སྤངས་ན་སྤངས་པ་ཞེས་ནི་བྱ་སྟེ། དགེ་འདུན་ཐམས་ཅད་ཀྱིས་མི་ཤེས་ན་དབྱེན་གྱི་འཁོར་དུ་གཏོགས་པས་ལས་བྱེད་པ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །དེ་སྟེ་དགེ་

འདུན་ཐམས་ཅད་ཀྱིས་ཤེས་ན་དགེ་འདུན་ཐམས་ཅད་འདས་པ་དང་བཅས་པའོ། །དགེ་སློང་བཞི་པས་ཉུང་བས་སྤངས་ན་སྤངས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། ཁྱིམ་པ་ནས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་བར་དུ་དེ་དག་གིས་གྲངས་

སུ་བསྐང་སྟེ། དགེ་སློང་སྤངས་ན་སྤངས་པ་ཞེས་མི་བྱའོ། །མདོར་ན། ལས་ལ་ཕྱིན་དང་བཟློག་པ་དང་། །ཉལ་བ་སྙོམས་པར་ཞུགས་པ་དང་། །དགེ་སློང་གཅིག་ལ་བསྒོ་བ་དང་། །ལྔ་པོས་སྤང་བར་མི་བྱའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཇི་

เล่ม ๑๓ · หน้า 231a

སྙེད་ལས་ལ་ཕྱིན་ཅིང་མངོན་དུ་གྱུར་ལ་དད་པ་བླང་བར་རིགས་པའི་རྣམས་ལ་དད་པའང་བླངས་པར་གྱུར། གང་གིས་བཟློག་པར་བྱས་ན་ཡང་བཟློག་པར་བརྩན་པའི་དགེ་སློང་དག་ཀྱང་མངོན་སུམ་དུ་གྱུར་ལ་དགག་པའང་མེད། བཟློག་པའང་མེད་དོ། །ཞེས་

གསུངས་ན། དགེ་སློང་ལས་ལ་ཕྱིན་པ་ནི་གང་ལགས། དགེ་སློང་བཞི་འདུས་ནས་ལས་བྱ་བའི་རིགས་པ་ལ་དགེ་སློང་ཡོངས་སུ་དག་པ་ཐམས་ཅད་ལ་ཡང་མཚུངས་པར་གནས་པ་བཞི་ཚོགས་པ་ནི་ལས་ལ་ཕྱིན་པའི། དགེ་སློང་ལྔ་འདུས་ནས་བྱ་བ་དང་། བཅུ་འདུས་ནས་བྱ་བ་དང་།

ཉི་ཤུ་འདུས་ནས་བྱ་བ་རྣམས་ལས་ལའང་ཕྱིན་ལ་དགེ་སློང་དེ་དག་ཀྱང་ཡོངས་སུ་དག་པ་ལྟ་བ་མཐུན་པ་རྣམས་ཚོགས་པ་ནི་ལས་ལ་ཕྱིན་པ་ཞེས་བྱའོ། །གང་ལ་བཟློག་པ་ལགས། གང་གི་བཟློག་པ་བརྩན་པ་སྟེ་ས་ལ་གནས་པ་ལ་ནི་ནམ་མཁའ་ལ་གནས་པས་བཟློག་པ་མི་བརྩན་ནོ། །

དེ་བཞིན་མཚམས་ཀྱི་ཕྱི་རོལ་ན་འདུག་པས་མཚམས་ཀྱི་ནང་ན་འདུག་པ་ལ་བཟློག་པའང་མི་བརྩན་ནོ། །ཨུ་པཱ་ལི་བརྩན་པ་ནི་དགེ་ཚུལ་བསླབ་པ་སྟོན་པའི་ཚེ་བདག་ལ་བསླབ་པ་མ་སྟོན་ཅིག་ཅེས་ཟེར་ན་དེའི་བཟློག་པ་བརྩན་ནོ། །དགེ་ཚུལ་བསྙེན་པར་རྫོགས་པར་བྱ་བའི་ཚེ་བདག་ལ་

བསྙེན་པར་རྫོགས་པར་མ་བྱེད་ཅིག་ཅེས་ཟེར་ན་ཡང་དེའི་བཟློག་པ་བརྩན་ནོ། །ཆད་པས་གཅད་པ་ལ་ཆད་པ་གཅོད་པའི་ཚེ་བདག་ཆད་པས་མ་གཅོད་ཅིག་ཅེས་ཟེར་བ་དང་། དེ་བཞིན་དུ་གཞི་ནས་བསླང་སྟེ་ཡིད་མགུ་བར་བྱ་བ་དང་། དབྱུང་བར་བྱ་བ་དང་། དེ་བཞིན་དུ་གང་ཟག་བཅུ་

གཉིས་བསྒོ་བ་ཐམས་ཅད་ཀྱིས་ཀྱང་བཟློག་པར་བརྩན་ནོ། །ཉལ་བ་སྤངས་པ་ཞེས་བགྱིའམ། དེ་སྟེ་གསོལ་བ་ཐོས་ནས་ཉལ་ན་སྤངས་པ་ཞེས་བྱའོ། །དེ་སྔར་ཉལ་ལ་གསོལ་བ་ཕྱིས་བྱས་ན་མ་སྤངས་པ་ཞེས་བྱའོ། །སྙོམས་པ་ལ་ཞུགས་པ་ཡང་དེ་བཞིན་ནོ། །དགེ་སློང་གཅིག་པུ་

ཞིག་གིས་བསྒོ་ནའང་བཟློག་པ་ཞེས་བྱའོ། །དགེ་འདུན་བྱེ་སྟེ་ཕྱོགས་དང་ཕྱོགས་མ་ཡིན་པར་གནས་པས་ཕྱོགས་གང་ཡང་རུང་བ་ཅིག་སྤངས་པ་ན་སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བགྱི་གསུངས་པ། མ་སྤངས་པ་ཞེས་བྱའོ། །མདོར་ན། གཟུ་བོས་གྲངས་སུ་བསྐངས་

เล่ม ๑๓ · หน้า 231b

པ་དང་། །ཆོས་མིན་ཆོས་སུ་བསྒྲགས་པ་དང་། །དགེ་འདུན་དབུས་སུ་བསྒོ་བ་དང་། །བཅས་པ་རྣམ་པར་བསྒོ་བའོ། །གཟུ་བོས་མང་པོར་བསྐངས་ཏེ་དགེ་སློང་གིས་སྤངས་པ་སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བགྱི། གསུངས་པ། སྤངས་པ་ཞེས་ནི་བྱ་སྟེ་གཟུ་

བོའི་དངོས་པོ་ནི་མེད་པར་འགྱུར་རོ། །གང་ཅུང་ཟད་ཆོས་བཞིན་མ་ལགས་པའི་ལས་དེ་ཐམས་ཅད་མ་འདུས་པའི་ལས་སམ། དེ་སྟེ་གང་ཅུང་ཟད་མ་འདུས་པའི་ལས་དེ་ཐམས་ཅད་ཆོས་བཞིན་མ་ལགས་པའི་ལས་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། ཆོས་བཞིན་མ་ཡིན་པའི་ལས་

ཀྱང་གཞན་ལ། མ་འདུས་པའི་ལས་ཀྱང་གཞན་ནོ། །ཆོས་བཞིན་མ་ཡིན་པའི་ལས་ལ་མ་འདུས་པའི་ལས་མ་ཡིན་པ་གང་ཞེ་ན། གང་ལ་བྱ་བ་དེ་མངོན་སུམ་དུ་མ་གྱུར། གླེངས་པའང་མེད། དྲན་པར་བྱས་པའང་གཞན་མེད་དམ་འཆར་ཡང་མ་བཅུག་པ་ལ་བྱེད་པ་དང་། དགེ་སློང་ཇི་སྙེད་

པ་ཀུན་ལས་ལ་ཕྱིན་ཅིང་འདུས་ནས་མངོན་སུམ་དུ་གྱུར། དད་པ་བླང་བའི་རིགས་པ་ལས་དད་པ་ཡང་བླངས་ནས་གང་གིས་བཟློག་ན་བཟློག་པ་ལ་བརྩན་པའི་དགེ་སློང་རྣམས་མངོན་སུམ་དུ་གྱུར་ཀྱང་དགག་པར་མི་བྱེད། ཟློག་པར་མི་བྱེད་པ་འདི་ནི་ཆོས་བཞིན་མ་ཡིན་པའི་ལས་ཡིན་

ལ་མ་འདུས་པའི་ལས་ནི་མ་ཡིན་པའོ། །མ་འདུས་པའི་ལས་ཡིན་ལ་ཆོས་བཞིན་མ་ཡིན་པའི་ལས་མ་ཡིན་པ་གང་ཞེ་ན། གང་ལ་བྱ་བ་མངོན་སུམ་དུ་གྱུར་ལ་གླེངས། དྲན་པར་བྱས། དམ་འཆར་བཅུག་ནས་བྱེད་པ་དང་། དགེ་སློང་ཇི་སྙེད་ལས་ལ་བྱིན་པར་བྱེད་པ་དེ་ཐམས་

ཅད་ཀྱང་མ་འདུས། མངོན་སུམ་དུ་མ་གྱུར། དད་པ་བླང་བའི་རིགས་པ་ལས་དད་པའང་མ་བླངས། དགེ་སློང་མངོན་སུམ་དུ་གྱུར་པ་དག་གིས་དགག་པ་དང་བཟློག་པའང་བརྩན་པར་གྱུར་པ་དེ་ནི་མ་འདུས་པའི་ལས་ཡིན་ལ་ཆོས་བཞིན་མ་ཡིན་པའི་ལས་ནི་མ་ཡིན་ནོ། །གང་ཆོས་

བཞིན་པའི་ལས་དེ་ཐམས་ཅད་འདུས་པའི་ལས་ལགས་སམ། ཨུ་པཱ་ལི་མ་ཡིན་ཏེ། ཆོས་བཞིན་གྱི་ལས་གཞན་ལ་འདུས་པའི་ལས་ཀྱང་གཞན་ནོ། །ཆོས་བཞིན་གྱི་ལས་ལགས་ལ་འདུས་པའི་ལས་མ་ལགས་པ་གང་ལགས། གསུངས་པ། དེ་ལ་མངོན་སུམ་དུ་བྱེད་ཅིང་གླེངས་པ་

เล่ม ๑๓ · หน้า 232a

དང་། དགེ་སློང་ཇི་སྙེད་ལས་ལ་ཕྱིན་པར་བྱེད་པ་དེ་ཐམས་ཅད་མ་འདུས་མངོན་སུམ་དུའང་མ་གྱུར། དད་པ་བླང་བའི་རིགས་པའང་མ་བླངས། དགེ་སློང་གང་གིས་བཟློག་པ་བརྩན་པ་དེ་དག་ཀྱང་མངོན་སུམ་དུ་གྱུར་ཅིང་འགོག་པ་ཟློག་པ་འདི་ནི་ཆོས་བཞིན་གྱི་ལས་

ཡིན་ལ་འདུས་པའི་ལས་མ་ཡིན་ནོ། །འདུས་པའི་ལས་ལགས་ལ་ཆོས་བཞིན་གྱི་ལས་མ་ལགས་པ་གང་ལགས། གསུངས་པ། མངོན་སུམ་དུ་མ་གྱུར་པར་དེ་ལ་བྱེད་ཅིང་མ་གླེངས། དྲན་པར་མ་བྱས། དངོས་པོ་མ་ཡིན། དམ་འཆར་མ་བཅུག་པར་བྱེད་པ་དང་། དགེ་སློང་ཇི་

སྙེད་ལས་ལ་ཕྱིན་པར་བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་ལ་དད་པ་བླང་བའི་རིགས་པ་ལས་དད་པའང་བླངས། དགེ་སློང་གང་མངོན་སུམ་དུ་གྱུར་ན་བཟློག་པ་བརྩན་པ་དེ་དག་ཀྱང་མི་འགོག་མི་ཟློག་པ་འདི་ནི་འདུས་པའི་ལས་ཡིན་ལ་ཆོས་བཞིན་མ་ཡིན་པའི་ལས་སོ། །གང་

སུ་ལ་དགེ་འདུན་གྱི་དབུས་སུ་ལན་གསུམ་གྱི་བར་དུ་བསྒོ་ན་དེ་ཐམས་ཅད་ནོངས་པར་འགྱུར་རམ། གསུངས་པ། འགྱུར་བ་ཡང་ཡོད། མི་འགྱུར་བ་ཡང་ཡོད་དེ། གང་ལ་དགེ་འདུན་གྱི་དབུས་སུ་ལན་གསུམ་གྱི་བར་དུ་བསྒོ་ན་དེ་ཐམས་ཅད་ཉེས་པར་འགྱུར་རོ། །ནོངས་པར་འགྱུར་

ལ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་མི་འཚལ་བ་མཆིས་སམ། གསུངས་པ། བསྒོ་བ་རྣམས་མ་གཏོགས་པར་ཉེས་པ་གཞན་བྱུང་བའོ། །ཇི་ཙམ་གྱིས་ན་ཐ་མར་གྱུར་པ་ལ་ཡི་དམ་བརྗོད་པ་ཞེས་བགྱི། གསུངས་པ། གང་ལ་ཕས་ཕམ་པ་བཞི་ལས་གང་ཡང་རུང་

ཉེས་པ་བྱུང་ནས་དགེ་འདུན་གྱི་དབུས་སུ་ལན་གསུམ་དུ་ཁས་ལེན་པའི་ཐ་མའི་དངོས་པོ་ལ་དམ་འཆའ་བར་བྱེད་པ་ཞེས་བྱའོ། །ཆད་པས་བཅད་པའི་བསྒོ་བ་དེ་དགེ་སློང་གིས་སྤངས་ན་སྤངས་པ་ཞེས་བགྱིའམ། གསུངས་པ། མངོན་སུམ་དུ་གནས་པའི་སྡོམ་པ་མ་གཏོགས་པར་གཞན་

ཐམས་ཅད་ཀྱི་ལས་སུ་བྱས་པ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་བདུན་པ། མདོར་ན། དང་པོར་རྗེས་སུ་བསྒོ་བ་དང་། །དད་པ་བདག་ཉིད་ཡི་དམ་འཆའ། །བཞི་ལ་བསླབ་པ་སྦྱིན་པ་དང་། །ཚུལ་ཤིང་ལེན་པར་བྱས་པ་དང་། །སོ་སོར་

เล่ม ๑๓ · หน้า 232b

གནས་པ་ཐ་མའོ། །ལས་སྔར་བསྒོ་ནས་ཕྱིས་གསོལ་བ་བགྱིས་ན་དགེ་སློང་སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བགྱི། མ་སྤངས་པ་ཞེས་བྱའོ། །ཆད་པ་བགྱིད་པ་ལ་ཅིར་འགྱུར། དེ་སྟེ་དགེ་འདུན་ཐམས་ཅད་མི་ཤེས་ན་དབྱེན་གྱི་འཁོར་དུ་གཏོགས་པས་ཉེས་པ་སྦོམ་

པོའོ། །དེ་སྟེ་དགེ་འདུན་ཐམས་ཅད་ཀྱིས་ཤེས་ན་དགེ་འདུན་ཐམས་ཅད་ལའང་འདས་པ་དང་བཅས་པར་འགྱུར་རོ། །ཆད་པ་བགྱིས་པས་དད་པ་བླངས་ཏེ་དགེ་སློང་ལ་སྤངས་ན་སྤངས་པ་ཞེས་བགྱིའམ། ཉེ་གཡོག་གི་སྡོམ་པ་མ་གཏོགས་ཏེ། ལས་ཐམས་ཅད་བྱས་པ་ཞེས་

བྱའོ། །བདག་ཉིད་ལ་ལས་བགྱིས་ན་བགྱིས་པ་ཞེས་བགྱིའམ། དེ་སྟེ་དོགས་པ་མེད་ན་བྱས་པ་ཞེས་བྱའོ། །དེ་སྟེ་དོགས་པ་ཡོད་ན་མ་བྱས་པ་ཞེས་བྱའོ། །བདག་ཉིད་ལ་སླར་ལས་བྱེད་པ་ནི་འདི་རྣམས་ཏེ། བདག་ཉིད་ལ་ཆད་པའི་ལས་བྱས་ནས་བདག་ཉིད་ལ་བདག་ཉིད་ཀྱིས་བཟོད་པ་

གསོལ་པའོ། །བཙུན་པ་གང་ལ་བསྡིགས་པའི་ལས་བགྱིད་པ་དང་། བསྐྲད་པར་བགྱིས་པ་དེ་དག་ལ་ཆོས་བཞིན་དུ་ཡི་དམ་འཆའ་སྩལ་བ་དེ་དག་ཀྱང་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་ཁས་བླངས་ལ་བསླབ་པ་སྩལ་བའི་རིགས་པ་བཞི་ལ་བསྒྲགས་པ་གཅིག་གིས་བསླབ་པ་སྩལ་བར་

རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་མི་རུང་ངོ་། །བསྒྲགས་པ་གཅིག་གིས་བཞི་བསྙེན་པར་རྫོགས་པར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །ཚུལ་ཤིང་འབྲིམ་པ་དང་བཞིས་དགེ་སློང་ལ་སྤངས་ན་སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བྱའོ། །

མདོར་ན། བསྡིགས་པ་སྤངས་པའི་དགེ་སློང་དང་། །དབྱེན་བྱེད་གཅིག་པུ་མ་གཏོགས་ཏེ། །བསྡིགས་པ་ཞེས་བྱ་ཅི་ཡི་དོན། །ལྷག་པར་ཉེ་བར་བརྟག་པའོ། །བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིས་ན་བགྱིས་པ་ཞེས་བགྱིའམ། བསྡིགས་པའི་ལས་ནི་མེད་

པར་འགྱུར་རོ། །བསྡིགས་པའི་ལས་བགྱིས་པ་ལ་བསྐྲད་པ་དང་། སླར་བསྡུ་བའི་ལས་བགྱིད་པ་ཞེས་བགྱིའམ་མ་བགྱིས་པ་ཞེས་བགྱི། གསུངས་པ། བྱས་པ་ནི་ཡིན་མོད་ཀྱི་བསྡིགས་པ་ནི་མེད་པར་འགྱུར་རོ། །ཇི་ལྟར་བསྡིགས་པའི་ལས་བྱས་པ་དེ་བཞིན་དུ་སྨད་པའི་

เล่ม ๑๓ · หน้า 233a

ལས་བྱས་པ་དང་། བསྐྲད་པའི་ལས་བྱས་པ་དང་། སླར་བསྡུ་བའི་ལས་བྱས་པ་ལའང་རྒྱས་པར་ཏེ། རྣམ་པ་བཞིར་བསྐོར་བར་བརྗོད་པར་བྱའོ། །སྤངས་པ་ལ་བསྡིགས་པའི་ལས་བགྱིད་ན་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ།

དེ་ནི་མཚུངས་པར་སྤྱོད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྨད་པ་དང་བསྐྲད་པ་དང་། སླར་བསྡུ་བའི་ལས་བགྱིད་པ་དེ་དག་བགྱིས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ཏེ། ད་ནི་མཚུངས་པར་སྤྱད་པ་མ་ཡིན་པའི་ཕྱིར་རོ། །དགེ་སློང་དག་མ་གཏོགས་པར་གཞན་ལ་

དབྱེན་བྱས་པ་ནི་ཉེས་བྱས་སུ་འགྱུར་རོ། །བསྡིགས་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ། ཨུ་པཱ་ལི་དེ་ནི་མིང་ཙམ་མོད་ཀྱི། དགེ་སློང་གང་ཐབ་མོ་ཅན་དུ་གྱུར་པ་དེ་ལ་ཁྱོད་ནམ་ཐབ་མོ་དེ་ལས་སླར་ལོག་པར་མ་གྱུར་པ་དེའི་བར་དུ་ཁྱོད་ལ་དགེ་འདུན་གྱིས་ཕྱི་ཕྱིར་ཉེ་བར་རྟོག་གོ་ཞེས་

བསྒོ་བའོ། །སྨད་པ་ཞེས་བྱ་བའི་དོན་ཅི་ལགས། ཨུ་པཱ་ལི་སྨད་པ་ཞེས་པ་དེ་ནི་མིང་ཙམ་མོད་ཀྱི། དགེ་སློང་གང་ཕྱི་ཕྱིར་དགེ་འདུན་གྱི་ལྷག་མའི་ལྟུང་བར་གྱུར་པ་ལ་ཁྱོད་ཀྱིས་ནམ་ཕྱི་ཕྱིར་ལྟུང་བ་དེ་ལས་སླར་མ་ལོག་པ་དེའི་བར་དུ་གནས་འཆའ་ཞིང་འདུག་ཤིག་

ཅེས་བསྒོ་བའོ། །བསྐྲད་དོ་ཞེས་བགྱི་བའི་དོན་ཅི་ལགས། ཨུ་པཱ་ལི་བསྐྲད་དོ་ཞེས་བྱ་བ་ནི་མིང་ཙམ་མོད་ཀྱི། དགེ་སློང་གང་གིས་རིགས་སུན་པར་གྱུར་པ་སྟེ། དེ་གནས་དེ་ན་མ་འདུག་ཤིག་ཅེས་བསྒོ་བའོ། །སླར་བསྡུ་བ་ཞེས་བགྱི་བའི་དོན་ཅི་ལགས། ཨུ་པཱ་

ལི་དེ་ནི་མིང་ཙམ་མོད་ཀྱི་དགེ་སློང་གང་ཁྱིམ་པ་ལ་དཔྱས་པ་དེ་ལ་ཁྱོད་ཁྱིམ་བདག་དེ་ལ་བཟོད་པར་གསོལ་ཅིག་ཅེས་བསྒོ་བའོ། །ཁྱོད་ལ་དགེ་འདུན་གྱིས་ཕྱི་ཕྱིར་ཉེ་བར་རྟོག་པར་འགྱུར་རོ་ཞེས་གསུངས་ན་གསུངས་པ་དེའི་དོན་ཅི་ལགས། གསུངས་པ། ཁྱོད་ཀྱི་ལྟུང་བ་

གང་བྱུང་བ་དེ་ལ་དགེ་འདུན་གྱིས་ཆོས་བཞིན་དུ་ལས་བྱེད་དུ་འཇུག་གོ་ཞེས་བྱ་བའོ། །ཁྱོད་ཀྱིས་གཞན་ལ་གནས་ཤིང་འདུག་ཤིག་ཅེས་གསུངས་ན་དེའི་དོན་ཅི་ལགས། གསུངས་པ། གང་ཟག་གང་ལ་མཛའ་བའམ། བླ་མར་བྱེད་པའམ། ངོ་ཚ་བའམ།

เล่ม ๑๓ · หน้า 233b

ཁྲེལ་བ་འབྱུང་བར་གྱུར་པ་དེ་ལ་གནས་བརྟན་པར་བྱའོ། །མདོར་ན། ཞར་བ་མ་ཡིན་ཞར་ཞེས་སྨྲ། །དགེ་སློང་གནོད་པ་ལྟུང་བ་དང་། །ནང་ངམ་དེ་སྟེ་ཕྱི་ཡང་རུང་། །བར་ཆད་དག་ཏུ་གྱུར་པའོ། །ཞར་བ་མ་ཡིན་པ་ལ་ཞར་བ་ཞེས་སྨྲས་ན་ཅིར་འགྱུར།

ཤེས་བཞིན་པའི་བརྫུན་སྨྲས་པས་ལྟུང་བའོ། །ཞར་བ་ལ་ཞར་ཞེས་སྨྲས་ན་མིའི་སྐྱོན་སྨྲས་པས་ལྟུང་བར་འགྱུར་རོ། །དགེ་སློང་ལ་གནོད་པ་ནི་ནང་ངམ་ཕྱིའོ་ཞེས་གསུངས་ན་ནང་ནི་གང་། ཕྱི་ནི་གང་། མཚམས་ཀྱི་ནང་ནི་ནང་ངོ་། །མཚམས་ཀྱི་ཕྱི་རོལ་ནི་ཕྱི་རོལ་

ལོ། །གཅིག་ཏུ་ན་ཡང་གཙུག་ལག་ཁང་གི་ནང་ནི་ནང་ངོ་། །བླ་གབ་མེད་པ་ནི་ཕྱི་རོལ་ལོ། །རྣམ་གྲངས་དུ་མར་བར་དུ་གཅོད་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་བར་དུ་གཅོད་པའི་ཆོས་དེ་གང་ལགས། འདོད་པ་ནི་བར་དུ་གཅོད་པའི་ཆོས་ཏེ། ཨུ་

པཱ་ལི་འདོད་པ་ནི་བར་དུ་གཅོད་པའི་ཆོས་སུ་ངས་གསུངས་སོ། །འདུལ་བ་གཞུང་དམ་པ་མ་ན་པི་ཀ་ཞེས་བྱ་བའི་འདུལ་བའི་རིམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་

ལྡན་པ་ཨུ་པཱ་ལི་སངས་རྒྱས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་འདི་སྐད་ཅེས་གསོལ་

ཏོ། །བཙུན་པ་འདུལ་བའི་ཕུང་པོ་དུ་མཆིས། ཨུ་པཱ་ལི་གསུམ་སྟེ། བསྙེན་པར་རྫོགས་པའི་ཕུང་པོ་དང་། རབ་ཏུ་ལྡན་པའི་ཕུང་པོ་དང་། འཚོ་བའི་ཕུང་པོའོ། །བསྙེན་པར་རྫོགས་པའི་ཕུང་པོ་གང་ཞེ་ན། བསྙེན་པར་རྫོགས་པར་འོས་པ་དང་། བསྙེན་པར་

རྫོགས་པར་མི་འོས་པ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། བསྙེན་པར་རྫོགས་པར་མི་བྱ་བ་དང་། བསྙེན་པར་རྫོགས་པ་དང་། བསྙེན་པར་མ་རྫོགས་པ་དང་། ལས་དང་ལས་ཀྱི་དངོས་པོ་དང་། གཞག་པར་འོས་པའི་ལས་དང་། མི་གཞག་པར་འོས་པའི་

เล่ม ๑๓ · หน้า 234a

ལས་དང་། དབྱུང་བའི་ལས་དང་། བཟོད་པ་གསོལ་བའི་ལས་དང་། བསྡིགས་པའི་དངོས་པོ་དང་། གླེང་བའི་དངོས་པོ་དང་། གདུལ་བའི་དངོས་པོ་དང་། ཞི་བར་བྱ་བའི་དངོས་པོ་དང་། རྒྱུའི་དངོས་པོ་དང་། བསླབ་པ་དང་། བསླབ་

པ་མ་ཕུལ་བ་དང་། བསླབ་པ་ཕུལ་བ་དང་། བསླབ་པ་ཉམས་པར་བརྗོད་པ་དང་། རྩོད་པ་དང་། རྩོད་པར་བསྡུ་བ་དང་། རྩོད་པ་ཞི་བ་དང་། རྩོད་པ་རབ་ཏུ་ཞི་བ་དང་། ཀློག་པ་དང་། མི་ཀློག་པ་དང་། བྱིན་གྱིས་བརླབ་པ་དང་། སྨྱོས་པའི་སྡོམ་པ་དང་།

དད་པས་བྱིན་པ་མ་རུང་བར་བྱེད་པ་དང་། ལས་དང་། ལས་མ་ཡིན་པ་དང་། འདུལ་བ་དང་། ལྟ་བ་བརྗོད་པ་དང་། གསོལ་པ་དང་། གསོལ་བའི་ལས་དང་། གསོལ་པ་དང་གཉིས་ཀྱི་ལས་དང་། གསོལ་པ་དང་བཞིའི་ལས་དང་། བསྡིགས་པའི་ལས་དང་། སྨད་

པའི་ལས་དང་། བསྐྲད་པའི་ལས་དང་། སླར་བསྡུམ་པའི་ལས་དང་། མ་མཐོང་བའི་ཕྱིར་སྤངས་པའི་ལས་དང་། སླར་ལས་མི་བྱེད་པའི་ཕྱིར་སྤང་བའི་ལས་དང་། སྡིག་པར་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བའི་ལས་དང་། ཆད་པས་གཅད་པ་དང་། གཞི་ནས་བསླང་

བ་དང་། ཡིད་མགུ་བར་བྱེད་པ་དང་། དབྱུང་བ་དང་། དྲི་བ་དང་། ཆོས་བཞིན་པ་དང་། ཆད་པའི་ཡོན་ཏན་གང་ཡིན་པ་དང་། གཞི་ནས་བཟླས་པ་དང་། ཡིད་མགུ་བ་ཅི་ཕྱིར་བྱ་བ་དང་། དབྱུང་བའི་ཡོན་ཏན་གང་ཡིན་པ་དང་། དེའི་ངོ་བོ་ཉིད་ཚོལ་བས་ཆད་པ་

གཅད་པ་དང་། ཉེས་པ་དང་། ཉེས་པ་མེད་པ་དང་། ལྕི་བའི་ཉེས་པ་དང་། ཡང་བའི་ཉེས་པ་དང་། ལྷག་མར་བཅས་པའི་ཉེས་པ་དང་། ལྷག་མ་མེད་པའི་ཉེས་པ་དང་། ཉེས་པ་སྦོམ་པོའི་ཉེས་པ་དང་། ཉེས་པ་སྦོམ་པོ་མ་ཡིན་པའི་ཉེས་པ་དང་། ལས་སུ་བཅས་

པའི་ཉེས་པ་དང་། ལས་མེད་པའི་ཉེས་པ་དང་། ཉེས་པར་གྱུར་པའི་ལས་དང་། ཉེས་པ་མེད་པའི་ལས་དང་། ཉེས་པ་དབྱུང་བ་དང་། གླེང་བ་དང་། དྲན་པར་བྱ་བ་དང་། བརྩད་པ་ཡོད་པའི་ལས་དང་། འཚེ་བའི་ལས་དང་། ལུང་མི་བསྒོ་བ་དང་། ལུང་བསྒོ་བ་དགག་

เล่ม ๑๓ · หน้า 234b

པ་དང་། ལུང་བསྒོ་བ་རྫོགས་པར་མི་བྱ་བ་དང་། སྐབས་འབྱེད་པ་དང་། སྐབས་དབྱེ་བའི་ལས་དང་། སྐབས་དབྱེ་བར་གསོལ་བ་དང་། གསོ་སྦྱིན་འགོག་པ་དང་། སྐབས་དབྱེ་བ་དགག་པ་དང་། ནང་དུ་བཞག་པ་དང་། ནང་དུ་བཙོས་པ་དང་། བདག་གིས་བཙོས་པ་

དང་། དགེ་སློང་གིས་བཙོས་པ་དང་། བླངས་པ་དང་། སླར་མ་བླངས་པ་དང་། བླངས་ནས་སླར་ལེན་པའོ། །སྔ་དྲོའི་ཟས་ཀྱི་ཚེ་བྱིན་ལེན་བྱས་པ་དང་། དེའི་ལྷག་མ་ཁྱེར་བ་དང་། ནགས་ཀྱི་ཚིག་གུ་ཅན་དང་། རྫིང་གི་དང་། བཏིང་བ་དང་། མ་བཏིང་བ་དང་།

ཕྱུང་བ་དང་། མ་ཕྱུང་བ་དང་། རིན་ཆེ་བའི་ཡོ་བྱད་དང་། ཆུང་བའི་ཡོ་བྱད་དང་། བགོ་བར་བྱ་བའི་ཡོ་བྱད་དང་། མི་བགོ་བའི་ཡོ་བྱད་དང་། མིའི་ཡོ་བྱད་དང་། མི་མ་ཡིན་པའི་ཡོ་བྱད་དང་། དབང་བའི་ཡོ་བྱད་དང་། མི་དབང་བའི་ཡོ་བྱད་དང་། བྱིན་ལེན་

བྱ་བའི་ཡོ་བྱད་དང་། བྱིན་ལེན་མི་བྱ་བའི་ཡོ་བྱད་དང་། ཤི་བའི་ཆོས་གོས་དང་། དངོས་པོའི་གོས་དང་། ཕྱག་དར་ཁྲོད་པའི་གོས་དང་། སྣའི་ལས་དང་། མས་བཏང་བའི་ལས་དང་། མཚོན་གྱི་ལས་དང་། བྲེག་པའི་ལས་དང་། སྐྲ་བྲེག་པའི་ལས་དང་ཆེད་དུ་

བྱས་པའི་བཟའ་བ་དང་། འབྲས་བུ་ཟ་བ་དང་། མིའི་ཟ་བ་དང་། མི་མ་ཡིན་པའི་ཟ་བ་དང་། ལྔ་བརྒྱས་འདུལ་བ་བསྡུས་པ་དང་། བདུན་བརྒྱས་འདུལ་བ་བསྡུས་པ་དང་། འདུལ་བ་ཡང་དག་པའི་མདོ་དང་། ནག་པོར་སྟོན་པ་དང་། ཆེར་སྟོན་པ་དང་། འདྲེས་

པ་དང་། ཤིན་ཏུ་འདྲེས་པ་དང་། ཀུན་དགའི་རུང་བ་དང་། ནགས་སུ་རུང་བ་དང་། འཁོར་གྱི་རུང་བ་དང་། ཡུལ་གྱི་རུང་བ་དང་། ཕྱོགས་ཀྱི་རུང་བ་དང་། ལྗོངས་སུ་རུང་བ་དང་། གོས་ཀྱི་རུང་བ་དང་། ཁུ་བ་སྐྱུར་པོ་རུང་བའོ། །བསྙེན་པར་རྫོགས་

པར་འོས་པ་གང་ཞེ་ན། ཁས་བླངས་ནས་གྲུབ་པས་ན་བསྙེན་པར་རྫོགས་པ་སྟེ། བསྙེན་པར་རྫོགས་པར་འོས་པ་ལ་རྣམ་པ་བཅུའོ། །དེ་བཞིན་གཤེགས་པ་རང་བྱུང་དང་རང་སངས་རྒྱས་ནི་སློབ་དཔོན་མེད་པས་བསྙེན་པར་རྫོགས་པ་དང་། ལྔ་པོ་རྣམས་ཡེ་ཤེས་མངོན་དུ་ཆུད་

เล่ม ๑๓ · หน้า 235a

པས་བསྙེན་པར་རྫོགས་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་བསྙེན་པར་རྫོགས་པ་དང་། ཚེ་དང་ལྡན་པ་འཆར་ལྡན་དྲིས་ནས་ལུང་བསྟན་པས་བསྙེན་པར་རྫོགས་པ་དང་། དགེ་སློང་ཚུར་ཤོག་ཅེས་གསུངས་པས་བསྙེན་པར་

རྫོགས་པ་དང་། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་བསྙེན་པར་རྫོགས་པ་དང་། ཡུལ་མཐའ་འཁོབ་ན་འདུལ་བ་འཛིན་པ་དང་། ལྔའི་དགེ་འདུན་ལས་བསྙེན་པར་རྫོགས་པ་དང་། ཡུལ་གྱི་དབུས་སུ་བཅུ་འདུས་པ་དང་དེ་ལས་ལྷག་པ་ལས་བསྙེན་པར་རྫོགས་པ་

དང་། བླ་མའི་ཆོས་ཁས་བླངས་པ་དང་། ཕོ་ཉས་བསྙེན་པར་རྫོགས་པ་དང་། དགེ་འདུན་སྡེ་གཉིས་ལས་བསྙེན་པར་རྫོགས་པའོ། །དེ་ལ་གང་གསོལ་བ་དང་བཞིའི་ལས་ཀྱིས་མ་བཅས་པ་ན་སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་བསྙེན་པར་རྫོགས་པ་ནི་ལེགས་པར་བསྙེན་

པར་རྫོགས་པ་ཞེས་བྱའོ། །གང་གིས་གསོལ་བ་དང་བཞིའི་ལས་བཅས་པ་དེ་ནི་སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་བསྙེན་པར་རྫོགས་པ་ནི་བསྙེན་པར་མ་རྫོགས་པའོ། །དགེ་སློང་ཚུར་ཤོག་ཅེས་པས་ནི་ཐོག་མ་དང་ཐ་མར་འདྲ་སྟེ། བསྙེན་པར་རྫོགས་པ་དེ་ནི་ལེགས་

པར་བསྙེན་པར་རྫོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་དགེ་སློང་ཚུར་ཤོག་ཅེས་བྱ་བ་ནི། ངས་མངོན་སུམ་དུ་བསྙེན་པར་རྫོགས་པ་སྟེ། དགེ་སློང་ཚུར་ཤོག་ཅེས་བྱ་བ་དེ་ཐམས་ཅད་ཀྱང་སྲིད་པ་ཐ་མ་པ་སྟེ། དགེ་སློང་ཚུར་ཤོག་ཅེས་བྱ་བ་དག་ནི་སློབ་བཞིན་དུ་དུས་

འདའ་བ་མ་ཡིན་ཏེ། དེ་ལྟ་བས་ན་དེ་དག་ལེགས་པར་བསྙེན་པར་རྫོགས་པ་ཞེས་བྱའོ། །དེ་ལས་དགེ་སློང་མ་དག་ནི་རྣམ་པ་གསུམ་གྱིས་བསྙེན་པར་རྫོགས་པར་འོས་པ་སྟེ། བླ་མའི་ཆོས་ཁས་བླངས་པ་དང་། ཕྲིན་པ་དང་། དགེ་འདུན་སྡེ་གཉིས་ལས་སོ། །བླ་མའི་ཆོས་ཁས་

བླངས་པ་ནི་ཇི་ལྟར་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་སྟེ། རྒྱས་པར་ནི་མདོ་ལས་འབྱུང་བ་བཞིན་བརྗོད་དོ། །ཕྲིན་ནི་སྐྱེ་བོའི་དགེ་བ་ཅན་མ་དང་འདྲ་བ་གང་ཕྱིར་བྱུང་ན་བར་ཆད་དུ་འགྱུར་བ་དེ་ལ་ཡང་ཕོ་ཉས་ལས་སུ་བྱའོ། །ཕྲིན་གྱིས་བསླབ་པ་ཉན་ཏེ་དེ་དག་ལ་ཟློས་ལ་ཆེ་ཞེ་

เล่ม ๑๓ · หน้า 235b

ཁྱོད་ལེགས་པར་བསྙེན་པར་རྫོགས་པ་ནི་ཆོས་སྦྱིན་མ་དང་འདྲའོ། །ལུང་བསྒོ་བ་ནི་རྒྱས་པར་སྦྱར་ཏེ། ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ནོ། །དེ་ལས་ཐུ་བ་དག་ནི་དགེ་འདུན་སྡེ་གཉིས་ཀྱིས་བསྙེན་པར་རྫོགས་པར་གྱིས་ཤིག །སྐྱོ་བ་མེད། གཞག་པ་མེད་པར་

གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དེ་ནི་བསྙེན་པར་རྫོགས་པ་ཞེས་ནི་བྱ་སྟེ། གཞན་ཡང་གསུང་རབ་འདི་ལ་བསྙེན་ནས་ལེན་ཅིང་ཤིན་ཏུ་ཁས་བླངས་ནས་ཐོབ་སྟེ་བདེ་བ་མྱོང་ནས་མངོན་དུ་བྱེད་པ་སྟེ། དེ་ལྟ་བས་ན་བསྙེན་པར་རྫོགས་པའོ། །ཞེས་

གསུངས་སོ། །བསྙེན་པར་རྫོགས་པར་མི་རིགས་པ་གང་ཞེ་ན། དེ་ལ་སླར་ལོག་ན་བསྙེན་པར་མ་རྫོགས་པ་སྟེ། གསུང་རབ་དེ་ལ་བསྙེན་ཅིང་ཁས་མ་བླངས་ན་ཤིན་ཏུ་ཁས་མ་བླངས་པས་མ་ཐོབ་སྟེ། བདེ་བར་མ་མྱོང་ནས་མངོན་དུ་མི་བྱེད་པ་འདི་ནི་བསྙེན་པར་མ་

རྫོགས་པ་ཞེས་བྱའོ། །བསྙེན་པར་རྫོགས་པར་བྱ་བ་གང་ཞེ་ན། མིའི་སྐྱེས་པ་འཚོ་བ་དང་ལྡན་པ་བར་ཆད་མེད་པ་དང་། མིའི་བུད་མེད་འཚོ་བ་དང་ལྡན་པ་བར་ཆད་མེད་པ་དེ་དག་ནི་བསྙེན་པར་རྫོགས་པར་བྱའོ། །བསྙེན་པར་རྫོགས་པར་མི་བྱ་བ་གང་ཞེ་ན། ཕ་བསད་པ་དང་།

མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། སློབ་དཔོན་མེད་པ་དང་། མཁན་པོ་མེད་པ་དང་། ལྷུང་བཟེད་དང་། ཆོས་གོས་མེད་པ་དང་། ཆད་པའི་ལས་

མི་བྱེད་པ་དང་། མུ་སྟེགས་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། ཐ་དད་དུ་སོ་སོར་གནས་པ་དང་། མི་གནས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། ལོ་ཉི་ཤུ་མ་ཚང་བ་དང་། ཡི་དམ་སྨྲ་བ་དང་། མ་རུང་བར་བྱས་པ་དང་།

མ་རུང་བར་བྱ་བར་རིགས་པ་དང་། མི་མ་ཡིན་པ་ཐམས་ཅད་དེ་འདི་དག་ནི་བསྙེན་པར་རྫོགས་པར་མི་བྱ་བ་སྟེ། དེ་སྟེ་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ཏེ། །བསྙེན་པར་རྫོགས་པར་བྱེད་པ་ཡང་འདས་པ་དང་བཅས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་

เล่ม ๑๓ · หน้า 236a

ན། གང་ཟག་དེ་དག་ནི་འཁོར་སུན་ཕྱུང་བར་བྱེད་པ་ཞེས་བྱ་སྟེ། ཐམས་ཅད་ཀྱང་འཁོར་སུན་པར་བྱེད་པ་སྟེ། བསྙེན་པར་རྫོགས་པར་བྱ་བ་མ་ཡིན་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གང་ཟག་འདི་ཞེས་བྱ། མིང་འདི་ཞེས་བྱ། རིགས་འདི་ཞེས་བྱ།

རུས་འདི་ཞེས་བྱ། འདི་ལྟར་ཆོས་བཞིན་འདུས་པའི་དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱས་པ་སྟེ། མངོན་དུ་སྐྱོ་བ་མེད་པ་དང་། གཞག་པ་མེད་པར་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་འདི་ནི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། གང་རྗེས་སུ་གནང་

བཞིན་བསྙེན་པར་རྫོགས་པ་ནི་ལེགས་པར་བསྙེན་པར་རྫོགས་པའོ། །བསྙེན་པར་མ་རྫོགས་པ་གང་ཞེ་ན། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་།

མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་དང་། ཐ་དད་དུ་གནས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། སྔར་ཉམས་པ་འདི་དག་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། འདི་ནི་ཆོས་དང་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་

ཅན་ནོ། །ཅིའི་ཕྱིར་ན་བསྙེན་པར་མ་རྫོགས་པ་ཞེས་བྱ་ཞེ་ན། མཚུངས་པར་བསླབ་པ་མ་ཐོབ་པ་སྟེ། དེའི་ཕྱིར་བསྙེན་པར་མ་རྫོགས་པ་ཞེས་བྱའོ། །གང་ཟག་བཅུ་གསུམ་པོ་འདི་མ་གཏོགས་པ་རྣམས་ནི་བསྙེན་པར་རྫོགས་པར་བྱའོ། །དེ་སྟེ་བསྙེན་པར་རྫོགས་པར་བྱས་ན་བསྙེན་

པར་རྫོགས་པ་ཞེས་ཀྱང་མི་བྱ་ལ། བསྙེན་པར་རྫོགས་པར་བྱེད་པའང་འདས་པ་དང་བཅས་པར་འགྱུར་སྟེ། དེ་ལྟ་བས་ན་ངས་བསྙེན་པར་མ་རྫོགས་པ་ཞེས་གསུངས་སོ། །ལས་གང་ཞེ་ན། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོ། །

ཅིའི་ཕྱིར་ན་ལས་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ལས་ཞེས་བྱ་སྟེ། ཆད་པས་གཅད་པའི་ལས་དང་སྨ་དབབ་པའི་ལས་དང་། ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་སོ། །ཆད་པའི་ལས་དང་སྨ་དབབ་པའི་ལས་གང་ཞེ་ན། འདི་ལྟ་སྟེ། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་།

เล่ม ๑๓ · หน้า 236b

སླར་བསྡུམ་པ་དང་། སྤངས་པའི་ལས་དང་། ཆད་པ་དང་། གཞི་ནས་སློང་བ་དང་། ཡིད་མགུ་བར་བྱེད་པ་དང་། གཞི་ནས་ཡིད་མགུ་བར་བྱེད་པའོ། །གཞན་ཡང་ཆད་པའི་ལས་སྨ་དབབ་པའི་ལས་སུ་བྱེད་པའོ། །ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་གང་ཞེ་ན།

འདི་ལྟ་སྟེ། གསོ་སྦྱིན་དང་། སྐབས་འབྱེད་པ་དང་། བསྙེན་པར་རྫོགས་པ་དང་། དབྱུང་བ་དང་། རྩྭ་བཏིང་བ་དང་། གཞན་གང་ཡང་རུང་ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་བྱེད་པ་དེ་དག་ནི་ལས་སུ་བྱེད་པ་སྟེ། དེ་ལྟ་བས་ན་ལས་ཞེས་གསུངས་སོ། །ལས་ཀྱི་དངོས་

པོ་གང་ཞེ་ན། རྒྱུ་གང་རྐྱེན་གང་གིས་དངོས་པོ་གང་ལ་ལས་བྱེད་པ་སྟེ། རྒྱུ་དེ་དང་རྐྱེན་དེས་དངོས་པོ་དེ་ལ་ལས་བྱེད་པ་ནི་ལས་ཀྱི་དངོས་པོ་ཞེས་བྱའོ། །གཞག་པར་རིགས་པའི་ལས་གང་ཞེ་ན། ལས་གང་གསོལ་བ་ཉམས་པ། བསྒྲགས་པ་ཉམས་པ། ཆོས་བཞིན་མ་ཡིན་པ། དགེ་

འདུན་མ་འདུས་པར་བྱས་པ་སྟེ། བསྐྱོས་པ་དེ་ནི་གཞག་པར་རིགས་པའི་ལས་ཞེས་བྱའོ། །གཞག་པར་མི་རིགས་པའི་ལས་གང་ཞེ་ན། ལས་གང་གསོལ་བར་ལྡན་པ། བསྒྲགས་པ་དང་ལྡན་པ། ཆོས་བཞིན་དུ་དགེ་འདུན་འདུས་པར་བྱས་པ་སྟེ། མ་བསྐྱོས་པ་འདི་ནི་གཞག་

པར་མི་རིགས་པའི་ལས་ཞེས་བྱའོ། །དབྱུང་བའི་ལས་གང་ཞེ་ན། དབྱུང་ཞེས་བྱ་བ་ནི་སྤངས་པ་ཡིན་ཏེ། སྤངས་པ་དང་དགེ་སློང་དག་ཏུ་ལྷན་ཅིག་ལས་མི་བྱ་སྟེ། གསོ་སྦྱིན་ཡང་མ་ཡིན། སྐབས་དབྱེ་བ་མ་ཡིན། གནས་མ་ཡིན། ལྷན་ཅིག་སྤྱད་པ་མ་ཡིན། ལྷན་ཅིག་ཏུ་གཏམ་

བྱ་བ་མ་ཡིན། མཐུན་པ་མ་ཡིན་པ་དེ་ནི་དབྱུང་བའི་ལས་ཞེས་བྱའོ། །ཅིའི་ཕྱིར་དབྱུང་བའི་ལས་ཞེས་བྱ་ཞེ་ན། དགེ་འདུན་གྱིས་ཕྱུང་བས་ན་དེའི་ཕྱིར་ཕྱུང་བའི་ལས་ཞེས་བྱའོ། །བཟོད་པ་གསོལ་བའི་ལས་གང་ཞེ་ན། ལས་གང་བྱས་པ་ལས་སླར་ཡང་དགེ་འདུན་དང་ལྷན་ཅིག་ཏུ་

གནས་པ་དང་། སྤྱོད་པ་གཅིག་པ་དང་། འཐམ་པ་གཅིག་པ་དང་། འདུག་པ་གཅིག་པར་འགྱུར་བ་དེ་ནི་བཟོད་པ་གསོལ་བའི་ལས་ཞེས་བྱའོ། །བསྡིགས་པའི་དངོས་པོ་གང་ཞེ་ན། དགེ་སློང་གང་འཐབ་པར་བྱེད་པ་དང་། མཚང་འདྲུ་བར་བྱེད་པ་དང་། འཁྲུག་པར་བྱེད་པ་དང་།

เล่ม ๑๓ · หน้า 237a

ཁོན་པར་བྱེད་པ་དང་། རྩོད་པར་བྱེད་པ་འདི་ནི་བསྡིགས་པའི་དངོས་པོ་ཞེས་བྱའོ། །གླེང་བའི་དངོས་པོ་གང་ཞེ་ན། གླེང་བའི་དངོས་པོ་གསུམ་སྟེ། མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། བྱུང་བར་གྱུར། ཉེས་པ་ཡིན་ལ། དེ་ཡང་བདེན་པ་སྟེ། བརྫུན་པས་

མ་ཡིན། དུས་སུ་ཡིན་གྱིས་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན། འཇམ་པར་ཡིན་གྱི་རྩུབ་པ་མ་ཡིན། བྱམས་པར་ཡིན་གྱི་ཞེ་སྡང་དུ་མ་ཡིན་པ་འདི་ནི་གླེང་བའི་དངོས་པོ་ཞེས་བྱའོ། །འདུལ་བའི་དངོས་པོ་གང་ཞེ་ན། ནན་ཏན་གྱི་ལས་ལྔ་སྟེ།

བསྡིགས་པའི་ལས་དང་། སྨད་པའི་ལས་ནས་ཡིད་མགུ་བར་བྱ་བའི་བར་དུ་སྔ་མ་བཞིན་དུ་འདི་ནི་འདུལ་བའི་དངོས་པོ་ཞེས་བྱའོ། །ཞི་བར་བྱ་བའི་དངོས་པོ་གང་ཞེ་ན། རྒྱུ་གང་དང་རྐྱེན་གང་གིས་རྩོད་པ་བྱུང་བ་རྣམས་འདུལ་བར་འགྱུར་བ་སྟེ། ཞི་བ་དང་རྣམ་པར་ཞི་བའི་ཕྱིར་རོ། །འདི་

ལྟ་སྟེ། སྤུ་སྙལ་བ་དང་། འབྱུང་བར་བྱེད་པ་དང་། བཏུད་པས་སྟོན་པ་དང་། ཕྱག་འཚལ་བས་སྟོན་པ་འདི་ནི་ཞི་བར་བྱ་བའི་དངོས་པོ་ཞེས་བྱའོ། །རྒྱུའི་དངོས་པོ་གང་ཞེ་ན། རྒྱུ་གང་དང་རྐྱེན་གང་གིས་རྒྱུ་གང་ལ་བརྟེན་ནས་ལས་བྱེད་པ་སྟེ། ཇི་ལྟར་མདོ་སྡེ་བྷ་དཱ་ལ་ལས་

འབྱུང་བ་བཞིན་བྱེད་པ་སྟེ། འདིའི་འོག་ཏུ་དགེ་འདུན་གྱིས་སྤྱད་པར་བྱ་བ་ཇི་ལྟར་མདོ་སྡེ་བྷ་དཱ་ལ་ལས་འབྱུང་བ་བཞིན་རྒྱས་པར་བརྗོད་དེ། འདི་ནི་རྒྱུའི་དངོས་པོ་ཞེས་བྱའོ། །བསླབ་པ་གང་ཞེ་ན། བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་སུ་བསླབ་པ་དང་། ལྷག་

པའི་སེམས་དང་། ལྷག་པའི་ཤེས་རབ་ཏུ་བསླབ་པའོ། །གཞན་ཡང་བསླབ་པ་གསུམ་སྟེ། ལྷག་པར་སྤྱོད་པར་བསླབ་པ་དང་། ལྷག་པར་འདུལ་བ་དང་། ལྷག་པར་སོ་སོར་ཐར་པ་ལ་བསླབ་པའོ། །ཇི་ཙམ་གྱིས་ན་བསླབ་པ་མ་ཕུལ་བ་ཞེས་བགྱི། སྨྱོན་པའི་

དྲུང་དུ་བསླབ་པ་ཕུལ་བ་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བའི་དྲུང་དུ་བསླབ་པ་ཕུལ་བ་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ། །གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་དང་

เล่ม ๑๓ · หน้า 237b

ར་རོ་བ་དང་། རབ་ཏུ་ར་རོ་བ་དང་། ཁྲོས་པའམ། རྒོད་པ་ལ་ཞུགས་པ་དང་། མི་ཤེས་པ་དང་། འགྲོ་བ་གཞན་དུ་གནས་པའི་དྲུང་དུ་བསླབ་པ་ཕུལ་བ་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ། །ཕྲིན་གྱིས་བསླབ་པ་འབུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །སྤྲིང་

ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། བརྡ་དང་། མཚན་མས་བསླབ་པ་འབུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །འཕགས་པས་འཕགས་པའི་སྐད་ཀྱིས་མཐའ་འཁོབ་པའི་དྲུང་དུ་བསླབ་པ་ཕུལ་ན་མཐའ་འཁོབ་པ་དེས་ཀྱང་འཕགས་

པའི་སྐད་མི་ཤེས་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །འཕགས་པས་མཐའ་འཁོབ་པའི་སྐད་ཀྱིས་འཕགས་པའི་དྲུང་དུ་བསླབ་པ་འབུལ་ན་འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མི་ཤེས་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མཐའ་འཁོབ་པས་

འཕགས་པའི་སྐད་ཀྱིས་མཐའ་འཁོབ་པའི་དྲུང་དུ་བསླབ་པ་འབུལ་ན་མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མི་ཤེས་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་ཀྱིས་འཕགས་པའི་དྲུང་དུ་བསླབ་པ་འབུལ་ན་འཕགས་

པ་དེས་ཀྱང་མཐའ་འཁོབ་པའི་སྐད་མི་ཤེས་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་ཤིང་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །དབེན་པ་ལ་དབེན་པར་འདུ་ཤེས་ཤིང་བསླབ་པ་ཕུལ་ནའང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །

དབེན་པ་ལ་མི་དབེན་པར་འདུ་ཤེས་ཤིང་བསླབ་པ་ཕུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་ཤིང་བསླབ་པ་ཕུལ་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །ཅ་ཅོ་ཅན་གྱི་ནང་དུ་བསླབ་པ་ཕུལ་ན་བསླབ་པ་མ་ཕུལ་བ་ཞེས་བྱའོ། །

འཇིག་རྟེན་ཚུལ་བཞིན་གནས་པ་མ་ཡིན་པ་ལ་བསླབ་པ་འབུལ་བར་སྨྲས་ཀྱང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མདོའམ་རྒྱས་པར་ཀྱང་རུང་སྟེ། བཟོད་པ་གསོལ་བའི་སེམས་ཀྱང་མི་བྱེད་ལ། དགེ་སློང་གི་དངོས་པོ་ལ་ནི་དགོས་པར་བྱེད། ཁྱིམ་པའི་དངོས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด