ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๓ · หน้า 372a

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་

པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་

མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་

མྱི་མཐོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ནང་སྟོང་པ་ཉིད་ཡང་

དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཕྱི་སྟོང་པ་ཉིད་ཡང་དག་

เล่ม ๒๓ · หน้า 372b

པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆེན་པོ་སྟོང་པ་ཉིད་ཡང་དག་

པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་དོན་

དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་འདུས་བྱས་སྟོང་པ་ཉིད་ཡང་དག་པར་

རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་

ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་

เล่ม ๒๓ · หน้า 373a

རྗེས་སུ་མྱི་མཐོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་དོར་བ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་

རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ།

ཆོས་གང་གིས་རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་མྱི་དམྱིགས་པ་སྟོང་

པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་

བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་

เล่ม ๒๓ · หน้า 373b

མྱི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་དྲན་པ་ཉེ་བར་གཞག་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡང་དག་པར་སྤོང་བ་

བཞི་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཡང་དག་པར་སྤོང་བ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་

གང་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དབང་པོ་ལྔ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་དབང་པོ་ལྔ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་

བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོབས་ལྔ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་སྟོབས་ལྔ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་ཀྱི་ཡན་

ལག་བདུན་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འཕགས་པའི་ལམ་ཡན་ལག་བརྒྱད་

པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འཕགས་པའི་བདེན་པ་བཞི་ཡང་དག་པར་རྗེས་

སུ་མྱི་མཐོང་སྟེ། ཆོས་གང་གིས་འཕགས་པའི་བདེན་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བསམ་གཏན་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་

เล่ม ๒๓ · หน้า 374a

བསམ་གཏན་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚད་མྱེད་པ་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཚད་མྱེད་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་

ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་

ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཐར་པ་བརྒྱད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་རྣམ་པར་ཐར་པ་བརྒྱད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐར་

ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་དག་པར་རྗེས་

སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མངོན་པར་ཤེས་པ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་མངོན་པར་ཤེས་པ་རྣམས་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་

ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཏིང་ངེ་འཛིན་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཏིང་ངེ་འཛིན་རྣམས་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུངས་ཀྱི་

เล่ม ๒๓ · หน้า 374b

སྒོ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་གཟུངས་ཀྱི་སྒོ་རྣམས་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་མྱི་མཐོང་

སྟེ། ཆོས་གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱི་འཇིགས་པ་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་མྱི་འཇིགས་པ་བཞི་ཡང་

དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སོ་སོ་ཡང་དག་པར་རིག་པ་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་སོ་སོ་ཡང་དག་པར་རིག་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་

དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྒྱུན་ཏུ་ཞུགས་པའི་འབྲས་

བུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་

གང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱིར་མྱི་འོང་བའི་འབྲས་བུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ཕྱིར་མྱི་འོང་བའི་འབྲས་བུ་ཡང་

เล่ม ๒๓ · หน้า 375a

དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དགྲ་བཅོམ་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་དགྲ་བཅོམ་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་

དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་བྱང་ཆུབ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་རང་བྱང་ཆུབ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་

ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་གང་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ།

ཆོས་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆོས་གང་གིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱ་བ་དེ་ཡང་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་མྱི་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མྱི་དམྱིགས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ཞིག་ཕ་མ་འཆི་བའི་

དུས་བྱས་པར་གྱུར་ན། མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་མྱི་བཟོད་པ་དང་ལྡན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་མྱི་དམྱིགས་པར། ཤེས་

เล่ม ๒๓ · หน้า 375b

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་མྱི་བཟད་པ་དང་ལྡན་པར་འགྱུར་རོ། །རབ་འབྱོར་ཀྱིས་གསོལ་པ། ཅི་ལགས། བཅོམ་ལྡན་འདས་བདུད་སྡིག་ཏོ་ཅན་

གཅིག་འགའ་ཞིག་མྱ་ངན་གྱི་ཟུག་རྔུ་མྱི་བཟད་པས་ཟུག་པར་འགྱུར་རམ། འོན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མྱི་བཟད་པས་

ཟུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མྱི་བཟད་པས་ཟུག་པར་འགྱུར་ཏེ། རང་རང་གི་སྟན་ལ་འདུག་མྱི་འདོད་དོ། །དེ་ལྟར་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ལ་ནི། ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གང་གི་ཕྱིར། དེ་བཟུང་ཞིང་ཕྱིར་བཟློག་པའི་གླགས་མྱི་རྙེད་གཏིང་མྱི་རྙེད་དོ། །རབ་འབྱོར་དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས། རྣམ་པར་སྤྱད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་

เล่ม ๒๓ · หน้า 376a

པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་

སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས། རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕ་རོལ་

ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཟོད་པའི་ཕ་རོལ་ཏུ་

ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །

เล่ม ๒๓ · หน้า 376b

རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་སྲུང་བའི་ཚེ།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། ཚུལ་ཁྲིམས་དེ་དག་སྲུང་སྟེ། དེ་ལྟར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་

ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་སྒྲུབ་པའི་ཚེ། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། བཟོད་པ་དེ་སྒོམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་རྩོམ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དུ་ཡོངས་སུ་སྔོ་ཞིང་བརྩོན་འགྲུས་དེ་རྩོམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ།

เล่ม ๒๓ · หน้า 377a

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། བསམ་གཏན་དེ་དག་ལ་སྙོམས་པར་འཇུག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་

རྫོགས་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་ཤེས་རབ་ད་སྒོམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ།

ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་

གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པ་ཡོངས་སུ་གཏོང་ཞིང་། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བའི་ཚེ། སེམས་ཅན་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་ཏེ། དེའི་ཚེ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་

เล่ม ๒๓ · หน้า 377b

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་དེ་དག་གཤེ་ཞིང་འཁྱལ་ལ་ཚུལ་མ་ཡིན་

པའི་ཚིག་རྩུབ་པོས་མྱི་སྙན་པར་བརྗོད་ཀྱང་དེ་དེ་དག་ལ་གནོད་པའི་སེམས་མྱི་སྐྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་

སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་དེ་དག་གཤེ་ཞིང་འཁྱལ་ལ། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མྱི་སྙན་པར་རྗོད་དེ། དེ་ལྟར་

སྤྱོ་བ་དང་། བཀྱལ་བ་དང་། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མྱི་སྙན་པར་བརྗོད་ཀྱང་སྦྱིན་པའི་བློ་དང་། ཡོངས་སུ་གཏོང་བའི་བློ་ཉིད་དུ་འགྱུར་ཏེ། བདག་གིས་ནི་སྦྱིན་པ་ཡོངས་སུ་གཏང་བར་བྱ་སྟེ། བདག་གིས་ནི་སྦྱིན་པ་ཡོངས་

སུ་མྱི་གཏང་བར་མྱི་བྱའོ་ཞེས་དེ་ལུས་དང་སེམས་ཀྱི་བརྩོན་འགྲུས་སྐྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་

เล่ม ๒๓ · หน้า 378a

ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ལ་དེའི་སེམས་འཇུག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ།

བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས། སྦྱིན་པ་ཡོངས་སུ་གཏོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ཞིང་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། དེ་རྟག་ཏུ་སྦྱིན་པ་ལ་སྒྱུ་མའི་བློ་ཉེ་བར་གནས་ཤིང་། སྦྱིན་པ་དེས་སེམས་ཅན་གང་ལ་ཡང་ཕན་པ་འམ། མྱི་ཕན་པར་

གྱུར་པ་མྱི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐབས་མཁས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་གཅིག་གོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་

เล่ม ๒๓ · หน้า 378b

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི། ལུས་སམ། ངག་གམ། སེམས་ཀྱི་སྡོམ་པ་གང་ཡང་རུང་སྟེ། སྡོམ་པ་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་རེག་པར་མྱི་བྱེད་དེ།

དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་སྲོག་མྱི་གཅོད་དོ། །མ་བྱིན་པར་མྱི་ལེན་ཏོ། །འདོད་པས་ལོག་པར་མྱི་གཡེམ་མོ། །བརྫུན་གྱི་ཚིག་མྱི་སྨྲའོ། །ཕྲ་མའི་ཚིག་མྱི་སྨྲའོ། །ཞེ་གཅོད་པའི་ཚིག་རྩུབ་པོ་མྱི་སྨྲའོ། །

ཚིག་ཀྱལ་པ་མྱི་སྨྲའོ། །ཆགས་སེམས་སུ་མྱི་བྱེད་དོ། །གནོད་སེམས་སུ་མྱི་བྱེད་དོ། །ལོག་པར་མྱི་ལྟའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་

བཞོན་པ། གོས་འདོད་པ་ལ་གོས། མེ་ཏོག་འདོད་པ་ལ་མེ་ཏོག །ཕྲེང་བ་འདོད་པ་ལ་ཕྲེང་བ། སྤོས་འདོད་པ་ལ་སྤོས། བྱུག་པ་འདོད་པ་ལ་བྱུག་པ། མལ་སྟན་འདོད་པ་ལ་མལ་སྟན། གནས་འདོད་པ་ལ་གནས། འཚོ་བ་འདོད་པ་ལ་འཚོ་བ།

ཡོ་བྱད་འདོད་པ་ལ་ཡོ་བྱད། ཡོངས་སུ་གཏོང་བ་ནས་མྱིའི་ཡོ་བྱད། གང་ཅི་ཡང་རུང་བའི་བར་དུ་འདོད་པ་རྣམས་ལ་མྱིའི་ཡོ་བྱད་གང་ཅི་ཡང་རུང་བ་དག་ཡོངས་སུ་གཏོང་ཞིང་། སྦྱིན་པ་དེ་ལྟར་གཏོང་བའི་ཚེ། སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་

ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །དེ་ཡང་ཅི་ནས་ཀྱང་བསྔོ་བ་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་འགྱུར་བར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་

เล่ม ๒๓ · หน้า 379a

རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་གནས་པའི་དྲུང་དུ་སེམས་ཅན་ཐམས་ཅད་ལྷགས་ནས། ཡན་ལག་དང་ཉིང་ལག་རྣམས་བཅད་གཏུབས་ཏེ་དོང་ཡང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་པ་མྱེད་དེ། གནོད་པའི་སེམས་གཅིག་ཀྱང་མྱི་སྐྱེད་དོ། །གཞན་དུ་ན་དེ་

འདི་སྙམ་དུ་སེམས་ཏེ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཡན་ལག་དང་ཉིང་ལག་བཅད་གཏུབས་ཏེ། དོང་བ་ནི་བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། །བདག་གི་ལུས་རུལ་པ་འདི་ཡོངས་སུ་བཏང་བས། དེ་བཞིན་གཤེགས་པའི་སྐུ་

ལྷ་རྫས་ཀྱི་རྡོ་རྗེ་ལས་བྱུང་བ་ཐོབ་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་

ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བདག་གིས་འཁོར་བ་ལས་བསྒྲལ་ཏེ། འཆི་བ་མྱེད་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་ལུས་དང་སེམས་ཀྱི་བརྩོན་འགྲུས་

ཉམ་པར་མྱི་བྱེད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་། ཅི་ཡོངས་སུ་སྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་

เล่ม ๒๓ · หน้า 379b

སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།

བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། བྱམས་པ་ལ་སྙོམས་པར་

འཇུག་པ་དང་། སྙིང་རྗེ་ལ་སྙོམས་པར་འཇུག་པ་དང་། དགའ་བ་ལ་སྙོམས་པར་འཇུག་པ་དང་། བཏང་སྙོམས་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་

མཆེད་ལ་སྙོམས་པར་འཇུག་པ་དང་། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པའི་ཚེ། ཉན་

ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་དམྱིགས་པ་མྱེད་དེ། གཞན་དུ་ན་དེ་འདི་སྙམ་དུ། བདག་གིས་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ། སེམས་ཅན་ཐམས་ཅད་འཁོར་བ་ལས་ཡོངས་སུ་དགྲོལ་བར་བྱའོ་སྙམ་སྟེ། རབ་འབྱོར་དེ་

ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

เล่ม ๒๓ · หน้า 380a

དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཆོས་གང་ཡང་འདུས་བྱས་སུ་མྱི་མཐོང་། འདུས་མ་བྱས་སུ་མྱི་མཐོང་། དངོས་པོ་ཡོད་པ་འདུས་བྱས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པ་འ་དུས་མ་བྱས་སུ་མྱི་མཐོང་། མཚན་མ་ཡོད་

པ་འདུས་བྱས་སུ་མྱི་མཐོང་། མཚན་མ་མྱེད་པ་འདུས་མ་བྱས་སུ་མྱི་མཐོང་སྟེ། གཞན་དུ་ན་ཆོས་གང་ཡང་དེ་བཞིན་ཉིད་ལས་འདའ་བ་མྱེད་པ་ལས་ཕར་ཆོས་གང་ཡང་ཡོད་པའམ། མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་པའི་བར་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། སེམས་

ཅན་ཐམས་ཅད་གཤེ་ཞིང་འཁྱལ་ལ། ཡན་ལག་དང་ཉིང་ལག་གཅོད་པར་གྱུར་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ལ་དེ་

เล่ม ๒๓ · หน้า 380b

བདག་གིས་སྦྱིན་པ་ཡོངས་སུ་གཏོང་བར་བྱ། སྦྱིན་པ་ཡོངས་སུ་མྱི་བཏང་བར་བྱ་བ་མ་ཡིན་ནོ་ཞེས་ཏེ། དེ་སེམས་ཅན་དེ་དག་ཟས་འདོད་པ་ལ་ནི་ཟས་ཡོངས་སུ་གཏོང་ངོ་། །སྐོམ་འདོད་པ་ལ་ནི་སྐོམ་ཡོངས་སུ་གཏོང་ངོ་། །བཞོན་པ་འདོད་པ་ལ་ནི་བཞོན་

པ་ཡོངས་སུ་གཏོང་ངོ་། །གོས་འདོད་པ་ལ་ནི་གོས་ཡོངས་སུ་གཏོང་ངོ་། །མེ་ཏོག་འདོད་པ་ལ་ནི་མེ་ཏོག་ཡོངས་སུ་གཏོང་ངོ་། །ཕྲེང་བ་འདོད་པ་ལ་ནི་ཕྲེང་བ་ཡོངས་སུ་གཏོང་ངོ་། །སྤོས་འདོད་པ་ལ་ནི་སྤོས་ཡོངས་སུ་གཏོང་ངོ་། །བྱུག་པ་འདོད་པ་ལ་ནི་

བྱུག་པ་ཡོངས་སུ་གཏོང་ངོ་། །མལ་སྟན་འདོད་པ་ལ་ནི་མལ་སྟན་ཡོངས་སུ་གཏོང་ངོ་། །གནས་འདོད་པ་ལ་ནི་གནས་ཡོངས་སུ་གཏོང་ངོ་། །འཚོ་བ་འདོད་པ་ལ་ནི་འཚོ་བ་ཡོངས་སུ་གཏོང་ངོ་། །ཡོ་བྱད་འདོད་པ་ལ་ནི་མིའི་ཡོ་བྱད་གང་ཅི་ཡང་རུང་

བའི་བར་དུ་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་། ཅི་ཡོངས་སུ་སྔོ་བ་དང་། གང་ལ་

ཡོངས་སུ་བསྡོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་

པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ། སེམས་ཅན་ནོ་ཅོག་གི་སྲོག་མྱི་གཅོད་དོ། །མ་བྱིན་པར་མྱི་ལེན་ཏོ། །འདོད་པས་ལོག་པར་མྱི་གཡེམ་མོ། །

เล่ม ๒๓ · หน้า 381a

རྫུན་གྱི་ཚིག་མྱི་སྨྲའོ། །ཕྲ་མའི་ཚིག་མྱི་སྨྲའོ། །ཞེ་གཅོད་པའི་ཚིག་མྱི་སྨྲའོ། །ཚིག་ཀྱལ་པ་མྱི་སྨྲའོ། །ཆགས་སེམས་སུ་མྱི་བྱེད་དོ། །གནོད་སེམས་སུ་མྱི་བྱེད་དོ། །ལོག་པར་མྱི་ལྟའོ། །དེའི་སེམས་ཀྱང་ཉན་ཐོས་ཀྱི་ས་འམ།

རང་སངས་རྒྱས་ཀྱི་ས་ལ་མྱི་འཇུག་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་། ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ་ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་། ཅི་ཡོངས་སུ་སྔོ་བ་

དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་འདི་ལྟ་བུས་ཡོངས་སུ་སྐྱེད་དེ། བདག་གིས་དཔག་ཚད་དམ། དཔག་ཚད་

བརྒྱ་འམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། དཔག་ཚད་བྱེ་བ་འམ། དཔག་ཚད་བྱེ་བ་བརྒྱ་འམ། དཔག་ཚད་བྱེ་བ་སྟོང་ངམ། དཔག་ཚད་བྱེ་བ་བརྒྱ་ཕྲག་སྟོང་ངམ། དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་

སྟོང་ངམ། འཇིག་རྟེན་གྱི་ཁམས་བརྒྱ་འམ། འཇིག་རྟེན་གྱི་ཁམས་སྟོང་ངམ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་འམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་འམ། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ངམ། འཇིག་

เล่ม ๒๓ · หน้า 381b

རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་དུ་སོང་སྟེ། དེ་དག་དུ་ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་སྐྱབས་སུ་འགྲོ་བ་འམ། བསླབ་པའི་གནས་ལ་གཞག་པར་བྱའོ། །བཟོད་པ་འམ། རྒྱུན་ཏུ་

ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞག་པར་བྱའོ་ཞེས་བརྩོན་འགྲུས་

རྩོམ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་

པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འདི་ལྟར་འདོད་པ་ལས་དབེན་སྡིག་ཏོ་མྱི་དགེ་

བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་

གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བྱམས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྙིང་རྗེ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དགའ་བ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །

เล่ม ๒๓ · หน้า 382a

བཏང་སྙོམས་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་

ཏེ་གནས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འགོག་པའི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བའི་རྩ་བ་དང་ལྡན་པ་གང་དང་གང་

སྐྱེས་པ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོའོ། །དེ་ཡང་ཅི་ནས་ཀྱང་དེའི་ཚེ། བསམ་གཏན་དང་བསམ་གཏན་གྱི་ཡན་ལག་རྣམས་མྱི་དམྱིགས་པ་དེ་ལྟར་ཡོངས་སུ་སྔོ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་

ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་

ཤིང་གང་གི་ཚེ། ཆོས་རྣམས་ལ་དབེན་པའི་རྣམ་པའམ། ཞི་བའི་རྣམ་པ་འམ། མྱི་ཟད་པའི་རྣམ་པར་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་སྙིང་པོ་བྱང་ཆུབ་ལ་ནམ་འདུག་གི་བར་དུ་ཆོས་ཉིད་དེ་མངོན་དུ་མྱི་བྱེད་དེ་སྙིང་པོ་བྱང་ཆུབ་དེ་ལ་འདུག་ནས་

ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །དེ་ལས་ལངས་ནས་ཆོས་ཀྱི་འཁོར་ལོ་ཡང་སྐོར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་།

เล่ม ๒๓ · หน้า 382b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏེ། ཅི་ནས་ཀྱང་མྱི་སྤོང་མྱི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་།

ལུས་དང་སེམས་ཀྱི་བརྩོན་པ་མྱི་འདོར་བ་ཡིན་ཏེ། བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་མྱི་བྱའི། བདག་གིས་གདོན་མྱི་ཟ་བར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་དེ་སེམས་ཅན་རྣམས་ཀྱི་དོན་དུ་དཔག་ཚད་དམ། དཔག་ཚད་བརྒྱའམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་སམ། འཇིག་རྟེན་གྱི་ཁམས་བརྒྱ་འམ། འཇིག་རྟེན་གྱི་ཁམས་

སྟོང་ངམ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་འམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་འམ། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་

ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་ཏུ་སོང་ཞིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་བྱང་ཆུབ་ལ་རབ་ཏུ་གཞོག་གོ། །གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་མ་ཕྲད་ན་

ཡང་དེ་དག་དུ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་ནི་ཉན་ཐོས་ལ་རབ་ཏུ་གཞོག །གང་ཟག་རང་སངས་རྒྱས་ཀྱི་ཐེག་པ་པ་ནི་རང་སངས་རྒྱས་ལ་རབ་ཏུ་གཞོག་སྟེ། ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་

เล่ม ๒๓ · หน้า 383a

ཏུ་གཞོག་གོ། །དེས་ཆོས་ཀྱི་སྦྱིན་པ་དེ་དག་བྱིན་ནས། ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་དོ། །དགེ་བའི་རྩ་བ་དེ་ཡང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་སེམས་ཅན་

ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། གཞན་ཡང་སྲོག་གཅོད་

པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་

པ་ཡིན། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་

ཡིན། བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་པ་ཡིན། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་འདོད་

เล่ม ๒๓ · หน้า 383b

པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་པ་ཡིན། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་

ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཕྲ་མ་སྤངས་པ་ཡིན། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་བརྗོད་པ་ཡིན།

གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཞེ་གཅོད་པའི་ཚིག་སྤངས་པ་ཡིན། གཞན་ཡང་ཞེ་གཅོད་པའི་ཚིག་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཞེ་གཅོད་པའི་ཚིག་སྤོང་

བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཞེ་གཅོད་པའི་ཚིག་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་། མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཚིག་ཀྱལ་པ་སྤངས་པ་ཡིན། གཞན་ཡང་ཚིག་ཀྱལ་པ་སྤོང་བ་ལ་ཡང་དག་པར་

སྐུལ་བ་ཡིན། ཚིག་ཀྱལ་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཚིག་ཀྱལ་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་པ་ཡིན། གཞན་ཡང་ཆགས་

སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཆགས་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་གནོད་སེམས་སྤངས་པ་ཡིན།

གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། གནོད་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ལོག་

เล่ม ๒๓ · หน้า 384a

པར་ལྟ་བ་སྤངས་པ་ཡིན། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་པའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་

དགའ་བར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་འདོད་པའི་ཁམས་སུ་གནས་པར་མྱི་བྱེད། གཟུགས་ཀྱི་ཁམས་སུ་གནས་པར་མྱི་བྱེད། གཟུགས་མྱེད་པའི་ཁམས་སུ་གནས་པར་མྱི་བྱེད། ཉན་ཐོས་ཀྱི་ས་འམ། རང་

སངས་རྒྱས་ཀྱི་ས་ལ་གནས་པར་མྱི་བྱེད་དེ། གཞན་དུ་ན་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་

ཅི་ཡོངས་སུ་སྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་

པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མྱིར་གྱུར་

པ་འམ། མྱི་མ་ཡིན་པར་གྱུར་པས། སེམས་རྣམ་པར་འཁྲུགས་པར་བྱས་པའམ། ཡན་ལག་དང་ཉིང་ལག་བཅད་གཏུབས་ཤིང་། ཁྱེར་ཏེ་དོང་ཡང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་

เล่ม ๒๓ · หน้า 384b

པ་ལ་གནས་པ་དེ་འདི་སྙམ་དུ་བདག་ལས་ཅི་ཞིག་བཅད་དོ། །བདག་ལས་ཅི་ཞིག་གཏུབས་སོ། །བདག་ལས་ཅི་ཞིག་ཁྱེར་རོ་ཞེས་བྱ་བར་མྱི་སེམས་ཏེ། གཞན་དུ་ན་དེ་འདི་སྙམ་དུ་གང་གི་ཕྱིར་བདག་གི་ལུས་ཡོངས་སུ་བསྒྲུབས་པ་དེ་དག་འདིར་

འོངས་ཞིང་ཡན་ལག་དང་ཉིང་ལག་བཅད་གཏུབས་ཏེ་ཁྱེར་ཞིང་དོང་བ་ནི་བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ་སྙམ་མོ། །དེས་ནི་ཆོས་རྣམས་ཀྱི་རང་བཞིན་ཡང་ལེགས་པར་ཡིད་ལ་བྱས་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་

ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །རབ་འབྱོར་དེ་ལྟར་ན་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི། དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །

དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་ཚད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་

เล่ม ๒๓ · หน้า 385a

པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་

རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་སྡུག་བསྔལ་བ་

ཡང་མྱེད་བཏང་སྙོམས་པ་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་བདེ་བའི་འདུ་ཤེས་ཡིད་ལ་བྱེད་པས། བྱམས་པ་ཚད་མྱེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་

རྣམས་ལ་སྡུག་བསྔལ་བ་དང་བྲལ་བའི་འདུ་ཤེས་ཡིད་ལ་བྱེད་པས། སྙིང་རྗེ་ཚད་མྱེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་དགའ་བའི་འདུ་ཤེས་ཡིད་ལ་བྱེད་པས། དགའ་བ་ཚད་མྱེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་

སེམས་ཅན་རྣམས་ལ་སྡུག་བསྔལ་དང་བདེ་བ་མྱེད་པའི་འདུ་ཤེས་ཡིད་ལ་བྱེད་པས། བཏང་སྙོམས་ཚད་མྱེད་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་གཟུགས་ལ་ཆེ་ལོང་དུ་འདུ་ཤེས་ཤིང་ནམ་མཁའ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས། ནམ་

མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནམ་མཁའ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་རྣམ་པར་ཤེས་པ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་

ཤེས་པ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་ཆུང་ཟད་མྱེད་པ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཆུང་ཟད་མྱེད་པ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་ལ་ཞི་

เล่ม ๒๓ · หน้า 385b

བར་འདུ་ཤེས་པར་ཡིད་ལ་བྱེད་པས། འདུ་ཤེས་མྱེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གི་རྣམ་པར་སྨིན་པ་ཡོངས་སུ་མྱི་ལེན་ཏེ་

གཞན་དུ་ན། སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར། དེ་དག་ཏུ་མྱི་སྐྱེ་ཞིང་སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་ཡོངས་སུ་སྨྱིན་པར་བྱེད། དགེ་བའི་རྩ་བ་བསྐྱེད་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་།

སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་

པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་རྫས་

เล่ม ๒๓ · หน้า 386a

དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་། རྫས་དང་

མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཕྱི་སྟོང་པ་ཉིད་དངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཕྱི་སྟོང་པ་ཉིད་དངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཕྱི་ནང་

སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཆེན་པོ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་

ཡང་དག་པར་རྗེས་སུ་མྱི་མཐོང་། དོན་དམ་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། འདུས་བྱས་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་།

འདུས་མ་བྱས་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། མཐའ་ལས་འདས་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཐོག་མ་དང་ཐ་མ་མྱེད་པ་

སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། དོར་བ་མྱེད་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། རང་བཞིན་སྟོང་པ་ཉིད་དངོས་པོ་དང་རྫས་དང་

མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་

เล่ม ๒๓ · หน้า 386b

སུ་མྱི་མཐོང་། མྱི་དམྱིགས་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་

དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། དྲན་པ་ཉེ་བར་གཞག་པ་བཞི་དངོས་པོ་དང་རྫས་དང་མཚན་

མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཡང་དག་པར་སྤོང་བ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། རྫུ་འཕྲུལ་གྱི་རྐང་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། དབང་

པོ་ལྔ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། སྟོབས་ལྔ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། བྱང་ཆུབ་ཀྱི་ཡན་ལག་བདུན་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་

སུ་མྱི་མཐོང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། འཕགས་པའི་བདེན་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། བསམ་

གཏན་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཚད་མྱེད་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དངོས་པོ་དང་རྫས་

དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། རྣམ་པར་ཐར་པ་བརྒྱད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དངོས་པོ་དང་རྫས་དང་མཚན་མར་

เล่ม ๒๓ · หน้า 387a

ཡང་དག་པར་རྗེས་སུ་མྱི་མཐོང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། མངོན་པར་ཤེས་པ་རྣམས་དངོས་པོ་དང་རྫས་དང་

མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཏིང་ངེ་འཛིན་རྣམས་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། གཟུངས་ཀྱི་སྒོ་རྣམས་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། དེ་བཞིན་

གཤེགས་པའི་སྟོབས་བཅུ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། མྱི་འཇིགས་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། སོ་སོ་ཡང་དག་པར་རིག་པ་བཞི་དངོས་པོ་དང་

རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། སྙིང་རྗེ་ཆེན་པོ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་

པར་རྗེས་སུ་མྱི་མཐོང་། ཐམས་ཅད་ཤེས་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་ཐམས་ཅད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་བས། ཆོས་གང་ལ་ཡང་གནས་མྱི་འཆའ་ཞིང་། དེ་ཇི་སྐད་དུ་སྨྲ་བ་དེ་

ལྟར་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ།།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด