དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཛྙཱན་གུ་ཧྱ་ཨརྠ་གཪྦྷ་བྱཱུ་ཧ་བཛྲ་ཏནྟྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๗ · หน้า 180b

དྲུག་བཅུར་བསྒྱུར་བ་བྱས་པས་ཡན་ལག་སུམ་བརྒྱ་དྲུག་ཅུར་འབྱུང་བར་རིག་པར་བྱའོ། །ལང་ཀའི་བདག་པོ་གཟུངས་ཀྱི་སྒོ་གང་ཞེ་ན། འདི་ལྟ་སྟེ། དོན་གྱི་གཟུངས་དང་། ཚིག་གི་གཟུངས་དང་། ཆོས་ཀྱི་གཟུངས་དང་། སྔགས་ཀྱི་གཟུངས་སུ་རིག་པར་

བྱའོ། །ལང་ཀའི་བདག་པོ་དོན་གྱི་གཟུངས་གང་ཞེ་ན། ཡི་གེ་གང་སྣང་བའི་དོན་དེ་ཉིད་དེ་དང་མ་བྲལ་བར་བྱའོ། །ཚིག་གི་གཟུངས་གང་ཞེ་ན། ཡི་གེ་གང་ལས་ཚིག་གང་བྱུང་བའོ། །ཆོས་ཀྱི་གཟུངས་གང་ཞེ་ན། གང་ཡི་གེ་ནི་ཆོས་ཐམས་ཅད་དང་

འབྲེལ་ཅིང་ཆོས་ཐམས་ཅད་མི་དམིགས་པའི་སྒོར་རིག་པར་བྱའོ། །སྔགས་ཀྱི་གཟུངས་གང་ཞེ་ན། ཡི་གེའི་སྒོ་ནས་ཚིག་བཙན་པར་རེད་པ་གང་ཡིན་པའོ། །ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་སྒོར་རིག་པར་བྱའོ། །ལང་ཀའི་བདག་པོ་འདི་ལ་ཡི་གེའི་རྣམ་

གྲངས་གང་ཞེ་ན། རང་བཞིན་གྱི་ཡི་གེ་དང་། ཆོ་འཕྲུལ་གྱི་ཡི་གེའོ། །དེ་ལ་རང་བཞིན་གྱི་ཡི་གེ་གང་ཞེ་ན། གང་ཐམས་ཅད་ཀྱང་ཡི་གེ་འབའ་ཞིག་པའོ། །ཆོ་འཕྲུལ་གྱི་ཡི་གེ་གང་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་ཐུན་མོང་པའོ། །འཇིག་

རྟེན་ལས་འདས་པའི་ཡི་གེ་གང་ཞེ་ན། ཨོྃ་དང་། ཧཱུྃ་དང་། མཱྃ་དང་། སྭྃ་དང་། ཨྃ་དང་། ཧྃ་དང་། ཨ་རྣམས་སོ། །ལང་ཀའི་བདག་པོ་འདི་ལ་འཇིག་རྟེན་པའི་ཡི་གེ་གང་ཞེ་ན། འདི་ལྟ་སྟེ། རྩ་བ་དང་། ཟིན་པ་དང་། གྲགས་པའོ། །རྩ་བ་གང་ཞེ་ན། ས་

བོན་དྲུག་གང་ཡིན་པའོ། །ཟིན་པ་གང་ཞེ་ན། གང་འགྲོ་བ་རྣམས་ཀྱི་སྒྲ་སྐད་ཀུན་ཡི་གེས་ཟིན་པ་ཁོ་ནའོ། །གྲགས་པ་གང་ཞེ་ན། ལྷའི་ཡི་གེ་དང་། ཀླུའི་ཡི་གེ་དང་། ལྷ་མ་ཡིན་གྱི་ཡི་གེ་དང་། མིའི་ཡི་གེ་དང་། གནོད་སྦྱིན་གྱི་ཡི་གེ་ལ་སོགས་པ་འཇིག་

རྟེན་ཐ་དད་ཀྱི་ཡི་གེར་གྲགས་པ་གང་ཡིན་པའོ། །ཐུན་མོང་གི་ཡི་གེ་གང་ཞེ་ན། ཨ་དང་ཀ་ལ་སོགས་པའོ། །ལང་ཀའི་བདག་པོ་འདི་ལ་ཡི་གེའི་གཞི་གང་ཞེ་ན། ཨ་དང་། ཨོྃ་དང་། ཧཱུྃ་དང་། མཱུྃ་ཞེས་ཐམས་ཅད་འབྱུང་བའི་གཞིར་གྱུར་པའོ། །གསང་

เล่ม ๙๗ · หน้า 181a

བའི་བདག་པོས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཅན་གྱི་སེམས་དཔའ་རྣམས་ཐམས་ཅད་གསུང་གི་མི་ཟད་པ་རྒྱན་གྱི་འཁོར་ལོར་རིག་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་

ལས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་བཞི་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་ལ་འདི་སྐད་ཅེས་སྨྲས་ཏེ་དྲིས་པ། གསང་བ་པའི་བདག་

པོ་གསང་སྔགས་ཀྱི་བྱིན་གྱི་རླབས་ལས་སྣང་བའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཕྲིན་ལས་ཇི་ལྟར་སྣང་བ་ལགས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོས་གསང་སྔགས་ཀྱི་བྱིན་གྱི་རླབས་ལས་སྣང་བའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་

དང་། ཕྲིན་ལས་ནི་འདི་ལྟར་སྣང་བར་རིག་པར་བྱའོ། །གང་ཞེ་ན། འདི་ལྟ་སྟེ། མི་རྟོག་གང་ལ་རྟག་ཉིད་དུ། །བརྟགས་ལས་རྟོག་པའི་བྱིན་བརླབས་འབྱུང་། །མི་ཟད་རིན་ཆེན་ནམ་མཁའི་མཛོད། །བྱིན་བརླབས་ཆེན་པོ་རྒྱུན་མི་འཆད། །གསང་ཉིད་སྙིང་

པོའི་བྱིན་བརླབས་ནི། །གང་དུ་རྣམ་པར་མི་རྟོག་བཞིན། །འདོད་འབྱུང་བྱ་བ་ཐམས་ཅད་བྱེད། །དེ་ལ་བྱེད་པ་ཅི་ཡང་མེད། །ཀུ་བ་གཅིག་གིས་བྱིན་བརླབས་ཀྱིས། །ལྗགས་ནི་སྟོང་སྙེད་བསྒྱུར་བ་བཞིན། །གསང་བའི་དོན་མཐོང་སྐད་ཅིག་གིས། །ཐམས་

ཅད་གསང་བའི་སྙིང་པོར་འགྱུར། །མར་མེ་གཅིག་གི་བྱིན་བརླབས་ཀྱིས། །བསྐལ་པའི་མུན་ནག་སེལ་བ་བཞིན། །སྙིང་པོ་དོན་རིག་སྐད་ཅིག་མས། །བསྐལ་པར་གནས་པའི་སྒྲིབ་པ་སེལ། །ནོར་བུ་རིན་ཆེན་གང་སེལ་བ། །དབུལ་བའི་འཇིགས་པ་མེད་པ་

ལྟར། །སྙིང་པོ་དོན་སད་གང་སེལ་བ། །ལྟུང་གནས་འཁོར་བའི་འཇིགས་པ་མེད། །ཉི་ཟླའི་འོད་འབར་རིན་ཆེན་གྱིས། །རིན་ཆེན་རིན་ཐང་འབུམ་ཆར་མིན། །དཀར་པོར་མཐར་ཐུག་བསོད་ནམས་ཀྱིས། །གསང་ཉིད་སྐད་ཅིག་འབུམ་ཆར་མིན། །འགྲོ་གང་

เล่ม ๙๗ · หน้า 181b

འོ་མའི་རྒྱ་མཚོ་ཇི་སྙེད་དུ། །སེང་གེའི་འོ་མ་གཅིག་བླུགས་རླག་པ་ལྟར། །ལས་དང་ཉོན་མོངས་སྡུག་བསྔལ་རྒྱ་མཚོར་ནི། །གསང་ཉིད་སྐད་ཅིག་སྣང་བས་ཐམས་ཅད་མེད། །འཁོར་ལོས་སྒྱུར་རྒྱལ་གང་རྟེན་འཇིགས་མེད་ལྟར། །གསང་ཉིད་ངེས་ལ་ལོག་པའི་

དགྲས་མི་འཇིགས། །རྡོ་རྗེ་ཉམས་ཀྱང་རིན་ཆེན་ཟིལ་གནོན་ཅིང་། །རིན་ཆེན་མི་བརླག་དབུལ་བའི་སྡུག་བསྔལ་སེལ། །གསང་ཉིད་རྡོ་རྗེ་སྙིང་པོ་ཉམས་འགྱུར་ཡང་། །ཉན་ཐོས་ལ་སོགས་དབུ་མ་ཟིལ་གནོན་ཅིང་། །གསང་ཉིད་ངེས་སྣང་ཆོས་ཀྱི་དབུལ་བ་སེལ། །

སེང་གེ་ཕྲུག་གུའི་དྲིས་ནི་གར་ཁྱབ་པར། །གང་དག་མི་བཟོད་ཐམས་ཅད་འབྲོས་པར་འགྱུར། །སྙིང་པོ་དོན་ལ་རིག་པའི་མཐུ་མེད་ཀྱང་། །སེམས་བསྐྱེད་ཙམ་གྱིས་དབུ་མ་ཟིལ་གྱིས་གནོན། །ལོག་པའི་དགྲ་རྣམས་ཟིལ་གནོན་སྐྲག་འགྱུར་ཞིང་། །རང་

རང་གནས་ནས་ཟུག་རྔུས་གཟིར་བར་འགྱུར། །སྐྱེས་བུ་རྐང་ལག་བཅད་དེ་ཉམས་ཀྱང་འཚོ། །ཇི་ལྟར་སྙིང་ཕྱུང་འཚོ་བའི་གླགས་མེད་ལྟར། །ཡན་ལག་ལྟ་བུའི་དབུ་མ་ཉམས་ཀྱང་འཚོ། །སྙིང་དང་འདྲ་བའི་གསང་ཉིད་མེད་ན་རླག །གང་ཞིག་རྡོ་རྗེ་སྙིང་པོ་

གསང་འཛིན་པ། །ཤིང་རྟ་ལ་སོགས་རྟ་ལ་འདུག་སྤྱོད་པ། །དེ་ཡི་བྱ་བ་བྱེད་པ་གཞན་མེད་ལྟར། །དེ་ཡི་རྟ་སྟེགས་རྒྱལ་བའི་དབུས་བཀུར་མཛད། །དབུ་མ་རྣམ་ཐར་གསུམ་སྒོར་བསྐལ་སྤྱད་ཀྱང་། །དེ་ལ་རྒྱལ་བ་མི་དགོངས་བཀུར་མི་མཛད། །སྙིང་པོ་

དོན་རིག་སྐད་ཅིག་ཙམ་གྱིས་ཀྱང་། །བྱིན་བརླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །དཀར་པོ་མཐའ་ཐུག་བསོད་ནམས་ཀུན། །སེན་མོ་ཐོག་གི་ས་རྡུལ་འདྲ། །རྡོ་རྗེ་སྙིང་པོར་གཅིག་སྐྱེད་པ། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །དཀར་པོ་

ཕྱོགས་ཀྱི་མཐའ་ཐུག་པ། །དེ་ནི་མུན་ཁང་སྒྲོན་མེ་ཙམ། །རྡོ་རྗེ་སྙིང་པོར་གཅིག་རིག་པ། །དུས་མཐའི་བསྐལ་པའི་མེ་ཆེན་འདྲ། །དབུ་མར་སྣང་བའི་ནམ་མཁའ་ནི། །གང་གི་གསེང་ཁུང་ནམ་མཁའོ། །རྡོ་རྗེ་གསང་བའི་ནམ་མཁའ་ནི། །འབྱུང་

เล่ม ๙๗ · หน้า 182a

ཆེན་གཏོས་ཀྱི་ནམ་མཁའ་འདྲ། །མཛད་པའི་བརླབས་ཀྱི་ཞི་བ་ནི། །སྟོངས་པའི་བསྐལ་པ་ལྟ་བུར་སྣང་། །ཐམས་ཅད་རྒྱས་པར་མཛད་པ་ཡང་། །གནས་པའི་བསྐལ་པ་ལྟ་བུར་སྣང་། །ཐུགས་རྗེའི་དབང་དུ་མཛད་པ་ཡང་། །ཆགས་པའི་བསྐལ་

པ་ལྟ་བུར་སྣང་། །མངོན་པར་སྤྱོད་པ་མཛད་པ་ནི། །འཇིག་པའི་བསྐལ་པ་ལྟ་བུའོ། །ལང་ཀའི་བདག་པོ་དེ་དག་ནི་ཡོན་ཏན་མི་ཟད་པ་མཛོད་ཀྱི་བཀོད་པ་དང་། ཕྲིན་ལས་རླབས་ཀྱིས་མཛད་པའི་བྱིན་རླབས་ལས་སྣང་བར་རིག་པར་བྱའོ། །དེ་སྐད་ཅེས་སྨྲས་པས་

དམན་པའི་ལུས་ཀྱི་སེམས་དཔའ་རྣམས་གསང་བ་དམ་པ་ཁོ་ན་ཉིད་དེ་བྱིན་གྱིས་བརླབས་ལས་སྣང་བར་རིག་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སྤྱོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།

ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་བྱིན་གྱིས་རླབས་ཀྱི་སྣང་བ་ན་ཡང་འབྱུང་བའི་གཏམ་རྒྱུད་བརྗོད་པའི་ཕྱག་རྒྱ་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་བདུན་པའོ།། །།དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་དེ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་བརྒྱད་པ་བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་བྱུང་ཞེས་འབྱུང་བ་ལ་འདི་སྐད་ཅེས་དྲི་བ་ཡོངས་སུ་དྲིས་སོ། །ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་

གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་རྒྱུད་དུ་བརྗོད་པའི་སྐབས་སུ་བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་བྱུང་ཞེས་བཀོད་པ་དེ་ཇི་ལྟར་བརྒྱུད་ཅིང་གང་དུ་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་དགོངས་པས་བརྒྱུད་དེ་ཚིག་

ཏུ་གྲགས་པས་ལྷ་དང་མིའི་འཇིག་རྟེན་དུ་སྣང་བར་གྱུར་པ་ཡིན་ནོ། །ལང་ཀའི་བདག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། གང་གིས་གང་ལ་གང་བརྒྱུད་པ། །དེ་བཞིན་ཉིད་དེ་དེའོ་ཞེས། །ཆོས་ཀྱི་རྒྱལ་པོ་རྒྱལ་ཚབ་ལ། །དགོངས་པ་གསང་བ་ངེས་པར་བརྒྱུད། །ལྷ་

เล่ม ๙๗ · หน้า 182b

གནས་མི་ཡི་འཇིག་རྟེན་དུ། །གསང་བའི་བདག་པོས་གང་བགྲོས་པ། །སྔོན་དུ་གནང་འབྱུང་སྐྱེས་བུ་དག །དམན་པའི་ལུས་འཛིན་སེམས་དཔར་གྲགས། །གྲགས་པ་དེ་ཡང་ཇི་ག་གང་། །འདས་པའི་དུས་ན་སྔོན་བྱུང་བ། །འགྲོ་མགོན་རྡོ་རྗེ་སྙིང་པོ་ཡིས། །ནག་

པོ་རང་ཐག་འཁོར་བ་ཅན། །གདུལ་བྱའི་ཞིང་དུ་སྨིན་མཛད་ཚེ། །སྨིན་དང་མ་སྨིན་འདུས་པའི་འཁོར། །ཀུན་ནས་འདུས་པར་གྱུར་པ་ལ། །ཡང་དག་གསང་བའི་དོན་འདི་གསུངས། །ལང་ཀའི་བདག་པོ་དེའི་ཚེ་དེའི་དུས་ན་ཡོངས་སུ་རྫོགས་པར་ངོས་མ་ཟིན་པའི་

སྲས་དེ་དག་ཡོངས་སུ་རྫོགས་པར་ངོས་གཟུང་བའི་སླད་དུ་གསང་བ་རྣམ་པར་བསྐུལ་བ། འདུས་པ་ཆེན་པོའི་ཚོགས་ཁྱོད་ཡོངས་སུ་རྫོགས་པར་ངོས་མ་ཟིན་པ་ཡེ་ནས་ཡོངས་སུ་རྫོགས་པར་ངོས་གཟུང་བའི་ཕྱིར་མ་བཅོས་པའི་དམ་ཚིག་ཉེ་བར་ལོང་ཤིག་ཅེས་བཀའ་

སྩལ་པ་དང་། འདུས་པའི་ཚོགས་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ཉིད་ཉེ་བར་གཟུང་བའི་སླད་དུ་མ་བཅོས་པའི་དམ་ཚིག་ཅེས་བགྱི་བ་དེ་ཇི་ལྟ་བུ་ལགས། ཇི་ལྟར་ཉེར་བར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་ལས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་གང་མ་བཅོས་པའི་དམ་ཚིག་ནི་འདི་ལྟ་སྟེ། མ་ནོར་མ་བཅོས་དམ་ཚིག་ནི། །དེ་བཞིན་ཉིད་ཀྱི་ཆོས་ཉིད་ལ། །བློ་བཞག་དེ་ལ་མི་འདའ་བ། །རྒྱལ་བ་རྣམས་ཀྱི་དམ་ཚིག་གོ། །ཅེས་བཀའ་

སྩལ་པ་ལས། འདུས་པའི་ཚོགས་རྣམས་ཤིན་ཏུ་སྐྲག་ཅིང་དངངས་ནས་ཡོངས་སུ་མ་རངས་ཏེ། ཨེ་མའོ་སྒྱུ་མའི་བདག་པོ་ཞིག་གིས་བདག་ཅག་བསླུས་སོ། །བདག་ཅག་སོ་སོའི་མོས་པ་སྣ་ཚོགས་པ་རྣམས་བཀག་ནས་སྟོང་པ་ཆེན་པོ་ལ་གཏད་པ་

འདི་ནི་བདག་ཅག་སོ་སོ་རང་རང་གི་དམ་ཚིག་དང་བྲལ་ལོ་ཞེས་ཟེར་ཏེ་ངུས་པ་ལས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མིའི་ཐོད་པ་ཅན་ལ་སོགས་པའི་ཚོགས་རང་རང་ཇི་ལྟར་དགའ་བའི་དམ་ཚིག་རྣམས་སྤོབས་པ་སྐྱེད་ལ་

เล่ม ๙๗ · หน้า 183a

ཀུན་གྱིས་ཕུལ་ཅིག །གང་མ་བཅོས་པའི་དམ་ཚིག་དེ་ལ་ནི་གང་ཡང་འགག་པ་མེད་པས་ཡོངས་སུ་མི་འགོག་པར་སྣང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་ལས། ཡོངས་སུ་གཟུང་བའི་སྲས་རྣམས་མགུ་ཞིང་རངས་པར་གྱུར་ཏེ་

མདངས་ཕྱུང་ནས་ཀུན་གྱིས་རྣམ་པར་འདུན་ཏེ་སོ་སོ་དགའ་བའི་དམ་ཚིག་ཕུལ་བ། ནག་པོའི་དེད་དཔོན་འཁོར་དང་བཅས་པ་རྣམས་ཀྱིས་གསོལ་པ། དཔའ་བོ་ཆེན་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། རང་གི་དཀའ་ཐུབ་ཆེན་པོ་

ཡིས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་པ་འཇོམས་པ་ནི། །བདག་ཅག་རྣམས་ཀྱི་དམ་ཚིག་གོ། །ཞེས་གསོལ་ཏོ། །དེ་ནས་འདོད་ཆགས་ཅན་རྣམས་ཀྱི་བདག་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །དབང་ཕྱུག་ཆེན་པོ་བདག་

ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། མ་དང་བུ་མོ་སྲིང་མོ་དང་། རྒྱུ་དང་མི་རྒྱུའི་བུད་མེད་ལ། །འདོད་པ་བས་ནི་ཆགས་སྤྱོད་པ། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་ཞེ་སྡང་ཅན་གྱི་བདག་པོ་རྣམས་ཀྱིས་འདི་སྐད་

ཅེས་གསོལ་པ། འཇིགས་བྱེད་ཆེན་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། སེམས་ཅན་སེམས་ཅན་ཐམས་ཅད་ཀྱི། །སྲོག་ནི་ཤིན་ཏུ་ཕྲོགས་ནས་ཀྱང་། །ཤ་དང་ཁྲག་ལ་ལོངས་སྤྱོད་པ། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་

གསོལ་ཏོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །འཇིགས་བྱེད་ཆེན་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། ནོར་གྱི་བདག་པོ་ཐམས་ཅད་ལ། །གསེར་ལ་སོགས་པ་བླངས་ནས་ནི། །རང་གི་འདོད་པར་ལོངས་སྤྱོད་

པ། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་རྟོག་པ་ཅན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཡིད་བཞིན་རྟོག་པའི་རྒྱལ་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། གང་གི་མགོ་ཐོད་བཅད་ནས་ནི། །དགེ་མཚན་

เล่ม ๙๗ · หน้า 183b

རྟགས་དེ་སུ་འཆང་བ། །ཡིད་བཞིན་ནོར་བུ་ལྟ་བུར་འགྱུར། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་རིགས་ངན་སྨེ་ཤ་ཅན་རྣམས་ཀྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །མངའ་ཐང་རྫོགས་པའི་རྒྱལ་པོ་བདག་ཅག་

རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། བ་ལང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་སྲིན་མོ་ཁྲག་འཕྲོག་མ་རྣམས་ཀྱིས་འདི་སྐད་

ཅེས་གསོལ་ཏོ། །ཁྲག་འཐུང་རྒྱལ་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། སྲོག་ཆགས་དག་ནི་ཐམས་ཅད་ཀུན། །བསད་པའི་ཁྲག་ནི་དྲོན་མོ་དག །འཐུངས་ན་གཟིག་བཞིན་འབར་བར་འགྱུར། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་

ལགས་སོ་ཞེས་གསོལ་ཏོ། །དེ་ནས་ཕྲ་མེན་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཆོ་འཕྲུལ་ཆེན་པོའི་མངའ་བདག་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། ཐོད་རུས་རྐང་དང་འབྲུ་མར་ཁྲག །ཆང་དང་ཨ་མྲྀ་ཏར་སྦྱར་བ། །རྫུ་འཕྲུལ་གྲུབ་

པའི་དམ་རྫས་ཏེ། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་རིགས་ངན་ངན་སྐྱུགས་ཅན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །གཏུམ་རྔམ་ཆེན་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །

བདུད་རྩི་འཁྱིལ་པའི་དམ་རྫས་ཏེ། །ནད་རྣམས་མ་ལུས་འཇོམས་པར་བྱེད། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་བུད་མེད་རྣམས་ཀྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སྒེག་པོ་ཆེན་པོ་བདག་ཅག་རྣམས་ཀྱི་དམ་

ཚིག་ནི་འདི་ལྟ་སྟེ། བྲོ་གར་གླུ་ཚིག་སྙན་དངགས་དང་། །འཇོ་ཚུལ་སྟབས་ཀྱིས་ཡིད་ཕྲོགས་ཏེ། །བསྟེན་པ་ཐབས་ཀྱིས་འཁྲིག་སྤྱོད་པ། །འདི་དག་དགའ་བའི་དམ་ཚིག་སྟེ། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་ཤོ་པར་

เล่ม ๙๗ · หน้า 184a

པའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ངག་གི་དབང་ཕྱུག་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། གཞན་གྱིས་དཔག་པར་དཀའ་བའི་ཕྱིར། །ངག་གི་སྤྲུལ་པ་འཚམ་སྨྲ་བ། །སླུ་བ་ཆེན་པོའི་མཆོག་ཡིན་ཏེ། །བདག་ཅག་

རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་ལོག་སྲེད་ཅན་གྱི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སྐྱེས་བུ་ཡང་དག་ཆེན་པོ་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། ཡང་དག་ངང་དུ་ཀུན་རིག་ན། །ཆེ་ཆུང་ལས་གཉིས་གང་བྱས་ཀྱང་། །

གཉིས་ཀྱི་དབང་དུ་མི་འགྱུར་ན། །བདག་ཅག་རྣམས་ཀྱི་དམ་ཚིག་དེ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་གསང་ཚིག་བསྟེན་པའི་ཚོགས་ཀྱིས་གསོལ་པ། གསང་བའི་རྣལ་འབྱོར་བདག་ཅག་རྣམས་ཀྱི་དམ་ཚིག་ནི་འདི་ལྟ་སྟེ། བཤང་གཅི་ཁྲག་

དང་སོལ་ཁུ་གོས། །བརྒྱ་འམ་སྟོང་དུ་གྱོན་ནས་ནི། །ལིང་ག་གཅད་ན་སངས་རྒྱས་འཇིགས། །གསང་སྔགས་གསང་བའི་དམ་ཚིག་གོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གང་མ་འདྲེས་པ་ཡོངས་སུ་མི་འགོག་པའི་དམ་ཚིག་བཀའ་

སྩལ་པ། གང་འདིར་འདུས་པའི་སྐལ་ལྡན་ཀུན། །སོ་སོའི་མོས་པ་ཐ་དད་པའི། །ཡིད་བཞིན་ནོར་བུ་དམ་ཚིག་ནི། །ཡོངས་སུ་རྫོགས་པར་བླང་བར་བྱོས། །གཞན་གྱི་སྡེ་པ་འཇོམས་བྱེད་ཅིང་། །མཚམས་མེད་ལྔ་པོ་སྤྱོད་བཞིན་དུ། །བདག་ཉིད་

ཆེན་པོར་དམིགས་པ་དེ། །སངས་རྒྱས་འགྲུབ་པའི་སྣོད་དུ་གསུངས། །མ་དང་བུ་མོ་སྲིང་མོ་དང་། །རྒྱུ་བའི་བུད་མེད་ཐམས་ཅད་ལ། །འདོད་པ་བས་ནི་ཆགས་སྤྱད་ན། །དེ་དག་འགྲུབ་པའི་སྣོད་དུ་གསུངས། །གསོད་ལ་དགའ་བ་གང་དག་གིས། །

སྲོག་གི་དབང་པོ་རྒྱུན་བཅད་ནས། །ཤ་རུས་ཟ་ཞིང་ཁྲག་འཐུང་བ། །ཡང་དག་དམ་ཚིག་ཆེན་པོ་ཡིན། །ནོར་གྱི་བདག་པོའི་གཏེར་ཁུངས་ནས། །གསེར་ལ་སོགས་པ་མ་བྱིན་པར། །བླངས་ནས་འདོད་པའི་ལོངས་སྤྱོད་པ། །འདི་ནི་ཡང་དག་དམ་ཚིག་

เล่ม ๙๗ · หน้า 184b

ཡིན། །རྣལ་འབྱོར་རིག་པའི་བློ་ཅན་གྱིས། །གང་གིས་མགོ་ཐོད་བཅད་ནས་ནི། །དུར་ཁྲོད་སྣོད་ལ་ཆོས་ཤེས་པ། །ཡང་དག་ལྟ་བའི་དམ་ཚིག་སྟེ། །འདོད་པའི་དམ་ཚིག་དམ་པའོ། །བ་ལང་ཁྱི་ཤ་རྟ་ཤ་དང་། །ཤ་ཆེན་གླང་པོ་མཆོག་ཡིན་ཏེ། །

རྣལ་འབྱོར་ཆེན་པོའི་ཟས་ཡིན་པས། །གཞན་ནི་བཟའ་བར་མི་བྱའོ། །དམར་ཆེན་ཁྲག་གི་རྒྱ་མཚོ་ལ། །གང་ཞིག་འཐུང་བར་བྱེད་པ་དེ། །ཁྲག་འཐུང་ཀུན་གྱི་དམ་ཚིག་སྟེ། །ཟད་པར་འཐུང་ན་གཟི་བྱིན་ཆེ། །བྲོ་གར་གླུ་ཚིག་ལ་སོགས་པས། །བུད་མེད་

ཐམས་ཅད་བསྟེན་ནས་ནི། །འདོད་པས་ལོག་པར་སྤྱོད་འགྱུར་བ། །ཆོས་ཉིད་དམ་ཚིག་ཆེན་པོ་ཡིན། །གང་ཉིད་གཏིང་དཔག་དཀའ་བའི་ཕྱིར། །མེད་ལས་ཡོད་སྨྲ་ཡོད་ལས་མེད། །ཡུལ་ལ་མཐུན་འཇུག་བརྫུན་སྨྲ་བ། །སངས་རྒྱས་བཀའ་ཡི་དམ་ཚིག་

ཡིན། །གང་དག་ཐོག་མ་མེད་པ་ནས། །གང་འཁྱམས་རང་གིས་ཉེས་པའོ་ཞེས། །སྤྱོ་བརྒྱད་དག་ནི་བརྫུན་སྨྲ་བ། །སངས་རྒྱས་གསུང་གི་དམ་ཚིག་ཡིན། །བྱེ་བྲག་ཐམས་ཅད་གཅིག་པས་ན། །ལས་ཀྱི་དབང་དུ་མི་འགྱུར་བ། །མ་ནོར་མ་བཅོས་དམ་

ཚིག་སྟེ། །རྣམ་སྨིན་མེད་པའི་དམ་ཚིག་ཡིན། །མི་གཡོ་མི་འགྱུར་མི་བསྐྱོད་པ། །དམིགས་པས་ཡོད་མེད་མ་དམིགས་ཀྱང་། །སྟོར་བ་མེད་པ་གང་ཡིན་པ། །མི་གཡོའི་དམ་ཚིག་ཆེན་པོའོ། །དེ་ཉིད་ཆེན་པོར་ཀུན་གཅིག་པས། །བླང་དང་དོར་བ་ཡོད་

མེད་དེ། །གཉིས་སུ་སྣང་བའི་ཆོས་རྣམས་ཀུན། །དེ་ཉིད་ཆེན་པོར་ཡོངས་ཀྱིས་གཅིག །དཀར་པོ་ནག་པོ་གང་འདི་ལ། །རྒྱུ་དང་འབྲས་བུ་སོ་སོ་ཡང་། །ནམ་མཁའ་བཞིན་ཏེ་མེད་པས་ན། །མཉམ་པའི་དམ་ཚིག་ཆེན་པོ་ཡིན། །མཉམ་ཉིད་རིག་པའི་

རྒྱལ་པོ་ལས། །བྱེ་བྲག་རྣམ་པ་ཡོངས་ཀྱིས་མེད། །རང་གིས་རྙེད་ལ་གཞན་གྱིས་མིན། །རང་འབྱུང་ཆེན་པོའི་དམ་ཚིག་ཡིན། །བཤང་གཅི་ཟག་པའི་གོས་གྱོན་ཏེ། །ལིང་ག་སྐྱེ་བ་རྒྱུན་བཅད་ན། །སྐྱེ་བ་རྣམ་གྲངས་བརྒྱ་སྙེད་དུ། །བཟླས་ན་དེ་ཉིད་

เล่ม ๙๗ · หน้า 185a

དེར་སྦྱར་ན། །སངས་རྒྱས་གཟུགས་སྐུ་ཇི་སྙེད་པ། །ཆོས་སྐུ་ཉིད་དུ་འཇིག་འགྱུར་ན། །རྡོ་རྗེ་སྔགས་ཀྱི་དམ་ཚིག་ཡིན། །འདོད་པས་སྤྱོད་པའི་ལོངས་སྤྱོད་ལྔ། །འདོད་པ་བས་ནི་ཆགས་སྤྱོད་ན། །ཆོས་ཉིད་རྒྱན་གྱི་དམ་ཚིག་སྟེ། །བདེ་བ་ཆེན་

པོ་ཉིད་ཀྱི་དམ་ཞེས་བཀའ་སྩལ་པས། འདུས་པ་ཆེན་པོའི་ཚོགས་རྣམས་རབ་ཏུ་མགུ་ཞིང་རངས་ནས་ཀུན་གྱིས་མགྲིན་གཅིག་ཏུ་གསོལ་པ། ཨེ་མའོ་ཡིད་བཞིན་མཛད་པའི་རྒྱལ་པོ་བདག་ཅག་རྣམས་ཀྱི་བསམ་པ་རངས་སོ། །བདག་ཅག་རྣམས་

ཀྱི་གཙོ་བོ་ལགས་སོ། །བདག་ཅག་རྣམས་ཀྱི་རྒྱལ་པོ་ལགས་སོ། །བདག་ཅག་མ་བཅོས་པའི་དམ་ཚིག་ཏུ་གཟུང་དུ་གསོལ་ཞེས་གསོལ་པ་ལས། ལང་ཀའི་བདག་པོ་བཅོམ་ལྡན་འདས་དེས་བཀའ་སྩལ་པ། ཨ་ཧོ། ཡིན་ནོ། །ལེགས་སོ། །གཏད་དོ། །

དམ་ཚིག་དམ་པ་དེ་ཉེ་བར་ཟུང་ཤིག །ཏིཥྛ་བཛྲ་ས་མ་ཡ་སྟྭྃ་ཞེས་གང་དེ་ཉིད་ལས་མི་འདའ་བར་གཟུང་ངོ་། །ལང་ཀའི་བདག་པོ་དེ་ནས་ཡང་འདུས་པའི་ཚོགས་ཀྱིས་བཅོམ་ལྡན་འདས་དེ་ལ་གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ནི་བདག་

ཅག་རྣམས་ཀྱི་སྒྲོན་མ་ལགས་ན། བདག་ཅག་རྣམས་རང་རང་གི་དམ་ཚིག་འདི་ལ་གནས་ན་རིགས་ནི་གང་འཛིན་པར་འགྱུར། གོ་འཕང་ནི་གང་དུ་ཐོབ་པར་འགྱུར་བ་ལགས། བདག་ཅག་རྣམས་ལ་བསྟན་དུ་གསོལ་ཞེས་གསོལ་པ་ལས། ལང་ཀའི་

བདག་པོ་བཅོམ་ལྡན་འདས་དེས་བཀའ་སྩལ་པ། འདུས་པའི་ཚོགས་རང་རང་གི་དམ་ཚིག་ལ་གནས་ན་ཇི་ལྟར་འགྱུར་བ་དག་བཤད་ཀྱིས་ཉོན་ཅིག །ཨེ་མའོ་ཐོད་པ་ཅན་གྱི་ཚོགས། །ཁྱོད་ཀྱིས་སྨྲས་པ་ཚིག་འདི་རྣམས། །མདུད་པས་བཅིངས་པའི་ཚིག་

ཡིན་ཏེ། །ནམ་ཡང་གྲོལ་བར་མི་འགྱུར་རོ། །ཡང་དག་ཡང་དག་ཅེས་སྨྲ་བ། །ཡང་དག་ཉིད་ཀྱང་མདུད་པ་སྟེ། །མདུད་པ་དགྲོལ་བར་མ་བྱས་ན། །ཐར་རམ་ཕྱེད་པར་མི་འགྱུར་རོ། །མཚམས་མེད་ལ་སོགས་བྱེད་པ་དང་། །གཞན་གྱི་སྡེ་པ་འཇོམས་པ་

เล่ม ๙๗ · หน้า 185b

ཡིས། །རྣམ་པར་གྲོལ་བར་མི་འགྱུར་ཏེ། །འདི་ནི་བདུད་ཀྱི་ལས་ཞེས་བཤད། །ཆགས་པའི་ལས་སམ་སྦྱོར་བ་དག །ཆགས་པའི་དབང་གིས་དེར་རྨོངས་ཏེ། །དེ་དག་དེ་ཡི་གྲོང་ཁྱེར་དུ། །གནས་འགྱུར་དེ་ཡི་སེམས་ཅན་ཡིན། །གང་དུ་སྡང་བས་གསོད་

པའི་ལས། །གང་གི་ལུས་ལ་སྲོག་ཕྲལ་ནས། །ཤན་པ་གསོད་པའི་རིགས་དག་ཏུ། །ལྟུང་འགྱུར་སྡུག་བསྔལ་རྩ་བ་ཡིན། །རྒྱལ་བ་རྣམས་ནི་རྣམ་དག་པས། །གང་ཚེ་བདེར་གཤེགས་རྒྱལ་བའི་ཞལ། །སྨད་པའི་རྫས་ནི་སྣ་ཚོགས་ཀྱིས། །ཡོངས་

སུ་བསྟབས་པ་གང་བྱས་པ། །དེ་ཚེ་ལས་ནི་རྣམ་སྨིན་གྱིས། །ཐར་མེད་ནད་ཀྱིས་བཟུང་ནས་ནི། །ངན་སྐྱུགས་འདམ་དུ་བྱིང་བར་འགྱུར། །ཤ་དང་ཁྲག་ལ་སོགས་པའི་ཟས། །རྐུ་བའི་རྔད་ཟས་ཆེན་པོ་སྟེ། །གང་གིས་ཟོས་པའི་ལུས་རྣམས་ལ། །དྲི་

ཡིས་འཚོ་བ་ཀུན་འདུས་ནས། །མདངས་དང་བཅུད་རྣམས་འཕྲོག་པར་བྱེད། །དེས་ནི་གཟི་མདངས་ཡལ་བྱེད་འགྱུར། །དེ་ཉིད་རིན་ཆེན་ཡོད་བཞིན་དུ། །གཞན་གྱི་རིན་ཆེན་སྤྱོད་ལེན་པ། །ལོག་པས་ལོག་པར་འཚོ་བའི་ཆོས། །འདི་དག་མདུད་པ་དམ་

པོ་ཡིན། །དཀར་ནག་ལས་ལ་ཁྱད་མེད་ཅེས། །ཐམས་ཅད་ཁྲ་བོར་སྤྱོད་པ་ནི། །རིགས་མེད་རིགས་ཆད་ལོག་པའི་རིགས། །འབྲས་བུ་ལོག་པའི་ཁམས་སུ་འགྱུར། །བདེར་གཤེགས་མཉེས་བྱའི་ལས་རྣམས་ལ། །ཡན་ལག་ཚིག་ཏུ་མ་དག་ན། །

ཉེས་བྱས་ལས་ཀྱི་རྒྱུ་དེས་ནི། །གང་གི་དུས་རྣམས་ཐམས་ཅད་དུ། །དབང་པོ་ཡན་ལག་མ་ཚང་ཞིང་། །དྲན་པའི་སྙིང་པོ་ཉམས་པར་འགྱུར། །བདེར་གཤེགས་རྒྱལ་བ་སྒོམ་ཟློས་པ། །ཆ་མཐུན་བཅོས་པའི་ཆོ་འཕྲུལ་ལྟར། །གང་གིས་དེར་བརྟགས་

དེར་རེད་ནས། །ལས་ཀྱི་སྲིན་པོ་རིག་འཛིན་ཡིན། །རྒྱན་དང་ཆ་ལུགས་ཐམས་ཅད་ཀུན། །གང་གིས་དེ་དང་དེར་བརྟགས་ན། །བྲམ་ཟེ་མི་སྡུག་ལུགས་རིག་འཛིན། །ཆུ་སྲིན་ཉ་སོགས་ཡན་ལག་འབྱུང་། །ཏིང་འཛིན་རྟོག་པ་ཐམས་ཅད་ཀུན། །གང་གིས་

เล่ม ๙๗ · หน้า 186a

དེ་དང་དེར་བརྟགས་ན། །ཅི་ཡང་རྟོག་ཅིང་ཆགས་པ་ཡི། །འཛིན་པའི་ཕུར་པ་ཆེན་པོར་འགྱུར། །ཨཱཿདང་ཧཱུྃ་ལ་སོགས་པ་ཡི། །རྒྱུ་ཡི་ཡི་གེ་ཐམས་ཅད་ཀུན། །དེ་དག་སོ་སོར་དེར་བརྟགས་ན། །ཙན་དན་སྦྲུལ་གདུག་ལ་སོགས་པ། །

ལྟུང་འགྱུར་རྟོག་པའི་གགས་ཆེན་ཡིན། །ཁྲག་ལ་སོགས་པའི་རྫས་ཆེན་ལྔ། །དངོས་པོ་ཁོ་ནར་དེར་བརྟགས་ན། །འབྱུང་པོ་ཁྲག་གི་དྲི་སྣོམ་པའི། །ལུས་ལེན་རིགས་ནི་འཛིན་པ་ཡིན། །མ་མོ་རྔམ་པའི་ཆ་ལུགས་སུ། །གང་གི་རྟོག་པ་དེར་བཟུང་

ན། །སྲིན་མོ་མི་སྡུག་ཤ་ཟ་མོར། །ལང་ཀའི་ཡུལ་དུ་དེ་དག་འཁོར། །མཚན་མའི་མགོ་བརྙན་བླ་དགས་ཅན། །དེ་འདྲར་གང་གིས་ངེས་བརྟགས་ན། །ཤོ་གམ་གནས་ཀྱི་གཅན་ཆེན་རིགས། །འཛིན་ཅིང་གནས་དེར་རྟོགས་པར་འགྱུར། །ལས་

ཀྱི་དབང་བཙན་བྲན་མོའི་ཚོགས། །དེ་འདྲ་ཉིད་དུ་ངེས་བརྟགས་ན། །གནོད་སྦྱིན་ནག་མོའི་ཚོགས་སུ་འགྱུར། །གཞན་གྱི་ཚེ་ལ་འཚེ་བ་ཡིན། །དེས་ན་མདུད་པ་དམ་པོ་འདི། །བསྐུར་དུ་ལྕི་བའི་གདོས་ཡིན་ཏེ། །ལོག་པར་ལྟ་བས་མིག་ལོང་བས། །

སེམས་ཀྱི་ནོར་བུ་རིན་ཆེན་དེ། །རྟག་ཆད་ཁམས་སུ་སྟོར་བར་འགྱུར། །ཞེས་བཀའ་སྩལ་པ་ལས། འདུས་པའི་ཚོགས་དེ་དག་རྟོག་པའི་ནད་ཀྱིས་ཟིན་ཅིང་རང་རང་གི་དམ་ཚིག་ལས་ལོག་པར་རིག་ནས། ཨེ་མའོ་སྒྱུ་མའི་བདག་པོས་ནི་བདག་ཅག་

བསླུས་སོ། །ཞེས་རྨ་ག་ཆད་ནས་ངུས་སོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་དག་རང་རང་གི་རྒྱུད་ལ་རྣམ་པར་ལྟོས་ཤིག་ཅེས་བཀའ་སྩལ་པ་ལས། འདུས་པའི་ཚོགས་དེ་དག་གིས་ལས་ཀྱི་རྒྱུད་བྱ་བ་ཇི་ལྟ་བུ་

ཡིན་པ་བལྟས་ན་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་བཞིན་སྣང་བར་གྱུར་ཏེ། ལང་ཀའི་བདག་པོ་དེ་དག་གིས་བཅོམ་ལྡན་འདས་དེ་ལ་གསོལ་པ། ཨེ་མའོ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱི་དམ་ཚིག་ནི་ལོག་པའི་དཀའ་ཐུབ་ཏུ་གྱུར་

เล่ม ๙๗ · หน้า 186b

པར་ངེས་ན་འདི་དག་ཉིད་ཡང་དག་པའི་དཀའ་ཐུབ་ཏུ་མཛད་པར་གསོལ། ཇི་ལྟར་རང་རང་གི་དམ་ཚིག་རྣམས་མ་བཀག་པར་སྤྱོད་བཞིན་དུ་ཆོས་ཉིད་ཀྱི་དཀའ་ཐུབ་ཏུ་མཛད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བདག་ཅག་ནི་རང་རང་གི་དཀའ་ཐུབ་ལ་ཆགས་

ཤིང་ཞེན་པ་ལགས་སོ། །ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་དེ་ཅིར་ཡང་འགྱུར་བ་ལགས་སོ། །ཐེག་པ་ཆེན་པོའི་སྒོ་ནི་བསྐལ་པའི་མེ་དཔུང་ལྟ་བུ་ལགས་སོ། །དེ་བཞིན་དུ་ནམ་མཁའ་ལྟ་བུ་དང་། ས་ཆེན་པོ་ལྟ་བུ་དང་། རླུང་ཆེན་པོ་ལྟ་བུ་ལགས་སོ། །སངས་

རྒྱས་བཅོམ་ལྡན་འདས་ནི་ཐབས་རྒྱ་མཚོའི་མངའ་བདག་ལགས་པས་སོ་སོ་མོས་པ་ཇི་ལྟ་བ་བཞིན་བཤད་དུ་གསོལ་ཞེས་ཞུས་པ་ལས། ལང་ཀའི་བདག་པོ་བཅོམ་ལྡན་འདས་དེས་དགྱེས་པ་ཆེན་པོའི་བཞད་པ་མཛད་ནས་ཀྱེ་རིགས་ཀྱི་བུ་དག་ཐེག་པ་

ཆེན་པོའི་དོན་དེ་ལྟར་ཞུ་བ་ནི་ལེགས་ན། འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བ་ཡིན་ན་ཁྱེད་རྣམས་ལྟ་ཅི་སྨོས། དེ་སྐད་ཅེས་བཀའ་སྩལ་པ་ལས། འདུས་པའི་ཚོགས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཐེ་ཚོམ་

སྐྱེ་བར་བགྱིད་པ་ནི་ངེས་པ་མ་མཆིས་པ་ལགས་ན། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངེས་པ་ཅན་ལགས་ན་ངེས་པ་མ་མཆིས་པའི་ཆོས་འཁོར་གྱི་ནང་འདིར་གསུང་ངམ་ཞེས་གསོལ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་

འདུས་པའི་ཚོགས་ཆོས་ཐམས་ཅད་ངེས་པ་མེད་པར་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཐེར་ཟུག་ཏུ་རེད་པའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །དེ་བས་ན་ཁྱེད་རྣམས་ཀྱི་རང་རང་གི་དམ་ཚིག་ལ་ཡང་ངེས་པ་མེད་དེ། སྐྱེ་བ་འདི་ལས་གཞན་དཔག་ཏུ་མེད་པ་

བླངས་པ་དང་ལེན་པའི་སྐབས་སུ་སོ་སོའི་སྐྱེ་བ་ཐ་དད་པ་དེ་བཞིན་དུ་མོས་པ་དང་། ལས་དང་། སྐལ་བ་དང་། གནས་དང་། སྡེ་དང་། ཤ་ཚུགས་དང་། རིགས་དང་། ཁ་དོག་དང་། འཚོ་བ་དང་། ལྟ་བ་དང་། སྤྱོད་པ་ཐ་དད་ན། ད་ཁྱོད་ཀྱིས་ངེས་པར་གང་

เล่ม ๙๗ · หน้า 187a

ལ་གཟུང་། དེའི་ཕྱིར་ཆོས་ཐམས་ཅད་ངེས་པ་མེད་པར་ང་སྨྲའོ། །དེ་ནས་འདུས་པའི་ཚོགས་ཀྱིས་གསོལ་པ། འོ་ན་བཅོམ་ལྡན་འདས་བདག་ཅག་གི་དམ་ཚིག་རྣམས་ངེས་པས་བཟུང་ན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། འདུས་པའི་ཚོགས་འདི་ལྟ་སྟེ། མཚམས་མེད་ལྔ་ཡི་དམ་ཚིག་ནི། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྡན། །བར་མཚམས་མེད་པར་རྒྱུན་མི་གཅད། །འདི་ནི་མཚམས་མེད་དམ་ཚིག་ཡིན། །ཆགས་པ་ཆེན་

པོའི་དམ་ཚིག་ནི། །འཁོར་བ་དང་ནི་ཆོས་ཉིད་ལས། །ཤེས་རབ་སྙིང་རྗེ་མི་གཏོང་བ། །འདི་ནི་ཆགས་པའི་དམ་ཚིག་ཡིན། །མ་དང་བུ་མོ་སྲིང་མོ་ནི། །ཆོས་ཉིད་དང་ནི་ཡེ་ཤེས་ལྔ། །རང་ལས་བྱུང་བའི་ཤེས་རབ་ནི། །དེ་བཞིན་ཉིད་ཀྱི་གཟུངས་སུ་

བཤད། །གང་ལ་སྐྱེ་བ་མེད་བསྟན་ན། །སྲོག་གི་དབང་པོ་མི་ལེན་པའི། །སྐྱེ་བའི་རྒྱུན་ནི་ཆད་པ་དང་། །ཐམས་ཅད་སྟོང་པར་བཅོམ་པ་ནི། །སྲོག་བཅད་པ་ཞེས་དེ་ལ་བྱ། །དངོས་པོ་མེད་ལས་དངོས་པོར་སྟོན། །དངོས་པོར་སྣང་ལ་མེད་སྨྲ་བ། །རྒྱལ་བ་ཀུན་

གྱི་བཀའ་ཡིན་ཏེ། །སླུ་བའི་དམ་ཚིག་ཆེན་པོ་ཡིན། །གཞན་གྱི་ཡིད་བཞིན་ནོར་བུ་ལ། །རྗེས་སུ་མོས་པའི་འོད་ཟེར་གྱིས། །བླངས་ནས་བྱང་ཆུབ་འཇོག་པ་དང་། །དེ་ཉིད་ལྕགས་ཀྱུས་ལེན་པ་ནི། །མ་བྱིན་ལེན་པའི་དམ་ཚིག་ཡིན། །དེ་ཉིད་ཆེན་པོ་དེ་འདོད་

པས། །མཚན་མར་ཞེན་ལས་ལོག་སྤྱོད་པ། །འདོད་པས་ལོག་པར་སྤྱོད་པ་སྟེ། །སྦྱོར་བའི་དམ་ཚིག་ཆེན་པོ་ཡིན། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །སེམས་ཉིད་སྙིང་རྗེ་ཆེན་པོ་ལྔ། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །རྣམ་པ་ལྔ་པོ་སྦྱར་བ་འདི། །

ཆོས་རྣམས་ཀུན་གྱི་ཡོ་བྱད་ཡིན། །ཡོ་བྱད་འདི་དང་མ་ལྡན་ན། །དོན་རྣམས་འགྲུབ་པར་མི་འགྱུར་རོ། །ལོག་པར་འཚོ་བའི་ཡོ་བྱད་ཀྱང་། །ལྟ་དང་ཉོན་མོངས་ལས་ཉོན་མོངས། །འདོད་པ་བདུན་ལྔ་ཉིད་སྦྱར་ཏེ། །དེ་ལའང་དེ་སྐད་བསྒྲགས་པ་སྟེ། །

เล่ม ๙๗ · หน้า 187b

འཁོར་བ་ཉིད་དུ་འགྱུར་བ་ཡིན། །ལོག་པར་སྤྱོད་པའི་ལྟ་བ་ལྔ། །སྨེ་ཤ་ལྔ་ཞེས་གྲགས་པ་སྟེ། །དེས་ན་ལྟ་བ་མི་གཙང་བས། །ཡང་དག་ལྟ་ལས་ལྟོས་ན་སྨེ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས། འདུས་པའི་ཚོགས་དེ་དག་

གིས་སྐྱེ་བ་མེད་པའི་དོན་མཐོང་བས་ཤིན་ཏུ་ཡང་ངོ་མཚར་བར་གྱུར་ཏེ་གསོལ་པ། བཅོམ་ལྡན་འདས་འོ་ན་བདག་ཅག་གི་དམ་ཚིག་འདི་རྣམས་ཐེག་པ་ཆེན་པོར་མ་གསོལ་ཏམ། བཀའ་སྩལ་པ། འདུས་པའི་ཚོགས་སོ་སོའི་དམ་ཚིག་རྣམས་ཐེག་

པ་ཆེན་པོ་ཡོངས་སུ་རྫོགས་པར་ནི་མ་བཀག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མ་བཀག་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ནམ་མཁའི་རང་བཞིན་དུ། །སྣང་སྲིད་མ་བཀག་སྣང་བ་བཞིན། །

ཐེག་པ་ཆེན་པོའི་ནམ་མཁའ་འདིར། །ལྟ་སྤྱོད་ཐམས་ཅད་མ་བཀག་སྟེ། །དེའི་ཕྱིར་ཐམས་ཅད་ནམ་མཁའ་སྣང་ཞེས་གསུངས་པས། འདུས་པའི་ཚོགས་ཐམས་ཅད་ངོམས་ཤིང་ངོ་མཚར་དུ་གྱུར་ཏེ་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་

དུ་བཀའ་སྩལ་པ། །འདུས་པའི་ཚོགས་ཁྱེད་རྣམས་ཀྱིས་ཅི་ཞིག་ཐོས་ནས་ངུ་། གསོལ་པ། བཅོམ་ལྡན་འདས་ཡུན་གྱི་དོན་སྲིད་ཆེན་པོ་འདི་ལྟ་བུ་བདག་ཅག་ལ་སྔར་མ་བསྟན་པ་ཐུགས་རྗེ་རེ་ཆུང་ཞེས་གསོལ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། འདུས་པའི་ཚོགས་རང་རང་གི་ནམ་མཁའ་དེ། རང་རང་གི་མུན་པ་གློ་བུར་བས་བསྒྲིབས་པར་ཟད་ཀྱི། རང་རང་གི་ནམ་མཁའ་ཉིད་དུ་སྣང་བ་ལ་གང་གིས་གང་ལ་བསྟན་ཅི་དགོས་ཞེས་སྨྲས་པས། གང་གིས་མི་རིག་པ་གང་ཡིན་པ་དེ་

ཉིད་རིག་པར་འགྱུར་ཏེ། བག་བཞི་བསྐུམས། ཡན་ལག་ས་ལ་བརྡབས་ནས་ལུས་གདན་ཁྲིར་ཕུལ་ཏེ། ཉོན་མོངས་པའི་སྒྲིབ་པ་སྦྱོང་ཞིང་རྣ་བས་ཆོས་ཉན་པས་ཤེས་བྱའི་སྒྲིབ་པ་སྦྱོང་སྟེ། རིག་འཛིན་ལུས་ཀྱི་སེང་གེ་དང་། རྟ་དང་གླང་པོ་ལ་སོགས་

เล่ม ๙๗ · หน้า 188a

པའི་ཞབས་ཀྱི་གདན་ཁྲིའི་བྱ་བ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྨོངས་པའི་སེལ་བ་སྤྱོད་མཐུན་དགྲོལ་བའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།བམ་པོ་དྲུག་པར་ཟུག་པ། དེ་ནས་

ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་ལ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་གང་གིས་གང་ལ་བརྒྱུད་དེ་གྲགས་པའི་གསང་བ་དམ་པ་དེ་སྔོན་དུ་བྱུང་བ་སྤྱད་པ་སྤྱོད་པ་གྲགས་པའི་

གཏམ་རྒྱུད་ཇི་སྐད་བརྗོད་པ་རྣམ་པར་བརྗོད་པ་ལགས་ཞེས་སྨྲས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་སྔོན་དུ་བྱུང་བའི་གཏམ་རྒྱུད་གསང་བ་དམ་པ་སྤྱད་པ་སྤྱོད་པར་གྲགས་པ་ནི་འདི་ལྟ་སྟེ། གང་འདུས་པའི་ཚོགས་ཀྱིས་བཅོམ་

ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་ལ་གསོལ་པ། བཅོམ་ལྡན་འདས་གསང་བ་དམ་པ་གང་གིས་སྤྱད་པས་ལེགས་པ་དང་། ཉེས་པའི་སྤྱོད་པ་ཇི་ལྟ་བུར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། ལང་ཀའི་བདག་པོ་བཅོམ་ལྡན་

འདས་དེས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་གསང་སྔགས་དམ་པ་གང་གིས་སྤྱད་པ་སྤྱོད་པ་ནི་རབ་ཏུ་དཀའ་བར་ཤེས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། གསང་བ་དམ་པ་ནི་ཤིན་ཏུ་མེ་དང་འདྲ་སྟེ། ཇི་ལྟར་མེ་ནི་རྒྱུན་དུ་བཅངས་ཤིང་

སྤྱད་ལེགས་ན་ཇི་ལྟ་བ་བཞིན་དུ་རྒྱུན་དུ་སྤྱད་པ་འདོད་པ་འབྱུང་ངོ་། །མེ་ཉིད་ཇི་ལྟ་བ་དེ་བཞིན་དུ་སྤྱད་ཉེས་ན་མེའི་ཕུང་པོ་ཆེན་པོར་གྱུར་ཏེ། གང་སྤྱོད་པར་བྱེད་པ་དེ་ཡང་བསྲེགས། ཁྱིམ་ནས་ཁྱིམ་ཡང་བསྲེགས། རྫས་ཀྱི་དངོས་པོ་ཐམས་ཅད་ཀྱང་

ཚིག་པར་འགྱུར་རོ། །དེ་བཞིན་དུ་གསང་སྔགས་འདི་ནི་ཆུ་དང་འདྲ་སྟེ། ཆུ་གང་གི་ཐབས་ཀྱིས་ཟིན་ན་ཇི་ལྟར་འདོད་པ་བཞིན་དུ་འབྱུང་ངོ་། །གང་ཆུའི་རང་བཞིན་དང་ཐབས་ལ་མི་མཁས་པ་ནི་གང་སྤྱོད་པར་བྱེད་པ་དེ་ཉིད་གཡང་བར་འགྱུར་རོ། །གཞན་ཡང་

เล่ม ๙๗ · หน้า 188b

གསང་བ་དམ་པ་འདི་ནི་གདུག་པའི་གཅན་གཟན་དང་འདྲ་སྟེ། གང་གདུག་པའི་གཅན་གཟན་ནི་གཞན་གྱི་སྲོག་གཅོད་པར་བྱེད་ཅིང་གཞན་དག་འཇོམས་པར་བྱེད་ན་ཡང་། གང་ཐབས་ལ་མཁས་པ་དེ་ཇི་ལྟ་བ་བཞིན་དབང་དུ་འདུའོ། །གང་ཐབས་

ཀྱིས་མ་ཟིན་ན་ནི་རང་གི་སྲོག་ལ་འབབ་པར་བྱེད་དོ། །གཞན་ཡང་གསང་སྔགས་འདི་ནི་སྦྲུལ་གྱི་མགོ་ལ་འདུག་པའི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། གང་ཇི་ལྟར་ཐབས་ཀྱིས་ཟིན་ན་རིན་པོ་ཆེ་དེ་ལ་དགའ་བ་དེར་སྤྱད་དུ་ཡོད་ལ། གང་གི་ཐབས་ཀྱིས་མ་

ཟིན་ན་ཚེ་དང་བྲལ་བར་བྱེད་དོ། །གཞན་ཡང་ལྡུམ་བུ་ལང་ཏང་ཚེ་དང་འདྲ་སྟེ། གང་གི་ཐབས་ཀྱིས་ཟིན་ན་ཚད་ནད་དྲག་པོ་ཡང་གཅོད་པར་བྱེད་ལ། གང་ཐབས་ཀྱིས་མ་ཟིན་ན་སྲོག་དང་འབྲལ་བར་ཡང་བྱེད་དེ། དེ་ལྟར་ན་གང་ཐབས་ཀྱིས་ཟིན་པ་ནི་

དུག་འགྱུར་རྩི་དང་། གསེར་འགྱུར་རྩི་དང་། མུན་གྱུར་གྱི་སྒྲོན་མ་བཞིན་དུ་ཆུང་ངུས་ཆེན་པོ་འཇོམས་པར་ནུས་ཏེ། གང་ཕྱིན་ཅི་མ་ལོག་པར་ངེས་པ་ཉིད་ཀྱིས་ཐམས་ཅད་དེ་ཁོ་ན་ཉིད་དུ་འགྱུར་རོ། །འདུས་པ་ཆེན་པོའི་ཚོགས་དེ་ལྟ་བས་ན་གསང་བ་དམ་པ་

འདི་ནི་སྤྱད་པར་དཀའ་བས་སྔོན་དུ་བྱུང་བར་སྤྱད་པར་སྤྱོད་པ་དག་གསང་བ་དམ་པ་ངོས་མ་ཟིན་པས་ལོག་པའི་ལམ་དུ་བྱུང་བ་ཡང་ཡོད་དོ། །གང་ཐབས་ལ་མཁས་པས་ངོས་ཟིན་པ་མ་ནོར་བའི་ལམ་དུ་བྱུང་བ་ཡང་ཡོད་པས་འདུས་པ་ཆེན་པོའི་ཚོགས་གང་

གསང་བ་དམ་པ་ངོས་ཟིན་པའི་ཐབས་ཀྱི་སྤྲིན་ཆེན་པོས་སྤྱད་པ་སྤྱོད་པ་ལ་མཁས་པར་གྱིས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། འདུས་པའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དུ་གསང་སྔགས་ལོག་པའི་ལམ་ནི་གང་

ལགས། གང་མ་ནོར་བའི་ལམ་པ་ནི་གང་ལགས། བདག་ཅག་རྣམས་ལ་རྒྱ་ཆེར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། ལང་ཀའི་བདག་པོ་བཅོམ་ལྡན་འདས་དེས་འདུས་པ་ཆེན་པོའི་ཚོགས་ལ་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་

เล่ม ๙๗ · หน้า 189a

འདི་ལྟ་སྟེ། བརྒྱུད་དེ་གྲགས་པས་གང་སྤྱོད་པ། །གསང་སྔགས་གསང་བའི་སྙིང་པོ་འདི། །ཇི་ལྟ་དེ་ལྟར་གཏན་ལ་དབབ། །འདི་ནི་ཡང་དག་གསང་བའི་ལམ། །གང་དུ་ལོག་པའི་ཆོས་རྣམས་དང་། །གསང་སྔགས་གསང་བའི་སྙིང་པོ་

གཉིས། །བཏགས་པ་མིང་གི་སྒྲ་གཅིག་ཕྱིར། །ངེས་པའི་རྟགས་དེ་ཟིན་པར་བྱ། །ཐེག་པ་ཆེན་པོའི་གསང་སྔགས་འདི། །མཐུན་འཇུག་ཐབས་ཀྱི་སྒྲར་བསྟན་པས། །ཕྱི་རོལ་གཞན་དུ་འགྱུར་སྲིད་ཕྱིར། །ཚིག་དང་སྒྲ་ལ་དོན་མི་བཞག །དམ་པ་རྣམས་

ཀྱི་དགོངས་པ་འདི། །དཔེ་འམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །དགོངས་དོན་གསང་བའི་སྙིང་པོ་ལ། །གང་གི་བློ་ནི་མ་འབྱོར་པར། །སུ་ཞིག་སྨྲ་བར་བརྩོན་པ་དེ། །མ་སྨྲས་ན་ནི་མི་

འཚོ་འམ་ཅི། །དེ་བཞིན་སྤྱོད་དང་ལྡན་པ་དང་། །སྒྲུབ་དང་རྟོག་དཔྱོད་བྱེད་པ་རྣམས། །དོན་ལ་ངེས་བློ་མ་རྙེད་པར། །མ་སྤྱད་ན་ནི་ཅི་ཞིག་ཉེས། །ཅི་ཕྱིར་གསང་སྔགས་རྒྱ་མཚོ་འདི། །དཔེར་ན་གང་གི་སྦྲིད་བསངས་བཞིན། །དམ་པའི་བཀའ་ཚིག་རེ་རེ་ལའང་། །

དོན་ནི་ཐ་དད་དུ་མར་འབྱུང་། །དེས་ན་གསང་སྔགས་དམ་པའི་དོན། །མ་རྟོགས་བཞིན་དུ་གང་སྨྲ་བ། །གང་གིས་མཚམས་མེད་ལྔ་བྱས་པས། །ལོག་སྨྲའི་སྡིག་དེ་དེ་བས་ལྕི། །གསང་བ་ཉིད་ལ་གོལ་བ་ཡི། །གསང་བར་སྨྲ་བའི་ལོག་སྲེད་ཅན། །གསང་

སྔགས་ཆོ་གས་ཟིན་གྱུར་ན། །གང་གིས་འཚོ་བ་སྲོག་བཅད་ཀྱང་། །དེ་ནི་ཉེས་པས་མི་འགྱུར་ཞེས། །ལོག་པར་ཁ་ལོ་སྒྱུར་བ་འབྱུང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །བྲམ་ཟེ་འཚོ་བའི་ལོག་སྲེད་ཅན། །ལོག་སྨྲ་རྒྱུ་སྤྱོད་དབང་

སྒྱུར་བའོ། །གང་འདིར་ལོག་པར་སྤྱོད་རྒྱས་པས། །ཀུན་ཀྱང་ལོག་པ་ཉིད་ལ་འཇུག །དེ་ལ་གསང་བར་སྒྲ་མཚོན་ནས། །གསང་སྔགས་དེ་ལ་མངོན་སྤྱོད་འབྱུང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གང་དུ་གཞན་འབྱུང་ལོག་སྲེད་ཅན། །

เล่ม ๙๗ · หน้า 189b

དེ་མིན་འདྲ་གཞན་སྤྱོད་པའོ། །གང་དུ་འདི་ལྟར་ལོག་པའི་ཆོས། །གསང་སྔགས་དམ་པའི་ཚིག་དང་སྒྲ། །གཅིག་ལ་མི་གཅིག་སོ་སོ་ལ། །རྨོངས་པའི་མུན་པར་གང་སྤྱོད་པ། །སྔགས་པ་བདུད་ཀྱི་ལས་བྱེད་དེ། །ཤི་ནས་དམྱལ་བ་ཆེན་པོར་འགྲོ། །ཅི་ཕྱིར་ལྟ་

བས་མ་ཟིན་ཕྱིར། །བདུད་དང་སྲིན་པོའི་སྤྱོད་པ་ལ། །དགའ་མགུར་སྤྱོད་ཅིང་འདོད་དགུར་འཇོལ། །དེ་ལ་བག་ཆགས་ཞེན་པའི་མཐུས། །དམྱལ་བར་འབར་བ་བརྒྱད་ཀྱི་ཡང་། །རྡོ་རྗེ་དམྱལ་བ་ཆེན་པོར་ལྷུང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་

བྱུང་བ། །ལོག་པའི་སྟོབས་ལྡན་ཡ་མཚན་ཅན། །ལོག་ཞེན་སྡུག་བསྔལ་སྤྱི་གཙུག་པའོ། །ཨེ་མའོ་འགྲོ་བ་རྣམ་མི་གྲོལ། །ཅི་ཕྱིར་འོང་བའི་དུས་རྣམས་སུ། །གཡོ་ཅན་བཅོས་པའི་གསང་ཚིག་གིས། །དྲི་མེད་གསང་བའི་བསྟན་པ་རྣམས། །དཀྲུགས་འགྱུར་

བཀའ་བསླད་གཞུང་བོར་ནས། །དོན་མེད་ལོག་ཆོས་རྒྱས་པར་འགྱུར། །གཞན་ནས་བྱུང་བ་མ་ཡིན་ཏེ། །རྩ་བ་ཉིད་ལས་གྱུར་པར་ཟད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །འདི་བར་མ་གྱུར་བསླད་པ་ཅན། །དེ་རྒྱུད་ངན་པས་དེ་ཉིད་

བསླད། །ང་ཡི་ཡིད་བཞིན་ནོར་བུ་འདི། །ཅིར་ཡང་སྟོན་ལ་དཔག་དཀའི་ཕྱིར། །མ་འོངས་དུས་ན་ལོག་སྤྱོད་ཀྱིས། །ལོག་བརྟགས་ལོག་སྡེ་མང་པོ་འབྱུང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །ལམ་ལོག་ལམ་སྟོང་ལམ་ཉེས་

པ། །ལོག་ཞེན་ལོག་སྡེ་དྲུག་བརྒྱུད་པའོ། །གང་ལ་ལོག་ཞེན་ལོག་དབང་གིས། །ལོག་བློས་ལོག་མཐོང་གཙོར་བཟུང་ནས། །ལྟ་སྒོ་ཀུན་དུ་མི་འཇུག་ཅིང་། །རྨོངས་པའི་ལྟ་བས་བརྟན་པར་གནས། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་

བྱུང་བ། །ལོག་ལྟ་གཅིག་ཏུ་ཞེན་སེམས་པ། །ཆར་ཀ་ནག་པོ་ཀུན་རྨོངས་པའོ། །གང་འདིར་བཅིང་བ་ལྔས་བཅིངས་ནས། །རང་གི་ཆེ་བའི་ཐབས་བཟུང་སྟེ། །རྟོག་དཔྱོད་ཙམ་ཡང་མི་འཇུག་པ། །གླང་ཆེན་མྱོས་པ་རྨོངས་འདྲ་འབྱུང་། །དེ་ཡང་ཇི་ལྟ་བུ་

เล่ม ๙๗ · หน้า 190a

ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་གཅིག་པུར་ཆོས་སྨྲ་བ། །ལོག་ཕྱོགས་གཅིག་པུར་སྤྱོད་པའོ། །གང་དུ་དམུས་ལོང་ལམ་ཞུགས་པ། །ཡིད་ཀྱིས་གོམ་པའི་ཚད་དཔགས་ནས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །ཚོད་

དཔགས་ཙམ་ལ་གཙོར་འཛིན་འབྱུང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གང་དུ་མུན་པས་ཟིན་པ་ཡི། །བརྟུལ་ཞུགས་མཆོག་འཛིན་ལྔ་སྡེ་པའོ། །ལུང་མེད་རྣལ་འབྱོར་སྒོམ་པ་དང་། །ཆོས་མེད་ཆོས་སུ་སྨྲ་བ་དང་། །སྡིག་ཅན་སྨྱོན་པའི་

བརྟུལ་ཞུགས་ལ། །དཔལ་བརྟུལ་སྤྱོད་པ་ཆེར་སྤྱོད་འབྱུང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གང་གི་ཚད་མས་མ་གཞལ་བའི། །མུ་ཅོར་སྨྲ་བ་སྡེ་བཞི་པའོ། །དོན་མེད་འདུག་ལ་བརྩོན་པ་དང་། །ལུགས་མ་ལ་སོགས་གཟུགས་བརྙན་དག །

དམིགས་པའི་མཚན་མར་འཛིན་པ་ཡི། །གང་དུ་རིགས་པའི་རི་བོ་འབྱུང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གང་དུ་རྒྱུ་བ་ཀུན་བཀག་པ། །མཉམ་པར་འཇུག་པ་བདུན་སྡེ་པའོ། །སྦས་པའི་དོན་རྣམས་སྒྲར་བསྒྱུར་ནས། །དཔྱོད་ཁོངས་

ཙམ་དུ་བྱེད་པ་རྣམས། །སྟེང་དུ་མི་འབབ་གོལ་སར་འགྲོ། །སྐུ་གསུང་ཐུགས་ཀྱི་སྤུ་བྱེད་ཡིན། །ལང་ཀའི་བདག་པོ་དེ་ལྟར་ན། །དེ་སྐད་གསང་བ་མཆོག་དེས་བཤད། །གཞན་ཡང་ཐབས་ལྡན་འདི་ལྟ་སྟེ། །དེ་ནས་འཁོར་དེར་འདུས་གྱུར་པའི། །རྣལ་འབྱོར་

ཐེག་པ་མཆོག་སྤྱོད་པའི། །ཚངས་པའི་འོད་ཅེས་བྱ་བ་ལ། །གང་དེར་མོས་པ་ཆུང་སྤྱོད་པའི། །རྣལ་འབྱོར་གྲགས་ལྡན་ཞེས་བྱ་བས། །འདི་སྐད་གལ་དུ་དྲི་བ་དྲིས། །དམ་པར་སྤྱོད་པ་ཚངས་པའི་འོད། །གང་འདིར་དམ་པ་སྤྱོད་དོ་ཞེས། །ཤིན་ཏུ་དམན་པའི་ལས་

སྤྱོད་པ། །དེ་ཡི་སྨན་པ་ཐ་དད་ཕྱིར། །མུན་པ་སྣང་བར་མི་འགྱུར་ཞིང་། །དམན་པ་དམ་པར་ག་ལ་འགྱུར། །དཔེར་ན་མཐོ་སར་བགྲོད་འདོད་པ། །གཞོལ་ཕྱོགས་ལམ་དུ་འབབ་པ་བཞིན། །གོ་འཕང་ཆེན་པོ་མཐོང་འདོད་པ། །ངན་འགྲོ་ཡ་ངའི་རྒྱུད་དུ་ཞུགས། །

เล่ม ๙๗ · หน้า 190b

གང་ཞིག་བཏུང་བའི་ཆུ་འདོད་པ། །སྨིག་རྒྱུ་བསྙགས་པས་ཚིམ་མེད་ལྟར། །དམན་པ་དམ་པར་སྨིན་འདོད་པ། །མཉམ་ལ་དམན་སྤྱོད་འགྱུར་མ་ཡིན། །སྦྲུལ་འབྲས་ཁྱུང་གིས་བརྣོས་འགྱུར་ཡང་། །ཕྱིན་ཅི་ལོག་འགྱུར་མི་སྲིད་པས། །དེ་ཉིད་ཁོ་ནར་སྣང་བ་

བཞིན། །དམན་པ་དམ་པར་འགྱུར་མི་སྲིད། །གང་གི་གསང་བ་ལས་ལོག་པའི། །གང་འདིར་ལོག་སྤྱོད་དམན་པ་དག །ཐམས་ཅད་རང་བཞིན་མེད་སྟོང་པས། །ཉོན་མོངས་བྱང་ཆུབ་སྟོང་མཉམ་ཟེར། །འཚོ་བའི་སྨན་དང་འཆི་བའི་དུག །འབྱུང་བས་བསྐྱེད་པར་

རྒྱུ་གཅིག་ཀྱང་། །འཚོ་དང་འཆི་བར་བྱེད་པའི་མཐུ། །དེ་ཉིད་མི་མཐུན་སོ་སོར་སྣང་། །དེས་ན་གང་འདིར་ལ་ལ་ཞིག །འབྱུང་བས་བསྐྱོད་པས་གཅིག་མཉམ་ཞེས། །དུག་ཀྱང་ཟ་ཞིང་བཏུང་ངམ་ཅི། །དེ་བཞིན་དམ་པ་དམན་པའི་ལས། །རང་བཞིན་མེད་པར་དོན་

གཅིག་ཀྱང་། །མཉམ་ཞེས་དམ་པ་ཉིད་བཞག་ཅིང་། །དམན་པ་ཆེད་དུ་སྤྱོད་དམ་ཅི། །དེས་ན་དམ་པ་དམན་པ་དང་། །གཙང་དང་མི་གཙང་ཆེ་ཆུང་གཉིས། །བཟང་ངན་བདེ་སྡུག་ལ་སོགས་དང་། །བསྟི་གནས་སྤྱད་བྱར་སྙོམས་མེད་པ། །མཉམ་སྦྱོར་རྟགས་སྤྱོད་

ཡིན་ཞེ་ན། །དུག་དང་ཁ་ཟས་བདེ་སྡུག་རྣམས། །མི་མཉམ་མཉམ་པར་ག་ལ་སྙོམས། །མ་བཅོས་མཉམ་པའི་ཆོས་ཉིད་ལ། །གློ་བུར་ལས་ཀྱིས་མི་མཉམ་སྟེ། །ནམ་མཁའ་དྲི་མེད་ཡེ་ནས་གསལ། །དག་པར་བྱ་ཕྱིར་འཁྲུ་འདོད་འདྲའོ། །གང་དུ་ནད་རྣམས་

འཇོམས་པའི་སྨན། །ནད་མེད་རྣམས་ཀྱི་དུག་ཏུ་འགྱུར། །ལྟ་ལོག་འཇིག་རྟེན་དྲང་བའི་ཐབས། །རྣལ་མར་སྤྱོད་ན་ཉེས་པར་ངེས། །མཐུན་འཇུག་སྤྱོད་པ་དྲང་བའི་ཐབས། །གང་གི་དབང་དུ་སྤྱོད་བྱེད་པ། །གང་སྟོབས་རིག་དང་ལྡན་པ་ཡིས། །མི་མཐུན་བཅོས་

ནས་མཐུན་འགྱུར་བཞིན། །ཚིག་མཐུན་དོན་ལྡན་དམ་པ་ཡིས། །ཇི་ལྟར་རིགས་པ་དེ་ལྟར་ངེས། །ཇི་ལྟར་ཞུམ་པས་ཁེ་བརྐམ་གྱི། །གྲགས་པ་འདོད་ཕྱིར་གདེང་མེད་པར། །གཡུལ་ཞུགས་སྟོབས་རིག་འགྲན་བཟླས་ན། །གཞན་དབང་དེ་ཉིད་བརླག་པར་འགྱུར། །

เล่ม ๙๗ · หน้า 191a

དེ་བཞིན་དམ་པར་བཅོས་པ་ཡིས། །ཁེ་དང་གྲགས་པ་རློམ་སེམས་ཕྱིར། །ལོག་སྲེད་དྲང་བའི་མཐུན་སྤྱོད་ལ། །ཡང་དག་དམ་པར་ངེས་བཟུང་ནས། །ཚིག་གི་ལམ་ཉིད་སྒྲར་སྤྱད་ན། །བདག་ཕུང་གཞན་བརླག་དམན་པར་ངེས། །ཐམས་ཅད་གང་

གི་ཐིག་ཚད་དང་། །གོ་དང་རྟོགས་དང་ནུས་ཚད་དང་། །གང་དུ་འདུལ་ཚད་མ་གཏོགས་པ། །ཚད་ལས་འདས་ན་ཡུལ་མེད་དེ། །འདས་ན་འདས་པ་ཉིད་དུ་འགྱུར། །གང་ཡང་ཚད་ལས་འདས་པ་ནི། །ཟས་ཀྱང་དུག་དུ་འགྱུར་བཞིན་དུ། །དུག་ཆེན་ཟ་བའི་སྨྱོན་པ་དེ། །དམ་

པས་ཀྱང་ནི་མི་རིགས་སོ། །གང་དག་གང་གིས་བཅིངས་པ་ལས། །དེ་ཉིད་མ་གྲོལ་མ་ཐར་པར། །ཐམས་ཅད་ཐམས་ཅད་སྒྲོལ་བ་ཡི། །སླུ་བ་ཆེན་པོ་དེ་ཅི་ཞིག །དེ་ཉིད་མ་རིག་མ་གྲོལ་ཞིང་། །དེ་ཡི་སེམས་དག་མ་བྱུང་ན། །སངས་རྒྱས་ས་ལ་དེས་བཞག་

ཀྱང་། །དེ་ཉིད་མཐོང་བ་དམྱལ་བའི་གནས། །དེ་རིག་དེ་ཡི་དོན་ལྡན་ན། །དམྱལ་ཆེན་དེ་དག་ཞིང་ཁམས་དག །གསང་བའི་སྙིང་པོ་ཀུན་ཁྱབ་ཀྱང་། །དེ་རིག་དེ་དང་མ་ལྡན་ན། །ལོང་བའི་མདུན་དུ་གཟུགས་བསྟན་ལྟར། །གཏི་མུག་འཁོར་བའི་མུན་པ་

ཡིན། །དེ་སྐད་གལ་དུ་དྲིས་པ་ལས། །ཚངས་པའི་འོད་ཅེས་བྱ་བ་ཡི། །རྣལ་འབྱོར་དམ་པ་ཐེག་ཆེན་པོས། །རྣལ་འབྱོར་མོས་པ་ཆུང་སྤྱོད་པ། །གྲགས་པའི་ཚུལ་ལྡན་བྱ་བ་ལ། །དམ་པར་ངེས་པའི་ཚིག་སྨྲས་པ། །གང་འདིར་མོས་པ་ཆུང་འཛིན་གྱི། །

གྲགས་པའི་ཚུལ་འཛིན་བྱ་བ་ཁྱོད། །གསང་སྔགས་གསང་བའི་སྙིང་པོ་འདི། །སངས་རྒྱས་ཉིད་འདི་མ་གཏོགས་པ། །གང་གི་སྤྱོད་ཡུལ་མ་ཡིན་པས། །ཚུལ་འདྲ་ཙམ་གྱིས་མི་འགྲུབ་པོ། །གང་འདིར་དད་མོས་འདོད་ནུས་ན། །དེ་ཉིད་དེ་ལ་དེར་བལྟས་ན། །

དེ་ལ་དེ་སྦྱོར་དེ་ཉིད་དེ། །དེ་དག་ཙམ་ནི་ཐེག་ཚད་ཡིན། །གང་འདིར་ཐེག་པ་མང་བཤད་པ། །ཐ་དད་ཡོད་པ་མ་ཡིན་ཏེ། །མོས་པ་ཐ་དད་དྲང་བའི་ཕྱིར། །ཐབས་ཀྱི་སྒོ་ནི་མང་པོར་བཤད། །དེ་ཀུན་མོས་པ་མ་བཀག་པའི། །དྲན་པའི་ཐབས་སུ་སྦྱར་བས་

เล่ม ๙๗ · หน้า 191b

ན། །ཀུན་ལ་ངེས་པའི་བློ་མི་བཞག །གང་དུ་ངེས་པ་གཅིག་ཉིད་ལའོ། །ཀུན་ཤོང་ཀུན་འཇུག་འདི་བདེ་བས། །ཐེག་པ་ཆེན་པོ་བརྗོད་པ་ཡིན། །ཐེག་པ་ཆེ་དང་ཐབས་མང་བས། །ཐམས་ཅད་གང་ཡང་འགོག་པ་མེད། །གང་མི་འགོག་པར་འཇུག་

ལམ་བདེ། །བདེ་བ་ཉིད་ལ་སྤྱད་པར་སླ། །ཐབས་དང་ཐེག་པའི་བྱེ་བྲག་རྣམས། །སོ་སོ་མི་མཐུན་ཐ་དད་ཀྱང་། །ཐབས་ཀྱི་ངེས་པ་སྤྱོད་པས་ན། །ངེས་པ་ཉིད་ན་ཁྱད་པར་མེད། །དམ་ཚིག་བསྒྲུབ་པ་སྤྱོད་པ་དང་། །ལྟ་བ་སྣ་ཚོགས་ཐ་དད་ཀུན། །དུད་

འགྲོ་ཡི་དགས་མི་མ་ཡིན། །ངན་སྐྱུགས་ཆེད་དུ་བྱེད་ལས་སོགས། །ཕྱིན་ཅི་ལོག་ཏུ་བལྟས་པ་རྣམས། །དམ་པའི་དོན་ལ་གཟུད་པའི་ཕྱིར། །རྣམ་པ་སྣ་ཚོགས་ཐ་དད་ཀྱང་། །ཡིད་ཉིད་རྡོ་རྗེར་གཅིག་དགོངས་ནས། །སྣ་ཚོགས་ཀུན་དང་མཐུན་འཇུག་ཕྱིར། །

སྦྱར་ནས་བསྟེན་བྲིད་དྲང་བ་དང་། །ཁྲིད་པའི་ཐབས་སུ་སྦྱར་བར་ཟད། །འཇིག་རྟེན་ཀུན་གྱི་དམན་པ་རྣམས། །སྣ་ཚོགས་དམ་པར་དྲང་བའི་ཕྱིར། །དམན་པའི་ལྟ་སྤྱོད་མཐའ་ཡས་པས། །ཡོངས་སུ་རྫོགས་པར་བྱེད་པར་ཟད། །སྦྲུལ་སྒོང་ཁྱུང་དུ་མི་འགྱུར་ཡང་། །

འགྱུར་བས་གསེར་འགྱུར་སྨན་བཞིན་དུ། །དམན་པ་ཀུན་གྱི་དེ་བཞིན་ཉིད། །མ་བཅོས་ཤེས་ན་དམ་པར་འགྱུར། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །ངན་འགྲོ་གོ་འཕང་མཐོ་དམན་མེད། །སྙོན་རྨོངས་བྱང་ཆུབ་ཐ་དད་ཀྱང་། །སྟོང་པ་ཉིད་ལ་དེ་གཉིས་

མེད། །དུག་དང་སྨན་གཉིས་སོ་སོ་ཡང་། །འབྱུང་བ་དག་ལ་དེ་གཉིས་མེད། །མ་འདྲེས་སྣ་ཚོགས་ཐ་དད་ཀྱང་། །ཀུན་གྱི་རང་བཞིན་ཡོངས་སུ་རྫོགས། །གང་འདིར་དམ་པར་འགྱུར་ངེས་ན། །དམན་པའི་ལས་རྣམས་ཆེད་དུ་སྤྱད། །དེ་ཉིད་མ་མཐོང་གང་དག་

གིས། །ཚིག་བརྡ་ལམ་གྱི་རྗེས་འབྲངས་པས། །ཡང་དག་ལམ་ལས་གོལ་བ་ཡི། །ལོག་པའི་ལམ་པ་ཤ་དག་འབྱུང་། །ལང་ཀའི་བདག་པོ་དེ་སྐད་དུ། །ཚངས་པའི་འོད་ཅེས་བྱ་བ་དེས། །གྲགས་པའི་ཚུལ་དང་ལྡན་པ་ཡི། །དྲི་བ་ཆུང་ངུ་ཐེ་ཚོམ་བཅད། །ཅེས་

เล่ม ๙๗ · หน้า 192a

གསང་བའི་བདག་པོ་དེས་ལང་ཀའི་མངའ་བདག་ལ་སྨྲས་པས། གང་དུ་མོས་པ་ཆུང་ངུའི་སེམས་ཅན་རྣམས་ཐེག་པ་ཆེན་པོ་ཉིད་དུ་ངེས་པར་གྲོལ་བར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གང་གི་དྲི་བ་ཐེ་ཚོམ་

བཅད་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོ་དེས་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ལང་ཀའི་བདག་པོ་ཁོ་བོ་དྲན་པ་ཐོག་མའི་ཚེ། ཁོ་བོའི་སྟོན་པ་

གསང་བ་མཆོག་གི་བདག་པོ་དེས་འཁོར་དམ་པ་དེའི་ནང་དུ་གསང་བ་བརྒྱུད་པའི་གྲགས་པའི་གཏམ་རྒྱུད་བརྗོད་པ་ནི་གསང་བ་པའི་བདག་པོ་འདི་ལྟ་སྟེ། ང་ཡི་དགོངས་པ་སྐབས་གཅིག་ན། །གསང་བའི་བདག་པོ་དོན་འདི་དག །མ་ནོར་བ་ཉིད་ནུབ་པར་གྱུར། །

ཚུལ་ལམ་བཅོས་ཙམ་གང་དག་ལ། །ཕལ་ཆེར་དོན་དུ་སྤྱོད་མོད་ཀྱི། །དོན་དུ་ངེས་པ་ངས་མ་མཐོང་། །ཀུན་ཀྱང་ལོག་པའི་ལམ་ལ་སྤྱོད། །གང་དུ་ལོག་པ་ཇི་གང་ན། །འདི་ལ་མི་གནས་འདི་ཉམས་དང་། །འདི་ལ་ལོག་དང་ལོག་ཚུལ་སྤྱོད། །འདི་ཚུལ་མ་ཡིན་

འདིར་མ་ངེས། །གཡོ་སྒྱུས་བདེན་འདྲར་བཅོས་ལོག་གམ། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །བསྐལ་པ་ཀུན་བཀོད་བྱ་བ་ལ། །སངས་རྒྱས་མངོན་འབྱུང་རྒྱལ་པོ་དེ། །མྱ་ངན་འདས་པར་གྱུར་འོག་ཏུ། །བྱུང་བའི་རྣལ་འབྱོར་བཟང་ལྡན་དེ། །

མི་ཤེས་བྱིས་པའི་འཁོར་རྣམས་ལ། །ཚུལ་བཅོས་ལོག་པའི་སྔགས་བསྟན་པས། །ལྔ་བརྒྱའི་འཁོར་དང་བཅས་པ་དེ། །དོན་ལས་གོལ་ཅིང་འཁོར་བར་ལོག །དེ་འདྲའི་ཚུལ་འབྱུང་དེར་མ་སྤྱོད། །གཞན་ཡང་གསང་བའི་བདག་པོ་ཉོན། །རྨད་འབྱུང་གསང་

བའི་སྙིང་པོ་འདི། །རྣལ་འབྱོར་དབང་སྒྱུར་ཚད་མ་རྣམས། །ཕལ་ཆེར་མི་གནས་སྐབས་དག་ཏུ། །མི་ཤེས་ངན་རྟོག་ཅན་རྣམས་ཀྱིས། །ལོག་བརྟགས་དོན་བསླད་གཞུང་བོར་ཏེ། །ནོར་བས་བདག་ཉིད་སུན་འབྱིན་ཅིང་། །འདི་ཡིན་གཞན་རྟོགས་མ་ཡིན་ཞེས། །

เล่ม ๙๗ · หน้า 192b

བདག་བསྟོད་གཞན་ལ་སྨོད་པ་ལོག །དེ་ཡང་ཇི་ལྟ་བུ་ཞེ་ན། །བསྐལ་པ་དེ་ཡི་དུས་ཉིད་ལ། །རྣལ་འབྱོར་དཔལ་བྱིན་བྱ་བ་ཞིག །དོན་ལ་བློ་ཤེད་མ་བྱེ་ཞིང་། །གྲོས་ཀྱི་ཐབས་ལ་མི་མཁས་པས། །བློ་གྲོས་ངེས་པའི་གཞུང་བོར་ནས། །ཆོས་མ་ཡིན་པའི་ཆོས་

སྤྱོད་ཅིང་། །ངེས་པའི་གྲོས་ལྡན་གཞན་དག་ལ། །དེ་ལྟར་མ་ངེས་བློ་གྲོས་ནི། །བདག་གི་བློ་གྲོས་འདི་ཡིན་ཞེས། །མངོན་པའི་ང་རྒྱལ་ཆེར་སྤྱོད་པ། །འདི་ནི་སྲིད་པ་ལོག་པའི་ལམ། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གནོད་འདུལ་འདི་ལྟ་སྟེ། །སྔར་

བྱུང་རྒྱུད་ཀྱི་རྗེས་གནས་པས། །གདེང་མེད་བཞིན་དུ་དཔོན་བསྟབས་ནས། །ཚིག་གཉེར་དྲེགས་པའི་དབང་དེས་ནི། །མི་ཤེས་བཞིན་དུ་རས་སྤྱོད་པ། །ཚུལ་འཆོས་སེམས་ཀྱི་གྱ་གྱུ་ཅན། །སྨྱོན་ཐབས་བླུན་པོའི་སྡིག་ཅན་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་

དུས་ན་སྔོན་བྱུང་བ། །ཀུན་བཀོད་གྲགས་པ་དེ་ཉིད་ལ། །ཚུལ་བརྟགས་འཛིན་པའི་རྣལ་འབྱོར་པ། །དྲི་མེད་སྤྱོད་ཅེས་བྱ་བ་ཞིག །སྔར་བྱུང་མཁས་པ་རྗེས་སུ་གནང་། །ཁྲི་ཕྲག་བཅུ་ཡི་འཁོར་རྣམས་ཀྱིས། །རྒྱུད་ཀྱི་རྗེས་སུ་བྱུང་བ་ཡི། །དོན་མེད་རྣལ་འབྱོར་དེ་ཉིད་

ལ། །ཚིག་གི་ཁུར་ཆེན་ལྗིད་ཕབ་ནས། །རིགས་རྒྱུད་འཛིན་པར་དཔོན་བསྟབས་ཏེ། །ཆེ་བས་ཆེ་བའི་དྲེགས་པ་སྐྱེད། །མི་ཤེས་བཞིན་དུ་ཚུལ་འཆོས་ཏེ། །འདྲ་ཚུལ་ལོག་པའི་ཆོས་སྤྱད་པས། །འཁོར་བཅས་དྲེགས་པའི་རུ་ཏྲར་ལྷུང་། །དེ་འདྲའི་ཚུལ་

བྱུང་དེར་མ་སྤྱོད། །གཞན་ཡང་གནོད་འདུལ་གསང་བའི་བདག །མཛའ་འདྲིན་བསྡང་སྟེར་ཞིང་རྣམས་དང་། །རྙེད་དང་བཀུར་སྟིས་འཚོ་བའི་འཁོར། །གཞན་དབང་ཉིད་དུ་འགྱུར་དོགས་ནས། །རིས་དང་ཚོམ་སྡེ་སོ་སོར་གཅོད། །འདི་དག་བདག་གིས་གདུལ་

བྱ་ཡི། །འབྱོར་པས་འཚོ་བའི་ཞིང་ཡིན་གྱིས། །གང་དག་གང་འདིར་མ་འདུ་ཞེས། །ཉོན་མོངས་ཚིག་གིས་སྒོ་བྱེད་ནོར། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གང་དུ་གྲགས་པ་དེ་ཉིད་ལ། །ན་ཞི་ན་ཞེས་བྱ་བ་ཞིག །རྣལ་འབྱོར་

เล่ม ๙๗ · หน้า 193a

ལྔ་བརྒྱའི་འཁོར་དང་བཅས། །ཤིན་ཏུ་གསང་སྔགས་ཆེར་སྤྱོད་ཅེས། །དགོན་པའི་རྒྱུན་དུ་དབེན་གནས་ཏེ། །གང་གི་ལྗོངས་ཆེན་དེ་དག་ན། །གནས་པས་གནས་པ་དེ་དག་ཀུན། །ཁ་གསག་ཐབས་རྒྱུད་ཞིང་དུ་སྤྱོད། །གཞན་གྱི་སྡེ་

པར་གྱུར་པ་ཡི། །རྣལ་འབྱོར་མིག་ལྡན་དོན་མཐོང་ཞིང་། །གང་དེ་ཆེད་དུ་གཉེར་འོངས་ནས། །དོན་དམ་ངེས་ལམ་དེ་ཁོ་ན། །རྒྱས་པར་བསྟན་དུ་བརྩམས་པ་ལས། །དགོན་པའི་རྒྱུད་དུ་དབེན་འཛིན་པས། །ཉོན་མོངས་ལོག་པའི་སྒོ་བ་བྱས། །འདི་ཁམས་

བདག་གི་ཞིང་ཡིན་གྱིས། །ཁོ་ན་ངོ་བོ་ཉིད་དེང་ཤིག །ཚན་དང་གཞན་གྱི་རིས་བཅད་པས། །ཉོན་མོངས་འཁོར་བའི་ལམ་དུ་ལྷུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གདུལ་དཀའ་འདུལ་བ་ཡི། །རྣལ་འབྱོར་དམ་པར་བསྔོ་རྒྱུ་ལ། །བདག་

གིར་འདོད་སྤྱོད་གསོག་འཇོག་བྱེད། །གཅིག་ཡིད་གཅིག་གིས་འབྱིན་བྱེད་པ། །ནམ་ཞར་ལོག་སྤྱོད་ཐོབ་པ་མིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གྲགས་པ་ཀུན་བཀོད་དེ་ཉིད་ལ། །བདེར་ཤིས་ཞེས་ནི་བྱ་བ་ཡི། །རྣལ་

འབྱོར་ཞེན་ཆགས་འཁོར་དང་བཅས། །སྔགས་ཚིག་སྒྲ་ཡི་རྗེས་སྤྱོད་ལས། །དེ་ཡི་འཁོར་དེར་འདུས་གྱུར་པའི། །བུད་མེད་བཟང་རྒྱན་བྱ་བ་ཞིག །འཚོ་བ་འཛིན་པར་སྦྱར་བ་ལས། །སེར་སྣས་གསོག་འཇོག་བྱས་པ་ཡིས། །ཡི་དགས་ཁྱི་ཡི་ལུས་བླངས་ཏེ། །

དམན་པའི་ལུས་སུ་གཏན་དུ་འཁྱམས། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱད། །གཞན་ཡང་གསང་བདག་གནོད་འདུལ་ལ། །ལོག་པར་སྤྱོད་པའི་རྣལ་འབྱོར་ནི། །ལོག་ལྟ་སྤྱི་བརྟོལ་གཏུམ་ཁྲོ་ཆེ། །སྡིག་སྤྱོད་དོན་དང་མི་ལྡན་ཡང་། །བདག་འདི་ངེས་པ་ཁོ་ན་ཞེས། །

བབ་ཆོལ་བཀའ་རྐུན་སླུ་བྱེད་བྱེད་བསླད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །ཆོས་སྐྱོང་བ་ཡི་རྣལ་འབྱོར་པ། །པྲ་མ་ཏ་ཞེས་བྱ་བ་ཞིག །དོན་དང་ལམ་ལ་མ་མཐོང་བར། །བདག་ནི་ལམ་མཁན་ཁོ་ན་ཞེས། །ཀུན་ལ་རྒྱ་ཆེར་གྲགས་པ་ལས། །

เล่ม ๙๗ · หน้า 193b

རྒྱལ་བའི་བཀའ་རྐུན་འགྲོ་གང་རྣམས། །བསླུ་པར་གྱུར་པའི་སྨིན་པ་ཡིས། །ངན་འགྲོར་བྱིང་གྱུར་གནས་དེ་ནས། །ཐར་ནས་ལོག་པའི་འཇིག་རྟེན་པ། །བདག་འཛིན་སྤྱོད་པའི་གནས་སུ་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བདག་

འདུལ་བ་བོ། །ཐ་ཚིག་ཉམས་ཤིང་དོན་ལ་རྨུགས། །གྲགས་པས་དེ་ལ་ཁས་འཆེ་ཕྱིར། །རྒྱལ་པོའི་རྒྱལ་ས་ཐོབ་འདོད་པ། །ཁྲེལ་མེད་སྤྱི་བརྟོལ་མུན་སྤྲུལ་འཆལ། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གང་དུ་གྲགས་པ་དེ་

ཉིད་ལ། །རྣལ་འབྱོར་སྔགས་ཀྱི་ཚུལ་སྤྱོད་པ། །པེ་ན་པ་ཡ་བྱ་བ་ཞིག །བརྒྱ་ཡི་སྡེ་དང་བཅས་པ་བྱུང་། །རྩ་བ་ཉམས་ཤིང་དོན་ལ་རྨུགས། །དྲེགས་པ་ཆེན་པོའི་ང་རྒྱལ་གྱིས། །དོན་དང་ལྡན་པར་ཚུལ་འཆོས་ཕྱིར། །རྒྱལ་པོའི་རྒྱལ་ཐབས་ཆེ་བླངས་

པས། །རི་བོས་སྲོག་ཆགས་མནན་པ་བཞིན། །ང་རྒྱལ་དྲེགས་པའི་རི་བོ་ཡིས། །འཁོར་བའི་ལས་སྤྱོད་ལས་ངན་པ། །གཏི་མུག་ཕག་གི་ལུས་སུ་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བའི་བདག་པོ་ཉོན། །མཉམ་པའི་དོན་ཉིད་

མ་ཆུབ་པར། །མཉམ་ཞེས་ཚིག་གི་ལམ་འབྱིན་ཞིང་། །ཆགས་སྡང་གཉིས་ལ་མངོན་འཆེལ་བ། །རྣལ་འབྱོར་ལས་ཀྱིས་འཁོར་བའི་ལམ། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གྲགས་འབྱུང་བསྐལ་པ་དེ་ཉིད་ལ། །བདེ་སྦྱིན་ཞེས་ནི་

བྱ་བ་ཞིག །རྣལ་འབྱོར་སྟོང་གི་འཁོར་དང་བཅས། །གསང་བ་དམ་པར་ངེས་སོ་ཞེས། །སྟེན་ཁྲིད་ཆགས་སྡང་གཉིས་ལ་འཆེལ། །དེ་ཉིད་ཡོངས་སུ་སྨིན་པ་ཡིས། །རཀྵ་སྲིན་པོའི་ཁམས་སུ་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བདག་

འདི་ལྟ་སྟེ། །རྣལ་འབྱོར་གང་དག་བློ་ཆུང་རྣམས། །རྣལ་འབྱོར་གང་དག་དོན་གླེངས་ན། །དེ་ལ་འཇིགས་ཤིང་སྐྲག་འགྱུར་ཏེ། །སྤ་ཞུམ་མི་དགའ་འབྱོལ་བྱེད་བླུན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གྲགས་འབྱུང་བསྐལ་པ་དེ་ཉིད་

เล่ม ๙๗ · หน้า 194a

ལ། །ལྷ་སྦྱིན་དེ་ཞེས་བྱ་བ་ཞིག །རྣལ་འབྱོར་ལས་ཀྱི་དང་པོའི་ཚེ། །རྣལ་འབྱོར་ངེས་དོན་མང་པོ་གཞན། །ངེས་དོན་གསང་བའི་དོན་གླེངས་ན། །ལྷ་སྦྱིན་འཁོར་བཅས་དེ་ལས་བྱོལ། །ནོར་བའི་སེམས་ཀྱིས་ཕྲག་དོག་སྐྱེས། །རང་གི་གནས་

དོར་ངན་དུ་བརྗོད། །དེ་ཡིས་བསྐལ་པ་དཔག་མེད་དུ། །ཡང་དག་དོན་གོལ་ལོག་པར་འཁྱམས། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བའི་བདག་པོ་ཉོན། །རྣལ་འབྱོར་ཉིད་ཀྱི་རྣལ་འབྱོར་ལ། །རྣོན་པོ་གདུག་པའི་དུག་མདའ་གཏོང་། །

ཐ་ཚིགས་བཙན་པོ་རྫོང་ལྟ་བུ། །འཇོམས་བྱེད་རྣལ་འབྱོར་རང་བགེགས་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྣལ་འབྱོར་བློ་གྲོས་བྱ་བ་ཞིག །མི་འཇིགས་ཞེས་བྱའི་རྣལ་འབྱོར་པ། །དོན་མེད་བཅོས་པར་སྤྱོད་པ་དེར། །བློ་གྲོས་དམ་པ་འདུས་པར་གྱུར། །བཟོད་

ལྡན་དེ་ལ་ངན་སེམས་ཀྱིས། །སྐུར་བཏབ་ཁ་ན་མ་ཐོ་བརྗོད། །དེས་ནི་མི་འཇིགས་མནར་མེད་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །གཞན་ཡང་གསང་བདག་འཇིག་ཉོན་ཅིག །ལྟ་བའི་དམིགས་བུ་དང་བྲལ་ནས། །ཡང་དག་དབུ་མའི་ལམ་མི་གསལ། །

སྤྱི་ཡུལ་ཙམ་ལ་ལྟོས་སྤྱོད་པ། །དེ་ནི་རྣལ་འབྱོར་ལོང་བའི་ཚོགས། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྒྱལ་པོ་རབ་ཏུ་གསལ་འཛིན་པ། །རྣལ་འབྱོར་གསང་བའི་རྗེས་ཞུགས་ཏེ། །ཤེས་རབ་ལྟ་བ་མིག་མེད་པར། །རྣལ་འབྱོར་མིང་ཙམ་ཚུལ་བཟུང་ནས། །སྒྲ་

ཐོས་རྗེས་སུ་ཚུལ་སྤྱད་པས། །གཏི་མུག་མུན་པའི་ཁམས་སུ་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཐམས་ཅད་འཁོར་བའི་ལམ་པར་ལྟུང་། །དེས་ན་གསང་བའི་སྙིང་པོ་འདི། །གོལ་ས་ཆེ་བར་རྒྱལ་བས་

བཤད། །དེས་ན་ཐབས་ལ་མཁས་པ་དང་། །བློ་གྲོས་དམ་པ་ཤིན་ཏུ་གཅེས། །ཐབས་མཁས་བློ་གྲོས་ལྡན་པ་ཡི། །ངེས་པར་ལེགས་པའི་རྣལ་འབྱོར་པ། །སྔོན་འདས་དུས་ན་བྱུང་བ་ཡི། །རྩལ་ཆེན་རྣམས་ཀྱི་བཅད་རྒྱུད་འདི། །སྐྱེས་བུ་དམ་པའི་སྤྱོད་ཡུལ་

เล่ม ๙๗ · หน้า 194b

ཏེ། །ཡོན་ཏན་སྒྲ་བསྒྲགས་སུས་ཐོས་པ། །མིང་ཙམ་གྱིས་ཀྱང་བདེ་ཐོབ་ཅིང་། །དྲན་པས་ངན་འགྲོ་ལས་སྐྱོབ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཤིན་ཏུ་གསང་བའི་སྙིང་པོ་འདི། །མ་བྱུང་བ་ཡི་སྔོན་དུས་ན། །ལྷ་གནས་གསུམ་དུ་གྲགས་པ་

ལས། །ལྷ་ཡི་བུ་ནི་འོད་ལྡན་ཏེ། །མི་རྟག་འཆི་བའི་དུས་བབ་ནས། །སྔོན་བྱུང་སྔ་ལྟས་བྱུང་བ་ན། །མི་བདེ་བར་ནི་འདུ་ཤེས་གྱུར། །མ་འོངས་འདུ་ཤེས་བཞག་པ་ལས། །མི་གཙང་ཟས་ཀྱིས་འཚོ་བ་ཡི། །སྲོག་ཆགས་བླུན་པའི་ལུས་

ལེན་པར། །རང་གི་མངོན་པར་ཤེས་པས་མཐོང་། །ཤིན་ཏུ་སྐྲག་པའི་འདུ་ཤེས་ཀྱིས། །སྐྱབས་ཀྱི་ཡུལ་ནི་ཡིད་ལ་བྱས། །གང་དེར་གང་དྲན་མ་བྱུང་བར། །ཐེག་ཆེན་གསང་བའི་སྙིང་པོའི་མཚན། །ཚིག་གི་ལམ་དུ་གྲགས་པ་བཞིན། །ཐོས་

པ་ཡིད་ལ་བྱས་པ་ཡིས། །ངན་འགྲོར་འགྲོ་ལས་སླར་ལོག་སྟེ། །བདེ་བ་ཆེན་པོའི་གནས་སུ་འཁོད། །དེ་འདྲའི་ཚུལ་བྱུང་དེ་བཞིན་སྤྱོད། །གཞན་ཡང་གསང་བའི་བདག་པོ་ཉོན། །ཐེག་ཆེན་གསང་བར་རབ་ངེས་ན། །རྣམ་སྨིན་དྲག་པོས་གར་

འཕངས་ཀྱང་། །ཇི་ལྟར་ཕོ་ལོང་བརྡབས་པ་བཞིན། །འཕེན་འགྲོ་དོན་གྱིས་དེར་མི་གནས། །ཅི་ཕྱིར་ཐམས་ཅད་སྟོང་ཉིད་པས། །སྡུག་བསྔལ་གནས་སུ་བཅས་དེ་ཡང་། །སེམས་ཅན་བཅས་ཏེ་སྟོང་པའི་ཕྱིར། །རེག་འགྱུར་མྱོང་བར་འགྱུར་མ་

ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །དམིགས་པ་ཅན་གྱི་རྣལ་འབྱོར་པ། །ཐེག་ཆེན་ཟབ་མོའི་ཚིག་ཐོས་པས། །ཤིན་ཏུ་སྐྲག་ཅིང་དངང་འགྱུར་ཏེ། །སྐུར་བཏབ་རྒྱབ་ཕྱོགས་སྙིང་རལ་ནས། །ངུ་འབོད་གནས་ལྟུང་མ་མྱོང་

བར། །བདེ་འགྲོ་ཐར་པའི་གནས་སུ་ཐོན། །དེ་འདྲའི་ཚུལ་བྱུང་ཤེས་པར་གྱིས། །རྒྱལ་བ་རྣམས་ཀྱི་གསང་འདི་ལ། །གང་དགའ་གང་ཞིག་འདུན་སྐྱེད་པ། །གཞན་གྱི་བར་ཆད་མི་འབྱུང་བར། །ཇི་ལྟར་མོས་པ་དེ་མྱུར་ཐོབ། །དེ་ཡང་ཇི་ལྟ་བུ་ཞེ་ན། །

เล่ม ๙๗ · หน้า 195a

འདས་པའི་དུས་ན་སྔོན་བྱུང་བ། །བྲམ་ཟེ་བྱམས་ལྡན་ཞེས་བྱ་བས། །གསང་ཆེན་གསང་བའི་སྙིང་པོ་འདི། །མཐོང་བས་མོས་ཏེ་ཀུན་ལ་བལྟས། །དེ་ཡང་རྙེད་པར་མ་གྱུར་ཏེ། །གང་གི་ཕྱོགས་སུ་གནས་ནས་ནི། །ཤིན་ཏུ་ངུས་ནས་

གདུངས་སྔགས་སྨྲེས། །ཨེ་མའོ་བདག་ནི་ལས་རེ་ཕམ། །སྐྱེས་ནས་རྒས་པར་གྱུར་བར་དུ། །ཡང་དག་གསང་བའི་དོན་བཙལ་ན། །གང་འདི་མ་མཐོང་ལས་རེ་ངན། །ད་ཡང་ཇི་ལྟར་མཐོང་བར་འགྱུར། །བཙལ་བས་རྙེད་པར་ཡོད་མིན་ཏེ། །བདག་ལ་སྟོན་

པ་གང་སུ་ཞིག །སྒྲ་ཆེར་ངུས་ཏེ་སྨྲས་པ་ལས། །ནམ་མཁའི་ཁམས་ནས་སྒྲ་བྱུང་སྟེ། །སྐལ་དང་ལྡན་པའི་རིགས་ཅན་ཁྱོད། །འདི་ལྟར་ངེས་པའི་བློ་བརྟན་པས། །ཁྱོད་ནི་དོན་གྱི་བགོ་སྐལ་བ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །ཁྱོད་ལ་བྱིན་གྱིས་

བརླབ་པ་མཛད། །དེ་བས་མོས་པ་མ་གཡེལ་བར། །དོན་དང་ཕྲད་པའི་ཐབས་དག་ལ། །མཁས་ཤིང་བརྩོན་པར་བྱ་དགོས་ཏེ། །གདོས་པའི་ལུས་ནི་གདོད་བོར་ནས། །སྙིང་པོ་དོན་ལ་ངེས་བལྟས་ན། །དེ་མ་ཐག་ཏུ་མཐོང་བར་འགྱུར། །དེ་སྐད་ལུང་བསྟན་

ཐོས་ནས་ནི། །དགའ་བས་མོས་པ་ཆེར་གཡོས་ཏེ། །ཇི་ལྟར་བསྟན་པ་དེར་བལྟས་པས། །རིགས་ཆེན་འཛིན་པའི་སྲས་སུ་གྱུར། །དེ་འདྲའི་ཚུལ་བྱུང་མོས་པར་སྤྱོད། །གསང་བའི་བདག་པོ་འདི་ལྟ་སྟེ། །མཐོང་ལ་སྐལ་ལྡན་འདིར་ཞུགས་ཏེ། །ཐམས་ཅད་དུ་

ཡང་དེ་བཞིན་ཏེ། །ཏོག་གི་རྩེ་མོར་གྱུར་པ་བཞིན། །ཡོངས་ཀྱིས་ནུབ་པ་མ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །དགེ་བའི་རྒྱལ་པོ་ཞེས་བྱ་བ། །ལྷ་བུ་ཁྲི་ཚོ་བཅུ་དང་བཅས། །སྙིང་པོ་གསང་བར་རྣལ་འབྱོར་ལ། །རིན་ཆེན་འོད་ལྡན་གཙུག་འཛིན་དུ། །ཤིན་

ཏུ་དང་བས་དགེར་གཡོས་ཏེ། །ལྷ་རྫས་ཡོ་བྱད་མང་པོ་དང་། །བཅས་ནས་དམ་པའི་དྲུང་དུ་དོང་། །དགའ་བས་འདུན་པའི་ཚུལ་བཟུང་ནས། །སྙིང་པོ་གསང་བའི་དོན་ལ་ཞུགས། །ཆོ་འཕྲུལ་ཆེན་པོ་བཞི་ཐོབ་སྟེ། །ལྷ་གནས་ཀུན་དུ་བགྲོད་པ་དང་། །འབྱུང་

เล่ม ๙๗ · หน้า 195b

ཆེན་ལུས་ལས་སྤྲུལ་པ་དང་། །རི་བོ་འདེགས་དང་འཕང་བ་དང་། །ཡུན་གྱི་ཚེ་ལ་གནས་པ་ཐོབ། །རྒྱལ་མཚན་རྩེ་མོའི་ཏོག་བཞིན་དུ། །མཐོང་བ་དག་གི་ཆོས་ཉིད་དེ། །བསྐལ་པར་ནུབ་པར་མ་གྱུར་ཏོ། །དེ་འདྲའི་ཚུལ་བྱུང་འཇུག་པར་གྱིས། །གཞན་

ཡང་གསང་བདག་འདི་ལྟ་སྟེ། །མཐོང་བས་ཆོས་འདི་ཡོངས་དག་པ། །ཡེ་ཤེས་སྒྲོན་མའི་མིག་རྙེད་ནས། །བླ་མེད་སྙིང་པོ་ཅན་རྣམས་ཀྱི། །ལམ་རྙེད་ལམ་དུ་ཞུགས་པ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །ཐེག་ཆེན་གསང་

བར་རབ་ངེས་པ། །ལྷུན་གྲུབ་རྩལ་ཆེན་རྫོགས་པ་ཡི། །རིགས་ཆེན་འཛིན་པའི་ས་ཉིད་ཐོབ། །དེ་འདྲའི་ཚུལ་བྱུང་མཐོང་བར་གྱིས། །གཞན་ཡང་གསང་ཆེན་འཛིན་པ་ཉོན། །གང་དག་ཐེག་ཆེན་མངོན་སྤྱོད་ལ། །དགའ་བས་རྗེས་སུ་ཡི་རང་བས། །

དེ་ནི་དེ་དང་འདྲ་བ་སྟེ། །འབྲས་བུ་དག་ལ་མཐོ་དམན་མེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །རྒྱལ་པོ་དབང་ཕྱུག་འོད་ལྡན་པ། །རྣལ་འབྱོར་ཅན་གྱི་འཁོར་དང་བཅས། །ཐེག་ཆེན་ཟབ་མོའི་དོན་ལ་ཞུགས། །གསང་སྔགས་གསང་

བའི་བྱིན་བརླབས་དག །ངོ་མཚར་ཆོ་འཕྲུལ་མང་པོ་རྣམས། །ཐོག་མ་ཀུན་དུ་གྲགས་པར་གྱུར། །དེ་ལས་གཞན་པའི་རྣལ་འབྱོར་པ། །བྲམ་ཟེ་དགེ་སློང་བྱ་བ་ཞིག །ཤིན་ཏུ་དགའ་བའི་སེམས་བསྐྱེད་ནས། །དམ་པར་ངེས་པའི་བསླབ་པ་ཞུས། །བྱིས་

པའི་སྤྱོད་ཡུལ་མ་ཡིན་ཕྱིར། །གསང་ཆེན་གསང་བར་རབ་ཏུ་གསུངས། །བྲམ་ཟེ་མ་ལོག་ཡོ་བྱད་དག །དེ་ལ་དེ་བསྔོས་དག་པར་སྦྱར། །སྐྱེས་བུ་དམ་པ་དེ་ཡུལ་དུ། །ཡིད་ཀྱིས་ཕྱོགས་དེར་སྨོན་པར་བརྗོད། །འདི་ལ་མོས་པའི་བྱིན་བརླབས་ཀྱིས། །

སྙིང་པོར་ངེས་པའི་དམ་པ་དང་། །རྗེས་སུ་ཡི་རང་དམ་པ་གཉིས། །ཐོབ་པ་མཉམ་པ་ཉིད་དུ་གྱུར། །འདི་ལྟར་ཚེགས་མེད་དོན་པོ་ཆེ། །ཐབས་ལ་མཁས་པའི་རིགས་ཆེན་འཛིན། །དེ་འདྲའི་ཚུལ་བྱུང་མཁས་པར་གྱིས། །གཞན་ཡང་གསང་འཛིན་འདི་ལྟ་སྟེ། །

เล่ม ๙๗ · หน้า 196a

བསམ་ཡས་བསམ་གྱིས་ཁྱབ་པ་ཡི། །རྒྱལ་བས་འདི་གཟིགས་འདི་མཁྱེན་པས། །སྲིད་གསུམ་འཁོར་བའི་བཤེས་གཉེན་དུ། །དམ་པ་གསང་བའི་བདག་པོར་གྱུར། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གསལ་

བྱིན་བྱ་བའི་ཁྱིམ་བདག་ཞིག །ཐེག་ཆེན་གསང་བ་འདིར་གནས་པས། །རང་གི་གསང་བ་ཉིད་མཐོང་བས། །གསང་ཆེན་གསང་བའི་ངེས་རྙེད་དེ། །ཀུན་གྱི་གསང་བ་ངེས་པར་མཐོང་། །ཆོས་རྣམས་ཀུན་གྱི་གསང་བ་སྟེ། །དེ་ལས་དེ་བྱུང་འབུམ་ཕྲག་ཡས། །

ཆོས་ཀྱི་རྒྱལ་པོར་གྱུར་ནས་ནི། །སྨྲ་བ་ཀུན་གྱི་སེང་གེ་ཞེས། །ཞིང་ཁམས་ཀུན་དུ་གྲགས་པར་གྱུར། །དེ་འདྲའི་ཚུལ་བྱུང་བསླབ་པར་གྱིས། །གཞན་ཡང་གསང་འཛིན་གནོད་འདུལ་ཉོན། །ཐེག་ཆེན་གསང་བའི་ཚིག་ལམ་གཅིག །ཁོང་དུ་ཆུད་པར་གྱུར་

པ་ནི། །སྐྱེ་བོ་ཉན་ཐོས་བསམ་ཡས་དང་། །རྒྱལ་བ་མཐའ་ཡས་སྲས་བཅས་ལ། །མཆོད་ཡོན་ཚོགས་ཆེན་སྤེལ་བས་ནི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཅིའི་ཕྱིར་ཐེག་ཆེན་འདི་ཤེས་པས། །རྒྱལ་བ་མཉེས་པའི་མཆོག་འདི་ཡིན། །ནམ་མཁའ་ཀུན་

ཁྱབ་རྒྱལ་བ་དང་། །ཐེག་ཆེན་གསང་བའི་སྙིང་པོ་གཉིས། །སོ་སོ་མ་ཡིན་ཐ་མི་དད། །དེས་ན་རྒྱལ་བ་གཅིག་མཉེས་པས། །རྒྱལ་བ་ཐམས་ཅད་མཉེས་པ་ཡིན། །སྐུ་དང་གསུང་ཐུགས་གཅིག་ལས་མེད། །འདུལ་བའི་དབང་གི་ཁྱད་པར་ལས། །

བསམ་གྱིས་མི་ཁྱབ་བསྟན་པར་ཟད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །སྐལ་ལྡན་ཡོངས་སུ་དག་པའི་རིགས། །དགེ་ལྡན་གསལ་ལྡན་བྱ་བ་གཉིས། །གང་དུ་མོས་པ་སོ་སོར་སྐྱེས། །གཅིག་ལ་གཅིག་འདིར་ཐ་ཆིག་བཅས། །གཅིག་

གིས་དམན་པའི་ཐེག་པ་ལ། །སྤྱད་ནས་བྱ་བའི་ལས་ཆེན་བྱས། །གཅིག་ནི་ཐེག་ཆེན་གསང་བའི་དོན། །རྒྱ་ཆེར་ངེས་པར་ཆུབ་པ་ལས། །ཐེག་ཆེན་ཞོན་པའི་གསལ་ལྡན་ནི། །རིགས་ཆེན་གཅིག་གིས་མངོན་པར་ཆུབ། །བྱ་བ་བྱེད་པའི་དགེ་ལྡན་ནི། །གྲངས་

เล่ม ๙๗ · หน้า 196b

མེད་བསྐལ་པ་གསུམ་གྱིས་ཆུབ། །དེས་ན་ཐེག་ཆེན་གསང་བ་ལ། །དེ་འདྲའི་ཚུལ་བྱུང་ཚུལ་བཞིན་སྤྱོད། །གཞན་ཡང་གསང་འཛིན་བདག་པོ་ཉོན། །གསང་འདི་རྟག་ཏུ་གང་འཆད་པ། །མི་བསྐྱོད་རྒྱལ་པོ་ལ་སོགས་པའི། །ཆེ་ཡོན་རྟག་པའི་ཅི་འདྲ་བ། །དོན་

གྱི་གཟུངས་དང་བཅས་པ་ཐོབ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཁྱིམ་བདག་མེས་བྱིན་བྱ་བ་དེ། །བརྒྱ་ཡི་འཁོར་དང་བཅས་པ་ཞིག །རྟག་པར་ཐེག་ཆེན་འདིར་གནས་པས། །སངས་རྒྱས་མི་འཁྲུགས་རྒྱལ་པོ་ཡི། །འཁོར་དང་བཅས་པ་ཅི་འདྲ་བ། །རིགས་ཆེན་

འཛིན་པ་གཅིག་གིས་ཐོབ། །དེ་འདྲའི་ཚུལ་བྱུང་དག་པར་སྤྱོད། །གཞན་ཡང་གསང་བདག་འདི་ལྟ་སྟེ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །དོན་དུ་ངེས་པར་བསྒྲུབ་པ་རྣམས། །རྟོགས་ནས་སྨྲ་བར་གང་བྱེད་པ། །གོམས་པས་བརྗོད་དང་སྨོན་པ་ཡིས། །ཆོས་

ཀྱི་རྒྱལ་པོར་དེ་འགྱུར་ཞིང་། །ཡོན་ཏན་སྤྱི་གཙུག་ཉིད་དུ་འགྱུར། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །དྲང་སྲོང་རྣལ་འབྱོར་ཀལ་ཡ་ནས། །དྲང་སྲོང་རྣམ་པ་མང་སྡེ་ལ། །ཐེག་ཆེན་གསང་བའི་བསྔགས་པ་བརྗོད། །དོན་རྣམས་

ངེས་པར་བཀོད་པ་ལས། །མང་པོས་རིགས་ཆེན་འཛིན་པ་ཐོབ། །གང་དེར་བསྔགས་པ་རྗོད་བྱེད་པ། །གསང་བདག་ཆོས་ཀྱི་རྒྱལ་པོར་འགྱུར། །དེས་ན་ཐེག་ཆེན་གསང་བ་འདི། །ཀུན་ལ་བསྔགས་པ་བརྗོད་པར་གྱིས། །དེས་ནི་ང་ཡི་དགོངས་པ་

ཐོབ། །རྒྱལ་བ་ཀུན་གྱི་ཐུགས་དམ་ཡང་། །ཐེག་ཆེན་གསང་བའི་སྙིང་པོ་ཡིན། །རྣལ་འབྱོར་གང་ཞིག་བློ་ལྡན་པས། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །གསང་ཆེན་གསང་བར་ངེས་བཞག་ན། །རྒྱལ་བ་ཀུན་ཀྱང་རིགས་འཛིན་གྱི། །གསང་ཆེན་

གསང་བར་རབ་ངེས་པའོ། །གསང་བའི་བདག་པོ་དེ་ལྟར་ན། །གསང་ཆེན་གསང་བའི་སྙིང་པོ་གང་། །ངེས་པར་ལེགས་པའི་བཅད་རྒྱུད་དང་། །ལོག་པར་ངེས་པའི་བཅད་རྒྱུད་རྣམས། །སྔོན་བྱུང་བརྒྱུད་པ་གྲགས་པ་ཡིན། །དེ་སྐད་གསང་བ་མཆོག་

เล่ม ๙๗ · หน้า 197a

ཉིད་གསུང་། །ཞེས་གསང་བའི་བདག་པོས་སྔོན་བྱུང་བའི་གཏམ་རྒྱུད་ཇི་ལྟར་བརྒྱུད་ཅིང་གྲགས་པ་བརྗོད་པའི་བྱ་བ་བྱས་པས་ལང་ཀའི་བདག་པོ་ལ་སོགས་པ་མངོན་དུ་སྣང་བའི་སེམས་དཔའ་དམན་པའི་ལུས་ཅན་རྣམས་གང་དུ་མ་ངེས་

པའི་སོམ་ཉི་ཡོངས་སུ་ཆད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སྔོན་དུ་བྱུང་བ་གཏམ་རྒྱུད་ཡོངས་སུ་བརྗོད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་བརྒྱུད་པ་ཐབས་

ཀྱིས་གྲགས་པ་ན་ཡང་བྱུང་བྱ་བ་གཏམ་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱ་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་བརྒྱད་པའོ།། །།དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་དུ་བྱུང་བའི་ཚིག་

བཅུ་གཉིས་པའི་དགུ་པ་གང་གི་ཆེད་དུ་མཛད་པ་ན་ཡང་བྱུང་ཞེས་པ་བྱུང་བའི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་རྒྱུད་དུ་བརྗོད་པའི་སྐབས་སུ་གང་གི་ཆེད་

དུ་མཛད་པ་ན་ཡང་བྱུང་ཞེས་བཀོད་པ་དེ་ཇི་ལྟ་ཇི་ལྟར་མཛད་དེ་ཡོངས་སུ་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་གང་མ་བཅོས་པ་དེ་ཁོ་ན་བཞིན་མཛད་པ་ལ་བྱའོ། །སྨྲས་པ། གསང་བ་བའི་བདག་པོ་གང་མ་བཅོས་པ་དེ་ཁོ་ན་བཞིན་དུ་མཛད་པ་

དེ་གང་ལགས། སྨྲས་པ། ལང་ཀའི་བདག་པོ་ཆོས་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལ་བྱའོ། །སྨྲས་པ། གསང་བ་པའི་བདག་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལ་ནི་སངས་རྒྱས་ཀྱང་མེད། སེམས་ཅན་ཡང་མེད། ཕོ་མོ་ཡང་མེད།

རིགས་རྒྱུད་ཀྱང་མེད། གཟུགས་མེད། བསྟན་དུ་མེད། མཚོན་དུ་མེད། དཔེ་ཡང་མེད། མཛད་པ་ཡང་མེད་དེ། དཔག་པར་རབ་ཏུ་དཀའ་ལ་གང་གིས་རྟོགས་པར་ནུས་པ་མ་ཡིན་ནོ། །གསང་བ་པའི་བདག་པོ་གང་ཅི་ཡང་མེད་པ་ལས་སངས་རྒྱས་དང་།

เล่ม ๙๗ · หน้า 197b

སེམས་ཅན་དང་། ཕོ་མོ་དང་། རིགས་རྒྱུད་དང་། གཟུགས་སྣ་ཚོགས་དང་། བསྟན་པ་སྣ་ཚོགས་དང་། མཚོན་པ་དང་། དཔེ་ཐ་དད་པ་དང་། མཛད་པ་སྣ་ཚོགས་དང་། རྗེས་སུ་དཔག་པ་ལ་སོགས་པ་ཇི་སྙེད་པ་མང་པོ་འདི་དག་གང་གི་ཆེད་དུ་མཛད་པ་

སྣང་བ་ལགས་ཞེས་ཡོངས་སུ་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་ཡོངས་སུ་དྲི་བ་ཆེན་པོ་འདི་ནི་ལེགས་སོ། །རབ་ཏུ་ལེགས་སོ། །གང་ཅི་ཡང་མེད་པ་ལས་ཅིར་ཡང་སྣང་བའི་དོན་འདི་ནི་དེའི་རང་བཞིན་དེ་ཡིན་པའི་

ཕྱིར་ཏེ། གྲོང་ཁྱེར་ཆེན་པོ་གསུམ་གྱི་ཆེད་དུ་མཛད་པ་ཐ་དད་པར་སྣང་བ་འབའ་ཞིག་གོ། །གྲོང་ཁྱེར་གསུམ་གང་ཞེ་ན། འདི་ལྟ་སྟེ། ཕྱེད་སྣང་གི་གྲོང་ཁྱེར་དང་། ཀུན་སྣང་གི་གྲོང་ཁྱེར་དང་། མི་སྣང་བའི་གྲོང་ཁྱེར་རོ། །ལང་ཀའི་བདག་པོ་གྲོང་

ཁྱེར་གསུམ་ཉིད་ཆོས་ཉིད་ཡིན་པས་ན་དེ་ལ་ནི་ཆོས་ཀྱི་དབྱིངས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་གང་ཡིན་པ་དང་། གྲོང་ཁྱེར་གསུམ་གྱི་རང་བཞིན་གང་ཡིན་པ་འདིར་གཅིག་པའི་ཕྱིར་ཏེ། ཐམས་ཅད་འབྱུང་བའི་སྒོ་དང་། གནས་སུ་གྱུར་

པ་ཁོ་ནའོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་སྒོ་གསུམ་དུ་སྣང་བ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་དང་། རིག་པའི་སྒོ་དང་། གསང་བའི་སྒོའོ། །ལང་ཀའི་བདག་པོ་གཟུངས་ཀྱི་སྒོ་ཡང་གྲོང་ཁྱེར་གསུམ་གྱི་ཆེད་དུ་གསུམ་སྣང་བ་མཛད་པ་ནི་

འདི་ལྟ་སྟེ། དེ་ཉིད་ཀྱི་རྐྱེན་གྱིས་ཞི་གནས་དང་། དེ་འཛིན་གྱི་རྐྱེན་གྱིས་ལྷག་མཐོང་དང་། དེ་འཇུག་གི་རྐྱེན་གྱིས་ལས་མཐའོ། །ལང་ཀའི་བདག་པོ་རིག་པའི་སྒོ་ལ་ཡང་གྲོང་ཁྱེར་གསུམ་གྱི་ཆེད་དུ་གསུམ་སྣང་བ་མཛད་པ་ནི་འདི་ལྟ་སྟེ། མི་སྣང་བའི་ཆེད་

དུ་ཞི་གནས་དང་། །སྣང་བའི་ཆེད་དུ་ལྷག་མཐོང་དང་། ཞེན་པའི་ཆེད་དུ་ལས་མཐའོ། །ལང་ཀའི་བདག་པོ་གསང་བའི་སྒོ་ལ་ཡང་གྲོང་ཁྱེར་གསུམ་གྱི་ཆེད་དུ་གསུམ་སྣང་བར་མཛད་པ་སྣང་བ་ནི་འདི་ལྟ་སྟེ། །སྣང་བའི་ཆེད་དུ་ཞི་གནས་དང་། སྣང་བའི་ཆེད་དུ་

เล่ม ๙๗ · หน้า 198a

ལྷག་མཐོང་དང་། ཞེན་པའི་ཆེད་དུ་ལས་མཐའོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་སངས་རྒྱས་གསུམ་སྣང་བ་མཛད་པ་ནི་འདི་ལྟ་སྟེ། མི་སྣང་བའི་ཆེད་དུ་འདུས་མ་བྱས་ཀྱི་སངས་རྒྱས་དང་། སྣང་བའི་ཆེད་དུ་འདུས་བྱས་ཀྱི་

སངས་རྒྱས་དང་། ཞེན་པའི་ཆེད་དུ་གཟུགས་ཀྱི་སངས་རྒྱས་དང་གསུམ་མོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་རྐྱེན་གྱིས་སེམས་ཅན་གསུམ་སྟེ། དེ་ཉིད་གོལ་བའི་རྐྱེན་གྱིས་གཟུགས་མེད་པའི་སེམས་ཅན་དང་། དེ་འཛིན་གོལ་བའི་རྐྱེན་གྱིས་

གཟུགས་ཀྱི་སེམས་ཅན་དང་། དེ་འཇུག་ཞེན་པའི་རྐྱེན་གྱིས་འདོད་པའི་སེམས་ཅན་ནོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་རྐྱེན་གྱིས། །ལུས་གསུམ་བསྟན་པ་ནི་མེད་པ་དང་། རགས་པ་དང་། ཕོ་མོ་དང་། མ་ནིང་ངོ་། །ལང་ཀའི་བདག་པོ་འདོད་

པའི་རྐྱེན་གྱིས་གང་གི་ཡབ་ཡུམ་དང་། སྲས་རྒྱུད་དང་། འདོད་པ་ལྔ་ལ་ལོངས་སྤྱོད་པ་ལྟར་སྣང་ངོ་། །དེ་ཡང་དེ་བཞིན་གཤེགས་པའི་ཡུམ་དུ་དེ་བཞིན་གཤེགས་པ་ཉིད་མཛད་པ་དང་། དེ་བཞིན་གཤེགས་པའི་སྲས་སུ་དེ་བཞིན་གཤེགས་པ་མཛད་

དེ། ལྷུམས་སུ་ཞུགས་པ་དང་། དེ་ན་ཡང་དེ་ཁོ་ན་ཉིད་གསང་བ་དམ་པ་ཐེ་ཚོམ་གཅོད་པ་དང་། སླར་ལོག་པ་དང་། ཞུ་བ་དང་། ཞུ་བར་སྡོག་པ་དང་། གནང་བ་དང་། བྱེ་བ་དང་། བྱེ་བ་སྙེད་དུ་འཇུག་པར་མཛད་དོ། །ལང་ཀའི་བདག་པོ་གྲོང་ཁྱེར་

གསུམ་གྱི་ཆེད་དུ་བསྟན་པ་གསུམ་སྟེ། དེ་ཉིད་ཀྱི་རྐྱེན་གྱིས་ཐེག་པ་ཆེན་པོ་དང་། དེ་འཛིན་གྱི་རྐྱེན་གྱིས་ཐེག་པ་སྣ་ཚོགས་དང་། དེ་འཇུག་གི་རྐྱེན་གྱིས་ཐེག་པ་ཆུང་ངུ་སྣང་བར་མཛད་དོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་ཏིང་ངེ་འཛིན་

གསུམ་སྣང་བ་ནི་འདི་ལྟ་སྟེ། དེ་ཉིད་ཀྱི་ཆེད་དུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དེ་འཛིན་གྱི་ཆེད་དུ་ཀུན་དུ་སྣང་གི་ཏིང་ངེ་འཛིན་དང་། དེ་འཇུག་གི་ཆེད་དུ་རྒྱུའི་ཏིང་ངེ་འཛིན་ཏོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་མཆོད་རྟེན་གསུམ་སྣང་

เล่ม ๙๗ · หน้า 198b

བ་ནི་འདི་ལྟ་སྟེ། ཐུགས་ཀྱི་མཆོད་རྟེན་དང་། སྐུའི་མཆོད་རྟེན་དང་། གསུང་གི་མཆོད་རྟེན་ནོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་དཀྱིལ་འཁོར་གསུམ་སྣང་བ་ནི་འདི་ལྟ་སྟེ། རང་བཞིན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་

འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་སྔགས་གསུམ་སྣང་བ་ནི་འདི་ལྟ་སྟེ། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་སོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་

ཆེད་དུ་འབྲས་བུ་དང་། རྐྱེན་དང་། རྒྱུའོ། །ལང་ཀའི་བདག་པོ་དེ་དག་ལ་སོགས་པ་གྲོང་ཁྱེར་གསུམ་གྱི་ཆེད་དུ་མཛད་པ་ཡོངས་སུ་སྣང་བར་མཛད་དེ། དེ་དག་ནི་ཐུགས་ཀྱི་མཛད་པ་ཡོངས་སུ་སྣང་བའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་

ཆེན་པོ་ལས་ཐུགས་ཀྱི་མཛད་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་ལང་ཀའི་བདག་པོ་ལ་སྨྲས་པ། ལང་ཀའི་བདག་པོ་གཞན་ཡང་སངས་རྒྱས་ཀྱི་ཆེད་དུ་ཡང་དག་པའི་གསང་བ་འདི་ཡོངས་

སུ་གསུང་བར་མཛད་དོ། །སངས་རྒྱས་རྣམས་ཀྱི་དམ་པ་ནི། །ཐམས་ཅད་ཉིད་ལས་མི་གཞན་ཕྱིར། །ཅི་ཡང་བླང་དོར་མེད་པས་ན། །རྡོ་རྗེ་ནམ་མཁའ་གདོན་མི་ཟ། །ལང་ཀའི་བདག་པོ་ཡང་རང་སངས་རྒྱས་ཀྱི་ཆེད་དུ་སྣང་བ་རྡོ་རྗེ་བསྟན་པ་འདི་གསུང་བར་

མཛད་དོ། །ངག་གི་རྡོ་རྗེ་ཡི་གེ་མེད། །ལུས་ཀྱི་རྡོ་རྗེ་སྣང་སྟོན་པ། །གང་གི་ཡིད་ནི་འདིར་བཅུག་སྟེ། །གསང་བ་ཉིད་དུ་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་གསང་བ་མཆོག་གི་བདག་པོ་དེས། ཉན་ཐོས་ཀྱི་ཆེད་དུ་བསླབ་པ་རྡོ་རྗེ་མཛད་པ་འདི་གསུང་

བ་མཛད་དོ། །སྒོ་གསུམ་རྡོ་རྗེ་བྱེ་བ་བཅུ། །བསྲུང་བ་ཡོངས་སུ་དག་པའི་མཐའ། །ཞི་བ་ཕྱོགས་ཡིད་འདིར་བཅུག་སྟེ། །དམ་པ་ཉིད་དུ་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་རྣལ་འབྱོར་སེམས་དཔའི་ཆེད་དུ་ལྟ་བ་རྡོ་རྗེ་གསང་བ་

เล่ม ๙๗ · หน้า 199a

འདི་གསུང་བར་མཛད་དོ། །ཐམས་ཅད་རྣམ་རིག་འཁྲུལ་སྣང་བ། །གཞན་མེད་དེ་ཉིད་དམ་པར་ཡོད། །རྣམ་ཤེས་གང་ཡིན་འདིར་བཅུག་སྟེ། །གསང་བ་དམ་པར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་གང་གི་

མཐའ་ཡོངས་སུ་སེལ་བ་དག་གི་ཆེད་དུ་ནམ་མཁའ་རྡོ་རྗེ་མཛད་པ་འདི་གསུང་བར་མཛད་དོ། །གང་འདིར་ཡོད་དང་མེད་པ་ཡི། །མཐའ་གཉིས་ངེས་པར་རབ་བསལ་ཏེ། །སེམས་ཉིད་གང་ཡིན་འདིར་བཅུག་སྟེ། །དབུ་མར་མི་དམིགས་རབ་ངེས་པའོ། །

ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་ཚངས་པ་ལ་སོགས་པ་གང་གཏི་མུག་ཅན་གྱི་ཆེད་དུ་གཏི་མུག་རྡོ་རྗེར་མཛད་པ་འདི་གསུང་བར་མཛད་དོ། །འཇིག་རྟེན་ཀུན་གྱི་གཏི་མུག་ལས། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་འབྱུང་། །གཏི་མུག་རྡོ་རྗེ་ཡིད་བཅུག་

ནས། །གསང་ཆེན་ཐེག་པར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་གུ་ལང་ལ་སོགས་པ་གང་འདོད་ཆགས་ཅན་གྱི་ཆེད་དུ་ཆགས་པ་རྡོ་རྗེ་མཛད་པ་འདི་གསུང་བ་མཛད་དོ། །འཇིག་རྟེན་གཡོ་རྡུལ་ཕོ་མོ་གང་། །ཇི་སྙེད་གུ་ལང་ཨུ་མ་

ཉིད། །ཆགས་པ་རྡོ་རྗེ་ཡིད་བཅུག་ནས། །གསང་ཆེན་ཐེག་པར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་བི་སྣུ་ལ་སོགས་པ་གང་ཞེ་སྡང་ཅན་གྱི་ཆེད་དུ་གསོད་པ་རྡོ་རྗེ་མཛད་པ་འདི་གསུང་བར་མཛད་དོ། །ཇི་སྙེད་གཡོ་རྡུལ་སེམས་ཅན་རྣམས། །

རྡོ་རྗེ་མཚོན་ཆེན་གཅིག་གིས་བསད། །ཞེ་སྡང་རྡོ་རྗེ་ཡིད་བཅུག་ནས། །རྡོ་རྗེ་ཐེག་པར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་གནོད་སྦྱིན་ལ་སོགས་པ་གང་ཕྲག་དོག་ཅན་གྱི་ཆེད་དུ་འཁྲུག་པ་རྡོ་རྗེ་མཛད་པ་འདི་གསུང་བར་མཛད་དོ། །ཤ་ཟ་རྟག་

ཏུ་གཞན་འདོད་སྤྱོད། །ཀུན་སྡོམ་རྡོ་རྗེ་གོ་ཆ་བགོས། །ཀུན་འཁྲུག་རྡོ་རྗེ་ཡིད་བཅུག་ནས། །གསང་ཆེན་སྙིང་པོར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་ཀླུ་ལ་སོགས་པ་གང་ཕྲ་མ་ཅན་གྱི་ཆེད་དུ་ཕྲ་མ་རྡོ་རྗེ་མཛད་པ་འདི་གསུང་བར་མཛད་དོ། །

เล่ม ๙๗ · หน้า 199b

རྡོ་རྗེ་དམ་པ་དབྱེ་བའི་མཆོག །ལོག་ལྟ་ཡང་དག་ལྟ་དབྱེ་བྱས། །ཕྲ་མ་རྡོ་རྗེ་ཡིད་བཅུག་ནས། །རྡོ་རྗེ་གསང་བར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་ལྷ་མ་ཡིན་ལ་སོགས་པ་གང་ང་རྒྱལ་ཅན་གྱི་ཆེད་དུ་གདུལ་དཀའ་རྡོ་རྗེ་མཛད་པ་འདི་

གསུང་བར་མཛད་དོ། །རྡོ་རྗེ་གདུལ་དཀའ་མ་ལུས་པ། །གནོན་པ་བརྩེགས་པའི་རི་བོ་ཆེ། །ང་རྒྱལ་རྡོ་རྗེ་ཡིད་བཅུག་ནས། །རྡོ་རྗེ་ཐེག་པར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་སྲིན་པོ་ལ་སོགས་པ་ཤ་ཟ་རྣམས་ཀྱི་ཆེད་དུ་རྔམ་པ་རྡོ་རྗེ་མཛད་པ་

འདི་གསུང་བར་མཛད་དོ། །རྡོ་རྗེ་ཟ་བ་མ་ལུས་པ། །ཐམས་ཅད་ཟ་བར་བྱེད་པ་ཉིད། །རྔམ་པ་རྡོ་རྗེ་ཡིད་བཅུག་ནས། །ཐེག་པ་ཆེན་པོར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་མཁའ་འགྲོ་ལ་སོགས་པ་གང་། །ཕྲ་མེན་མ་དག་གི་ཆེད་དུ་རྡོ་རྗེ་ཨ་མྲྀ་

ཏ་མཛད་པ་འདི་གསུང་བར་མཛད་དོ། །རྡོ་རྗེ་བཤང་གཅི་ཨ་མྲྀ་ཏ། །བཏུང་བ་མ་ངེས་པ་ཡི་ཐབས། །ཕྲ་མེན་རྡོ་རྗེ་ཡིད་བཅུག་ནས། །རྡོ་རྗེ་གསང་བར་རབ་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས་མཐའ་ཡས་རྡོ་རྗེ་མཛད་པ་འདི་གསུང་བར་མཛད་

དོ། །མཐའ་ཡས་འཇིག་རྟེན་རྡུལ་སྙེད་ན། །ལོག་རྟོག་མི་མཐུན་རྡུལ་ཕྲན་སྙེད། །གཉེན་པོ་རྟོག་འདུལ་དེ་སྙེད་ཀྱིས། །རྡོ་རྗེ་ཐེག་ཆེན་དབྱིངས་སུ་སྦྱོར། །མཐའ་ཡས་གཡོ་རྡུལ་སྣ་ཚོགས་པ། །གང་ལ་མོས་པ་དེ་གསུངས་པས། །སེམས་ཅན་རྡོ་རྗེ་ཡིད་

བཅུག་ནས། །སེམས་ཉིད་ཐེག་ཅན་རབ་ངེས་པའོ། །ལང་ཀའི་བདག་པོ་དེ་དག་ནི་གསུང་གི་མཛད་པ་གང་གི་ཆེད་དུ་མཛད་དོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གསུང་གི་མཛད་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཞི་

བཅུ་པའོ།། །།དེ་ནས་གསང་བ་པའི་བདག་པོ་དེས་ལང་ཀའི་བདག་པོ་ལ་སྨྲས་པ། ལང་ཀའི་བདག་པོ་གཞན་ཡང་གང་གི་དོན་དུ་ཐབས་ཇི་ལྟར་ཡང་མཛད་པ་ནི་འདི་ལྟ་སྟེ། གང་གི་ཡུལ་ཐ་དད་མཐའ་ཡས་པའི་ཕྱིར། །མཛད་པ་ཡང་ཐ་དད་

เล่ม ๙๗ · หน้า 200a

མཐའ་ཡས་པར་སྣང་བ་སྟེ། །ཡུལ་ལ་ལ་ནི་དག་པས་སྨིན་པར་མཛད་དོ། །ལ་ལ་ནི་མ་དག་པས་སྨིན་པར་མཛད་དོ། །ལ་ལ་ནི་དག་པ་སྤངས་པས་སོ། །ལ་ལ་ནི་གདམས་ངག་གིས་སོ། །ལ་ལ་ནི་བླ་འཁྱལ་གྱིས་སོ། །ལ་ལ་ནི་འཇམ་

པས་སོ། །ལ་ལ་ནི་རྩུབ་པས་སོ། །ལ་ལ་ནི་གཉིས་ཀས་སོ། །ལ་ལ་ནི་འཇིགས་པས་སོ། །ལ་ལ་ནི་ཐར་པས་སོ། །ལ་ལ་ནི་འདམ་གྱིས་སོ། །ལ་ལ་ནི་འཁྲུགས་པས་སོ། །ལ་ལ་ནི་འཐིབས་པས་སོ། །ལ་ལ་ནི་འཐབས་པས་སོ། །ལ་ལ་ནི་ནོན་པས་སོ། །ལ་

ལ་ནི་བསྲེགས་པས་སོ། །ལ་ལ་ནི་བསླངས་པས་སོ། །ལ་ལ་ནི་མ་བསླངས་པས་སོ། །ལ་ལ་ནི་གནོད་པས་སོ། །ལ་ལ་ནི་མི་གནོད་པས་སོ། །ལ་ལ་ནི་འཚེ་བས་སོ། །ལ་ལ་ནི་མི་འཚེ་བས་སོ། །ལ་ལ་ནི་སྨད་པས་སོ། །ལ་ལ་ནི་བསྟོད་པས་སོ། །ལ་ལ་ནི་འགྱོད་

པས་སོ། །ལ་ལ་ནི་མི་འགྱོད་པས་སོ། །ལ་ལ་ནི་འཐིང་སླད་ཀྱིས་སོ། །ལ་ལ་ནི་ཁ་གསག་གིས་སོ། །ལ་ལ་ནི་ནན་ཏུར་གྱིས་སོ། །ལ་ལ་ནི་བཞབས་པས་སོ། །ལ་ལ་ནི་བྱིན་པས་སོ། །ལ་ལ་ནི་བླངས་པས་སོ། །ལ་ལ་ནི་ཅི་ཡང་ཆོག་ཤེས་པས་སོ། །ལ་ལ་

ནི་མིང་སྨོས་པས་སོ། །ལ་ལ་ནི་གཟུགས་སྨོས་པས་སོ། །ལ་ལ་ནི་གཟུགས་བསྟན་པས་སོ། །ལ་ལ་ནི་སྨྲས་པས་སོ། །ལ་ལ་ནི་སྤྱོས་པས་སོ། །ལ་ལ་ནི་རྒྱན་གྱིས་སོ། །ལ་ལ་ནི་སྒྲས་སོ། །ལ་ལ་ནི་དྲིས་སོ། །ལ་ལ་ནི་རོས་སོ། །ལ་ལ་ནི་རེག་གིས་སོ། །

ལ་ལ་ནི་ཆོས་ཀྱིས་ཡོངས་སུ་སྨིན་པར་མཛད་དོ། །ལ་ལ་ནི་གཟུགས་ཡིད་དུ་མི་འོང་བས་སོ། །དེ་བཞིན་དུ་ལ་ལ་ནི་སྒྲ་དང་། དྲི་དང་། རོ་དང་། རེག་ཡིད་དུ་མི་འོང་བས་ཡོངས་སུ་སྨིན་པར་མཛད་དོ། །གང་ལ་ལ་ནི་ཐུབ་པས་སོ། །ལ་ལ་ནི་རྒྱུན་མི་འཆད་

པར་སྨྲ་བས་སོ། །ལ་ལ་ནི་སྐད་ཅིག་སྨྲ་བས་སོ། །ལ་ལ་དག་ནི་ཅི་ཡང་མི་བརྗོད་པས་སོ། །ལ་ལ་དག་ནི་དམ་པ་མཐོང་བས་སོ། །ལ་ལ་ནི་དམ་པའི་སྒྲས་སོ། །ལ་ལ་ནི་བཤེས་གཉེན་དམ་པའི་སྒྲས་སོ། །ལ་ལ་ནི་མི་རྟོག་པས་སོ། །ལ་ལ་ནི་རྟོག་པས་སོ། །ལ་

เล่ม ๙๗ · หน้า 200b

ལ་ནི་སྡུག་བསྔལ་བས་སོ། །ལ་ལ་ནི་བདེ་བས་སོ། །ལ་ལ་ནི་བདག་མེད་པས་སོ། །ལ་ལ་ནི་བདག་ཡོད་པས་སོ། །ལ་ལ་ནི་མངོན་སྤྱོད་ཀྱིས་སོ། །ལ་ལ་ནི་ཞི་བས་སོ། །ལ་ལ་ནི་རྒྱས་པས་སོ། །ལ་ལ་ནི་དབང་གིས་སོ། །ལ་ལ་ནི་མཐར་ཕྱིན་པས་སོ། །ལ་

ལ་ནི་དུག་གསུམ་སྡུག་བསྔལ་མྱོང་བར་འགྱུར་བའི་སྒྲས་སྨིན་པར་མཛད་དོ། །ལ་ལ་ནི་བདེ་བ་མྱོང་བར་འགྱུར་བའི་སྒྲས་སོ། །ལ་ལ་ནི་བདེ་བ་མི་མྱོང་བར་འགྱུར་བའི་སྒྲས་སོ། །ལ་ལ་ནི་སྲིད་པའི་ལོངས་སྤྱོད་སྤངས་ཏེ། དཀའ་ཐུབ་དྲག་པོས་སོ། །ལ་ལ་ནི་སྲིད་

པའི་ལོངས་སྤྱོད་བླངས་ཏེ་འཇོལ་ཉོག་ཏུ་སྤྱོད་པས་སོ། །ལ་ལ་ནི་བཀག་པའི་ཐབས་ཀྱིས་སོ། །ལ་ལ་ནི་གང་ལ་ཡང་མ་རེག་པའི་ཐབས་ཀྱིས་སོ། །ལ་ལ་ནི་བྱ་བ་རྫོགས་པའི་ཐབས་ཀྱིས་སོ། །ལ་ལ་ནི་སྦྱིན་པས་སོ། །ལ་ལ་ནི་སྙན་པས་སོ། །ལ་ལ་ནི་མཐུན་པས་

སོ། །ལ་ལ་ནི་སྤྱོད་པས་སོ། །ལ་ལ་ནི་ནང་ཡོངས་སུ་གཏོང་བས་སོ། །ལ་ལ་ནི་ཕྱི་ཡོངས་སུ་གཏོང་བས་སོ། །ལ་ལ་ནི་ཐམས་ཅད་གཏོང་བས་སོ། །ལ་ལ་ནི་ཐམས་ཅད་ཆགས་པས་ཡོངས་སུ་སྨིན་པར་མཛད་དོ། །ལ་ལ་ནི་རྣམ་པར་གཡེང་བས་སོ། །ལ་ལ་

ནི་ནང་དུ་ཡང་དག་འཇོག་གིས་སོ། །ལ་ལ་ནི་འདོད་པ་བཀག་པས་སོ། །ལ་ལ་ནི་འདོད་པ་སྤྱོད་པས་སོ། །གང་དེ་ལྟར་མོས་པ་ཐ་དད་ལ་སྤྱོད་པ་དང་། གཟུགས་དང་། སྒྲ་དང་། ལྟ་བ་དང་། ཐབས་དང་། འདོད་པ་དང་། དོན་ཐ་དད་པར་བསྟན་པས་ཡོངས་སུ་སྨིན་

པར་མཛད་དོ། །ལང་ཀའི་བདག་པོ་དེ་དག་ནི་ཐབས་ཀྱིས་མཛད་པར་རིག་པར་བྱའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐབས་ཀྱི་མཛད་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། །།དེ་ནས་ཡང་གསང་བ་པའི་

བདག་པོ་དེས་ལང་ཀའི་བདག་པོ་ལ་སྨྲས་པ། ལང་ཀའི་བདག་པོ་གཞན་ཡང་གང་གི་ཆེད་དུ་སྐུའི་མཛད་པ་ནི་འདི་ལྟ་སྟེ། ཇི་ལྟར་རྡོ་རྗེ་སེམས་དཔའི་སྤྲུལ་པ་འཇིག་རྟེན་དུ་བཀོད་པས་ཐམས་ཅད་ཀྱི་གཟུགས་སུ་སྣང་བ་དེས་ཐམས་ཅད་སྨིན་པར་མཛད་པ་དེ་ཁོ་ནའོ། །

เล่ม ๙๗ · หน้า 201a

དེ་ལྟར་ན་གང་གི་ཆེད་དུ་མཛད་པའི་དེ་བཞིན་གཤེགས་པའི་དགོངས་པའི་སྒོ་དང་། དེ་བཞིན་གཤེགས་པའི་གསུང་གི་སྒོ་དང་། དེ་བཞིན་གཤེགས་པའི་མཛད་སྤྱོད་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་མཐའ་དང་། དེ་བཞིན་གཤེགས་

པའི་ཐབས་རྒྱ་མཚོ་འདྲ་བའི་སྤྲིན་ཕུང་ལ་ནི་འདི་འམ། གཅིག་ཅེས་གང་ལ་ཡང་གཟུང་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ་འདི་ལྟ་སྟེ། སེམས་ཅན་མོས་པ་ཐ་དད་པས། །མཐའ་ཡས་སྐྱེ་བོ་མགུ་དཀའ་བ། །རྒྱལ་བས་ཀྱང་ནི་མི་མགུ་བས། །གང་

ལ་འང་མོས་པ་མཐའ་ཡས་གསུངས། །ལང་ཀའི་བདག་པོ་གང་དམ་པ་རྣམས་དེ་ཁོ་ན་ཉིད་ལས་མ་གཡོས་པར་སེམས་ཅན་གྱི་ཁམས་འདུ་ཤེས་མཐའ་ཐུག་པ་མེད་པ་དང་། སྒྲ་དང་། གཟུགས་དང་། སྤྱོད་མ་མཐའ་ཐུག་པ་མེད་པ་རྣམས་མི་མཁྱེན་པ་

དང་། མ་གསན་པ་དང་། མ་གཟིགས་པ་དང་། མི་འགྲེལ་བ་ནི་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཉིད་དུ་མ་འདྲེས་པར་ཡོངས་སུ་རྫོགས་པའི་ཕྱིར་གང་གི་སྙིང་པོ་བྱང་ཆུབ་ན་མི་གཡོ་བ་ན་མི་རྟོག་པ་ཉིད་

དང་། སེམས་ཅན་གང་ཏིལ་འབྲུ་ན་གནས་པ་དེ་ལ་རིང་བ་དང་། ཉེ་བ་དང་། གཅིག་དང་། སོ་སོ་མ་ཡིན་ཏེ། དེ་ཁོ་ན་ཉིད་གཅིག་པའི་ཕྱིར་དབྱིངས་གཅིག་ཏུ་གཉིས་སུ་མེད་པར་གནས་སོ། །ལང་ཀའི་བདག་པོ་དེ་དག་ནི་གང་གི་ཆེད་དུ་དེ་བཞིན་གཤེགས་

པའི་སྐུའི་མཛད་པ་ཆེད་དུ་མཛད་པའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སྐུའི་མཛད་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་གང་གི་ཆེད་དུ་མཛད་པ་ན་ཡང་

བྱུང་བའི་གཏམ་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱ་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་དགུ་པའོ།། །།དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་བཅུ་པའི་ལུང་ཆེན་

เล่ม ๙๗ · หน้า 201b

ངེས་པར་བསྟན་པ་ན་ཡང་བྱུང་ཞེས་བྱུང་བའི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པོ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་རྒྱུད་དུ་བརྗོད་པའི་སྐབས་སུ་ལུང་ཆེན་ངེས་པར་བསྟན་པ་ན་ཡང་བྱུང་ཞེས་

བཀོད་པ་དེ་ཇི་ལྟ་ཞིག་ཏུ་ལུང་བསྟན་ཏེ་གྲགས་པ་ལགས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གང་དྲི་བ་དེ་ནི་ལེགས་སོ། །ཤིན་ཏུ་ལེགས་སོ། །རབ་ཏུ་ལེགས་སོ། །དེ་ནི་འདི་ལྟར་འཁོར་བ་ཐོག་མ་མེད་པའི་དབྱིངས་སུ་བསྐལ་པ་ཐོག་

མ་དང་ཐ་མ་མེད་པའི་སྐབས་ལ་སངས་རྒྱས་ཐོག་མ་དང་ཐ་མ་མེད་པར་གང་གི་སྒྲོན་མར་སྣང་བ་དག་གི་ཐབས་གཅིག་གི་བྱ་བས་གང་ཕྱོགས་གཅིག་ཏུ་ཕན་པ་ཉིད་དུ་བྱ་བ་ཡོངས་སུ་སྨིན་པར་བྱས་ཏེ། ཐབས་དམ་པས་གར་ཕྱོགས་མེད་པར་ཕན་པ་

ཉིད་དུ་ཡོངས་སུ་སྨིན་པར་བྱ་བ་དག་གང་གི་རྗེས་སུ་གང་འགྲོ་བར་དམ་བཅས་པ་ཉིད་དེས་བྱུང་ཞིང་སྣང་བར་ལུང་བསྟན་པ་དེ་ཡོངས་སུ་གྲགས་པར་འགྱུར་གྱི། སྒྲོན་མ་གང་གིས་ཉིད་ཀྱི་ཡུལ་སྣང་བ་ལས་མ་གཏོགས་པ་ཐམས་ཅད་སྣང་བ་ནི་མ་ཡིན་པའི་ཕྱིར་

རོ། །ལང་ཀའི་བདག་པོ་ལུང་བསྟན་པ་དེ་ཡང་ཇི་ལྟ་ཇི་ལྟར་འདི་ལྟ་སྟེ། བསྐལ་པ་ཐོག་མ་མེད་པ་ལ། །ཇི་སྙེད་གང་འབྱུང་བརྗོད་མི་ལང་། །སྐབས་ལས་གཅིག་བྱུང་འདིར་བརྗོད་ཀྱིས། །དམ་བཅས་གོ་ཆ་བགོས་ཁྱོད་ཉོན། །བསྐལ་པ་ཀུན་བཀོད་བྱ་བ་ལ། །

སངས་རྒྱས་བྱེ་བ་ཕྲག་བརྒྱ་འབྱུང་། །ཀུན་གྱི་ཐ་མར་བྱུང་བ་ཡི། །བདེར་གཤེགས་མངོན་འབྱུང་རྒྱལ་པོ་དེས། །འཁོར་གྱི་ནང་དུ་ལུང་བསྟན་པ། །འཇིག་རྟེན་གཅིག་གམ་གླིང་གཅིག་ཏུ། །བསྐལ་པ་གཅིག་གི་གནས་སྐབས་ལ། །ཡུལ་གཅིག་རྡོ་རྗེ་གདན་

གཅིག་ཏུ། །མཛད་པ་མཐར་ཕྱིན་སངས་རྒྱས་གཉིས། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་མི་སྲིད་ཆོས་དང་འགལ། །སངས་རྒྱས་མྱ་ངན་འདས་འོག་ཏུ། །རྨད་འབྱུང་གསང་བའི་སྙིང་པོ་ཉིད། །རྒྱ་ཆེར་གྲགས་པར་འགྱུར་རོ་ཞེས། །སངས་རྒྱས་ཀུན་

เล่ม ๙๗ · หน้า 202a

གྱིས་ལུང་ཆེན་སྟོན། །ཇི་ལྟར་འདི་ཡང་དེ་བཞིན་ཏེ། །ང་ནི་མི་བཞུགས་འདས་འོག་ཏུ། །ཀུན་གྱི་དགོངས་པ་འདུས་པ་ཉིད། །བརྒྱ་མཐར་འདུལ་བ་སྣང་བར་འགྱུར། །དེ་སྐད་དམ་པ་དེ་ལུང་བསྟན། །གཞན་ཡང་བསྐུལ་བ་ཆེན་པོ་ཉོན། །བསྐལ་

པ་མཐའ་ཡས་བྱ་བ་ལ། །སངས་རྒྱས་སུམ་ཁྲི་ལྔ་སྟོང་འབྱུང་། །ཀུན་གྱི་ཐ་མར་འབྱུང་བ་ཡི། །སངས་རྒྱས་འོད་མཐའ་ཡས་པ་དེས། །འཁོར་གྱི་ནང་དུ་ལུང་བསྟན་པ། །ཁྲི་ཕྲག་ཕྱེད་དང་བཞི་འབྱུང་བའི། །སངས་རྒྱས་སྔ་མ་འདས་རྣམས་ཀྱིས། །སྨིན་བྱས་མ་སྨིན་གང་

ཆེད་དུ། །དམ་པ་བྱུང་བར་ལུང་བསྟན་བཞིན། །འདིར་ཡང་ཡོངས་སུ་གཟུང་བར་གྱིས། །ང་འདས་ན་ནི་མི་སྣང་ན། །བརྒྱ་ཕྲག་གཅིག་ན་དོན་སྣང་འགྱུར། །དྲག་ཤུལ་ཅན་གྱིས་བྱིན་ལུང་བསྟན། །བསྐུལ་བ་ཆེན་པོ་གཞན་ཡང་ཉོན། །བསྐལ་པ་གྲགས་ལྡན་བྱ་བ་ལ། །

སངས་རྒྱས་བཞི་ཁྲི་དྲུག་སྟོང་བྱུང་། །ཀུན་གྱི་ཐ་མར་བྱུང་བ་ཡི། །སངས་རྒྱས་ཀུན་གྱི་བཤེས་གཉེན་དེས། །འཁོར་གྱི་ནང་དུ་ལུང་བསྟན་པ། །སྟོང་ཕྲག་བཞི་བཅུ་དྲུག་བྱུང་བའི། །དམ་པ་དེ་བཞིན་གཤེགས་རྣམས་ཀྱིས། །གང་གི་ཆེད་དུ་ལུང་བསྟན་བཞིན། །ང་ནི་

བདེ་བར་གཤེགས་ཕྱི་ན། །བརྒྱ་ཕྲག་བཅྭ་ལྔར་གྱུར་པ་ན། །འབྲས་བུ་ཆུབ་པར་སྣང་བ་ཡི། །རྡུལ་བྲལ་དྲི་མེད་དམ་པ་ཉིད། །མཆོག་གི་ཞིང་ཁམས་དམ་པ་འདིར། །སྣང་བ་ཐོབ་པའི་སྐལ་ལྡན་ཅན། །བྲམ་ཟེ་ཤེས་པ་མོ་ཞིག་ལ། །གནོད་འདུལ་ཉིད་ཀྱིས་གྲགས་

པར་འགྱུར། །གཞན་ཡང་བསྐུལ་བ་ཆེན་པོ་ཉོན། །བསྐལ་པ་བཟང་རྒྱན་བྱ་བ་ལ། །སངས་རྒྱས་བྱེ་ཕྲག་བརྒྱད་ཅུ་བྱུང་། །དེ་དག་མཐའ་ཟད་བྱུང་བ་ཡི། །སངས་རྒྱས་བཟང་རྒྱན་དཔལ་གྱིས་ཀྱང་། །འཁོར་གྱི་ནང་དུ་ལུང་བསྟན་པ། །བྱེ་ཕྲག་བརྒྱད་ཅུ་བྱུང་བ་ཡི། །

དེ་བཞིན་གཤེགས་པ་སྔ་མ་ཡིས། །ཐེག་པ་འབྱུང་བར་ལུང་བསྟན་བཞིན། །ང་ཡི་སྣང་བ་འདི་ནུབ་ནས། །བརྒྱ་ཕྲག་ཕྱེད་ཀྱི་དུས་དག་ལ། །འདི་ཚེ་གཅིག་ལ་འགྲུབ་པ་ཡི། །ཆོས་ཀྱི་མེ་ལོང་དམ་པ་ཞིག །ང་འདས་གླིང་གི་འཇིག་རྟེན་འདིར། །འབྱུང་བའི་དགེ་

เล่ม ๙๗ · หน้า 202b

སློང་སྐལ་ལྡན་ཅན། །ཉི་མའི་སྙིང་པོ་བྱ་བ་ལ། །བསྟན་པའི་ཆར་ཆེན་ཕབ་ནས་ནི། །ཀུན་དུ་མཐུན་པར་གྲགས་པར་འགྱུར། །གཞན་ཡང་བསྐུལ་བ་ཆེན་པོ་ཉོན། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །སངས་རྒྱས་བྱེ་བ་ཕྲག་བརྒྱ་བྱུང་། །དེ་ཀུན་མཐར་ཟད་བྱུང་

བ་ཡི། །སངས་རྒྱས་དཀོན་མཆོག་དཔལ་གྱིས་ཀྱང་། །འཁོར་གྱི་ནང་དུ་ལུང་བསྟན་པ། །བྱེ་བ་ཕྲག་བརྒྱ་བྱུང་བ་ཡི། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས། །ངེས་པ་དམ་པར་ལུང་བསྟན་བཞིན། །ང་སྣང་མི་གནས་དེ་རྗེས་ལ། །ལོ་ནི་བརྒྱད་ཅུ་རྩ་གཉིས་ལ། །

གསང་འདུས་ཐེག་ཆེན་སྙིང་པོ་འདི། །བྱང་ཆུབ་སྙིང་པོ་ཅན་ཞེས་པའི། །ས་ལེ་གསེར་གླིང་བྱ་བ་དེར། །རྒྱལ་པོ་བདེ་སྐྱོབ་སྐལ་ཡོད་ལ། །ལས་དང་ཐུགས་རྗེ་མཐུན་པ་ཡི། །ཆོས་ཀྱི་མིག་གཅིག་འབྱེ་འགྱུར་ཏེ། །རིགས་ལྡན་ཀུན་གྱིས་ཐོབ་པར་འགྱུར། །

བསྐུལ་བ་ཆེན་པོ་གཞན་ཡང་ཉོན། །བསྐལ་པ་བཟང་པོ་འདི་ཉིད་ལ། །སངས་རྒྱས་བརྒྱ་ཕྲག་བཅུ་འབྱུང་བའི། །བཞི་པར་བྱུང་བའི་སྒྲོན་མ་ཉིད། །ཐུབ་པའི་དབང་པོ་དེ་ཉིད་ཀྱིས། །འཁོར་གྱི་ནང་དུ་ལུང་བསྟན་པ། །བྱེ་ཕྲག་བརྒྱད་ཅུ་རྩ་བཞི་ཡི། །མངོན་

རྫོགས་རྒྱལ་པོ་དེ་ཉིད་ཀྱིས། །གང་གི་ཕྱོགས་དག་སྨིན་བྱས་ནས། །ཐེག་ཆེན་རྡོ་རྗེ་སྙིང་པོ་ཉིད། །རྒྱ་ཆེར་གྲགས་པར་འགྱུར་རོ་ཞེས། །ཀུན་གྱི་ལུང་ཆེན་བསྟན་པ་བཞིན། །ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་

གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་དེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་གནང་འགྱུར་བ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེ། །གྲོགས་ཀྱི་སེམས་དཔའ་

དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེ་སྣང་བར་འགྱུར། །དམ་པས་དེ་སྐད་ལུང་བསྟན་གནང་། །དེ་ལ་སོགས་པ་མཐའ་ཡས་པར། །ཐོག་མ་ཐ་མ་མེད་པའི་བར། །དེ་ལྟ་དེ་ལྟར་གྲགས་པ་ཡིན། །གསང་བ་པའི་བདག་པོས་དེ་སྐད་

เล่ม ๙๗ · หน้า 203a

ཅེས་གསུངས་པས་ལང་ཀའི་བདག་པོ་ལ་སོགས་པའི་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ངེས་པར་ཡི་རངས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྗེས་སུ་བྱུང་བར་ལུང་བསྟན་པའི་ལེའུ་སྟེ་བཞི་བཅུ་

གསུམ་པའོ།། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་ལུང་ཆེན་ངེས་པར་བསྟན་པ་ན་ཡང་བྱུང་ཞེས་བྱ་བའི་གཏམ་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་བཅུ་པའོ།། །།དེ་ནས་ཡང་ལང་

ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྔོན་དུ་བྱུང་བའི་ཚིག་བཅུ་གཅིག་པའི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་འབྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་རྒྱུད་དུ་

བརྗོད་པའི་སྐབས་སུ་ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་བྱུང་ཞེས་བཀོད་པ་དེ་ཇི་ལྟ་བུ་ཞིག་ཏུ་གྲགས་ཤིང་བྱུང་བ་ལགས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གང་གི་དྲི་བ་དེ་ནི་འདི་ལྟ་སྟེ། གང་ཞིག་འདེགས་པའི་ཡུལ་རྣམས་

ལས། །གསུམ་དུ་ངེས་པར་སྣང་བ་ནི། །འདོད་ལ་ཞེན་དང་ངེས་པར་འབྱུང་། །གདུལ་དཀའ་དྲག་པོ་གདུལ་བྱ་གསུམ། །གང་གིས་འདེགས་པའི་རྩལ་གསུམ་ནི། །འཁོར་ལོ་རྒྱུན་དང་དོན་དམ་ངེས། །ཆོ་འཕྲུལ་མངོན་པར་འབྱུང་བ་གསུམ། །རང་བཞིན་ཡེ་

ནས་སྣང་བ་ཡིན། །ཇི་ལྟར་འདེགས་པའི་ཐབས་རྣམས་ནི། །བསམ་གྱིས་མི་ཁྱབ་གསུམ་ཉིད་དུ། །སྣང་བ་དེ་ཉིད་གང་ཡིན་པ། །རང་བཞིན་ཤུགས་དང་གཉེན་པོའི་ཐབས། །ལས་རྒྱུད་གཅོད་པ་འབའ་ཞིག་གོ །འཁོར་ལོ་རྒྱུན་དུ་སྣང་བ་ཡང་། །ཡེ་ནས་

སངས་རྒྱས་གྲགས་པ་ལྔར། །གདུལ་བྱ་འདུལ་བྱེད་ཐམས་ཅད་ཀུན། །ལྔར་བྱུང་ལྔར་སྣང་ལྔས་འདུལ་སྒྲོལ། །སྐྱེད་དང་འཚོ་དང་བརྟེན་པའོ། །རྒྱུ་དང་རྐྱེན་དང་གནས་པ་ཡི། །མི་རྟོག་ངང་གིས་ཀུན་འབྱུང་བ། །མེད་ལ་མི་ཟད་རྣམ་པ་གསུམ། །གང་གི་དབྱིངས་

เล่ม ๙๗ · หน้า 203b

དང་མངོན་སུམ་པ། །བདག་ཉིད་ཆེན་པོ་དེ་ཉིད་ནི། །ཐམས་ཅད་དུ་ཡང་སངས་རྒྱས་མེད། །ལང་ཀའི་བདག་པོ་འདི་ལྟ་སྟེ། །གང་བདག་དབྱིངས་སུ་སངས་རྒྱས་པ། །ཆེན་པོ་ལྔར་སྣང་གང་འདི་དག །འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། །ཐུགས་རྗེ་རྟག་པའི་

སངས་རྒྱས་ཏེ། །རང་བཞིན་ཀུན་ལ་ཁྱབ་པར་གནས། །ཇི་ལྟར་འདོད་དང་འདོད་པར་སྣང་། །སྣང་སྲིད་སྟོན་པའི་སྒྲོན་མར་གྲགས། །འབྱུང་བ་རྒྱུན་གྱི་རྟག་པ་སྟེ། །རང་བཞིན་སྟོང་པས་མཛད་པར་སྟོན། །ལང་ཀའི་བདག་པོ་གཞན་ཡང་གང་། །མངོན་སུམ་པ་

ཡི་སངས་རྒྱས་ནི། །མཁའ་དབྱིངས་ཀུན་དུ་མུ་མེད་དབྱིངས། །ཁམས་གསུམ་དངོས་དང་དངོས་མེད་ཀུན། །ཕྱོགས་མཚམས་ཀུན་གྱི་ལུས་དང་གནས། །ཀུན་གྱི་གོ་སྐབས་སྟོང་ཡོད་གནས། །འགྲོ་དང་མི་འགྲོའི་རྟེན་ས་ནི། །དངོས་པོ་ཐམས་ཅད་སྐྱེ་འབྱུང་

གནས། །ཀུན་ལ་དགའ་བར་སྦྱོར་བ་ནི། །བསྐལ་པའི་འཁོར་ལོ་གཅིག་ཏུ་གནས། །གཉེན་སྡུག་གཞན་སྐྱེད་རང་བཞིན་གསལ། །གྱེས་འཛིན་མི་ལྡོག་རྒྱུན་མི་འཆད། །དགོན་དུང་ཀུན་རླན་རྣམ་པར་གཡོ། །བསྐལ་པའི་འཁོར་ལོ་གཅིག་ཏུ་གནས། །ཀུན་

སྨིན་མུན་སེལ་ཀུན་སྟོན་སྙོམས། །སྲེག་མཉེན་ཁ་དོག་གསལ་བྱུང་བ། །བཅུད་འཛིན་ཡོངས་སུ་རྟས་སྣང་བ། །བསྐལ་པ་གཅིག་གི་འཁོར་ལོར་གནས། །མི་གནས་ཐོགས་མེད་ཤུགས་ཀྱིས་འབྱུང་། །གཟུགས་མེད་གཟུགས་ཀྱི་མཐུ་བས་དྲག །ཡང་

གཡོ་ཁྱབ་འཇུག་ཀུན་གྱི་རྟེན། །བསྐལ་པ་འཁོར་ལོ་གཅིག་ཏུ་གནས། །ལང་ཀའི་བདག་པོ་འདི་ལྟ་སྟེ། །བདག་ཉིད་ཆེན་པོའི་སངས་རྒྱས་ནི། །ཀུན་ཤོང་ཡེལ་འཕྱོ་ཀུན་དུ་བཟང་། །ཀུན་ཐེག་ལྷུན་སྟུག་ཡེ་ཤེས་གཟུགས། །ཀུན་སྡུད་མཉམ་སྦྱོར་ཏིང་ངེ་

འཛིན། །སྒྲིབ་སེལ་ལྷག་མཐོང་ཤེས་རབ་འབར། །ཐོགས་མེད་མ་རྨོངས་ཤེས་བྱ་རྫོགས། །ལང་ཀའི་བདག་པོ་གཞན་ཡང་ནི། །དེ་ཉིད་ཡིན་པའི་སངས་རྒྱས་ནི། །ནམ་མཁའ་རྣམ་པར་སྣང་བ་མཛད། །ས་ནི་མི་གཡོ་རྡོ་རྗེ་འཛིན། །མེ་ཉིད་རིན་ཆེན་

เล่ม ๙๗ · หน้า 204a

འབྱུང་བར་ལྡན། །ཆུ་ནི་མཉེན་གསལ་སྣང་མཐའ་ཡས། །རླུང་ནི་ཀུན་འབྱེད་གདོན་མི་ཟ། །ལང་ཀའི་བདག་པོ་འདི་ལྟ་སྟེ། །གང་འདིར་སངས་རྒྱས་མེད་པ་ནི། །ཐམས་ཅད་སྟོང་པར་ཡེ་སངས་ཏེ། །དེས་ཁྱབ་མ་འདྲེས་སངས་རྒྱས་ཉིད། །

མ་བཅོས་ཡེ་ནས་སངས་རྒྱས་པ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ལང་ཀའི་བདག་པོ་དེ་དག་ནི། །འཁོར་ལོ་རྒྱུན་གྱི་ཐེག་པ་སྟེ། །ངང་གིས་རྒྱུན་གྱི་འཁོར་ལོར་འབྱུང་། །བརྟན་གཡོ་ཀུན་ལ་རང་བཞིན་གནས། །ལང་ཀའི་བདག་པོ་གཞན་ཡང་

གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །གང་འདིར་འདྲེན་པ་འདི་ལྟ་སྟེ། །ཡུལ་གསུམ་ངེས་པར་སྣང་བ་ནི། །ཐ་མ་འབྲིང་དང་རབ་ཏུ་སྣང་། །

ཐ་མའི་ཡུལ་དུ་གྱུར་པ་ནི། །ཤིན་ཏུ་ཡ་ངའི་ལས་སྤངས་ཏེ། །ཡིད་འོང་འདུལ་བའི་ཚུལ་བཟུང་ནས། །རང་གི་རྩ་བ་དེར་བསྒྲུན་པ། །སོ་སོར་ཐར་པའི་ལམ་དུ་སྣང་། །འབྲིང་གི་ཡུལ་དུ་གྱུར་པ་ནི། །འདི་ཀུན་རྟེན་ཅིང་འབྲེལ་བྱུང་ལ། །བདག་མེད་ཆོས་

གཅིག་མེད་མཐོང་བས། །བརྗོད་མེད་སྤྲུལ་པའི་ཆོས་རྣམས་སྟོན། །རང་གི་རྩལ་གྱིས་བདེར་གནས་པའོ། །རབ་ཀྱི་ཡུལ་དུ་གྱུར་པ་ནི། །བདག་མེད་བྱམས་སྙོམས་རྟོག་ལས་འདས། །ཡུལ་མེད་མ་སྐྱེས་ཕྱོགས་དང་བྲལ། །ས་དང་རྣམ་ཐར་བདེར་

བསྒྲུན་པས། །དངོས་མེད་ངོ་བོ་ཉིད་སྐུ་ཐོབ། །ལང་ཀའི་བདག་པོ་གཞན་ཡང་གང་། །དཀའ་ཐུབ་རིག་བྱེད་ཐེག་པ་ནི། །འདི་ཡི་ཡུལ་གྱིས་གསུམ་ཉིད་དེ། །ཐ་མ་དག་ལ་སྣང་བ་ནི། །དཀའ་ཐུབ་སྡོམ་དང་བརྟུལ་ཞུགས་དག །མཉམ་ཉིད་མི་

གཡོ་སྐྱེ་མེད་ལ། །བཀུར་འོས་འདུན་པའི་ཚུལ་བཟུང་ནས། །རིགས་ཀྱི་རྡོ་རྗེ་འཛིན་གནས་པའོ། །འབྲིང་ལ་རྣམ་པར་སྣང་བ་ནི། །བྱ་བ་དག་པའི་ལས་སྤྱད་དེ། །རྣལ་འབྱོར་ཏིང་འཛིན་མར་ལྡན་ན། །མི་གཡོའི་སེམས་པས་མངོན་སུམ་དུ། །རིགས་

เล่ม ๙๗ · หน้า 204b

བཞི་རྡོ་རྗེ་འཆང་གནས་པའོ། །རབ་ལ་ངེས་པར་སྣང་བ་ནི། །སེམས་ཉིད་ཡུལ་ལ་རྩལ་རྫོགས་ཏེ། །ཡུལ་ཉིད་རིག་པས་མངོན་མཐོང་ན། །དེ་ཉིད་དེར་ནི་མངོན་བྱས་ནས། །རྡོ་རྗེ་རིགས་འཆང་གནས་པའོ། །ལང་ཀའི་བདག་པོ་གཞན་ཡང་གང་། །དབང་

སྒྱུར་ཐབས་ཀྱི་ཐེག་པ་ཡང་། །ཡུལ་གྱིས་རྣམ་པ་གསུམ་སྣང་བ། །བསྐྱེད་དང་རྫོགས་དང་ཡོངས་སུ་རྫོགས། །ཐ་མ་བསྐྱེད་པ་གང་སྣང་བ། །ཐབས་དང་ཤེས་རབ་རྣམ་དག་ལས། །བསྟེན་པ་ལྔ་ལ་སོགས་པའི་ཆོས། །རྒྱལ་བ་ལྔ་ལས་རྫོགས་སངས་

རྒྱས། །རྣལ་འབྱོར་རྩལ་ཆེན་རྫོགས་པའི་ས། །འབྲིང་ལ་རྫོགས་པར་གང་སྣང་བ། །མཉམ་པས་མཉམ་པའི་དོན་མཐོང་ན། །མཉམ་རྫོགས་ཡུལ་ཤེས་དབྱིངས་ཡེ་ཤེས། །ཀུན་རིག་ཀུན་རྫོགས་ཀུན་དུ་སྣང་། །ཆོས་ཉིད་མི་འགྱུར་བདལ་བའི་ས། །

རབ་ལ་ཡོངས་སུ་རྫོགས་པ་ནི། །ཡེ་ཤེས་དབྱིངས་ཞེས་བྱ་བའི་དོན། །ཐ་སྙད་ཙམ་དུ་རྟོགས་ཆུད་ནས། །རྩལ་མེད་རྫོགས་བྲལ་བསམ་ཡུལ་འདས། །ཐམས་ཅད་རྫོགས་པའི་སྤྱིར་ཆིབ་ས། །ལང་ཀའི་བདག་པོ་གཞན་ཡང་གང་། །ཆོ་འཕྲུལ་མངོན་

བྱུང་ཐེག་པ་ཡང་། །ཡུལ་གྱི་རྣམ་པ་གསུམ་སྣང་བ། །ཞེན་དང་རྨོངས་དང་འཁྲུག་པ་ཡི། །ལས་ངན་འདུ་ཤེས་ངན་པ་རྣམས། །རྒྱུན་གཅད་བསྒྱུར་བའི་ཕྲིན་ལས་ནི། །སྲིད་གསུམ་དྲ་བའི་འཁོར་ལོ་དག །ལས་ཀྱི་འཁོར་ལོ་རྒྱུན་བཅད་ཕྱིར། །དམ་

པའི་འཁོར་ལོ་བསྐོར་བྱས་ནས། །བསྐལ་པའི་འཁོར་ལོ་གཅོད་པར་འགྱུར། །ཅི་ཕྱིར་སེམས་ཅན་ཁ་ཅིག་ནི། །ཆགས་པས་ཞེན་ཅིང་གདུང་བར་འགྱུར། །གང་ཚེ་སེམས་ཅན་ཁ་ཅིག་ནི། །ཤིན་ཏུ་རྨོངས་ཤིང་འཐིབས་པར་འགྱུར། །གང་གིས་སེམས་

ཅན་ཁ་ཅིག་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་འགྱུར། །འདི་ལྟར་དུག་གསུམ་སྨིན་པ་ལ། །གང་གིས་ཕན་པར་མི་འགྱུར་ཏེ། །མི་རྟག་མཚན་ཉིད་བསྟན་ནས་ཀྱང་། །ལས་ངན་ལས་རྒྱུད་གཅད་པའི་ཕྱིར། །རང་བཞིན་ཆོ་འཕྲུལ་མངོན་འབྱུང་བ། །

เล่ม ๙๗ · หน้า 205a

ཁྲོས་ན་ཟ་བྱེད་ལྔ་ཁྲོས་པས། །མ་ལུས་བསྒྲལ་ནས་སྟོངས་མཛད་ཕྱིར། །ནམ་མཁའ་ཁྲོ་བོ་ཟ་བྱེད་ཆེ། །ཐམས་ཅད་ཐིམ་པས་སྟོངས་པར་མཛད། །དེ་བཞིན་ཉིད་དུ་བསྒྲལ་བའི་མཆོག །སྲིད་ཞི་འཚོ་བྲལ་བསྐལ་པ་ཡིས། །ཞེན་པས་ཆགས་

པའི་ལས་རྒྱུད་གཅོད། །བཟོད་ལྡན་རྨོངས་པའི་བསྐལ་པ་ཡིས། །སེམས་དང་ཡིད་ཀྱི་ལས་རྒྱུད་གཅོད། །ཐབས་འཛིན་མཚོན་ཆའི་བསྐལ་པ་ཡིས། །དངོས་པོ་དངོས་པོ་ཐམས་ཅད་གཅོད། །ལྷག་མཐོང་མེ་ཡི་བསྐལ་པ་ཡིས། །ཉོན་མོངས་དངོས་པོ་ཐམས་

ཅད་སྲེག །ཞི་གནས་ཆུ་ཡི་བསྐལ་པ་ཡིས། །ཉོན་མོངས་དྲི་མ་ཐམས་ཅད་འཁྲུ། །ཐོགས་མེད་རླུང་གི་བསྐལ་པ་ཡིས། །ཤེས་བྱ་ཐམས་ཅད་ཀུན་དུ་བསྐྱོད། །ཤེས་རབ་ནམ་མཁའི་བསྐལ་པ་ཡིས། །མཚན་མའི་རྒས་རྒུད་ཐམས་ཅད་སྟོངས། །ལས་

ངན་མྱུར་དུ་རྒྱུན་བཅད་ན། །གནས་ངན་དག་ལས་མྱུར་དུ་སྒྲོལ། །ཐབས་དང་ཐེག་པ་གང་དག་ལས། །ཐ་མའི་ཐ་མ་ཡིན་པར་བཤད། །སྙིགས་མར་གྱུར་པའི་སྐབས་རྣམས་སུ། །འདུལ་བ་རྣམ་གཉིས་ནུབ་པས་ན། །ཉོན་མོངས་རྣམས་ནི་དངོས་པོར་སྣང་། །

འདས་ནས་ནུབ་པོ་ཞེས་པ་ལ། །མ་འདས་མ་ནུབ་དེ་ཉིད་ནི། །དུས་དེར་ཤུགས་ཀྱིས་འདུལ་བ་ཡིན། །ལང་ཀའི་བདག་པོ་དེ་ལྟར་ན། །འདི་ཀུན་གསང་བ་དམ་པ་ཡི། །དབྱིངས་ལས་གར་ཡང་མ་གཡོས་ཤིང་། །སྟོང་པ་ཁོ་ནའི་དབྱིངས་ཉིད་ལས། །སྟོང་པའི་

ཆོས་རྣམས་བྱུང་བར་ཟད། །སྟོང་ཉིད་གསང་བ་དེ་ཁོ་ན། །ཐེག་ཆེན་གསང་བ་དེ་ཉིད་དོ། །གསང་བའི་བདག་པོས་དེ་སྐད་ཅེས་བརྗོད་པས་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཐམས་ཅད་གསང་བ་དམ་པ་ཉིད་དུ་ངེས་པའི་སོམ་

ནི་མེད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཆོ་འཕྲུལ་སྔོན་བྱུང་གི་ལེའུ་ཞེས་བྱ་སྟེ་བཞི་བཅུ་བཞི་པའོ།། །།ཐེག་པ་ཆེན་པོ་ངེས་པར་བྱུང་བའི་ཚུལ་ལས་ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་བྱུང་བྱ་བའི་གཏམ་རྒྱུད་

เล่ม ๙๗ · หน้า 205b

བརྗོད་པ་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་བཅུ་གཅིག་པའོ།། །།བམ་པོ་བདུན་པར་ཟུག་པ། དེ་ནས་ཡང་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་བྱུང་བའི་ཚིག་བཅུ་གཉིས་པའི་

ཐ་མ་དགོངས་པ་རྣམ་པར་བགྲོ་བ་ན་ཡང་བྱུང་ཞེས་སྣང་བའི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་དུ་བརྗོད་པའི་སྐབས་སུ་དགོངས་པ་རྣམ་པར་བགྲོ་བ་ན་

ཡང་བྱུང་ཞེས་བཀོད་པ་དེ་ལྟ་ཞིག་ཏུ་བགྲོས་ཏེ་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་གང་ཡོངས་སུ་དྲི་བ་དེ་ནི་འདི་ལྟར་ཟབ་པ། ཆེས་ཟབ་པ། འདི་ལྟར་དཀའ་བ། ཆེས་དཀའ་བ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། བརྟག་པར་རབ་ཏུ་དཀའ་

བ། དཔག་པ་ལས་འདས་པ་སྟེ། གང་རྒྱུད་ཡོངས་སུ་དག་པའི་སངས་རྒྱས་དང་། གང་ས་ལ་གནས་པ་རྣམས་ཀྱིས་ཀྱང་རབ་ཏུ་བགྲོ་བར་མི་ནུས་པ་ཡིན་ན་བདག་གིས་ཡོངས་སུ་བགྲོ་བར་ལྟ་ཅི་སྨོས་ཏེ། གང་གི་སྤྱོད་ཡུལ་ཡང་མ་ཡིན་ནོ། །དེ་སྐད་

ཅེས་སྨྲས་པས། ལང་ཀའི་བདག་པོ་དེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཆེན་པོ་གསང་བའི་བདག་པོ་ཉོན་མོངས་པར་སྣང་བའི་འགྲོ་བ་རྣམས་ལ་ཕན་པ་དང་སྙིང་བརྩེ་བ་ཉིད་དུ་བགྱི་བའི་སླད་དུ་མི་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ། ཆོས་ཐམས་ཅད་

མངོན་པར་རྫོགས་པར་སངས་རྒྱས་པ། གང་དུ་མ་བཀག་པའི་ཆོས་ཉིད་དུ་ལོངས་སྤྱོད་པ། ཐབས་ཀྱི་ཐེག་པ་ཆེན་པོ་དགོངས་པ་དམ་པ་དེ་ཁོ་ན་ཉིད་དེ་རྣམ་པར་བགྲོ་ཞིང་སྨྲ་བའི་སེང་གེ་ཁྱོད་ཀྱིས་ཕྱིན་ཅི་མ་ལོག་པར་བགྲོ་བའི་དུས་ལ་བབ་བོ། །སྐྱེས་བུ་

ཆེན་པོ་ཤིན་ཏུ་རབ་ཏུ་དུས་ལ་བབ་བོ། །ངེས་པ་དམ་པར་བགྲོ་བའི་དུས་ལ་བབ་བོ། །དེ་ཅིའི་སླད་དུ་ཞེ་ན། སྐྱེས་བུ་ཆེན་པོ་ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་གསང་བ་ཆེན་པོའི་བདག་པོར་དབང་གིས་དབང་བསྐུར་བ་ལགས་ཏེ། གང་

เล่ม ๙๗ · หน้า 206a

རྨོངས་པ་རྣམས་གོ་འབྱེད་པ་དང་། གང་འཐོམས་པ་དྲང་བའི་ཐབས་སྤྲིན་ཕུང་གི་དྲ་བས་ཐམས་ཅད་བདེ་བླག་ཏུ་དྲང་བའི་སླད་དུ་དགོངས་པ་དམ་པའི་ལུས་དགྲོལ་དུ་གསོལ་ཞེས་བསྐུལ་བ་ལས། གསང་བ་པའི་བདག་པོ་དེས་འདི་སྐད་ཅེས་

སྨྲས་སོ། །བསྐུལ་བའི་གོ་ཆ་ཆེན་པོ་ཁྱོད། །ཀུན་ལ་རབ་ཏུ་བརྩེ་བའི་ཕྱིར། །གང་ལ་བསྐུལ་བར་ཁྱོད་བརྩོན་ན། །བགྲོ་བ་གླེང་བསླང་ལེགས་སོ་ལེགས། །འདི་ལྟར་འདི་སྐད་བདག་ཉིད་ཀྱིས། །ངེས་པའི་དོན་དེ་ཁོ་ན་ཉིད། །ཐོས་པ་སྣང་བའི་དུས་གཅིག་

ན། །ཐམས་ཅད་ནམ་མཁའ་ལྟ་བུ་ལས། །རབ་བྱུང་རང་སྣང་ཉིད་དུ་ཐོས། །གསང་བའི་ཚིག་ནི་འདི་སྐད་དུ། །ཐོས་པར་གྱུར་པའི་དུས་གཅིག་ན། །མཐུན་འཇུག་ཐབས་ཀྱི་ཆ་མཐུན་དུ། །བསྟན་ནས་དྲང་བའི་ཐབས་སུ་ཐོས། །ལུང་གི་གཏན་ཚིགས་འདི་

སྐད་དུ། །བདག་གིས་ཐོས་པའི་དུས་གཅིག་ན། །ལྡེམ་དགོངས་སྦྱོར་བའི་ཚུལ་ཉིད་ཀྱིས། །བསྟན་ནས་བཀྲི་བའི་ཐབས་སུ་ཐོས། །འདོད་རྐྱེན་ཚིག་ནི་འདི་སྐད་དུ། །རྟོགས་པར་གྱུར་པའི་དུས་གཅིག་ན། །འདོད་ཆེན་པ་ལ་འདོད་པ་ནི། །ཐབས་ཀྱིས་

དྲང་བ་ཉིད་དུ་ཐོས། །གསང་སྔགས་རྡོ་རྗེ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བརྗོད་པས་རྟོགས་པར་མི་ནུས་ཏེ། །བདག་གིས་བགྲོ་བར་རབ་ཏུ་དཀའ། །དཔེའམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །

རྟོགས་པར་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོས་འཇལ་འདྲ། །འོན་ཀྱང་བཀའ་ཡི་གཉེར་གཏད་ཅིང་། །ལོག་ཞེན་ཐབས་ཀྱིས་དྲང་བ་དང་། །བསྐུལ་བ་ཁྱོད་ཀྱི་དམ་ཚིག་ཀྱང་། །སྔོན་གྱི་གོ་ཆ་གྱོན་པའི་མཐུས། །མ་རྟོགས་པ་རྣམས་ཚིག་

ཙམ་གྱིས། །མཚོན་ནས་རྣམ་གྲོལ་ས་དག་ལ། །བརྒྱུད་དེ་དྲང་བའི་ཐབས་ཉིད་དུ། །ཅི་རིགས་ཙམ་དུ་བགྲོ་བར་བྱ། །རང་བཞིན་ཡེ་ནས་སངས་རྒྱས་པ། །མཐོང་དང་མ་མཐོང་རྣམ་གཉིས་ལ། །དམན་པའི་སྐབས་ན་དེ་མཐོང་མིན། །མཐོང་བ་དམ་པའི་སྐབས་

เล่ม ๙๗ · หน้า 206b

ནའོ། །མཐོང་བ་མངོན་ཐོས་རྣམ་གཉིས་ལ། །མཐར་ཕྱིན་དམ་པ་མངོན་སུམ་པ། །བློ་གྲོས་རྣལ་འབྱོར་སྤྱོད་ཡོན་ཅན། །ཐོས་པས་མཐོང་བར་འགྱུར་ཕྱིར་རོ། །སྟུག་པོ་བཀོད་པའི་རྒྱལ་བ་ཡང་། །ཆོས་སྐུ་སྙིང་པོར་གྱུར་པས་ན། །དེ་ཡི་འགྲོ་བ་མི་སྨིན་ཕྱིར། །

གཟུགས་སྐུ་བསྟན་ནས་ཚིག་ལམ་བརྗོད། །འདས་དང་མ་འོངས་ད་ལྟར་གྱི། །དཔག་ཏུ་མེད་པའི་དུས་རྣམས་སུ། །རྒྱལ་བ་རྣམས་ཀྱི་དགོངས་པ་གང་། །ཇི་ལྟར་རྣམ་པར་བགྲོས་པ་ཉོན། །ལང་ཀའི་བདག་པོ་འདི་ལྟ་སྟེ། །དམ་པ་རྣམས་ཀྱི་དགོངས་པ་ལ་འཇུག་

པར་འདོད་ན་མཛོད་དུ་འཇུག་པར་བྱའོ། །རང་བཞིན་མ་བཅོས་པར་བྱའོ། །ལྗོན་ཤིང་བསྐྱེད་པར་བྱའོ། །དམ་པར་འཇུག་པར་བྱའོ། །སྒྲོན་མ་བསྲེལ་བར་བྱའོ། །ཁྱད་པར་དུ་འགྲོ་བར་བྱའོ། །ཡུལ་ལ་འཇུག་པར་བྱའོ། །མེ་ལོང་བརྟག་པར་བྱའོ། །མཐུན་པར་འཇུག་པར་

བྱའོ། །ནད་གསོ་བར་བྱའོ། །སྨྲས་པ། གསང་བ་པའི་བདག་པོ་ཆོས་ཀྱི་རྣམ་གྲངས་བཅུ་པོ་དེ་དག་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། སྨྲས་པ། ལང་ཀའི་བདག་པོ་ཆོས་ཀྱི་རྣམ་གྲངས་བཅུ་པོ་དེ་དག་ལས་དང་པོ་དམ་པ་རྣམས་ཀྱི་མཛོད་དུ་འཇུག་པར་བྱ་ན་སྒོ་གསུམ་

ནས་ཞུགས་པས་གང་མེད་ལ་མི་ཟད་པའི་མཛོད་དུ་འཇུག་པ་ཉིད་དོ། །སྨྲས་པ། གསང་བ་པའི་བདག་པོ་སྒོ་གསུམ་གང་ལགས། སྨྲས་པ། ལང་ཀའི་བདག་པོ་སྒོ་གསུམ་འདི་ལྟ་སྟེ། སྤྱོད་པས་འདྲེན་པའི་སྒོ་དང་། ཐབས་ཀྱི་སྦྱོར་སྒོ་དང་། ངེས་པའི་གསང་སྒོ་

དང་གསུམ་མོ། །སྨྲས་པ། གསང་བ་པའི་བདག་པོ་སྒོ་དེ་དག་གང་གིས་འབྱེད་པ་ལགས། སྨྲས་པ། ལང་ཀའི་བདག་པོ་སྒོ་དེ་དག་ནི་ལྡེ་མིག་གསུམ་གྱིས་འབྱེད་པར་རིག་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འབྱེད་པ་དང་། འགྲོལ་བ་དང་། འབྱིན་པའོ། །

ལང་ཀའི་བདག་པོ་དེ་ཡང་འདི་ལྟ་སྟེ། ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་བ་གསུམ་གྱི་ལྡེ་མིག་གིས། །རྒྱལ་བ་ཀུན་གྱི་དགོངས་པའི་མཛོད། །ངེས་པར་འབྱེད་ཅེས་རྒྱལ་བས་བཤད། །ལང་ཀའི་བདག་པོ་དེ་ལ་སྤྱོད་པའི་འདྲེན་སྒོ་ལྡེ་མིག་གསུམ་གྱིས་

เล่ม ๙๗ · หน้า 207a

འབྱེད་པ་ནི་འདི་ལྟ་སྟེ། ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་བ་གསུམ་མོ། །དེ་ལ་ཡན་ལག་དྲུག་གང་ཞེ་ན། རྒྱུའི་ཡན་ལག་དང་། སྦྱོར་བའི་ཡན་ལག་དང་། འབྲས་བུའི་ཡན་ལག་དང་། དངོས་གཞིའི་ཡན་ལག་དང་། བཟུང་བའི་ཡན་

ལག་དང་། མཚན་ཉིད་ཀྱི་ཡན་ལག་གོ། །དེ་ལ་རྒྱུའི་ཡན་ལག་གང་ཞེ་ན། འདི་ལྟ་སྟེ། འབྱུང་བའི་ཡན་ལག་དང་། སྨིན་པའི་ཡན་ལག་གོ །ལང་ཀའི་བདག་པོ་དེ་ལ་འབྱུང་བའི་ཡན་ལག་གང་ཞེ་ན། གང་ཡོངས་སུ་ཚོགས་ན་བརྗོད་པ་འབྱུང་བ་ཉིད་ལ་

བྱ་སྟེ། ཚད་མ་དང་། བློ་གྲོས་དང་། འཛིན་པ་དང་། མཆོད་རྟེན་དང་། འདུས་པ་དང་། ངེས་པའོ། །སྨིན་པའི་ཡན་ལག་ནི་གང་དམ་པར་སྨིན་པའི་རྒྱུ་སྟེ། གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་གོ། །ལང་ཀའི་བདག་པོ་སྦྱོར་

བའི་ཡན་ལག་ནི་ཡུལ་ལ་སྦྱོར་བ་སྟེ། གང་བློའི་ཡུལ་ལ་སྦྱོར་བ་དང་། སྙིང་རྗེའི་ཡུལ་ལ་སྦྱོར་བའོ། །ལང་ཀའི་བདག་པོ་དེ་ལ་བློའི་ཡུལ་སྦྱོར་བ་ནི་གང་བློ་གྲོས་འབྱུང་བའི་རྩ་བ་གླེང་སློང་བ་ལ་སྦྱོར་བ་དང་། བློ་གྲོས་རྙེད་པའི་རྩ་བ་སའི་ཁྱད་པར་ལ་སྦྱོར་

བ་དང་། བློ་གྲོས་ངེས་པའི་རྩ་བ་རྣམ་པར་ཐར་པ་ལ་སྦྱོར་བ་དང་། བློ་གྲོས་གཞག་པའི་རྩ་བ་དེ་ཁོ་ན་ཉིད་ལ་སྦྱོར་བའོ། །ལང་ཀའི་བདག་པོ་སྙིང་རྗེའི་ཡུལ་ལ་སྦྱོར་བ་ཡང་འདི་ལྟ་སྟེ། གང་གི་རྒྱུ་ལ་སྦྱོར་བ་དང་། འབྲས་བུ་ལ་སྦྱོར་བ་དང་། དེ་དག་རང་

བཞིན་ལ་སྦྱོར་བའོ། །ལང་ཀའི་བདག་པོ་དེ་ལ་འབྲས་བུའི་ཡན་ལག་ནི་གང་དང་འབྲེལ་བའི་དགོས་ཆེད་དམ་པ་འབྱུང་བ་སྟེ། ཐོབ་པ་དམ་པ་དེ་ཁོ་ན་ཉིད་དོ། །ལང་ཀའི་བདག་པོ་དེ་ལ་དངོས་གཞིའི་ཡན་ལག་ནི་གང་གི་དགོངས་པ་ངེས་པར་འགྲེལ་པ་སྟེ།

གང་ཞེ་ན། འདི་ལྟ་སྟེ། གང་ལ་ཆོས་རྣམས་ཀྱི་དངོས་གཞི་གསུམ་དུ་བསྡུ་བ་སྟེ། གསུམ་གང་ཞེ་ན། རང་བཞིན་གྱི་དངོས་གཞི་དང་། རྩ་བའི་དངོས་གཞི་དང་། ཐམས་ཅད་ཀྱི་དངོས་གཞིའོ། །ལང་ཀའི་བདག་པོ་དེ་ལ་རང་བཞིན་གྱི་དངོས་གཞི་གང་ཞེ་ན།

เล่ม ๙๗ · หน้า 207b

འདི་ལྟ་སྟེ། ཐོས་པ་དང་། དོང་བ་དང་། གཟུང་བ་དང་། ཆུབ་པའོ། །ལང་ཀའི་བདག་པོ་རྩ་བའི་དངོས་གཞི་གང་ཞེ་ན། འདི་ལྟ་སྟེ། གདགས་པ་དང་། སྤྱོད་པ་དང་། སྐྱེ་བ་དང་། གནས་པ་དང་། བདེ་བ་དང་། ཉོན་མོངས་པ་དང་། ཡོངས་སུ་བྱང་བ་

དང་། སྣ་ཚོགས་དང་། བྱེད་པ་དང་། བྱ་བ་དང་། རྒྱན་ནོ། །ལང་ཀའི་བདག་པོ་ཐམས་ཅད་ཀྱི་དངོས་གཞི་གང་ཞེ་ན། ཀུན་ནས་ཉོན་མོངས་པ་ལ་སྣང་བ་འདི་ལྟ་སྟེ། བསྡུ་བ་དང་། འཇུག་པ་དང་། གང་ཟག་དང་། ཆོས་སོ། །ཡོངས་སུ་དག་པ་ལས་

སྣང་བ་ནི་འདི་ལྟར་འདོགས་པ་དང་། རྩོལ་བ་དང་། གནས་དང་། བདེ་བ་དང་། ཐབས་དང་། ཤེས་པ་དང་། ཤེས་པའི་གནས་དང་། ནན་ཏན་དང་། ང་རྒྱལ་མེད་པ་དང་། བག་ཆགས་དང་། མངོན་དུ་བྱ་བ་དང་། བསྒོམ་པ་དང་། སྙིང་པོ་དང་།

རྣམ་པ་དང་། དམིགས་པ་དང་། དཔྱོད་པ་དང་། གཡེང་བ་དང་། མི་གཡེང་བ་དང་། བཙལ་བ་དང་། ཡོན་ཏན་དང་། བརྟན་པ་དང་། བསྡུ་བ་དང་། ཕྱོགས་བསྡུ་བ་དང་། རྟོགས་པ་དང་། ཐོབ་པར་བྱ་བ་དང་། སྤྱིར་ཕྱིན་པ་དང་། ཡོངས་སུ་བྲི་བའོ། །ལང་

ཀའི་བདག་པོ་དེ་དག་ནི་དངོས་གཞིའི་ཡན་ལག་ཅེས་བྱའོ། །ལང་ཀའི་བདག་པོ་དེ་ལ་གཟུང་བའི་ཡན་ལག་གང་ཞེ་ན། འདི་ལྟ་སྟེ། བླང་བ་དང་། ཕ་མ་པ་དང་། ལྟུང་བ་དང་། རང་བཞིན་དང་། མེད་པའི་རང་བཞིན་དང་། འབྱུང་བ་དང་། ཡོངས་སུ་གཏང་བ་

ཁོ་ནར་ཤེས་པར་བྱ་སྟེ། ལང་ཀའི་བདག་པོ་དེ་དག་ནི་གཟུང་བའི་ཡན་ལག་ཅེས་བྱའོ། །ལང་ཀའི་བདག་པོ་དེ་ལ་མཚན་ཉིད་ཀྱི་ཡན་ལག་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་དང་། དམ་པ་དང་། དམིགས་པ་དང་། རྣམ་པ་དང་། རང་བཞིན་དང་།

འབྲས་བུ་དང་། བསྙད་པ་དང་། བར་དུ་གཅོད་པ་དང་། མཐུན་པ་དང་། ཉེས་དམིགས་དང་། ཡོན་ཏན་ནོ། །ལང་ཀའི་བདག་པོ་དེ་ལ་ཀུན་རྫོབ་གང་ཞེ་ན། འདི་ལྟ་སྟེ། གང་ཟག་དང་། བརྟགས་པ་དང་། ལས་སུ་བསྟན་པའོ། །ལང་ཀའི་བདག་པོ་དེ་ལ་

เล่ม ๙๗ · หน้า 208a

དམ་པ་གང་ཞེ་ན། འདི་ལྟ་སྟེ། བྲལ་བ་དང་། བརྟན་པ་དང་། རྫོགས་པའོ། །དམིགས་པ་ནི་ཐམས་ཅད་དུ་བསྟན་པའོ། །རྣམ་པ་ནི་ཐམས་ཅད་དུ་བརྟགས་པ་སྟེ། བདེན་པ་དང་། གཞག་པ་དང་། ཉེས་པ་དང་། ཡོན་ཏན་དང་། ཚུལ་

དང་། འཇུག་པ་དང་། རིགས་པ་དང་། བསྡུས་པ་དང་། རྣམ་པར་སྤྲོས་པའོ། །ལང་ཀའི་བདག་པོ་དེ་ལ་བདེན་པ་ནི་གང་ཞེ་ན། དེ་ཁོ་ན་ཉིད་གང་ཡིན་པའོ། །གཞག་པ་ནི་གང་ཟག་དང་། བརྟགས་པ་དང་། གཅིག་པ་དང་། དབྱེ་བ་དང་། དྲི་བ་དང་།

གཞག་པ་དང་། རྣམ་པར་གཞག་པ་དང་། གསང་བ་དང་། བསྙད་པ་དང་། ལུང་བསྟན་པ་གཞག་པའོ། །ལང་ཀའི་བདག་པོ་ཉེས་པ་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རྣམ་གྲངས་སོ། །ཡོན་ཏན་གང་ཞེ་ན། ཡོངས་སུ་བྱང་བའི་རྣམ་གྲངས་སོ། །ལང་

ཀའི་བདག་པོ་ཚུལ་གང་ཞེ་ན། དོན་དང་། ཐོབ་པ་དང་། བཤད་པ་དང་། མཐའ་སྤོང་བ་དང་། བསམ་གྱིས་མི་ཁྱབ་པ་དང་། དགོངས་པའོ། །ལང་ཀའི་བདག་པོ་འཇུག་པ་གང་ཞེ་ན། དུས་དང་། འདུས་པ་དང་། རྐྱེན་རྣམས་སོ། །ལང་ཀའི་བདག་པོ་རིགས་པ་

གང་ཞེ་ན། འདི་ལྟ་སྟེ། ལྟོས་པ་དང་། བྱ་བ་བྱེད་པ་དང་། བསྒྲུབ་པ་དང་། །ཆོས་ཉིད་དོ། །ལང་ཀའི་བདག་པོ་དེ་ལ་ལྟོས་པ་གང་ཞེ་ན། གང་འདུས་པ་དག་སྐྱེ་བ་དང་། ཐ་སྙད་ཀྱི་ཕྱིར་རྒྱུ་དང་རྐྱེན་དུ་གྱུར་པའོ། །བྱ་བ་བྱེད་པ་གང་ཞེ་ན། དེ་ལ་ཆོས་གང་ཐོབ་པའི་

ཕྱིར་རམ། གྲགས་པའམ། སྐྱེས་ནས་ལས་སུ་བྱ་བའི་ཕྱིར་རྒྱུ་དང་རྐྱེན་དུ་གྱུར་པའོ། །བསྒྲུབ་པ་གང་ཞེ་ན། དེ་ལ་གང་གོ་ཆ་བགོས་པ་སྟེ། གང་སྨྲ་བ་དང་། གང་ངེས་པར་ཤེས་པར་བྱ་བའི་ཕྱིར་རྒྱུ་དང་རྐྱེན་དུ་གྱུར་པ་རྣམས་སོ། །ལང་ཀའི་བདག་པོ་དེ་ཡང་འདི་

ལྟར་དག་པ་དང་། མ་དག་པ་ལ་གང་དག་པ་ནི་དམིགས་པ་དང་། གནས་པ་དང་། དཔེ་དང་། གྲགས་པ་དང་། ངེས་པའོ། །ལང་ཀའི་བདག་པོ་དེ་ལ་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ནི་དམིགས་པའོ། །ཐམས་ཅད་

เล่ม ๙๗ · หน้า 208b

སྐད་ཅིག་མ་དང་། གཞན་ཡོད་པ་དང་། ལས་རྣམས་མི་རྟག་པ་དང་། ལས་ལ་གནས་པ་དང་། དེའི་འབྲས་བུ་ལ་གནས་པ་ནི་གནས་པའོ། །ཐམས་ཅད་ལ་གྲགས་པ་ནི་གྲགས་པ་ཉེ་བར་སྦྱོར་ཞིང་དམིགས་པ་ཉེ་བར་སྦྱར་བ་ནི་དཔེའོ། །དེ་དག་གྲགས་

པ་ནི་གྲགས་པའོ། །གང་གི་ཚད་མས་ཚད་མ་ཉིད་དུ་སྣང་བ་ནི་ངེས་པའོ། །ལང་ཀའི་བདག་པོ་དེ་ཡང་འདི་ལྟར་བྱུང་བ་དང་། བརྟགས་པ་དང་། གཅོད་པ་དང་། བྲལ་བ་དང་། སྣང་བས་ན་ཚད་མར་ངེས་པའོ། །དེ་ནི་མངོན་སུམ་དང་། དཔག་པ་དང་། ཚད་

མས་དག་པའོ། །ལང་ཀའི་བདག་པོ་མ་དག་པ་ནི་འདི་ལྟར་གཞན་དང་མཐུན་པ་དང་། མི་མཐུན་པ་དང་། ཐམས་ཅད་དང་མཐུན་པ་དང་མི་མཐུན་པ་དང་། གཞན་གྱི་དཔེ་ཉེ་བར་སྦྱར་བ་དང་། མ་གྲགས་པ་དང་། མ་ངེས་པ་དག་གོ། །ལང་ཀའི་བདག་པོ་

དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ལྔ་པ་མ་ཡིན་པའི་ཚད་མ་གཞན་དང་མཐུན་པར་དམིགས་པ་དང་། འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་ལ་སོགས་པ་ཇི་ལྟ་བ་ལ་རྟག་པ་དང་། བདག་ལ་སོགས་པ་གཞན་དུ་དམིགས་ཏེ་ཕྱིན་ཅི་ལོག་བཞིར་ལྟ་བས་འདུས་

མ་བྱས་ཀྱི་མཚན་ཉིད་དང་མཐུན་པར་དམིགས་པ་འདི་ནི་མཐུན་པའོ། །ཚད་མ་གཞན་དང་མི་མཐུན་པ་དང་། ཡུལ་གྱི་མཚན་ཉིད་གཞན་དང་མི་མཐུན་པ་འདི་ནི་གཞན་དང་མི་མཐུན་པའོ། །ཐམས་ཅད་ཡིད་ཀྱི་བྱ་བ་དག་གོ་ཞེས་བྱ་བ་ནི་ཐམས་ཅད་དང་

མཐུན་པའོ། །མི་མཐུན་པ་གང་གཅིག་གི་མི་མཐུན་པས་ཕན་ཚུན་མི་མཐུན་པ་ཞེས་བྱ་བ་འདི་ནི་མི་མཐུན་པའོ། །ལང་ཀའི་བདག་པོ་གཞན་ཡང་མཐུན་པ་དཔེ་དང་སྦྱར་བ་ལ་མཐུན་པ་ཡོད་པས་དེ་ནི་མ་ངེས་པའོ་ཞེས་བྱ་བ་ནི་མ་གྲགས་པའོ། །མི་མཐུན་པ་

དཔེ་དང་སྦྱར་བ་ལ་མཐུན་པ་ཡོད་པས་དེ་ནི་མ་ངེས་པའོ་ཞེས་བྱ་བ་ནི་དེ་ཡང་མ་གྲགས་པའོ། །གང་མ་གྲགས་པས་གང་གིས་བརྟགས་པ་མ་དག་པའོ། །གང་རང་བཞིན་གྱིས་མ་དག་པ་ནི་མ་ངེས་པའོ། །ལང་ཀའི་བདག་པོ་དེ་དག་ནི་བསྒྲུབ་པའོ། །ལང་ཀའི་

เล่ม ๙๗ · หน้า 209a

བདག་པོ་ཆོས་ཉིད་གང་ཞེ་ན། གང་དུ་མ་བཅོས་པ་ཉིད་དོ། །ལང་ཀའི་བདག་པོ་གང་དུ་བསྡུས་པ་དང་། རྣམ་པར་སྤྲོས་པས་ནི་ཐམས་ཅད་ཀྱང་བསྡུས་ཏེ། གཅིག་ལ་ཁྱད་པར་གྱིས་ཕྱེ་སྟེ་མཐར་ཕྱིན་པའོ། །ལང་ཀའི་བདག་པོ་དམིགས་

པ་ནི་འཛིན་པའོ། །རྣམ་པ་ནི་དབྱེ་བའོ། །བྱང་ཆུབ་ནི་རང་བཞིན་ནོ། །གང་སྤངས་པས་གང་ཐོབ་པ་ནི་འབྲས་བུའོ། །གང་ཆུབ་ཅིང་གང་ལ་བརྗོད་པ་ནི་བསྙད་པའོ། །གང་གི་ཕྱོགས་དང་མི་མཐུན་པ་ནི་བར་དུ་གཅོད་པའོ། །གང་གི་ཕྱོགས་ལ་ནན་ཏན་དུ་བྱེད་པ་ནི་

མཐུན་པའོ། །གང་དང་མི་མཐུན་པའི་དབང་དུ་ཇེན་པ་ནི་ཉེས་དམིགས་སོ། །གང་དུ་མཐུན་པར་ཇེན་པ་ནི་ཡོན་ཏན་ནོ། །ལང་ཀའི་བདག་པོ་དེ་དག་ནི་མཚན་ཉིད་ཀྱི་ཡན་ལག་སྟེ། ཡན་ལག་དྲུག་པོ་དེ་དག་ནི་འབྱེད་པའི་ལྡེ་མིག་སྟེ། །གང་སྤྱོད་པས་

འདྲེན་པའི་སྒོ་གང་ཡིན་པ་དེ་ནི་དེས་འབྱེད་ཅིང་གང་དེ་ཉིད་དུ་དགོངས་པ་ངེས་པར་འགྲེལ་ཏོ། །ལང་ཀའི་བདག་པོ་དེ་ལ་མདོ་བཞི་གང་ཞེ་ན། འདི་ལྟ་སྟེ། དགོངས་པ་གཞན་གྱི་མདོ་དང་། ལྡེམ་པོ་དག་གི་མདོ་དང་། མཐུན་འཇུག་སྦྱོར་བའི་མདོ་དང་། དོན་

དམ་ངེས་པའི་མདོའོ། །ལང་ཀའི་བདག་པོ་དེ་ལ་དགོངས་པ་གཞན་པའི་མདོ་འདི་ལྟ་སྟེ། རང་བཞིན་དང་། དུས་དང་། དོན་དང་། ཡུལ་ལ་དགོངས་པའི་ལང་ཀའི་བདག་པོ་དེ་ལ་རང་བཞིན་ནི་འདི་ལྟར། ཇི་ག་ཁྱད་པར་དུ་སྣང་བ་ལ་གང་དེ་ལྟར་རྟོག་པ་

ཞེན་པ་དག་བསལ་བའི་ཕྱིར་རང་བཞིན་ལ་དགོངས་ཏེ། དེ་གང་ཡིན་པ་ནི་འདི་ཉིད་དོ་ཞེས་གཅིག་ཏུ་ཞལ་གྱིས་རྩལ་བའོ། །ལང་ཀའི་བདག་པོ་དུས་ནི་འདི་ལྟར་སྒྱིད་ལུག་པ་གང་དག་མངོན་པར་སྤྲོ་བ་བསྐྱེད་པའི་ཕྱིར་གང་གི་རྒྱུ་འབྲས་མི་སླུ་བ་ལ་དགོངས་ཏེ།

གྱིན་ད་ཙམ་འདིས། མྱུར་བ་ཉིད་དུ་འགྱུར་རོ་ཞེས་སྟོན་པའོ། །ལང་ཀའི་བདག་པོ་དོན་འདི་ལྟར། གང་གིས་གང་ལ་རློམ་སེམས་པ། །དེ་ཡི་མུན་པ་བསལ་བའི་ཕྱིར། །གང་གིས་མཐོང་ལམ་མ་ཐོབ་པར། །དེ་ཉིད་མི་མཐོང་ལ་དགོངས་ཏེ། །འདི་དག་ནི་དཔག་

เล่ม ๙๗ · หน้า 209b

ཏུ་མེད་པའི་དམ་པས་མ་བསྙད་པར་ཤེས་པར་མི་ནུས་སོ་ཞེས་སྒོའོ། །ལང་ཀའི་བདག་པོ་ཡུལ་ལ་དགོངས་པ་ནི་འདི་ལྟར་གང་ཕྱོགས་གཅིག་ཙམ་གྱིས་ཆོག་པར་འཛིན་པ་དག་བློ་སྐྱེ་བའི་ཕྱིར་གང་གི་ཕྱོགས་ཀུན་བཀོད་དེ་ཡོངས་སུ་བསྔགས་པ་བརྗོད་ཅིང་

ཕྱོགས་གཅིག་གིས་མི་ཆོག་པ་ལ་དགོངས་ཏེ། སྔོན་དུ་གོམས་པའི་ཕྱོགས་ལ་སྨོད་པའོ། །ལང་ཀའི་བདག་པོ་དེ་ལ་ལྡེམ་པོ་དག་གི་མདོ་ནི་འདི་ལྟ་སྟེ། སྦྱོར་བ་དང་། དབྱེ་བ་དང་། ཟིལ་གྱིས་གནོན་པ་དང་། སླུ་བའོ། །ལང་ཀའི་བདག་པོ་དེ་ལ་སྦྱོར་བ་ནི་

གང་འདི་ལྟར་གང་སྐྲག་ཅིང་དངངས་པ་དང་། ཚི་ཆད་པར་རྩོལ་བ་དང་། གང་མངོན་པར་ཞེན་པ་དག་ཅི་ལ་ཡང་མི་འཇུག་པ་དེ་དག་གང་གི་དོན་ལ་ངེས་པར་གཞུག་པའི་ཕྱིར་གང་དང་གང་གི་འབྲས་བུ་ཡོད་པ་དང་། ཀུན་ཀྱང་རང་བཞིན་མེད་པ་ལ་དགོངས་ཏེ།

ཐམས་ཅད་ཡོད་དོ་ཞེས་བྱ་བ་དང་། སྟོང་པ་ཉིད་དོ་ཞེས་གང་གི་འདུ་ཤེས་གཞུག་པའི་ཕྱིར་རོ། །ལང་ཀའི་བདག་པོ་དབྱེ་བ་ནི་འདི་ལྟར་གང་དང་གང་ལ་མོས་པ་དེ་ལྟར་ཀུན་བརྟགས་པ་དངོས་པོ་མེད་པར་བཤད་པ་དང་། གཞན་གྱི་དབང་རྟེན་ཅིང་འབྲེལ་བར་

འབྱུང་བ་བཤད་པ་དང་། ཡོངས་སུ་གྲུབ་པ་མི་འགྱུར་བ་ཕྱིན་ཅི་མ་ལོག་པར་བཤད་པ་གསུམ་ལ་དགོངས་ཏེ་གསུམ་བསྟན་པའོ། །ལང་ཀའི་བདག་པོ་ཟིལ་གྱིས་གནོན་པ་ནི་འདི་ལྟར་གང་ཕུན་སུམ་ཚོགས་པའི་གྲགས་པ་དག །རྫོགས་ལོངས་སྤྱོད་པ་དག་

བསྟན་པས་ཟིལ་གྱིས་གནོན་པའི་ཕྱིར་གཉེན་པོར་གྱུར་པས་འདུལ་བར་དགོངས་ཏེ་རྒྱ་ཆེན་པོ་དག་སྟོན་པའོ། །ལང་ཀའི་བདག་པོ་སླུ་བ་ནི་འདི་ལྟར་གང་འདུ་ཤེས་ལོག་པ་དག་སྦས་པའི་ཐབས་ཀྱིས་ངེས་པར་བསྒྱུར་བའི་ཕྱིར་དོན་མི་འགྱུར་བ་ལ་དགོངས་ཏེ།

རྒྱུ་གཞན་དུ་སྟོན་པའོ། །ལང་ཀའི་བདག་པོ་དེ་ལ་མཐུན་འཇུག་སྦྱོར་བའི་ལུང་འདི་ལྟ་སྟེ། རང་རྐྱེན་གཉེར་གྱི་ལུང་དང་། ཐབས་འཛུད་བསྲེ་བའི་ལུང་དང་། ཆ་མཐུན་སྦྱོར་བའི་ལུང་དང་། གདམས་ངག་ནན་ཏན་གྱི་ལུང་ངོ་། །ལང་ཀའི་བདག་པོ་འདི་ལ་

เล่ม ๙๗ · หน้า 210a

རང་རྐྱེན་གཉེར་གྱི་ལུང་ནི་འདི་ལྟར་གང་ལ་གང་ལྟར་རྐྱེན་དུ་འཚམ་པ་དེ་ལ་དེ་ལྟར་ཉིད་སྟོན་པའོ། །ཐབས་འཛུད་བསྲེ་བའི་ལུང་ནི་འདི་ལྟར་གང་བསྡུ་བའི་ཐབས་ཀྱིས་གང་གི་ཆ་དང་འདྲེན་མས་དེ་དག་བསྒྱུར་བའོ། །ཆ་མཐུན་སྦྱོར་བ་ནི་འདི་ལྟར་གང་

གི་ཆ་བཞིན་སྤྱོད་པས་འདི་ལྟར་སྦྱོར་བའོ། །གདམས་ངག་ནན་ཏན་གྱི་ལུང་ནི་འདི་ལྟར་གང་ལ་གང་གཅེས་སྤྲས་བྱས་ཏེ་འཇོག་པའོ། །ལང་ཀའི་བདག་པོ་དེ་ལ་དོན་དམ་ངེས་པའི་ལུང་ནི་འདི་ལྟ་སྟེ། དོགས་པ་དང་། ངེས་པ་དང་། ངོ་བོ་དང་། གལ་པོའོ། །ལང་

ཀའི་བདག་པོ་དེ་ལ་དོགས་པ་གང་ཞེ་ན། འདི་ལྟ་སྟེ། གང་བྱུང་བ་དག་གང་གི་ཕྱིར་བརྟགས་ཏེ། དེ་ལྟར་དེའི་ཕྱིར་ངོས་ཟིན་པའོ། །ངེས་པ་ནི་འདི་ལྟར་གང་ལ་གཏན་ལ་ཕབ་པ་དེའི་ངེས་པ་རྙེད་པའོ། །རང་གི་ངོ་བོ་ནི་འདི་ལྟར་གང་བརྟགས་པ་བརྗོད་པའི་དངོས་

གཞིའོ། །གལ་པོ་ནི་འདི་ལྟར་གང་ལ་གང་གིས་གལ་དུ་གཏོད་པ་ཉིད་དོ། །ལང་ཀའི་བདག་པོ་དེ་དག་ནི་ངེས་པ་དམ་པའི་ལུང་སྟེ། མདོ་བཞི་པོ་དེ་དག་ནི་དགྲོལ་བའི་ལྡེ་མིག་སྟེ། གང་སྤྱོད་པས་འདྲེན་པའི་སྒོ་གང་ཡིན་པ་དེ་ནི་དེས་དགྲོལ་ཞིང་གང་དེ་ཉིད་དུ་གསལ་

བར་བྱེད་པའོ། །ལང་ཀའི་བདག་པོ་དེ་ལ་རྩ་བ་གསུམ་གང་ཞེ་ན། འདི་ལྟ་སྟེ། བློའི་རྩ་བ་དང་། གྲོས་ཀྱི་རྩ་བ་དང་། ཐབས་ཀྱི་རྩ་བའོ། །ལང་ཀའི་བདག་པོ་དེ་ལ་བློའི་རྩ་བ་ནི་འདི་ལྟར་ཇི་བཞིན་པའི་དེ་བཞིན་ཉིད་དུ་མི་རྟོག་རྣམ་པར་མི་རྟོག་ལྷན་ནེ་བའོ། །ལང་

ཀའི་བདག་པོ་གྲོས་ཀྱི་རྩ་བ་ནི་འདི་ལྟར་གང་ཐམས་ཅད་ནས་ཐམས་ཅད་དུ་མ་འདྲེས་པ་ལ་མ་རྨོངས་པ་ཉིད་ས་ལེ་བའོ། །ལང་ཀའི་བདག་པོ་ཐབས་ཀྱི་རྩ་བ་ནི་འདི་ལྟར་གང་ཡོངས་སུ་རྫོགས་པ་ལ་རྣམ་པར་དག་པ་ཉིད་དོ། །ལང་ཀའི་བདག་པོ་དེ་དག་ནི་རྩ་བ་སྟེ། རྩ་བ་

གསུམ་པོ་འདི་དག་ནི་འབྱེད་པའི་ལྡེ་མིག་ཅེས་བྱ་སྟེ། གང་སྤྱོད་པས་འདྲེན་པའི་སྒོ་གང་ཡིན་པ་དེ་ནི་དེས་འབྱེད་ཅིང་དེ་ཉིད་དུ་གསལ་བར་བྱེད་དོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་བཀོད་པ་རྣམ་པར་འགྲེལ་པའི་ལེའུ་སྟེ་བཞི་བཅུ་

เล่ม ๙๗ · หน้า 210b

ལྔ་བའོ།། །།དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་ལ་སྒོ་གཉིས་ཀྱི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་གང་སྒོ་གཉིས་འབྱེད་ཅིང་། རྣམ་པར་འགྲེལ་པ་ཇི་ལྟར་འབྱེད་

པ་ལགས། སྨྲས་པ། ལང་ཀའི་བདག་པོ་སྒོ་གཉིས་ནི་འདི་ལྟར་འདི་ཡང་ལྡེ་མིག་གསུམ་གྱིས་རྣམ་པར་འབྱེད་ཅིང་གསལ་བར་བྱེད་པ་སྟེ། ཐུན་མོང་གི་ཡན་ལག་དང་མདོ་དང་རྩ་བའོ། །གང་འདི་ལྟར་ཡན་ལག་དྲུག་ནི་འདི་ལྟ་སྟེ། བྱ་བའི་ཡན་ལག་

དང་། ཐབས་ཀྱི་ཡན་ལག་དང་། སྦྱོར་བའི་ཡན་ལག་དང་། སྤྱོད་པའི་ཡན་ལག་དང་། རིག་པའི་ཡན་ལག་དང་། རྫོགས་པའི་ཡན་ལག་གོ །ལང་ཀའི་བདག་པོ་ཡན་ལག་དྲུག་པོ་འདི་དག་ཀྱང་གཅིག་ཏུ་ཡན་ལག་བཅུ་གཉིས་ཀྱིས་ཡོངས་སུ་

རྫོགས་ཤིང་ཡན་ལག་དྲུག་གིས་གསལ་བར་འགྲེལ་པ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། སྒོའི་ཡན་ལག་དང་། དམ་པའི་ཡན་ལག་དང་། ངེས་པའི་ཡན་ལག་དང་། བསམ་པའི་ཡན་ལག་དང་། དམིགས་པའི་ཡན་ལག་དང་། བཟླས་པའི་ཡན་

ལག་དང་། སྦྱོར་བའི་ཡན་ལག་དང་། སྤྱོད་པའི་ཡན་ལག་དང་། ཐོབ་པའི་ཡན་ལག་དང་། གནས་པའི་ཡན་ལག་དང་། སའི་ཡན་ལག་དང་། ལྟ་བའི་ཡན་ལག་གོ། །ལང་ཀའི་བདག་པོ་དྲུག་གང་ཞེ་ན། འདི་ལྟ་སྟེ། རྒྱུའི་ཡན་ལག་དང་། རྩ་བའི་

ཡན་ལག་དང་། འབྲེལ་བའི་ཡན་ལག་དང་། འདྲེན་པའི་ཡན་ལག་དང་། ངེས་པའི་ཡན་ལག་དང་། སྦྱོར་བའི་ཡན་ལག་གོ། །ལང་ཀའི་བདག་པོ་འདི་དག་ནི་གང་ཐམས་ཅད་ནས་ཐམས་ཅད་དུ་ཐུན་མོང་དུ་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་དག་ནི་

ཡན་ལག་སྟེ། གང་སྒོ་དེ་དག་དེ་དག་གིས་འབྱེད་ཅིང་གསལ་བར་འགྲེལ་བར་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་མདོ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བ་མེད་པ་དང་། མཉམ་པ་ཉིད་དང་། ཇི་བཞིན་པ་དང་། བཙལ་བ་མེད་པར་ལུང་སྟོན་པའོ། །ལང་

เล่ม ๙๗ · หน้า 211a

ཀའི་བདག་པོ་དེ་དག་ནི་གཞན་གྱི་སྐྱེ་བ་མེད་པ་དང་། མཉམ་པ་ཉིད་དང་། ཇི་བཞིན་པ་དང་། བཙལ་བ་མེད་པ་དང་། མ་འདྲེས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ། །ལང་ཀའི་བདག་པོ་དེ་ལ་རྩ་བ་གང་ཞེ་ན། འདི་ལྟ་སྟེ། དེ་ཁོ་ན་ཉིད་གང་ཡིན་པ་

དང་། དམ་པར་ངེས་པ་དང་། ཡོངས་སུ་ཟིན་པའོ། །ལང་ཀའི་བདག་པོ་དེ་དག་ནི་རྩ་བ་སྟེ། དེས་སྒོ་དེ་དག་གི་ཇི་ལྟ་བ་ངེས་པར་འབྱིན་པར་ཤེས་པར་བྱའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་བསྡུ་བ་རྣམ་པར་འགྲེལ་པའི་ལེའུ་སྟེ་

བཞི་བཅུ་དྲུག་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ལང་ཀའི་བདག་པོ་དེ་དག་ལས་ཁྱད་པར་དུ་ངེས་པའི་གསང་སྒོ་ལྡེ་མིག་གསུམ་གྱིས་འབྱེད་པ་ཡང་འདི་ལྟ་སྟེ། དམ་པ་རྣམས་ཀྱི་གསང་བའི་སྒོ། །ཡན་

ལག་མདོ་དང་རྩ་བ་ཡི། །འབྱེད་འགྲོལ་ངེས་པར་འབྱིན་པ་ཡིས། །དེ་ཉིད་ངེས་པར་མཐོང་བའོ། །འབྱེད་པ་རྒྱུ་དང་རྩ་བ་དང་། །འབྲེལ་པའི་ཚིག་དང་ངེས་པ་དང་། །སྦྱོར་བས་ཡན་ལག་རྫོགས་པ་ཡིན། །བརྗོད་འབྱུང་ཀུན་ལ་ངེས་པར་འགྲོ། །རྒྱུ་བཞི་གང་བྱུང་

ཆེད་ཕྱིར་ན། །རྒྱུ་ཡི་ངོ་བོ་བྱིན་གྱིས་བརླབས། །ལུང་བསྟན་ཉིད་དུ་ངེས་པར་སྣང་། །རྩ་བའི་ཡན་ལག་གང་དག་གིས། །མདུན་བསུ་གུས་དང་དྲི་བ་དྲིས། །སྐབས་ལས་གླེང་དུ་ལངས་པའོ། །འབྲེལ་པ་ཡན་ལག་རྣམ་པ་བཞི། །རྗོད་དང་བརྗོད་བྱ་འབྲེལ་དགོངས་

ལས། །ཐ་མ་གཉིས་བཞིར་འདྲེན་པའོ། །འདྲེན་པ་གང་འདིར་རྣམ་པ་བཅུ། །ལྟ་ཉིད་དེ་བཞིན་སྒོ་འབྱེད་དང་། །སྤྱིར་སྡུད་པ་དང་འབྱོར་པར་འདྲེན། །རང་རྐྱེན་ལྡེམ་དགོངས་གལ་པོ་ཉིད། །མ་བཅོས་དེ་ཉིད་མཚོན་པའི་དཔེ། །ཆོ་རོལ་སྣྲེལ་ཞི་རྣམ་པ་བཅུ། །

མེ་ལོང་བཅུ་དང་རྣམ་སྦྱོར་བས། །སྒྲོན་མས་མུན་པའི་རྫས་ཚོལ་སྦྱར། །ངེས་པ་བཞི་བཞི་བཞིར་སྦྱར་བས། །བཅུ་གཉིས་ཡན་ལག་བཞིར་ཀུན་སྣང་། །སྦྱོར་བ་བཞི་པ་ལྔ་གཉིས་བཞི། །ཡན་ལག་ལྔར་སྣང་དེ་སྦྱར་ལྔ། །རྟོག་འཇུག་དྲུག་ཅུ་གཅིག་ཐབས་དང་། །

เล่ม ๙๗ · หน้า 211b

ཡན་ལག་དྲུག་ཏུ་རྫོགས་པའོ། །ལང་ཀའི་བདག་པོ་གང་འདིར་ཡན་ལག་དྲུག་ནི་འདི་ལྟ་སྟེ། རྒྱུའི་ཡན་ལག་དང་། རྩ་བའི་ཡན་ལག་དང་། འབྲེལ་པའི་ཡན་ལག་དང་། འདྲེན་པའི་ཡན་ལག་དང་། ངེས་པའི་ཡན་ལག་དང་། སྦྱོར་བའི་ཡན་ལག་གོ། །ལང་ཀའི་

བདག་པོ་དེ་ལ་རྒྱུའི་ཡན་ལག་ནི་གང་འབྱུང་བའི་རྒྱུར་གྱུར་པ་སྟེ། འདི་ལྟ་སྟེ། ཡོངས་སུ་རྫོགས་པ་དྲུག་གོ། །ལང་ཀའི་བདག་པོ་དེ་ཡང་འདི་ལྟར་འདི་སྐད་བདག་གིས་ཐོས་པ་ཁོ་ན་ཉིད་ངེས་པར་སྣང་བའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་ཐུགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཐ་སྙད་དང་བྲལ་བ། བླ་དགས་ཐམས་ཅད་ལས་འདས་པ། ནམ་མཁའ་ཆེན་པོ་ཀུན་ལ་ཁྱབ་པའི་བདག་ཉིད་མངོན་སུམ་མི་གནས་མཚོན་དུ་མེད་པ་ཡོངས་སུ་རྫོགས་པའི་

རྒྱལ་པོ་དེས་ཡོངས་སུ་ཁྱབ་པའི་གནས་རྫོགས་པའི་སྤྱིར་ཆིབ་ཅེས་བྱ་བ་ནམ་མཁའི་དབྱིངས་བདེ་བ་ཆེན་པོའི་ངང་། ཐམས་ཅད་སངས་རྒྱས་པ་མཁྱེན་པར་དགོད་པ། ཀུན་གཞི་ཆོས་ཀྱི་ཕོ་བྲང་ཡེ་འབྱམ་རྨད་དུ་གྲགས་པ། རྒྱ་ཕྱོགས་སུ་ཡོངས་སུ་མ་ཆད་པ། ཆོས་

ཉིད་ཀྱི་ནམ་མཁའ་བརྗོད་དུ་མེད་པ་ལ་ཡེ་ཤེས་ཀྱི་ཉི་མ་དཔག་ཏུ་མེད་པར་ཤར་བ། མཐའ་དང་དབུས་མེད་ཅིང་ཀུན་དུ་རྒྱ་མཉམ་པ་བདལ་ཁྱབ་ཆེན་པོ་ཞེས་བྱ་བའི་ཞིང་ཁམས་ན། གང་དུ་ཡང་མི་གནས་པ་ཆེན་པོ། གང་ལ་ཡང་མི་ཆགས་ཆགས་པའི་བདག་

ཉིད། ཅི་ལ་ཡང་མི་མཛད་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ། མི་སྐྱེ་མི་འགག་རྣམ་གྲོལ་རྣམ་དག །དངོས་པོར་མ་ཡིན་ནམ་མཁའི་རང་བཞིན། མ་བཅོས་མ་བྱས་ཡེ་ནས་ཇི་བཞིན། འཁོར་བ་མི་སྤོང་ཡེ་བདལ་ཁྱབ་པ། དུག་གསུམ་མི་སྤོང་སྨན་པ་ཆེན་

པོ། ཅིར་ཡང་མི་དམིགས་དམིགས་པ་ཀུན་འབྱུང་། ཚིག་གི་ལམ་ཆད་བརྗོད་པ་ཀུན་འབྱུང་། གང་དང་མ་འདྲེས་གཅིག་ཏུ་ཡོངས་སུ་རྫོགས་པ། ཀུན་ནས་ཀུན་དུ་ངང་བཟང་པོ་མི་ནུབ་པའི་ཏོག་ཆེན་པོར་ཡེ་ཤེས་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་དང་།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด