འདུལ་བ་གཞུང་དམ་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཨུད་ཏ་ར་གྲན་ཐ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓ · หน้า 266b

ཕྱིར་ཕན་པའི་འདུ་ཤེས་དང་། རྐྱེན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་བཅའ་བར་བྱའོ། །འདི་ནི་བཅའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །མྱང་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མྱང་བ་རྣམ་པ་ལྔ་རྣམས་གསུངས་པ་འདི་ལྟ་སྟེ། མར་དང་། འབྲུ་མར་

དང་། སྦྲང་རྩི་དང་། བུ་རམ་དང་། མར་སར་དང་། མྱང་བ་འདི་ལྔ་རྣམས་ནི་དགེ་སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང་། བལྕག་སྒྲ་མེད་པས་ན་བའི་འདུ་ཤེས་དང་། སྨན་གྱི་འདུ་ཤེས་དང་། ཕྱིར་ཕན་པའི་འདུ་ཤེས་དང་། རྐྱེན་གྱི་འདུ་ཤེས་སུ་ཉེ་བར་བཞག་སྟེ་མྱང་བར་བྱའོ། །

འདི་ནི་མྱང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །བཟའ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཟའ་བ་རྣམ་པ་ལྔ་གསུངས་པ་འདི་ལྟ་སྟེ། འབྲས་ཆན་དང་། ནས་ཆན་དང་། འབྲས་ཕྱེ་དང་། ཤ་དང་། ཁུར་བ་དང་། བཟའ་བ་འདི་ལྔ་སྟེ། དགེ་

སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང་། བལྕག་སྒྲ་མེད་པར་ན་བའི་འདུ་ཤེས་དང་། སྨན་གྱི་འདུ་ཤེས་དང་། རྐྱེན་གྱི་འདུ་ཤེས་དང་། ཕྱིར་ཕན་པའི་འདུ་ཤེས་ཉེ་བར་བཞག་སྟེ་བཟའ་བར་བྱའོ། །འདི་ནི་བཟའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །ལྷུང་བཟེད་ཀྱི་རབ་ཏུ་ལྡན་

པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ལྷུང་བཟེད་རྣམ་པ་གཉིས་གསུངས་ཏེ། ལྕགས་ལས་བྱས་པ་དང་། ཁམ་པ་ལས་བྱས་པའོ། །ལྷུང་བཟེད་རྣམ་པ་བརྒྱད་ནི་མི་གནང་བ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་

བྱས་པ་དང་། ཤིང་ལས་བྱས་པ་དང་། རྡོ་ལས་བྱས་པ་དང་། མཆིང་བུ་ལས་བྱས་པ་དང་། ཁར་བ་ལས་བྱས་པ་སྟེ། འདི་ནི་ལྷུང་བཟེད་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །གོས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གོས་རྣམ་པ་བཅུ་གསུམ་

གསུངས་ཏེ། འདི་ལྟ་སྟེ། སྦྱར་མ་དང་། སྟོད་གཡོགས་དང་། མཐང་གོས་དང་། གདིང་བ་དང་། ཁྲུས་རས་དང་། གཡན་པ་གཡོགས་པ་དང་། སྟོད་ཆགས་དང་། སྟོད་ཆགས་ཀྱི་འཐེབ་དང་། སྨད་གཡོགས་དང་། སྨད་གཡོགས་ཀྱི་འཐེབ་དང་། ལུས་ཕྱི་བ་དང་།

เล่ม ๑๓ · หน้า 267a

སྐྲ་བཟེད་པ་དང་། དབྱར་གྱི་རས་ཆེན་དང་། ཡོ་བྱད་ཀྱི་གོས་བཅུ་གསུམ་སྟེ། ཆོས་གོས་བཅུ་གསུམ་པོ་འདི་རྣམས་དགེ་སློང་རྣམས་ཀྱིས་མཚོན་གྱིས་གཅད་ཅིང་ཁ་དོག་བསྒྱུར་ཏེ་རུང་བར་བྱ་མི་དགོས་པར་བྱིན་གྱིས་བརླབས་པའི་དབང་གིས་ཡོངས་སུ་སྤྱད་པར་

བྱའོ། །འདི་ནི་གོས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །སྟེང་གཡོགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མལ་སྟན་དགབ་པའི་ཕྱིར་སྟེང་གཡོགས་གཉིས་སུ་གསུངས་ཏེ། སྟུག་ན་ནི་ཆིག་རིམ། སྲབ་ན་ནི་སྦྱར་མའོ། །འདི་ནི་

སྟེང་གཡོགས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁབ་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གོས་འཚེམ་པའི་ཕྱིར་ལྕགས་དང་། ཁར་བ་དང་། ཟངས་དང་། ར་གན་གྱི་ཁབ་གནང་སྟེ། འདི་ནི་ཁབ་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁབ་རལ་

གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབ་སྦ་བའི་ཕྱིར་ཁབ་རལ་གནང་སྟེ། འདི་ནི་ཁབ་རལ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ལྔ་བཅུ་པ། གནས་འཆའ་བའི་རབ་ཏུ་ལྡན་པ་གང་ཞེ་ན། སངས་

རྒྱས་བཅོམ་ལྡན་འདས་ཀྱིས་གློ་བུར་དུ་ལྷགས་པའི་དགེ་སློང་གིས་གནས་བཅའ་བའི་དོན་གྱི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་དུ་འོངས་མ་ཐག་ཏུ་གནས་མ་བཅས་ཀྱི་བར་དུ་རྐང་པའི་རྡུལ་མ་ཕྱི་ཤིག །ཆུ་སྣོད་མ་ལེན་ཅིག་ཅེས་གསུངས་པ་དང་། དགེ་སློང་གཞན་ཞིག་གློ་བུར་དུ་

འོངས་པས་གནས་བཅའ་བའི་དོན་གྱི་ཕྱིར་གཙུག་ལག་ཁང་དུ་འོངས་ན་དེས་བཅོམ་ལྡན་འདས་ཀྱིས་དགེ་སློང་གློ་བུར་དུ་འོངས་པས་གནས་བཅའ་བའི་དོན་གྱི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་དུ་འོངས་ན་གནས་མ་བཅས་ཀྱི་བར་དུ་རྐང་པའི་རྡུལ་མ་འཕྱི་ཤིག །ཆུ་སྣོད་ཀྱང་མ་ལེན་ཅིག་

ཅེས་བསླབ་པའི་གནས་བཅས་སོ་ཞེས་པ་ཐོས་ནས་དེས་གནས་བཅའ་བའི་ཕྱིར་ལུས་ངལ། ལུས་ཚེགས་ཆེ། ལུས་དུབ་བཞིན་དུ་ཕན་ཚུན་དུ་བརྒྱུགས་པ་ལས་བརྒྱལ་ཏེ་ས་ལ་འགྱེལ་ནས་དུས་འདས་སོ། །དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་

เล่ม ๑๓ · หน้า 267b

ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་དང་ཆོས་གོས་ཞོག་ལ་རྐང་པའི་རྡུལ་ཕྱིས་ཆུ་སྣོད་ལོང་ལ་གདོད་གནས་ཆོས་ཤིག །དགེ་སློང་དེ་དག་སུ་ལས་ཀྱང་རུང་གནས་བབ་བབ་ཏུ་བཅའ་བ་དང་། དགེ་བའི་ཆོས་ཡལ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཆའ་བའི་དགེ་སློང་གིས་གནས་འཆའ་བར་འདོད་ན་རིང་ཐབས་བབ་བབ་ཏུ་གནས་མ་འཆའ་བར་ཞག་གསུམ་གྱི་བར་དུ་བསམ་པ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱད་ནས་

གདོད་གནས་བཅའ་བར་བྱའོ། །གང་ལས་གནས་འཆའ་བར་འདོད་པ་དགེ་སློང་དེའི་སྤྱོད་པ་ཅི་འདྲ་བ་དང་། འཁོར་ཅི་འདྲ་བ་དང་། དེའི་གཉིས་པོ་ཕྱི་བཞིན་འབྲང་བའི་གྲོགས་རྣམས་ཅི་འདྲ་བ་དང་། ལུང་བསྒོའམ་མི་བསྒོ་བ་དང་། རྗེས་སུ་སྟོན་ནམ་མི་སྟོན་པ་དྲིས་ཤིག །

བདག་དགེ་སློང་དེ་ལ་འཇིགས་པ་དང་རིམ་གྲོ་བཀུར་སྟི་བྱེད་པར་འགྱུར་རམ་མི་འགྱུར། དགེ་བའི་ཆོས་རྣམས་སྐྱེའམ། དེ་སྟེ་འགྲིབ་པར་འགྱུར་ཞེས་བསམ་པ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱོད་ལ། གདོད་གནས་ཆོས་ཤིག །གནས་སྦྱིན་

པའི་དགེ་སློང་གིས་ཀྱང་གནས་སྦྱིན་པར་འདོད་ན། གང་ལའང་རུང་རིངས་པར་བབ་བབ་ཏུ་མ་སྦྱིན་པར་ཞག་གསུམ་གྱི་བར་དུ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱོད་ལ་གདོད་གནས་བྱིན་ཅིག །གང་ལ་གནས་སྦྱིན་པར་འདོད་པའི་དགེ་སློང་དེའི་སྤྱོད་པ་ཅི་

འདྲ་བ་དང་། དེའི་སྤྱོད་ལམ་ཅི་འདྲ་བ་དང་། ཀུན་ཏུ་སྤྱོད་པ་ཅི་འདྲ་བ་དྲིས་ཤིག །དགེ་སློང་དེ་བདག་ལ་འཇིགས་པ་དང་། རིམ་གྲོ་བཀུར་སྟི་བྱེད་པ་དང་། དགེ་བའི་ཆོས་སྐྱེ་བར་འགྱུར་རམ། དེ་སྟེ་འགྲིབ་པར་འགྱུར། དགེ་སློང་དེ་བདག་ལ་འཇིགས་པར་འགྱུར་རམ་

མི་འགྱུར། མོས་ཤིང་བཀུར་སྟི་དང་དགེ་བའི་ཆོས་འཕེལ་ལམ་མི་འཕེལ་ཤིན་ཏུ་བསམས་པ་བསམས། བརྟག་པ་ཤིན་ཏུ་བརྟགས། དཔྱད་པ་ཤིན་ཏུ་དཔྱོད་ལ་དེ་སྟེ་སེམས་མགུ་བར་བྱེད་ན་གདོད་དེ་ལ་གནས་བྱིན་ཅིག །དེ་ནི་གནས་འཆའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །

เล่ม ๑๓ · หน้า 268a

གནས་འཆའ་བ་བླང་བའི་རབ་ཏུ་ལྡན་པ་གང་ཞེ་ན། གནས་འཆའ་བ་ལེན་པར་འདོད་པའི་དགེ་སློང་གིས་གནས་བཅའ་བ་བླང་བར་འདོད་ན་འདི་བཞིན་དུ་གནས་ལོང་ཤིག །སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱོས། ལག་པ་གཉིས་ཀྱིས་རྐང་པ་

གཉིས་ལས་བཟུང་སྟེ་ལན་གཉིས་སུ་ཚིར་ལ་ཚིག་འདི་སྐད་དུ་སྨྲོས་ཤིག་དགོངས་ཤིག་བཙུན་པ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བཙུན་པ་ལས་གནས་འཆའ་བར་གསོལ་ན། བཙུན་པས་བདག་ལ་གནས་བཅའ་བ་སྩོལ་ཅིག །བདག་བཙུན་པ་ལ་གནས་འཆའ་ཞིང་

མཆིས་སོ་ཞེས་དེ་བཞིན་ལན་གཉིས་ལན་གསུམ་དུ་སྨྲོས་ཤིག །དེས་ཀྱང་རིགས་སོ་ཞེས་སྨྲོས་ཤིག །དེས་ཡང་སླར་ལེགས་སོ་ཞེས་སམ་ཤིན་ཏུ་ལེགས་སོ་ཞེས་བྱའོ། །སླར་ཡང་བག་ཡོད་པར་སྒྲུབས་ཤིག །ཅེས་པ་འདི་ནི་གནས་འཆའ་བ་བླང་བའི་རབ་ཏུ་ལྡན་པ་

ཞེས་བྱའོ། །གནས་འཆའ་བ་སྦྱིན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་ལོ་བཅུ་མ་ལོན་པས་གནས་འཆའ་བ་མི་སྦྱིན་ནོ། །ལོ་བཅུ་ལོན་དུ་ཟིན་ཀྱང་མི་ཤེས་པ་གླེན་པ། མི་གསལ་བ། མི་མཁས་པར་གྲགས་ན་དེས་ཀྱང་གནས་འཆའ་བ་མ་སྦྱིན་ཅིག །ཆོས་ལྔ་དང་ལྡན་

པའི་དགེ་སློང་གིས་གནས་འཆའ་བ་སྦྱིན་པར་བྱ་སྟེ། ཉེས་པ་ཤེས་པ་དང་། ཉེས་པ་མེད་པ་ཤེས་པ་དང་། ལྕི་བ་ཤེས་པ་དང་། ཡང་བ་ཤེས་པ་དང་། སོ་སོར་ཐར་པའི་མདོ་དང་རྒྱས་པ་ཤེས་པར་གྱུར་པ་སྟེ། དེ་ནི་གནས་འཆའ་བ་སྦྱིན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གནས་

བཅའ་བ་སོ་སོར་བཏང་བའི་རབ་ཏུ་ལྡན་པ་གང་ཞེ་ན། ཆོས་ལྔ་དང་ལྡན་ན་གནས་བཅའ་བ་བཏང་བར་གྱུར་ཏེ། ལྔ་གང་ཞེ་ན། དད་པ་མེད་པ་ཡིན། ལེ་ལོ་ཅན་དང་། བཀུར་སྟི་མེད་པ་དང་། ཚིག་ངན་དུ་སྨྲ་བ་དང་། སྡིག་པའི་གྲོགས་པོ་ཅན་ཡིན་ནོ། །གཞན་ཡང་རྒྱུ་ལྔ་དང་

རྐྱེན་ལྔས་ན་གནས་འཆའ་བ་བཏང་བར་འགྱུར་ཏེ། སྤྱོ་བ་དང་། སོང་བ་དང་། ཕྱོགས་ལས་གཞན་གྱི་ཕྱོགས་སུ་སོང་བ་དང་། མཁན་པོ་མཐོང་མ་ཐག་ཏུ་གནས་འཆའ་བ་བཏང་བར་འགྱུར་བ་དང་། གཉིས་ཀས་ཀྱང་བཏང་བ་དེ་ནི་གནས་འཆའ་བ་བཏང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །

เล่ม ๑๓ · หน้า 268b

མཁན་པོའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་དེ་དག་མཁན་པོ་མེད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་པས་ན་མ་དུལ་བར་གྱུར། ངན་པར་དུལ་བ་དང་། ཚུལ་དང་མི་ལྡན་པ། སྨད་གཡོགས་མི་སྡུག་པར་གྱོན། བླ་གོས་མི་སྡུག་པར་གྱོན། སྤྱོད་པ་ཉམས་ཤིང་

མི་སྡུག་པར་སྤྱོད་པ་ལ་ཞུགས་པ་དང་། ཆ་ལུགས་ངན། ཆ་ལུགས་མི་སྡུག་པ་ལ་ཞུགས་ནས་དེ་ལ་སུ་ཡང་ནད་གཡོག་མི་བྱེད་པར་གྱུར་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཁན་པོ་

ཡོད་པ་དང་། དེས་དེ་དག་འདུལ་བར་བྱེད། ལུང་བསྒོ་བར་བྱེད། རྗེས་སུ་ཡང་སྟོན་པར་བྱེད། འཆོས་པར་བྱེད་ན་ཡང་བསྙེན་བཀུར་དང་ནད་གཡོག་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བྱོས་ཤིག་ཅེས་གསུངས་པ་འདི་ནི་མཁན་པོའི་

རབ་ཏུ་ལྡན་པ་ཞེས་བྱའོ། །ལྷན་ཅིག་སྤྱོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དེ་དགེ་སློང་གི་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ན་མཁན་པོ་ལ་རིམ་གྲོ་མི་བྱེད་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ལྷན་ཅིག་སྤྱོད་པས་ནི་མཁན་པོ་ལ་རིམ་གྲོ་བྱོས་ཤིག །གཞར་བར་བྱོས་ཤིག །བལྟ་བར་བྱོས་ཤིག །མགུ་བར་བྱོས་ཤིག །རྗེས་བཞིན་དུ་འབྲང་བར་བྱོས་ཤིག །བསྙེན་བཀུར་བྱོས་ཤིག །བྱ་བ་ཐམས་ཅད་ཀྱང་མཁན་པོ་ལ་མ་དྲིས་ཀྱི་བར་དུ་མ་བྱེད་ཅིག །རྣམ་

པ་གསུམ་མ་གཏོགས་ཏེ། བཤང་གཅི་དང་། སོ་ཤིང་དོར་བ་དང་། མཚམས་ཀྱི་ནང་ནས་མཆོད་རྟེན་ལ་ཕྱག་འཚལ་བ་མ་གཏོགས་སོ། །ལྷན་ཅིག་སྤྱོད་པ་དང་ལྡན་པས་ཀྱང་བྱ་བ་ཐམས་ཅད་མཁན་པོ་ལ་དྲིས་ཤིང་བྱོས་ཤིག །བཤང་གཅི་དང་། སོ་ཤིང་དོར་བ་དང་།

མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་འཚལ་བ་མ་གཏོགས་སོ། །ལྷན་ཅིག་སྤྱོད་པ་དང་ལྡན་པ་དག་གིས་ཀྱང་ལྷན་ཅིག་སྤྱོད་པའི་མཁན་པོ་ལ་བཀུར་སྟི་བྱོས་ཤིག །བླ་མར་བྱོས་ཤིག །མཆོད་པར་བྱོས་ཤིག །མགུ་བར་བྱོས་ཤིག །དེའི་བྱ་བ་ཞིག་ཡོད་ན་ཡང་ལེ་ལོ་

เล่ม ๑๓ · หน้า 269a

མི་བྱ་ཞིང་ཤེས་བཞིན་དུ་མྱུར་དུ་གྱིས་ཤིག །རིམ་གྲོ་དང་བཅས། འཛེམ་པ་དང་བཅས། འཇིགས་པ་དང་བཅས་པར་འགྱུར་བར་བྱོས་ཤིག །ངོ་ཚ་བ་དང་། སེམས་དམན་པ་དང་། བདག་གི་དགེ་བ་ཅིར་འགྱུར་སྙམ་པ་དང་། དེ་ལོག་པ་ཞིག་ལ་འཇུག་ན་

ཡང་མཁན་པོས་བཟློག་པར་གྱིས་ཤིག །མཁན་པོ་ལ་ཡང་དེས་བཟློག་པར་གྱིས་ཤིག །མཁན་པོ་ན་ན་དེས་ནད་གཡོག་གུས་པར་བྱ། བདག་གི་དོན་ཀྱང་མ་ཉམས་པར་བྱ་བ་དེ་ནི་ལྷན་ཅིག་སྤྱོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །སློབ་དཔོན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་

སློང་དེ་དག་སློབ་དཔོན་མེད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་པས་ན་མ་དུལ་བར་གྱུར། ངན་པར་དུལ་བ་དང་། ཚུལ་དང་མི་ལྡན། ཤམ་ཐབས་མི་སྡུག་པར་གྱོན། བླ་གོས་མི་རན་པར་གྱོན། སྤྱོད་པ་ཉམས་ཤིང་མི་སྡུག་པར་སྤྱོད་པ་ལ་ཞུགས་པ་དང་། ཆ་

ལུགས་མི་སྡུག །ཆ་ལུགས་ལོག་པ་ལ་ཞུགས་ནས། དེ་ལ་སུ་ཡང་ནད་གཡོག་མི་བྱེད་པར་གྱུར་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་ཡོད་ཀྱང་དེས་དེ་དག་དུལ་བར་བྱེད། ལུང་

བསྒོ་བར་བྱེད། རྗེས་སུ་ཡང་སྟོན་པར་བྱེད། འཆོས་པར་བྱེད། ན་ན་ཡང་བསྙེན་བཀུར་དང་ནད་གཡོག་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བྱོས་ཤིག་ཅེས་གསུངས་པ་འདི་ནི་སློབ་དཔོན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཉེ་གནས་ཀྱི་

རབ་ཏུ་ལྡན་པ་གང་ཞེ་ན། དེ་དགེ་སློང་དག་གིས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ན་སློབ་དཔོན་ལ་རིམ་གྲོ་མི་བྱེད་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་གནས་ཀྱིས་ནི་སློབ་དཔོན་

ལ་རིམ་གྲོ་བྱོས་ཤིག །གཞར་བར་བྱོས་ཤིག །བལྟ་བར་བྱོས་ཤིག །མགུ་བར་བྱོས་ཤིག །རྗེས་བཞིན་དུ་འབྲང་བར་བྱོས་ཤིག །བསྙེན་བཀུར་བྱོས་ཤིག །བྱ་བ་ཐམས་ཅད་ཀྱང་སློབ་དཔོན་ལ་མ་དྲིས་ཀྱི་བར་དུ་མ་བྱེད་ཅིག །རྣམ་པ་གསུམ་མ་གཏོགས་ཏེ། བཤང་

เล่ม ๑๓ · หน้า 269b

གཅི་དང་། སོ་ཤིང་དོར་བ་དང་། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་འཚལ་བ་མ་གཏོགས་སོ། །ཉེ་གནས་དང་ལྡན་པས་ཀྱང་བྱ་བ་ཐམས་ཅད་སློབ་དཔོན་ལ་དྲིས་ཤིང་བྱོས་ཤིག །བཤང་གཅི་དང་། སོ་ཤིང་དོར་བ་དང་། མཚམས་ཀྱི་ནང་དུ་མཆོད་རྟེན་

ལ་ཕྱག་འཚལ་བ་མ་གཏོགས་སོ། །ཉེ་གནས་དང་ལྡན་པ་དག་གིས་ཀྱང་ཉེ་གནས་ཀྱིས་སློབ་དཔོན་ལ་བཀུར་སྟིར་བྱོས་ཤིག །བླ་མར་བྱོས་ཤིག །མཆོད་པར་བྱོས་ཤིག །མགུ་བར་བྱོས་ཤིག །དེའི་བྱ་བ་ཞིག་ཡོད་ན་ཡང་ལེ་ལོ་མི་བྱ་ཞིང་ཤེས་བཞིན་དུ་མྱུར་དུ་གྱིས་

ཤིག །རིམ་གྲོ་དང་བཅས། འཛེམ་པ་དང་བཅས། འཇིགས་པ་དང་བཅས་པར་བྱོས་ཤིག །ངོ་ཚ་བ་དང་། སེམས་དམན་པ་དང་། བདག་གི་དགེ་བ་ཅིར་འགྱུར་སྙམ་པ་དང་། དེ་ལོག་པ་ཞིག་ལ་འཇུག་པ་ན་ཡང་སློབ་དཔོན་གྱིས་བཟློག་པར་གྱིས་ཤིག །སློབ་

དཔོན་ལ་ཡང་དེས་བཟློག་པར་གྱིས་ཤིག །སློབ་དཔོན་ན་ན་དེས་ནད་གཡོག་གུས་པར་བྱ། བདག་གི་དོན་ཀྱང་མ་ཉམས་པར་བྱ་བ་དེ་ནི་ཉེ་གནས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །མཁན་པོ་དང་སློབ་དཔོན་དང་ལྷན་ཅིག་སྤྱོད་པ་དང་ཉེ་གནས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། མཁན་པོ་དང་

སློབ་དཔོན་གྱིས་ལྷན་ཅིག་སྤྱོད་པ་དང་ཉེ་གནས་ལ་བུ་ལྟ་བུའི་འདུ་ཤེས་མངོན་དུ་ཞོག་ཤིག །ལྷན་ཅིག་སྤྱོད་པ་དང་ཉེ་གནས་ཀྱིས་ཀྱང་མཁན་པོ་དང་སློབ་དཔོན་ལ་ཕར་འདུ་ཤེས་མངོན་དུ་དགའ་བར་བྱ་སྟེ། འདི་ནི་མཁན་པོ་དང་སློབ་དཔོན་དང་ལྷན་ཅིག་སྤྱོད་པ་དང་ཉེ་གནས་ཀྱི་རབ་ཏུ་ལྡན་པ་

ཞེས་བྱའོ། །དགེ་སློང་གི་རབ་ཏུ་ལྡན་པ་དགེ་ཚུལ་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དགེ་ཚུལ་ཕ་ཆོངས་ཤིག་པར་གནང་སྟེ། ཐ་མ་ནི་བྱ་རོག་སྐྲོད་ནུས་ལ་ལོ་བདུན་པའོ། །དེ་ལ་ཉེས་པའི་དམིགས་ཤིག་བྱུང་ན་དགེ་བསྙེན་དད་པའི་མདུན་དུ་སྤྱོ་ཞིང་

སྤོངས་ཤིག །སྒྲེན་མོར་མ་སྤང་ཤིག །གོས་གཅིག་པར་མ་སྤང་བར་སྟོད་གཡོགས་མཐང་གོས་དང་ལྡན་པར་སྤང་སྟེ། འདི་ནི་དགེ་ཚུལ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །དངོས་པོའི་རབ་ཏུ་ལྡན་པ་གང་ཞེ་ན། ཕྱོགས་གར་ཐོག་མ་གཙུག་ལག་ཁང་རྩིག་པ་དེར་ལས་གསར་དུ་བྱེད་པའི་དགེ་

เล่ม ๑๓ · หน้า 270a

སློང་གིས་རྟོགས་ཤིག །སྔར་གཙུག་ལག་ཁང་གི་དངོས་པོ་བརྟག་པ་ནི་འོད་པ་དང་ལྡན་ནམ། སྐྱེད་ཤིང་དང་ལྡན་ནམ། ཆུ་དང་ལྡན་ནམ། འཆག་ས་དང་ལྡན་ནམ། ཉེ་འཁོར་དང་ལྡན་ནམ། རྩོད་པ་མེད་དམ། དོག་པ་མེད་དམ། སྤྱོད་ཡུལ་དང་མི་རིང་ངམ། ཧ་

ཅང་ཡང་མི་ཉེའམ། ཉིན་པར་ལྡུགས་མི་མང་ངམ། འཁྲུག་པ་མི་ཆེའམ། མཚན་མོ་ཡང་སྒྲ་མི་ཆེའམ། ཅ་ཅོ་མི་ཆེའམ། གདུག་པའི་སྲོག་ཆགས་དང་སྦྲང་བུ་དང་སྦྲུལ་དང་རླུང་དང་ཚ་བས་མི་བདེ་བ་ལྟ་མེད་དམ། ཞི་བ་དབེན་པ་བསམ་གཏན་གྱི་རྗེས་སུ་མཐུན་ནམ། ནང་དུ་ཡང་

དག་འཇོག་པའི་གཞིར་རུང་ངམ་མི་རུང་ཞེས་ཤིན་ཏུ་རྟོགས་པར་བྱས་ལ་གདོད་གཙུག་ལག་ཁང་བརྩིག་གོ། །ལས་གསར་བྱེད་པའི་དགེ་སློང་གིས་ཤིན་ཏུ་མ་བརྟགས་པར་གཙུག་ལག་ཁང་བརྩིགས་ན་འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི་དངོས་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །གཙུག་

ལག་ཁང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གཙུག་ལག་ཁང་རབ་ཏུ་གནང་བ་ནི་ཁང་བཟངས་ཁྱམས་བཞི་པ་དང་། ཁང་བཟངས་ཁྱམས་བཅུ་གཉིས་པོ་དེ་སྒོ་ཁང་ནི་བཞི་རྩེག་གམ་བདུན་རྩེག་གོ། །ཁང་བུ་བརྩེགས་པ་དང་། བསྲོ་གང་དང་།

ཚང་མང་དང་། བཀད་ས་དང་། འཆག་ས་དང་། དུགས་ཁང་དང་། རྐང་པའི་བཀྲུ་ཁང་དང་། གནས་ཁང་དང་། སྔ་ཁང་དང་། ཁང་པ་འཁོར་དུ་བཅས་པ་དང་། ཁང་པ་གློ་འབུར་ཏེ། དགེ་འདུན་གྱི་ཡང་རུང་། གང་ཟག་གི་ཡང་རུང་། སློབ་པ་དང་མི་སློབ་པའི་ཡང་རུང་སྟེ།

སྤྱོད་ལམ་བཞིར་རུང་བར་འགྱུར་བ་ནི་གཙུག་ལག་ཁང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །མལ་སྟན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མལ་སྟན་རྗེས་སུ་གནང་བ་ནི་འདི་ལྟ་སྟེ། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་རྟེན་དང་།

གྲུ་བཞི་པ་སྟེ། དགེ་འདུན་གྱིའང་རུང་གང་ཟག་གི་ཡང་རུང་། གདིང་བ་དང་། བགོ་བ་འདི་ནི་མལ་སྟན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ལས་གསར་གྱི་རབ་ཏུ་ལྡན་པ་གང་ཞེ་ན། དེ་འདི་ལྟར་བཅོམ་ལྡན་འདས་ཀྱིས་གང་གི་ཚེ་གཙུག་ལག་ཁང་བྱོས་ཤིག་པར་རྗེས་སུ་གནང་བ་དེ་ན། དགེ་སློང་རྣམས་

เล่ม ๑๓ · หน้า 270b

ཀྱིས་ཇི་ལྟར་དགའ་བ་བཞིན་དུ་ལས་གསར་པ་བྱེད་དེ། དེ་ལ་ཁ་ཅིག་གིས་ནི་བརྩམས་པ་ལས་དུས་འདས་པར་གྱུར། ཁ་ཅིག་གིས་ནི་བརྩམས་ནས་དོང་། ཁ་ཅིག་གིས་ནི་ཟིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་འབྲོག་དགོན་པ་ན་འབྲོག་དགོན་པའི་མཆོག་གི་ནགས་ན་

བཞུགས་ཏེ། དེའི་ཚེ་ན་དགོན་པའི་གཙུག་ལག་ཁང་རྣམས་ཞིག་ཀྱང་ལས་གསར་པ་མི་བྱེད་དེ། དགོན་པའི་གཙུག་ལག་ཁང་ཞིག་ཀྱང་ལས་གསར་པ་མི་བྱེད་པར་བཅོམ་ལྡན་འདས་ཀྱིས་གཟིགས་སོ། །དེ་ལྟར་གཟིགས་ནས་ཡང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཀུན་དགའ་བོ་ཅིའི་རྒྱུ་

ཅིའི་རྐྱེན་གྱིས་ན་དགོན་པ་འདི་དག་ལས་གསར་པ་མི་བྱེད་ཅེས་གསུངས་པ་དང་། བཙུན་པ་དེ་འདི་ལྟར་དགོན་པའི་དགེ་སློང་དག་ལས་ཁ་ཅིག་ནི་དུས་ལས་འདས། ཁ་ཅིག་ནི་དོང་། ཁ་ཅིག་ནི་ལེགས་པར་བགྱིད་པས་ན་བཙུན་པ་རྒྱུ་དེ་དང་རྐྱེན་དེ་ལྟ་བུའི་ཕྱིར་དགོན་པ་པ་དག་ལས་གསར་

པ་མི་བྱེད་དོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་གསར་དུ་བྱེད་པའི་དགེ་སློང་སྐོས་ཤིག །དེ་ཡང་རིམ་བཞིན་དུ་མ་ཡིན་གྱི་གང་རང་བཞིན་གྱིས་དགེ་བ་ལ་བརྩོན་ཞིང་ལེ་ལོ་མེད་པ་བརྩོན་འགྲུས་ཀྱི་ནན་ཏན་དང་ལྡན་པ་ལས་གསར་དུ་བྱེད་ནུས་པ། ལས་གསར་

པ་ལ་དོན་བྱེད་པ་དེ་ལྟ་བུ་ནི་ལས་གསར་དུ་བྱེད་པར་གསོལ་པ་དང་། གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེ་ན་དགེ་སློང་རྣམས་འདི་ལྟར་རྩིག་པ་རལ་བ་ལས་སླར་བརྩིག་པ་ཙམ་མམ། བལ་གླང་གི་ལྕི་བ་བྱུགས་པ་ཙམ་དང་། གང་ཅི་ཡང་རུང་བ་ཞག་གཅིག་ཙམ་གྱི་ཕྱིར་ཡང་

ལས་གསར་དུ་བྱེད་པའི་དགེ་སློང་བསྐོ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཅིའི་ལ་ཡང་རུང་ཞག་གཅིག་ཙམ་གྱི་ཕྱིར་ལས་གསར་པ་བྱེད་པའི་དགེ་སློང་མ་བསྐོ་བར། གང་མཆོད་རྟེན་ནམ། གཙུག་ལག་ཁང་རྙིང་པ་སླར་བཅོས་སམ། དེ་སྟེ་གསར་པ་བྱེད་ཀྱང་རུང་

གིས་དེའི་ཕྱིར་ལས་གསར་པ་བྱེད་པ་སྐོས་ཤིག །དེ་དག་ནམ་འཚོ་བའི་བར་དུ་བསྐོས་ཏེ། དུད་པ་ཅན་གྱི་ནང་དེ་ཉིད་དུ་འཁོད་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་འཚོ་བའི་བར་དུ་མ་བསྐོ་ཤིག །དུད་པ་ཅན་གྱི་ནང་ན་འཁོད་པར་ཡང་མ་བྱེད་ཅིག །ལས་

เล่ม ๑๓ · หน้า 271a

གསར་དུ་བྱེད་པ་ཡང་གནས་ཁང་རྙིང་པ་འཆོས་ན་ལོ་དྲུག་ཏུ་སྐོས་ཤིག །གནས་ཁང་གསར་པ་ལ་ནི་ལོ་བཅུ་གཉིས་སོ། །ལས་གསར་དང་རབ་ཏུ་ལྡན་པའི་དགེ་སློང་དེས་ཀྱང་གཙུག་ལག་ཁང་གང་ན་གནས་པར་དགེ་སློང་དེས་གཙུག་ལག་ཁང་དེར་དུས་དུས་སུ་ཀུན་ཏུ་

བྱུལ་ཞིང་རྟོགས་ཤིག །དེ་སྟེ་གཙུག་ལག་ཁང་དེ་ན་རལ་ཞིང་ཞིག་པར་མཐོང་ན་དེ་སྟེ་བདག་ཉིད་ཀྱིས་ནུས་པར་གྱུར་ན་ནི་བདག་ཉིད་ཀྱིས་སླར་གསོ་བར་བྱོས་ཤིག །བདག་ཉིད་ཀྱིས་བྱ་བ་མི་ནུས་ན་ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ལ་སྟོན་ཅིག །སྟོན་ལ་བདག་

གིས་མངོན་སུམ་དུ་ཞལ་ཏ་གྱིས་ལ་སླར་ཆོས་ཤིག །དེ་ཡལ་བར་མ་དོར་ཅིག །ཕྱལ་བར་བོར་ན་འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི་ལས་གསར་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ལས་གསར་དུ་བྱེད་པར་རབ་ཏུ་ལྡན་པ་གང་ཞེ་ན། དེ་ལ་ལས་གསར་དུ་བྱེད་པའི་དགེ་

སློང་གིས་དགེ་འདུན་གྱི་ལས་གསར་དུ་བྱེད་པ་ལ་ཞུགས་ན་དེ་དགེ་འདུན་གྱི་ལས་ཀྱིས་རྨོངས་པས་ན་ལས་གསར་དུ་བྱ་བ་ཡང་ཤོར་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་རྗེས་སུ་གནང་

གིས་ལས་གསར་དུ་བྱེད་པའི་དགེ་སློང་ལ་དགེ་འདུན་གྱི་ལས་མ་བསྐོ་ཤིག །གཙུག་ལག་ཁང་རྙིང་པ་སླར་གསོ་བ་དེ་ལ་ནི་ལོ་གཉིས་སུ་ལས་ཀྱི་རེས་སུ་མི་བསྐོ་སྟེ། ནམ་བརྩིགས་གཡོགས་སྐྱོང་ནུལ་ཟིན་གྱི་བར་དུའོ། །གང་གིས་གནས་ཁང་བཞི་པའི་གཙུག་ལག་ཁང་ཞིག་རྩིག་

ན་དེ་ལ་ལོ་བཞིའི་བར་དུ་ལས་སུ་མི་བསྐོ་སྟེ། ནམ་བརྩིགས་གཡོགས་སྐྱོང་ནུལ་ཟིན་གྱི་བར་དུའོ། །གང་གནས་ཁང་བརྒྱད་པའི་གཙུག་ལག་ཁང་རྩིག་ན་དེ་ལ་ལོ་བརྒྱད་ཀྱི་བར་དུ་ལས་ཀྱི་རེས་སུ་མི་བསྐོ་སྟེ། ནམ་བརྩིགས་གཡོགས་སྐྱོང་ནུལ་ཟིན་གྱི་བར་དུའོ། །གནས་ཁང་

ཁྱམས་བཅུ་གཉིས་པའི་གཙུག་ལག་ཁང་ཞིག་རྩིག་ན་དེ་ལ་ལོ་བཅུ་གཉིས་ཀྱི་བར་དུ་ལས་ཀྱི་རེས་སུ་མི་བསྐོ་སྟེ། ནམ་བརྩིགས་གཡོགས་སྐྱོང་ནུལ་ཟིན་གྱི་བར་དུའོ། །གང་མཆོད་རྟེན་དང་བཅས་པའི་དགེ་འདུན་ཀུན་དགའ་ར་བ་ཞིག་རྩིག་ལ་མལ་སྟན་རྣམས་ཀྱང་སྦྱོར་བར་བྱེད་ན་ནམ་

เล่ม ๑๓ · หน้า 271b

འཚོའི་བར་དུ་ལས་ཀྱི་རེས་སུ་མི་བསྐོ་སྟེ། ལས་གསར་གྱི་རབ་ཏུ་ལྡན་པ་དེ་ཡང་ཆོས་ལྔ་དང་ལྡན་པའི་དགེ་སློང་ལས་གསར་ལ་མ་བསྐོས་ན་ནི་མ་བསྐོ་ཤིག །བསྐོས་ན་ནི་ཕྱུང་ཤིག །ལྔ་གང་ཞེ་ན། མི་བརྩོན་པ་དང་། ལེ་ལོ་ཅན་དང་། ནན་ཏན་དུ་མི་བྱེད་པ་དང་། མྱུར་དུ་མི་བྱེད་པ་

དང་། ལས་གསར་པ་བྱས་པ་དང་མ་བྱས་པ་མི་ཤེས་པའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་ལས་གསར་པ་བྱེད་པར་མ་བསྐོས་ན་ནི་བསྐོས་ཤིག །བསྐོས་ན་ནི་མ་ཕྱུང་ཤིག །ལྔ་གང་ཞེ་ན། བརྩོན་པ་ཅན་དང་། ལེ་ལོ་མེད་པ་དང་། ནན་ཏན་དང་ལྡན་པ་དང་།

མྱུར་བར་བྱེད་པ་དང་། ལས་གསར་པ་བྱས་པ་དང་མ་བྱས་པ་ཤེས་པའོ། །ལས་གསར་པ་བྱེད་པའི་དགེ་སློང་གིས་ཀྱང་གཙུག་ལག་ཁང་དུས་དུས་སུ་བྱུལ་ཅིག །ཅི་ནས་གཙུག་ལག་ཁང་ལས་བྱེད་པ་དེས་ཀུན་ཏུ་སྤྲོ་བར་བྱ་བ་ནི་ཇི་ལྟར་གཙུག་ལག་ཁང་ཐམས་ཅད་ལ་ལས་གསར་

པ་བྱས་པ་ཉམས་པར་མི་འགྱུར་བ་དེ་ལྟ་བུར་སྤྲོ་བ་བསྐྱེད་པར་བྱ་སྟེ། དེ་ལྟར་བྱས་ན་ནི་ལེགས། དེ་ལྟར་མ་བྱས་ན་འདས་པ་དང་བཅས་པར་འགྱུར་ཏེ། དེ་ལྟ་བུ་ནི་ལས་གསར་དུ་བྱེད་པ་དང་རབ་ཏུ་ལྡན་པ་ཞེས་བྱའོ། །ཕྱག་འཚལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་

ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཕྱག་འཚལ་བ་རྣམ་པ་གཉིས་གནང་སྟེ། དགེ་སློང་ལ་ཕྱག་བྱ་བ་དང་། སྟོན་པ་ལ་ཕྱག་བྱ་བའོ། །དགེ་སློང་གིས་ནི་ཇི་ལྟར་རྒན་རིམས་ཀྱི་དགེ་སློང་ལ་མངོན་དུ་ཚིག་སྙན་པ་དང་། ཕྱག་བྱ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་།

ཕྱག་བྱ་བར་བྱ་སྟེ། མགོས་རྐང་པ་ལ་ཕྱག་བྱ་བ་དང་། ལག་པ་གཉིས་ཀྱིས་རྐང་པ་གཉིས་ནས་བཟུང་ཞིང་བཙིར་བའོ། །དེ་བཞིན་གཤེགས་པ་ལ་ནི་དཀྱིལ་འཁོར་ལྔས་ཕྱག་བྱ་སྟེ། དེ་ནི་ཕྱག་བྱ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁུ་བ་སྐྱུར་པོའི་རབ་ཏུ་ལྡན་པ་གང་ཞེ་ན། ཁུ་བ་

སྐྱུར་པོ་ནི་དགེ་སློང་ན་བ་དང་། རླུང་ནད་ཅན་རྣམས་ལ་སྟེ། ཇི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གནང་བ་བཞིན་ནོ། །རྫས་གང་ལ་ཁུ་བ་སྐྱུར་པོ་བྱ་ཞེ་ན། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། སྨན་དང་། ས་བོན་ཐམས་ཅད་དེ་དག་གཅིག་ཏུ་སྦངས་ནས་ནམ་སྐྱུར་བར་གྱུར་པ་དེ་ན་

เล่ม ๑๓ · หน้า 272a

དང་བ། མ་རྙོགས་པ། དར་ཚགས་ཀྱིས་བཙགས་ལ་ཆུས་བསླད་དེ་དང་བར་བྱས་ནས་ཉིན་པར་དང་སྲོད་ཀྱི་བར་དུ་བཏུང་སྟེ། དེ་ནི་ཁུ་བ་སྐྱུར་པོའི་རབ་ཏུ་ལྡན་པའོ། །ཕྱེ་མའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཕྱེ་མ་རྣམ་པ་

གཉིས་ཡོངས་སུ་གནང་སྟེ། སྨན་གྱི་ཕྱེ་མ་དང་། བཀྲུ་བའི་ཕྱེ་མའོ། །སྨན་གྱི་ཕྱེ་མ་རྣམས་ནད་གཞིལ་བའི་ཕྱིར་གནང་ངོ་། །བཀྲུ་བའི་ཕྱེ་མ་དགེ་སློང་རྣམས་ལ་གནང་བ་ནི་རྒྱགས་པའི་ཕྱིར་མ་ཡིན། དྲེགས་པའི་ཕྱིར་མ་ཡིན། མཛེས་པའི་ཕྱིར་མ་ཡིན། བརྒྱན་པའི་

ཕྱིར་མ་ཡིན་གྱི་ལུས་ཀྱི་དྲི་མ་བསལ་བའི་ཕྱིར་རོ། །ཅི་ལས་བཀྲུ་བའི་ཕྱེ་མ་བྱ་ཞེ་ན། སྲན་གྲེའུ་དང་། སྲན་མཱ་ཥ་དང་། རྒྱ་སྲན་དང་། སྲན་མ་དང་། དེ་རྣམས་ཀྱི་ཕྱི་ཤུན་དང་། འབྲུ་ཧྲི་མིན་ཏ་རྣམས་ལ་བྱ་སྟེ། དགེ་སློང་རྣམས་ལ་དྲི་སྣ་ཚོགས་ཀྱིས་སྦགས་པ་དེ་བརྒྱན་

པའི་ཕྱིར་མ་ཡིན་གྱི་བཀྲུ་བའི་ཕྱེ་མར་ཡོངས་སུ་སྤྱད་པར་བྱའོ། །མ་བསླངས་པར་དྲི་དང་སྦགས་པ་ཞིག་རྙེད་པར་གྱུར་ན་ཉེས་པ་མེད་དེ། དེ་དང་མཐུན་པའི་སྨན་རྣམས་ཀྱིས་རང་གིས་ཀྱང་སྦགས་ཤིང་སྤྱོད་ན་དེ་བཞིན་ཏེ། དེ་ནི་ཕྱེ་མའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྨན་གྱི་

རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ་རྣམས་ལ་ནད་གཞིལ་བའི་ཕྱིར་སྨན་རྗེས་སུ་གནང་སྟེ། སྔ་དྲོ་དང་། ཕྱི་དྲོ་དང་། བདུན་པ་དང་། ནམ་འཚོའི་བར་དུ་སྟེ། རྩྭ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་།

འབྲས་བུའི་སྨན་ནོ། །དགེ་སློང་མི་ན་བས་ནི་ན་བའི་སྨན་ཡོངས་སུ་མི་སྤྱད་དེ། འདི་ནི་སྨན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །བཏུང་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དྲང་སྲོང་ཀཻ་ནྱ་ཡ་ཞེས་བྱ་བ་ལས་ཏེ་དགེ་སློང་རྣམས་ལ་བཏུང་བ་རྣམ་པ་

བརྒྱད་རྗེས་སུ་གནང་ངོ་། །དེ་དག་གང་ཞེ་ན། འདི་ལྟ་སྟེ། ཤིང་ཏོག་ཙོ་ཙའི་དང་། མོ་ཙའི་དང་། རྒྱ་ཤུག་གི་དང་། འབྲ་གོའི་དང་། པ་རུ་ཤ་དང་། ཨ་ཤྭཏྠའི་དང་། ཨུ་དུམ་བཱ་རའི་དང་། རྒུན་འབྲུམ་གྱི་སྟེ། བཏུང་བ་རྣམ་པ་བརྒྱད་པོ་འདི་དག་ནི་དགེ་སློང་རྣམས་

เล่ม ๑๓ · หน้า 272b

ལ་གནང་གིས་ཁ་ཟས་མ་འབགས་པ་དང་། མི་མྱོས་པ་དང་། མི་སྐྱུར་བ་དང་། སངས་པ་དང་། དང་བ་དང་། མ་རྙོགས་པར་དར་ཚགས་ཀྱིས་ཚོགས་ལ་ཆུས་སློད་དེ་ཕྱི་དྲོའི་བྱས་པ་བཏང་སྟེ། འདི་ནི་བཏུང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །པགས་པའི་རབ་ཏུ་ལྡན་པ་

གང་ཞེ་ན། དགེ་སློང་གིས་པགས་པ་གཞག་པར་མི་བྱ། བཅང་བར་མི་བྱ། བྱིན་གྱིས་བརླབ་པར་མི་བྱ། གདིང་བར་མི་བྱ། དེ་ལ་འདུག་པར་མི་བྱ། སྟན་དུ་གདིང་བར་མི་བྱ། དེ་ལ་འཇུག་པར་མི་བྱ། དེ་ལ་འདྲེས་པར་མི་བྱ། ལྷམ་གོང་རལ་སྦུ་བུ་ཅན་དང་།

མཆིལ་ཅན་དང་། གོང་ཅད་དང་། ཡུ་ཐུང་སྟེ། ཁྱིམ་པའི་ནང་དུ་དེ་འདྲ་བའི་རྐྱེན་ཅིག་བྱུང་ན་ནི་པགས་པ་ལ་འདུག་པར་བྱའོ། །ནད་པས་ནི་པགས་པ་ལ་འདུག་པར་བྱ་སྟེ། འདི་ནི་པགས་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ལྷམ་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་

ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ལྷམ་རྣམ་པ་གཉིས་གནང་སྟེ། ལྷམ་མཆིལ་རིམ་གཅིག་པ་དང་། ཁྱིམ་པའི་ལྷམ་རིམ་མང་པོ་ཡང་རུང་ངོ་། །དགེ་སློང་གིས་རི་མོར་བྲིས་པའི་ལྷམ་མ་འཆང་ཤིག །དེ་ནི་ལྷམ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཤིང་ལྷམ་གྱི་རབ་ཏུ་ལྡན་

པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཤིང་ལྷམ་རྣམ་པ་གཉིས་གནང་སྟེ། བཤང་གཅིའི་ཤིང་ལྷམ་དང་། ཁྲི་རྟེན་གྱི་ཤིང་ལྷམ་མོ། །དགེ་སློང་གིས་དེ་མ་ཡིན་པར་གཞན་དུ་ཤིང་ལྷམ་མི་བཅང་སྟེ། གཞན་དུ་བཅངས་ན་འདས་པ་དང་བཅས་པར་འགྱུར་

ཏེ། འདི་ནི་ཤིང་ལྷམ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །དྲུད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་རྟའི་དྲུད་པའམ། མཚོའི་དབུ་བའམ། གྱོ་མོས་རྐང་པ་དྲུད་པ་མ་འཆང་ཤིག །དེ་ནི་དྲུད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁར་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་

ལྡན་འདས་ཀྱིས་དགེ་སློང་ནད་པ་དང་། རྒན་པོ་ལ་ཁར་བ་རྗེས་སུ་གནང་ངོ་། །དེ་སྟེ་རྩ་བར་གས་ན་ནི་ལྕགས་ཀྱིས་བསྐོར་ཅིག །རྩེ་མོར་གས་ན་ནི་སྦུ་བུར་ཆུག་ཤིག །དེ་ནི་ཁར་བའི་རབ་ཏུ་ལྡན་པ་ཞེས་བྱ་སྟེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་བསིལ་བའི་ཚལ་གྱི་དུར་ཁྲོད་ན་སྦྲུལ་ཡོད་དེ།

เล่ม ๑๓ · หน้า 273a

དགེ་སློང་རྣམས་དུར་ཁྲོད་ཀྱི་ནང་དུ་དོང་བ་དང་། སྦྲུལ་གྱིས་རེག་པར་གྱུར་ནས་དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྲུལ་རྣམས་བསྐྲད་པའི་ཕྱིར་སྒྲ་དང་བཅས་པའི་ཁར་བ་འཆང་བར་གནང་

སྟེ། འདི་ནི་ཁར་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །དྲ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་དང་རྒས་པ་ལ་དྲ་བ་གནང་སྟེ། དགེ་སློང་གིས་ཚོན་སྣ་ཚོགས་ཀྱིས་དྲ་བ་བརྒྱན་པའི་ཕྱིར་མ་འཆང་ཤིག །འདི་ནི་དྲ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁར་བ་

དང་དྲ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་དང་རྒས་པ་ལ་ཁར་བ་དང་དྲ་བའི་སྡོམ་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བྱིན་ཅིག་པར་རྗེས་སུ་གནང་སྟེ། རྒྱས་པར་ནི་འདུལ་བ་ལས་འབྱུང་བ་བཞིན་ཏེ། འདི་ནི་ཁར་བ་དང་དྲ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྒོག་

སྐྱའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་ན་བ་རླུང་ནད་ཅན་ལ་སྒོག་སྐྱ་རྗེས་སུ་གནང་སྟེ། ཇི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གནང་བ་བཞིན་ནོ། །དགེ་སློང་མི་ན་བར་སྒོག་སྐྱ་མ་ཟ་ཤིག །ཟ་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་སྟེ་ན་ཟོ་ལ་ཚུལ་བཞིན་དུ་བྱོས་

ཤིག །སྒོག་པའི་ཚུལ་དེ་ནི་འདི་ལྟ་བུ་སྟེ་དགེ་སློང་གིས་སྒོག་སྐྱ་ཟོས་ན་སྟོན་པ་ལ་ལྟར་མ་འགྲོ་ཤིག །མཁན་པོ་དང་སློབ་དཔོན་གྱི་དྲུང་དུ་མ་འགྲོ་ཤིག །བླ་མ་ལ་ཡང་མ་ཡིན། བླ་མའི་གནས་སུ་གྱུར་པ་ཡང་མ་ཡིན་སྟོན་པར་ཡང་མ་བྱེད་ཅིག །ནོད་པར་ཡང་མ་བྱེད་ཅིག །དྲན་

པར་ཡང་མ་ཡིན། འདྲི་བར་ཡང་མ་ཡིན། གྲོང་དུ་ཡང་མ་འཇུག་ཤིག །ཟས་ལ་གྲལ་དུ་ཡང་མི་བཀད། ཐུག་པ་འཐུང་བར་ཡང་མ་ཡིན། སྐྱོ་མ་འཐུང་བར་ཡང་མ་ཡིན། ཆོས་ཉན་པར་ཡང་མ་ཡིན། དགེ་སློང་རྣམས་དང་ལྷན་ཅིག་ཏུ་འདུག་པར་ཡང་མ་བྱེད་ཅིག །འདུ་

བར་ཡང་མ་ཡིན། གཞན་ཅིའི་དོན་ལ་ཡང་རུང་སྟེ། ལྷན་ཅིག་མི་འདུག །གནས་ཁང་དབེན་པར་འདུག་པར་བྱ། དེ་སྟེ་གང་ཟག་གི་གདིང་བ་དང་བགོ་བ་མེད་པར་གྱུར་ན་ཕྱོགས་བཞིའི་དགེ་འདུན་གྱི་ངན་པ་ལས་ལོང་ཤིག །བཤང་གཅིའི་ས་ཡང་ལོགས་ཤིག་ཏུ་བྱོས་ཤིག །དེ་

เล่ม ๑๓ · หน้า 273b

སྟེ་ཞག་གཅིག་སྒོག་སྐྱ་ཟོས་ན་ཞག་བདུན་གྱི་བར་དུ་སོང་ཤིག །བདུན་དུ་ཟོས་ན་ཡང་བདུན་དུ་སོང་ཤིག །བདུན་འདས་ནས་ནི་གདིང་བ་དང་བགོས་པ་ཡང་ཁྲུས་ཤིག །གནས་ཁང་ཡང་བྱི་བདར་གྱིས་ཤིག །གནས་ཁང་གི་ཟླ་རྣམས་ཀྱང་ཕྱག་དར་ཕྱོགས་ཤིག །ཞལ་ཞལ་

གྱིས་འཇམ་པོར་གྱིས་ཤིག །བ་ལང་གི་ལྕི་བས་ཡུགས་ཤིག །བཤང་གཅི་སར་ཡང་བྱི་བདར་གྱིས་ཤིག །ཆོས་གོས་ཁྲུས་ཤིག །ཁྲུས་བྱོས་ཤིག །དེའི་འོག་ཏུ་ཅི་བདེར་སྟོན་པ་ལ་ལྟར་སོང་ཤིག །མཁན་པོ་དང་སློབ་དཔོན་དང་། བླ་མའི་གནས་སུ་འགྱུར་བ་རྣམས་ལ་ལྟར་

སོང་ཤིག །སྟོན་པ་ཡང་བྱིན་ཅིག །ནོད་པ་དང་དྲན་པར་བྱ་བ་དང་། དྲི་བ་ཡང་བྱོས་ཤིག །གྲོང་དུ་ཡང་ཞུགས་ཤིག །ཟས་ལ་གྲལ་དུ་ཡང་བཀད་པར་བྱའོ། །སྐྱོ་མ་དང་ཐུག་པ་འཐུང་བའི་གྲལ་དུ་ཡང་བཀད་པར་བྱ། ཆོས་མཉན་པར་བྱ། དགེ་སློང་དང་ལྷན་

ཅིག་ཏུ་འདུག་པར་བྱའོ། །སྒོག་སྐྱ་ཟ་བའི་དགེ་སློང་གིས་ཇི་ལྟར་མཚུངས་པར་སྤྱད་པའི་ཆོས་བཅས་པ་བཞིན་མཚུངས་པར་མ་སྤྱད་ན་འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི་སྒོག་སྐྱའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྤུ་གྲིའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་

དགེ་སློང་རྣམས་ལ་སྐྲ་བྲེག་པའི་ཕྱིར་སྤུ་གྲི་རྗེས་སུ་གནང་བ་དེ་ནི་སྤུ་གྲིའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྤུ་གྲིའི་ཤུབས་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྤུ་གྲིའི་ཚས་ཀྱི་ཕྱིར་སྤུ་གྲིའི་ཤུབས་རྗེས་སུ་གནང་བ་དེ་ནི་སྤུ་གྲིའི་ཤུབས་རབ་ཏུ་ལྡན་པ་ཞེས་

བྱའོ། །ལྡེ་མིག་ཀྱོག་པོའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མལ་སྟན་དྲུབ་པ་དང་། དགེ་འདུན་ལ་བདེ་བ་དང་། དགེ་འདུན་ལ་དགེ་བར་སྤྱོད་པའི་ཕྱིར་ལྡེ་མིག་ཀྱོག་པོ་རྗེས་སུ་གནང་སྟེ། འདི་ནི་ལྡེ་མིག་ཀྱོག་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །

སྒོ་ལྕགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྒོ་ལྕགས་རྗེས་སུ་གནང་བ་ནི་འཁྲུལ་འཁོར་བྱས་པ་ལྡེ་མིག་གིས་རབ་ཏུ་དབྱེ་བ་སྟེ། འདི་ནི་སྒོ་ལྕགས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །བཞོན་པའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་

เล่ม ๑๓ · หน้า 274a

རྒན་པ་དང་། རྒན་འཁོགས་པ་དང་། ན་བ་དང་། རྩོལ་མི་ནུས་པ་དང་། དར་ལ་བབ་པ་རྣམས་ཀྱི་ཕྱིར་བཞོན་པ་རྗེས་སུ་གནང་སྟེ། དགེ་སློང་གིས་བརྒྱན་པའི་རི་མོ་བྲིས་པའི་བཞོན་པ་ལ་མ་ཞོན་ཅིག །བཞོན་པ་མོ་ལ་རང་གི་བཞོན་པར་མ་བྱེད་ཅིག །འདི་ནི་

བཞོན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གདུགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཆར་དང་ཚ་བའི་གཉེན་པོའི་ཕྱིར་གདུགས་རྗེས་སུ་གནང་སྟེ། གདུགས་བྲིས་པ་རི་མོ་ཅན་བརྒྱན་པའི་ཕྱིར་མ་འཆང་ཤིག །ཡུ་བ་རིང་པོ་མ་འཆང་ཤིག །

གདུགས་ཐོགས་བཞིན་དུ་གྲོང་དུ་འགྲོ་བར་མི་བྱ་སྟེ། འདི་ནི་གདུགས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །བསིལ་ཡབ་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཚ་བའི་གཉེན་པོའི་ཕྱིར་བསིལ་ཡབ་གནང་སྟེ། དགེ་སློང་གིས་བསིལ་ཡབ་རི་མོ་ཅན་བརྒྱན་

པའི་ཕྱིར་མ་འཆང་ཤིག །དེ་ནི་བསིལ་ཡབ་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །རྔ་མའི་སྦྲང་ཡབ་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྲོག་ཆགས་གདུག་པ་དང་སྦྲང་བུ་བསྐྲད་པའི་ཕྱིར་རྔ་མའི་སྦྲང་ཡབ་གནང་སྟེ། སྦྲང་ཡབ་རྔ་མ་གང་ལས་བྱ་ཞེ་ན།

རྔ་མོ་དང་། རི་དགས་དང་། སྐུད་པའམ། ར་ད་ལས་ཏེ། དགེ་སློང་གིས་སྦྲང་ཡབ་རི་མོ་ཅན་བརྒྱན་པའི་ཕྱིར་མ་འཆང་ཤིག །སྦྲང་ཡབ་ནི་རྣམ་པ་གཉིས་ཏེ། གཅིག་ནི་རང་བཞིན་གྱིས་པའོ། །གཅིག་ནི་སྨུག་པའོ། །འདི་ནི་རྔ་མའི་སྦྲང་ཡབ་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །

སྦྲང་ཡབ་ཀྱི་ཡུ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་རྔ་ཡབ་ཀྱི་ཡུ་བ་རིང་པོ་མ་འཆང་ཤིག །དེ་སྟེ་རྙེད་ན་ལོང་ཤིག །ལོང་ལ་སངས་རྒྱས་ཀྱི་མཆོད་རྟེན་ནམ། ཉན་ཐོས་ཀྱི་མཆོད་རྟེན་ལ་དབུལ་ཏེ། འདི་ནི་སྦྲང་ཡབ་ཀྱི་ཡུ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །མེ་ལོང་གི་རབ་ཏུ་

ལྡན་པ་གང་ཞེ་ན། དགེ་སློང་རྣམས་མེ་ལོང་ངམ། ལྷུང་བཟེད་ཀྱི་མེ་ལོང་ངམ། ཆུ་ལོང་ལ་གདོང་མ་ལྟ་ཞིག །དེ་སྟེ་གདོང་ལ་རྨ་ཡོད་དམ། གདོང་སྔོན་གྱི་དད་དའང་ཅི་འདྲ་བའི་ཕྱིར་ལྟའམ། གདོང་གི་གཉེར་མ་དང་སྐྲ་དཀར་ལ་ལྟའམ། འདུས་བྱས་ཀྱི་དངོས་པོ་འདི་རྙིངས་པར་འགྱུར་བའོ། །

เล่ม ๑๓ · หน้า 274b

འཇིག་པར་འགྱུར་བའོ་སྙམ་དུ་ལྟ་འདོད་པ་ལ་ནི་ཉེས་པ་མེད་དེ་འདི་ནི་མེ་ལོང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །ཕྲེང་བ་དང་། དྲི་དང་། བྱུག་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་ཕྲེང་བ་དང་། དྲི་དང་། བྱུག་པ་རང་ལ་ཡང་མ་འཆང་ཤིག །གཞན་ལ་ཡང་མ་སྦྱིན་ཅིག །དེ་སྟེ་རྙེད་ན་

ཡང་ལོང་ཤིག །ལོང་ལ་སངས་རྒྱས་ཀྱི་མཆོད་རྟེན་ནམ། ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་ཅིག །འདི་ནི་ཕྲེང་བ་དང་། དྲི་དང་། བྱུག་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གར་དང་གླུ་དང་རོལ་མོ་བརྡུང་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་གར་དང་གླུ་དང་བརྡུང་བ་རང་གིས་

ཀྱང་མ་བྱེད་ཅིག །གཞན་ལ་ཡང་བྱེད་དུ་མ་འཇུག་ཤིག །བལྟར་ཡང་མ་འགྲོ་ཤིག །ཅི་ནས་གར་དང་གླུ་དང་བརྡུང་བ་སྤང་བར་བྱ་སྟེ། འདི་ནི་གར་དང་གླུ་དང་རོལ་མོ་བརྡུང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཚུལ་ཤིང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་

བགྲང་བའི་ཕྱིར་ཚུལ་ཤིང་རྗེས་སུ་གནང་སྟེ། ཚུལ་ཤིང་ཤིན་ཏུ་རིང་བ་ཡང་མ་ཡིན། ཐུང་བ་ཡང་མ་ཡིན། སྦོམ་པ་ཡང་མ་ཡིན། ཕྲ་བ་ཡང་མ་ཡིན། འཁྱོར་བ་ཡང་མ་ཡིན། རྩུབ་པ་ཡང་མ་ཡིན་པར་སྙོམས་པར་བྱ། དྲང་བ་དང་། འཇམ་པ་དང་། བཞིན་གནང་བ་ལྟ་བུར་བྱའོ། །

འདི་ནི་ཚུལ་ཤིང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །མིག་སྨན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་མིག་ན་བ་ལ་མིག་སྨན་རྣམ་པ་ལྔ་གནང་བ་ནི་འདི་ལྟ་སྟེ། མེ་ཏོག་གི་མིག་སྨན་དང་། ཕྱེ་མའི་མིག་སྨན་དང་། རིལ་བུའི་མིག་སྨན་དང་། བྲོའི་མིག་སྨན་དང་། མིག་

སྨན་ནག་པོའོ། །དགེ་སློང་རྣམས་སྒེག་ཅིང་ཆ་བའི་ཕྱིར་ནི་མིག་སྨན་མི་འཆང་བར་བྱའོ། །དེ་སྟེ་ན་བར་གྱུར་ན་རྗེས་སུ་མཐུན་པའི་སྨན་དེ་བ་སྐུ་བར་བྱའོ། །དེ་ནི་མིག་སྨན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །མིག་སྨན་གྱི་ཐུར་མའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མིག་

སྨན་དང་ཐུར་མ་གནང་བ་ནི་ཇི་ལྟར་འདུལ་བ་ལས་རྒྱས་པར་འབྱུང་བ་བཞིན་ཏེ་དེ་ནི་མིག་སྨན་གྱི་ཐུར་མའི་རབ་ཏུ་ལྡན་པ་ཞེས་བྱའོ། །མིག་སྨན་གྱི་སྣོད་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མིག་སྨན་གྱི་སྣོད་གནང་བ་ནི་ཇི་ལྟར་འདུལ་བ་ལས་རྒྱས་པར་འབྱུང་བ་བཞིན་ཏེ།

เล่ม ๑๓ · หน้า 275a

དེ་ནི་མིག་སྨན་གྱི་སྣོད་དང་རབ་ཏུ་ལྡན་པ་ཞེས་བྱའོ། །གཏུན་དང་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྨན་འཐག་པའི་ཕྱིར་གཏུན་དང་གཏུན་བུ་གནང་བ་དེ་ནི་གཏུན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཉལ་བ་དང་རབ་ཏུ་ལྡན་པ་གང་ཞེ་ན། དགེ་

སློང་རྣམས་ཉིན་པར་མི་ཉལ། མེ་མར་འབར་བ་ལ་ཡང་མ་ཡིན། དེ་སྟེ་སྟུར་བ་ཅན་ཞིག་ཡིན་ན་ནི་ལངས་ཏེ་བཅག་པར་བྱ། དེ་སྟེ་མི་ནུས་ན་གཞན་དུ་འགྲོ་བར་བྱའོ། །དེའི་རྐྱེན་གྱིས་གཞན་ལ་ཡང་མི་གནོད་པར་བྱ་བ་དེ་ནི་ཉལ་བ་དང་རབ་ཏུ་ལྡན་པ་ཞེས་བྱའོ། །འདུག་པའི་

རབ་ཏུ་ལྡན་པ་གང་ཞེ་ན། ཉིན་པར་འཆག་གམ། འདུག་པའི་ཚེ་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱང་བར་བྱའོ། །ཉིན་པར་འཆག་ཅིང་འདུག་པའི་ཚེ་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱངས་ནས་མཚན་མོ་མེལ་ཚེ་དང་པོ་ལ་འཆག་ཅིང་འགྲོ་བའི་ཚེ་ཡང་

སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱང་བར་བྱ། མེལ་ཚེ་དང་པོའི་ཚེ་འཆག་ཅིང་འགྲོ་བ་ན་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱངས་ནས་མཚན་མོ་མེལ་ཚེ་བར་མའི་ཚེ་གཙུག་ལག་ཁང་གི་ཕྱི་རོལ་དུ་བྱུང་སྟེ་རྐང་པ་བཀྲུས་ནས་གནས་ཁང་དུ་ཞུགས་ཏེ་བླ་གོས་བཞི་

ལྟབ་ཏུ་བལྟབ་སྟེ་བཏིང་། སྦྱར་མ་སྟུག་པོར་བལྟབ་སྟེ་སྔས་སུ་བཅུག་ལ་གཡས་ཕྱོགས་ཀྱིས་ཉལ་བར་བྱ་སྟེ། རྐང་པ་ལ་རྐང་པས་མནན་ཏེ་ཡན་ལག་མི་དབྲལ་བ་དང་། སེམས་མི་གཡེང་བ་དང་། གོས་མ་གྱེས་པ་དང་། གནང་བར་འདུ་ཤེས་པ་དང་དྲན་ཞིང་ཤེས་པ་དང་ལྡང་

བའི་འདུ་ཤེས་ཡིད་ལ་བྱ་སྟེ། ཐོ་རངས་མྱུར་ཞིང་རིངས་པར་ལངས་ཏེ་འཆག་གམ་འདུག་པའི་ཚེ་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱོང་བའི་དེ་ནི་འདུག་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །པུས་འཁྱུད་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ན་བ་

དང་རྒྱབ་ན་བའི་ཕྱིར་ཇི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་པུས་འཁྱུད་གནང་བ་བཞིན་ཏེ། དགེ་སློང་གིས་པུས་འཁྱུད་རི་མོ་ཅན་བརྒྱན་པའི་ཕྱིར་མི་བཅང་བར་བྱ་སྟེ། དེ་ནི་པུས་འཁྱུད་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །བརྡུང་ཤིང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་

เล่ม ๑๓ · หน้า 275b

ཆོས་གོས་བརྡུང་བའི་ཕྱིར་ཤིང་གི་བརྡུང་གཞི་དང་བརྡུང་ཐོ་གནང་བ་དེ་ནི་བརྡུང་ཤིང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐ་རགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། སྐ་རགས་ལ་རྣམ་པ་གསུམ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདི་ལྟ་སྟེ། སྐ་རགས་ལྷས་མ་དང་རྒྱ་ཅང་དང་ལྕག་པོད་

རྣམས་གནང་སྟེ། དགེ་སློང་རྣམས་བརྒྱན་པའི་ཕྱིར་སྐ་རགས་ཁྲ་བོ་མ་འཆང་ཤིག །སྐ་རགས་མེད་པར་གྲོང་དུ་མ་འགྲོ་ཤིག །མདུད་པ་གཅིག་བོར་བ་ཡང་གྲོང་དུ་མ་འགྲོ་ཤིག །སོང་ན་ཉེས་བྱས་སུ་འགྱུར་ཏེ། དེ་ནི་སྐ་རགས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །འུ་རྡོའི་རབ་ཏུ་ལྡན་པ་

གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྒྲས་རྐུན་པོ་རྣམས་བསྐྲད་པར་བྱ་བའི་ཕྱིར་ནི་འུ་རྡོ་གནང་སྟེ། རྣམ་གྲངས་ཀྱིས་ཀྱང་ཕོག་པར་མི་བྱ་སྟེ། དེ་ནི་འུ་རྡོའི་རབ་ཏུ་ལྡན་པ་ཞེས་བྱའོ། །གོས་དཀྲིས་ཤིང་མདུད་པ་བོར་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་རྣམས་

གོས་དཀྲིས་ཤིང་མདུད་པ་བོར་ཏེ་འགྲོ་བར་མ་བྱེད་ཅིག །ཁང་སྟེང་ན་ལས་བྱེད་པ་ནི་མ་གཏོགས་ཏེ་དེ་ནི་གོས་དཀྲིས་ཤིང་མདུད་པ་བོར་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །སའི་རབ་ཏུ་ལྡན་པ་གང་ཞེ་ན། ས་ལ་རྣམ་པ་གཉིས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འཆག་པའི་ས་

དང་། ལྷ་ཁང་གི་ས་ནི་རྗེས་སུ་གནང་ངོ་། །དེ་ནི་སའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐྱེད་ཤིང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ལ་དགེ་སློང་དག་གིས་རི་བྱ་རྒོད་འཕུངས་པའི་ཤུལ་དེར་ཤིང་དག་མ་མཆིས་ལ་ནམ་མཁའ་མ་བསྒྲིབས་པས་བྱ་རྒོད་འཕུངས་པའི་རི་ལ་འཛེག་ཅིང་འབབ་

པའི་ཚེ་ཚ་བས་རྨྱ་བར་གྱུར་ཏོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་གྲིབ་མར་འགྱུར་བའམ། མེ་ཏོག་དུ་འགྱུར་བའམ། འབྲས་བུར་འགྱུར་བ་དེ་དག་བསྐྱེད་པར་གནང་ངོ་། །དེ་དང་དེ་དག་ཏུ་སྐྱེད་ཤིང་བསྲུང་བའི་ཕྱིར་འོད་མའི་ར་བས་ཀྱང་བསྐོར་བ་དེ་ནི་སྐྱེད་ཤིང་

གི་རབ་ཏུ་ལྡན་པ་ཞེས་བྱའོ། །དངོས་པོའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ལྡུམ་རའི་ཕྱིར་ཞིང་རྗེས་སུ་གནང་ངོ་། །ལྡུམ་ར་ནི་བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ཕྱིར་རྗེས་སུ་གནང་། ཞིང་གི་དངོས་པོ་དང་ལྡུམ་ར་དང་གཙུག་ལག་ཁང་བཅོམ་

เล่ม ๑๓ · หน้า 276a

ལྡན་འདས་ཀྱིས་དགེ་སློང་གི་ཕྱིར་རྗེས་སུ་གནང་སྟེ། དེ་ནི་དངོས་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཚལ་གྱི་རབ་ཏུ་ལྡན་པ་གང་ཞེ་ན། ཚལ་ཞེས་བྱ་བ་ནི་སྐྱེད་ཤིང་གི་ཚལ་ཏེ་དེར་ཇི་ལྟར་རྒན་རིམས་བཞིན་དུ་བྱ་བ་ནི་རྒྱས་པར་འདུལ་བ་ལས་འབྱུང་བ་བཞིན་ཏེ། དེ་ནི་

ཚལ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །རྩོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། རྩོད་པ་ཞེས་བྱ་བ་ནི་འཐབ་པ་དང་། མཚང་འདྲུ་བ་དང་། འཁྲུག་པ་དང་། རྩོད་པ་དང་། ཕྲ་མ་དང་། རྣར་གསང་བ་དང་། ཕན་ཚུན་ཚིག་མི་འཕྲོད་པ་དང་། མི་འདུམ་པ་དང་། མི་མཐུན་པ་དང་།

ཡིད་མི་གཅིག་པ་དང་། དགེ་འདུན་དབྱེ་བ་དང་། དགེ་འདུན་སྒྲོགས་པ་དང་། དགེ་འདུན་གཉིས་སུ་ཆད་པ་དང་། དགེ་འདུན་ཐ་དད་དུ་གྱུར་པ་དང་། དགེ་འདུན་གཅིག་ཏུ་མི་སྦྱོར་བ་དང་། དགེ་འདུན་གཅིག་ཏུ་མི་སྦྱོར་བའི་གཙོར་གྱུར་པ་དང་། དུས་མ་ཡིན་པར་མི་བྱ་བ་

དང་། གནོད་པར་འགྱུར་བར་མི་བྱ་བ་དང་། མཐུ་མེད་ན་ཆོས་བཞིན་དུ་མི་བྱ་བ་དང་། ཕྱོགས་མེད་དམ་གྲོགས་མེད་ན་ཡང་མི་བྱ་བ་དང་། འཁོར་མེད་ན་ཡང་མི་བྱ་བ་དང་། བདག་ཉིད་ལ་གནོད་པར་གྱུར་ན་ཡང་རྩོད་པར་མི་བྱ། ཕ་རོལ་ལའང་འཇིགས་པ་དང་གནོད་པར་འགྱུར་བས་

རྩོད་པར་མི་བྱའོ། །འདི་ལྟ་བུ་དང་གཞན་ལ་གཟིགས་ནས་ཉེས་པའི་དམིགས་སུ་གྱུར་ཏེ་རྩོད་པ་མི་བྱ་བ་དེ་ནི་རྩོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དབྱེན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། དབྱེན་ལ་རྣམ་པ་གཉིས་ཏེ་དགེ་འདུན་གྱི་དབྱེན་དང་འཁོར་ལོའི་དབྱེན་ནོ། །འཁོར་ལོའི་དབྱེན་མ་ཡིན་གྱི་དགེ་

འདུན་གྱི་དབྱེན་གང་ཞེ་ན། དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞིའི་ནང་ནས་གང་ཡང་རུང་དངོས་པོ་གཅིག་ལ་ཤིན་ཏུ་ལེགས་སོ་ཞེས་འཛིན་པ་ཡིན་ཏེ། ཆོས་བཞིན་ཀྱང་རུང་། ཆོས་བཞིན་མ་ཡིན་ཀྱང་རུང་། འདུལ་བ་བཞིན་ཀྱང་རུང་། འདུལ་བ་བཞིན་མ་ཡིན་ཀྱང་རུང་། ལྟུང་བ་ཡང་

རུང་། ལྟུང་བ་མ་ཡིན་ཀྱང་རུང་། ལྕི་བ་ཡང་རུང་། ཡང་བ་ཡང་རུང་། ལྷག་མ་བཅས་པ་ཡང་རུང་། ལྷག་མ་མ་ལུས་པ་ཡང་རུང་། བཤགས་པར་བྱ་བ་ཡང་རུང་། བསྡམ་པར་བྱ་བ་ཡང་རུང་། འདུལ་བ་ལས་ཤིན་ཏུ་འདའ་བ་ཡང་རུང་། མི་སྙན་པར་སྨྲ་བ་ལས་བྱུང་བ་ཡང་རུང་སྟེ།

เล่ม ๑๓ · หน้า 276b

དགེ་སློང་རྣམས་མཚམས་ཀྱི་ནང་ན་མཚུངས་པར་གནས་པ་རྣམས་འདུས་པར་དགེ་འདུན་གྱི་ལས་བྱེད་དེ། དགེ་འདུན་གྱིས་བྱ་བའི་གསོ་སྦྱིན་དང་། སྐབས་དབྱེ་བ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱེད་པ་དེ་ནི་དགེ་འདུན་གྱི་དབྱེན་

ཞེས་བྱའི་འཁོར་ལོའི་དབྱེན་མ་ཡིན་ནོ། །འཁོར་ལོའི་དབྱེན་གང་ཞེ་ན། དེ་འདི་ལྟར་དགེ་སློང་བདག་ཉིད་སྟོན་པར་རྣམ་པར་འཇོག་སྟེ། ཚུལ་ཤིང་བྲིམས་ནས་གསོལ་བ་བྱས་ཏེ་འཁོར་དེ་ནས་འགྲོ་བ་ནི་འཁོར་ལོའི་དབྱེན་ཞེས་བྱ་སྟེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ལས་

དེ་སྤངས་ནས་གཞན་གྱི་ལམ་དུ་འཇོག་པ་འདི་ནི་འཁོར་ལོའི་དབྱེན་ཞེས་བྱ་སྟེ། སྔ་མ་དགེ་འདུན་གྱི་དབྱེན་དང་། འཁོར་ལོའི་དབྱེན་གཉིས་གཅིག་ཏུ་བསྡུས་པ་དེ་ནི་དབྱེན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །འདུས་པའི་རབ་ཏུ་ལྡན་པ་གང་ཞེ་ན། འདུས་པ་ཞེས་བྱ་བ་ནི་དགེ་འདུན་འདུས་

པ་སྟེ། དགེ་སློང་ཇི་སྙེད་པ་མཚམས་ཀྱི་ནང་ན་འཁོད་པ་དང་ལས་ལ་འདུ་བ་དེ་དག་ཐམས་ཅད་འདུས་ཤིང་འཁོད་པ་ཡིན་ཏེ། དད་པ་ལེན་པས་ཀྱང་དད་པ་བླངས་པ་ཡིན། གང་གིས་བསྐྱོད་པ་དང་། གང་གིས་གཞག་པར་བྱས་ན་ཡང་བརྩན་པར་འགྱུར་བའི་དགེ་སློང་རྣམས་

ཀྱིས་ཀྱང་བསྐྱོད་པ་ཡང་མེད། གཞག་པར་བྱ་བ་ཡང་མེད་དེ། ལས་ཀྱང་བྱེད་པ་འདི་ནི་འདུས་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཕྱག་གི་རབ་ཏུ་ལྡན་པ་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འདི་ལྟར་ཕྱག་བྱའོ། །དེ་ལྟར་མཁན་པོ་ལ་ཡང་དེ་བཞིན། སློབ་དཔོན་ལ་ཡང་དེ་བཞིན།

བླ་མ་ལ་ཡང་དེ་བཞིན་བླ་མའི་གནས་སུ་གྱུར་པ་ལ་ཡང་དེ་བཞིན། རྒན་རིམས་རྣམས་ལ་ཡང་དེ་བཞིན། གཞོན་ནུ་རྣམས་ལ་ཡང་དེ་བཞིན་ཏེ། དེ་ལྟར་ན་ཐམས་ཅད་དུ་ཡང་ཕྱག་བྱས་ལ་མཁས་པར་བྱ་བ་དེ་ནི་ཕྱག་གི་རབ་ཏུ་ལྡན་པ་ཞེས་བྱའོ། །མ་ལྟ་བུའི་རབ་ཏུ་ལྡན་པའི་ཕུང་པོ་ཞེས་

བྱ་བ་ཕུང་པོ་གཉིས་པ་རྫོགས་སོ།། །།བྱ་བའི་ཕུང་པོ་གང་ཞེ་ན། ཕྱུང་བས་བྱ་བ་དང་། སོ་སོར་གནས་པས་བྱ་བ་དང་། གཟུ་བོས་བྱ་བ་དང་། དེའི་ངོ་བོ་ཉིད་ཚོལ་བས་བྱ་བ་དང་། བསླབ་པ་བྱིན་པས་བྱ་བ་དང་། མཚམས་མ་བཅད་པའི་གནས་བརྟན་གྱི་བྱ་བ་དང་། ཀུན་དགའ་

เล่ม ๑๓ · หน้า 277a

ར་བའི་བྱ་བ་དང་། ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་དང་། གནས་ཁང་གི་བྱ་བ་དང་། གནས་ཁང་གི་གནས་བརྟན་གྱི་བྱ་བ་དང་། ཁང་པ་འཁོར་དུ་བཅས་པའི་བྱ་བ་དང་། ཁང་པ་འཁོར་དུ་བཅས་པའི་གནས་བརྟན་གྱི་བྱ་བ་དང་། ནགས་ཀྱི་བྱ་བ་དང་། མལ་

སྟན་གྱི་བྱ་བ་དང་། སྒོ་ལེབ་ཀྱི་བྱ་བ་དང་། འཁོར་ལོའི་བྱ་བ་དང་། གནས་སྟོང་པའི་བྱ་བ་དང་། གནས་སྟོང་པའི་གནས་བརྟན་གྱི་བྱ་བ་དང་། ལྷུང་བཟེད་ཀྱི་བྱ་བ་དང་། ཆོས་གོས་ཀྱི་བྱ་བ་དང་། གདིང་བའི་བྱ་བ་དང་། ཁབ་ཀྱི་བྱ་བ་དང་། ཁབ་རལ་གྱི་བྱ་བ་དང་། ཐུག་པའི་བྱ་བ་

དང་། ཆུའི་བྱ་བ་དང་། ཆུ་རྫའི་བྱ་བ་དང་། ཡོངས་སུ་སྦྱར་བའི་ཆུ་རྫའི་བྱ་བ་དང་། གཙང་མའི་རིལ་བའི་བྱ་བ་དང་། ཟས་ཀྱི་བྱ་བ་དང་། བཟའ་བའི་བྱ་བ་དང་། ཟས་གཏད་པའི་བྱ་བ་དང་། བསོད་སྙོམས་ཀྱི་བྱ་བ་དང་། བསོད་སྙོམས་སྤྱོད་པའི་བྱ་བ་དང་། ཟན་ནོད་པའི་བྱ་བ་དང་།

དགོན་པའི་བྱ་བ་དང་། དགོན་པའི་གནས་བརྟན་གྱི་བྱ་བ་དང་། གྲོང་འདབ་ཀྱི་བྱ་བ་དང་། གྲོང་འདབ་ཀྱི་གནས་བརྟན་གྱི་བྱ་བ་དང་། གློ་བུར་དུ་འོངས་པའི་བྱ་བ་དང་། གློ་བུར་དུ་འོངས་པའི་གནས་བརྟན་གྱི་བྱ་བ་དང་། འགྲོ་བའི་བྱ་བ་དང་། འགྲོ་བའི་གནས་བརྟན་གྱི་བྱ་བ་དང་། རྐང་པ་

བཀྲུ་བའི་བྱ་བ་དང་། རྐང་པ་བཀྲུ་བའི་གནས་བརྟན་གྱི་བྱ་བ་དང་། འདུག་པའི་བྱ་བ་དང་། འདུག་པའི་གནས་བརྟན་གྱི་བྱ་བ་དང་། ཆོས་འཆད་པའི་བྱ་བ་དང་། ཆོས་འཆད་པའི་གནས་བརྟན་གྱི་བྱ་བ་དང་། དུས་ཀྱི་བྱ་བ་དང་། དུས་མ་ཡིན་པའི་བྱ་བ་དང་། དུས་མ་ཡིན་པར་དགེ་འདུན་འདུ་

བའི་བྱ་བ་དང་། དུས་མ་ཡིན་པར་དགེ་འདུན་འདུ་བའི་གནས་བརྟན་གྱི་བྱ་བ་དང་། སྨྲ་བའི་བྱ་བ་དང་། མི་སྨྲ་བའི་བྱ་བ་དང་། དབྱར་ཚུལ་དུ་འཇུག་པའི་བྱ་བ་དང་། དབྱར་ཚུལ་དུ་ཞུགས་པའི་བྱ་བ་དང་། དབྱར་ཚུལ་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་དང་། དབྱར་ཚུལ་ན་གནས་པའི་

བྱ་བ་དང་། འཁོར་གྱི་བྱ་བ་དང་། འཁོར་གྱི་ནང་དུ་འགྲོ་བའི་བྱ་བ་དང་། འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་དང་། འཁོར་གྱི་ནང་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་དང་། གསོ་སྦྱིན་གྱི་བྱ་བ་དང་། གསོ་སྦྱིན་མངོན་དུ་བྱ་བ་དང་། གསོ་སྦྱིན་གྱི་ལས་ཀྱི་བྱ་བ་དང་། སོ་སོར་ཐར་པའི་བྱ་བ་དང་།

เล่ม ๑๓ · หน้า 277b

སོ་སོར་ཐར་པ་ཀློག་པའི་བྱ་བ་དང་། སོ་སོར་ཐར་པ་ཀློག་པར་བྱེད་པའི་བྱ་བ་དང་། གནས་བརྟན་གྱི་བྱ་བ་དང་། བར་མའི་བྱ་བ་དང་། གསར་བུའི་བྱ་བ་དང་། གནས་བརྟན་གྱི་དང་བར་མ་དང་གསར་བུའི་བྱ་བ་དང་། དུགས་ཁང་དུ་བྱ་བ་དང་། དུགས་ཁང་དུ་ཁྲུས་བྱ་བ་དང་། དུགས་

ཁང་དུ་གནས་བརྟན་གྱི་བྱ་བ་དང་། མཁན་པོའི་བྱ་བ་དང་། ལྷན་ཅིག་སྤྱོད་པའི་བྱ་བ་དང་། སློབ་དཔོན་གྱི་བྱ་བ་དང་། ཉེ་གནས་ཀྱི་བྱ་བ་དང་། དགེ་ཚུལ་གྱི་བྱ་བ་དང་། ནན་ཏན་དུ་བྱ་བ་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བྱ་བ་དང་། གྲོང་དུ་ཉེ་བར་འགྲོ་བའི་བྱ་བ་དང་། གྲོང་

དུ་ཉེ་བར་འགྲོ་བའི་གནས་བརྟན་གྱི་བྱ་བ་དང་། གྲོང་དུ་ཉེ་བར་སོང་བའི་བྱ་བ་དང་། གྲོང་དུ་ཉེ་བར་སོང་བའི་གནས་བརྟན་གྱི་བྱ་བ་དང་། གཞི་ན་གནས་པའི་བྱ་བ་དང་། ངལ་བསོ་བའི་བྱ་བ་དང་། བར་སྣང་གི་བྱ་བ་དང་། གཏན་པའི་བྱ་བ་དང་། ཆུ་ཚགས་ཀྱི་བྱ་བ་དང་། འཆག་

སའི་བྱ་བ་དང་། འཆག་པའི་བྱ་བ་དང་། འཕྱེན་གྱི་བྱ་བ་དང་། གཞར་བའི་བྱ་བ་དང་། བཤང་བའི་བྱ་བ་དང་། བཤང་སའི་བྱ་བ་དང་། བཤང་སའི་ཁུང་བུའི་བྱ་བ་དང་། བཤང་སར་གནས་བརྟན་གྱི་བྱ་བ་དང་། བཤང་སའི་ཁོར་ཡུག་གི་བྱ་བ་དང་། གཅི་བའི་བྱ་བ་དང་། གཅི་

བའི་སའི་བྱ་བ་དང་། གཅིས་ཁུང་གི་བྱ་བ་དང་། གཅི་སར་གནས་བརྟན་གྱི་བྱ་བ་དང་། གཅི་སའི་འཁོད་ཕྱོགས་ཀྱི་བྱ་བ་དང་། བཀྲུ་བའི་བྱ་བ་དང་། བཀྲུ་བའི་སའི་བྱ་བ་དང་། ཁྲུས་ཀྱི་སའི་བུ་གུའི་བྱ་བ་དང་། ཁྲུས་ཀྱི་སར་གནས་བརྟན་གྱི་བྱ་བ་དང་། ཁྲུས་སའི་འཁོར་གྱི་བྱ་བ་དང་།

མཆིལ་མའི་བྱ་བ་དང་། མཆིལ་མའི་སྣོད་ཀྱི་བྱ་བ་དང་། སོ་ཤིང་གི་བྱ་བ་དང་། སོ་དྲུད་པའི་བྱ་བ་དང་། ལྕེ་བཞར་བའི་བྱ་བ་དང་། རྣ་སྤབས་བྲུ་བའི་བྱ་བ་དང་། སྤྱད་པ་དང་མི་སྤྱད་པའོ། །མ་ལྟ་བུའི་དུམ་བུ་གསུམ་པོའི་དངོས་པོ་རྫོགས་སོ།། །།འདུལ་

བ་གཞུང་དམ་པ། བམ་པོ་ལྔ་བཅུ་རྩ་གཅིག་པ། ཕྱུང་བས་བྱ་བ་གང་ཞེ་ན། ཕྱུང་བ་ཞེས་བྱ་བ་ནི་སྤངས་པ་ཡིན་ཏེ། སྤངས་པའི་དགེ་སློང་གིས་ནི་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །སྤངས་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་

เล่ม ๑๓ · หน้า 278a

སྦྱིན་པར་མི་བྱ། ལུང་བསྟན་པར་མི་བྱ། དྲན་པར་མི་བྱ། དྲི་བར་མི་བྱ། དགེ་ཚུལ་ཕ་ཉེ་བར་མི་གཞག །དགེ་སློང་མ་ལ་ལུང་སྟོན་པར་མི་བསྐོ། སྡོམ་པ་མི་བསྐོ། སྔར་བསྐོས་ན་ཡང་དགེ་སློང་མ་ལ་སྟོན་ཅིང་ལས་མ་བྱེད་ཅིག །དགེ་སློང་དེ་ལས་བྱེད་པར་

མི་བསྐོ། ལས་བསྐོ་བར་མ་བྱེད་ཅིག །ལས་བྱེད་པའི་དགེ་སློང་ལ་དགག་པར་མ་བྱེད་ཅིག །འདུལ་བ་འཛིན་པ་གཞན་ཡོད་ན་དགེ་འདུན་གྱི་ནང་དུ་འདུལ་བ་མ་འཆད་ཅིག །སོ་སོར་ཐར་པའི་མདོ་ཀློག་པ་གཞན་ཡོད་ན་དགེ་འདུན་གྱི་ནང་དུ་སོ་སོར་ཐར་པའི་མདོ་ཀློག་པར་མ་བྱེད་

ཅིག །ཆོས་འཆད་པ་གཞན་ཡོད་ན་དགེ་འདུན་གྱི་ནང་དུ་ཆོས་མ་འཆད་ཅིག །ཚུལ་བཞིན་དུ་གནས་པའི་དགེ་སློང་ལུང་སྟོན་པ་ལ་འགོག་པར་མ་བྱེད་ཅིག །ཚུལ་བཞིན་གནས་པའི་དགེ་སློང་ལ་གསོ་སྦྱིན་བསྒོ་བར་མ་བྱེད་ཅིག །ཚུལ་བཞིན་གནས་པའི་དགེ་སློང་ལ་

སྐབས་འབྱེད་པ་འགོག་པར་མ་བྱེད་ཅིག །ཚུལ་བཞིན་གནས་པའི་དགེ་སློང་ལ་མ་གླེང་ཤིག །དྲན་པར་མ་བྱེད་ཅིག །དེ་དག་དང་ལྷན་ཅིག་སྟེན་པར་མ་བྱེད་ཅིག །གང་དགེ་འདུན་གྱིས་ཕྱུང་བའི་ལས་བྱས་པ་དང་། གང་དེ་དང་འདྲ་བ་གཞན་ཡང་རུང་། དེས་དེ་ལྟ་བུའི་

ཉེས་པ་ཕྱིས་ཀྱང་མ་བྱེད་ཅིག །དེ་ལས་ཐུ་བ་ཡང་མ་བྱེད་ཅིག །དེས་ཕྱི་ཕྱིར་སྤུ་ཉལ་བ་ལྟ་བུར་བྱ། འབྱུང་བ་ལ་འཇུག་པར་བྱ། ཕྱག་འཚལ་བ་ཉེ་བར་བསྟན་པར་བྱ། ཚུལ་བཞིན་གནས་པའི་དགེ་སློང་གིས་ལྷུང་བཟེད་བྱིན་ན་ཡང་དེས་མ་ལེན་ཅིག །ཆོས་གོས་ཀྱང་མ་ལེན་

ཅིག །ཟས་ཀྱང་མ་ལེན་ཅིག །དེ་ལ་སྐྲ་བྲེག་པ་ཡང་མ་འཆོལ་ཅིག །དུགས་ཁང་དུ་ཡང་ལས་མ་བྱེད་ཅིག །མི་ན་བའི་བར་དུ་ལས་ཐམས་ཅད་ལའང་ཚུལ་བཞིན་གནས་པའི་དགེ་སློང་གི་ལས་ཉམས་སུ་བླང་བར་མི་བྱའོ། །དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པས་

གཅེས་སུ་གསང་བའི་གནས་སུ་སྡོམ་པས་མི་བསྐོ། དབང་གི་གནས་ཐམས་ཅད་དུ་ཡང་སྡོམ་པས་མི་བསྐོ། གང་ཟག་བཅུ་གཉིས་ཀྱི་གནས་སུ་ཡང་སྡོམ་པས་བྱིན་གྱིས་བརླབ་པར་མི་བྱ་བ་ནི་ཕྱུང་བས་བྱ་བ་ཞེས་བྱའོ། །སོ་སོར་གནས་པས་བྱ་བ་གང་ཞེ་ན། སོ་སོར་གནས་པ་ལ་རྣམ་

เล่ม ๑๓ · หน้า 278b

པ་གཉིས་ཏེ། གང་བདག་ཉིད་ཀྱིས་བདག་སོ་སོར་གནས་པར་བྱེད་པ་དང་། དགེ་འདུན་གྱི་ཆོས་བཞིན་དུ་བྱས་པའོ། །བདག་ཉིད་ཀྱིས་བདག་སོ་སོར་གནས་པར་བྱེད་པ་གང་ཞེ་ན། བསམས་བཞིན་དུ་ཆོས་ཀྱི་ཕྱོགས་པ་ལས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སྟེ།

དེ་ལྟར་ན་བདག་ཉིད་ཀྱིས་བདག་སོ་སོར་གནས་པར་བྱེད་པའོ། །དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པ་གང་ཞེ་ན། དགེ་འདུན་གྱིས་བསྐྱོ་བ་མེད་པ། གཞག་པ་མེད་པར་རིགས་པའི་གསོལ་བ་དང་བཞིའི་ལས་ཀྱིས་ཆོས་བཞིན་དུ་འདུས་པའི་དགེ་འདུན་གྱིས་སྤངས་པ་ཡིན་ཏེ།

དེ་ལྟར་ན་དགེ་འདུན་གྱིས་ཆོས་བཞིན་དུ་སྤངས་པའོ། །མཚུངས་པར་ལྷན་ཅིག་གནས་པ་ཡང་གཉིས་ཏེ། བདག་ཉིད་ཀྱིས་བདག་ཉིད་ལྷན་ཅིག་གནས་པར་བྱེད་པ་དང་། དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པའོ། །བདག་ཉིད་ཀྱིས་བདག་ཉིད་ལྷན་ཅིག་གནས་པར་བྱེད་པ་

གང་ཞེ་ན། བསམས་བཞིན་ཆོས་མ་ཡིན་པའི་ཕྱོགས་ལས་ཆོས་ཀྱི་ཕྱོགས་སུ་འོངས་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་བདག་ཉིད་ལྷན་ཅིག་ཏུ་གནས་པར་བྱེད་པའོ། །དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པ་གང་ཞེ་ན། དགེ་འདུན་གྱིས་མི་བསྐྱོབ་གཞག་པར་མི་རིགས་པས་

ཆོས་བཞིན་དུ་འདུས་པའི་དགེ་འདུན་གྱིས་སྤངས་པ་སྟེ། མངོན་སུམ་དུ་གསོལ་བ་དང་བཞིའི་ལས་ཀྱིས་ཕྱུང་བ་ཡིན་ཏེ། དེ་ལྟར་ན་དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པའི་སོ་སོར་གནས་པའི་དགེ་སློང་དེས་རབ་ཏུ་དབྱུང་བར་མི་བྱ་བ་ནས། སྔ་མ་བཞིན་ཏེ། ཇི་ལྟར་དགེ་འདུན་གྱིས་

གང་ལ་སྤངས་པའི་ལས་བྱས་པ་དང་། གཞན་དེ་དང་འདྲ་བ་སྟེ། དེས་དེ་ལྟ་བུའི་ཉེས་པར་ཡང་མི་བྱ། དེ་ལས་ཡང་ཐུ་བར་ཡང་མི་བྱ་བའི་བར་དུ་སྟེ། གང་ཟག་བཅུ་གཉིས་ལས་སུ་ཡང་སྡོམ་པས་ཀྱང་མི་བསྐོ། སོ་སོར་གནས་པའི་དགེ་སློང་གིས་ཚངས་པ་མཚུངས་པར་སྤྱོད་པའི་

གནས་བརྟན་དང་། བར་མ་དང་། གསར་བུ་པའང་རུང་བ་དབབ་པར་བྱ། ཉེས་པ་མི་བྱ། ཉེས་པ་ཞིག་བྱས་ན་ཡང་སླར་འབྱུང་བའི་ཚུལ་དུ་བྱའོ། །དེ་སྟེ་སླར་འབྱུང་བའི་ཚུལ་དུ་མི་བྱེད་ན་སོ་སོར་གནས་པར་བྱ་བ་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བསྒོ་བར་བྱའོ། །དགེ་འདུན་གྱིས་ཁྱོད་ལ་

เล่ม ๑๓ · หน้า 279a

ཐིག་བཏབ་པ་བཞིན་བྱེད་དོ། །ཕུར་པ་བཙུགས་པ་བཞིན་བྱེད་དོ། །ཉེས་པ་དེ་ཡང་དགེ་འདུན་ལ་འདི་ཉིད་དུ་བཤགས་པར་བྱའི་འདི་ལས་ཕྱི་རོལ་དུ་ནི་མ་ཡིན་ནོ། །ཁྱོད་ཀྱི་ལས་དེ་ཡང་དགེ་འདུན་དེ་དག་ཉིད་ཀྱིས་སླར་བདེ་བར་བྱེད་ཀྱིས་འདི་ལས་ཕྱི་རོལ་དུ་ནི་མ་ཡིན་ནོ། །

ཁྱོད་ཀྱིས་ཉེས་པ་དེ་ཡང་མ་བཤགས་སམ་སླར་མ་བྱས་ན་ནི་ཚངས་པ་མཚུངས་པར་སྤྱོད་པ་ཤེས་པ་དག་གིས་གང་དུ་འདོད་པ་དེར་གླེང་བར་བྱེད་དོ། །དེ་སྟེ་ཡང་དེ་བཞིན་དུ་བྱས་པ་ལས་ཀྱང་དུལ་བར་མ་གྱུར་ན་གང་ཟག་དེ་ཐིག་བཏབ་པ་བཞིན་བྱས་ཕུར་པ་བཙུགས་པ་བཞིན་དུ་བྱས་ལ་སྤང་བར་བྱའོ། །

དེ་འདི་ལྟ་སྟེ། རྟ་རྒོད་བཞིན་ཏེ། དེ་ནི་སོ་སོར་གནས་པར་བྱ་བ་ཞེས་བྱའོ། །གཟུ་བོས་བྱ་བ་གང་ཞེ་ན། རྩོད་པ་ཞི་བར་བྱེད་པའི་ཕྱིར་དགེ་སློང་གཟུ་བོ་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་བཙལ་བར་བྱའོ། །ཉི་ཤུ་རྩ་གཉིས་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་ཞིང་སྔར་བསྙེན་པར་རྫོགས་

པར་གྱུར་པ་དང་། ངོ་ཚ་ཞིང་འགྱོད་པ་ཅན་དང་། སྡོམ་ཞིང་བསླབ་པ་ལ་མོས་པ་དང་། མང་དུ་ཐོས་ལ་མང་དུ་ཐོས་པ་འཛིན་ཅིང་མང་དུ་ཐོས་པ་བསགས་པ་དང་། གཞུང་ཁ་དོན་ལོབས་པ་དང་། འདུལ་བ་དང་འདུལ་བ་ལྷག་པ་ཤིན་ཏུ་རྟོགས་པ་དང་། རྩོད་པ་ལ་མཁས་པ་དང་། རྩོད་

པ་བྱུང་བ་ལ་མཁས་པ་དང་། རྩོད་པ་ཞི་བར་བྱ་བ་ལ་མཁས་པ་དང་། རྩོད་པ་ཞི་བར་གྱུར་པ་ཕྱིས་མི་འབྱུང་བར་མཁས་པ་དང་། བསྟན་བཅོས་ལ་མཁས་པ་དང་། དངོས་པོ་ལ་མཁས་ཤིང་དངོས་པོ་སྤྱོད་པ་ལ་མཁས་པ་དང་། ཁྲོ་བ་མེད་པ་ཁྲོ་བཞིན་མི་སྨྲ་བ་ཁྲོ་བར་མི་འགྱུར་བ་དང་། འཇམ་

བཞིན་སྤྱོད་པ་དང་། ལུས་དང་། ངག་དང་། བསྒོ་བ་ཡང་རྟོགས་པར་བྱེད་པ་དང་། རྫོགས་པར་བསྒོ་ཞིང་རྫོགས་པར་བྱེད་པ་དང་། གོ་བར་བྱེད་ཅིང་གོ་བར་བྱས་པས་ཡང་ཆུད་པར་བྱེད་པ་དང་། བརྟགས་ནས་སྨྲ་ཞིང་བརྟགས་ནས་སྨྲས་པ་རྟོགས་པར་བྱེད་པ་དང་། འདོད་པར་

མི་འགྲོ་བ་དང་། ཞེ་སྡང་དུ་མི་འགྲོ་བ་དང་། གཏི་མུག་ཏུ་མི་འགྲོ་བ་དང་། འཇིགས་པར་མི་འགྲོ་བ་སྟེ། གཟུ་བོ་དགེ་སློང་ཆོས་ཉི་ཤུ་རྩ་གཉིས་པོ་འདི་དང་ལྡན་ན་གཞན་ལ་མི་རྟེན་པ་ཡིན་ཞིང་ཕྱོགས་གཉི་ག་ལ་ཡང་ཆོས་ཀྱི་ལོངས་སྤྱོད་དུ་འགྱུར་རོ། །འདི་ལྟར་ཡང་གཟུ་བོའི་དགེ་སློང་

เล่ม ๑๓ · หน้า 279b

གིས་རྒོལ་བ་དང་ལན་གློན་པའི་དགེ་སློང་རྣམས་ལས་སྙན་ཚིག་ཏུ་སྨྲ་བ་དང་། ཕྱག་བྱེད་པ་དང་། སྔར་ལྡང་བ་དང་། ཐལ་མོ་སྦྱོར་བ་དང་། ཕྱག་བྱས་པར་གྱུར་པ་རྣམས་བདག་གིར་མ་བྱེད་ཅིག །དེ་དག་བསྙེན་བཀུར་བྱེད་ན་ཡང་ཉམས་སུ་མ་ལེན་ཅིག །ལྷུང་བཟེད་འབུལ་ན་ཡང་

མི་བླང་། ཆོས་གོས་འབུལ་ན་ཡང་མི་བླང་། ཟས་འབུལ་ན་ཡང་མི་བླང་། ཡོ་བྱད་གཞན་ཅི་ཡང་རུང་དབུལ་བ་བདག་གིར་མི་བྱའོ། །དེས་ཀྱང་དེ་དག་ལ་བསྙེན་བཀུར་མི་བྱ། ལྷུང་བཟེད་མི་སྦྱིན། ཆོས་གོས་མི་སྦྱིན། དེ་དག་ལས་ལུང་སྟོན་པར་ཡང་མི་བླང་། དྲན་པར་

བྱ་བ་ཡང་མ་ཡིན། རྣལ་འབྱོར་ཡང་མ་ཡིན། ཡིད་ལ་བྱ་བ་ཡང་མ་འདྲི་ཤིག །དེས་ཀྱང་དེ་དག་ལ་ལུང་བསྟན་པ་མ་སྦྱིན་ཅིག །དྲན་པར་བྱ་བ་མ་ཡིན། ཀུན་དྲི་བ་མ་ཡིན། རྣལ་འབྱོར་མ་ཡིན། ཡིད་ལ་བྱ་བ་ཡང་མི་བསྒོའོ། །སྟན་གཅིག་ལ་འདུག་པར་མི་བྱ།

འཆག་ས་གཅིག་ཏུ་འཆག་པར་མི་བྱ། གནས་ཁང་གཅིག་ཏུ་འཁོད་པར་མི་བྱ། གཞན་དུ་ཚིག་འདི་སྐད་ཅེས་བརྗོད་དོ། །ཚེ་དང་ལྡན་པ་ཁྱེད་ཀྱིས་འདི་ལྟ་བུ་ལས་ལེགས་པར་རྙེད་པ་ཅི་ཡོད་ན་འདི་ལྟར་ཁྱེད་ཀྱིས་ལེགས་པར་གསུངས་པ་ཆོས་འདུལ་བ་ལས་རབ་ཏུ་བྱུང་ན་ཐབ་མོ་བྱེད་པ་

ལ་ཞུགས་ཤིང་རྣམ་པར་བཟུང་ནས་རྩོད་པ་ལ་ཞུགས་ཏེ། ཚེ་དང་ལྡན་པ་རྣམས་རྩོད་པ་གཉིས་སུ་གྱུར་པ་ནི་གཉི་ག་རྒྱལ་བར་མི་འགྱུར་གྱི། དེ་དག་གཏན་ལ་ཕབ་ན་གཅིག་ནི་རྒྱལ་བར་འགྱུར། གཅིག་ནི་ཕམ་པར་འགྱུར་གྱིས་ཚེ་དང་ལྡན་པ་རྣམས་འདི་ལྟར་སོ་སོར་རྩོད་པ་དང་། རྣམ་

པར་རྩོད་པ་དང་། མི་མཐུན་པར་སྨྲ་བ་དེ་ལྟ་བུ་དེ་ཐོང་ཤིག་ཅེས་བྱ་བ་དེ་ནི་གཟུ་བོས་བྱ་བ་ཞེས་བྱའོ། །དེའི་ངོ་བོ་ཉིད་ཚོལ་བ་བྱིན་པས་བྱ་བ་གང་ཞེ་ན། དགེ་སློང་གང་གིས་ཉེས་པ་སྤྱོད་པ་དེ་ཁས་ལེན་ཁས་བླངས་པ་ལས་བསྙོན། བསྙོན་པ་ལས་ཀྱང་སླར་ཁས་ལེན་པ་དེ་ལ་དགེ་འདུན་གྱིས་བཞག་

པ་མ་ཡིན་པ་བསྐྱོ་བ་མ་ཡིན་པ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་བ་བྱིན་ཅིག །དེའི་ངོ་བོ་ཉིད་ཚོལ་བ་བྱིན་པའི་དགེ་སློང་གིས་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དེའི་ངོ་བོ་ཉིད་ཚོལ་བ་བྱིན་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ་བ་ནས་སྔ་མ་བཞིན་ཏེ། གང་ལ་དགེ་འདུན་གྱིས་

เล่ม ๑๓ · หน้า 280a

དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་། གང་དེ་དང་འདྲ་བས་ཀྱང་རུང་སྟེ། ཉེས་པ་དེ་ལྟ་བུ་བྱུང་བ་མི་བྱ། དེ་བས་ཐུ་བ་ཡང་མ་བྱེད་ཅིག་པའི་བར་དུ་སྟེ། སྔ་མ་བཞིན་འདི་ལྟར་གང་ཟག་བཅུ་གཉིས་ཀྱིར་སྡོམ་པས་མི་བསྒོ་བ་དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པས་བྱ་བ་

ཞེས་བྱའོ། །བསླབ་པ་བྱིན་པས་བྱ་བ་གང་ཞེ་ན། དགེ་སློང་གང་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ཀྱང་དེ་ལ་སེ་གོལ་གཅིག་གཏོགས་པ་ཙམ་དུ་ཡང་བཅབ་པའི་སེམས་མ་སྐྱེས་པ་སྟེ། དེ་ལ་དགེ་འདུན་གྱིས་བསྐྱོ་བ་མེད། གཞག་པ་མེད་པར་གསོལ་བ་དང་།

བཞིའི་ལས་ཀྱིས་བསླབ་པ་སྦྱིན་པར་བྱ་སྟེ། ཇི་ལྟར་ཚེ་དང་ལྡན་པ་དགའ་ལྡན་བཞིན་པ་ནི་རྒྱས་པར་འདུལ་བ་དང་སྦྱར་རོ། །བསླབ་པ་བྱིན་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ་བ་ནས་སྔ་མ་བཞིན་ཏེ། གང་ལ་དགེ་འདུན་གྱིས་བསླབ་པ་བྱིན་པ་དང་གང་དེ་དང་འདྲ་བ་

གཞན་དག་ཀྱང་རུང་སྟེ། ཉེས་པ་དེ་ལྟ་བུའི་ལྟུང་བ་ཕྱིས་ཀྱང་མ་བྱེད་ཅིག །དེ་བས་ཐུ་བ་ཡང་མ་བྱེད་ཅིག་པའི་བར་དུ་སྟེ། སྔ་མ་བཞིན་ཏེ་དེ་འདི་ལྟར་གང་ཟག་བཅུ་གཉིས་ཀྱིས་སྡོམ་པས་མི་བསྐོའོ། །བསླབ་པ་བྱིན་པའི་དགེ་སློང་གིས་དགེ་སློང་གི་བསླབ་པ་ཐམས་ཅད་ལ་

བསླབ་པར་བྱའོ། །དགེ་འདུན་གྱི་མཐར་འདུག་པར་བྱའོ། །དེས་བསྙེན་པར་རྫོགས་པའི་རྣམས་ལ་བྱིན་ལེན་བྱོས་ཤིག །དེ་ལ་བསྙེན་པར་མ་རྫོགས་པས་བྱིན་ལེན་བྱོས་ཤིག །དེ་བསྙེན་པར་རྫོགས་པ་དང་ལྷན་ཅིག་ཉལ་བ་བསྒྱུར་ཞིང་གུད་དུ་ཕྱུང་ཤིག །བསླབ་པ་བྱིན་

པའི་དགེ་སློང་གིས་ལས་རྣམ་པ་གཉིས་བྱས་ཏེ། གསོ་སྦྱིན་དང་། སྐབས་དབྱེ་བའོ། །བསླབ་པ་བྱིན་པས་གྲངས་སུ་བསྐངས་ཏེ་གསོ་སྦྱིན་མ་བྱེད་ཅིག །དགེ་འདུན་གྱི་ལས་གཞན་ལ་ཡང་དེ་བཞིན་ནོ། །དེ་སྟེ་བསླབ་པ་བྱིན་པ་གསོ་སྦྱིན་གྱི་ནང་དུ་འོངས་ན་ནི་མ་བསྐྱོ་ཤིག །

དེ་སྟེ་འགྲོ་ན་ཡང་མ་གཟུང་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་མ་འདུས་པར་ཡང་མི་འགྱུར། འདུས་པར་ཡང་མི་འགྱུར་ཏེ། འདི་ནི་བསླབ་པ་བྱིན་པས་བྱ་བ་ཞེས་བྱའོ། །མཚམས་མ་བཅད་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། མཚམས་མ་བཅད་པའི་གནས་བརྟན་གྱི་

เล่ม ๑๓ · หน้า 280b

དགེ་སློང་གིས་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དེ་ལ་གང་གསར་བུའི་དགེ་སློང་འཁོད་པ་རྣམས་དེས་དེ་དག་ཀུན་ཤེས་པར་བྱ། བསྐྱང་བར་བྱ། རྗེས་སུ་བསྟན་པར་བྱ། སྡིག་པ་ལས་བཟློག་པར་བྱ། དགེ་བ་ལ་གཞུག་པར་བྱ། ཁ་ཏོན་བྱེད་པ་དང་། ཀུན་འདྲི་བ་དང་། སྤོང་བ་དང་།

སོ་སོར་དབེན་པར་འཇུག་པ་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པའི་རྣམས་དེ་དག་ལ་སོ་སོར་ལུང་བསྒོ་བར་བྱ། ཀུན་མཚུངས་པར་སྤྱོད་པ་ལ་གཞུག་པར་བྱ། བསླབ་པར་བྱ་བ་ལ་སོ་སོར་བརྟག་པར་བྱ། རྙེད་པ་གྲུབ་པར་བྱ། ནམ་སོ་སོར་བགེད་པའི་ཚེ་སོ་སོར་བགོ་སྐལ་སྙོམས་པར་

མིག་སྔར་བགོའོ། །ནད་པ་ལ་བལྟ་བར་བྱ། ནད་པའི་ནད་གཡོག་ཏུ་དགེ་སློང་རྣམས་སྤྲོ་བར་བྱ། ནད་པ་རྣམས་ལ་ཆོས་ཀྱི་གཏམ་བྱ། ལམ་དང་ལམ་མ་ཡིན་པ་ཡང་དག་པར་བསྒྲག་པར་བྱ། མཐོང་བ་རྣམ་པར་སྤྱོད་པའི་རྒྱུད་མི་གཏང་བར་བྱ། རྣམ་པ་ཐམས་ཅད་དུ་

ཡང་ནད་པ་ལ་གཡེལ་བར་མི་བྱ། མཚམས་མ་བཅད་པའི་གནས་སུ་དགེ་སློང་རྣམས་ལྷགས་པ་ལ་གང་གཞན་ཅི་ཡང་རུང་བྱ་བར་འགྱུར་བ་དེ་ཐམས་ཅད་ལ་དགེ་སློང་གནས་བརྟན་གྱིས་ཐོག་མར་འཇུག་པར་བྱ་སྟེ། འདི་ནི་མཚམས་མ་བཅད་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །

ཀུན་དགའ་ར་བའི་བྱ་བ་གང་ཞེ་ན། ཀུན་དགའ་ར་བའི་ཞེས་བྱ་བ་ནི་དགེ་འདུན་རྣམས་ཀུན་ཏུ་དགའ་བའི་གནས་ཏེ་དེ་སོ་སོ་ནས་དགེ་སློང་དག་ལྷགས་པ་རྣམས་བྱ་བར་བཅས་པ་ཡང་ཐ་དད་པས་ན་དགེ་སློང་དེས་འདི་དག་གིས་བྱ་བ་བཅས་པ་དེ་ཆོས་བཞིན་ཡིན་ནམ། འོན་ཏེ་ཆོས་བཞིན་མ་

ཡིན་ཞེས་བརྟག་པར་བྱའོ། །དེ་སྟེ་ཆོས་བཞིན་ཡིན་ལ་བདག་ལ་ཡང་གནོད་པར་མི་འགྱུར། གཞན་ལ་ཡང་གནོད་པར་མི་འགྱུར་ན་གཡེལ་བར་གཞག་གོ། །དེ་སྟེ་ཆོས་བཞིན་མ་ཡིན་ལ་བདག་ལ་ཡང་གནོད་པར་འགྱུར། གཞན་ལ་ཡང་གནོད་པར་འགྱུར་བར་ཤེས་ལ་བདག་ཅག་

གི་ཕྱོགས་མཐུ་དང་ལྡན། གྲོགས་དང་ལྡན། འཁོར་དང་ལྡན་པར་གྱུར་ཅིང་དེ་ལྟ་བུའི་ཕྱིར་དགེ་འདུན་གྱི་དབྱེན་དང་། དགེ་འདུན་འཁྲུགས་པ་དང་། དགེ་འདུན་གཉིས་སུ་ཆད་པ་དང་། དགེ་འདུན་སོ་སོར་ཡང་མི་འགྱུར། བདག་གིས་ཆོས་བཞིན་མ་ཡིན་པར་བྱ་བ་ལ་བཅས་པ་

เล่ม ๑๓ · หน้า 281a

དེ་ཕྱུང་ནས་ཆོས་བཞིན་བྱའོ། །ཆོས་བཞིན་བྱའོ་སྙམ་དུ་ནུས་པ་དང་། དེས་དགེ་འདུན་རྣམས་ལ་ཀྱེ་འདི་ནི་ཆོས་བཞིན་དུ་བྱ་བར་བཅས་པ་མ་ཡིན་གྱིས་འདི་ཕྱུང་ལ་ཆོས་བཞིན་པ་གཞན་བྱའོ་ཞེས་གོ་བར་སྒོ་ཤིག །དེ་སྟེ་བདག་ཅག་གི་ཕྱོགས་མཐུ་ཆུང་ངམ།

འགྲོན་པ་མེད་དམ་འཁོར་མེད་པར་གྱུར་པ་དེའི་ཕྱིར་དགེ་འདུན་ཀྱང་འབྱེད། དགེ་འདུན་ཀྱང་འཁྲུགས་དགེ་འདུན་སོ་སོར་ཡང་འགྱུར་ཞིང་། བདག་གིས་ཆོས་མ་ཡིན་པར་བཅའ་བ་འདི་ཕྱུང་ལ་ཆོས་བཞིན་དུ་བྱ་བར་མི་ནུས་པར་ཤེས་པ་དེ་ཅང་མ་ཟེར་བར་འདུག་ཤིག །ཡང་ན་གུད་དུ་སོང་

ཤིག །དེ་ལྟ་བུའི་རྐྱེན་གྱིས་རྣམ་པར་འཛིན་ཅིང་མ་འདུག་ཤིག །ཀུན་དགའ་ར་བ་ཞེས་བྱ་བ་ནི་འདི་རྣམས་ཀྱང་ཡིན་ཏེ། ཀུན་དགའ་ར་བའི་ནང་ན་ཁང་ཕྲན་དང་། ཁང་པ་དང་། ཁང་བུ་བརྩེགས་པ་དང་། ཁང་པ་འཁོར་དུ་བཅས་པ་དང་། སྤྱིལ་པོ་དང་། སྤྱིལ་བུའི་དངོས་

པོ་དང་། འཆག་ས་དང་། སྐྱེད་ཤིང་དང་། གསིང་མ་རྣམས་ཐམས་ཅད་ཀྱང་ཇི་ལྟར་རྒན་རིམས་བཞིན་དུ་བསྒོ་བར་བྱའོ། །ཕྱི་བདར་བྱ་བ་དེ་ནི་ཀུན་དགའ་ར་བའི་བྱ་བ་ཞེས་བྱའོ། །ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། ཀུན་དགའ་ར་བའི་དགེ་སློང་གནས་

བརྟན་གྱིས་བྱ་བ་དེ་ལྟ་བུ་ལ་འཇུག་པར་བྱ། ཀུན་དགའ་ར་བའི་དགེ་སློང་གི་གནས་བརྟན་གྱིས་བཞིན་མདོག་གསལ་བར་བྱ། ཁྲོ་གཉེར་མེད་པར་བྱ། སྔར་འཛུམ་པར་བྱ། སྔར་སྨྲ་བར་བྱའོ། །སྙན་པར་སྨྲ་བར་བྱ། ཚུར་ཤོག་བདེ་བར་འོངས་སམ་ཞེས་སྙན་ཚིག་སྨྲ་བར་བྱ། ཚིག་

སྙན་ཅིང་མི་རྩུབ་པ་མགུ་ཞིང་རངས་པར་སྨྲ་བར་བྱ། གང་དེ་ན་དགེ་སློང་གཞོན་ནུ་གསར་བུ་འཁོད་པར་གྱུར་པ་དེ་དག་ནི་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། ཐམས་ཅད་དུའང་དགེ་སློང་གནས་བརྟན་གྱིས་ཐོག་མར་འཇུག་པར་བྱ། རྒྱུད་མི་གཏང་བར་བྱ་བའི་བར་དུ་སྟེ། འཐབ་པ་དང་།

མཚང་འདྲུ་བ་དང་། འཁྲུག་པ་དང་། རྩོད་པའི་རྣམས་བྱུང་བར་གྱུར་ན་གདུལ་བའི་ཕྱིར་རིག་པར་བྱ། ཞི་བའི་ཕྱིར་རྣམ་པར་ཞི་བར་རིག་པར་བྱ། འདི་ལྟར་ཡང་དགེ་སློང་ཀུན་དགའ་ར་བའི་གནས་བརྟན་གྱིས་ཐོག་མར་བཟའ་བའམ། བཅའ་བའམ། སྐྱོ་མའམ། ཐུག་པའམ། ནང་

เล่ม ๑๓ · หน้า 281b

པར་བསྒོའམ། གཎྜཱི་བརྡུངས་སམ། སྔར་མྱུར་དུ་འགྲོ་བར་བྱ། སྔར་འདུག་པར་བྱ། བཀུར་སྟིར་བཅས། སྤྱི་དམའ་བར་བཅས། འཇིགས་པའི་དབང་དུ་བཅས། སེམས་དམན་པ་དང་། རྡུལ་འཕྱག་པའི་སེམས་ལྟ་བུར་བྱས་ལ་དགེ་འདུན་གྱི་མདུན་དུ་འགྲོ་བར་

བྱའོ། །སོང་ནས་ཀྱང་རྒན་རིམས་ཀྱི་མཐར་ཕྱག་བྱས་ལ་རང་གི་སྟན་ག་ལ་བ་དེར་འདུག་པར་བྱའོ། །གནས་བརྟན་དང་། བར་མ་དང་། གསར་བུ་ལ་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། རྗེས་སུ་བརྩེ་བའི་སེམས་དང་། ཕ་དང་མ་དང་ཕུ་ནུ་བོར་འདུ་ཤེས་

བསྐྱེད་དེ། འཁོར་ཐམས་ཅད་ལ་བརྟག་པར་བྱ་སྟེ། ལེགས་པ་བཟང་པོར་བཅས་སམ། སུ་ལེགས་པར་བགོས། སུ་ལེགས་པར་མ་བགོས་བརྟགས་ཏེ། གང་བཟང་ཞིང་ལེགས་པར་ཆས་པ་དེ་དག་ལ་ནི་གཡེལ་བར་གཞག །གང་ལེགས་པར་མ་ཆས་ཤིང་མི་སྡུག་པ་དེ་

དག་ནི་བསྒོ་ཞིང་བཅོས་པར་བྱ། ལེགས་པར་བགོས་པ་ནི་དེས་གཡེལ་བར་གཞག །ལེགས་པར་མ་བགོས་པ་དེ་ལ་ནི་བརྡ་དང་མཚན་མ་བྱ། དེས་མཚན་མ་མ་ཚོར་ན་ཡང་དྲུང་ན་འདུག་པ་ལ་མཚན་མ་བྱ། དྲུང་ན་འདུག་པས་ཀྱང་མ་ཚོར་ན་དེར་དགེ་སློང་གནས་བརྟན་ཉིད་

ཀྱིས་ཇི་ནས་ལེགས་པར་གྱོན་པ་དང་། སྒྲ་མ་ཆེ་བར་སྒོ་ཤིག །དགེ་སློང་གནས་བརྟན་གྱིས་རྒན་རིམས་སུ་གཟར་བུ་ཐོགས་ནས་ཁ་ཟས་འབྲིམ་པར་ཤོམ་པའི་ཚེ་རུང་བར་བྱས་སམ། མ་བྱས་ཞེས་སྨྲོས་ཤིག་འབྱོར་ཚོགས་ཤེས་མ་བྱུང་གི་བར་དུ་སྐད་ཅིག་སྡོད་ལ་ཐམས་ཅད་

ལ་སྙོམས་པར་བྲིམས་ཤིག་ཅེས་སྨྲ་བར་བྱའོ། །དགེ་སློང་གནས་བརྟན་གྱིས་གནས་བརྟན་དང་བར་མ་དང་གསར་བུ་དག་གི་རྗེས་སུ་མཐུན་པར་བྱ། གནས་བརྟན་དང་བར་མ་དང་གསར་བུས་ཀྱང་དེའི་རྗེས་སུ་མཐུན་པར་གྱིས་ཤིག །དེ་སྟེ་དད་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་

ལྷགས་ན་དེ་དག་ལ་ཡང་མཚུངས་པར་བགོ་ཞིང་སྦྱིན་པར་བྱའོ། །དེ་སྟེ་དེ་བགོར་མ་དད་དམ། དད་པའི་བྲམ་ཟེ་དང་ཁྱིམ་བདག་མ་འདོད་ན་ཡང་དགེ་སློང་གནས་བརྟན་གྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན་པར་བྱ། བསྟབ་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ།

เล่ม ๑๓ · หน้า 282a

ཡང་དག་པར་དགའ་བར་བྱས་ལ། བདག་ཅག་ལ་ནི་འདི་ཡོད་དོ་ཞེས་སྨྲ་བར་བྱ་སྟེ། འདི་ནི་ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གནས་ཁང་གི་བྱ་བ་གང་ཞེ་ན། དགེ་སློང་གང་གནས་ཁང་ན་འདུག་པ་དེས་གནས་ཁང་དེ་དུས་དུས་སུ་ཆག་

ཆག་གདབ། ཕྱག་དར་བྱ། ཕྱགས་པ་དོར་བར་བྱ། ལྕི་བས་ཤིན་ཏུ་འཇམ་པོར་བྱུག་པར་བྱ། སྔོ་ཅུང་ཟད་བྱུང་ན་ཡང་མེད་པར་བྱ། གས་པ་དང་། ཞིགས་པ་དང་། གོགས་པ་རྣམས་སླར་བཅོས་པར་བྱ། བུམ་པ་ཆུས་བཀང་སྟེ་གཞག་པར་བྱ་སྟེ། ཡོངས་སུ་

སྤྱད་པའི་བུམ་པ་དང་། གཙང་མའི་རིལ་བ་དང་། སྣམ་ཕྱི་སའི་རིལ་བ་དང་། རྐང་པ་བཀྲུ་བ་རྣམས་བཀང་སྟེ་བཞག་པ་དེ་ནི་གནས་ཁང་གི་བྱ་བ་ཞེས་བྱའོ། །གནས་ཁང་གི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གནས་ཁང་གི་དགེ་སློང་གནས་བརྟན་གྱི་བྱ་བ་ནི་དེས་འདི་ལྟ་བུ་ལ་

འཇུག་པར་བྱའོ། །དགེ་སློང་གསར་བུ་གང་དག་དེ་ན་འཁོད་པར་གྱུར་པ་དེ་དག་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། དགེ་སློང་གནས་བརྟན་གྱིས་ཐམས་ཅད་ལ་ཐོག་མར་འཇུག་པར་བྱ། རྒྱུད་མི་གཏང་བར་བྱ་བའི་བར་དུ་སྟེ། འདི་ནི་གནས་ཁང་གི་དགེ་སློང་གནས་བརྟན་གྱི་བྱ་བ་ཞེས་

བྱའོ། །ཁང་པ་འཁོར་དུ་བཅས་པའི་བྱ་བ་གང་ཞེ་ན། ཁང་པ་འཁོར་དང་བཅས་པ་དེ་ན་དགེ་སློང་གང་འདུག་པ་དེས་ཁང་པ་འཁོར་དང་བཅས་པ་དེ་དུས་དུས་སུ་བྱི་བདར་བྱ་བ་ནི་སྔ་མ་བཞིན་ཏེ། རྐང་པ་བཀྲུ་བའི་རྣམས་བཀང་སྟེ་གཞག་པའི་བར་དུའོ། །ཁང་པ་འཁོར་དང་བཅས་པ་

དེ་ན་དགེ་སློང་གྲོགས་པོ་གང་འཁོད་པའི་རྣམས་ལ་ཡང་བྱམས་པའི་ལུས་ཀྱི་ལས་ཀྱིས་མཚུངས་པར་སྤྱད་པར་བྱ། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱང་མཚུངས་པར་སྤྱད་པར་བྱ། དེར་ཡང་ཐབ་མོ་མི་དབྱུང་བར་བྱ། མཚང་འདྲུ་བ་དང་། འཁྲུག་པ་དང་།

རྩོད་པ་མི་དབྱུང་བར་བྱ། དེ་སྟེ་དེར་འཐབ་པ་དང་། སྨོད་པ་དང་། འཁྲུག་པ་དང་། རྩོད་པ་ཞིག་བྱུང་ན་ཞི་བར་ནུས་ན་ནི་དེ་བཞིན་ལེགས། དེ་སྟེ་ཡང་མི་ནུས་ན་གུད་དུ་སོང་ཤིག །འདི་ནི་ཁང་པ་འཁོར་དུ་བཅས་པའི་བྱ་བ་ཞེས་བྱའོ། །ཁང་པ་འཁོར་དུ་བཅས་པའི་གནས་བརྟན་

เล่ม ๑๓ · หน้า 282b

གྱི་བྱ་བ་གང་ཞེ་ན། ཁང་པ་འཁོར་དུ་བཅས་པའི་དགེ་སློང་གནས་བརྟན་གྱི་བྱ་བ་ནི་དེས་འདི་ལྟ་བུ་ལ་འཇུག་པར་བྱའོ། །དེ་ན་དགེ་སློང་གསར་བུ་གང་འཁོད་པར་གྱུར་པ་དེ་དག་ཀུན་ཤེས་པར་བྱས་ནས། སྔ་མ་བཞིན་ཏེ། ཐམས་ཅད་དུ་ཡང་དགེ་སློང་གནས་བརྟན་ཐོག་མར་འཇུག་

པར་བྱ་བ་དང་། རྒྱུད་མི་གཏང་བར་བྱ་བའི་བར་དུ་སྟེ། འདི་ནི་ཁང་པའི་འཁོར་དང་བཅས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ནགས་ཀྱི་བྱ་བ་གང་ཞེ་ན། ནགས་ཞེས་བྱ་བ་ནི་སྐྱེད་ཤིང་གི་ནགས་དེ་ན་དགེ་སློང་འཁོད་པ་རྣམས་ཀྱིས་བདག་ཅག་གནས་འདི་ན་འཁོད་ལ་འཚོ་བའི་

བར་ཆད་དུ་འགྱུར་བའམ། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་ལྟ་ཡོད་དམ་མེད་ཅེས་རྒྱང་གྲགས་གཅིག་ཚུན་ཆད་འཁོར་ཡུག་ཏུ་བརྟག་པར་བྱའོ། །དེ་སྟེ་ཡོད་པར་མཐོང་ན་རིང་དུ་དོར་བར་བྱའོ། །དེ་སྟེ་མེད་པར་མཐོང་ལ་དགོས་པར་གྱུར་དང་རྒྱང་གྲགས་གཅིག་ཚུན་

ཆད་དུ་སྡོམ་པ་བསྐོ་བར་བྱ། རུང་བའི་ས་ཡང་བསྐོ་བར་བྱ། གསོ་སྦྱིན་གྱི་གནས་ཀྱང་བསྐོ་བར་བྱ། དེ་ན་ཕན་ཚུན་ཁ་ཟས་ཀྱི་ལོངས་སྤྱོད་དང་། ཆོས་ཀྱི་ལོངས་སྤྱོད་ཀྱིས་སྤྲོ་བ་བསྐྱེད་པར་བྱ། དེ་ན་འཐབ་པ་མི་འབྱུང་བ་དང་། མཚང་འདྲུ་བ་མི་འབྱུང་བ་དང་། ཁོན་པ་མི་

འབྱུང་བ་དང་། རྩོད་པ་མི་འབྱུང་བར་བྱ་བ་དེ་ནི་ནགས་ཀྱི་བྱ་བ་ཞེས་བྱའོ། །མལ་སྟན་གྱི་བྱ་བ་གང་ཞེ་ན། དགེ་སློང་རྣམས་ཀྱིས་མལ་སྟན་དུས་དུས་སུ་བརྟག་པར་བྱ། བསྐམ་པར་བྱ། སྤྲུག་པར་བྱ། བགྲང་བར་བྱ། སྦ་བར་བྱ། དེ་སྟེ་དྲི་མ་ཅན་དུ་གྱུར་ན་བཀྲུ་བར་བྱ།

རྡོལ་ཏམ་ཟད་པའི་ཆོས་སུ་གྱུར་ན་ཅི་ནུས་སུ་བཙེམ་ཞིང་གླན་པར་བྱ། འཚེམ་ཞིང་གློན་དུ་གཞུག་པར་བྱ། དགེ་སློང་གིས་ཕྱོགས་བཞིའི་དགེ་འདུན་གྱི་གོས་བགོས་ནས་བཤང་བའི་སར་འགྲོ་བར་མི་བྱ། གཅི་བའི་སར་མི་འགྲོ། དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་

མ་ཡིན། ཚང་མང་དུ་མ་ཡིན། ཆར་འབབ་པ་ལ་གྱོན་ཏེ་འདུག་པར་མི་བྱ། ཉི་མ་ཚ་བ་ལ་མ་ཡིན་བསྲོ་ཁང་དུ་གཞག་པར་མི་བྱ། ཅི་ནས་གནོད་པར་འགྱུར་བའི་ས་ཐམས་ཅད་དུ་ཕྱོགས་བཞིའི་དགེ་འདུན་གྱི་གོས་དང་འཇུག་པར་མི་བྱ། བགོ་བར་མི་བྱ། གཞག་པར་མི་བྱ། དགེ་སློང་

เล่ม ๑๓ · หน้า 283a

རྣམས་ཀྱིས་མལ་སྟན་རྣམ་པ་འདི་ལྔར་སྤྱད་པར་མི་བྱ་སྟེ། ལྔ་གང་ཞེ་ན། དུད་པ་དང་། རྡུལ་དང་། ཆུ་དང་། བཤལ་བ་དང་། དྲུད་པའོ། །དགེ་སློང་རྣམས་ཀྱིས་ཕྱོགས་བཞིའི་དགེ་འདུན་གྱི་གོས་བགོས་བཞིན་གཙུག་ལག་ཁང་ཆག་ཆག་མི་གདབ།

ས་མི་ཕྱག །ཕྱག་དར་མི་དོར། ལྕི་བས་ཞལ་ཞལ་མི་བྱ། ཆུའི་བུམ་པ་དགང་བར་མི་བྱ། ཡོངས་སུ་སྤྱོད་པའི་བུམ་པར་མ་ཡིན། གཙང་མའི་རིལ་བར་མ་ཡིན། བཤང་བའི་རིལ་བར་མ་ཡིན། རྐང་པ་བཀྲུ་བའི་བུམ་པ་དགང་བར་མི་བྱ། སྣོད་འབྲིམ་པར་མ་ཡིན།

གཙུག་ལག་ཁང་སྐྱོང་དུ་མ་ཡིན། ལྷུང་བཟེད་ཀྱི་ལས་བྱེད་པར་མ་ཡིན། གོས་ཀྱི་ལས་བྱེད་པར་མ་ཡིན། དགེ་སློང་རྣམས་ཀྱིས་ཕྱོགས་བཞིའི་དགེ་འདུན་གྱི་གོས་ལུས་ཀྱི་མཐང་ལ་བགོ་བར་མི་བྱ། རྔུལ་ཟན་མེད་པར་བགོ་བར་མི་བྱ། དགེ་སློང་དག་གིས་ཕྱོགས་བཞིའི་

དགེ་འདུན་གྱི་མལ་སྟན་རྣམས་བླ་གབ་མེད་པ་ལ་བཏིང་བ་དང་། སྒོ་ཁང་ཕན་ཆད་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུའི་བར་དུ་བོར་ཏེ་མ་འགྲོ་ཤིག །དེ་སྟེ་བཤང་བའམ། གཅི་བའི་སར་འགྲོ་ན་ཡང་དགེ་སློང་འཁོད་པའི་རྣམས་ལ་བསྒོ་ལ་སོང་ཤིག །ཇི་ལྟར་བདག་ཉིད་

ཀྱིས་ལྷུང་བཟེད་དང་ཆོས་གོས་དང་ལུས་ཀྱི་པགས་པ་བཞིན་དུ་དགེ་སློང་དག་གིས་ཕྱོགས་བཞིའི་དགེ་འདུན་གྱི་མལ་སྟན་རྣམས་ཡོངས་སུ་བསྲུང་བར་བྱའོ། །དགེ་སློང་དག་གིས་ཅིའི་མཐའ་ནས་ཀྱང་ཕྱོགས་བཞིའི་དགེ་འདུན་གྱི་མལ་སྟན་ཡལ་བར་མི་བྱ་སྟེ། འདི་ནི་དགེ་

འདུན་གྱི་མལ་སྟན་གྱི་བྱ་བ་ཞེས་བྱའོ། །སྒོ་ལེབ་ཀྱི་བྱ་བ་གང་ཞེ་ན། སྒོ་ལེབ་ཅེས་བྱ་བ་ནི་སྒོའི་འཕར་མ་སྟེ། དགེ་སློང་གིས་དེ་ལ་རྡུང་ན་ཡུན་རིང་དུ་བརྡུང་བར་མི་བྱ། སྔར་ནང་ན་འཁོད་པའི་རྣམས་ཀྱིས་ཚོར་བར་བྱ་བའི་ཕྱིར་དལ་ནས་བགས་ཀྱིས་བརྡུང་བར་བྱའོ། །དབྱེ་

བའི་ཚེ་ཡང་དྲག་ཏུ་མི་དབྱེ་གཅོད་པའི་ཚེའང་དྲག་ཏུ་མི་གཅད། ཤེས་བཞིན་དུ་དལ་ནས་བགས་ཀྱིས་འཇུག་ཅིང་འབྱུང་བར་བྱ། སྒོའི་ཕྱོགས་གཉི་གར་ཀྱང་མི་འདྲུད་བཞིན་འབྱུང་བར་བྱ་སྟེ། འདི་ནི་སྒོ་ལེབ་ཀྱི་བྱ་བ་ཞེས་བྱའོ། །འཁོར་ལོའི་བྱ་བ་གང་ཞེ་ན། འཁོར་ལོ་ཞེས་བྱ་བ་

เล่ม ๑๓ · หน้า 283b

ནི་སྒོའི་སྟན་པ་བླ་འོག་སྟེ། དེ་ཤིན་ཏུ་འབྱོར་པར་བྱའོ། །དགེ་སློང་གཙུག་ལག་ཁང་ནས་གུད་དུ་འདོང་ན་བླ་འོག་གཉི་ག་ཆུག་ལ་དེང་ཤིག་དང་། གཙུག་ལག་ཁང་རུབ་པར་འགྱུར་རོ། །གཙུག་ལག་ཁང་རུབ་ན་བདག་ཅག་ཉིད་དང་། ལྷུང་བཟེད་དང་། ཆོས་གོས་དང་།

མལ་སྟན་རྣམས་ཀྱང་རུབ་པར་འགྱུར་ཏེ། འདི་ནི་འཁོར་ལོའི་བྱ་བ་ཞེས་བྱའོ། །གནས་སྟོང་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་གནས་སྟོང་པ་དེ་ཆག་ཆག་གདབ་པར་བྱ། ས་ཕྱག་པར་བྱ། ཕྱག་དར་དོར་བར་བྱ། ཅི་ནུས་སུ་ལྕི་བས་ཞལ་ཞལ་འཇམ་པོར་བྱ། གསང་

དང་། ཞིགས་པ་དང་། གོགས་པ་རྣམས་སླར་བཅོས་པར་བྱ། དེ་སྟེ་སྣོད་རྣམས་སོ་སོ་ནས་འདུག་པར་གྱུར་ན་ཡང་སྤྱད་དུ་བཟོད་ན་ནི་བཀྲུ་ཞིང་གཞག་པར་བྱ། མི་བཟོད་ན་དོར་བར་བྱ། དེ་སྟེ་རུང་བར་བྱེད་པ་ཡོད་ན་ཡང་རྩྭ་སྔོན་པོ་རྣམས་རེགས་ཤིག །ཁྱིམ་པ་དག་

ལྷགས་ན་དེ་དག་ལ་ཆོས་ཀྱི་གཏམ་བྱ་བར་བྱ། དགེ་སློང་གིས་གནས་སྟོང་པར་ཞུགས་ན་ཡང་ཡལ་བར་དོར་བར་མི་བྱ། དེ་སྟེ་གནས་པར་མི་འདོད་ན། དེས་ག་ལས་གར་འགྲོ་བརྟག་པར་བྱ། འགྲོ་བའི་ཉེ་འཁོར་དང་། བཤང་ས་དང་། གཅི་ས་དང་། སྐས་ཀ་དང་། ཐེམ་

སྐས་དང་། སྒོ་བཅད་པ་དང་། སྤྱོད་ཡུལ་རྣམས་ཀྱང་བརྟགས་ལ་གནས་པར་བྱའོ། །ཇི་ལྟར་དེ་དག་གིས་ཕྱིར་བྲེལ་བ་དང་། གནོད་པར་མི་འགྱུར་བར་བྱ་སྟེ། དེ་ནི་གནས་སྟོང་པའི་བྱ་བ་ཞེས་བྱའོ། །གནས་སྟོང་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གནས་སྟོང་

པའི་དགེ་སློང་གནས་བརྟན་གྱི་བྱ་བ་ནི་དེས་འདི་ལྟ་བུ་ལ་འཇུག་པར་བྱའོ། །གནས་སྟོང་པའི་དགེ་སློང་གནས་བརྟན་གྱི་བཞིན་གསལ་བ་དང་། ཁྲོ་གཉེར་མེད་པར་བྱ་བ་ནས་སྔ་མ་བཞིན། ཐབ་མོ་དང་། མཚང་འདྲུ་བ་དང་། ཁོན་པ་དང་། རྩོད་པའི་རྣམས་བྱུང་བར་

གྱུར་པ་གདུལ་བར་ནན་ཏན་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱ་བའི་བར་དུ་སྟེ། འདི་ནི་གནས་སྟོང་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ལྷུང་བཟེད་ཀྱི་བྱ་བ་གང་ཞེ་ན། དགེ་སློང་གིས་ཐལ་བ་མ་བཙགས་པ་ལྷུང་བཟེད་བཀྲུ་བར་མི་བྱ། ལྕི་བ་གསེག་མ་ཅན་གྱིས་བཀྲུ་བ་

เล่ม ๑๓ · หน้า 284a

མ་ཡིན། བྱེ་མ་དང་འདྲེས་པའི་སས་མ་ཡིན། བྱེ་མ་དང་འདྲེས་པའི་ལྕི་བའི་རིལ་བུས་མ་ཡིན་གྱི་སྲན་ཕྱེས་ལྷུང་བཟེད་བཀྲུ་བར་བྱའོ། །ལྷུང་བཟེད་ལངས་ཏེ་བཀྲུ་བར་མི་བྱ། བསྐམ་པར་མི་བྱ། སྣོད་དུ་གཞུག་པར་མི་བྱ། སྦ་བར་མི་བྱ། ལམ་དུ་འགྲོ་བ་མ་

ཡིན། ཆུ་རྒལ་བ་ལ་མ་ཡིན། ས་མི་བདེ་བར་ལྷུང་བཟེད་གཞག་པར་མི་བྱ། དགེ་སློང་གིས་ལྷུང་བཟེད་ཀྱིས་གནས་ཁང་དུ་ཆག་ཆག་གདབ་པར་མི་བྱ། ཕྱག་དར་དོར་བར་མི་བྱ། ལྕི་བས་ཞལ་ཞལ་འཇོམ་པོར་བྱུག་པར་མི་བྱ། ལག་པ་བཀྲུ་བའི་ཆུ་བླང་བར་མི་བྱ།

རྐང་པ་བཀྲུ་བའི་ཆུ་ལ་མ་ཡིན། གདོང་བཀྲུ་བའི་ཆུ་ལ་མ་ཡིན། ལུས་བཀྲུ་བའི་ཆུ་ལ་མ་ཡིན། དེས་ཆུའི་བུམ་པ་དགང་བར་མི་བྱ། དགེ་སློང་གིས་ལྷུང་བཟེད་བཤང་སར་བཀུར་བར་མི་བྱ། གཅི་བའི་སར་མ་ཡིན། དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་

ཡིན་ཏེ། ཅི་ནས་དགེ་སློང་གིས་ས་མི་གཙང་བ་ཐམས་ཅད་དུ་ལྷུང་བཟེད་བཀུར་བར་མི་བྱ། དགེ་སློང་ལྷུང་བཟེད་ཐོགས་བཞིན་དུ་མཆོད་རྟེན་ལ་ཕྱག་བྱ་བར་མི་བྱ། གླན་པའི་རིགས་ན་གླན་པར་མི་བྱ། ཤིན་ཏུ་གཤེར་བཞིན་གཞག་པར་མི་བྱ། ཤིན་ཏུ་སྐམ་པར་གཡེལ་བར་མི་བྱ།

དལ་ནས་བགས་ཀྱིས་ཤེས་བཞིན་དུ་ཡོངས་སུ་སྤྱད་པར་བྱ་སྟེ། ནམ་ཞིགས་པའི་མཐར་ཐུག་གི་བར་དུ་བཅང་བར་བྱ་སྟེ། དགེ་སློང་གིས་ལྷུང་བཟེད་དེ་མིག་བཞིན་དུ་བསྲུང་བར་བྱའོ། །ཅི་ནས་ཀྱང་ཕྱིན་ཆད་བཙལ་མི་དགོས་པར་བྱས་ཏེ། དེ་ནི་ལྷུང་བཟེད་ཀྱི་བྱ་བ་ཞེས་

བྱའོ། །ཆོས་གོས་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཆོས་གོས་གསུམ་རྗེས་སུ་གནང་སྟེ། དྲེགས་པའི་ཕྱིར་མ་ཡིན། རྒྱགས་པ་བསྐྱེད་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། བཞག་པའི་ཕྱིར་མ་ཡིན་གྱི། དེ་འདི་ལྟར་

དགེ་སློང་རྣམས་བདེ་བར་སྤྱོད་པའི་ཕྱིར་ཏེ། སྦྲང་བུ་དང་། སྦྲང་མ་དང་། རླུང་དང་། ཚ་བ་དང་། སྦྲུལ་ལ་སོགས་པ་རེག་ན་མི་བདེ་བའི་གཉེན་པོའི་ཕྱིར་ངོ་ཚ་བ་དང་། ཁྲེལ་བ་གཡོག་པའི་ཕྱིར་རོ། །དེ་ཡང་དགེ་སློང་རྣམས་ཀྱིས་ཇི་ལྟར་ཡོངས་སུ་སྤྱད་པ་བཞིན་ཡོངས་

เล่ม ๑๓ · หน้า 284b

སུ་སྤྱད་པར་བྱའོ། །དེ་ལ་སྦྱར་མ་ཡང་སྦྱར་མའི་སྤྱད་པ་བཞིན་སྤྱད་པར་བྱའོ། །སྟོད་གཡོགས་ཀྱང་སྟོད་གཡོགས་ཀྱི་སྤྱད་པ་བཞིན་སྤྱད་པར་བྱ། མཐང་གོས་ཀྱང་མཐང་གོས་ཀྱི་སྤྱད་པ་བཞིན་སྤྱད་པར་བྱའོ། །དེ་ལ་སྦྱར་མས་མི་སྤྱད་པ་ནི་འདི་རྣམས་ཏེ། དགེ་སློང་

རྣམས་སྦྱར་མ་གོན་བཞིན་གཙུག་ལག་ཁང་དུ་ཆག་ཆག་གདབ་པར་མི་བྱ། ས་ཕྱག་པར་མི་བྱ། ཕྱག་དར་དོར་བར་མི་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་མི་བྱ། ཆུའི་སྣོད་དགང་བར་མི་བྱ། སྤྱད་པའི་བུམ་པར་མ་ཡིན། གཙང་བའི་རིལ་བར་མ་ཡིན། བཤང་

བའི་རིལ་བར་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། སྣོད་བགེད་པར་མ་ཡིན། གཙུག་ལག་ཁང་སྐྱོང་དུ་མ་ཡིན། ལྷུང་བཟེད་ཀྱི་ལས་སུ་མ་ཡིན། ཆོས་གོས་ཀྱི་ལས་སུ་མ་ཡིན། ཁྲུས་མི་བྱ། སྦྱར་མ་བགོས་ནས་རྩྭའམ། ཤིང་ངམ། ལྕི་བའམ་སའང་

རུང་བཀུར་བར་མི་བྱ། སྦྱར་མ་བགོས་ནས་བཤང་སར་མི་འཇུག་གཅི་སར་མི་འཇུག །དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན་ཏེ། ཅི་ནས་སྦྱར་མ་བགོས་ལ་མི་གཙང་བའི་ས་ཐམས་ཅད་དུ་འགྲོ་བར་མི་བྱ། མཐང་ལ་བགོ་བར་མི་བྱ། གདིང་བར་མི་བྱ།

དེ་རྒྱུན་དུ་བགོ་བར་མི་བྱ། སྦྱར་མ་ལ་འཇུག་པར་མི་བྱ། ཉལ་བར་མི་བྱ་སྟེ། འདི་ནི་སྦྱར་མ་དེ་ལྟ་བུར་མི་སྤྱོད་པའོ། །སྦྱར་མ་འདི་ལྟར་སྤྱད་པར་བྱ་སྟེ། དགེ་སློང་མ་སྦྱར་མ་བགོས་ནས་བསོད་སྙོམས་ལ་འཇུག་པར་བྱ། གྲོང་དུ་འཇུག་པར་བྱ། སྤྱོད་ཡུལ་དུ་འཇུག་པར་བྱ།

ཟས་ལ་འཇུག་པར་བྱ། སྐྱོ་མ་དང་ཐུག་པ་ལ་འཇུག་པར་བྱ། འདི་ལྟར་ཡང་སྦྱར་མ་ནི་རྣམ་པ་གཉིས་སུ་སྤྱད་པ་བཞིན་སྤྱད་པར་བྱ་སྟེ། ཡང་ན་སྟེང་དུ་བགོ་བར་བྱ། ཡང་ན་སྔས་སུ་གཞུག་པར་བྱའོ། །སྟོད་གཡོགས་སྤྱད་པ་ཡང་འདི་ལྟར་སྤྱད་དེ། དགེ་སློང་རྣམས་

སྟོད་གཡོགས་བགོས་ནས། གཙུག་ལག་ཁང་དུ་ཆག་ཆག་གདབ་པར་མི་བྱ། ས་ཕྱག་པར་མི་བྱ། ཕྱག་དར་དོར་བར་མི་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། ཆོས་གོས་ཀྱི་ལས་མི་བྱ། བཀྲུ་བར་མི་བྱ། སྟོད་གཡོགས་

เล่ม ๑๓ · หน้า 285a

བགོས་བཞིན་དུ་རྩྭའམ། ཤིང་ངམ། ས་བཀུར་བར་མི་བྱ། སྟོད་གཡོགས་དང་བཤང་བའི་སར་འཇུག་པར་མི་བྱ། གཅི་བའི་སར་འཇུག་པར་མི་བྱ། དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན་ཏེ། སྟོད་གཡོགས་དང་བཅས་མི་གཙང་བ་

ཐམས་ཅད་དུ་འཇུག་པར་མི་བྱའོ། །ལུས་ཀྱི་མཐང་ལ་བགོ་བར་མི་བྱ། རྔུལ་ཟན་དུ་གདིང་བ་མི་བྱ། རྒྱུན་དུ་སྤྱད་ཅིང་བགོ་བར་མི་བྱ་སྟེ། འདི་ནི་སྟོད་གཡོགས་ཏེ་འདི་ལྟར་ནི་སྟོད་གཡོགས་མི་སྤྱད་པའོ། །སྟོད་གཡོགས་དེ་འདི་ལྟར་སྤྱད་དེ། སྟོད་གཡོགས་བགོས་ནས་

ཆུའི་རྫ་མ་དགང་བར་བྱ། སྤྱད་པའི་རྫ་མ་དགང་། གཙང་མའི་རིལ་བ་དགང་། བཤང་སའི་རིལ་བ་དགང་། རྐང་པ་བཀྲུ་བའི་རིལ་བ་ཡང་དགང་བར་བྱ། སྣོད་བགོ་བར་བྱ། གཙུག་ལག་ཁང་སྐྱོང་བྱ། གཞན་གང་ཡང་རུང་སྟེ་རུང་བར་འགྱུར་བ་ཐམས་ཅད་ལའང་སྟོད་

གཡོགས་བགོ་བར་བྱའོ། །མཐང་གོས་ནི་ཐམས་ཅད་དུ་བགོས་ཏེ། ལུས་ཀྱི་མཐང་ལ་བགོ། རྟག་ཏུ་ཡང་བགོ་ཞིང་སྤྱད་པར་བྱའོ། །དགེ་སློང་གིས་མི་གཙང་བའི་སར་ཆོས་གོས་གཞག་པར་མི་བྱ། ལྗིད་ཀྱིས་མནན་པར་མི་བྱ། དྲུབ་པར་རིགས་ན་དྲུབ་པར་བྱ། བཀྲུ་

བར་རིགས་ན་བཀྲུ་བར་བྱ། ཁ་བསྒྱུར་བར་རིགས་ན་ཁ་བསྒྱུར་བར་བྱ། དགེ་སློང་གིས་ཚོན་ཆེན་པོ་རྣམ་པ་ལྔ་པོ་ཉིད་བཅང་བར་མི་བྱ་སྟེ། ཚོན་ཆེན་པོ་རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། ཐིང་ཤིང་དང་། ལེ་བརྒན་རྩི་དང་། རྒྱ་སྐྱེགས་དང་། གུར་གུམ་དང་། མཚལ་ལོ། །

ཤུན་ཕྲགས་ཀྲི་མ་ཤ་མ་གཏོགས་ཏེ། གཞན་ཁ་དོག་ངུར་སྨྲིག་ཏུ་འགྱུར་བ་ཤིང་གི་ཤུན་ཕྲགས་ལ་ཁ་དོག་ཅན་ཆོངས་ཤིག །དེ་ཡང་གཞན་མེད་པར་གྱུར་ན་གདོད་ཉེས་པ་མེད་དོ། །སྦྱར་མ་ངེས་པར་མཚན་མ་ཅན་དུ་བྱའོ། །སྟོད་གཡོགས་ལ་ངེས་པར་མེད་ལ་མཐང་

གོས་ལ་ཡང་ངེས་པར་མེད་དོ། །དགེ་སློང་ལ་ཆོས་གོས་ངན་ནམ་ཉུང་ན་ཚལ་བུས་ལོགས་ཤིག་ནས་གླན་པར་བྱ་སྟེ། ལྔའམ། བདུན་ནམ། དགུའམ། བཅུའམ། བཅུ་གཅིག་གམ། ལྷག་པར་ཡང་རུང་སྟེ། དེ་ལྟར་དགེ་སློང་གིས་སྦྱར་མ་སྤྱད་པ་ནི་སྦྱར་མར་སྤྱོད་ཅིག །

เล่ม ๑๓ · หน้า 285b

སྟོད་གཡོགས་སུ་སྤྱད་པ་ནི་སྟོད་གཡོགས་སུ་སྤྱོད་ཅིག །མཐང་གོས་སུ་སྤྱད་པ་ནི་མཐང་གོས་སུ་སྤྱོད་ཅིག །དགེ་སློང་གིས་ཇི་ལྟར་རང་གི་པགས་པ་བཞིན་དུ་ཆོས་གོས་ལ་བསྲུང་བར་བྱའོ། །ཅི་ནས་དེ་ཕྱི་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཆོས་གོས་ཀྱི་བྱ་བ་

ཞེས་བྱའོ། །གདིང་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གདིང་བ་རྣམ་པ་གཉིས་རྗེས་སུ་གནང་སྟེ། མལ་སྟན་ལ་བདེ་བའི་ཕྱིར་རོ། །སྟུག་ན་རིམ་གཅིག་བྱ། སྲབ་ན་ནི་རིམ་པ་གཉིས་སུ་བྱའོ། །དགེ་སློང་གིས་གདིང་བ་མ་བཏིང་གི་

བར་དུ་འདུག་པར་མི་བྱ། ཉལ་བར་མི་བྱ། གདིང་བ་གཅིག་རྐྱང་ལ་བསྔོ་བར་མི་བྱ། གདིང་བ་མེད་པར་ཞག་ཏུ་གནས་པར་མི་བྱ། དགེ་སློང་གིས་གདིང་བ་ལ་ནན་ཏན་དུ་བྱ། ལེགས་པར་བྱ། ཅི་ནས་དེ་ཕྱི་ཕྱིར་དེ་བཙལ་མི་དགོས་པར་བྱས་ཏེ། འདི་ནི་གདིང་བའི་བྱ་བ་

ཞེས་བྱའོ། །ཁབ་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབ་རྣམ་པ་གཉིས་རྗེས་སུ་གནང་སྟེ། ཆོས་གོས་དྲུབ་པའི་ཕྱིར་ཏེ། ལྕགས་དང་། ཟངས་ཀྱིའོ། །དགེ་སློང་རྣམས་ཀྱིས་ཁབ་མེད་བཞིན་ལྗོངས་ཀྱི་སྤྱད་པ་མ་སྤྱོད་ཅིག །དགེ་སློང་

གིས་ཁབ་ལེགས་པར་ཞོག་ཤིག །ལེགས་པར་བྱོས་ཤིག །ཅི་ནས་ཕྱི་ཕྱིར་དེ་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཁབ་ཀྱི་བྱ་བ་ཞེས་བྱའོ། །ཁབ་རལ་གྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབ་རལ་རྗེས་སུ་གནང་སྟེ། ཁབ་རྣམས་སྦ་བའི་

ཕྱིར་རོ། །དགེ་སློང་གིས་ངོ་ཚ་མེད་པའི་དགེ་ཚུལ་རྣམས་ལ་ཁབ་རལ་མ་གཞག་ཅིག །མི་སྟོར་བར་བྱ། བསྙེན་པར་རྫོགས་ཀྱང་ཡིད་མི་ཆེས་ན་མ་ཡིན། འདི་ལྟར་ཡང་གང་ཟག་ལྔ་ལ་ཁབ་རལ་གཞག་པར་མི་བྱ་སྟེ། ངོ་ཚ་མེད་པ་དང་། ཁོན་ཡོད་པ་དང་། མི་མཛའ་བ་

དང་། དྲན་པ་ཉམས་པ་དང་། ཚུལ་བཞིན་མི་གནས་པ་ལའོ། །དགེ་སློང་གིས་ཁབ་རལ་ལེགས་པར་གཞག་པར་བྱ། ནན་ཏན་དུ་བྱ། ཅི་ནས་ཕྱི་ཕྱིར་དེ་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཁབ་རལ་གྱི་བྱ་བ་ཞེས་བྱའོ། །ཐུག་པའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་

เล่ม ๑๓ · หน้า 286a

དགེ་སློང་རྣམས་ལ་ཐུག་པ་རྗེས་སུ་གནང་སྟེ་བདེ་བར་སྤྱོད་པའི་ཕྱིར་དང་། སྦྱིན་པ་དང་སྦྱིན་བདག་རྣམས་ལ་བྱིན་པའི་ཆོས་རྣམས་ཡོངས་སུ་སྤྱོད་པའི་ཕྱིར་རོ། །དགེ་སློང་གིས་སྒྲ་འབྱིན་བཞིན་དུ་ཐུག་པ་མ་འཐུང་ཤིག །ཤེས་བཞིན་དུ་ཐུག་པ་སྒྲ་

བསྐྱུངས་ཏེ་འཐུང་བར་བྱ། དྲེགས་པའི་ཕྱིར་མ་ཡིན། ང་རྒྱལ་གྱི་ཕྱིར་མ་ཡིན། སྙེམས་པའི་ཕྱིར་མ་ཡིན། བཟང་བའི་ཕྱིར་མ་ཡིན་གྱི་ལུས་འདི་རྨ་གསོ་བའི་ཕྱིར་དང་གཟུང་བའི་ཕྱིར་ཏེ། འདི་ནི་ཐུག་པའི་བྱ་བ་ཞེས་བྱའོ། །ཆུའི་བྱ་བ་གང་ཞེ་ན། དགེ་སློང་

གིས་ཆུ་ཤིན་ཏུ་བརྟག་པར་བྱ། དང་བ། གསལ་བ། མ་རྙོགས་པ། མ་འདྲེས་པ། སངས་པ། གཙང་མ་ཡོངས་སུ་སྤྱད་པར་བྱ་སྟེ། འདི་ནི་ཆུའི་བྱ་བ་ཞེས་བྱའོ། །ཆུ་རྫའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཆུ་སྣོད་རྗེས་སུ་གནང་སྟེ།

དགེ་འདུན་དང་གང་ཟག་ལ་ཡང་རུང་ཞབས་རྟེན་དང་ཆུ་དགབ་པའི་ཁ་གབ་ཏུ་བཅས་པའོ། །དགེ་སློང་རྣམས་ཀྱིས་ཤིན་ཏུ་ལེགས་པར་ཁྲུས་ཏེ་སྐོམས་ལ་གཙང་མར་བྱ་སྟེ་བཅང་བར་བྱ། ལག་པ་རུང་བ་དང་། གོས་རུང་བས་ཆུ་གཞག་པར་བྱ། བྲིམ་པར་བྱ། བྲམ་ཟེ་དང་

ཁྱིམ་བདག་ལྷགས་ན་ཡང་བླུད་པར་བྱ། དགེ་སློང་རྣམས་ཀྱིས་ཆུ་རྫ་ཤིན་ཏུ་སྦ་བར་བྱ། ནན་ཏན་དུ་བྱ། ཅི་ནས་ཕྱི་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཆུ་སྣོད་ཀྱི་བྱ་བ་ཞེས་བྱའོ། །ཡོངས་སུ་སྤྱད་པའི་ཆུ་རྫའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་

རྣམས་ལ་ཡོངས་སུ་སྤྱད་པའི་ཆུ་རྫ་རྗེས་སུ་གནང་སྟེ། ཤིན་ཏུ་བཀྲུས། བསྐམས་ལ་གཙང་མར་བྱས་ཏེ་བཅང་བར་བྱ། བཀང་ནས་གཙུག་ལག་ཁང་གི་སྒོར་གཞག་པར་བྱ། ཡོངས་སུ་སྤྱད་པའི་རྫ་མ་དེ་དགེ་སློང་རྣམས་ཀྱིས་དབེན་པར་བྱ། ནན་ཏན་དུ་བྱ། ཅི་ནས་ཕྱི་

ཕྱིར་དེ་བཙལ་མི་དགོས་པར་བྱ་སྟེ། འདི་ནི་ཡོངས་སུ་སྤྱད་པའི་ཆུའི་རྫ་མའི་བྱ་བ་ཞེས་བྱའོ། །གཙང་མའི་རིལ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རིལ་བ་རྗེས་སུ་གནང་སྟེ། དེ་མཆོད་རྟེན་གྱི་དྲུང་དུ་གཞག་པར་མི་བྱ། དགེ་སློང་གིས་དེ་དུས་དུས་སུ་བརྟག་

เล่ม ๑๓ · หน้า 286b

པར་བྱ། བསྐམ་པར་བྱ། དགང་བར་བྱ་སྟེ། འདི་ནི་གཙང་མའི་རིལ་བའི་བྱ་བ་ཞེས་བྱའོ། །ཟས་ཀྱི་བྱ་བ་གང་ཞེ་ན། བཅའ་བ་ལྔ་དང་། བཟའ་བ་ལྔ་སྟེ། དགེ་སློང་རྣམས་ཀྱིས་བཅའ་བ་དང་། བཟའ་བ་རྣམས་ལས་གང་ཡང་རུང་སྟེ། བཟའ་བའི་ཚེ་དྲན་པ་མངོན་པར་

གཞག་པར་བྱ། ཟས་ལ་བརྟག་པར་བྱ། བཙལ་བའོ། །ནན་ཏན་གྱིས་བསྒྲུབས་པའོ། །དེ་དང་འདྲ་བའོ། །ཡོངས་སུ་སྤྱད་པའོ། །ཉམ་དུ་འགྱུར་བའོ། །འགྱེས་པའོ་སྙམ་དུ་ཤེས་པར་བྱས་ལ་བཟའ་བར་བྱའོ། །དྲན་པ་ཉེ་བར་བཞག་ཅིང་སེམས་མི་གཡེང་

བར་ཟས་ལ་རྒྱུ་མཐུན་པར་འདུ་ཤེས། ནད་པར་འདུ་ཤེས། གཞན་ལ་རག་ལས་པར་འདུ་ཤེས། རྐྱེན་དུ་འདུ་ཤེས། རྟེན་ཅིང་འབྲེལ་བར་འབྱུང་བར་འདུ་ཤེས། མངོན་དུ་བཞག་ལ་ཟས་བཟའ་བར་བྱ། འདུས་ཏེ་ཟ་བ་དང་། ཡང་ཡང་ཟ་བ་དང་། ཆོག་པར་བྱ་བ་

ལའང་དྲན་པ་མངོན་དུ་གཞག་པར་བྱ་སྟེ། དེ་ནི་ཟས་ཀྱི་བྱ་བ་ཞེས་བྱའོ། །བཟའ་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་ཟན་བཟའ་བའི་ཚེའམ། སྐྱོ་མའི་ཚེའམ། ཐུག་པ་བཏུང་བའི་ཚེ་ཡང་རུང་དུས་བསྒོ་བའམ། གཎྜཱི་བརྡུངས་མ་ཐག་ཏུ་མྱུར་དུ་འོང་བར་བྱ། མྱུར་དུ་

འདུ་བར་བྱ། ཤེས་བཞིན་དུ་འགྲེང་བར་བྱ། ཤེས་བཞིན་དུ་འདུག་པར་བྱ། ཤེས་བཞིན་དུ་བཟའ་བར་བྱ། དྲན་པ་ཉེ་བར་བཞག་ཅིང་སེམས་མི་གཡེང་བར་བྱ་བ་དང་། ཆས་བཟང་བ་དང་། སྤྱོད་ལམ་དུ་ལྡན་པ་དང་། ཤིན་ཏུ་བསྡམས་ཤིང་རབ་ཏུ་དབེན་པར་བྱས་ལ། སྒྲ་

བསྐྱུངས་ཤིང་མིག་མི་གཡེང་ལ་མིག་གཉའ་ཤིང་གང་ཙམ་དུ་བལྟ། རིམ་གྲོར་བཅས། བདག་དམན་པར་བཅས། འཇིགས་པ་དང་། གཞན་གྱི་དབང་དུ་ཡིད་ལ་བསམས་ནས་རྡུལ་ཕྱག་གོ་སྙམ་པའི་སེམས་དང་། གནས་བརྟན་དང་། བར་མ་དང་། གསར་བུ་རྣམས་ལ་

བྱམས་པའི་སེམས་དང་། བརྩེ་བའི་སེམས་དང་། ཕ་དང་། བུ་དང་། ཕུ་ནུ་བོར་འདུ་ཤེས་མངོན་དུ་བཞག་སྟེ་སྟན་ལ་འདུག་པ་མཁས་པར་བྱ། བཟའ་བ་ལ་མཁས་པར་བྱ་སྟེ། འདི་ནི་བཟའ་བའི་བྱ་བ་ཞེས་བྱའོ། །ཟས་བཏང་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་ཟས་བླངས་

เล่ม ๑๓ · หน้า 287a

ནས་སླར་གཏང་བར་མི་བྱ། བབ་བབ་ཏུ་གཏང་བར་མི་བྱ། ཟས་གང་ལ་གཏང་བར་བྱ་ཞེ་ན། མ་ལ་སྦྱིན་པར་བྱ། ཕ་དང་། ཕུ་ནུ་བོ་དང་། སྲིང་མོ་ལ་སྦྱིན་པར་བྱ། གཉེན་ལའང་སྦྱིན་པར་བྱ། ཀུན་དགའ་ར་བའི་ནང་དུ་ཁྱིམ་པ་འོངས་པ་ལའང་སྦྱིན་པར་བྱ། ཕན་

བཏགས་པ་ལ་སྦྱིན་པར་བྱ། མི་ཕན་པ་ལའང་སྦྱིན་པར་བྱ། ནད་པ་དང་། བཟུང་བ་དང་། བྲེལ་བར་གྱུར་པ་ལའང་སྦྱིན་པར་བྱ། དེ་སྟེ་བུད་མེད་སྦྲུམ་པ་ཞིག་འོངས་ན་ཡང་དྲན་པ་ཉེ་བར་བཞག་སྟེ་སྦྱིན་པར་བྱ། བྱོལ་སོང་ལའང་ཟས་ཆང་གཅིག་སྦྱིན་པར་བྱ། རབ་ཏུ་

འབྱུང་བར་འདོད་པ་ལའང་སྦྱིན་པར་བྱ། དེ་ཡང་དུམ་བུར་བྱས། ལྷག་མར་བྱས་ལ་སྦྱིན་པ་སྟེ། འདི་ནི་ཟས་གཏང་བའི་བྱ་བ་ཞེས་བྱའོ། །བསོད་སྙོམས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་གིས་བསོད་སྙོམས་གུས་པར་བླང་བར་བྱ། རིམ་བཞིན་དུ་བླང་བར་བྱ་མུ་དང་

མཉམ་པར་མ་ཡིན། ཚོད་མ་དང་མཉམ་པར་མ་ཡིན། ཤེས་བཞིན་པ་དང་། དྲན་པ་ཉེ་བར་གཞག་པ་དང་། སེམས་མི་གཡེང་བ་དང་། མི་བོ་བ་དང་། ཇི་ཙམ་གྱིས་དེ་ཆོག་པར་འགྱུར་བ་དེ་ཙམ་དུ་བླང་བར་བྱ་སྟེ། འདི་ནི་བསོད་སྙོམས་ཀྱི་བྱ་བ་ཞེས་བྱའོ། །བསོད་

སྙོམས་སྤྱོད་པའི་བྱ་བ་གང་ཞེ་ན། བསོད་སྙོམས་སྤྱོད་པའི་དགེ་སློང་གིས་ཤེས་བཞིན་དུ་འཇུག་པར་བྱ། ཤེས་བཞིན་དུ་འདུག་པར་བྱ། ཤེས་བཞིན་དུ་འགྲེང་བར་བྱ། དྲན་པ་ཉེ་བར་གཞག་པ་དང་། སེམས་མི་གཡེང་བ་དང་། མཛེས་པ་དང་། སྤྱོད་ལམ་དུ་ལྡན་པ་

དང་། ཤིན་ཏུ་བསྡམས་པ་དང་། ཤིན་ཏུ་གཡོགས་པ་དང་། སྒྲ་བསྐྱུངས་པ་དང་། མིག་མི་གཡེང་ཞིང་གཉའ་ཤིང་གང་དུ་བརྟག་པ་དང་། དབང་པོ་བསྡམ་པ་དང་། ཡིད་ཕྱིར་མི་གཡེང་བ་དང་། སྔ་ཕྱིར་འདུ་ཤེས་པ་དང་། མ་ལྟ་བུའི་བུད་མེད་མཐོང་ན་མར་

འདུ་ཤེས་ཉེ་བར་གཞག །སྲིང་མོ་ལྟ་བུའི་བུད་མེད་མཐོང་ན་སྲིང་མོར་འདུ་ཤེས་ཉེ་བར་གཞག །བུ་མོ་ལྟ་བུའི་བུད་མེད་མཐོང་ན་བུ་མོར་འདུ་ཤེས་མངོན་པར་གཞག །བསོད་སྙོམས་སྤྱོད་པའི་དགེ་སློང་གིས་སྲང་དང་། ཚོང་འདུས་དང་། བཞི་མདོ་དང་། སུམ་མདོ་དང་། སྒོ་

เล่ม ๑๓ · หน้า 287b

ཁང་དག་གི་མཚན་མ་གཟུང་བར་བྱ། ཁྱིམ་གྱི་སྒོར་སོང་ནས་ཁར་གསིལ་དཀྲོགས་ཏེ་དལ་ནས་བགས་ཀྱིས་སྒོ་ལ་གཏུགས་པར་བྱ། དེ་སྟེ་བུད་མེད་གཉིད་ལོག་ན་སེ་གོལ་གཏོགས་ལ་སད་པར་བྱ་སྟེ། རྡུང་བ་ཞིག་ལ་ཞུགས་ན་གཏུན་བུ་ཐབས་གཉིས་གསུམ་རྡུང་བའི་བར་

དུ་བསྡད་པར་བྱ། འོན་ཏེ་སྲེག་པ་ཞིག་ལ་ཞུགས་ན་ཁུར་བ་གཅིག་བསྲེགས་ཀྱི་བར་དུ་བསྡད་པར་བྱ། དེ་སྟེ་འཐག་པ་ཞིག་ཏུ་གྱུར་ན། ལན་གཉིས་གསུམ་བསྐོར་གྱི་བར་དུ་བསྡད་པར་བྱ། དྲན་པ་ཉེ་བར་གཞག་པར་བྱ། སེམས་མི་གཡེལ་བར་བསོད་སྙོམས་

བླང་བར་བྱ། ཇི་ཙམ་ཆོག་པ་དེ་ཙམ་བླང་བར་བྱ། དེ་སྟེ་དགེ་སློང་བསོད་སྙོམས་སྤྱོད་པས་འདོད་ན་དགེ་འདུན་གྱི་ནང་དུ་བཟའ་བར་བྱ། མགྲོན་དུ་བོས་ན་ཡང་བདག་གིར་བྱས་ཏེ། བསོད་སྙོམས་སྤྱོད་པའི་བྱ་བ་ནི་དེས་གཏང་བར་བྱ་སྟེ། འདི་ནི་བསོད་སྙོམས་སྤྱོད་

པའི་བྱ་བ་ཞེས་བྱའོ། །ཟས་ནོད་པའི་བྱ་བ་གང་ཞེ་ན། ཟས་ནོད་པའི་དགེ་སློང་གིས་དུས་དང་ཚོད་རིག་པར་བྱོས་ལ་བསོད་སྙོམས་ལོང་ཤིག །ཤེས་པར་བྱ། དྲན་པ་མངོན་པར་གཞག་པར་བྱ། སེམས་མི་གཡེལ་བར་བྱ། མི་རྙོགས་པར་བྱ། མི་འདྲེས་པར་བྱ།

ཅི་ནས་ཀྱང་མཛེས་ཤིང་དབེན་པར་བྱ། ཅི་ནས་ཀྱང་དེ་ལ་མི་གཙང་བ་འབགས་པ་དང་། རིངས་ཤིང་བརྟུན་པའི་ཚུལ་དུ་མི་བྱ། གཙང་ཞིང་མཛེས་པར་བྱ། རིངས་ཤིང་འདུན་པ་ལྟར་འོང་བར་བྱ། སྐབས་སུ་མ་བབ་པའི་དོན་གཞན་མི་གཉེར། གཙུག་ལག་ཁང་དུ་སོང་

ནས་དགེ་སློང་དེ་ལ་བཞིན་གྱི་མདངས་བཟང་བ་དང་། ཁྲོ་གཉེར་མེད་པ་དང་། ཚིག་སྙན་པ་དང་། མགུ་བར་བྱོས་ལ་ཟན་ལོང་ཤིག །འདི་ནི་ཟས་ནོད་པའི་བྱ་བ་ཞེས་བྱའོ། །དགོན་པའི་བྱ་བ་གང་ཞེ་ན། དགོན་པའི་དགེ་སློང་གིས་མདངས་བཟང་བར་བྱ། ཁྲོ་གཉེར་མེད་

པར་བྱ། དྲན་པ་མངོན་པར་གཞག །ཐོག་མར་སྙན་ཚིག་བྱ། ཚུར་ཤོག་བདེ་བར་འོངས་སམ་ཞེས་ཚིག་སྙན་པས་བསུ། ཁྱེད་ཅག་ལེགས་པར་གནས་སམ། ལེགས་པར་སྤྱད་དམ། ལེགས་པར་བྱ་བ་བྱས་སམ། ཞེས་ཐོག་མར་དྲིས་ཤིག །དགོན་པའི་དགེ་སློང་

เล่ม ๑๓ · หน้า 288a

རྣམས་ཀྱིས་ཆུ་ལེགས་པར་གཟོས་ཏེ་ཞོག་ཤིག །ཆུ་སྣོད་ཀྱང་ཞོག་ཤིག །ཁ་ཟས་ཀྱང་གཟོས་ལ་ཞོག་ཤིག །ཟས་ཀྱི་སྣོད་ཀྱང་ཞོག་ཤིག །མེ་ཡང་གཟོས་ཏེ་ཞོག་ཤིག །ཞུགས་ལིང་ཡང་གཟོས་ཏེ་ཞོག་ཤིག །མར་མེ་དག་ཀྱང་གཟོས་ཏེ་

ཞོག་ཤིག །མེ་མར་གྱི་སྣོད་ཀྱང་གཟོས་ཏེ་ཞོག་ཤིག །མེ་མར་གྱི་སྙིང་པོ་ཡང་གཟོས་ཏེ་ཞོག་ཤིག །མར་དང་། འབྲུ་མར་དང་། སྦྲང་རྩི་དང་། སྣད་པའི་བཅིང་བ་ཡང་ཤོམས་ཏེ་ཞོག་ཤིག །ཀོ་བའི་དུམ་བུ་ཡང་ཤོམས་ཏེ་ཞོག་ཤིག །རྒྱུས་པ་དང་། འབྲེང་

བུ་དང་། སྨྱུང་བུ་ཡང་ཤོམས་ཏེ་ཞོག་ཤིག །ཁབ་དང་། གྲི་དང་། སྐུད་པ་དང་། ཟས་རྣམས་ཀྱང་ཤོམས་ཏེ་ཞོག་ཤིག །སྨན་རྣམས་ཀྱང་ཆོངས་ཤིག །བརྟན་པའི་ཁར་བ་ཡང་ཆོངས་ཤིག །དགོན་པའི་དགེ་སློང་རྣམས་ཀྱིས་མེ་ཤེལ་དང་། ཆུ་ཤེལ་

གཞན་ལ་མ་བསྟན་ཅིག །དགོན་པའི་དགེ་སློང་གིས་ཁྲོན་པ་རྒྱུས་ཤེས་པར་གྱིས་ཤིག །ཉེ་སྤྱོད་ལ་མཁས་པ་དང་། མཚན་མོ་ལ་མཁས་པ་དང་། ཡུལ་ཕྱོགས་ལ་མཁས་པ་དང་། དགོན་པའི་དགེ་སློང་གིས་མདོ་སྡེ་ལ་མཁས་པར་བྱ། འདུལ་བ་ལ་མཁས་པར་

བྱ། མ་ལྟ་བུ་ལ་མཁས་པར་བྱ། སྨྲ་བ་ལ་མཁས་པ་དང་། ཆོས་སྟོན་པ་ལ་མཁས་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་

མཁས་པར་བྱ། དགོན་པའི་དགེ་སློང་རྣམས་ཀྱིས་ཆོས་ཤེས་པར་བྱ། དོན་ཤེས་པར་བྱ། དུས་ཤེས་པ་དང་། ཚོད་ཤེས་པ་དང་། བདག་ཉིད་ཤེས་པ་དང་། འཁོར་ཤེས་པ་དང་། གང་ཟག་ཤེས་པ་དང་། གང་ཟག་གི་ཁྱད་པར་ཤེས་པར་བྱ། དགོན་པའི་དགེ་སློང་

རྣམས་ཀྱིས་དྲེགས་པ་མི་བསྐྱེད། གཅམ་བུར་མི་བྱ། བཀུར་སྟིར་བཅས། དབང་གཞན་ལ་རག་ལས་པར་བཅས། ཁ་མི་རྒོད། ཚིག་བརྟན་པར་བྱ། ངོ་ཚ་དང་ཁྲེལ་ཡོད་པར་བྱ། གཏམ་མི་མང་བ་དང་། ཐབ་མེར་འགྱུར་བའི་རྣམས་མི་སྨྲ། བརྩོན་འགྲུས་སུ་བྱ། ལེ་ལོར་

เล่ม ๑๓ · หน้า 288b

མི་བྱ། དྲན་པ་ཅན་དང་ཤེས་བཞིན་དུ་སྤྱོད་པར་བྱ། དབང་པོ་དབེན་པར་བྱ། ཟས་ལ་ཚོད་ཟིན་པར་བྱ། བདག་གི་ཤེས་པར་མི་བྱ། སྲོད་དང་། ཐོ་རངས་ཀྱི་ཚེ་རྣལ་འབྱོར་བྱ་བ་ལ་ནན་ཏན་དུ་བྱ། གཉིད་ཀྱི་བདེ་བ་དང་། འཕྲེས་པའི་བདེ་བ་དང་། མལ་སྟན་གྱི་བདེ་བ་ཉམས་

སུ་མི་བླང་། དུས་སུ་སྤྱོད་པ་དང་། དུས་མ་ཡིན་པར་སྤྱོད་པ་ཤེས་པར་བྱ། སྟན་ལ་འདུག་པ་ལ་མཁས་པ་དང་། དགེ་སློང་གནས་བརྟན་རྣམས་ལ་མི་སྨོད་པ་དང་། དགེ་སློང་གསར་བུ་རྣམས་ལའང་མི་སྨོད་པ་དང་། དགོན་པའི་དགེ་སློང་གིས་བརྩོན་འགྲུས་ཡལ་བར་མི་བྱ།

མ་ཐོབ་པ་ཐོབ་པ་དང་། མ་ཆུད་པ་ཆུད་པ་དང་། མངོན་དུ་མ་བྱས་པ་མངོན་དུ་བྱ་བ་དང་། དགོན་པ་ལ་གནས་པའི་དགེ་སློང་གིས་ཆོས་ཀྱི་དབྱུག་པ་དང་། རིལ་བུ་དང་། ཕོ་ལོང་གིས་སྲོད་དང་ཐོ་རངས་ལ་རྣལ་འབྱོར་བྱོས་ཤིག །དགོན་པའི་དགེ་སློང་གིས་

མཚུངས་པར་སྤྱད་པའི་ཆོས་བཅས་པ་བཞིན་དུ་རྫོགས་པར་མ་བྱས་ན་འདས་པ་དང་བཅས་པར་འགྱུར་ཏེ། །འདི་ནི་དགོན་པའི་བྱ་བ་ཞེས་བྱའོ། །དགོན་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དགོན་པའི་དགེ་སློང་གིས་བྱ་བ་དེ་ལྟ་བུ་ལ་འཇུག་པར་བྱའོ། །དགེ་

སློང་གསར་བུ་རྣམས་དེ་ན་འཁོད་པ་ཀུན་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། ཐམས་ཅད་དུ་ཡང་དགེ་སློང་གནས་བརྟན་གྱིས་ཐོག་མར་འཇུག་པར་བྱའོ། །རྒྱུད་གཏང་བར་མི་བྱ་བའི་བར་དུ་སྟེ། དགོན་པ་ན་བྱ་བའི་རྣམས་གཟུང་བར་བྱ། དགོན་པའི་བྱ་བ་རྣམས་

ལ་གཟུད་པར་བྱ། དེ་དག་གིས་ཀྱང་དེས་རྗེས་སུ་བསྟན་པའི་ཚིག་ལ་མཉན་ཅིང་བསྒྲུབ་པར་བྱ་སྟེ། འདི་ནི་དགོན་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གྲོང་འདབ་ཀྱི་བྱ་བ་གང་ཞེ་ན། གྲོང་འདབ་ཀྱི་དགེ་སློང་གིས་མདངས་བཟང་བར་བྱ་བ་ནས། སྔ་མ་བཞིན་ཏེ།

བདེ་བར་སྤྱོད་པའི་བར་དུའོ། །དགེ་སློང་དག་འོངས་ཤིང་ལྷགས་པའི་རྣམས་ལ་བདེ་བར་ཕྱིན་ཏམ་ཞེས་དྲི་བར་བྱ། ཇི་ལྟར་རྒན་རིམས་པ་དང་། ཇི་ལྟར་རིགས་པར་ངལ་བསོ་བར་བྱ། མལ་སྟན་དག་ཀྱང་ཇི་ལྟ་བུ་ཡོད་པ་སྦྱིན་པར་བྱ། དེ་སྟེ་སྔ་དྲོ་ལྷགས་ན་ནི་ཁ་ཟས་ཅི་འབྱོར་

เล่ม ๑๓ · หน้า 289a

པ་བཞིན་བགོ་ཞིང་སྦྱིན་པར་བྱ། དེས་ཟས་ཀྱི་འོག་ཏུ་འོངས་ན་བཏུང་བ་དང་། བུ་རམ་དང་། ཤ་ཁ་ར་དང་། ཧྭགས་དང་། ཧ་སེ་རྣམས་ཅི་འབྱོར་པ་སྦྱིན་ཞིང་ཚིམ་པར་བྱ། ནུབ་མོ་མལ་སྟན་ཀྱང་བགོ་ཞིང་སྦྱིན་པར་བྱ། རྐང་པ་བཀྲུ་བ་དང་། རྐང་པ་བསྐུ་བ་

ཡང་སྦྱིན་པར་བྱ། ཀུན་དགའ་ར་བའི་ཕྱིར་འབྱུང་བ་དང་། ནང་དུ་འཇུག་པ་དང་། ཉེ་འཁོར་དང་། བཤང་བའི་ས་དང་། གཅི་བའི་ས་དང་། སྐས་ཀ་དང་། ཐེམ་སྐས་དང་། གཅད་པ་དང་། དབྱེ་བའི་རྣམས་སོ་སོར་སྟོན་ཅིག །དགེ་འདུན་གྱི་བྱ་བ་བཅས་པ་རྣམས་

ཀྱང་སྒྲོགས་ཤིག །དེ་སྟེ་བསོད་སྙོམས་པ་ཞིག་ཡིན་ན་ཡང་སྤྱོད་ཡུལ་རྣམས་རིག་པར་སྟོན་ཅིག །འོངས་པ་ལ་ཡང་ཁ་ཟས་དང་སྐོམ་རྣམས་སྦྱར་བར་བྱ། དེ་སྟེ་འདུག་པར་གྱུར་ན་དེ་ལ་དྲིས་ཏེ་གནས་པར་གྱུར་ན། གནས་ཁང་དང་། ཁང་བུ་བརྩེགས་པ་ཡང་རུང་དབེན་

པར་རུང་བ་བྱིན་ཅིག །དེ་སྟེ་འགྲོ་བར་གྱུར་ན་རབ་ཏུ་མགུ་བར་བྱས་ལ་ཕྱི་བཞིན་དུ་བསྐྱལ་བར་གྱིས་ཤིག །དེ་སྟེ་ཁྱིམ་པ་དག་ལྷགས་ན་ཡང་གྲོང་འདབ་པའི་དགེ་སློང་གིས་མགུ་བའི་བཞིན་དང་། ཁྲོ་གཉེར་མེད་པར་གྱིས་ལ་མདུན་དུ་བསུ་སྟེ་ཚིག་སྙན་པར་གྱིས་ཤིག །སྟན་ཐིང་

ཤིག །དེ་སྟེ་ཁ་ཟས་དང་སྐོམ་དགོས་ན་ཡང་བྱིན་ཅིག །ཉལ་ན་ཡང་མལ་སྟན་བྱིན་ཅིག །དེ་སྟེ་ཆོས་ཉན་པར་འདོད་ན་དེས་ནུས་ན་བདག་ཉིད་ཀྱིས་ཆོས་ཀྱི་གཏམ་བྱོས་ཤིག །དེ་སྟེ་བདག་ཉིད་ཀྱིས་མི་ནུས་ན་དགེ་སློང་གཞན་སྐོས་ཏེ་ཆོས་ཀྱི་གཏམ་སྒྲོགས་ཤིག །གྲོང་

མཐའི་དགེ་སློང་གིས་བྲམ་ཟེ་དང་ཁྱིམ་བདག་གི་རྣམས་འོངས་ཤིང་ལྷགས་པ་ལ་སྦྱིན་པ་དང་། སྦྱིན་པ་ལ་འཇུག་པ་དང་། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་འཛིན་པར་བསྟབས་པར་བྱོས་ཤིག །སྤོས་དང་། དྲི་དང་། མེ་ཏོག་ཀྱང་སྦྱིན་པར་བྱོས་ཤིག །མཆོད་

རྟེན་ལ་སྐོར་ཞིང་ཕྱག་འཚལ་དུ་ཆུག་ཤིག །ཅི་ནུས་སུ་བསླབས་བསྟན་ཏེ་གཏང་བར་བྱས་ཏེ་འདི་ནི་གྲོང་འདབ་ཀྱི་བྱ་བ་ཞེས་བྱའོ། །གྲོང་འདབ་ཀྱི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གྲོང་འདབ་ཀྱི་གནས་བརྟན་གྱིས་བྱ་བ་དེ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དགེ་སློང་གསར་བུ་དེ་ན་གང་

เล่ม ๑๓ · หน้า 289b

འཁོད་པ་དེ་ཀུན་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། གྲོང་འདབ་ཀྱི་དགེ་སློང་གནས་བརྟན་གྱིས་ཐམས་ཅད་དུ་ཡང་ཐོག་མར་འཇུག་པར་བྱ། རྒྱུད་མི་གཏང་བར་བྱ་བའི་བར་དུ་སྟེ། གྲོང་འདབ་ཀྱི་བྱ་བ་རྣམས་ལ་དེ་དག་གཟུད་པར་བྱ། གྲོང་འདབ་པའི་བྱ་བ་རྣམས་ལ་འཛིན་པ་

གཞུག་པར་བྱ། བྱ་བ་བཟང་པོ་ལ་གཟུད་པར་བྱ། འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་རྣམས་དྲན་པ་ཉེ་བར་ཞོག་ལ་གྲོང་འདབ་དུ་གནས་པར་བྱ་སྟེ། ཀུན་དགའ་ར་བ་ཕ་དང་། དགེ་ཚུལ་ཕ་དང་། བུད་མེད་རྣམས་ལ་རྒྱུན་དུ་ལྟ་བ་སྤང་བར་བྱས་ལ་ལྟ་ན་ཡང་

དྲན་པ་ཉེ་བར་བཞག་ལ་བལྟ་ཞིང་སྨྲ་བར་གྱིས་ཤིག །དྲེགས་པར་མ་བྱེད་ཅིག །དུས་དུས་སུ་ཆོས་ཀྱི་གཏམ་བྱ་བར་བྱ། སྤྱོད་ཡུལ་མ་ཡིན་པ་རྣམས་ལས་ནི་བཟློག་པར་བྱ། སྤྱོད་ཡུལ་རྣམས་ལ་ནི་གཟུད་པར་བྱ། དེ་དག་གིས་ཀྱང་དེས་བསྒོ་བ་དང་། བསྟན་

པའི་ཚིག་རྣམས་མཉན་ཅིང་འཇུག་པར་བྱ་སྟེ། འདི་ནི་གྲོང་འདབ་ཀྱི་དགེ་སློང་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གློ་བུར་དུ་འོངས་པའི་བྱ་བ་གང་ཞེ་ན། གློ་བུར་དུ་འོངས་པའི་དགེ་སློང་གིས་བབ་བབ་ཏུ་ཀུན་དགའ་ར་བའི་ནང་དུ་འཇུག་པར་མི་བྱ། ཀུན་དགའ་ར་བའི་སྒོ་

ཀར་ལྷུང་བཟེད་དང་ཆོས་གོས་ཞོག་ལ་དེ་སྟེ་ཆུ་ཡོད་ན་ནི་རྐང་པ་ཁྲུས་ཤིག །ཆུ་མེད་ན་ནི་རྡུལ་ཕྱི་བའི་ར་དའམ། ལོ་མ་དང་། ལོ་མ་རྙིས་པས་རྡུལ་ཕྱིས་ཤིག །བཤང་བ་བྲོའམ་གཅི་བ་བྲོ་ན་ཡང་གཤོང་ཤིག །གཅིས་ཤིག །དེ་ནས་ཆོས་གོས་གྱོན་ལ་ཕྲག་པ་གཡོན་

པས་ཆོས་གོས་ཀྱི་ཚང་ཐུར་དང་། ལྷུང་བཟེད་ཀྱི་སྣོད་རྣམས་ཐོགས་ཤིག །ལག་པ་གཡས་པས་ནི་ཁར་གསིལ་ཐོགས་ཤིག །ལག་པ་གཡོན་པས་ནི་ལྷམ་ཁྱེར་ཅིག །དེ་སྟེ་ཀུན་དགའ་ར་བ་རྩིག་པས་བསྐོར་ཏམ། ཤིང་ཐགས་ཀྱིས་བསྐོར་ཏམ། འོབས་ཀྱིས་བསྐོར་

བར་གྱུར་ན་ཤེས་བཞིན་དུ་སྒོ་ལ་མི་འདྲུད་བཞིན་དུ་ནང་དུ་ཞུགས་ཤིག །མཆོད་རྟེན་རྣམས་ལ་བསྐོར་བར་བྱ། ཤེས་བཞིན་དུ་དྲན་པ་ཉེ་བར་བཞག་ལ་སེམས་མི་གཡེང་། སྤྱོད་ལམ་མཛེས་པས་སྦྱར་ཞིང་། རབ་ཏུ་བཀབ་ནས་སྒྲ་བསྐྱུངས་ལ་མིག་མི་གཡེང་ཞིང་གཉའ་ཤིང་གང་ཙམ་

เล่ม ๑๓ · หน้า 290a

དུ་ལྟ་ཞིང་གཙུག་ལག་ཁང་གི་ནང་དུ་ཞུགས་ལ་སྣང་གཡེལ་ཆེ་བའི་ཕྱོགས་སུ་འདུག་ཤིག་དང་། ཅི་ནས་གཞི་ན་གནས་པའི་དགེ་སློང་དག་གིས་མཐོང་ནས་དགེ་སློང་འདི་ནི་གློ་བུར་དུ་འོངས་པ་ཞིག་གོ་ཞེས་ནས་དེ་དག་གིས་ངལ་བསོ་བར་བྱ་བར་འགྱུར། གློ་བུར་

དུ་འོངས་པའི་དགེ་སློང་གཙུག་ལག་ཁང་གི་ནང་དུ་ཞུགས་པ་དང་། གང་རིགས་པར་ཆོས་གོས་ཀྱི་ཚང་ཐུར་དང་། ལྷུང་བཟེད་ཀྱི་སྣོད་དང་། རིལ་བ་དང་། ལྷམ་རྣམས་གཞག་པར་བྱའོ། །དེ་ནས་དགེ་སློང་གནས་བརྟན་དག་ལ་བཀུར་སྟིར་བཅས། རི་མོར་བཅས།

འཇིགས་པའི་དབང་དུ་གྱིས་ལ་རྐང་པ་ལ་ཕྱག་བྱོས་ཤིག །དགེ་སློང་གསར་བུ་རྣམས་ལ་ཚིག་སྙན་པས་དགའ་བར་བྱོས་ཤིག །སྟན་ཇི་ལྟ་བུ་ཐོབ་པ་དེ་ལ་འདུག་པར་བྱ། གློ་བུར་དུ་འོངས་པའི་དགེ་སློང་ཟས་ཀྱི་ཚེའམ། བཏུང་བའི་ཚེའམ། ཐུག་པ་བཏུང་བའི་

ཚེའམ། ཕྱག་བྱ་བའི་ཚེའང་རུང་། བསྒོའམ། གཎྜཱི་བརྡུངས་ནས་དགེ་འདུན་འདུ་བའི་ཁར་འདུས་ཤིག །ལོ་གྲངས་དྲིས་ལ་གར་བབ་པའི་རིམ་བཞིན་དུ་འདུག་ཤིག །དེ་སྟེ་མལ་སྟན་འབྲིམ་ན་ཤིན་ཏུ་རྟོགས་ལ་ལོང་ཤིག །གནས་ཁང་བསྐོས་ན་ཅི་འདི་ན་

གནས་སམ་མི་གནས་ཞེས་དྲིས་ཤིག །དེ་སྟེ་གནས་ན་ནི་ཅི་བདེ་ཞེས་བྱོས་ཤིག །དེ་སྟེ་མི་གནས་པ་ཞིག་ཡིན་ན་ནི་དེས་ལྷུང་བཟེད་དང་ཆོས་གོས་ཕྱོགས་གཅིག་ཏུ་ཞོག་ལ་ཕྱག་དར་བྱ་བའི་ཕྱིར་ཕྱགས་མ་ཚོལ་ཅིག །ཆུ་རྫ་དང་ཤིང་སྟན་ཀྱང་ཚོལ་ཅིག །གནས་

ཁང་གི་སྒོ་དྲུང་དུ་འོངས་ན་ཡང་དལ་ནས་རྡུངས་ཤིག །འོན་ཏེ་དེ་ན་སྦྲུལ་ལམ། སྡིག་པའམ། རྐང་མངས་སམ། ཏེ་མ་པུ་ཀའམ། ཧེ་ལ་ཏ་ཀའམ། སྲོག་ཆགས་གདུག་པ་གཞན་དག་ཀྱང་རུང་སྟེ་ཡོད་ན་ཚོར་བར་བྱས་པར་འགྱུར་རོ། །དེ་སྒོའི་དཔྱིས་བླ་འོག་ཏུ་རྟོགས་

ཤིག །སྒོ་འཕར་ལའང་རྟོགས་ཤིག །དེ་ནས་སྒོ་དལ་ནས་ཕྱེ་སྟེ་ཤེས་བཞིན་དུ་ནང་དུ་ཞུགས་ལ་དབུས་སུ་འདུག་ནས་གྲྭ་བཞིར་སྦྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྲིན་བུའམ། སྦྲང་མའམ། གྲོག་སྦུར་གཞན་གྱི་གནས་ལྟོས་ཏེ། ཡོད་པར་གྱུར་ན་

เล่ม ๑๓ · หน้า 290b

དེ་དག་མི་གནོད་པའི་ཚུལ་དུ་ལོགས་ཤིག་ཏུ་འགྲོ་བར་གྱིས་ཤིག །དེ་ནས་གནས་ཁང་དུ་ཆག་ཆག་ཐོབ་ཤིག །ཕྱག་དར་བྱོས་ཤིག །ཕྱག་དར་འོར་ཅིག །ལྕི་བས་ཞལ་ཞལ་འཇམ་པོར་ཡུགས་ཤིག །དེ་ན་འདི་ལྟ་སྟེ། མལ་སྟན་ཁྲིའམ། ཁྲིའུ་ཤིང་ངམ། ཁྲིའུའམ།

ལ་བའམ། སྟན་ནང་ཚངས་ཅན་ནམ། གྲུ་བཞི་པ་དག་ཡོད་ན་ཕྱིར་བྱུང་ནས་དེ་སྟེ་རྒན་པོ་ཞིག་སྔར་འདུག་ན་ནི་སྐད་ཅིག་སྡོད་ཅིག །མ་ཡིན་ན་སེ་གོལ་གྱིས་དལ་ནས་གཏོགས་ཏེ་ཤེས་བཞིན་དུ་ནང་དུ་ཞུགས་ལ་རྐང་པ་ཁྲུས་ཤིག །གློ་བུར་དུ་འོངས་པའི་དགེ་སློང་གིས་གཞི་ན་གནས་

པའི་དགེ་སློང་རྣམས་ལ་འདི་ན་བསྡིགས་པའི་ལས་བྱས་པའམ། སྨད་པའི་ལས་བྱས་པའམ། བསྐྲད་པའི་ལས་བྱས་པའམ། སླར་བསྡུམ་པའི་ལས་བྱས་པའམ། མ་མཐོང་བས་སྤངས་པའི་ལས་བྱས་པའམ། སླར་ལས་མ་བྱས་པའི་ཕྱིར་སྤངས་པའི་ལས་བྱས་པའམ།

སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པའི་ཕྱིར་ལས་བྱས་པའམ། ཆད་པ་བྱེད་པའམ། གཞི་ནས་བསླང་སྟེ་ཆད་པ་བྱེད་པའམ། ཡིད་མགུ་བར་བྱེད་པའམ། གཞི་ནས་བསླང་སྟེ་ཡིད་མགུ་བར་བྱེད་པ་ཡང་རུང་སྟེ། དེ་ལྟ་བུ་དག་ཡོད་དམ་མེད་དྲིས་ཤིག །དེ་སྟེ་ཡོད་ན་ཡང་དེ་

དང་དེ་ལྟ་བུར་སྤང་བར་བྱའོ། །གཙུག་ལག་ཁང་ནས་ཕྱིར་འབྱུང་བ་དང་། ནང་དུ་འཇུག་པ་དང་། ཉེ་འཁོར་དང་། སྣམ་ཕྱི་ས་དང་། གཅི་ས་དང་། སྐས་དང་། ཐེམ་སྐས་དང་། སྒོ་བཅད་པ་དེ་དབྱེ་བ་ལ་སོགས་པ་རྟོགས་ཤིག །དྲིས་ཤིག །དགེ་འདུན་གྱི་བྱ་བ་བཅས་པ་ཇི་

ལྟ་བུ་དྲིས་ཤིག །གནས་ཁང་དུ་ཞུགས་ཏེ་སྟན་ཐིང་ལ་སྐྱིལ་མོ་ཀྲུང་ཆོས་ཏེ་ལུས་དྲང་པོར་སྲོང་ལ་དྲན་པ་མངོན་དུ་བཞག་སྟེ་རེག་པར་བྱ་བ་བརྒྱད་ལ་སྤང་བར་བྱའོ། །དེ་ནི་འདི་ལྟ་སྟེ། ནད་དོ། །སྐྲན་ནོ། །མཚོན་ནོ། །དུག་གོ། །མི་རྟག་པའོ། །སྡུག་བསྔལ་བའོ། །སྟོང་པ་ཉིད་དོ། །བདག་

མེད་པའོ་སྙམ་དུ་སོམས་ཏེ་འདུག་ལ། དེ་སྟེ་ནུས་ན་ནི་ཇི་སྲིད་ནུས་བཞིན་འདུག །འོན་ཏེ་ཡང་མི་ནུས་ན་ལངས་ཏེ་བཀླག་པ་གསུམ་བཀླག་གོ། །སྦྱིན་པའི་ཡོན་ཏན་བརྗོད་ལ་སྦྱིན་པའི་ཡོན་ཏན་བརྗོད་ནས་གཡས་ཕྱོགས་སུ་འཕྲེས་པར་བྱའོ། །རྐང་པས་རྐང་པ་མནན་ཏེ་སྣང་བའི་དྲན་པ་མངོན་དུ་

เล่ม ๑๓ · หน้า 291a

བཞག་ནས་ལྡང་བར་ཤེས་བཞིན་དུ་འདུ་ཤེས་བཞག་ནས་ཡིད་ལ་བྱེད་བཞིན་མཚན་མོ་ཟད་པའི་ཐོ་རངས་ཀྱི་ཚེ་རིངས་ཤིང་མྱུར་བར་ལོངས་ལ་དེ་ནས་སྐྱིལ་མོ་ཀྲུང་བཅས་ཤིང་ལུས་དྲང་པོར་བསྲངས་ཏེ་འདུག་ལ་སེམས་དྲན་པ་མངོན་དུ་བྱས་ཏེ་ལུས་འདིས་རེག་པར་བྱ་བ་བརྒྱད་སྤང་

བར་བྱ་སྟེ། འདི་ལྟ་སྟེ། ནད་དོ། །སྐྲན་ནོ། །དུག་གོ། །མཚོན་ནོ། །མི་རྟག་པའོ། །སྡུག་བསྔལ་བའོ། །སྟོང་པ་ཉིད་དོ། །བདག་མེད་པའོ་སྙམ་དུ་སོམས་ཏེ། དེ་ནས་ནམ་ནངས་ན་སོ་ཤིང་ཟོ་ལ་འོར་ཅིག །དེ་ནས་བྱ་བ་རྣམས་བྱོས་ལ་ཅི་དེང་དགེ་འདུན་གྱི་བཤོས་མགྲོན་དུ་

བཞུད་དམ། འོན་ཏེ་བསོད་སྙོམས་ལ་འཇུག་ཅེས་དྲིས་ཤིག །དེ་སྟེ་དགེ་འདུན་གྱི་བཤོས་མགོན་དུ་བཞུད་ན་དགེ་བའི་ཕྱོགས་ཅི་བདེར་སྤྱོད་ལ་བསོད་སྙོམས་གྱིས་ཤིག །དེ་སྟེ་བསོད་སྙོམས་ལ་འཇུག་ན་དེ་ནས་གྲོང་དང་། སྤྱོད་ཡུལ་དང་། དད་པའི་རིགས་གང་ཡིན་པ་དང་།

མ་དད་པའི་རིགས་གང་ཡིན་པ་དང་། རིགས་འདིར་བསླབ་པ་བྱིན་པ་མ་ཡིན་ནམ་ཞེས་དྲིས་ཤིག །ལྷུང་བཟེད་ཁས་ཕུབ་མ་ཡིན་ནམ་ཞེས་དྲིས་ཤིག །རྟ་མ་རུངས་པ་དང་། བ་ལང་མ་རུངས་པ་མེད་དམ་ཞེས་དྲིས་ཤིག །དེ་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ།

ཤེས་བཞིན་དུ་བསོད་སྙོམས་ལ་འཇུག་པར་བྱའོ། །བསོད་སྙོམས་བསྐོར་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱིས་བསོད་སྙོམས་བླང་བ་དང་། ཟས་ཀྱི་བྱ་བ་སྤངས་ནས་ཆོས་གོས་དང་ལྷུང་བཟེད་བཞག་ནས་ཅི་བདེར་འདུག་པར་བྱ་བ་འདི་ནི་གློ་བུར་དུ་འོངས་པའི་བྱ་བ་ཞེས་བྱའོ། །གློ་བུར་དུ་འོངས་པའི་གནས་

བརྟན་གྱི་བྱ་བ་གང་ཞེ་ན། གློ་བུར་དུ་འོངས་པའི་དགེ་སློང་གནས་བརྟན་གྱིས་གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་རིག་པར་བྱ། དེ་དག་ལའང་མདངས་བཟང་བར་བྱ། ཁྲོ་གཉེར་མེད་པར་བྱ། ཚིག་སྙན་པས་སྔར་དགེ་སློང་རྣམས་ལ་མགུ་བར་བྱ། གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་

ཀྱི་ཕྱིར་མལ་སྟན་བརྙ་བར་བྱ། འདུག་འདུག་པ་ལས་མགྲོན་རྣམ་པ་ལྔར་བསྒོ་བར་བྱ་སྟེ། གཙུག་ལག་ཁང་དུ་གནས་ཁང་འདི་ཡིན་གྱིས་ལྟོས་ཤིག་ཅེས་བསྒོ་བ་དང་མལ་སྟན་འདི་ཡིན་ན་སྟན་ལྟོས་ཤིག་ཅེས་པ་དང་། ལྡེ་མིག་འདི་ཡིན་ནོ། །ཞེས་བསྒོ་ཞིང་གཏད་པ་དང་ལྔ་སྟེ། འདི་

เล่ม ๑๓ · หน้า 291b

ནི་གློ་བུར་དུ་འོངས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ལྔ་བཅུ་རྩ་གཉིས་པ། འགྲོ་བའི་བྱ་བ་གང་ཞེ་ན། འགྲོ་བའི་དགེ་སློང་དེས་ཡུལ་ཕྱོགས་གང་ལོགས་སུ་འགྲོ་བ་དེའི་ཡུལ་ཕྱོགས་བརྟག་པར་བྱ། དེ་

ཕྱོགས་ནས་འོངས་པའི་དགེ་སློང་རྣམས་ལ་བར་ཆད་དུ་འགྱུར་བ་བརྒྱད་ལས་གང་ཡང་རུང་བར་ཆད་དུ་འགྱུར་བ་མི་འབྱུང་ངམ་ཞེས་དྲི་བར་བྱ། བདག་དེར་སོང་ནས་བསོད་སྙོམས་དང་ན་བའི་སྨན་དང་། བསྙེན་བཀུར་བྱེད་པས་བྲེལ་བར་མི་འགྱུར་རམ། བདག་ལ་

བསོད་སྙོམས་དང་། ན་བའི་སྨན་དང་། བསྙེན་བཀུར་བྱེད་པས་ཀྱང་རུང་བྲེལ་ཅིང་མ་རྙེད་པར་གྱུར་ན་ལུས་ཉམས་ཤིང་དུས་འདའ་བར་མི་འགྱུར་རམ་བདག་དེར་སོང་ན་ལུས་བདེ་བ་དང་སེམས་ལ་བདེ་བར་འགྱུར་རམ། བདག་དེར་སོང་ནས་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་

རམ། བདག་དེར་སོང་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ་དགེ་བའི་ཆོས་ཅན། ལྟ་བ་མཚུངས་པ། གནས་པ་མཚུངས་པར་འགྱུར་རམ། བདག་ཐེ་ཚོམ་མ་སྐྱེས་པ་དེ་དག་མི་སྐྱེ་བར་བྱེད་དམ། སྐྱེས་པ་ཡང་སླར་སེལ་བར་བྱེད་དམ།

སྡིག་པར་ལྟ་བ་མ་སྐྱེས་པ་མི་སྐྱེ་བར་བྱེད་དམ། སྐྱེས་པའི་རྣམས་སླར་ལྡོག་པར་བྱེད་དམ། བདག་དང་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ལུས་བདེ་བ་དང་སེམས་བདེ་བར་འགྱུར་རམ། བདག་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ཏུ་དགེ་བའི་ཆོས་རྣམས་ལ་འཕེལ་བར་འགྱུར་

རམ་ཞེས་དྲི་བར་བྱ་སྟེ། དེ་ལྟར་ན་ཡུལ་ཕྱོགས་བརྟག་པར་བྱ་བའོ། །གྲོགས་རྣམས་ལ་བརྟག་པར་བྱ་སྟེ། ཚེ་དང་ལྡན་པ་འདི་དག་ཚུལ་ཁྲིམས་དང་ལྡན་ནམ། ཡོན་ཏན་དང་ལྡན་ནམ། དེས་པ་དགེ་བའི་ཆོས་ཅན་ཡིན་ནམ། ལྟ་བ་མཚུངས་སམ། གནས་པ་མཚུངས་སམ།

གལ་ཏེ་འདི་ལྟར་བདག་ལ་ཐེ་ཚོམ་མ་སྐྱེས་པ་ལ་མི་སྐྱེ་བར་བྱེད་དམ། སྐྱེས་པ་སླར་སེལ་བར་བྱེད་དམ། སྡིག་པར་ལྟ་བ་ལ་ཡང་མ་སྐྱེས་པ་ལས་མི་སྐྱེ་བར་བྱེད་དམ། བདག་ཚེ་དང་ལྡན་པ་དེ་དང་ལྷན་ཅིག་ཏུ་ལུས་དང་སེམས་བདེ་བར་འགྱུར་རམ། བདག་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ཏུ་

เล่ม ๑๓ · หน้า 292a

དགེ་བའི་ཆོས་འཕེལ་བར་འགྱུར་རམ། གལ་ཏེ་ཚེ་དང་ལྡན་པ་འདི་དག་གིས་བདག་ལམ་དུ་ནད་ཀྱིས་བཏབ་ན་མི་འབོར་བར་འགྱུར་རམ་སྙམ་དུ་གྲོགས་པོ་ལ་བརྟགས་ནས། ལམ་ལ་བརྟག་པར་བྱ་སྟེ། བདག་ལམ་དེར་བར་ཆད་དུ་འགྱུར་བ་བརྒྱད་ལས་གང་ཡང་རུང་བ་འབྱུང་བར་མི་འགྱུར་

རམ། བདག་ལམ་དེར་བསོད་སྙོམས་དང་། ན་བའི་སྨན་དང་། བསྙེན་བཀུར་བྱེད་པས་བྲེལ་བར་མི་འགྱུར་རམ། དེ་སྟེ་བསོད་སྙོམས་དང་བསྙེན་བཀུར་བྱེད་པ་མེད་ན་གནོད་ཅིང་དུས་འདས་པར་མི་འགྱུར་རམ། བདག་ལམ་དེ་ན་ལུས་ལ་བདེའམ། སེམས་ལ་བདེ་བར་འགྱུར་རམ།

བདག་ལམ་དེར་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་རམ། དེ་སྟེ་བྲེལ་བར་མི་འགྱུར་ན་འགྲོ་བར་བྱའོ། །དེ་ལྟ་བུར་ཡུལ་ཕྱོགས་དང་། གྲོགས་དང་ལམ་རྣམས་བརྟགས་ལ་དེ་སྟེ་སང་འགྲོའོ་སྙམ་ན། དེས་མཁན་པོ་དང་། སློབ་དཔོན་རྣམས་ལ་བལྟ་བར་བྱ་དེ་སྟེ་བདག་ཡུལ་ཕྱོགས་

ནི་འདི་ལྟ་བུར། གྲོང་ཁྱེར་ནི་འདི་ལྟ་བུར་མཆིའོ་ཞེས་ཞུའོ། །མཁན་པོ་དང་། སློབ་དཔོན་གྱིས་ཀྱང་དེའི་ཡུལ་ཕྱོགས་བརྟག་པར་བྱ། ལམ་བརྟག་པར་བྱ། དགེ་སློང་གྲོགས་པོ་རྣམས་ལ་བརྟག་པར་བྱ་སྟེ། འདིའི་གྲོགས་པོ་དགེ་སློང་རྣམས་ཅི་འདྲ། འདིའི་འཁོར་ཅི་འདྲ། འདིའི་གྲོགས་

པོ་རྗེས་བཞིན་དུ་འདོང་བ་ཅི་འདྲ་བའི་རྣམས་རྟོགས་ལ་དེ་སྟེ་མཐུན་པར་གྱུར་ན་ནི་ཞུ་བ་ཡང་བྱིན་ཅིག །མཐུན་པར་མ་གྱུར་ན་མ་སྦྱིན་ཅིག །འགྲོ་བའི་དགེ་སློང་གིས་མ་ཞུས་པར་སོང་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་སྟེ་ན་དགེ་བའི་ཆོས་འཕེལ་བ་ཞིག་ཏུ་འགྱུར་ལ་མཁན་པོ་དང་སློབ་དཔོན་

ཡང་ཚུལ་བཞིན་པ་ཞིག་མ་ཡིན་ན་མ་ཞུས་པར་སོང་ན་ཡང་བླའོ། །གནས་ཁང་ན་གནས་པའི་གནས་ཁང་དེ་ཆག་ཆག་གིས་གདབ་པར་བྱ། ཕྱག་དར་བྱ། ཕྱག་དར་དོར་བར་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་བྱ། ནང་པར་སྔར་རྐྱང་པ་གསུམ་བཀླགས་བཀླགས་ནས་

སྦྱིན་པའི་ཡོན་ཏན་བརྗོད་པར་བྱ། ནམ་ལངས་ནས་མལ་སྟན་རྣམས་ཇི་ལྟ་བུར་དགས་པ་དེ་རྣམས་བསྔོས་ལ་གྲོངས་ཏེ་སྤྲུག་ཅིང་བརྡབ་པར་བྱའོ། །དེ་ནས་རྩིག་པ་ལས་སོར་བཞི་ཙམ་གྱིས་སྤོགས་ལ་བཅེར་ཏེ་བཞག་ནས་སྒོ་བཅད་དེ་ནང་གཏན་དང་། བླ་གཏན་ཆུག་ལ་དེ་ན་གནས་པ་དང་། གཞི་ན་

เล่ม ๑๓ · หน้า 292b

གནས་པའི་དགེ་སློང་རྣམས་ལ་གདོད་དེ་ལྟོས་ཤིག་ཅེས་བསྒོ་ནས་འགྲོ་བར་བྱའོ། །མལ་སྟན་ལ་སོགས་པ་ལ་ལྟོས་ཤིག་ཅེས་བསྒོ་བ་ལ་རྣམ་པ་ལྔ་སྟེ། གནས་ཁང་འདི་ལའོ། །གནས་ཁང་འདི་ལ་ལྟོས་ཤིག །མལ་སྟན་རྣམས་ལའོ། །མལ་སྟན་འདི་རྣམས་ལ་ལྟོས་ཤིག །

ལྡེ་མིག་གཏད་པ་དང་ལྔ་ཡིན་ནོ། །ཀུན་དགའ་ར་བའི་ཕྱི་རོལ་དུ་བྱུང་ན་དགེ་སློང་གྲོགས་པོ་རྣམས་ལ་བརྟག་པར་བྱ་སྟེ། རིང་དུ་མ་སོང་བར་སུ་ལ་ཡང་རུང་། བརྗེད་ཅིང་ལུས་པ་མེད་དམ་ཞེས་ཕན་ཚུན་དུ་དྲིས་ཤིག །དེ་སྟེ་བརྗེད་ཅིང་ལུས་པ་ཞིག་ཡོད་ན་དགེ་སློང་དེ་

སླར་ལོག་ལ་བླངས་ཏེ། འོངས་ཀྱི་བར་དུ་བསྡད་པར་བྱ་བ་འདི་ནི་འགྲོ་བའི་བྱ་བ་ཞེས་བྱའོ། །འགྲོ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། འགྲོ་བའི་གནས་བརྟན་གྱིས་ནང་པར་སྔར་ལངས་ནས་འདོང་བའི་དགེ་སློང་རྣམས་ལ་ཆར་གཞུག །དེ་དག་ལ་ཚེ་དང་ལྡན་པའི་རྣམས་

ལྷུང་བཟེད་དང་ཆོས་གོས་རྣམས་ལེགས་པར་ལོང་ལ་ཁྱེར་ཏེ་འདོང་ངོ་། །སུས་ཀྱང་བརྗེད་པར་མ་བྱེད་ཅིག་ཅེས་བསྒོ་བར་བྱ། དོང་བའི་འོག་ཏུ་དགེ་སློང་གནས་བརྟན་ཉིད་ཀྱིས་དེ་དག་གིས་བརྗེད་པ་ལྟ་ཡོད་དམ་མེད་ཅེས་བརྟག་པར་བྱས་ལ་ཐམས་ཅད་ཀྱིས་མཇུག་ནས་འགྲོ་བར་བྱའོ། །རིང་

པོར་མ་འཕགས་པར་དེ་དག་ལ་སུའི་ཡང་རུང་བརྗེད་ཅིང་ལུས་པ་ཅི་ཡོད་ཅེས་སྨྲ་བར་བྱ། དགེ་སློང་གནས་བརྟན་གྱིས་དགེ་སློང་དེ་ཐམས་ཅད་ལ་རྗེས་སུ་བསྟན་པར་བྱ་སྟེ། ཚེ་དང་ལྡན་པའི་རྣམས་ལས་གང་ཡང་རུང་སྔོན་དུ་འདོར་ཏེ་མ་འདོང་ཞིག །ཕྱིར་ནུར་ཏེ་མ་འཁོད་ཅིག །ཐམས་

ཅད་ལྷན་ཅིག་ཏུ་འདུས་ལ་ཕན་ཚུན་དུ་ལྟ་རྟོག་བཞིན་དུ་འདོང་བར་བྱའོ། །དགེ་སློང་གནས་བརྟན་གྱིས་ལམ་དུ་ཞུགས་པའི་ཚེ་བདེ་བ་དང་ལྡན་མི་ལྡན་རིག་པར་བྱས་ལ་བདག་ཉིད་ཀྱིས་འདི་དག་ལ་སྔོན་དུ་འདོར་ཏེ་འདོང་བ་ལྟ་ཡོད་དམ་མེད། ཕྱིར་ནུར་ཏེ་ལུས་པ་ལྟ་ཡོད་དམ་མེད། དེ་སྟེ་

སྔོན་དུ་འདོར་ཏེ་འདོང་བ་ལྟ་ཡོད་ན་ཡང་དེ་དག་བསྐུལ་ཞིང་འདོང་བར་བྱ། བདག་ཉིད་ཀྱང་དགེ་སློང་རྣམས་ཀྱི་དབུས་སུ་ཞུགས་ལ་འགྲོ་བར་བྱ། དེ་སྟེ་འགྲོ་མི་ཕོད་ན་ཉིད་ཀྱིས་ལྷུང་བཟེད་དང་ཆོས་གོས་ལ་སོགས་དགེ་སློང་དེ་དག་ལ་བསྒོས་ཤིང་བསྐུར་བར་བྱ། དེ་སྟེ་འགྲོ་མི་

เล่ม ๑๓ · หน้า 293a

ནུས་པ་ཞིག་ཏུ་གྱུར་ན་དགེ་སློང་དེ་དག་གིས་དགེ་སློང་དེ་ཕྲག་པའམ་ཁུར་དུ་ཁྱེར་ཏེ། དགོན་པ་དེ་ལས་ཕྱུང་ལ་གྲོང་འདབ་ཏུ་ཕྱིན་པར་གྱིས་ཤིག །དགེ་སློང་དེ་ལ་ཉེ་གནས་ཀྱི་དགེ་སློང་དེ་ཡང་བྱིན་ཅིག །ཉེ་གནས་དགེ་སློང་དེས་ཀྱང་དེའི་ཟན་དང་སྨན་

གཞན་ལས་ཚོལ་ཅིག །དེ་སྟེ་ལམ་དེ་འཇིགས་པ་དང་བཅས་པར་གྱུར་ན་རིངས་ཤིང་མྱུར་བར་དོང་སྟེ། དེ་ནས་བྱུང་བ་དང་ངལ་བསོ་བར་གྱིས་ཤིག །དེ་སྟེ་ཡང་ནུས་པར་གྱུར་ན་ནི་གང་ན་ཆུ་འགྲམ་མམ། ནགས་མཐའའམ། གསང་མ་སྔོན་པོའམ། ས་ཕྱོགས་

གར་དགའ་བ་ཞིག་ཏུ་རྟོགས་ཏེ་དགེ་སློང་རྣམས་ངལ་བསོར་གཞུག་པར་བྱ། ངལ་བསོས་ནས་ཀྱང་འདོང་བར་བྱ་སྟེ། དགེ་སློང་གནས་བརྟན་གྱིས་དེ་དག་ཀུན་ལ་ཀྱེ་ཐམས་ཅད་ཀྱིས་ཀྱང་འདིར་སྦྱིན་པའི་ཡོན་ཏན་རེ་རེ་རྗོད་ཅིག་ཅེས་བསྒོ་བར་བྱ། དགེ་སློང་ཐམས་ཅད་ཀྱིས་

སྦྱིན་པའི་ཡོན་ཏན་གྱི་ཚིགས་བཅད་བཀླགས་ཟིན་པ་དང་། དགེ་སློང་གནས་བརྟན་གྱིས་མཇུག་ཏུ་བྱིན་པའི་ཡོན་ཏན་གྱི་ཚིགས་བཅད་ལྷོགས་ཏེ་ས་ཕྱོགས་སུ་ལན་གཉིས་སམ་གསུམ་བརྟགས་ཏེ་འགྲོ་བར་བྱའོ། །གྲོང་འདབ་ཏུ་ཕྱིན་ན་ཡང་དེས་དགེ་སློང་རྣམས་ཀྱི་ཕྱིར་གནས་

བཙལ་བར་བྱ། མལ་སྟན་བཙལ་བར་བྱ། ཡང་ན་རྩྭ་དང་ལོ་མ་བཙལ་ཏེ། དེ་སྟེ་ཡང་འབྱོར་པར་གྱུར་ན་རྐང་པ་བཀྲུ་བ་དང་། རྐང་པ་བསྐུ་བ་དང་། བཙགས་པའི་བཏུང་བ་དང་། བུ་རམ་དང་། ཁན་ད་ལ་སོགས་པ་བསླང་བར་བྱའོ། །གཅི་བ་དང་བཤང་བའི་ས་

ཡང་དྲིས་བརྟགས་ལ་མཚན་མོ་གནས་པར་བྱའོ། །ཁྱིམ་གྱི་ལྷ་རྣམས་ཀྱི་ཕྱིར་ཡང་རྐྱང་པ་གསུམ་དང་། སྦྱིན་པའི་ཡོན་ཏན་བརྗོད་པར་བྱ། དེར་གནས་ན་ཡང་དགེ་སློང་གནས་བརྟན་གྱིས་དེ་དག་གི་ཟན་དང་ཐུག་པ་དང་སྐྱོ་མ་རྣམས་བསྟབས་ཤིང་བཙལ་ནས་དགེ་སློང་རྣམས་ལ་

བསྙོད་པར་བྱ། དེ་ན་དགེ་སློང་གསར་བུ་འཁོད་པ་རྣམས་ལ་སྨྲ་བར་བྱ། ཡང་དག་པར་སྨྲ་བར་བྱ། ཀུན་ཤེས་པར་བྱ། རྟོགས་པར་བྱ། བསྟན་པར་བྱ། རྗེས་སུ་བསྟན་པར་བྱ་སྟེ། ཅི་ནས་དེ་དག་དྲེགས་པ་ཅན་དང་། མི་རིགས་པ་དང་། རྩེད་མོ་ལས་བཟློག་པར་བྱ།

เล่ม ๑๓ · หน้า 293b

འགྲོ་བའི་དགེ་སློང་གནས་བརྟན་གྱིས་ཇི་ལྟར་མཚུངས་པར་སྤྱད་པའི་ཆོས་བཅས་པ་བཞིན་དུ་མི་བྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །འདི་ནི་འགྲོ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །རྐང་པ་བཀྲུ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་

རྐང་པ་བཀྲུ་བའི་ཕྱིར་རྐང་པ་བཀྲུ་བ་རྗེས་སུ་གནང་སྟེ། དེ་དགེ་སློང་དག་རྗེས་སུ་དེ་དག་གིས་སྣོད་སྟོང་པར་མཐོང་ན་བདག་ཅག་ཉིད་ཀྱིས་དགང་བར་གྱིས་ཤིག །ཡང་ན་དགེ་སློང་གིས་ཀུན་དགའ་ར་བ་ན་གནས་པ་རྣམས་ལ་ཁོངས་ཤིག་པར་སྒོ་ཤིག །རྐང་པ་བཀྲུ་བར་བྱ་བ་འདི་

ཡང་ཡིན་ཏེ། དགེ་སློང་གིས་རྐང་པ་བཀྲུར་འདོད་ན་ཤེས་བཞིན་དུ་རྐང་པ་བཀྲུ་བའི་སར་འགྲོ་བར་བྱ། དེ་སྟེ་རྒན་པ་ཞིག་སྔ་ན་འདུག་ན་སྐད་ཅིག་སྡོད་ཅིག །སུ་ཡང་མེད་ན་ཤེས་བཞིན་དུ་ཞུགས་ལ་རྐང་པ་བཀྲུ་བར་བྱ། དགེ་སློང་གིས་རྐང་པ་བཀྲུ་བའི་སར་ཡུན་

རིང་དུ་འདུག་པར་མི་བྱ། སྙོམས་པ་ལ་འཇུག་པར་མི་བྱ། ལུང་བསྒོ་བར་མི་བྱ། དྲན་པར་མི་བྱ། འདྲི་བར་མི་བྱ། གཏམ་ལ་ཞུགས་ཤིང་མི་འདུག །མྱུར་དུ་རྐང་པ་བཀྲུས་ནས་ཤེས་བཞིན་དུ་སླར་འབྱུང་བར་བྱ་སྟེ། འདི་ནི་རྐང་པ་བཀྲུ་བའི་བྱ་བ་ཞེས་བྱའོ། །རྐང་པ་

བཀྲུ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། རྐང་པ་བཀྲུ་བའི་དགེ་སློང་གནས་བརྟན་གྱིས་དགེ་སློང་རྐང་པ་འཁྲུ་བ་ལ་ཞུགས་ནས་ཡང་མ་ཟིན་གྱི་བར་དུ་བསླང་ཞིང་དབྱུང་བར་མ་བྱེད་ཅིག །རྐང་པ་འཁྲུ་བ་ལ་ཞུགས་པ་ཞེས་བྱ་བ་ནི་ཆུང་ངུ་ན་རྐང་པ་ཆུས་གཤེར་བ་ཙམ་དུ་གྱུར་པའོ། །

དེ་སྟེ་དགེ་སློང་དག་སྤྱོད་ལམ་མི་མཛེས་པར་གྱུར་ཏམ། གཏམ་ལ་ཞུགས་ཤིང་འཁོད་ན་དགེ་སློང་གནས་བརྟན་གྱིས་དེ་དག་ཟློག་ཤིག །ལུང་བསྒོ་བར་བྱ། རྗེས་སུ་བསྟན་པར་བྱ། སྤྱོད་ལམ་མཛེས་པ་ལ་གཟུད་པར་བྱ། ཇི་ལྟར་རྐང་པ་བཀྲུ་བའི་གནས་བརྟན་གྱིས་མཚུངས་

པར་སྤྱད་པའི་ཆོས་ལ་གཟུད་པར་བྱ། འདི་ནི་རྐང་པ་བཀྲུ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །འདུག་པའི་བྱ་བ་གང་ཞེ་ན། གནས་དང་གཞི་ན་གནས་པའི་དགེ་སློང་གིས་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་ལ་གཅིག་ཏུ་འདུས་ཏེ་སངས་རྒྱས་ཀྱིས་གསུངས་པའམ།

เล่ม ๑๓ · หน้า 294a

ཉན་ཐོས་ཀྱིས་གསུངས་པའི་ཆོས་ཀྱང་རུང་སྟེ་སྨྲ་བར་བྱའོ། །དེ་དག་ནང་པར་སྔར་སྒོའམ། གཎྜཱི་བརྡུངས་མ་ཐག་ཏུ་འདུ་བར་བྱ་སྟེ། མྱུར་དུ་འདུས་ནས་ཤེས་བཞིན་དུ་འཁོད་པར་བྱ། ཤེས་བཞིན་དུ་འཁོད་ནས་དྲན་པ་ཉེ་བར་གཞག་པར་བྱ། སེམས་མི་

གཡེང་བར་བྱ། སྤྱོད་ལམ་ཚོགས་ཤིང་ཕུན་སུམ་དུ་ལྡན་པར་བྱ། ཤིན་ཏུ་བསྡམ་པར་བྱ། ཤིན་ཏུ་དགའ་བར་བྱ། སྒྲ་བསྐྱུད་པར་བྱ། མིག་མི་གཡེང་ཞིང་གཉའ་ཤིང་གང་ཙམ་དུ་བལྟ་བར་བྱ། བཀུར་སྟིར་བཅས། བདག་དམན་པར་བཅས། འཇིགས་པ་

དང་དབང་དུ་འགྱུར་བར་བཅས། ཡིད་དམན་པ་ཕྱགས་མ་དང་འདྲ་བའི་སེམས་སུ་བྱ། གནས་བརྟན་དང་། བར་མ་དང་། གསར་བུའི་རྣམས་ལ་བྱམས་པའི་སེམས་སུ་བྱ། ཕན་པའི་སེམས་སུ་བྱ། རྗེས་སུ་བརྩེ་བའི་སེམས་སུ་བྱ་བ་དང་། ཕུ་ནུ་བོ་དང་། བུར་

འདུ་ཤེས་པ་ཉེ་བར་གཞག་པར་བྱ། སྟན་ལ་འདུག་པ་ལ་མཁས་པ་དང་། འདུག་ནས་ཡང་ཕྱི་ཕྱིར་ངེས་པའི་ཆོས་ཀྱི་གཏམ་གྱིས་མཚན་མོ་ནམ་ཟད་པར་བྱའོ། །དེ་སྟེ་མི་བདེ་ན་ཡང་སྤྱོད་ལམ་གཉིས་ཀྱིས་ནམ་ཟད་པར་བྱ་སྟེ། འཆག་པ་དང་། འགྲེང་བས་སོ། །དགེ་

སློང་རྣམས་འདུས་ནས་འཁོད་ན་ཡང་དུས་སུ་ཆོས་མཉན་པར་བྱ་སྟེ་བཀུར་སྟི་བྱ། མཉན་པར་བྱ། སྨད་པར་མི་བྱ། ཚུལ་བཞིན་དུ་འཇུག་པར་བྱ། གླགས་མི་བཙལ་བར་བྱ། ཆོས་ལ་བཀུར་སྟི་མངོན་དུ་གཞག་པར་བྱ། ཆོས་སྨྲ་བའི་གང་ཟག་ལ་ཡང་བརྙས་པར་

མི་བྱ། བདག་ཉིད་ལ་སྨད་པར་མི་བྱ། སེམས་གཅིག་ཏུ་ཐུབ་པ་དང་བཀའ་ཡིན་ནོ་བར་བསམ་པ་དང་། རྣ་བ་མི་གཡེང་བ་དང་། སེམས་གུས་པ་དང་། སེམས་ཐམས་ཅད་གཅིག་ཏུ་ཐུབ་པར་བསྡུས་ལ་ཆོས་མཉན་པར་བྱའོ། །དེའི་འོག་ཏུ་ལྷ་རྣམས་དང་། རྒྱལ་

པོ་དང་། ཡོན་བདག་དང་། སྦྱིན་པ་བྱེད་པ་རྣམས་ཀྱི་ཕྱིར་སྦྱིན་པའི་ཡོན་ཏན་གྱི་ཚིགས་བཅད་བཀླག་པར་བྱ་སྟེ། འདི་ནི་འདུག་པའི་བྱ་བ་ཞེས་བྱའོ། །འདུག་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། འདུག་པའི་དགེ་སློང་གནས་བརྟན་གྱིས་སྔར་སྒོའམ་གཎྜཱི་བརྡུངས་ཀྱང་རུང་སྟེ།

เล่ม ๑๓ · หน้า 294b

དེ་ཐོག་མར་འགྲོ་བར་བྱ། ཐོག་མར་འགྲེང་བར་བྱ། ཐོག་མར་འདུག་པར་བྱ། འདུག་ནས་ཡང་སྐད་ཅིག་ཅང་མི་སྨྲ་བར་བྱ། དེ་ནས་བདག་ཉིད་ཀྱིས་ཆོས་སྨྲ་བར་བྱ། ཡང་ན་ནུས་པའི་དགེ་སློང་ལ་ཆོས་སྨྲོས་ཤིག་པར་བསྒོ་བར་བྱ། བདག་ཉིད་ཀྱིས་ཆོས་མ་སྨྲས་སམ།

དགེ་སློང་ནུས་པ་ཡང་མ་བསྒོ་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་སྟེ་འཁོད་པ་ལ་ཡང་བྲམ་ཟེ་དང་ཁྱིམ་བདག་དག་ལྷགས་ན་དེས་དེ་དག་ལ་ཡང་ཆོས་ཀྱི་གཏམ་བྱ། དེ་སྟེ་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་སྐབས་ཚོལ་ལམ་གླགས་ཚོལ་ཞིང་ལྷགས་ན་དེ་དག་ལ་

ཡང་ཆོས་ཀྱིས་བརྒལ་བ་ལ་འཇུག་པར་བྱ། འདི་ནི་མི་རིགས་པའོ། །འདི་ནི་མི་འདྲ་བའོ། །འདི་ནི་མ་གྲུབ་པའོ་ཞེས་རིགས་པའི་ཆོས་ཀྱིས་གདུལ་བར་བྱ། ཁྲོ་བ་མི་བསྐྱེད་པར་བྱ། མ་ཁྲོས་པར་བྱ། མི་སྨད་པར་བྱས་ཏེ། འདི་ནི་འདུག་པའི་གནས་བརྟན་གྱི་བྱ་བ་

ཞེས་བྱའོ། །ཆོས་འཆད་པའི་བྱ་བ་གང་ཞེ་ན། ཆོས་འཆད་པའི་དགེ་སློང་གིས་བཀུར་སྟིར་བཅས། བདག་ཉིད་དམན་པར་བཅས་འཇིགས་པ་དང་དབང་དུ་འགྱུར་བར་བཅས། ཡིད་དམན་ཞིང་ཕྱགས་མ་དང་འདྲ་བའི་སེམས་སུ་བྱ་སྟེ། འཁོར་གྱི་ནང་དུ་ཞུགས་ལ་ཆོས་

བཤད་པར་བྱ་བ་ནི་རིགས་པ་དང་། གསལ་བའི་ཚིག་དང་། འབྲུ་དང་། མ་འཁྲུགས་པ་དང་། མ་འདྲེས་པ་དང་། འབྲེལ་བ་དང་། མ་འཁྲུལ་བ་དང་། སེམས་མི་གཡེང་བ་དང་། ཟང་ཟིང་གི་སེམས་སུ་མ་ཡིན་པ་དང་། ཆོས་ཉིད་ལ་ཡང་བཀུར་སྟི་མངོན་དུ་བྱ།

ཆོས་ཉན་པ་རྣམས་ལ་ཡང་བཀུར་སྟི་མངོན་དུ་བྱ། ཆོས་ལ་བརྙས་པ་མི་བྱ། ཆོས་ཉན་པ་རྣམས་ལ་ཡང་བརྙས་པ་མི་བྱ། བདག་ཉིད་ལའང་སྨད་པར་མི་བྱ། ཆོས་རྣམས་ལའང་ཆོས་ཉིད་དང་རྟེན་ཅིང་འབྲེལ་བ་ཡིན་པར་ཆུད་པར་བྱ་སྟེ། བྱམས་པའི་ཚུལ་དུ་བྱ། རྗེས་སུ་

བརྩེ་བ་དང་ཆོས་འདི་ཡུན་རིང་དུ་གནས་པར་འགྱུར་བར་བྱ། ཆོས་ཉིད་ལ་རྟེན་གྱི་ཟང་ཟིང་ལ་རྟེན་ཏེ་ཆོས་བཤད་པར་མི་བྱ། བཀུར་སྟིའི་ཐོག་མར་འཇུག་ལ་རྗེས་སུ་མཐུན་པ་དང་། རྗེས་སུ་འབྱོར་པར་བྱ། རིམས་སུ་བྱ་སྟེ། མགུ་བ་དང་། དད་པ་དང་། རངས་པ། སྤྲོ་བ་དང་།

เล่ม ๑๓ · หน้า 295a

མོས་པ་དང་། རིགས་པར་ལྡན་པ་དང་། འཁྲུག་པ་མ་ཡིན་པར་ཆོས་བཤད་པར་བྱ། ཇི་ལྟར་འཁོར་རྣམས་ལ་བྱམས་པའི་སེམས་དང་། རྗེས་སུ་བརྩེ་བའི་སེམས་སུ་གནས་པར་བྱ། རྙེད་པ་དང་བཀུར་སྟི་དང་གྲགས་པ་ནི་མ་ཡིན་ནོ། །ཆོས་འཆད་པའི་

ཚེ་བདག་ཉིད་ལ་བསྟོད་པར་མི་བྱ། གཞན་ལ་སྨད་པར་ཡང་མི་བྱ་སྟེ། འདི་ནི་ཆོས་འཆད་པའི་བྱ་བ་ཞེས་བྱའོ། །ཆོས་འཆད་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། ཆོས་འཆད་པའི་གནས་བརྟན་གྱིས་གང་ན་ཆོས་འཆད་པ་དེར་འགྲོ་བར་བྱ། དགེ་སློང་འདི་ཆོས་བཞིན་དུ་

འཆད་པའམ་འོན་ཏེ་ཆོས་བཞིན་མ་ཡིན་པར་འཆད་མཉན་ལ། དེ་སྟེ་ཆོས་བཞིན་འཆད་ན་ནི་སྤྲོ་བ་བསྐྱེད་པར་བྱ། ཆོས་མ་ཡིན་པར་འཆད་ན་ནི་སླར་བཅོས་པར་བྱ་སྟེ། དེ་སྟེ་སླར་བཅོས་ནུས་ན་ལེགས། དེ་སྟེ་མི་ནུས་ན་ཇི་ལྟར་ནུས་ཤིང་ཅི་ཐུབ་ཐུབ་ཀྱིས་སྨད་པར་བྱ་སྟེ།

དགེ་སློང་འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པས་བསྟན་པ་མ་ཡིན་གྱིས། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་གཞི་མ་གཞིག་ཅིག །ཆོས་ཀྱི་སྤྱན་མ་གཞར་ཅིག །ཅེས་སྨྲོས་ལ། སྟན་ལས་ལངས་ཏེ་འགྲོ་བར་བྱ་བ་འདི་ནི་ཆོས་འཆད་པའི་གནས་བརྟན་གྱི་

བྱ་བ་ཞེས་བྱའོ། །དུས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་རྣམས་དུས་དུ་འགྲོ་བར་བྱ་སྟེ། འདི་ནི་དུས་ཀྱི་བྱ་བ་ཞེས་བྱའོ། །དུས་མ་ཡིན་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་དུས་མ་ཡིན་པར་གྲོང་དུ་འཇུག་པར་མི་བྱ། དེ་འདྲ་བའི་རྐྱེན་བྱུང་བ་མ་གཏོགས་ཏེ། འཁོད་

པའི་དགེ་སློང་ལ་མ་བསྒོ་བར་མི་འགྲོ་བ་ནི་དུས་མ་ཡིན་པའི་བྱ་བ་ཞེས་བྱའོ། །དུས་མ་ཡིན་པར་དགེ་འདུན་འདུ་བའི་བྱ་བ་གང་ཞེ་ན། ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་དགེ་འདུན་འདུ་བ་མ་གཏོགས་པར་དེ་ལས་གཞན་གྱི་ཕྱིར་དགེ་འདུན་འདུ་ཞིང་

དགེ་འདུན་གྱི་ལས་དང་། དགེ་འདུན་གྱི་བྱ་བ་དང་། དགེ་འདུན་གྱི་བྱེད་པ་རྣམས་ཡིན་ཏེ། དེ་ལ་སྔར་བསྒོའམ། གཎྜཱི་བརྡུངས་ཀྱང་རུང་མྱུར་དུ་འདུ་བར་བྱ། ཤེས་བཞིན་དུ་འདོང་བར་བྱ་བ་ནས་སྔ་མ་བཞིན་ཏེ། འདུག་པ་ལ་མཁས་པར་བྱ་བའི་བར་དུ་དེར་དགེ་འདུན་གྱི་གནས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด