འདུལ་བ་གཞུང་དམ་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཨུད་ཏ་ར་གྲན་ཐ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๓ · หน้า 295b

བརྟན་གྱིས་རྒན་རིམས་སུ་ཕྱག་བྱས་ནས་བདག་གི་སྟན་གང་ན་བར་འདུག་པར་བྱ། གནས་བརྟན་གཉིས་པོས་ཀྱང་དགེ་འདུན་གྱི་གནས་བརྟན་ལ་ཕྱག་བྱས་ནས་རང་གི་སྟན་གང་ན་བར་འདུག་པར་བྱ། དེ་བཞིན་དུ་གནས་བརྟན་གསུམ་པོ་དང་། བཞི་པོ་ནས་དགེ་སློང་གསར་བུའི་

བར་དུ་སྟེ། རྒན་རིམས་སུ་ཕྱག་བྱས་ནས་རང་གི་སྟན་གང་ན་བར་འཁོད་པར་བྱའོ། །དེར་དགེ་སློང་གནས་བརྟན་དང་། བར་མ་དང་། གསར་བུ་རྣམས་ཀྱིས་ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་བཞིན་དུ་དེ་ལྟ་བུར་དགེ་འདུན་གྱི་ལས་བྱ།

དགེ་སློང་གནས་བརྟན་གྱིས་དགེ་སློང་རྣམས་ལ་སྤྱོ་བར་མི་བྱ། སྨད་པར་མི་བྱ། མ་གུས་པར་མི་བྱ་སྟེ། འདི་ནི་དུས་མ་ཡིན་པར་དགེ་འདུན་འདུ་བའི་བྱ་བའོ། །དུས་མ་ཡིན་པར་དགེ་འདུན་འདུ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དུས་མ་ཡིན་པར་དགེ་འདུན་འདུ་བའི་

དགེ་སློང་གནས་བརྟན་གྱིས་དུས་མ་ཡིན་པར་འདུ་བ་ན་སྔར་བསྒོའམ། གཎྜཱི་བརྡུངས་ཀྱང་རུང་སྟེ། ཐོག་མར་འགྲོ་བར་བྱ། ཐོག་མར་འགྲེང་བར་བྱ། ཐོག་མར་འདུག་པར་བྱ་སྟེ། བཀུར་སྟིར་བཅས། ཡིད་དམའ་བར་བཅས། འཇིགས་ཤིང་དབང་དུ་འགྱུར་བར་བཅས།

ཡིད་ཕབ་ལ་ཕྱགས་མ་ལྟ་བུའི་སེམས་སུ་བཅས་ལ་དགེ་འདུན་གྱི་ནང་དུ་འགྲོ་བར་བྱ། རྒན་རིམས་སུ་ཕྱག་བྱས་ནས་རང་གི་སྟན་ལ་རབ་ཏུ་འཇུག་པར་བྱ། གནས་བརྟན་དང་། བར་མ་དང་། གསར་བུའི་རྣམས་ལ་ཡང་བྱམས་པའི་སེམས་སུ་བྱ། ཕན་པའི་སེམས་སུ་བྱ། རྗེས་སུ་

བརྩེ་བའི་སེམས་སུ་བྱ། ཕ་དང་། ཕུ་ནུ་བོ་དང་། བུར་འདུ་ཤེས་མངོན་དུ་བཞག །འཁོར་རྣམས་ལ་ཡང་བལྟ་བར་བྱས་ཏེ། གང་ཆས་སྡུག །གང་ཆས་མི་སྡུག །གང་མཛེས་པར་གྱུར། གང་མི་མཛེས་པར་གྱུར། གང་གིས་ལེགས་པར་བགོས། གང་གིས་མི་སྡུག་

པར་བགོས། གང་གིས་མཛེས་པར་ཆས་པ་དེ་དག་ལ་ནི་གཡེལ་བར་གཞག །གང་གིས་མི་མཛེས་པར་ཆས་པ་དེ་དག་ལ་ནི་སྦྲན་པར་བྱ། བསྒོ་བར་བྱ། གང་གིས་ལེགས་པར་བསྒོས་པ་དེ་དག་ལ་ཡལ་བར་གཞག །གང་གིས་མི་སྡུག་པར་བགོས་པ་དེ་དག་ལ་ནི་བརྡ་བྱ། དེས་

เล่ม ๑๓ · หน้า 296a

བརྡ་མ་ཚོར་ན་དྲུང་ན་འདུག་པ་ལ་བརྡ་བྱ། དྲུང་ན་འདུག་པས་ཀྱང་མ་ཚོར་ན་དགེ་སློང་གནས་བརྟན་གྱིས་དེར་ཅི་ནས་མི་འཁྲུལ་བའི་ཚུལ་དུ་སྦྲན་པར་བྱ། ཇི་ནས་ལེགས་པར་བགོས་པ་དང་། སྒྲ་ཆེར་མི་དབྱུང་བར་བྱའོ། །དགེ་སློང་གནས་བརྟན་གྱིས་འཁོར་གྱི་

ནང་དུ་བརྟག་པར་བྱ་བ་ནི་ཅི་འཁོར་འདི་དག་ཆོས་བཞིན་དུ་བྱེད་དམ། འོན་ཏེ་ཆོས་བཞིན་མ་ཡིན། དེ་སྟེ་ཆོས་བཞིན་ཡིན་ན་ཅི་བདེར་བྱོས་ཤིག་ཅེས་ལས་ཐམས་ཅད་དུ་བྱེད་དུ་ཆུག་ཤིག །དེ་སྟེ་ཆོས་བཞིན་མ་ཡིན་ན་ཆོས་བཞིན་པའི་ཕྱོགས་སུ་གནས་པར་བྱ། ཆོས་

བཞིན་དུ་འདྲི་བ་ལ་སྦྱིན། ཡང་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བར་བྱ། དེའི་ཕྱིར་རྩོད་པ་དང་། འཁྲུག་པ་རྗེས་སུ་འབྱུང་བར་མི་བྱ་བ་འདི་ནི་དུས་མ་ཡིན་པར་དགེ་འདུན་འདུ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །སྨྲ་བའི་བྱ་བ་གང་ཞེ་ན། རྒྱལ་པོའི་ཁབ་ཀྱི་

གྲོང་ཁྱེར་ན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་གཞན་དག་ཅིག་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔའི་ཚེ། གཅིག་ཏུ་འདུས་ནས་ཆོས་སྨྲ་བ་དང་། དེ་ན་དེར་སྐྱེ་བོ་མང་པོ་འདུས་ནས་དེ་དག་ལ་རྙེད་པ་དག་ཀྱང་རྙེད་པར་གྱུར། བཀུར་སྟི་བྱེད། དེ་དག་གི་འཁོར་དག་ཀྱང་མང་

དུ་འཕེལ་བར་གྱུར་པ་དང་། ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ་གསུང་རབ་འདི་ལ་དད་པར་གྱུར་ནས་དེས་འདི་སྙམ་དུ་བསམས་སོ། །མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་འདི་དག་ཆོས་བརྒྱད་ཅེས་བྱ་བ་ནས། དེ་དག་གི་འཁོར་དག་ཀྱང་མང་དུ་གྱུར་ཅེས་

བྱ་བའི་བར་དུ་སྔ་མ་བཞིན་ནོ། །འདི་ལྟར་དགེ་སློང་ཡང་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་ལ་གཅིག་ཏུ་འདུག་ནས་ཆོས་སྨྲ་ན་བདག་ཀྱང་དེར་འགྲོ་སྟེ། རྒྱལ་པོ་ཡང་འགྲོའོ་སྙམ་ནས་སྐྱེ་བོ་མང་པོ་དག་ཀྱང་འདུ་བར་འགྱུར། དགེ་སློང་རྣམས་ཀྱིས་རྙེད་པ་ཡང་རྙེད་

ལ་བཀུར་སྟི་ཡང་འབྱུང་། འཁོར་རྣམས་ཀྱང་མང་དུ་འཕེལ་བར་འགྱུར། སྐྱེ་བོ་མང་པོ་ལའང་བསོད་ནམས་མང་དུ་འཕེལ། དགེ་སློང་རྣམས་ཀྱང་མི་འཇིགས་པར་འགྱུར། བསྟན་པ་ཡང་རྒྱས་པར་འགྱུར། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར། ཆོས་ཀྱི་སྒྲོན་

เล่ม ๑๓ · หน้า 296b

མ་ཡང་འབར་བར་འགྱུར། ཕྱི་མའི་སྐྱེ་བོ་རྣམས་ལའང་སྣང་བར་བྱས་པར་འགྱུར་རོ་སྙམ་ནས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་དྲུང་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་

ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་སྟེ། ཡུལ་མཉམ་དཀའི་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་གཞན་ནི་ཚེས་བརྒྱད་ནས། དེ་དག་གིས་འཁོར་དག་ཀྱང་མང་དུ་

གྱུར་ཏོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །འདི་ལྟར་དགེ་སློང་རྣམས་ཀྱང་ཚེས་བརྒྱད་ནས་ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བགྱིས་པར་འགྱུར་ན་དགོངས་པར་ཅི་གནང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་

ཅན་སྙིང་པོ་ལ་ཅང་མི་གསུང་བཞིན་དགོངས་སོ། །དེ་ནས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཅང་མི་གསུང་བཞིན་དགོངས་པར་ཤེས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་

འདས་ཀྱི་དྲུང་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་གཟུགས་ཅན་སྙིང་པོ་སོང་ནས་རིང་པོ་མ་ལོན་པར་མཁྱེན་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ངས་རྗེས་སུ་གནང་གིས་ཚེས་བརྒྱད་དང་། བཅུ་བཞི་དང་བཅོ་

ལྔ་ལ་གཅིག་ཏུ་འདུས་ནས་ཆོས་སྨྲ་བར་བྱའོ། །དེ་ཡང་འདི་ལྟ་བུར་སྨྲ་བར་བྱ་སྟེ། ཆོས་སྨྲ་བའི་དགེ་སློང་གིས་དོན་དང་ཚིག་གིས་འཁོར་རྣམས་གོ་བར་བྱོས་ཤིག །དེ་ན་དགེ་སློང་དག་ཚིག་ཐ་མལ་པར་སྨྲ་སྟེ་ཚིག་ཐ་མལ་པར་སྨྲས་པས་འཁོར་རྣམས་གོ་བར་མ་གྱུར་པ་དང་། དེ་ལྟར་

གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས་དབྱངས་ཀྱིས་ཆོས་སྨྲ་བར་བྱའོ། །དེ་དག་གིས་ཇི་ལྟ་བུར་འདུག་བཞིན་དུ་སྨྲས་པ་དང་། འཁོར་དེ་དག་གིས་གོ་བར་མ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་

เล่ม ๑๓ · หน้า 297a

སྩལ་པ། རྗེས་སུ་གནང་གིས་སྟན་མཐོན་པོ་ཆོས་ཤིག །དེ་དག་གིས་མདོ་སྡེ་ཆེན་པོ་བསྡུས་ཤིང་སྨྲས་པ་དང་། ཐེ་ཚོམ་དུ་གྱུར་རྒྱས་པར་ཡང་མི་བྱེད་ལ་དེ་ཉིད་ཀྱིས་ཉི་མ་ཟད་པར་བྱེད་དེ། འཁོར་རྣམས་སྐྱོ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རྗེས་སུ་གནང་གིས་དོན་གྱི་དབང་དུ་ཅི་བདེར་རྒྱས་པར་བྱོས་ཤིག །དེ་དག་མདོ་སྡེའི་ལས་དོན་ཉི་ཚེ་ཐུས་ཏེ་གཏམ་བརྗོད་པར་བྱ། གསུངས་པའི་བཞིན་དུ་གཞུང་འཆའ་བར་འདོད་པ་དང་། དེ་དག་མདོ་སྡེའི་མཐའ་མ་རུང་བར་མི་འགྱུར་རམ། སྙམ་དུ་ཐེ་ཚོམ་དུ་གྱུར་

ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས་མདོ་སྡེའི་དོན་ཉི་ཚེ་ཐུས་ལ་སྐབས་སྐབས་སུ་གཏམ་རྒྱུད་དུ་ཡང་བྱ། གསུངས་པ་ཡང་གཞུང་བཞིན་བྱོས་ཏེ་དོན་དང་ཚིག་ཏུ་འབྲེལ་བས་འཁོར་རྣམས་གོ་བར་གྱིས་ཤིག །མདོ་སྡེ་དེ་དག་ཀྱང་དེ་བཞིན་དུ་

གཟུང་བར་བྱའོ། །དེ་དག་གཉིས་འཁོར་ལྷན་ཅིག་ཏུ་འཁོར་གཅིག་ལ་འཆད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གཅིག་གི་ནང་དུ་གཉིས་ལྷན་ཅིག་མ་འཆད་ཅིག །གང་འཆད་པ་དེ་ནི་ཉེས་བྱས་སུ་འགྱུར་རོ། །དེ་དག་འཁོར་འཁོར་དུ་འཆད་

ནས་དེ་དག་འཁྲུགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་འཁོར་དུ་མ་འཆད་ཅིག །འཆད་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་ཡང་འཁོར་གཉིས་ལ་ཅིག་ཅར་འཆད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

འཁོར་གཉིས་ལ་ཅིག་ཅར་མ་འཆད་ཅིག །གང་འཆད་པ་དེ་ཉེས་བྱས་སུ་འགྱུར་རོ། །འདི་ལྟར་འཆད་པ་ལས་གཉིས་པོ་འཁྲུག་པར་མི་འགྱུར་བ་དེ་ལྟ་བུར་བཤད་པར་བྱའོ། །དེ་དག་འཁོར་དེད་ཅིང་འདོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་དེད་ཅིང་

མ་འདོང་ཤིག །གང་འཁོར་དེད་ཅིང་འདོང་ན་འདས་པ་དང་བཅས་པར་འགྱུར་རོ། །བདག་ཅག་ཉིད་དང་དེ་འདོང་བ་ལ་ནི་ཉེས་པ་མེད་དོ། །དེ་དག་ཆོས་ཀྱི་སྒོ་ནས་རྙེད་པ་ཚོལ་ཏེ། ཆོས་འཚོང་བས་འཚོ་བར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་

เล่ม ๑๓ · หน้า 297b

སྒོ་ནས་རྙེད་པ་ཡང་མ་ཚོལ་ཅིག །ཆོས་འཚོང་ཞིང་འཚོ་བར་ཡང་མ་བྱེད་ཅིག །དེ་ནས་སྨྲ་བ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་དྲན་པར་བྱེད་པས་རྗེས་སུ་དྲན་པར་གྱིས་ཤིག །རྗེས་སུ་དྲན་པར་བྱེད་པའང་མེད་ནས་རིམ་གྱིས་སྨྲ་བར་གྱིས་ཤིག །

ཚིགས་བཅད་དང་དབྱངས་སུ་སྦྱར་ཞིང་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཉིད་ཀྱིས་སྨྲོས་ཤིག །ཡང་ན་དགེ་སློང་གཞན་ལ་ཆོལ་ཅིག །བཅོལ་བའི་གང་ཟག་ཀྱང་རིག་པར་བྱ། བདག་ཉིད་ཀྱིས་མི་སྨྲ། ཡང་ན་དགེ་སློང་གཞན་ལ་མ་བཅོལ།

བཅོལ་བའི་གང་ཟག་ཀྱང་ཤེས་པར་མ་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་དག་རིམ་བཞིན་དུ་བསྐོས་པ་དང་། འདི་ལྟར་ཞར་བ་དང་། གླེན་པ་དང་། སྒུར་པོ་དག་ལ་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་གཞན་དག་དགེ་སྦྱོང་ཤཱཀྱའི་བུའི་ནང་ན་འདི་དག་འདི་ནི་སྐྱེས་བུ་དམ་

པའོ། །སྐྱེས་བུ་གཙོ་བོའོ། །སྐྱེས་བུ་མཆོག་གོ། །ཞེས་ཉེས་པ་ངོར་བརྗོད་ཅིང་འཕྱས་འདོགས་མི་སྙན་པ་ཟེར་བར་གྱུར་ཏོ། །ཇི་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུས་པ་ཡོད་ན་ཆོས་སྨྲ་

བ་རིམས་སུ་མ་བསྐོ་ཤིག །གང་ནུས་པ་དེ་བསྐོ་བར་བྱའི། འཁོར་འཁྲུག་པར་མི་འགྱུར་བ་དེ་ལྟ་བུ་བསྐོ་བར་བྱའོ། །སྨྲ་བའི་བྱ་བ་གཞན་ཡང་དུས་གང་དང་གང་དུ་ཡང་རུང་སྟེ། དགེ་སློང་རྣམས་འདུས་ཤིང་འཁོད་པ་དང་ཆོས་ཀྱི་གཏམ་ངེས་པ་རྣམས་བརྗོད་པར་བྱའོ། །

དེ་སྟེ་མི་ཤེས་ནའང་གཅིག་ལ་གཅིག་དྲི་བར་བྱ། གཅིག་ལ་གཅིག་ཞུ་བར་བྱ། བགམ་པར་མི་བྱ། གླགས་བཙལ་བའི་ཕྱིར་མི་བྱ། འཕྱས་བྱ་བའི་ཕྱིར་མི་བྱ། ཉམས་བསྐྱོད་པར་མི་བྱའི་ཅི་ནས་ཆོས་ལ་རིམ་གྲོ་དང་བཀུར་སྟིའི་ཕྱིར་དྲི་བར་བྱ། ཞུ་བར་བྱ་སྟེ། ཅི་དགེ་

བའམ། འོན་ཏེ་མི་དགེ་བའམ། ཅི་ཁ་ན་མ་ཐོ་བ་དང་བཅས་པའམ། འོན་ཏེ་ཁ་ན་མ་ཐོ་བ་མེད་པ་ཡིན། ཇི་ལྟར་བྱས་ན་དགེ་བར་འགྱུར་རམ། འོན་ཏེ་སྡིག་པར་འགྱུར་བ་ཞེས་བྱ་བ་འདི་ནི་སྨྲ་བའི་བྱ་བའོ། །མི་སྨྲ་བའི་བྱ་བ་གང་ཞེ་ན། གནས་གང་ན་དགེ་སློང་

เล่ม ๑๓ · หน้า 298a

རྣམས་སྨྲ་ཞིང་གཞན་ལ་བརྗོད་པར་མི་འདོད་པ་དེ་དག་གིས་ཇི་ལྟ་བུར་ཡིད་ལ་བྱ་བ་གྲུབ་པ་དེ་བཞིན་དུ་བསྒོམ་པར་བྱ། སྤྱོད་ལམ་བཞི་ལ་འཇུག་པར་བྱ། ཕན་ཚུན་དུ་མི་སྨྲ་བར་འཇུག་པ་ལ་རྒྱས་པར་བྱ་བ་ནི་འདི་ལྟ་སྟེ། ཀླུང་དགའ་ལྡན་གྱི་དགེ་སློང་རྣམས་

ཇི་ལྟ་བ་བཞིན་དུ་བྱ་སྟེ། འདི་ནི་མི་སྨྲ་བའི་བྱ་བ་ཞེས་བྱའོ། །དབྱར་ཚུལ་དུ་འཇུག་པའི་བྱ་བ་གང་ཞེ་ན། དབྱར་ཚུལ་དུ་འཇུག་པར་འདོད་པའི་དགེ་སློང་གིས་བསམ་པ་ཤིན་ཏུ་བསམས། བརྟག་པ་ཤིན་ཏུ་བརྟགས། ཤིན་ཏུ་དཔྱད་པ་བཞིན་དཔྱད་དེ། ཚུལ་དུ་

འཇུག་པར་བྱ་སྟེ། བདག་གནས་དེ་ན་དགེ་སློང་ཇི་ལྟར་ཚུལ་ཁྲིམས་དང་ལྡན། ཡོན་ཏན་དང་ལྡན། མཁས་པ་དང་ལྡན། དགེ་བའི་ཆོས་དང་ལྡན། ལྟ་བ་མཚུངས། གནས་པ་མཚུངས། གྲོགས་སུ་མཚུངས། ཡིད་གཅུགས་པ་དག་དང་ལྷན་ཅིག་གང་བདེ་

བར་འགྱུར་བ་ནི་འདི་ལྟ་སྟེ། འགྲོ་ན་ཡང་རུང་། སྨྲ་ཡང་རུང་བ་དག་གནས་དེ་ན་དགེ་སློང་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པ་གང་བདག་ཐེ་ཚོམ་མ་སྐྱེས་པ་ལས་ནི་མི་སྐྱེད། སྐྱེས་པ་ནི་དུལ་བར་བྱེད། སྡིག་པ་ལྟ་བུ་མ་སྐྱེས་པ་ལས་ནི་མི་སྐྱེད།

སྐྱེས་པ་ལས་ནི་དུལ་བར་བྱེད་པ་ཡོད་དམ། གནས་དེ་ན་བདག་ན་བ་དང་རྗེས་སུ་མཐུན་པའི་སྨན་དང་། ཟས་དང་། ཡོ་བྱད་དང་། བསྙེན་བཀུར་བྱེད་པར་འབྱོར་པར་འགྱུར་རམ། གནས་དེ་ན་བདག་གི་ལུས་ཀྱང་རུང་། སེམས་ཀྱང་རུང་བདེ་བར་འགྱུར་རམ། གནས་

དེ་ན་དགེ་སློང་དག་ཐབ་མོ་བྱེད་པ། མཚང་འདྲུ་བར་བྱེད། འཁྲུག་པར་བྱེད། རྩོད་པ་གླེང་བར་བྱེད་པ་ལྟ་མི་གནས་གྲང་། དེས་བདག་ལ་མ་ཐོབ་པ་ལས་ཐོབ་པ་དང་། མ་ཆུད་པ་ལས་ཆུད་པར་བྱ་བ་དང་། མངོན་དུ་མ་བྱས་པ་ལས་མངོན་དུ་བྱེད་པའི་བར་ཆད་དུ་མི་

འགྱུར། གནས་དེ་ན་དབྱར་གྱི་ནང་དུ་དགེ་འདུན་འབྱེ་བར་མི་འགྱུར་གྲང་ཞེས་དེ་བཞིན་དུ་བསམ་པ་ཤིན་ཏུ་བསམས། བརྟག་པ་ཤིན་ཏུ་བརྟགས། དཔྱད་པ་ཤིན་ཏུ་དཔྱད་དེ། ན་བའི་བསྙེན་བཀུར་བའི་གྲོགས་མཐུན་པ་དང་འགྲོ་བར་བྱ་སྟེ། འདི་ནི་དབྱར་ཚུལ་དུ་འཇུག་པའི་

เล่ม ๑๓ · หน้า 298b

བྱ་བ་ཞེས་བྱའོ། །དབྱར་ཚུལ་དུ་ཞུགས་པའི་བྱ་བ་གང་ཞེ་ན། དབྱར་ཚུལ་དུ་ཞུགས་པའི་དགེ་སློང་གིས་དོན་མེད་པའི་ཕྱིར་ཞག་གཅིག་ཀྱང་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། དོན་ཅིག་ཡོད་པར་གྱུར་ན་དེས་ཞག་བདུན་ནམ། ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱ།

དེ་ཡང་དོན་གྱི་ཕྱིར་ཏེ། དོན་གང་གི་ཕྱིར་ཞེ་ན། དགེ་སློང་གི་དོན་ནམ། དགེ་སློང་མའི་དོན་ནམ། དགེ་ཚུལ་ཕའི་འམ། དགེ་ཚུལ་མའི་འམ། དགེ་བསྙེན་ཕའི་འམ། དགེ་བསྙེན་མའི་དོན་ཀྱང་རུང་། གཉེན་གྱི་དོན་ཀྱང་རུང་། བདག་གི་དོན་ཀྱང་རུང་། དེ་སྟེ་སངས་

རྒྱས་ལའམ། ཆོས་ལའམ། དགེ་འདུན་ལའམ། སྡུག་བསྔལ་ལའམ། ཀུན་འབྱུང་ལའམ། འགོག་པ་ལའམ། ལམ་ལ་ཡང་རུང་། ཐེ་ཚོམ་དུ་གྱུར་ཏམ། ཡིད་གཉིས་སུ་གྱུར་ཏམ། དོགས་པར་གྱུར་ཀྱང་རུང་། མ་ཐོབ་པ་ལས་ཐོབ་པའི་འདུ་ཤེས་སུ་གྱུར།

མ་ཆུད་པ་ལས་ཆུད་པའི་འདུ་ཤེས་དང་། མངོན་དུ་མ་བྱས་པ་ལས་མངོན་དུ་བྱ་བའི་འདུ་ཤེས་ཏེ། དེ་འདི་ལྟར་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་གཞན་དག་གི་དོན་ལ་ཡང་རུང་། དེ་སྟེ་དགེ་སློང་དེས་གནས་དེར་དབྱར་དགེ་འདུན་འབྱེ་བར་འགྱུར་རམ། མཆོད་རྟེན་ནམ། གཙུག་ལག་ཁང་

ཡང་རུང་འདྲལ་བར་འགྱུར་རམ། ཚིག་པར་འགྱུར་བ་ཡང་རུང་སྟེ། དེར་དགེ་སློང་དེས་སངས་རྒྱས་ཀྱང་རུང་། ཆོས་སམ། དགེ་འདུན་གྱི་དོན་ལ་ཡང་རུང་སྟེ། ཞག་བདུན་ནམ། ཞག་བཞི་བཅུར་བྱིན་གྱིས་རློབས་ལ་འགྲོ་བར་བྱ་སྟེ། དེར་སོང་བ་ལས་ཞག་བདུན་ནམ།

ཞག་བཞི་བཅུར་ཡང་རུང་ལོན་པར་གྱུར་ན་དགེ་སློང་དབྱར་ཆད་པའི་ཉེས་པ་འབྱུང་བར་མི་འགྱུར་ཏེ། དེ་ནི་དབྱར་ཚུལ་དུ་ཞུགས་པའི་བྱ་བ་ཞེས་བྱའོ། །དབྱར་ཚུལ་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དབྱར་ཚུལ་དུ་ཞུགས་པའི་དགེ་སློང་གནས་བརྟན་གྱིས་གཙུག་

ལག་ཁང་གི་རྣམས་དང་། མཆོད་རྟེན་གྱི་རྣམས་ཤེས་པར་བྱ། ཇི་ལྟ་བུར་རལ་ཚེམས་བྱ་བ་དང་། སུ་བྱེད་པ་ལ་སྤྲོ་བ་བསྐྱེད་པར་བྱ། བསྒྲག་པར་བྱ། སུ་མི་བྱེད་པ་དེ་ལ་ནི་བསྐུལ་བར་བྱ། དྲན་པར་བྱ་བ་འདི་ནི་དབྱར་ཚུལ་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །

เล่ม ๑๓ · หน้า 299a

དབྱར་ཚུལ་ན་གནས་པའི་བྱ་བ་གང་ཞེ་ན། དབྱར་ཚུལ་ན་གནས་པའི་དགེ་སློང་རྣམས་ཀྱིས་ལས་རྣམ་པ་གསུམ་བྱ་སྟེ། དབྱར་གང་དུ་གནས་པའི་གནས་ཁང་དེ་དག་གས་པ་དང་ཞིག་པའི་རྣམས་བཅོས་སུ་གཞུག་པར་བྱ། མཚན་རྟོག་པར་བྱ། མཚན་

རྟོག་པར་བྱེད་དུ་གཞུག །གནས་དེར་གོས་གང་རྙེད་པའི་གོས་དེ་གཏན་པར་གདིང་བར་བྱ། ཡང་ན་གདིང་དུ་གཞུག་པར་བྱ་བ་འདི་ནི་དབྱར་ཚུལ་ན་གནས་པའི་བྱ་བ་ཞེས་བྱའོ། །འཁོར་གྱི་བྱ་བ་གང་ཞེ་ན། འཁོར་གྱི་གཙོ་བོ་དེས་དུས་དུས་སུ་འཁོར་རྣམས་ལ་གང་ལེགས་

པར་སྤྱོད། གང་ལེགས་པར་མི་སྤྱོད་པ་དང་། གང་མཛེས་པར་སྒྲུབ་གང་མི་མཛེས་པར་སྒྲུབ་བརྟགས་ཏེ་གང་ལེགས་པར་སྤྱོད་ཅིང་མཛེས་པར་སྒྲུབ་པ་དེ་ལ་ནི་ཡོངས་སུ་བསྐྱང་བར་བྱ་སྟེ། ཚེ་དང་ལྡན་པ་ལེགས་སོ་ལེགས་སོ། །ཇི་ལྟར་ཁྱོད་སྤྱོད་པ་དེ་ལྟ་བུར་སྤྱད་པར་

བྱའོ་ཞེས་སྤྲོ་བ་བསྐྱེད་པར་བྱ། ཡང་དག་པར་དགའ་བར་བྱ། དེ་དུས་དུས་སུ་ཕྱི་ཕྱིར་བསྟན་པར་བྱ། བསླབ་པར་བྱའོ། །གང་ལེགས་པར་མི་སྤྱོད་དམ་མཛེས་པར་མི་སྒྲུབ་པ་དེ་ལ་གང་ལ་ཇི་ལྟ་བུར་འོས་པ་དེ་ལྟ་བུར་ཆད་པས་གཅད་པར་བྱ་བ་ནི་འཁོར་གྱི་བྱ་བ་ཞེས་བྱའོ། །

འཁོར་གྱི་ནང་དུ་བྱ་བ་གང་ཞེ་ན། དགེ་སློང་འཁོར་གྱི་ནང་དུ་དྲན་པ་ཉེ་བར་བཞག་ནས་འཁོར་གྱི་ནང་དུ་འགྲོ་བར་བྱ་སྟེ། འདི་ནི་རྒྱལ་རིགས་ཀྱི་འཁོར་ཏོ། །འདི་ནི་བྲམ་ཟེའི་འཁོར་ཏོ། །འདི་ནི་ཁྱིམ་བདག་གི་འཁོར་ཏོ། །འདི་ནི་དགེ་སྦྱོང་གི་འཁོར་ཡིན་ཏེ། དེར་བདག་འདི་

ལྟ་བུར་འགྲོ་བར་བྱ། འདི་ལྟ་བུར་འགྲེང་བར་བྱ། འདི་ལྟ་བུར་འདུག་པར་བྱ་སྟེ། འདི་ལྟ་བུར་སྨྲ་བར་བྱ། འདི་ལྟ་བུར་སྨྲ་བར་མི་བྱའོ་ཞེས་བྱ་བ་དེ་ནི་འཁོར་གྱི་ནང་དུ་འགྲོ་བའི་བྱ་བ་ཞེས་བྱའོ། །འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་གང་ཞེ་ན། དགེ་སློང་འཁོར་གྱི་ནང་དུ་ཞུགས་

ན་དེས་གཏམ་སྣ་ཚོགས་མི་བྱ། གཏམ་མི་རིགས་པའི་རྣམས་མི་བྱ། འཁོར་རྣམས་རིགས་པར་བྱས་ལ་དེ་དག་དང་མཐུན་པའི་གཏམ་བྱ་བར་བྱ། གཏམ་བྱས་ནས་སྟན་ལས་ལྡང་བར་བྱ་བ་དེ་ནི་འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་ཞེས་བྱའོ། །འཁོར་གྱི་ནང་དུ་ཞུགས་པའི་གནས་

เล่ม ๑๓ · หน้า 299b

བརྟན་གྱི་བྱ་བ་གང་ཞེ་ན། འཁོར་གྱི་ནང་དུ་ཞུགས་པའི་དགེ་སློང་གནས་བརྟན་གྱིས་འཁོར་རྣམས་ལ་འདི་དག་ཇི་ལྟ་བུའི་གཏམ་ལ་དགའམ། འོན་ཏེ་ཅང་མི་སྨྲ་བ་ལ་དགའ་ཞེས་འཁོར་རྣམས་ལ་བརྟག་པར་བྱའོ། །དེ་སྟེ་གཏམ་ལ་དགའ་བ་དག་ཅིག་ཡིན་ན་ནི་དེ་དག་ལ་དེ་དང་མཐུན་

པའི་གཏམ་བྱའོ། །དེ་སྟེ་མི་སྨྲ་བ་ལ་དགའ་བ་དག་ཅིག་ཡིན་ན་ནི་དེར་ཅང་མི་སྨྲ་བར་འདུག་པར་བྱ་སྟེ། འདི་ནི་འཁོར་གྱི་ནང་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གསོ་སྦྱིན་གྱི་བྱ་བ་གང་ཞེ་ན། བཅུ་བཞིའམ། བཅོ་ལྔའི་གསོ་སྦྱོང་དེ་ཉིད་ཀྱི་ཚེ་རང་གི་རྒྱུད་ལ་བརྟག་

པར་བྱ་སྟེ། མཚན་མོའི་རྒྱུད་དང་། ཉིན་པར་གྱི་རྒྱུད་དེར་བདག་ལ་སྐབས་དེར་ལྟུང་བ་ལྟ་བྱུང་ངམ། དེ་སྟེ་བྱུང་བ་ཡོད་ན་དགེ་སློང་ཡིད་བརྟན་པ་ཞིག་རྙེད་ན་ནི་དེའི་མདུན་དུ་བཤགས་པར་བྱ། དེ་སྟེ་མ་རྙེད་ན་སེམས་ཀྱི་བྱིན་གྱིས་བརླབ་པ་དང་། དེ་སྟེ་ཉེས་པ་མ་བྱུང་ན་ནི་སེམས་

བསྐྱེད་པར་བྱ་སྟེ། བདག་ནི་ལྟུང་བ་དེ་ལས་ཡོངས་སུ་དག་གོ་ཞེས་ཚིག་ཏུ་བརྗོད་པར་བྱ། གསོ་སྦྱིན་ནི་ཚུལ་ཁྲིམས་ཡོངས་སུ་དག་པར་བྱེད་པ་སྟེ། འདི་ནི་གསོ་སྦྱིན་གྱི་བྱ་བ་ཞེས་བྱའོ། །གསོ་སྦྱིན་མངོན་དུ་བྱ་བའི་བྱ་བ་གང་ཞེ་ན། དགེ་སློང་གསོ་སྦྱིན་མངོན་དུ་བྱུང་ལ་མིན་

ན་དད་བཞིན་དུ་ཡང་འགྲོ་བར་བྱ་སྟེ། དེ་ཡང་ཤེས་བཞིན་དུ་འགྲོ་བར་བྱ་བ་ནས་སྔ་མ་བཞིན་ཏེ་འདུག་པ་ལ་མཁས་པར་བྱ་བའི་བར་དུའོ། །འདུག་ནས་ཀྱང་སོ་སོར་ཐར་པའི་མདོ་སྡེ་ལ་སྟོན་པའོ་སྙམ་དུ་འདུ་ཤེས་མངོན་དུ་གཞག་པར་བྱ། བཀུར་སྟི་བྱ། རིམ་གྲོར་བྱས་ལ་མཉན།

བླ་མར་བྱ། གཅེས་པར་བྱ། ཡིད་ལ་གཟུང་བར་བྱ། སེམས་གཅིག་ཏུ་བྱ། རྣ་བ་མི་གཡེལ་བར་བྱ། སེམས་ཐམས་ཅད་གཅིག་ཏུ་དམིགས་ནས་མཉན་པར་བྱའོ། །མཉན་ནས་ཀྱང་དེ་ལྟ་བུར་ནན་ཏན་བྱ། བསྒྲུབ་པར་བྱ་བ་དེ་ནི་གསོ་སྦྱིན་མངོན་དུ་བྱ་བའི་བྱ་བ་ཞེས་བྱའོ། །

གསོ་སྦྱིན་གྱི་ལས་ཀྱི་བྱ་བ་གང་ཞེ་ན། གསོ་སྦྱིན་གྱི་བྱ་བ་ལ་རྣམ་པ་ལྔ་སྟེ། གདོན་པ་དང་། བསྔོ་བ་དང་། དད་པ་ཡོངས་སུ་དག་པ་དང་། སྐབས་དབྱེ་བ་དང་། སེམས་ཀྱིས་བྱིན་གྱིས་བརླབ་པའོ། །གཞན་ཡང་གསོ་སྦྱིན་གྱི་ལས་ལ་རྣམ་པ་བཞི་སྟེ། ཆོས་བཞིན་མ་

เล่ม ๑๓ · หน้า 300a

ཡིན་ལ་མ་འདུས་པར་བྱེད་པ་དང་། ཆོས་བཞིན་མ་ཡིན་ལ་འདུས་པར་བྱེད་པ་དང་། ཆོས་བཞིན་ལ་མ་འདུས་པར་བྱེད་པ་དང་། ཆོས་བཞིན་ལ་འདུས་པར་བྱེད་པའོ། །དེ་ལས་ཆོས་བཞིན་བྱེད་པའི་གསོ་སྦྱིན་གྱི་ལས་དེ་ནི་འདི་ལྟ་སྟེ། ཆོས་བཞིན་བྱེད་པ་

ཡིན་ནོ། །དེ་ནི་གསོ་སྦྱིན་གྱི་ལས་ཀྱི་བྱ་བ་ཞེས་བྱའོ། །སོ་སོར་ཐར་པའི་བྱ་བ་གང་ཞེ་ན། བཅུ་བཞིའམ། བཅོ་ལྔའི་གསོ་སྦྱིན་དེ་ཉིད་ཀྱི་ཚེ་མཚམས་དང་ལས་ཀྱི་ནང་དུ་ཕྱིན་པའི་དགེ་སློང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ཤིང་འཁོད་པ་དང་། དགེ་འདུན་གྱི་གནས་

བརྟན་དགེ་སློང་གིས་སོ་སོར་ཐར་པའི་མདོ་སྡེ་བཀླག་པར་བྱ། སོ་སོར་ཐར་པའི་མདོ་ལ་ཡང་སྟོན་པར་འདུ་ཤེས་མངོན་པར་གཞག་པར་བྱ། བཀུར་སྟི་དང་རིམ་གྲོར་བྱས་ལ་མཉན། བླ་མར་བྱ། གཅེས་པར་བྱ། ཡིད་ལ་གཟུང་བར་བྱ། མཚམས་གཅིག་ཏུ་བྱ། རྣ་བ་

མི་གཡེལ་བར་བྱ། གཞན་ཐམས་ཅད་གཅིག་ཏུ་ཐུབ་པར་བྱས་ལ་མཉན་པར་བྱ། ཐོས་ནས་ཡང་དེ་བཞིན་དུ་ནན་ཏན་བྱ། བསྒྲུབ་པར་བྱ་སྟེ། དེ་ནི་སོ་སོར་ཐར་པའི་བྱ་བ་ཞེས་བྱའོ། །སོ་སོར་ཐར་པ་ཀློག་པའི་བྱ་བ་གང་ཞེ་ན། སོ་སོར་ཐར་པ་ཀློག་པ་ལ་རྣམ་

པ་ལྔ་སྟེ། གསོལ་བ་བྱས་ནས་གླེང་གཞི་བཀླགས་ཏེ། ལྷག་མ་རྣམས་ནི་ཐོས་པ་བཞིན་ནོ་ཞེས་བསྒྲག་པར་བྱ་བ་དང་། དེ་ཡང་སོ་སོར་ཐར་པ་བསྒྲགས་ན་སོ་སོར་ཐར་པ་བཀླགས་པ་ཞེས་བྱ་སྟེ། འདི་ནི་སོ་སོར་ཐར་པ་ཀློག་པ་དང་པོའོ། །གསོལ་བ་བྱས་ནས་གླེང་

གཞི་བཀླགས། ཕས་ཕམ་པ་བཞི་བཀླགས་པ་ལ་ལྷག་མ་རྣམས་ནི་ཐོས་པ་བཞིན་ནོ་ཞེས་བསྒྲག་པར་བྱ་སྟེ། དེ་ཡང་སོ་སོར་ཐར་པ་ཀློག་པ་གཉིས་པའོ། །གསོལ་བ་བྱས་ལ་གླེང་གཞི་ཡང་བཀླགས། ཕས་ཕམ་པ་བཞི་ཡང་བཀླགས། དགེ་འདུན་གྱི་ལྷག་མ་བཅུ་

གསུམ་ཡང་བཀླགས་ནས་ལྷག་མ་ནི་ཐོས་པ་བཞིན་ནོ་ཞེས་བསྒྲགས་པ་ནི་སོ་སོར་ཐར་པ་བཀླགས་པ་ཡིན་ཏེ། འདི་ནི་སོ་སོར་ཐར་པ་ཀློག་པ་གསུམ་པའོ། །གསོལ་བ་བྱས་ལ་གླེང་གཞི་བཀླགས། ཕས་ཕམ་པ་བཞི་ཡང་བཀླགས། དགེ་འདུན་གྱི་ལྷག་མ་བཅུ་གསུམ་

เล่ม ๑๓ · หน้า 300b

ཡང་བཀླགས། མི་མངོན་པའི་ཆོས་གཉིས་པོ་ཡང་བཀླགས་ལ་ལྷག་མ་རྣམས་ནི་ཐོས་པ་བཞིན་ནོ་ཞེས་བསྒྲགས་པ་ཡང་སོ་སོར་ཐར་པ་བཀླགས་པ་ཡིན་ཏེ། འདི་ནི་སོ་སོར་ཐར་པ་ཀློག་པ་བཞི་པའོ། །རྒྱས་པར་སོ་སོར་ཐར་པ་ཀློག་པ་དང་ལྔ་སྟེ། འདི་ནི་སོ་སོར་ཐར་

པ་ཀློག་པའི་བྱ་བའོ། །སོ་སོར་ཐར་པ་ཀློག་པར་བྱེད་པའི་བྱ་བ་གང་ཞེ་ན། སོ་སོར་ཐར་པ་ཀློག་པའི་དགེ་སློང་གིས་སོ་སོར་ཐར་པའི་མདོ་དེ་ཁ་ཏོན་དུ་གསལ་པོར་བྱང་བར་བྱ། དྲན་པར་བྱ། གཏན་ལ་ཕེབས་པར་བྱ། ནམ་ཀློག་པའི་ཚེ་མི་འཁྲུལ་བར་ལེགས་པར་ཀློག་པར་

བྱ། དེས་བདག་གི་རྒྱུད་ཀྱང་བརྟག་པར་བྱ་སྟེ། མཚན་མོའི་རྒྱུད་དང་ཉིན་པར་གྱི་རྒྱུད་ལས། བདག་དེའི་སྐབས་སུ་ཉེས་པ་ལྟ་བྱུང་ངམ་མ་བྱུང་བར་བརྟག་སྟེ། དེ་སྟེ་ཉེས་པ་བྱུང་བར་གྱུར་ལ་ཡིད་བརྟན་པའི་དགེ་སློང་ཡོད་ན་དེའི་དྲུང་དུ་བཤགས་པར་བྱ། དེ་སྟེ་མེད་ན་

རེ་ཞིག་གསོ་སྦྱིན་བྱས་ལ་དེའི་འོག་ཏུ་བདག་གིས་ལྟུང་བ་ཇི་ལྟར་ཆོས་བཞིན་སླར་བཤགས་པར་བྱའོ། །སྙམ་དུ་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཇི་ལྟར་སོ་སོར་ཐར་པའི་མདོ་ལས་འབྱུང་བ་བཞིན་དུ་དེས་ནན་ཏན་དུ་བྱ་བ་དེ་ནི་སོ་སོར་ཐར་པ་ཀློག་པར་བྱེད་པའི་བྱ་བ་ཞེས་

བྱའོ། །གནས་བརྟན་གྱི་བྱ་བ་གང་ཞེ་ན། དེ་སྟེ་དགེ་སློང་རྣམས་ཁྱིམ་པའི་དེར་ཟན་ལ་མགྲོན་དུ་བོས་ན་དེའི་ཚེ་དགེ་སློང་གནས་བརྟན་གྱིས་སྔ་ཟད་དུ་ཤམ་ཐབས་བགོ་བར་བྱ། དག་རར་བྱུང་སྟེ་འདུག་པར་བྱ་བ་དེ་ནི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །བར་མའི་བྱ་བ་གང་ཞེ་ན།

དགེ་སློང་བར་མས་དགེ་སློང་གནས་བརྟན་མདུན་དུ་བྱས་ནས་གྲོང་དུ་འཇུག་པར་བྱ། དེ་སྟེ་གནས་བརྟན་བཤང་བའམ་གཅི་བ་ཞིག་ཏུ་ཐོགས་ནས་དེས་མི་རིང་བ་ཞིག་ཏུ་སོང་ལ་བསྡད་པར་བྱ། དེ་སྟེ་རིང་དུ་སོང་ན་གྲོང་འདབ་ཏུ་སོང་ལ་བསྡད་པར་བྱ། དེ་སྟེ་བྲམ་ཟེ་དང་ཁྱིམ་བདག་དག་

གིས་སྤྱན་འདྲེན་པ་བཏང་ན་ཡང་གནས་བརྟན་འོངས་ཀྱི་བར་དུ་ཅུང་ཟད་བསྡད་དེ་བྱའོ་ཞེས་སྨྲ་བར་བྱ། དེ་སྟེ་ལག་ཆུ་བཏང་ན་གནས་བརྟན་ལ་བསྡད་དོ་ཞེས་སྨྲ་བར་བྱ། དེ་སྟེ་གནས་བརྟན་འོངས་པར་གྱུར་ན་ཡང་འཁོད་པ་ཐམས་ཅད་ལྡང་བར་བྱ་སྟེ། འདི་ནི་བར་མའི་བྱ་བ་ཞེས་བྱའོ། །གསར་

เล่ม ๑๓ · หน้า 301a

བུའི་བྱ་བ་གང་ཞེ་ན། དགེ་སློང་གསར་བུས་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ས་ཕྱག་པར་བྱ། ཕྱག་དར་དོར་བར་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་བྱ། ཆུ་རྣམས་སོ་སོར་བཅུ་ཞིང་གཞག་པར་བྱ། སྟན་རྣམས་གདིང་བར་བྱ།

ཟན་རྣམས་སྐོ་སར་དྲང་བར་བྱ། དུགས་ཁང་དུ་བསྒྲུབ་པའི་རྣམས་བྱས་ཏེ། དེར་ཤིང་བསྐྱ་བར་བྱ། འབྲུ་མར་གཞག་པར་བྱ། ས་དང་ཕྱེ་མ་གཞག་པར་བྱ། ཆུ་གཞག་པར་བྱ། དགེ་སློང་གང་ལས་ཁས་ལེན་པ་དེ་དག་ལ་ལས་བྱ་བར་བྱ། གཞན་མཚུངས་པར་

སྤྱད་པ་གང་ཡང་རུང་སྟེ། ཐམས་ཅད་གསར་བུས་བྱ་བར་བྱ། འདི་ལྟར་ཡང་དགེ་སློང་གསར་བུས་དགེ་སློང་གནས་བརྟན་རྣམས་ལ་ཕ་དང་ཕུ་བོ་ལྟ་བུར་འདུ་ཤེས་ཉེ་བར་གཞག་ཅིང་བཀུར་སྟིར་བཅས། བདག་ལ་དབང་བཅས། འཇིགས་པ་དང་དབང་དུ་འགྱུར་བར་བཅས།

སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དམིགས་བཞིན་པའི་སེམས་མངོན་དུ་གཞག་པར་བྱ། མཚུངས་པར་སྤྱད་པའི་ཆོས་རྣམས་ཇི་ལྟ་བུར་བཅས་པ་བཞིན་དུ་རྫོགས་པར་བྱ་བ་འདི་ནི་གསར་བུའི་བྱ་བ་ཞེས་བྱའོ། །གནས་བརྟན་དང་བར་མ་དང་གསར་བུའི་བྱ་བ་གང་ཞེ་ན། དགེ་སློང་

གནས་བརྟན་དང་བར་མ་དང་གསར་བུ་ཐམས་ཅད་ཀྱིས་ཀྱང་རབ་ཏུ་བྱུང་བའོ་སྙམ་དུ་སེམས་མངོན་དུ་གཞག་པར་བྱ། སངས་རྒྱས་བཅོམ་ལྡན་འདས་མགོན་མཛད་པ་ལ་མགོན་པོའོ་སྙམ་དུ་འདུ་ཤེས་མངོན་དུ་གཞག་པར་བྱ། མྱ་ངན་འདའ་བ་ལ་གཞོལ་བར་བྱ། བསླབ་

པའི་གཞི་ཇི་ལྟ་བུར་བཅས་པ་ལ་མཚུངས་པར་སྤྱད་པར་བྱ། བླ་མའི་ཁྱད་པར་དུ་ཆུད་པའི་ཕྱིར་ནན་ཏན་དུ་བྱ་སྟེ། འདི་ནི་གནས་བརྟན་དང་བར་མ་དང་གསར་བུའི་བྱ་བ་ཞེས་བྱ་བའོ། །དུགས་ཁང་དུ་བྱ་བ་གང་ཞེ་ན། དགེ་སློང་དུགས་ཁང་དུ་འཇུག་པར་འདོད་ན་དེས་ཤེས་

བཞིན་དུ་ནང་དུ་འགྲོ་བར་བྱ། ཤེས་བཞིན་དུ་ནང་དུ་འགྲེང་བར་བྱ། ཤེས་བཞིན་དུ་འདུག་པར་བྱ། དྲན་པ་མངོན་དུ་གཞག་ཅིང་སེམས་མི་གཡེང་བར་བྱ། སྤྱོད་ལམ་བཟང་བ་དང་། ཤིན་ཏུ་མཛེས་པ་དང་། ཤིན་ཏུ་བསྡམས་པ་དང་། སྒྲ་བསྐྱུང་བ་དང་། བཀུར་སྟིར་

เล่ม ๑๓ · หน้า 301b

བཅས། འཇིགས་པ་དང་དབང་དུ་འགྱུར་བར་བཅས། ཡིད་དམན་པའི་སེམས་ཕྱགས་མ་ལྟ་བུར་བྱ། གནས་བརྟན་དང་བར་མ་དང་གསར་བུ་ལ་ཡང་བྱམས་པའི་སེམས་སུ་བྱ། ཕན་པའི་སེམས་དང་རྗེས་སུ་བརྩེ་བའི་སེམས་སུ་བྱ། ཕ་དང་བུ་དང་ཕུ་ནུ་བོ་ལྟ་བུར་འདུ་ཤེས་

མངོན་དུ་གཞག་པར་བྱ། དགེ་སློང་དུགས་ཁང་གི་ནང་དུ་ཞུགས་ནས། གཏམ་སྣ་ཚོགས་མི་བྱ། གཏམ་མི་རིགས་པ་མི་བྱ། སྤྱོད་ལམ་གཉིས་ལ་འཇུག་པར་བྱ་སྟེ། འཕགས་པའི་ཅང་མི་སྨྲ་བའམ། ངེས་པའི་ཆོས་ཀྱི་གཏམ་ལ་སྟེ། དེ་ནི་དུགས་ཁང་གི་བྱ་བ་ཞེས་

བྱའོ། །དགེ་སློང་དུགས་ཁང་དུ་ཁྲུས་བྱ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དུགས་ཁང་དུ་རྗེས་སུ་གནང་བ་ཡང་རྒྱགས་པའི་ཕྱིར་མ་ཡིན། དྲེགས་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འཁྲུལ་བའི་ཕྱིར་མ་ཡིན་གྱི་ལུས་འདི་གསོ་བའི་

ཕྱིར་རོ། །དུགས་ཁང་ལ་ཡོན་ཏན་རྣམ་པ་ལྔ་སྟེ། རྔུལ་དང་དྲི་མ་འབྱང་། པགས་པ་དང་མདངས་གསལ། པགས་པ་ལ་ནད་ཡོད་པ་རྣམས་འབྱིན། རླུང་དང་བད་ཀན་རྣམས་མེད་པར་བྱེད། དུགས་ཁང་ནི་ནད་མེད་པར་བྱེད་པའོ། །གཞན་ཡང་ཡོན་ཏན་རྣམ་པ་ལྔ་སྟེ།

རྔུལ་དང་དྲི་མ་འབྱང་། པགས་པ་དང་མདངས་གསལ། པགས་པ་ལ་ནད་ཡོད་པ་རྣམས་འབྱིན། རླུང་དང་བད་ཀན་རྣམས་མེད་པར་བྱེད། དུགས་ཁང་དུ་སྐྱོ་བ་བསྐྱེད་པར་བྱ་བའོ། །དགེ་སློང་གིས་དུགས་ཁང་དུ་ཁྲུས་བྱེད་པར་འདོད་ན་དེས་སྔར་མཁན་པོ་ལ་ཞུ་བར་བྱེད་བཀྲུ་

བའི་དུས་སུ་བཟོད་པར་བྱ། ཤེས་བཞིན་དུ་དུགས་ཁང་གི་ནང་དུ་འཇུག་པར་བྱ། སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་ན་བའི་འདུ་ཤེས་མངོན་དུ་གཞག་པར་བྱ། ཁྲུས་བྱ་མདུན་དུ་འདུག་ལ་མི་བདེ་བར་མི་བྱ། དྲན་པ་མངོན་དུ་བཞག་ལ་ལས་བྱ། དགེ་སློང་དག་ལས་ཀྱང་ལས་

བྱེད་པ་ཉམས་སུ་བླང་བར་བྱ། མཁན་པོ་དང་སློབ་དཔོན་ལ་མ་ཞུས་ཀྱི་བར་དུ་མཚུངས་པ་རྣམས་ལ་ལས་མི་བྱ། བྱེད་པ་ཡང་བདག་གིར་མི་བྱ། མཁན་པོ་དང་སློབ་དཔོན་དག་ཏུ་ཁོན་ཡོད་ན་དེ་དེ་དག་གི་དྲུང་དུ་མི་བསྐོར། དེ་སྟེ་ཆུ་བླུགས་པར་འདོད་ན་ཆུ་གྲང་མོ་དང་བསྲེས་ལ་ལུགས་ཤིག །

เล่ม ๑๓ · หน้า 302a

དེ་སྟེ་ཆུ་ཚ་ན་གྲོགས་ལ་ཡང་ཆུ་ཚའོ་ཞེས་སྦྲོན་ཅིག །ཤེས་བཞིན་དུ་ཁྲུས་བྱས་ལ་དུགས་ཁང་དེ་ན་ཁྲིའུ་དང་། རིལ་བ་དང་། ཉ་ཕྱིས་དང་། ཁྲུས་རས་དང་། དུགས་ཁང་གི་སྣོད་སྤྱད་གཞན་ཅི་ཡོད་ཀྱང་རུང་ལེགས་པར་བཀྲུས་ཏེ་གནས་གནས་སུ་གཞག་

པར་བྱ་བ་འདི་ནི་དུགས་ཁང་དུ་ཁྲུས་བྱེད་པའི་བྱ་བ་ཞེས་བྱའོ། །དུགས་ཁང་དུ་གནས་བརྟན་གྱི་བྱ་བ་གང་ཞེ་ན། དུགས་ཁང་དུ་དགེ་སློང་གནས་བརྟན་གྱིས་གསར་བུ་རྣམས་ལ་ཡོ་བྱད་ལ་ཞུགས་ན་བསླང་བར་མི་བྱ། དུགས་ཁང་དེར་ཆུང་ངུ་ན་ལུས་ལས་རྡུལ་བྱུང་བ་ཙམ་ཡང་བསླང་

བར་མི་བྱ། དེ་སྟེ་དེ་ན་དགེ་སློང་རྣམས་སྤྱོད་ལམ་རྣམས་མི་མཛེས་སམ། མི་བཟང་བར་འདུག་གམ། འོན་ཏེ་གཏམ་རྒྱུད་ལ་ཞུགས་ལ་དགེ་སློང་གནས་བརྟན་གྱིས་སླར་ཟློག་ཅིང་སྒོ་ཤིག །རྗེས་སུ་བསྟན་པར་བྱ། མཛེས་ཤིང་བཟང་བ་ལ་གཟུད་པར་བྱ། ཇི་ལྟ་བུ་དེར་

སྤྱད་པའི་ཆོས་བཅས་པ་དེ་ལྟ་བུར་གཟུད་པར་བྱ། དེ་དག་ཆོས་ཀྱི་གཏམ་ལ་གཟུད་པར་བྱ་བ་དེ་ནི་དུགས་ཁང་དུ་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །མཁན་པོའི་བྱ་བ་གང་ཞེ་ན། མཁན་པོས་ལྷན་ཅིག་སྤྱོད་པའི་རྣམས་བསླབ་པར་བྱ། གསལ་བར་བྱ། བསྒོ་བར་བྱ།

རྗེས་སུ་བསྟན་པར་བྱ། སྡིག་པ་ལས་བཟློག་པར་བྱ། དགེ་བ་ལ་གཟུད་པར་བྱ། སྡིག་པའི་གྲོགས་པོ་ལས་བསྐལ་པར་བྱ། དགེ་བའི་བཤེས་གཉེན་ལ་གཞར་བར་བྱ། ལྷུང་བཟེད་ཀྱིས་བསྡུ་བར་བྱ། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་།

རྗེས་སུ་དྲན་པ་དང་། སླར་འདྲི་བ་དང་། ལུང་བསྒོ་བ་དང་། ཁ་ཐོན་ལ་གཞུག་པ་དང་། ཡིད་ལ་བྱེད་པ་ལ་གཞུག་པར་བྱ། ཉེས་པ་ལས་བསླང་བ་དང་། ན་ན་ནད་གཡོག་བྱ་བ་དང་། སྤོང་བ་ལ་གཞུག་པར་བྱ་བ་དང་། ནང་དུ་ཡང་དག་འཇོག་ལ་འཇུག་པ་དང་། བླ་མའི་

ཁྱད་པར་ཆུད་པར་བྱ་བ་ལ་མཚུངས་པར་སྤྱོད་དུ་གཞུག་པར་བྱ། ལྷན་ཅིག་སྤྱོད་པ་ཕྱོགས་གང་ན་མི་བདེ་བར་གནས་པ་དེ་ནས་དབྱུང་བར་བྱ་བ་དེ་ནི་མཁན་པོའི་བྱ་བ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ལྔ་བཅུ་རྩ་གསུམ་པ། ལྷན་ཅིག་སྤྱོད་པའི་བྱ་བ་གང་ཞེ་ན། ལྷན་

เล่ม ๑๓ · หน้า 302b

ཅིག་སྤྱོད་པས་མཁན་པོ་ལ་སྟོན་པའོ་སྙམ་དུ་འདུ་ཤེས་མངོན་དུ་གཞག་པར་བྱ། རིམ་གྲོ་བྱ། མྱུར་དུ་ལྡང་བར་བྱ། མྱུར་དུ་འགྲོ་བར་བྱ། གུས་པར་བྱ། ཞུ་བར་བྱ་སྟེ། ལྷན་ཅིག་སྤྱོད་པས་མཁན་པོ་ལ་མ་ཞུས་ཀྱི་བར་དུ་སྤྱད་འབྲིམ་པའི་ལས་མི་བྱ། གཙུག་ལག་ཁང་སྐྱོང་གི་རེས་

མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། ཆོས་གོས་ཀྱི་ལས་མི་བྱ། སྔ་རེས་མི་བྱ། ཕྱད་རེས་མི་བྱ། ཟླ་རེས་མི་བྱ། ཀླུང་ལ་སྤྱོད་པར་མི་བྱ། རི་ལ་སྤྱོད་པར་མི་བྱ། དུར་ཁྲོད་དུ་སྤྱོད་པར་མི་བྱ། ལྗོངས་རྒྱུ་བར་མི་བྱ། རྐང་པ་བཀྲུ་བར་མི་བྱ། མལ་བཅའ་བར་མི་བྱ། ཆུ་

བཅུ་བར་མི་བྱ། གྲོང་དུ་འཇུག་པར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། མི་རིགས་པའི་གང་ཟག་ལ་གཞར་བར་མི་བྱ། དེ་ལྟ་བུའི་དྲུང་དུ་འདུག་པ་ཡང་བདག་གིར་མི་བྱ། དེ་འདྲ་བའི་དྲུང་ནས་བསྙེན་བཀུར་ཡང་བདག་གིས་བླང་བར་མི་བྱ། ལྷུང་བཟེད་ཀྱང་

བླང་བར་མི་བྱ། ཆོས་གོས་བླང་བར་མི་བྱ། ཟས་བླང་བར་མི་བྱ། སྨན་བླང་བར་མི་བྱ། ཡོ་བྱད་གཞན་གང་ཡང་རུང་བྱིན་ན་བདག་གིར་མི་བྱའོ། །དེ་ལྟ་བུ་ལ་བསྙེན་བཀུར་ཡང་མི་བྱ། ལྷུང་བཟེད་སྦྱིན་པར་མི་བྱ། ཟས་སྦྱིན་པར་མི་བྱ། སྨན་སྦྱིན་པར་མི་བྱ།

ཡོ་བྱད་གང་ཡང་རུང་སྦྱིན་པ་བདག་གིར་མི་བྱ། དེ་འདྲ་བའི་གང་ཟག་གི་དྲུང་ནས་ལུང་བསྒོ་བ་མི་བླང་། དྲན་པར་བྱ་བ་མ་ཡིན། ཡོངས་སུ་དྲི་བར་བྱ་བ་མ་ཡིན། ཡིད་ལ་བྱ་བ་མི་དྲི། དེ་ལྟ་བུ་དག་ལ་ཡང་ལུང་བསྒོ་བ་མི་སྦྱིན། དྲན་པ་མ་ཡིན། ཡོངས་སུ་དྲི་བ་

མ་ཡིན། ཡིད་ལ་བྱ་བ་ཡང་མི་བསྟན་ཏེ། བྱའོ་ཅོག་ཐམས་ཅད་ཀྱང་མཁན་པོ་ལ་མ་ཞུས་ཀྱི་བར་དུ་མི་བྱའོ། །ལས་རྣམ་པ་གསུམ་ནི་མ་གཏོགས་ཏེ། བཤང་གཅི་དང་། སོ་ཤིང་དོར་བ་དང་། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་བྱ་བའོ། །དེ་སྟེ་མཁན་པོའི་

ལྷུང་བཟེད་བཀྲུའམ། སྲེག་པ་ཞིག་ཏུ་གྱུར་ན་ཡང་དེ་ལ་ཅི་ནས་མཁན་པོའི་ལྷུང་བཟེད་ཀྱི་ལས་བདག་གིས་བྱའོ་སྙམ་མམ། གཞན་བྱེད་དུ་གཞུག་གོ་སྙམ་དུ་ལྷན་ཅིག་སྤྱོད་པ་དེས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོའི་ཆོས་གོས་དྲུབ་པར་གྱུར་ཏམ། ཁ་བཀྲུ་བར་གྱུར་

เล่ม ๑๓ · หน้า 303a

ཏམ། ཁ་བསྒྱུར་བ་ཞིག་ཏུ་གྱུར་ན་ཡང་དེ་ལ་བདག་གིས་མཁན་པོའི་ཆོས་གོས་ཀྱི་ལས་རང་གིས་བྱའོ་སྙམ་མམ། གཞན་ལ་བྱེད་དུ་གཞུག་གོ་སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱ། དེ་སྟེ་མཁན་པོ་ན་བ་ཞིག་ཏུ་གྱུར་ན་ཡང་དེ་ལ་

བདག་ཉིད་ཀྱིས་མཁན་པོ་ན་བའི་ནད་གཡོག་བྱའོ་སྙམ་མམ། གཞན་ལ་ནད་གཡོག་བྱེད་དུ་གཞུག་གོ་སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱ། དེ་སྟེ་མཁན་པོ་ལ་ཐེ་ཚོམ་ཞིག་སྐྱེས་པར་གྱུར་ན། དེ་ལ་ཅི་ནས་བདག་གིས་མཁན་པོའི་ཐེ་ཚོམ་སྐྱེས་པ་

དེ་བདག་ཉིད་ཀྱིས་སླར་བསལ་ལོ་སྙམ་མམ། གཞན་མཁན་པོའི་ཐེ་ཚོམ་སེལ་དུ་གཞུག་གོ་སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོ་སྡིག་པ་ལ་ལྟ་བར་གྱུར་ན་ཡང་དེ་ལ་ཅི་ནས་བདག་གིས་མཁན་པོ་སྡིག་པ་ལ་ལྟ་བར་གྱུར་པ་དེ་སླར་གཏང་

བར་བྱའོ་སྙམ་མམ། གཞན་ལ་སླར་གཏོང་བར་བྱེད་དུ་གཞུག་གོ་སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོ་ལ་ཆད་པའི་ལས་ཤིག་མངོན་དུ་འབྱུང་ངམ་བྱུང་བར་གྱུར་ན། དེ་ལ་ཅི་ནས་བདག་གིས་མཁན་པོ་ཆད་པའི་ལས་ཀྱིས་གཅོད་པར་བྱེད་དམ་

བཅད་ཀྱང་རུང་སྟེ། དབྱུང་བར་བྱའོ་སྙམ་དུ་ལྷན་ཅིག་སྤྱོད་པས་སྤྲོ་བ་མྱུར་དུ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོ་ལ་སྤང་བའི་ལས་ཤིག་མངོན་དུ་བྱེད་པར་འགྱུར་རམ། བྱས་པར་གྱུར་ཀྱང་རུང་སྟེ། དེར་ཅི་ནས་བདག་གིས་མཁན་པོ་ལ་སྤང་བའི་ལས་ཤིག་མངོན་དུ་བྱེད་ཀྱང་རུང་

བྱས་ཀྱང་རུང་སྟེ། དབྱུང་ངོ་སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོ་ལ་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་བར་གྱུར་ན། དེ་ལ་ཅི་ནས་བདག་གིས་མཁན་པོ་ལ་ཆད་པར་བྱེད་པ་བྱིན་ཅིག་པ་དང་། གཞི་ནས་བསླང་བའི་ཆད་པའམ།

ཆད་པ་བྱས་ཟིན་ནས་ཡིད་མགུ་བར་བྱ་བ་བྱིན་ཅིག་པའམ། གཞི་ནས་བསླང་སྟེ་ཡིད་མགུ་བར་བྱ་བའམ། ཡིད་མགུ་བར་སྤྱད་ནས་དབྱུང་བ་བྱིན་ཅིག་པར་ལྷན་ཅིག་གནས་པས་སྤྲོ་བ་བསྐྱེད་པར་གྱུར་ན་ནི་ལེགས། སྤྲོ་བ་མ་བསྐྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་ལྟར་

เล่ม ๑๓ · หน้า 303b

ལྷན་ཅིག་སྤྱོད་པས་མཁན་པོ་ལ་བྱ་བ་ཅི་དང་ཅི་ཡོད་ཀྱང་རུང་སྤྲོ་བ་བསྐྱེད་པར་བྱ་བ་དེ་བཞིན་དུ་མཁན་པོས་ཀྱང་ལྷན་ཅིག་སྤྱོད་པ་ལ་བྱ་བ་ཅི་དང་ཅི་ཡོད་ཀྱང་རུང་སྤྲོ་བ་བསྐྱེད་པར་བྱ་སྟེ། ཞུ་བ་རྣམས་ནི་མ་གཏོགས་སོ། །ལྷན་ཅིག་སྤྱོད་པས་མཁན་པོའི་སྟན་གདིང་བར་བྱ། རྐང་

པ་བཀྲུ་བའི་ཆུ་དང་། ལྷམ་ཡང་བཤམས་ཏེ་ཕྱོགས་གཅིག་ཏུ་གཞག་པར་བྱ། རྐང་པ་བཀྲུ་བར་བྱ། བསྐུ་བར་བྱ། མལ་བྱའོ། །གཅི་བའི་སྣོད་དང་བཤང་བའི་སྣོད་བཤམས་ཏེ་གཞག་པར་བྱ། དེ་སྟེ་ལུང་ཞིག་མནོད་དགོས་པར་གྱུར་ན་ཡང་ལུང་མནོད་པར་བྱ། ཡིད་

ལ་བྱེད་པ་ཞིག་མནོད་དགོས་པར་གྱུར་ནའང་ཡིད་ལ་བྱེད་པ་མནོད་པར་བྱ། ཕྱོགས་གཅིག་ཏུ་སོང་སྟེ་འདུག་ནས་བསྒོམ་པར་བྱའོ། །ནང་པར་ལངས་ནས་གཅི་བའི་སྣོད་དང་བཤང་བའི་སྣོད་དབྱུང་བར་བྱ། མཁན་པོའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ། མཁན་པོ་བདེ་

བར་མཛད་དམ། བདེ་བར་བགྱིས་སམ། བདེ་བར་སྤྱད་དམ་ཞེས་དྲི་བར་བྱ། དེ་སྟེ་ན་བར་གྱུར་ན་ཡང་ན་བའི་སྨན་དང་། ནད་གཡོག་ལ་སྤྲོ་བ་བསྐྱེད་པར་བྱ། དེ་སྟེ་མི་ན་ན་ནི་བདེ་བར་ཡལ་བར་གཞག །དེ་སྟེ་དགེ་འདུན་གྱི་ཟས་ཤིག་གམ་མགྲོན་དུ་བོས་པའི་ཟས་ཀྱང་

རུང་སྟེ། དགེ་འདུན་གྱི་ཟས་ནི་མཁན་པོ་དང་དགེ་འདུན་གྱི་ཟས་མཆིས་ཀྱིས་དེང་དགེ་བ་བདེ་བར་སྤྱོད་ཅིག །དེ་སྟེ་བསོད་སྙོམས་ཀྱི་ཟས་ན་ཡང་མཁན་པོ་བསོད་སྙོམས་ལ་གཤེགས་ཀྱིས་ཆོས་ཤིག་ཅེས་བསྒོའོ། །ལྷན་ཅིག་སྤྱོད་པས་མཁན་པོ་ལ་སོ་ཤིང་དང་བདེ་བའི་ཆུ་

དང་། ལྕི་བ་དང་། ཕྱེ་མ་དབུལ་བར་བྱ། ནམ་མཁན་པོས་ལས་དེ་རྣམས་ཟིན་པ་དེ་ན་ལྷུང་བཟེད་དང་ཆོས་གོས་བསྟབ་པར་བྱ། དེ་སྟེ་དགེ་འདུན་དང་ལྷན་ཅིག་བསོད་སྙོམས་ལ་འཇུག་ན་ནི་མཁན་པོ་མདུན་དུ་བཏང་ལ་བདག་གིས་གྲལ་གང་དུ་བབ་པ་ནས་འགྲོ་བར་བྱ། དེ་སྟེ་གང་

ཟག་གི་བསོད་སྙོམས་ལ་འཇུག་ན་ནི་མཁན་པོའི་སྦྱར་མ་དང་ལྷུང་བཟེད་དང་ཁར་གསིལ་དབུལ་བར་བྱ། དེ་སྟེ་རླུང་དང་ཆར་པ་དང་དུས་གྲང་བ་ཞིག་ཏུ་གྱུར་ན་མཁན་པོའི་སྦྱར་མ་འོག་ཏུ་ཆུག་ལ་བདག་གི་སྟེང་དུ་ཕྱུང་ཤིག །དེ་སྟེ་ཡུལ་དྲོ་ན་བདག་གི་སྦྱར་མ་འོག་ཏུ་ཆུག་ལ་མཁན་པོའི་སྟེང་དུ་

เล่ม ๑๓ · หน้า 304a

ཕྱུང་ཤིག །ལྷན་ཅིག་སྤྱོད་པ་མཁན་པོའི་མདུན་དུ་སོང་ལ་ཟིལ་པ་ལ་སོགས་པ་བསལ་བར་བྱ། དེ་སྟེ་ཆུ་འགྲམ་མམ་གང་གཡང་ས་ཞིག་ན་མཁན་པོའི་ལག་པ་ནས་བཟུང་ཞིང་བརྟེན་པར་བྱ། དོང་ནས་གྲོང་འདབ་ཏུ་ཕྱིན་ན་སྦྱར་མ་དང་ལྷུང་བཟེད་དང་ཁར་གསིལ་དབུལ་

བར་བྱ། ཕུལ་ཏེ་མཁན་པོའི་མདུན་དུ་བཏང་ལ་གྲོང་གི་ནང་དུ་འཇུག་པར་བྱའོ། །དེ་སྟེ་སྐས་སམ། ཐེམ་སྐས་ཤིག་འཛེག་ན་ཡང་ལྷན་ཅིག་སྤྱོད་པ་སྔོན་དུ་འཛེགས་ལ་ལག་ནས་དྲང་བར་བྱ། དེ་ན་ཆོས་བཞིན་གྱི་རྙེད་པ་ཞིག་གྲུབ་ན་ཡང་བདག་གིས་བླང་བར་བྱ། བསོད་

སྙོམས་སྤྱད་དེ་སླར་གྲོང་གི་ཕྱི་རོལ་དུ་བྱུང་ན་མཁན་པོའི་སྦྱར་མ་དང་ལྷུང་བཟེད་དང་ཁར་གསིལ་བླངས་ལ་མཁན་པོའི་མདུན་དུ་བཏང་ནས་གཙུག་ལག་ཁང་དུ་འདོང་བར་བྱའོ། །དེར་ལྷགས་ནས་ལྷུང་བཟེད་དང་ཆོས་གོས་བཞག་སྟེ་མཁན་པོའི་རྐང་པ་བཀྲུ་བའི་ཆུ་དང་ལྷམ་བསྙེན་ཏེ་

བཞག་ལ་རྐང་པ་བཀྲུ་བར་བྱའོ། །དེ་ནས་དུས་ལ་བབ་པར་གྱུར་ན་མཁན་པོའི་ལྷུང་བཟེད་ཀྱི་གཞི་གདིང་ཞིང་ལྷུང་བཟེད་དབུལ་བར་བྱའོ། །བདག་གིས་ཟས་བཟང་བ་དང་ཞིམ་པ་དང་། དམ་པ་ཅི་ཡོད་པ་མཁན་པོ་ལ་དབུལ་བར་བྱ། མཁན་པོས་ཀྱང་ཚོད་རིག་

པར་བྱ། ཟས་ཀྱི་བྱ་བ་བྱས་པ་དང་། མཁན་པོ་ལ་བདེ་བའི་ཆུ་བསྙེན་པར་བྱ་ལྕི་བ་དང་ཕྱེ་མས་ལྷུང་བཟེད་བཀྲུས་ལ་ལྷུང་བཟེད་དང་ཆོས་གོས་སླར་གཞུག་པར་བྱ། མཁན་པོ་ལ་ཕྱག་བྱས་ནས་མཁན་པོ་འདི་བཞིན་བཞུགས་སམ། ཉིན་པར་སྤྱོད་པར་གཤེགས་སམ་

ཞེས་དྲི་བར་བྱ། དེ་སྟེ་ཉིན་པར་སྤྱོད་པར་འགྲོ་ན་ཡང་མཁན་པོའི་ཁྲིའུ་དང་གདིང་བ་དང་། རིལ་བ་སྤྱི་རིངས་ཁྱེར་ལ་མཁན་པོ་མདུན་དུ་བཅུག་སྟེ་ཉིན་པར་གང་ན་སྤྱོད་པར་འགྲོའོ། །སོང་ནས་མཁན་པོའི་སྟན་བཏིང་ལ་ལུང་མནོད་དགོས་ན་ཡང་ལུང་མནོད་པར་བྱ།

ཡིད་ལ་བྱེད་པ་མནོད་དགོས་ན་ཡང་ཡིད་ལ་བྱེད་པ་མནོས་ལ་ཕྱོགས་གཅིག་ཏུ་སོང་ནས་བསྒོམ་པར་བྱའོ། །དེ་ནས་དུས་ལ་བབ་ན་མཁན་པོའི་ཁྲིའུ་དང་། གདིང་བ་དང་། རིལ་བ་སྤྱི་རིངས་ཁྱེར་ཏེ། མཁན་པོ་མདུན་དུ་བྱས་ལ་འགྲོ་བར་བྱའོ། །དེ་སྟེ་གསོ་སྦྱིན་གྱི་དུས་

เล่ม ๑๓ · หน้า 304b

ལ་བབ་སྟེ། འདུ་བར་གྱུར་ན་ཡང་མཁན་པོའི་སྟན་ལྟེབས་ན་བརྐྱང་བར་བྱ། བརྐྱང་ན་ནི་ལེགས་པར་གདིང་བར་བྱ། དེ་ནས་དུས་སུ་བསྒོའམ། གཎྜཱི་བརྡུངས་ཀྱང་རུང་སྟེ། ལག་པ་གཡོན་པས་ནི་མཁན་པོའི་ལག་པ་ནས་བཟུང་། ལག་པ་གཡས་པས་ནི་མར་

མེ་ཐོགས་ཏེ་མཁན་པོ་མདུན་དུ་བྱས་ལ་གསོ་སྦྱིན་གྱི་གནས་སུ་འདོང་བར་བྱའོ། །སོ་སོར་ཐར་པའི་མདོ་བཀླགས་ཟིན་ན་མཁན་པོའི་དྲུང་དུ་སོང་ལ། མཁན་པོ་ཅི་གཤེགས་སམ། ཆོས་གསན་ཅིང་བཞུགས་ཞེས་དྲི་བར་བྱ། དེ་སྟེ་འགྲོ་ན་ལག་པ་གཡོན་པས་

མཁན་པོ་གཟུང་། ལག་པ་གཡས་པར་ནི་མར་མེ་ཐོགས་ཏེ་མཁན་པོ་མདུན་དུ་བྱས་ལ་གཙུག་ལག་ཁང་དུ་འདོང་བར་བྱའོ། །དེ་སྟེ་དུགས་ཁང་དུ་ཁྲུས་བྱེད་པ་ཞིག་ཏུ་གྱུར་ན་ནང་པར་སྔར་ལངས་ནས་མཁན་པོ་དེང་དུགས་ཁང་དུ་ཁྲུས་མཛད་ཀྱིས་ཆར་གསོལ་ཞེས་བསྒོ་བར་བྱ།

ལྷན་ཅིག་སྤྱོད་པས་མཁན་པོའི་ཕྱིར་དུགས་ཁང་དུ་སྟན་དང་ཁྲིའུ་དང་། རིལ་བ་སྤྱི་རིངས་དང་། ཁྲུས་རས་དང་དུགས་ཁང་གི་ཡོ་བྱད་གཞན་གང་ཡང་རུང་སྟེ་ཁྱེར་ཏེ་མཁན་པོ་མདུན་དུ་བྱས་ནས་དུགས་ཁང་དུ་འདོང་བར་བྱ། འོངས་ནས་ཀྱང་ཆོས་གོས་ཕྱོགས་གཅིག་ཏུ་

བཞག་ལ་མཁན་པོ་ལས་མི་ཉེ་མི་རིང་བར་འདུག་པར་བྱ། ནམ་མཁན་པོ་རྔུལ་བར་གྱུར་ན་དེ་ན་ལྷན་ཅིག་སྤྱོད་པ་དེས་དེ་ལ་རིམ་བཞིན་རྗེས་སུ་ལས་རྣམས་བྱ་སྟེ་བཀྲུ་བར་བྱའོ། །བཀྲུས་ནས་མདུན་དུ་བཅུག་སྟེ། གཙུག་ལག་ཁང་དུ་བསྐྱལ་བར་བྱ། དེའི་འོག་ཏུ་བདག་

ཉིད་བཀྲུ་བར་བྱ། དེ་སྟེ་ལྷན་ཅིག་སྤྱོད་པ་དེ་མཁན་པོའི་དྲུང་ནས་དགེ་བའི་ཆོས་མི་འཕེལ་བར་གྱུར་ན་མཁན་པོ་ལ་བདག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལ་གཏད་དུ་གསོལ་ཞེས་སྨྲོས་ཤིག །མཁན་པོས་ཀྱང་དགེ་སློང་དེ་ལ་དགེ་སློང་འདི་ཅི་འདྲ། དེའི་རྗེས་སུ་

འབྲང་བ་དང་དྲུང་ན་འདུག་པ་ཅི་འདྲ། འདིའི་ལུང་རྣམས་སྟོན་ཏམ། དེ་སྟེ་མི་སྟོན། རྗེས་སུ་སྟོན་ཏམ། དེ་སྟེ་མི་སྟོན་པ་བརྟག་པར་བྱ། དཔྱད་པར་བྱ། དེ་བཞིན་དུ་བརྟགས་དཔྱད་ནས་དེ་སྟེ་རུང་བ་ཞིག་ཏུ་གྱུར་ན། དེ་ལ་གཏད་པར་བྱ། དེ་སྟེ་རུང་བ་མ་ཡིན་ན་གཞན་ལ་

เล่ม ๑๓ · หน้า 305a

གཏད་པར་བྱའོ། །དེ་སྟེ་མཁན་པོ་ཉིད་རུང་བ་མ་ཡིན་ལ་ཚུལ་དང་མི་ལྡན་ན་མ་ཞུས་པར་སོང་ཡང་བླ་སྟེ། འདི་ནི་ལྷན་ཅིག་སྤྱོད་པའི་བྱ་བ་ཞེས་བྱའོ། །སློབ་དཔོན་གྱི་བྱ་བ་གང་ཞེ་ན། སློབ་དཔོན་གྱིས་ཉེ་གཡོག་རྣམས་ཤེས་པར་བྱ་བ་ནས་སྔ་མ་བཞིན་

ཏེ། ཕྱོགས་གང་ན་ཉེ་གཡོག་དེ་ཉོན་མོངས་ཤིང་འདུག་པ་ཞིག་ཏུ་གྱུར་ན་ཕྱོགས་དེ་ནས་དགུག་པར་བྱ། དགུག་ཏུ་གཞུག་པར་བྱ་སྟེ། འདི་ནི་སློབ་དཔོན་གྱི་བྱ་བ་ཞེས་བྱའོ། །ཉེ་གཡོག་གི་བྱ་བ་གང་ཞེ་ན། ཉེ་གཡོག་གིས་སློབ་དཔོན་ལ་སྟོན་པའོ་སྙམ་དུ་འདུ་ཤེས་

མངོན་དུ་བཞག་ལ་རིམ་གྲོ་བྱ་བ་ནས། སྔ་མ་བཞིན་མ་ཞུས་ཀྱང་འགྲོ་བར་བྱ་བའི་བར་དུ་སྟེ། དེ་ནི་ཉེ་གཡོག་གི་བྱ་བ་ཞེས་བྱའོ། །དགེ་ཚུལ་གྱི་བྱ་བ་གང་ཞེ་ན། དགེ་ཚུལ་གྱིས་མཁན་པོ་དང་སློབ་དཔོན་ལ་སྟོན་པའོ་སྙམ་དུ་འདུ་ཤེས་མངོན་དུ་བཞག་ལ་རིམ་གྲོ་བྱ་བ་ནས་

སྔ་མ་བཞིན་ནོ། །དེ་སྟེ་མཁན་པོའམ། སློབ་དཔོན་སྡིག་པ་ལྟ་བར་གྱུར་ན་རང་གིས་སླར་གཏང་བར་བྱ། ཡང་ན་གཏོང་དུ་འཇུག་པར་བྱ་སྟེ། དེ་ལྟར་སྤྲོ་བ་སྐྱེས་ན་ནི་དེ་བཞིན་ལེགས། མ་སྐྱེས་ན་འདས་པ་དང་བཅས་པར་འགྱུར་རོ། །དེར་ཡང་དགེ་ཚུལ་ཕས་ཇི་ལྟར་

མཁན་པོ་དང་། སློབ་དཔོན་ལ་བྱུང་ཞིང་གྱུར་པའི་རྣམས་ཇི་ལྟར་གྱིས་ཤིག་ཅེས་སྤྲོ་བ་བསྐྱེད་པར་བྱ་བ་དེ་བཞིན་དུ་མཁན་པོ་དང་། སློབ་དཔོན་གྱིས་ཀྱང་དགེ་ཚུལ་ཕ་ལ་བྱུང་ཞིང་གྱུར་པའི་རྣམས་ཇི་ལྟར་བྱ་ཞེས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ལ་ཞུ་བ་རྣམས་ནི་མ་གཏོགས་སོ། །

དགེ་ཚུལ་ཕས་མཁན་པོ་དང་། སློབ་དཔོན་གྱི་སྟན་གདིང་བ་ལ་སོགས་པ་བྱ་བ་སྔ་མ་བཞིན་ཏེ་བདག་ཉིད་ཐ་མར་བཀྲུ་བར་བྱ་བའི་བར་དུའོ། །འདི་ལྟར་དགེ་ཚུལ་ཕས་རྩྭ་སྔོན་པོ་མེད་པར་བྱ། མེ་ཏོག་རྣམས་བཏོག །འབྲས་བུ་རྣམས་བཏོག །སོ་ཤིང་རྣམས་སྦྱིན། ལྷུང་

བཟེད་ཀྱི་གཞི་ལོ་མ་རྣམས་སྦྱིན། རུང་བར་བྱ། དགེ་སློང་རྣམས་ལ་བྱིན་ལེན་དུ་གཞུག་པར་བྱ། མཛེས་པ་དང་། བག་ཡོད་པར་བསྒྲུབ་པར་བྱ། དེ་སྟེ་དགེ་ཚུལ་ཕ་དེ་མཁན་པོ་དང་སློབ་དཔོན་གྱི་དྲུང་ནས་དགེ་བའི་ཆོས་འཕེལ་བར་མི་འགྱུར་བ་ནས། སྔ་མ་བཞིན་མ་ཞུས་ཀྱང་སོང་

เล่ม ๑๓ · หน้า 305b

ཡང་བླ་བའི་བར་དུ་སྟེ། འདི་ནི་དགེ་ཚུལ་ཕའི་བྱ་བ་ཞེས་བྱའོ། །ནན་ཏན་དུ་བྱ་བ་གང་ཞེ་ན། དེ་སྟེ་དགེ་འདུན་གྱི་ཀུན་དགའ་ར་བར་གནོད་པ་ཞིག་བྱུང་ན་དེར་དགེ་སློང་གིས་ཇི་ལྟར་དེ་མི་ཤོར་ཞིང་ཟིན་པར་བྱ། དེ་སྟེ་རྣམ་གྲངས་གང་གིས་ཀྱང་ཟིན་པར་མ་གྱུར་ན་གཞན་དག་ལ་ནི་བབ་བབ་ཏུ་སྨྲ་བར་མི་

བྱའི། ཐོག་མར་རྒྱལ་པོའི་གནང་བ་རྣམས་ལ་བསྒོ་བར་བྱ། དེའི་འོག་ཏུ་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། དེད་དཔོན་དང་། ཞང་བློན་དང་། ཞབས་འབྲིང་བ་རྣམས་ལ་བསྒོ་བར་བྱ། དེ་ལ་ནན་ཏན་དུ་བྱ་བ་ནི་ཇི་ནས་ཚིག་གིས་བསྟན་པ་ཙམ་གྱིས་ཐར་པར་འགྱུར་

གྱིས་དེ་ལ་གསང་བའི་ལས་རྣམས་མི་འབྱུང་བར་བྱ་སྟེ། དེ་ནི་ནན་ཏན་དུ་བྱ་བ་ཞེས་བྱའོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བྱ་བ་གང་ཞེ་ན། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་སྔ་ན་མོའི་དགེ་སྦྱོང་ལས་རིང་ནས་ཀྱང་མ་ཡིན། ཤིན་ཏུ་བསྙེན་དེ་ཡང་མ་ཡིན། ཕྲག་པ་སྦྱར་

ཞིང་ཡང་མི་འགྲོ་བར་བྱ། ཁྱིམ་གྱི་ནང་དུ་འཇུག་ན་ཡང་གཏམ་གློ་བུར་དུ་དེ་ལ་མི་བྱ། ཕྱི་ནས་སྨྲ་བར་བྱ། དེས་བསྒོ་བ་རྣམས་བྱ། བཀུར་སྟིར་བྱ། བདག་དམན་པར་བྱ། འཇིགས་པ་དང་དབང་དུ་འགྱུར་བར་བྱ། དགེ་སྦྱོང་སྔ་ན་པོ་ཆོས་མ་ཡིན་པ་ཞིག་སྨྲ་ན་སླར་དགག་

པར་བྱ། ཆོས་བཞིན་དུ་སྨྲ་ན་རྗེས་སུ་ཡི་རང་བར་བྱ། དེ་ལ་ཆོས་བཞིན་པའི་རྙེད་པ་ཞིག་བྱུང་ན་བླང་བར་བྱ་སྟེ་འདི་ནི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་འགྲོ་བའི་བྱ་བ་གང་ཞེ་ན། རིགས་སུ་སྟོན་པའི་དགེ་སློང་གིས་དྲེགས་པར་མི་བྱ།

ང་རྒྱལ་མི་བསྐྱེད། མི་བརྟན་པར་མི་བྱ། བྱུང་རྒྱལ་དུ་མི་སྨྲ། མི་གཙིགས་པར་མི་བྱ། ཡང་དག་པར་ཤེས་པར་བྱ། ཉེ་བར་གཞག་པར་བྱ། སེམས་མི་གཡེང་བར་བྱ། དགའ་བར་འགྱུར་བ་དང་། སྤྱོད་ལམ་མཛེས་པར་བྱ། ཤིན་ཏུ་བསྡམ་པ་དང་། ཤིན་ཏུ་བཀབ་

པ་དང་། སྒྲ་ཆུང་བ་དང་། མིག་གཉའ་ཤིང་གང་ཙམ་ལས་མི་གཡེང་བར་བྱ། བཀུར་སྟིར་བཅས། བདག་ཉིད་དམན་པར་བཅས། འཇིགས་པ་དང་། དབང་དུ་འགྱུར་བར་བཅས། ཡིད་དམན་པ་དང་། སེམས་ཕྱགས་མ་དང་འདྲ་བར་བྱ། རྙེད་པ་དང་བཀུར་སྟི་ལ་འདོད་པར་

เล่ม ๑๓ · หน้า 306a

མི་བྱ། ཕན་པར་བྱེད་པ་དེ་ནི་གྲོང་དུ་འགྲོ་བར་བྱེད་པའི་བྱ་བ་ཞེས་བྱའོ། །གྲོང་དུ་འགྲོ་བའི་བྱ་བ་གང་ཞེ་ན། དགེ་སློང་གྲོང་དུ་འགྲོར་འདོད་ན་ཤེས་བཞིན་དུ་འགྲོ་བར་བྱ། དྲན་པ་ཉེ་བར་གཞག་པར་བྱ། སེམས་མི་གཡེང་བར་བྱ། དབང་པོ་བསྡམ་པར་

བྱ། ཡིད་མི་གཡེང་བར་བྱ། སྔ་ཕྱི་ལ་འདུ་ཤེས་པ་དང་། བླ་འོག་ལ་འདུ་ཤེས་གཞག །དགེ་སློང་དྲན་པ་ཉམས་བཞིན་དུ་གྲོང་དུ་འགྲོ་ན་ཉེས་པའི་དམིགས་རྣམ་པ་ལྔར་རིག་པར་བྱ་སྟེ། དགེ་སློང་འཁོད་པ་རྣམས་ལ་མ་བསྒོ་བཞིན་དུ་གྲོང་དུ་དུས་མ་ཡིན་པར་

འཇུག་པ་དང་། མ་བརྟགས་པར་སྟན་ལ་འདུག་པ་དང་། རིག་པའི་སྐྱེས་པ་མེད་བཞིན་དུ་བུད་མེད་ལ་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་སྟོན་པ་དང་། བུད་མེད་དང་ལྷན་ཅིག་གཉིས་སུ་སྐྱབས་ཡོད་པ་དབེན་པ་ན་འདུག་པར་བྱེད་པ་དང་། སྨན་དང་ནད་དུ་བཅས་

པའི་གྲོང་དུ་ནན་གྱིས་སྟན་ལ་འདུག་པར་བྱེད་པའོ། །དགེ་སློང་དྲན་པ་ཉམས་བཞིན་དུ་གྲོང་དུ་འགྲོ་ན་གཞན་ཡང་ཉེས་པའི་དམིགས་རྣམ་པ་ལྔར་རིག་པར་བྱ་སྟེ། ཕྱི་ཕྱིར་བུད་མེད་ལ་བལྟ་བ་དང་། ལྟ་བ་ལས་ཀྱང་གཏམ་དུ་འཛེར་བ་དང་། གཏམ་ཟེར་བ་ལས་ཆགས་

པར་གྱུར་པ་དང་། ཆགས་པར་གྱུར་པ་ལས་ཚུལ་བཞིན་མི་བྱེད་པ་དང་། ཚུལ་བཞིན་ཡིད་ལ་མི་བྱེད་པས་ན་མ་དད་བཞིན་མི་ཚངས་པར་སྤྱོད་པར་འགྱུར་ཏེ། ཉེས་པ་འབྱུང་བར་འགྱུར་བའམ། ཡང་ན་བསླབ་པ་ཕུལ་ནས་སླར་བབས་པར་འགྱུར་རོ། །དྲན་པ་ཉེ་བར་

བཞག་བཞིན་དུ་གྲོང་གི་ནང་དུ་འཇུག་ན་ཉེས་པའི་དམིགས་དེ་ལྟ་བུ་འབྱུང་བར་མི་འགྱུར་ཏེ། དེ་ནི་གྲོང་དུ་འགྲོ་བའི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་སོང་བའི་བྱ་བ་གང་ཞེ་ན། གྲོང་དུ་སོང་བའི་དགེ་སློང་གིས་གཏམ་སྣ་ཚོགས་མི་སྨྲ། གཏམ་ངན་པ་མི་བྱ། ཆོས་ཀྱི་

གཏམ་སྨྲ་བར་བྱ། གཏམ་རྒྱུད་མི་ཆད་པར་བྱ། ཁྱིམ་པའི་རྣམས་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། བསྟབས། ཡང་དག་པར་གཟེངས་བསྟོད་པར་བྱ། རབ་ཏུ་མགུ་བར་བྱ། སྐྱབས་སུ་འགྲོ་བའི་བསླབ་པའི་གནས་འཛིན་དུ་གཞུག །དུས་ཁྲིམས་ལ་

เล่ม ๑๓ · หน้า 306b

གནས་པ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། སྦྱིན་པ་དང་། དུལ་བ་དང་། སྡོམ་པ་དང་། སྐྱེས་བུ་དམ་པ་བསྙེན་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་བྱེད་པ་དང་། ལམ་མ་ཡིན་པ་ལ་

ལམ་མ་ཡིན་པར་དེ་ལྟར་ཡང་དག་པར་བསྒྲག་པར་བྱ། ཡེ་ཤེས་དང་ལྟ་བ་རྣམ་པར་སྦྱང་བར་བྱ་སྟེ། དེ་ནི་གྲོང་དུ་ཉེ་བར་སོང་བའི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་སོང་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གྲོང་དུ་སོང་བའི་དགེ་སློང་གནས་བརྟན་གྱིས་དེ་ན་དགེ་སློང་གསར་བུ་

རྣམས་ལ་བསྒོ་བར་བྱ། རྗེས་སུ་བསྟན་པར་བྱ། ཅི་རྒྱགས་པ་དང་། དྲེགས་པ་དང་། ལུས་ལ་འཚོག་པ་དང་། རྩེད་མོ་མི་བྱེད་པར་བྱ། དགའ་བར་འགྱུར་བ་ལ་གཞུག་པར་བྱ། ཇི་ལྟར་མཚུངས་པར་སྤྱོད་པ་བཅས་པ་ལ་གཞུག་པར་བྱ། དེ་དག་གིས་ཀྱང་

དེས་ཇི་ལྟར་བསྒོ་བ་དང་། རྗེས་སུ་བསྟན་པའི་ཚིག་རྣམས་ལ་མཉན་པར་བྱ་སྟེ། དེ་གྲོང་དུ་སོང་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གཞི་ན་གནས་པའི་བྱ་བ་གང་ཞེ་ན། གཞི་ན་གནས་པའི་དགེ་སློང་གིས་མདངས་བཟང་བ་དང་། ཁྲོ་གཉེར་དང་བྲལ་བར་བྱ། དྲན་པ་

ཐོག་མར་འགྲོ་བ་དང་། ཐོག་མར་སྨྲ་བར་བྱ་སྟེ། ཚུར་སྤྱོན་བདེ་བར་བྱོན་ནམ་ཞེས་ཚིག་སྙན་པ་དང་། ཚིག་ཡིད་དུ་འོང་བ་དང་། མགུ་བར་འགྱུར་བས་སྨྲ་བར་བྱ། གློ་བུར་དུ་ལྷགས་པའི་དགེ་སློང་དག་མཐོང་ནས་མཛའ་བའི་ཚུལ་གྱིས་མདུན་དུ་བསུ་བར་བྱ། སྙན་པའི་

ཚིག་གིས་རབ་ཏུ་དགའ་བར་བྱ། བདེ་བ་ལ་རེག་པར་སྤྱོད་དམ། བདེ་བར་ལྷགས་སམ་ཞེས་དྲི་བར་བྱ། དེ་སྟེ་རྒན་པ་ཞིག་ཡིན་ན་ནི་དེ་ལ་ཕྱག་བྱས་ནས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་གཙུག་ལག་ཁང་གི་ནང་དུ་བཅུག་ལ་སྟན་ལ་གཞག་པར་བྱ། རྐང་པ་བཀྲུ་ཞིང་བླ་

མར་བྱ། སྐོམ་ན་ཆུ་གྲང་མོ་བླུད་པར་བྱ། ཇི་ལྟར་ནུས་ཤིང་མགུ་བར་འགྱུར་བའི་ཆོས་བཞིན་བསྒྱུར་བར་བྱ། ཇི་ལྟར་རིགས་པ་བཞིན་མལ་སྟན་རྣམས་ཀྱང་སྦྱིན་པར་བྱ། ཇི་སྲིད་དུ་འདུག་པ་དེ་ལ་ཕ་དང་། ཕུ་ནུ་དང་། བུ་ལྟར་འདུ་ཤེས་མངོན་དུ་གཞག་ཅིང་གཟུང་བར་བྱའོ། །

เล่ม ๑๓ · หน้า 307a

ན་ན་ཡང་གཡེལ་བར་མི་དོར་ཏེ། དེ་ནི་གཞི་ན་གནས་པའི་བྱ་བ་ཞེས་བྱའོ། །ངལ་བསོ་བའི་བྱ་བ་གང་ཞེ་ན། གློ་བུར་དུ་འོངས་པའི་དགེ་སློང་གིས་གཙུག་ལག་ཁང་དུ་འོངས་ན་དེས་གཞི་ན་གནས་པའི་དགེ་སློང་དག་ལས་མལ་སྟན་གྱི་རྣམས་བརྐམ་

ཞིང་རིངས་ཐབས་སུ་དགུག་པར་མི་བྱ། སྣང་བའི་གནས་སུ་འདུག་པར་བྱ། སྤྱོད་ལམ་བཟང་བར་བྱ། ལེགས་པར་བགོ་བར་བྱ། ལེགས་པར་བསྡམ་པར་བྱའོ། །འདི་ཡང་ངལ་བསོ་བའི་བྱ་བ་ཡིན་ཏེ། གཞི་ན་གནས་པའི་དགེ་སློང་དག་གིས་དགེ་སློང་གློ་བུར་

དུ་ལྷགས་པ་མཐོང་ན་དེ་སྟེ་ངོ་ཤེས་ན་ངལ་བསོ་བར་བྱ། ཇི་ལྟར་མཚུངས་པར་སྤྱོད་པའི་ཆོས་བཅས་པ་བཞིན་དུ་མཚུངས་པར་སྤྱད་པར་བྱ། དེ་སྟེ་ངོ་མི་ཤེས་ན་བབ་བབ་ཏུ་ངལ་བསོ་བར་མི་བྱ། དགེ་སློང་དག་ལ་ཡང་ཚེ་དང་ལྡན་པ་འདི་སུའི་ལྷན་ཅིག་སྤྱོད་པ་ཡིན། འདི་

སྤྱོད་པ་ཇི་ལྟ་བུ་ཞེས་དྲི་བར་བྱའོ། །དེ་སྟེ་དེའི་སྤྱོད་པ་དང་། སྤྱོད་ཡུལ་དང་། ཚུལ་ཁྲིམས་དང་། སྡོམ་པ་དང་། མཚུངས་པར་སྤྱོད་པའི་རྣམས་རྟོགས་ན་གདོད་ངལ་བསོ་བར་བྱའོ། །དེ་གཅིག་པུ་ལ་གཙུག་ལག་ཁང་གཏད་པར་མི་བྱ། དགེ་འདུན་གྱི་མཛོད་

དང་། བང་བ་དང་། དགེ་འདུན་གྱི་མལ་ལ་དབང་དུ་གཞུག་པར་མི་བྱ། ཤིན་ཏུ་རྟོགས་པར་བྱས་ལ་གདོད་ཡིད་གཅུགས་པར་བྱ་བ་དེ་ནི་ངལ་བསོ་བའི་བྱ་བ་ཞེས་བྱའོ། །བར་སྣང་གི་བྱ་བ་གང་ཞེ་ན། བར་སྣང་ཐམས་ཅད་ནི་མཚམས་གཅིག་པ་མ་ཡིན་ཏེ། དེར་

གནས་པ་དང་། འདི་ན་གནས་པ་ལྷན་ཅིག་ཏུ་ལས་བྱ་ཞིང་བསྐྱོ་བ་ཡང་མི་བརྩན། འདི་ན་གནས་པ་དང་དེ་ན་གནས་པ་དག་ལྷན་ཅིག་ཏུ་ལས་བྱས་པར་མི་འགྱུར། བསྐྱོས་པ་ཡང་མི་བརྩན་ནོ། །དགེ་སློང་སྐྱ་རེངས་མ་ཤར་བར་ཆོས་གོས་མེད་བཞིན་དུ་སྟེང་དུ་མི་འབྱུང་། དབྱར་

ཚུལ་དུ་ཞུགས་ན་ཡང་ཞག་བདུན་ནམ། ཞག་བཞི་བཅུར་བྱིན་གྱིས་མ་བརླབས་པར་ནམ་མཁའ་ལ་བྱུང་ཞིང་གནས་པར་མི་བྱའོ། །དེ་སྟེ་བྱུང་ཞིང་གནས་ན་ཆོས་གོས་དང་བྲལ་བར་འགྱུར་ལ་དབྱར་ཀྱང་ཞིག་པར་འགྱུར་ཏེ། འདི་ནི་བར་སྣང་གི་བྱ་བ་ཞེས་བྱའོ། །གཏན་པའི་བྱ་བ་གང་ཞེ་ན། གཏན་

เล่ม ๑๓ · หน้า 307b

པ་ལ་ཡོན་ཏན་ལྔ་སྟེ། ཞག་གཅིག་གིས་བྲལ་བ་མེད། ཞག་བཅུའི་འདའ་བ་མེད། ཟླ་བ་གཅིག་གིས་འདའ་བ་མེད། ཇི་སྙེད་དུ་དགོས་པའི་གོས་རྣམས་བྱིན་གྱིས་མ་བརླབས་ཀྱང་འཆང་དུ་རུང་། སྟོད་གཡོགས་དང་མཐང་གོས་ཀྱིས་ལྗོངས་རྒྱུ་བར་རུང་ངོ་། །

གཞན་ཡང་གཏན་པ་ལ་ཡོན་ཏན་རྣམ་པ་ལྔ་སྟེ། འདུས་ཤིང་ཟ་བ་མེད། ཡང་ཡང་ཟ་བ་མེད། ཕྱི་མ་ལ་མ་བསྒོ་བར་འགྲོ་བ་མེད་ཆོས་གོས་ཇི་དགོས་པ་ཚོལ་དུ་རུང་། སྟོན་ཟླ་ཐ་ཆུངས་ནས་དཔྱིད་ཟླ་ར་བའི་བར་དུ་དབྱར་ཚུལ་དུ་ཞུགས་པའི་དགེ་སློང་དགེ་འདུན་གྱི་རྙེད་

པ་མ་བགོས་ཤིང་བཞག་པ་དེ་ཡང་གཏན་པ་བཏིང་བ་རྣམས་ཀྱིས་མ་དད་ན་གཞན་ལ་མི་སྦྱིན་ནོ། །དེ་ནི་གཏན་པའི་བྱ་བ་ཞེས་བྱའོ། །ཆུ་ཚགས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་ཆུ་ཚགས་མེད་ན་ལམ་དུ་ཞུགས་ཤིང་འགྲོ་བར་མི་བྱའོ། །དེ་སྟེ་ཆུ་རྒྱུན་དུ་འབབ་ལ་དེ་ཡང་རུང་བར་གྱུར་

དེ་ཆུ་གཞན་དང་མ་འདྲེས་པ་ཞིག་གམ། ཁྲོན་པ་རུང་བ་ཞིག་གམ། རྒྱང་གྲགས་ཕྱེད་ཕྱེད་དུ་གཙུག་ལག་ཁང་རྒྱུན་ཆགས་པར་ཡོད་པ་མ་གཏོགས་ཏེ་དེ་ནི་ཆུ་ཚགས་ཀྱི་བྱ་བ་ཞེས་བྱའོ། །འཆག་སའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་འཆག་ས་རྣམ་པ་གཉིས་

རྗེས་སུ་གནང་སྟེ། བསམ་གཏན་ལ་ཞུགས་པ་དང་། ཁ་ཏོན་ལ་ཞུགས་པའོ། །བསམ་གཏན་ལ་ཞུགས་པའི་འཆག་ས་ནི་ཁྲུ་བཅོ་བརྒྱད་དོ། །ཁ་ཏོན་ལ་ཞུགས་པའི་འཆག་ས་ནི་ཁྲུ་བཅུ་གཉིས་ཏེ་དེ་ནི་འཆག་སའི་བྱ་བ་ཞེས་བྱའོ། །འཆག་པའི་བྱ་བ་གང་ཞེ་ན།

དགེ་སློང་འཆག་པར་འདོད་ན་དེས་དྲག་ཏུ་ཡང་མ་ཡིན། དལ་ནས་འཆག་པར་བྱ། ཤེས་བཞིན་དུ་འཆག་པར་བྱ། དྲན་པ་ཉེ་བར་གཞག །དབང་པོ་ནང་དུ་གཞག །ཡིད་ཕྱིར་མི་དབྱུང་བར་བྱ། རྡེག་མི་འཆོས་པར་བྱ། ཕན་ཚུན་མི་འཁྱོར་བར་བྱ། དྲང་པོར་འཆག་པར་

བྱ། དེ་སྟེ་དྲང་པོར་འཆག་མི་ནུས་ན་སྲད་བུ་བྲེ་བར་བྱ། སྲད་བུ་བྲེས་པ་ལ་སྔུ་བུ་བཅུག་ནས་དེ་ལ་འཇུ་ཞིང་འཆག་པར་བྱ་སྟེ། འདི་ནི་འཆག་པའི་བྱ་བ་ཞེས་བྱའོ། །འཕྱེན་གྱི་བྱ་བ་གང་ཞེ་ན། སྟོན་པའི་མདུན་དུ་མི་གཏང་། མཆོད་རྟེན་གྱི་དྲུང་དུ་མ་ཡིན། མཁན་པོ་དང་སློབ་

เล่ม ๑๓ · หน้า 308a

དཔོན་གྱི་དྲུང་དུ་མ་ཡིན། བླ་མའི་དྲུང་དུ་མ་ཡིན། བླ་མར་བྱ་བའི་དྲུང་དུ་མ་ཡིན། གྲོང་གི་ནང་དུ་སྐྱེ་བོའི་མདུན་དུ་མ་ཡིན། ཕྱི་ཕྱིར་གཏང་བར་མི་བྱ། དེ་སྟེ་ཡང་ཕྱི་ཕྱིར་གཏོང་བ་ཞིག་ཏུ་གྱུར་ན་གནས་གུད་དུ་སོང་ལ་གཏང་བར་བྱའི། དེའི་རྐྱེན་གྱིས་གཞན་

ལ་མི་བདེ་བར་འགྱུར་བར་མི་བྱ་སྟེ། འདི་ནི་འཕྱེན་གྱི་བྱ་བ་ཞེས་བྱའོ། །གཞར་བའི་བྱ་བ་གང་ཞེ་ན། དགེ་སློང་གཞར་འདོད་ན་རྣོ་བའི་ཡོ་བྱད་ཀྱིས་གཞར་བར་མི་བྱ། རྩྭ་བསྡུས་པས་མི་བྱ། ལོ་མའམ། ར་དའམ། འཇམ་པ་གཞན་གྱིས་གཞར་བར་བྱ་སྟེ། དེ་ནི་

གཞར་བའི་བྱ་བ་ཞེས་བྱའོ། །བཤང་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་བབ་བབ་ཏུ་བཤང་བར་མི་བྱ། རྩིག་པའི་དྲུང་དུ་མ་ཡིན། ཤིང་གི་དྲུང་དུ་མ་ཡིན། ཤེས་བཞིན་དུ་ཕྱོགས་གཅིག་ཏུ་བཤང་བར་བྱའོ། །དེ་སྟེ་ཕྱི་ཕྱིར་བཤང་བ་ཞིག་ཏུ་གྱུར་ན་བཤང་བའི་

གྱོ་མོ་དྲུང་དུ་གཞག་པར་བྱ། ཡང་ན་ཁུང་བུ་བརྐོ་བར་བྱ་སྟེ། འདི་ནི་བཤང་བའི་བྱ་བ་ཞེས་བྱའོ། །བཤང་སའི་བྱ་བ་གང་ཞེ་ན། དགེ་སློང་བཤང་སར་འགྲོ་བར་འདོད་པས་སྔ་ན་འདུག་པས་ཚོར་བར་བྱ་བའི་ཕྱིར་སེ་གོལ་གཏོགས་པར་བྱ། སྔོན་དུ་ཞུགས་པས་ལུད་པ་

དབྱུང་བར་བྱ། ཤེས་བཞིན་དུ་ནང་དུ་འགྲོ་བར་བྱ། ཆོས་གོས་ལེགས་པར་བརྫེས་ནས་འདུག་པར་བྱ། བཤང་སའི་ཁུང་བུར་རྐང་རྟེན་གཉིས་ལ་ལེགས་པར་བརྟགས་ནས་དབུས་སུ་འདུག་པར་བྱ། བཤང་བ་མི་འོང་བ་ལ་ནན་གྱིས་གཟིར་བར་མི་བྱ། འོང་བ་ལའང་དགག་

པར་མི་བྱ་སྟེ། དེ་ནི་བཤང་སའི་བྱ་བ་ཞེས་བྱའོ། །བཤང་སའི་ཁུང་བུའི་བྱ་བ་གང་ཞེ་ན། དགེ་སློང་བཤང་བར་འདོད་ན་དལ་ནས་བགས་ཀྱིས་ཤེས་བཞིན་དུ་བཤང་བར་བྱ། བཤང་སའི་ཁུང་ཁ་རྣམས་སུ་གོས་ཤིང་ཆགས་པར་མི་བྱ་སྟེ། འདི་ནི་བཤང་སའི་ཁུང་བུའི་བྱ་བ་

ཞེས་བྱའོ། །བཤང་སར་གནས་བརྟན་གྱི་བྱ་བ་གང་ཞེ་ན། བཤང་སར་དགེ་སློང་གནས་བརྟན་གྱིས་གསར་བུ་འདུག་པ་སླར་བསླང་བར་མི་བྱ། བཤང་སར་འདུག་པ་ལས་སླར་བསླང་བར་མི་བྱ་བ་ནི་ཆུང་ངུ་བཤང་སའི་ནང་དུ་ཞུགས་པ་ལས་སླར་བཟློག་པར་མི་བྱ་སྟེ། དེ་ནི་བཤང་

เล่ม ๑๓ · หน้า 308b

སར་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །བཤང་སའི་ཁོར་ཡུག་གི་བྱ་བ་གང་ཞེ་ན། དགེ་སློང་བཤང་སའི་ཉེ་འཁོར་ན་འགྲེང་བར་མི་བྱ། འདུག་པར་མི་བྱ། འཆག་པར་མི་བྱ། ལུང་བསྒོ་བར་མི་བྱ། ལུང་ནོད་པར་མི་བྱ། དྲན་པར་མི་བྱ། སླར་འདྲི་བར་མི་བྱ།

རྣལ་འབྱོར་དང་ཡིད་ལ་བྱེད་པ་མི་བྱ། གཏམ་ལ་ཞུགས་ཤིང་མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། ཆོས་གོས་ཀྱི་ལས་མི་བྱ། སོ་ཤིང་འཆའ་བར་མི་བྱ། ལག་པ་དང་རྐང་པ་བཀྲུ་བར་མི་བྱ། བྱའོ་ཅོག་ཐམས་ཅད་ཀྱང་བཤང་སའི་ཕྱོགས་ཀུན་ཏུ་མི་བྱའོ། །བཤང་

སའི་གནས་སུ་ངེས་པར་བྱ་བའི་རྣམས་ནི་མ་གཏོགས་ཏེ། འདི་ནི་བཤང་སའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །གཅི་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་བབ་བབ་ཏུ་གཅི་བར་མི་བྱ། རྩིག་དྲུང་དུ་གཅི་བར་མི་བྱ། ཤིང་དྲུང་དུ་གཅི་བར་མི་བྱ། ཤེས་བཞིན་དུ་ཕྱོགས་

གཅིག་ཏུ་གཅི་བར་བྱའོ། །དེ་སྟེ་གཅིན་སྙི་བར་གྱུར་ན་གཅིན་སྣོད་གྱོ་མོ་གཏད་པར་བྱ། ཡང་ན་ཁུང་བུ་བརྐོ་བར་བྱ་སྟེ། འདི་ནི་གཅི་བའི་བྱ་བ་ཞེས་བྱའོ། །གཅི་བའི་སའི་བྱ་བ་གང་ཞེ་ན། དགེ་སློང་གཅི་སར་འཇུག་པར་འདོད་ན་དེས་སྔ་ན་འདུག་པས་ཚོར་བར་བྱ་བའི་ཕྱིར་

སེ་གོལ་གཏོགས་ནས་སྔ་མ་བཞིན་ཏེ། མི་བྲོ་བ་ལ་ནི་མི་གཟིར། བྲོ་བ་ལ་ནི་མི་དགག་པའི་བར་དུ་སྟེ། འདི་ནི་གཅི་བའི་སའི་བྱ་བ་ཞེས་བྱའོ། །གཅི་བའི་ཁུང་གི་བྱ་བ་གང་ཞེ་ན། དགེ་སློང་གིས་གཅི་སའི་ཁུང་ཁར་བགས་ཀྱིས་ཤེས་བཞིན་དུ་གཅི་བར་བྱ། གཅིན་

ཁུང་གི་ཁར་མི་གཏོར་བ་དང་། མི་སྦྲེས་པར་བྱ་སྟེ། དེ་ནི་གཅི་སའི་བྱ་བ་ཞེས་བྱའོ། །གཅི་སར་གནས་བརྟན་གྱི་བྱ་བ་གང་ཞེ་ན། གཅི་སར་དགེ་སློང་གནས་བརྟན་གྱིས་གཅི་སར་དགེ་སློང་གསར་བུ་གཅི་ཞིང་འདུག་པ་བསླང་བར་མི་བྱ། གཅི་སར་འདུག་པ་ལས་

མི་བསླང་བར་བྱ་བ་ནི་ཆུང་ངུ་ན་གཅི་སར་ཞུགས་པ་ཡང་བཟློག་པར་མི་བྱ་སྟེ། འདི་ནི་གཅི་སར་གནས་བརྟན་གྱི་བྱ་བ་ཞེས་བྱ་བའོ། །གཅི་སའི་ཉེ་འཁོར་གྱི་བྱ་བ་གང་ཞེ་ན། དགེ་སློང་གཅི་སའི་ཉེ་འཁོར་དུ་འགྲེང་བར་མི་བྱ་བ་ནས་སྔ་མ་བཞིན་ཏེ། གཅི་བའི་ཉེ་འཁོར་གྱི་

เล่ม ๑๓ · หน้า 309a

བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བའི་བར་དུ་སྟེ། དེ་ནི་གཅི་བའི་སའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །བཀྲུ་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་མ་བཀྲུས་ཀྱི་བར་དུ་སྟོན་པ་ལ་ལྟར་འགྲོ་བར་མི་བྱ། མཆོད་རྟེན་ལ་མ་ཡིན། མཁན་པོ་དང་།

སློབ་དཔོན་ལ་མ་ཡིན། བླ་མ་ལ་མ་ཡིན། བླ་མར་བྱ་བ་ལ་མ་ཡིན་ཏེ། ཕྱག་མི་བྱ། ཁ་ཏོན་མི་བྱ། ལུང་མི་བསྒོ། བླང་བར་མི་བྱ། དྲན་པར་མི་བྱ། ཀུན་དྲི་བར་མི་བྱ། གྲོང་དུ་འཇུག་པར་མི་བྱ། ཟས་ལ་འདུག་པར་མི་བྱ། སྐྱོ་མ་ལ་འདུག་

པར་མི་བྱ། ཐུག་པ་ལ་འདུག་པར་མི་བྱ། འཐུང་བ་ལ་འདུག་པར་མི་བྱ། ཆོས་བཤད་པ་ལ་འདུག་པར་མི་བྱ། ཕྱོགས་བཞིའི་དགེ་འདུན་གྱི་མལ་སྟན་ལ་འདུག་པར་མི་བྱ། ན་བར་གྱུར་ན་ནི་ཉེས་པ་མེད་དེ། ཡང་ན་མིའི་ལྷ་ཆུ་ཡིན་པར་གྱུར་ཏམ། དེ་སྟེ་

ཆུ་མ་འབྱོར་ཏམ། དེ་སྟེ་བཀྲུ་བར་མི་རུང་བའི་སྨན་ཅིག་བཏང་བ་ནི་མ་གཏོགས་ཏེ། དེ་ནི་བཀྲུ་བའི་བྱ་བ་ཞེས་བྱའོ། །བཀྲུ་བའི་གནས་ཀྱི་བྱ་བ་གང་ཞེ་ན། བཀྲུ་བའི་གནས་སུ་འགྲོ་བའི་དགེ་སློང་གིས་སེ་གོལ་གཏོགས་ནས་སྔ་མ་བཞིན་བཀྲུ་བའི་གནས་ཀྱི་དབུས་

སུ་འདུག་པར་བྱ་བའི་བར་དུ་སྟེ། འདི་ནི་བཀྲུ་བའི་གནས་ཀྱི་བྱ་བ་ཞེས་བྱའོ། །བཀྲུ་བའི་གནས་སུ་རྐང་པ་བཞག་པའི་གནས་ཀྱི་བྱ་བ་གང་ཞེ་ན། ཁྲུས་བྱེད་པར་འདོད་པའི་དགེ་སློང་གིས་བཀྲུ་བའི་ཚེ་བཀྲུ་བའི་གནས་སུ་ཁ་ཆུས་མི་དགང་བ་དང་། ཆུས་མ་གཤེར་བར་བྱ་

སྟེ། འདི་ནི་བཀྲུ་བའི་གནས་ཀྱི་རྐང་པ་བཞག་པའི་གནས་ཀྱི་བྱ་བ་ཞེས་བྱའོ། །ཁྲུས་ཀྱི་སར་གནས་བརྟན་གྱི་བྱ་བ་གང་ཞེ་ན། ཁྲུས་སར་དགེ་སློང་གནས་བརྟན་གྱིས་ཁྲུས་སར་དགེ་སློང་གསར་བུ་བསླང་བར་མི་བྱ། ཁྲུས་ལ་ཞུགས་པ་ལས་མི་བསླང་བ་ནི་ཆུང་ངུ་

เล่ม ๑๓ · หน้า 309b

ན་ཁྲུས་སར་ཞུགས་པ་ལས་བཟློག་པར་མི་བྱ་སྟེ། དེ་ནི་ཁྲུས་སར་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ཁྲུས་སའི་ཉེ་འཁོར་གྱི་བྱ་བ་གང་ཞེ་ན། དགེ་སློང་གིས་ཁྲུས་སའི་ཉེ་འཁོར་དུ་འགྲེང་ཞིང་འདུག་པར་མི་བྱ་བ་ནས་སྔ་མ་བཞིན་ཁྲུས་སའི་ཉེ་འཁོར་དུ་བྱ་བའི་རྣམས་ནི་མ་

གཏོགས་པའི་བར་དུ་སྟེ། དེ་ནི་ཁྲུས་སའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །མཆིལ་མའི་བྱ་བ་གང་ཞེ་ན། དེ་ནི་དགེ་སློང་གིས་སྒྲ་དང་བཅས་པར་མཆིལ་མ་དོར་བར་མི་བྱ། ལྕེ་དྲིལ་བར་སོས་མནན་པར་མི་བྱ། སྟོན་པའི་སྤྱན་སྔར་མ་ཡིན། མཆོད་རྟེན་གྱི་དྲུང་དུ་མ་

ཡིན། མཁན་པོ་དང་། སློབ་དཔོན་གྱི་དྲུང་དུ་མ་ཡིན། བླ་མའི་དྲུང་དུ་མ་ཡིན། བླ་མར་གྱུར་པའི་དྲུང་དུ་མ་ཡིན། ཟན་ཟ་བ་ན་མ་ཡིན། འཐུང་བ་ལ་མ་ཡིན། ཡོངས་སུ་ལས་བྱ་བའི་སར་མ་ཡིན། དགེ་སློང་གིས་བབ་བབ་ཏུ་མཆིལ་མ་དོར་བར་མི་བྱ།

མཆིལ་མ་དོར་ནས་ཕྱལ་བར་མི་བྱ་སྟེ། ཡང་ན་རྐང་པས་ཉེས་ཤིག །ཡང་ན་སས་ཁོབ་ཤིག །དགེ་སློང་གིས་མཆིལ་མ་ཕྱི་ཕྱིར་དོར་བར་མི་བྱའོ། །དེ་སྟེ་ཕྱི་ཕྱིར་འདོར་ན་དེའི་རྐྱེན་གྱིས་གཞན་མི་བདེ་བར་མི་འགྱུར་བའི་ཕྱིར་གནས་གཞན་དུ་འགྲོ་བར་བྱ་སྟེ། དེ་ནི་

མཆིལ་མའི་བྱ་བ་ཞེས་བྱའོ། །མཆིལ་མའི་སྣོད་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མཆིལ་མ་དོར་བའི་ཕྱིར་མཆིལ་མའི་སྣོད་རྣམ་པ་གཉིས་གནང་སྟེ། རྫ་མཁན་གྱིས་བྱས་པ་དང་། བདག་ཉིད་ཀྱིས་བྱས་པའོ། །དགེ་སློང་

གིས་མཆིལ་མའི་སྣོད་དུས་དུས་སུ་བརྟག་པར་བྱ། བསྐམ་པར་བྱ། དབེན་པར་གཞག་པར་བྱ། ཤིན་ཏུ་བཀྲུ་བར་བྱ། ཅི་ནས་དེའི་རྐྱེན་གྱིས་ཕྱི་ཕྱིར་ཚོལ་བར་མི་འགྱུར་བར་བྱ་སྟེ། དེ་ནི་མཆིལ་མའི་སྣོད་ཀྱི་བྱ་བ་ཞེས་བྱའོ། །སོ་ཤིང་གི་བྱ་བ་གང་ཞེ་ན།

དགེ་སློང་གིས་སོ་ཤིང་རིང་པོ་བཅའ་བར་མི་བྱ། ཤིན་ཏུ་ཐུང་བའང་མ་ཡིན། ཤིན་ཏུ་སྦོམ་པ་ཡང་མ་ཡིན། ཤིན་ཏུ་ཕྲ་བ་ཡང་མ་ཡིན། ཡུན་རིང་དུ་ཡང་མ་ཡིན། སྟོན་པའི་སྤྱན་སྔར་མ་ཡིན། མཆོད་རྟེན་གྱི་དྲུང་དུ་ཡང་མ་ཡིན། མཁན་པོ་དང་། སློབ་

དཔོན་གྱི་ཐད་དུ་ཡང་མ་ཡིན། བླ་མའི་ཐད་དུ་ཡང་མ་ཡིན། བླ་མར་གྱུར་པའི་དྲུང་དུ་མ་ཡིན། མེ་ཁང་དུ་མ་ཡིན། བཀད་སར་མ་ཡིན། འཆག་སར་མ་ཡིན། དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། གནས་ཁང་དུ་མ་ཡིན། རིམ་ཁང་དུ་མ་

เล่ม ๑๓ · หน้า 310a

ཡིན། སྒོ་ཁང་དུ་མ་ཡིན། བཤང་སར་མ་ཡིན། རྩིག་པའི་དྲུང་དུ་མ་ཡིན། ཤིང་དྲུང་དུ་མ་ཡིན། གཙུག་ལག་ཁང་གི་ཕྱག་དར་བྱ་བའི་ཁོར་ཡུག་ཏུ་མ་ཡིན། སྐྱེ་བོ་མང་པོ་འདུ་བ་ཐམས་ཅད་དུ་ཡང་སོ་ཤིང་འདོར་བར་མི་བྱ། དགེ་སློང་གིས་རྣམ་

པ་གསུམ་དབེན་པར་བྱ་སྟེ། བཤང་བ་དང་། གཅི་བ་དང་། སོ་ཤིང་བཅའ་བའོ། །དགེ་སློང་གིས་སོ་ཤིང་འཆོས་ནས། དེ་བཞིན་དུ་མི་དོར་གྱི་ཆུས་བཀྲུ་བར་བྱ། ཡང་ན་རྡོག་པས་མཉེ་བར་བྱ། ས་ལ་དྲུད་པར་བྱས་ཏེ། འདི་ནི་སོ་ཤིང་གི་བྱ་བ་ཞེས་བྱའོ། །

སོ་དྲུད་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་སོ་ཤིང་རྣོན་པོས་དྲུད་པར་མི་བྱ། བག་མེད་པར་ནང་དུ་གཞུག་པར་མི་བྱ། དལ་ནས་བགས་ཀྱིས་ཤེས་བཞིན་དུ་དྲུད་པར་བྱ། སོ་རྙིལ་དྲུད་པར་མི་བྱ་སྟེ། འདི་ནི་སོ་དྲུད་པའི་བྱ་བ་ཞེས་བྱའོ། །ལྕེ་བཞར་བའི་བྱ་བ་གང་

ཞེ་ན། དགེ་སློང་གིས་ལྕེ་བཞར་བ་རྣོན་པོས་བཞར་བར་མི་བྱ། བག་མེད་པར་ནང་དུ་གཞུག་པར་མི་བྱ། བགས་ཀྱིས་དལ་ནས་ཤེས་བཞིན་དུ་ལྕེ་བཞར་བར་བྱ། ལྕེའི་ཤ་བཞར་བར་མི་བྱ་སྟེ། འདི་ནི་ལྕེ་བཞར་བའི་བྱ་བ་ཞེས་བྱའོ། །རྣ་སྤབས་བྲུ་བའི་བྱ་བ་

གང་ཞེ་ན། དགེ་སློང་གིས་རྩེ་མོ་རྣོན་པོས་རྣ་སྤབས་བྲུ་བར་མི་བྱ། བག་མེད་པར་ནང་དུ་གཞུག་པར་མི་བྱ། བགས་ཀྱིས་དལ་ནས་ཤེས་བཞིན་དུ་རྣ་སྤབས་བྲུ་བར་བྱ། རྣ་བའི་ཤ་བྲུ་བར་མི་བྱ་སྟེ། འདི་ནི་རྣ་སྤབས་བྲུ་བའི་བྱ་བ་ཞེས་བྱའོ། །ཀུན་སྤྱད་པ་གང་ཞེ་ན། དགེ་

སྦྱོང་གི་ཡོ་བྱད་ཐམས་ཅད་མཚུངས་པར་སྤྱོད་པ་ནི་སྤྱད་པའོ། །མི་སྤྱད་པ་གང་ཞེ་ན། དེ་ལྟར་བཟློག་པ་ནི་མི་སྤྱད་པའོ། །མ་ལྟ་བུའི་བྱ་བའི་ཕུང་པོ་ཞེས་བྱ་བའི་ཕུང་པོ་གསུམ་པ་རྫོགས་ཏེ། མ་ལྟ་བུ་རྫོགས་སོ།། །།བཙུན་པ་འདུལ་བའི་ལུས་གང་ལགས།

དམིགས་པ་གང་ལགས། བྱིན་གྱིས་བརླབས་པ་གང་ལགས། མཚན་ཉིད་གང་ལགས། གླེང་གཞི་གང་ལགས། ངོ་བོ་ཉིད་གང་ལགས། འབྲས་བུ་གང་ལགས། ཨུ་པཱ་ལི་འདུལ་བའི་ལུས་ནི་དམིགས་པའོ། །དམིགས་པ་ནི་ནན་ཏན་ནོ། །བྱིན་གྱིས་བརླབ་

เล่ม ๑๓ · หน้า 310b

པ་ནི་ལུས་དང་ངག་དང་ཡིད་དོ། །མཚན་ཉིད་ནི་ལས་སོ། །གླེང་གཞི་ནི་བསྒྲགས་པའོ། །ངོ་བོ་ཉིད་ནི་ཉེས་པའོ། །འབྲས་བུ་ནི་མཐོ་རིས་དང་ཐར་པའོ། །འདུལ་བ་གཞུང་དམ་པ་རྫོགས་ཏེ། ཨུ་པཱ་ལིས་ཀུན་དྲིས་པ་རྫོགས་སོ།། །།ཐམས་ཅད་མཁྱེན་པ་

ལ་ཕྱག་འཚལ་ལོ། །འདུལ་བ་གཞུང་ནི་དམ་པ་འདི། །འཕགས་པ་ཉེ་བ་འཁོར་གྱིས་ནི། །མ་འོངས་པ་ཡི་གང་ཟག་གི། །མ་རྟོགས་ལ་སོགས་བསལ་བའི་ཕྱིར། །གཞི་དང་རྣམ་འབྱེད་ལ་སོགས་ཀྱི། །འགྲེལ་བཤད་ངེས་པ་དོན་གྱི་ལུང་། །ཞུས་ནས་རྒྱལ་

བས་བཀའ་སྩལ་ཏོ། །དེ་དག་རྣམས་ཀྱང་གང་ཞེ་ན། །སྤྱིའི་སྡོམ་ལ། ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས། །ལྔ་ཚན་བཅུ་དྲུག་ཚན་དང་ནི། །གླེང་གཞི་རྐྱང་པ་གཏམ་གྱི་གཞི། །མ་ན་པི་ཀ་མ་མོ་དང་། །ལུས་སོགས་སྟོན་པ་ཐ་མ་སྟེ། །ལེའུ་དག་ཏུ་

ཡང་དག་འདོད། །ཐོག་མར་ཞུས་པ་དེ་ཡང་ནི། །རྣམ་འབྱེད་ལྟུང་བ་སྡེ་བཞི་དང་། །རང་བྱུང་ལ་སོགས་གཞི་རྣམས་ཀྱི། །གཏན་ལ་འབེབས་པ་དག་ཏུ་འདོད། །དེ་ཉིད་དྲིས་ལན་ཞེས་ཀྱང་བསྒྲགས། །དེ་ནས་འདུལ་བྱེད་དག་ཡིན་ཏེ། །ཕམ་པ་བཞི་དང་ལྷག་

མ་ཡི། །སྨྱན་གྱི་ལྟུང་བ་ཡན་ཆད་དག །གཏན་ལ་འབེབས་པར་བྱེད་པ་ཡིན། །དེ་ནས་གཅིག་ལས་འཕྲོས་པ་སྟེ། །གཅིག་ནས་བཅུ་ཡི་བར་དུ་ཡིན། །གཅིག་ལས་འཛེགས་པ་ཞེས་ཀྱང་བསྒྲགས། །དེ་ནས་འདུལ་བ་ལྔ་ཚན་ཏེ། །ལྔ་ལྔ་སྟོན་ཕྱིར་ལྔ་ཚན་ནོ། །བཅུ་

དྲུག་སྡེ་ཚན་སྟོན་པའི་ཕྱིར། །དེ་ནས་འདུལ་བ་བཅུ་དྲུག་ཚན། །གླེང་གཞི་ལ་ནི་སྒོ་ལྔ་ལས། །དང་པོ་བཞི་ལ་སྡོམ་གྱི་ནི། །ཚིགས་བཅད་བཅུ་བཅུའོ་ལྔ་པ་ལ། །སྡོམ་གྱི་ཚིགས་བཅད་དྲུག་ཡོད་དེ། །གླེང་གཞི་དག་ལ་བརྟེན་པའི་ཕྱིར། །གླེང་གཞི་ཞེས་ནི་བཏགས་པ་ཡིན། །

བྱང་བ་སྒོ་བཞི་རེ་རེ་ཡང་། །ཚིགས་བཅད་བཅུ་བཅུའོ་དེ་ཉིད་ལ། །སིལ་བུ་ཞེས་བྱ་བསླབ་པའི་གཞི། །རིགས་མི་མཐུན་པ་ཕྲ་མོ་རྣམས། །སྟོན་ཕྱིར་དོན་དང་ལྡན་པ་ཡིན། །འདུལ་བ་གཏམ་གྱི་དངོས་པོ་ནི། །ལྡེབས་ཀྱི་ཚུལ་དུ་བྱུང་བ་སྟེ། །སྡོམ་གྱི་ཚིག་གིས་བསྡུས་

เล่ม ๑๓ · หน้า 311a

པ་མེད། །མཱུ་ལ་ཞེས་པའི་སྒྲ་ཡི་དོན། །གཞི་དང་རྩ་བ་དངོས་པོ་ལའང་། །འཇུག་ཕྱིར་གཏམ་གྱི་གཞིར་ཡང་འགྱུར། །མ་ན་པི་ཀའི་སྒོ་དང་པོ། །ཚིགས་བཅད་བཅུ་ཡིན་གཉིས་པ་ལ། །ཚིགས་བཅད་བཅུ་དང་ལྷག་ཙམ་ཡོད། །ཤིན་ཏུ་ཕྲ་ཞིང་

ཆེ་བས་ན། །བྲམ་ཟེའི་བུ་མོ་ལྟ་བུ་ཞེས། །དོན་དང་མཐུན་པའི་མཚན་ཡིན་ནོ། །འདུལ་བ་མ་མོ་ལྟ་བུ་ལ། །བསྙེན་པར་རྫོགས་པའི་ཕུང་པོ་དང་། །རབ་ཏུ་ལྡན་དང་བྱ་བ་ཡི། །ཕུང་པོ་གསུམ་དུ་ཤེས་པར་བྱ། །མ་དང་འདྲ་ཕྱིར་མ་མོའོ། །ལུས་དང་དམིགས་པ་བྱིན་

བརླབ་དང་། །མཚན་ཉིད་གླེང་གཞི་ངོ་བོ་དང་། །འབྲས་བུའི་དོན་རྣམས་ཐ་མ་སྟེ། །ཨུ་པཱ་ལི་ཡིས་ཞུས་པ་ནི། །དེ་དག་རྣམས་ཀྱིས་རྫོགས་པ་ཡིན། །མཚན་གྱི་གྲངས་ཀྱི་རིམ་པ་དང་། །མཚན་གྱི་བཤད་པ་དེ་ཡིན་པས། །དེ་ལྟར་བསྔོགས་ནས་བལྟ་བར་བྱ། །

དེ་ལྟར་ན་གཞུང་དམ་པའི་བརྗོད་བྱ་དོན་གྱི་ལུས་ནི་དེ་དག་ཉིད་ཡིན་ལ། རྗོད་བྱེད་གཞུང་གི་ལུས་ནི་ཞུ་བ་མ་རྫོགས་པ་ལ་འགྲེལ་པར། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པའི་གཞུང་རྒྱ་གར་ཡུལ་པ་ཡང་ཤ་ལོ་ཀ་ཉིས་སྟོང་ཙམ་གྱི་ཚད་ཅིག་ལ་ལན་སྤྱོད་པ་ཁོ་ནའོ་

ཞེས་ཡུལ་ཁ་ཅིག་ན་ཞུ་བ་མ་རྫོགས་པ་ལ་ཤ་ལོ་ཀ་ཉིས་སྟོང་ལས་མེད་པའང་བཤད་མོད་ཀྱི། བོད་དུ་འགྱུར་བའི་ཞུ་བ་མ་རྫོགས་པ་ལ་ཤ་ལོ་ཀ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས་དང་། ཞུ་བ་རྫོགས་པ་ལ་ཤ་ལོ་ཀ་ཁྲི་ལྔ་སྟོང་དགུ་བརྒྱ་སྟེ། བམ་པོ་ལྔ་བཅུ་

རྩ་གསུམ་ཡོད་པས་སྤྱིར་བསྡོམས་ན་ཤ་ལོ་ཀ་ཁྲི་དགུ་སྟོང་ལྔ་བརྒྱ་སྟེ། བམ་པོ་དྲུག་བཅུ་རྩ་ལྔ་ཡོད་དོ།། །།བསོད་ནམས་ཆེན་པོའི་དཔལ་གྱིས་ཕྱོགས་ལས་རྣམ་པར་རྒྱལ་བ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཚུངས་པ་རྒྱལ་པོ་ཆེན་པོའི་བླའི་མཆོད་

གནས་བདེ་བར་གཤེགས་པའི་གཞུང་ལུགས་མང་དུ་ཐོས་པ། རིག་པ་དང་གྲོལ་བའི་སྤོབས་པ་དགེ་བ་ཅན། ལུང་དང་རིགས་པའི་དབང་ཕྱུག །གངས་ཅན་གྱི་རྒྱུད་ཀྱི་མཁས་པ་ཆེན་པོ། སྡོམ་བརྩོན་དམ་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས། བཀའ་འགྱུར་ལེགས་

เล่ม ๑๓ · หน้า 311b

པར་བཞེངས་པ་རྣམས་ལས་འདི་དག་ནི་མཁན་པོ་ཆེན་པོ་མཆིམས་ཀྱིས་དགེ་བའི་བཤེས་གཉེན་རྒྱ་འདུལ་བ་འཛིན་པ་ཞལ་བཞུགས་པའི་དུས་ན། དགེ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཞིང་མོ་ཆེ་བ་བྱང་ཆུབ་སེང་གེས་གཉེར་མཛད་ནས། ལུང་ཕྲན་ཚེགས་ཀྱི་བམ་

པོ་བཅུ་གཉིས་མ་ཚང་བ་དང་། གཞུང་བླ་མའི་ཞུ་བ་མ་རྫོགས་པ་བམ་པོ་བཅུ་གཉིས་དང་། སྡོམ་ཚིག་ཡི་གེ་ཚར་གཉིས་མ་ཚང་བ་རྣམས་བསམ་ཡས་མཆིམས་ཕུ་ལ་སོགས་པ་དབུས་གཙང་གི་གཙུག་ལག་ཁང་རྣམས་ནས་བཙལ་ཏེ། ལ་སྟོད་འོལ་རྒོད་ཀྱི་གཙུག་

ལག་ཁང་དུ་གནས་བརྟན་དྷརྨཱ་སེང་གེས་ལུང་སྡེ་བཞི་ཚང་བར་བཞེངས་པ་སྣར་ཐང་གི་གཙུག་ལག་ཁང་དུ་གདན་དྲངས་ཏེ། དེ་ལ་དཔེ་ཕྱི་མཛད་ནས་བཞེངས་པ་དང་། གཞན་ཡང་ཆུ་མིག་རིང་མོའི་གཙུག་ལག་ཁང་དང་། རུང་ཀླུང་ཤོད་གྲོག་གི་གཙུག་ལག་ཁང་གི་འདུལ་

བ་ལུང་ལ་སོགས་པ་རྣམས་ལ་གཏུགས་ཏེ་སྔ་ཞུས་ལེགས་པར་བགྱིས་ནས་བཞེངས་པ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ལེགས་པར་གསུངས་པ་དམ་པའི་ཆོས་འདུལ་བ་ལུང་སྡེ་བཞིའོ། །དེའི་བཀའ་འགྱུར་གྱི་དཔེ་ཕྱི་རྣམ་པར་དག་པ་རྣམས། མཁས་

པའི་འབྱུང་གནས་དཔལ་སྣར་ཐང་གི་གཙུག་ལག་ཁང་ནས་གདན་དྲངས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་ཆེན་པོ་མགར་སྟོང་བཙན་ཡུལ་ཟུངས་ཀྱི་རྒྱུད་པ། གཙུག་ལག་གཉིས་ཀྱི་མཛད་པས།

བསྟན་པ་རིན་པོ་ཆེའི་ཞབས་ཏོག་ལ་གཡེལ་བ་མི་མངའ་ཞིང་། འགྲོ་བ་མང་པོའི་མགོན་སྐྱབས་དམ་པར་གྱུར་པ་དཔལ་ལྡན་རྒྱལ་བའི་སྡེ་ཡིས། འགྲོ་བ་མ་ལུས་པའི་གནས་སྐབས་དང་། མཐར་ཐུག་གི་ཕན་བདེ་མ་ལུས་པའི་འབྱུང་གནས་རྒྱལ་

བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཤིང་། ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་བྱ་བའི་ཕྱིར། བོད་ཁམས་སུ་སྨོན་ལམ་གྱི་སྟོབས་ཅན་མངའ་བདག་ལྷ་བཙན་པོ་བྱང་ཆུབ་སེམས་དཔའ་རྣམས་དང་། ལོ་པཎ་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱི་བདག་

เล่ม ๑๓ · หน้า 312a

རྐྱེན་ལ་བརྟེན་ནས། བདེ་བར་གཤེགས་པའི་གསུང་རབ་ཐོག་མཐའ་བར་དུ་དགེ་ཞིང་སྒྲོ་སྐུར་གྱི་མཐའ་དང་བྲལ་ལ་གཞུང་ལུགས་ངན་པའི་དྲི་མས་དབེན་པ་མདོ་སྡེ་དང་། རྒྱུད་སྡེའི་ཕྱོགས་སྔ་ཕྱིར་བོད་དུ་འགྱུར་རོ་ཅོག་རྣམས་མིའི་དབང་པོ་ཐོ་གེན་

ཐེ་མུར་གྱི་རིང་ལ། ཏི་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བསྟན་པ་སྐྱོང་བའི་དུས། རྒྱལ་བའི་བསྟན་པ་ལྔ་བརྒྱ་བདུན་པའི་མཐར་ཉེ་བ། འགྲོ་བའི་བླ་མ་སྟོན་པ་གདུལ་བྱའི་ངོར་ཞི་བར་གཤེགས་པའི་ཚུལ་བསྟན་ནས། ལོ་སུམ་སྟོང་བཞི་བརྒྱ་

བརྒྱད་བཅུ་འདས་པ་མེ་མོ་ཕག་གི་ལོ་གསར་གྱི་ཟླ་བ་ཚེས་གྲངས་གཟའ་སྐར་བཟང་པོ་ལ་དབུ་བཙུགས་ཏེ། རྒྱལ་བའི་སྲས་པོ་རིག་པ་འཛིན་པ་བྱང་ཆུབ་དཔལ་ལྡན་གྱིས། བསྟན་པ་ལ་ཤེས་ནས་མི་ཕྱེད་པའི་དད་པ་བརྟན་པོས་ཀུན་ནས་བསླང་ནས་ཞལ་ཏའི་རིམ་པ་རྣམས་དང་།

རྒྱུའི་དངོས་པོ་བཟང་ཞིང་མང་ལ་ཁ་ན་མ་ཐོ་བ་མེད་པས་མཐུན་པའི་རྐྱེན་བསྒྲུབས་ནས། བསྟན་པའི་འབྱུང་གནས་དཔལ་ན་ལེན་དྲ་དང་མཚུངས་པ་སྤྲུལ་པའི་རྒྱལ་པོ་སེ་ཆེན་གན་གྱི་དགོས་ཀྱི་ལྷ་ཁང་དཔལ་གུང་ཐང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བཞེངས་ཏེ། སྡེ་སྣོད་ཀྱི་

ཚུལ་ལ་ཅུང་ཟད་བློ་ཁ་ཕྱོགས་པ་ཐང་པོ་ཆེ་བའི་བཙུན་པ་ཀུན་དགའ་འབུམ་གྱིས་ཁ་ཏ་དང་། ཞུས་དག་གི་དང་དོས་པ་བགྱིས་ཤིང་། གཞན་ཡང་དད་པ་དང་བརྩོན་འགྲུས་ཆེ་ཞིང་བློ་གྲོས་གསལ་བའི་སྡོམ་བརྩོན་དམ་པ་མང་དུ་ཐོས་ཤིང་སྡེ་སྣོད་འཛིན་པ་མཁས་པ་རྣམས་ཀྱིས།

རྒྱ་གར་སྐད་ལ་སོགས་པ་ལེགས་པར་སྦྱར་བའི་སྐད་སོར་བཞག་རྣམས་ནི་སྔོན་གྱི་ལོཙྪ་བ་ཆེན་པོ་རྣམས་ཀྱིས་མཛད་པའི་བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ་དང་། སྒྲ་སྦྱོར་བམ་པོ་གཉིས་པ་ལ་སོགས་པ་ལ་བརྟེན་ནས་དག་པར་བྱས་ཤིང་། བོད་སྐད་རྣམས་ནི་ཡུལ་སྐད་དང་། འཕྲལ་

སྐད་ངན་པ་རྣམས་དང་མ་འདྲེས་པར་བོད་ཡུལ་གྱི་སྔོན་གྱི་བརྡ་མེས་མཁན་པོ་རྣམས་དང་། སྒྱུར་བྱེད་དམ་པ་སྔ་ཕྱིར་བྱོན་པ་རྣམས་ཀྱི་བརྡ་གསར་རྙིང་དང་། སྐད་གསར་བཅད་ལ་སོགས་པའི་རྗེས་སུ་འབྲངས་ནས་ད་དྲག་དང་། མ་མྱ་དང་། ས་སྩོགས་ལ་སོགས་པ་ཡོད་མེད་

เล่ม ๑๓ · หน้า 312b

རྣམས་མཁས་པ་རྣམས་ཀྱིས་ཇི་ལྟར་མཛད་པ་ལྟར་བརྡ་དོན་མ་ནོར་བར་དག་པར་བགྱིས་ནས། གཞི་དུང་གི་ས་གཞི་ལྟར་དཀར་འཇམ་མཁྲེགས་པ་ལྷོ་རྒྱལ་པོ་ལྷ་ཁང་གི་ཤོ་གུ་ལ། དམ་ཆེ་ཞིང་མདངས་གསལ་བ་ཨུཏྤལ་སྔོན་པོ་ལྟ་བུ་རྒྱ་ནག་ཆེན་པོ་ལས་འོངས་པའི་སྣག་

ཚས། འབུར་དཀྱུས་ཚུགས་གསུམ་ལ་མཁས་པའི་མཐར་ཕྱིན་པས་ཡི་གེའི་རིག་བྱེད་ལ་སློབ་དཔོན་གྱི་གོ་འཕང་ཐོབ་པས་དག་སྙོམས་མཛེས་པར་བཞེངས་པ་དཔོན་དཔལ་བཟང་རིན་ཆེན་དང་། སངས་རྒྱས་གྲགས་ལ་སོགས་པ་དབུས་གཙང་གི་ཡི་གེ་པ་ཡིད་གཞུངས་ཤིང་

མཁས་པ་རྣམས་ཀྱིས་ལེགས་པར་བྲིས་པ་ལ་ཞུས་དག་ལན་གསུམ་དུ་བགྱིས་ཏེ་བཞེངས་པ་རྣམས། ས་མོ་གླང་གི་ལོ་བཀྲ་ཤིས་ལོ་གསར་གྱི་ཟླ་བ་ལ་ལེགས་པར་གྲུབ་ཅིང་། འབྲས་བུ་དང་བསྒྲུབ་པའི་དུས་ཀྱི་ལྔ་བརྒྱ་ཕྲག་དྲུག་དང་། ལུང་མངོན་པའི་དུས་ཀྱི་

བཞི་བརྒྱ་བརྒྱད་བཅུ་རྩ་གཉིས་འདས་ལ། ལྷག་མ་མངོན་པའི་ལོ་བཅོ་བརྒྱད་དང་། མདོ་སྡེ། འདུལ་བ། རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གསུམ་སྟེ། སྟོང་ལྔ་བརྒྱ་བཅོ་བརྒྱད་བསྟན་པའི་ལྷག་མར་ཡོད་པའི་དུས་སུ་བཀའ་འགྱུར་ལེགས་པར་གྲུབ་པ་

རྣམས་ལས་འདི་དག་ནི་ལུང་སྡེ་བཞིའོ། །འདུལ་བ་ལུང་ཕལ་ཆེ་བ་ལ་དགེ་སློང་ཕ་མའི་སོ་སོར་ཐར་པ་དང་། ཞུ་བ་མ་རྫོགས་པ་བཞེངས་པ་མེད་མོད་ཀྱི་འོན་ཀྱང་སོ་སོར་ཐར་པ་གཉིས་རྣམ་འབྱེད་གཉིས་ཀྱི་རྩ་བ་ཡིན་ཞིང་། རྣམ་འབྱེད་གཉིས་ནི་སོ་སོར་ཐར་པ་རྣམ་

པ་གཉིས་ཀྱི་འགྲེལ་པ་ཡིན་ལ། ཞུ་བ་མ་རྫོགས་པ་ནི་ཞུ་བ་དག་ཤོས་ཡིན་པའི་ཕྱིར་ལུང་རྣམ་འབྱེད་སོ་སོའི་དབུ་དང་། གཞུང་བླ་མ་མ་རྫོགས་པ་དབུ་ཉིད་དུ་བཞེངས་སོ། །ལུང་སྡེ་བཞིའི་གོ་རིམས་ནི་གཞི་དང་། རྣམ་པར་འབྱེད་པ་དང་། དེ་དག་གི་དཀའ་

བའི་གནས་ཞུས་ལན་གྱིས་གཏན་ལ་འབེབས་པ་གཞུང་བླ་མ་དང་། དེ་དག་ཏུ་མ་ཚང་བ་ཁ་སྐོང་བ་ཕྲན་ཚེགས་སོ། །དོན་གྱི་གོ་རིམས་དེ་ལྟར་ཡིན་ཡང་མཁས་པ་རྣམས་ཀྱིས་གཞི་དང་། རྣམ་པར་འབྱེད་པའི་རྗེས་ལ་ཕྲན་ཚེགས་དང་། དེའི་རྗེས་ལ་གཞུང་དམ་པ་ཉིད་

เล่ม ๑๓ · หน้า 313a

བྲིས་ཤིང་། ཀ་ཅོག་ལ་སོགས་པས་མཛད་པའི་མཚན་བྱང་དཀར་ཆག་ལས་ཀྱང་རིམ་པ་དེ་ཁོ་ན་ལྟར་འབྱུང་བས་འདིར་ཡང་གཞུང་དམ་པ་མཇུག་ཉིད་དུ་བྲིས་སོ། །འདི་རྣམས་ཀྱི་བམ་པོའི་གྲངས་ནི་ཤྭོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་རེར་བྱས་ནས་

ལུང་གཞི་ལ་བམ་པོ་བརྒྱ་དང་དགུ། དགེ་སློང་ཕའི་རྣམ་འབྱེད་ལ་བམ་པོ་བརྒྱད་བཅུ་རྩ་གསུམ་དང་བམ་པོ་སུམ་ཆ། དགེ་སློང་མའི་རྣམ་འབྱེད་ལ་བམ་པོ་ཉི་ཤུ་རྩ་བརྒྱད། ཕྲན་ཚེགས་ལ་བམ་པོ་ལྔ་བཅུ་རྩ་དགུ། གཞུང་བླ་མའི་ཞུ་བ་མ་རྫོགས་པ་ལ་བམ་པོ་བཅུ་

གཉིས། ཞུ་བ་རྫོགས་པའི་གཞུང་དམ་པ་ལ་བམ་པོ་ལྔ་བཅུ་རྩ་གསུམ་སྟེ། བསྡོམས་ན་གཞུང་དམ་པ་ལ་བམ་པོ་དྲུག་བཅུ་རྩ་ལྔ་ཡོད་པས་སྤྱིར་ལུང་སྡེ་བཞི་ཆད་པ་ལ་བམ་པོ་སུམ་བརྒྱ་བཞི་བཅུ་རྩ་བཞི་དང་བམ་པོ་སུམ་ཆ་ཡོད་དོ། །སྔར་མ་ཚང་བ་རྣམས་

ཚང་བར་བཞེངས་པའི་ཚུལ་ནི་ཕྲན་ཚེགས་དང་། ཞུ་བ་མ་རྫོགས་པའི་མཇུག་དག་ཏུ་བྲིས་ཟིན་པའི་ཕྱིར་དེ་དག་ཏུ་བལྟ་བར་བྱའོ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་དུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་

ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎ།། །།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด