དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཛྙཱན་གུ་ཧྱ་ཨརྠ་གཪྦྷ་བྱཱུ་ཧ་བཛྲ་ཏནྟྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙๗ · หน้า 212a
འདུ་འབྲལ་མེད་པར་ཀུན་དུ་འུབ་ཆུབ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་བཞུགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཚིག་འདི་སྐད་མཐུན་འཇུག་ཐབས་སུ་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་
འདས་གསང་བ་མཆོག་གི་བདག་པོ་དེ་བླང་དོར་མི་མངའ་བྱིན་གྱིས་བརླབས་ཀྱི་དབང་ཕྱུག །འདོད་པ་ཀུན་འབྱུང་མི་ཟད་མཛོད་ཀྱི་བཀོད་པ། ཆེ་བ་ཀུན་སྤྱོད་དམ་པར་རོལ་པའི་གཟི་བརྗིད་དང་། བརླབས་སུ་གཅོད་པའི་སྤྱོད་པ་ཆེན་པོས་སྐྱོད་པ་དེ་རྨད་དུ་བྱུང་
དོན་འདི་ཉིད་གླེང་བའི་གནས། ཚོགས་ཆེན་རྫོགས་པའི་གཞི། རྩལ་ཆེན་རྫོགས་པའི་ས། བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་ན་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་མཐའ་དང་དབུས་མེད་ཅིང་རྩེ་མོ་ཀུན་དུ་རྒྱ་མཉམ་
པ། རིན་པོ་ཆེའི་རྒྱལ་བོས་རྣམ་པར་བརྒྱན་པ། མུ་ཏིག་གི་ལྕང་ལོ་དང་། ཆུན་འཕྱང་དང་། ལྡ་ལྡིས་མཛེས་པ། རྩིབས་ཀུན་དུ་ཉི་མ་དང་ཟླ་བ་རངས་པ་དང་། མ་རངས་པ་འཕྱོ་བས་གསལ་བཏབ་ཅིང་འཕྲ་བཀོད་པ། སྐར་མ་དང་ཤིན་ཏུ་སྐར་མ་དག་
གིས་གཟེར་སྤྲས་པ། རིན་པོ་ཆེའི་ཀ་བ་བརྒྱད་ཟུག་པ། ཉི་མ་དང་ཟླ་བས་བརྒྱན་པ། རིན་པོ་ཆེའི་ཀ་རྒྱན་ལས། རིན་པོ་ཆེའི་གཙར་དང་འོད་ཟེར་ཀུན་དུ་འཕྲོ་བ། གདུང་ཆེན་པོ་བརྒྱད་རེའུ་རེས་བྲེས་པ། ཆོས་ཉིད་ཀྱི་བླ་རེ་ལ་རྡོ་རྗེའི་ཤར་བུ་བྱུང་བ། རྫུ་
འཕྲུལ་གྱི་སྤྲིན་ཕུང་གཏིབས་པ། བྱང་ཆུབ་ཀྱི་ཆར་མངོན་པར་འབབ་པ། ཉོན་མོངས་པའི་གདུང་བ་སངས་པར་གྱུར་པ། ཡེ་ཤེས་ཀྱི་མྱུ་གུ་མངོན་པར་བསྐྱེད་པ་དང་། ཆོས་ཉིད་སྒྲ་མངོན་པར་སྒྲོགས་པ་ལས་ཀུན་གཞི་ཡེ་འབྱམ་རྨད་དུ་གྲགས་པའི་གླེང་
སློང་བ། ཚིག་གི་བརྗོད་པ་དང་བྲལ་ཞིང་བཞིན་དང་མེ་ལོང་གི་ཚུལ་ལྟར་སྣང་བ། གཞལ་ཡས་ཁང་རྡོ་རྗེ་མངོན་པར་དགའ་བ། རྡོ་རྗེས་རྣམ་པར་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། གསེར་གྱི་ས་གཞི་བདལ་བ། མེ་ལོང་ངམ། ཆུ་ཤེལ་ལམ། ཆུ་
เล่ม ๙๗ · หน้า 212b
དང་བའམ། གསེར་ཤིན་ཏུ་སྦྱངས་པ་ལྟར་མཉམ་ཞིང་སྙོམས་ལ་གསལ་ཞིང་འཚེར་བ་ལས་གཟུགས་བརྙན་བྱུང་བ། ནེམ་པ། འཕར་བ། འཇམ་པ། དག་པ། དང་བ། ལྡེམ་པ། མཉེན་པ། འབར་བ། འཕྲོ་བ། རྟོག་པ་མེད་པ། རིན་པོ་ཆེ་སྣ་ཚོགས་
ཀྱི་འོད་རང་བཞིན་གྱིས་བྱུང་ཞིང་ཟེར་ཀུན་དུ་འཕྲོ་བས། ཕྱི་ནང་གི་མུན་པ་ཡོངས་སུ་སེལ་བ། དབུ་རྩེ་འཁོར་ལོ་རྩིབས་བཞིར་འབར་བ། རྡོ་རྗེས་ཀུན་དུ་སྨྲས་པ། སྒོ་གསུམ་ཀུན་དུ་གསལ་བ་ལ། བ་ཏི་འོད་ཀྱི་མུ་ཁྱུད་ཡོངས་སུ་མ་ཆད་པ། ཉི་ཟླའི་གའུ་
སུམ་བརྒྱུད་ཟུང་སྒྲིལ་དུ་འབར་བ། ཐེམ་སྐས་དང་རྟ་བབས་ཀྱིས་བརྒྱན་པ། གྲུ་ཆད་བཞིས་བརྒྱན་པ། བར་ཁྱམས་ཀྱིས་མཛེས་པ། ཧ་ར་དང་། ཧ་ར་ཆེན་པོས་བརྒྱན་པ། ཏྭ་ར་ན་ཡིས་བཟུང་བ། ཕྲེང་བས་མཛེས་པ། དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་
པ། ཟ་ར་ཚགས་ཀྱིས་བཀླུབས་པ། རྡོ་རྗེ་རིན་པོ་ཆེ་འབར་བས་ཀུན་དུ་མདངས་ཕྱུང་བ། དྲིལ་བུ་གཡེར་ཀ་ལས་ཐེག་པ་ཆེན་པོ་ཆོས་ཀྱི་སྒྲ་སྒྲོགས་པ། ཆོས་ཀྱི་སྐུའི་གཟུགས་བརྙན་འབྱུང་བ། གཞི་ཡོངས་སུ་མཛེས་པའི་རྒྱན་རྡོ་རྗེ་མུ་ཁྱུད་མ་ཆད་པས་རྡོ་རྗེ་འགྲེང་བུ་
དང་དྲ་བས་བརྒྱན་པ། ཏ་ལའི་ཤིང་ལྗོན་པ་སྐྱེས་པ་ལ་གསེར་གྱི་ཙོང་ཙོང་བྲེས་པ། རིན་པོ་ཆེའི་ཕྲ་མིག་གིས་སྤྲས་པ། བདུད་རྩིའི་ཆུ་རྒྱུན་འབབ་པ། ཕྱི་དང་ནང་མེད་ཀུན་ཡང་ནང་དུ་གྱུར་པ་ན། གར་ཡང་མ་འགགས་སྣང་བ་ཆེན་པོ། ཅི་ཡང་མ་གསུངས་རྒྱ་
ཆེར་བཤད་པ། གང་ལ་ཡང་མི་དགོངས་ཏིང་ངེ་འཛིན་ཆེན་པོ་མངའ་ཐང་ཡོངས་སུ་རྫོགས་པའི་རྒྱལ་པོ་དེ་རྫོགས་ལོངས་སྤྱོད་པའི་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་མི་བསྐྱོད་པ་ལ་སོགས་
པ་རྡོ་རྗེ་གདུང་དང་། སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་བཏང་སྙོམས་ཆེན་པོ་ལ་སོགས་པ་ནོར་བུའི་གདུང་དང་སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་མཚན་མ་མེད་པ་ལ་སོགས་པ་
เล่ม ๙๗ · หน้า 213a
པདྨའི་གདུང་དང་སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་སེམས་དཔའ་ཆེན་པོ་ལ་སོགས་པ་གཞོན་ནུའི་གདུང་དང་སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་རྣམ་མི་རིག་ལ་
སོགས་པ་གླང་པོའི་གདུང་དང་སྡེའི་སངས་རྒྱས་ཐམས་ཅད་ཀུན་ཀྱང་ཐབས་སྤྲིན་ཕུང་ལྟ་བུ་དང་། ཤེས་རབ་ནམ་མཁའ་ལྟ་བུར་འབྲེལ་བ་ཤ་དག་དང་། གཙོ་བོ་དང་འཁོར་གྱི་ཚུལ་དུ་རྫོགས་ལོངས་སྤྱོད་པར་བཞུགས་སོ། །རྒྱ་ཆེར་བརྗོད་པ་ལྡེམ་དགོངས་སྦྱོར་བའི་ཚིག་འདི་སྐད་
དུ་བཀྲི་བའི་ཐབས་སུ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྣང་བའི་རྒྱལ་པོ་རྣམས་ནི་བྱ་བ་རྫོགས་པའི་གནས་བསོད་ནམས་གཏེར་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གནས་ཇི་བཞིན་པ་མོས་པ་ཅན་ཞེས་བྱ་བའི་
ཞིང་ཁམས་ན། འཁོར་བ་འདྲེན་པའི་སངས་རྒྱས་དང་། སྣང་སྲིད་སྟོན་པའི་སྒྲོན་མ། གདུལ་བ་སེལ་བའི་སེམས་དཔའ། འགྲོ་དོན་མཛད་པའི་འཕགས་པ། ཐབས་མཁས་ཐུགས་རྗེའི་སྤྲུལ་པ། འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས་ཐུགས་རྗེ་རྟག་པའི་
བདག་ཉིད་ཆེན་པོར་སྤྲུལ་པ་དེ་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བདག་དང་། སྟོན་པ་དང་ཉན་པའི་ཚུལ་དུ་རྣམ་པར་བཤད་པ་ཆེན་པོར་བཞུགས་ཏེ། ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་སྣང་བར་སྟོན་འདོད་པ་རང་རྐྱེན་གྱི་ཚིག་འདི་སྐད་དུ་མ་བཀག་
ཆོས་ཉིད་དུ་དགོངས་པ་རང་སྣང་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་སྐུ་བདེ་བ་ཆེན་པོ་དེ་ཆོ་འཕྲུལ་ཡོངས་སུ་རྫོགས་པའི་གནས། གཙུག་ཏོར་འཁོར་ལོས་སྒྱུར་བའི་ཁྱད་པར་ཟབ་མོ་གསང་བ་མཆོག་གི་དགྱེས་པ་ཡུམ་གྱི་ལྷུམས་
པདྨའི་སྙིང་པོ་རྒྱལ་བ་ཀུན་གྱི་སྐྲུན་པའི་ཕོ་བྲང་། གང་གི་དོན་ལ་གཤེགས་པའི་ཤུལ་སྲིད་པ་གསུམ་གྱི་སེམས་ཅན་སྨིན་པར་བྱེད་པའི་གཞི། ཆགས་པའི་རྟེན་འབྱུང་བའི་གནས། འགྲོ་བའི་ལམ་དུ་གྱུར་པ་དེ་དང་ཆ་མཐུན་དུ་བསྟན་པ་པདྨོ་ཅན་ཞེས་བྱ་བར་
เล่ม ๙๗ · หน้า 213b
གྲགས་པའི་ཞིང་ཁམས་ན། ཐུན་མོང་མ་གྱུར་གསང་བའི་སྐུ་སྟེ། གསང་བའི་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་འདི་ལྟ་སྟེ། གསང་བའི་སེམས་དཔའ་ཆེན་པོ་རྡོ་རྗེ་མྱུར་བ་དང་། རྡོ་རྗེ་ཆེན་པོ་མགྱོགས་པ་དང་། རྡོ་རྗེ་ཆེན་པོ་རྣོན་པོ་དང་།
རྡོ་རྗེ་ཆེན་པོ་འབྱུང་བ་དང་། རྡོ་རྗེ་ཆེན་པོ་འབྱེད་པ་དང་། རྡོ་རྗེ་ཆེན་པོ་ཆེ་བ་དང་། རྡོ་རྗེ་ཆེན་པོ་ཡངས་པ་དང་། རྡོ་རྗེ་ཆེན་པོ་ཟབ་པ་དང་། རྡོ་རྗེ་ཆེན་པོ་བརྟན་པ་དང་། རྡོ་རྗེ་ཆེན་པོ་སྣ་ཚོགས་ལ་སོགས་པ་ཤིན་ཏུ་གསང་བའི་འཁོར་འབྱུང་འཇུག་དང་
བཅས་ཏེ། གང་ཐེ་ཚོམ་གཅོད་པ་དང་། ཆོད་པ་དང་། ཞུ་བར་སྡོག་པའི་ཚུལ་དུ་བཞུགས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ལ་ཡང་སྐུའི་བྱེ་བྲག་འདི་ལྟར་སྣང་ཞིང་ཐ་དད་དུ་སྣང་བ་ཡང་མེད་དོ། །གཅིག་དང་ཐ་དད་པའི་ངོ་བོ་ལས་
ཀྱང་གྲོལ་ལ། ལྷན་ནེ་ལྷང་ངེ་ལྷམ་མེ་ལྷག་གེར་ཀུན་ནས་ཀུན་དུ་སྣང་ངོ་། །དེའི་ཚེ་དེའི་དུས་ན་མི་ཆེན་པོའི་སྤྱོད་ཡུལ་ཐབས་ཀྱི་ཐེག་པ་ཆེན་པོའི་གསང་བའི་སྙིང་པོ་འདི་སྐུ་བཞི་རྣམ་པར་སྣང་བ་ལ་ཐོས་པ་ཕྱིན་ཅི་མ་ལོག་པའི་དོན་རྒྱལ་བའི་སྲས་དག་ལ་དེ་
ཁོ་ན་ཉིད་ལྟར་བགྲོ་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་དགོངས་པ་མཉམ་པ་ཉིད་ལ་ཤར་བར་མཁྱེན་ནས་སྐུ་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་སོ། །གསུང་མཉམ་པ་ཉིད་མི་དམིགས་པ་ཞེས་
བྱ་བའི་ངང་ལ་རྣམ་པར་བཞུགས་སོ། །ཐུགས་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་ཏེ། འཇུག་པའམ། ལྡོག་པའམ། རྣམ་པར་ལྡོག་པ་མི་དམིགས་སོ། །ལང་ཀའི་བདག་པོ་གཉིས་ནི་གང་བྱུང་བརྗོད་པ་གཉིས་ཉིད་དོ། །ལང་ཀའི་
བདག་པོ་དེ་དག་ནི་རྒྱུའི་ཡན་ལག་ཅེས་བྱའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གླེང་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །།ལང་ཀའི་བདག་པོ་རྩ་བའི་ཡན་ལག་གང་ཞེ་ན། འདི་ལྟ་སྟེ།
เล่ม ๙๗ · หน้า 214a
བརྗོད་པ་འབྱུང་བའི་རྩ་བ་གང་གིས་གང་གླེང་བསླང་བ་གང་ཡིན་པ་ལ་བྱ་སྟེ། འདི་ལྟར་དེ་ནས་དེ་བཞིན་གཤེགས་པ་དེ་དག་དབྱིངས་ཀྱི་ངང་ལས་མི་གཡོ་བར་མནལ་བཞིན་དུ་སངས་རྒྱས་ཀུན་གྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་པ་ཉིད་ཀྱི་
ངང་ལས་བསྐུལ་བ་ཆེན་པོའི་སྒྲ་འདི་བྱུང་ངོ་། །ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །
ཞེས་སྒྲ་བྱུང་བ་ལས། བཅོམ་ལྡན་འདས་དེ་དག་གི་ཆོས་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་ཤར་བར་མཁྱེན་ནས་སྟོང་པ་ཉིད་ཀྱི་ངང་ལས་ཉི་མ་རྡོ་རྗེ་བྱུང་སྟེ། དཔེར་ན་ནམ་མཁའ་དང་བ་ལས། ཉི་མའི་སྙིང་པོ་ཤར་བ་ལྟ་བུའོ། །དེ་ནས་ཉི་མའི་སྙིང་པོ་དེ་ལས་འོད་ཟེར་
བྱེ་བ་མང་པོ་བཀྱེ་བས་དཔེར་ན་ཉི་མ་སྟོང་ལས་འོད་ཟེར་བྱེ་བ་བཀྱེ་བ་ལྟ་བུའོ། །འོད་ཟེར་དེ་དག་ལས་ཐུགས་རྗེ་བྱང་ཆུབ་སེམས་ཀྱི་སྤྲིན་མངོན་པར་འཁྲིགས་ཏེ། རོལ་པའི་ཆར་མངོན་པར་བབ་པས་རོལ་པ་སྣ་ཚོགས་ཀྱི་འབྲུག་དང་། རོལ་པ་སྣ་ཚོགས་ཀྱི་གློག་དང་།
རོལ་པ་སྣ་ཚོགས་ཀྱི་མཆོད་པ་དང་། རོལ་པ་སྣ་ཚོགས་ཀྱི་གླུ་དང་། རོལ་པ་སྣ་ཚོགས་ཀྱི་གར་དང་། རོལ་པ་སྣ་ཚོགས་ཀྱི་རྔ་དང་། དུང་དང་། ཀེ་ར་གོ་དང་། གླིང་བུ་དང་། རོལ་པ་སྣ་ཚོགས་ཀྱི་རྒྱན་དང་། རོལ་པ་སྣ་ཚོགས་ཀྱི་མཉེས་པ་དང་། རོལ་པ་སྣ་
ཚོགས་ཀྱི་ཤེས་རབ་དང་། རོལ་པ་སྣ་ཚོགས་ཀྱི་ཡེ་ཤེས་དང་། རོལ་པ་སྣ་ཚོགས་ཀྱི་ཏིང་ངེ་འཛིན་དང་། རོལ་པ་སྣ་ཚོགས་ཀྱི་བདེ་བ་དང་། རོལ་པ་སྣ་ཚོགས་ཀྱི་ཚོར་བ་དང་། རོལ་པ་སྣ་ཚོགས་ཀྱི་དགའ་བ་ཆེན་པོ་དང་། རོལ་པ་སྣ་ཚོགས་ཀྱི་བཙུན་མོ་སྟོང་པ་
ཆེན་པོ་དེ་བཞིན་ཉིད་ལ་རྣམ་པར་འཇུག་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྟོང་པ་ཉིད་ཀྱི་ངང་དེ་ལས་ཆོས་ཉིད་དེ་བཞིན་ཉིད་ཀྱི་སྒྲ་འདི་བྱུང་ངོ་། །ཚོགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ། །ལོངས་སྤྱོད་རྫོགས་མཛད་
เล่ม ๙๗ · หน้า 214b
རོལ་པ་ཆེན་པོའི་སྐུ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཐབས་ཀྱི་རོལ་པས་བདེ་ཆེན་དབྱིངས་ནས་བཞེངས། །ཞེས་སྒྲ་དེས་བསྐུལ་བས་བདེ་བ་ཆེན་པོའི་ངང་དེ་ལས་ཆོ་འཕྲུལ་ཆེན་པོའི་རྣམ་པར་བཞེངས་ཏེ། རྣམ་པར་འཕྲུལ་པ་དང་།
རྣམ་པར་འཁྱིལ་བ་དང་། རྣམ་པར་འགྱིང་བ་དང་། རྣམ་པར་བརྗིད་པ་དང་། གར་གྱི་ཕྱག་རྒྱ་ཆེན་པོ་དང་། རྣམ་པར་བཞད་པ་སྣ་ཚོགས་པ་དང་། ཐུགས་རྗེའི་འཕྲོ་འདུ་དང་། ཡོན་ཏན་གྱི་ཁྱད་པར་དང་། འོད་ཟེར་གྱི་འབར་འཕྲོ་ལ་སོགས་པ་སྤྲུལ་པ་
གློག་གི་ཕྲེང་བས་ནམ་མཁའ་ཐམས་ཅད་ཀུན་དུ་ཁྱབ་པར་མཛད་དེ། ཐམས་ཅད་ནས་ཐམས་ཅད་དུ་མཚན་མ་དང་། རྣམ་པ་དང་། ཡོད་པ་དང་། མེད་པ་ལ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ཀྱི་ངང་གིས་ཡོངས་སུ་ཁྱབ་སྟེ། རང་བཞིན་གསང་བ་ཉིད་
དོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྟོང་པ་ཆེན་པོ་དེ་ཁོ་ན་ཉིད་ལས་བསྐུལ་བ་ཐ་མའི་སྒྲ་འདི་བྱུང་ངོ་། །ཡེ་ཤེས་སྒྱུ་མས་རྣམ་པར་རོལ་པའི་སྐུ། །ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་
བའི་གནས། །བདེར་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། ཞེས་བསྐུལ་བས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་རྡོ་རྗེ་རོལ་པ་དེ་ཁོ་ན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཅི་ཡང་མི་གསུང་བར་
བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་གྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་ལས་རྣམ་པར་བསྐུལ་བ་ཆེན་པོའི་སྒྲ་བྱུང་བ་དེ་དག་ལས་འཁོར་ཤིན་ཏུ་མང་པོ་རྣམས་ངོ་མཚར་དུ་གྱུར། རྨད་དུ་གྱུར་ཏེ། དེ་དག་ཐམས་ཅད་མགྲིན་
གཅིག་ཏུ་རྡོ་རྗེ་རོལ་པ་དེ་ཁོ་ན་ཉིད་ལས་གླུ་འདིས་གསོལ་བ་བཏབ་བོ། །ཨེ་མའོ་ཡིད་བཞིན་སྐུ་མཆོག་ནམ་མཁའ་ལྟ་བུ་ལས། །ཁྱབ་པའི་བྱིན་བརླབས་རྡོ་རྗེ་གར་མཛད་ཅིང་། །གཟི་བརྗིད་སྤྲིན་ཕུང་རོལ་པས་བསྒྱིངས་པའི་སྐུ། །ཐོགས་མེད་རྡོ་རྗེ་རོལ་
เล่ม ๙๗ · หน้า 215a
པའི་ཆོ་འཕྲུལ་སྟོན། །ཨེ་མའོ་ཡིད་བཞིན་གསུང་མཆོག་སྒྲ་བརྙན་ལྟ་བུ་ལས། །སྙན་པའི་བྱིན་བརླབས་རྡོ་རྗེ་བརྗོད་མཛད་ཅིང་། །ཡན་ལག་རྒྱ་མཚོ་མི་བཟད་བཀོད་པའི་གསུང་། །སེང་གེ་སྒྲ་ཡིས་གསང་སྔགས་རྒྱ་མཚོ་སྟོན། །ཨེ་མའོ་ཡེ་
ཤེས་སྙིང་པོ་ཉི་མ་ལྟ་བུ་ལས། །འབར་བའི་བྱིན་བརླབས་རྡོ་རྗེ་བདེ་མཛད་ཅིང་། །ཐིག་ལེ་སྤྲོས་བྲལ་རྣམ་པར་མི་རྟོག་ཐུགས། །རྣམ་གྲོལ་དེ་ཉིད་ངེས་པའི་ཆོ་འཕྲུལ་སྟོན། །མི་ཤེས་བླུན་རྨོངས་འདམ་བྱིང་འགྲོ་བ་རྣམས། །སྡུག་བསྔལ་དྲ་བས་བཅིངས་པ་
ཐབས་ཀྱིས་ཁྲོལ། །མ་རིག་མུན་པས་ལོང་བ་དོན་གྱིས་ཕྱེ། །འཁོར་བའི་རྒྱ་མཚོ་རོལ་པའི་གྲུ་ཡིས་སྒྲོལ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཆེན་པོ། །ཡེ་ཤེས་དོན་གྱི་སྙིང་པོ་མཆོག་དང་ལྡན། །རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཀུན་འདུས་ལུང་། །འདུས་པའི་
ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཨ་ཧོ་ཞེས་ངེས་པར་བཏུད་དེ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་རྡོ་རྗེ་རོལ་པ་དེ་ཁོ་ན་ཉིད་ཀྱི་གླུ་དེས་གསོལ་བ་བཏབ་པས་འཁོར་ཐམས་ཅད་ལ་གཟིགས་ཏེ་འཛུམ་པ་མཛད་
པས། ཐུགས་རྣམ་པར་དག་པའི་ཀློང་ནས་རིག་པའི་ཉི་མ་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་འོད་ཟེར་འབྱམ་ཀླས་པ་ཀུན་ནས་ཀུན་དུ་ཁྱབ་པར་མཛད་དོ། །འོད་ཟེར་དེ་དག་རེ་རེ་ལས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྲིན་པོ་ལྟ་བུའི་གཟུགས་སྣ་ཚོགས་འབྱུང་
ངོ་། །དེ་དག་རེ་རེ་ལས་ཀྱང་སངས་རྒྱས་འབུམ་ཕྲག་དཔག་ཏུ་མེད་པ་འཁོར་སོ་སོའི་ཞམ་རིང་དང་བཅས་པ་ཞིང་ཁམས་མཐའ་ཡས་པར་ཁྱབ་ཅིང་སྣང་བར་གྱུར་ཏོ། །དེ་ལས་རིག་པའི་ཉི་མའི་འོད་ནམ་མཁའི་ཁམས་ཁྱབ་པར་བྱུང་བས་མུན་པ་མུན་ནག་སྨག་ཏུ་
གྱུར་པ་ཐམས་ཅད་ཡང་དག་པར་བསལ་ལོ། །རིག་པའི་ཆོས་ཀྱི་འབྲུག་སྒྲ་དང་། ཆོས་ཀྱི་ཆར་དང་། ཆོས་ཀྱི་གླུ་སྣ་ཚོགས་དང་། ཆོས་ཀྱི་གར་སྣ་ཚོགས་དང་། ཆོས་ཀྱི་མཆོད་པ་སྣ་ཚོགས་འབྱུང་སྟེ། འབྱམ་ཀླས་པའི་ནམ་མཁའ་ལ་ཕན་ཚུན་དང་། ཡན་
เล่ม ๙๗ · หน้า 215b
མན་དང་། སྣྲེལ་ཞི་ལ་སོགས་པ་ཐམས་ཅད་དུ་ཁྱབ་པར་ལིང་ལོང་ཕྱེད་པར་བྱུང་ངོ་། །རྨད་དུ་བྱུང་བའི་སྐུ་བསམ་གྱིས་མི་ཁྱབ་པའི་འོད་ཟེར་འབར་འཕྲོ་འཁྲུག་ཅིང་ལིང་ལོང་ཕྱེད་དོ། །རྨད་དུ་བྱུང་བའི་ཐུགས་ཀྱང་ལྷ་ངེའོ། །རྨད་དུ་བྱུང་བའི་གསུང་བསམ་གྱིས་
མི་ཁྱབ་པ་ཡང་ཨ་ཧོ་ཞེས་སྒྲོགས་སོ། །སངས་རྒྱས་དཔག་ཏུ་མེད་པ་ཡང་གསུང་བསམ་གྱིས་མི་ཁྱབ་པའི་སྒྲ་གཅིག་ཏུ་ཨེ་མའོ་རྨད་བྱུང་རོལ་པའི་ཆོས་ཀྱི་དོན་བྱུང་ངོ་ཞེས་སྒྲོགས། འཁོར་འབུམ་ཕྲག་དང་གདུལ་བྱ་སྣ་ཚོགས་སྤྲོ་བའི་ངོ་མཚར་བསྐྱེད། རིག་པའི་
རྩལ་སྦྱངས། དོན་གྱི་ཆེ་བ་ཕྱུང་། ངམ་ཞིང་ངོ་མཚར་བར་གྱུར་ཏེ། ཐམས་ཅད་ཉེ་བར་གནས་སོ། །ཞི་བར་གནས་སོ། །དགའ་བ་དང་ལྡན་པར་གནས་སོ། །དེ་ནས་གསང་བ་མཆོག་གི་བདག་པོ་དེས་འཁོར་རྣམ་པར་སྦྱོང་བ་རྡོ་རྗེ་རྒྱུན་ཞེས་བྱ་བའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་ནས་ཤངས་ཀྱི་ཧཱུྃ་རིངས་ལས། རྡོ་རྗེ་མངོན་པའི་མཐུ་ཅན་འདི་དག་མངོན་པར་བྱུང་ངོ་། །ཧཱུྃ་ཧཱུྃ་ཧཱུྃ་རྡོ་རྗེ་འདུས་པར་འདུས་པ་ཡི། །ཐེག་ཆེན་དམ་པའི་རིགས་ཅན་རྣམས། །བླ་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་གསང་བའི་གྲལ་བཀོད་
དེ། །རིགས་མ་ཡིན་པ་རིགས་མེད་འགྱུར། །རིགས་ཅན་རྣམས་ཀྱི་དམ་ཚིག་ནི། །རིགས་མེད་རྣམས་ལ་འབབ་མི་འགྱུར། །དེ་ལས་འདས་ན་དེ་རླག་བྱེད། །ཧཱུྃ་ཀྲོ་དྷ་ཛྭ་ལ་ས་མ་ཡ། རཀྵ་ཤྐ་ཛྭ་ལ་ས་མ་ཡ། ཡཀྵ་ཛྭ་ལ་ས་མ་ཡ། ཙིཏྟ་ཛྭ་ལ་ས་མ་ཡ།
ཞེས་སྒྲ་ཕྱུང་བས་ཞལ་ལྗགས་ཀྱི་དབང་པོའི་འོད་ཕུང་ལས་ཁྲོ་བོ་འོད་ཀྱི་ཕྲེང་བ་འབར་བ་དང་། སྲིན་པོ་འོད་ཀྱི་ཕྲེང་བ་འཕྲོ་བ་དང་། གནོད་སྦྱིན་འོད་ཀྱི་ཕྲེང་བ་འཁྲུགས་པ་དང་། ཟ་བྱེད་འོད་ཀྱི་ཕྲེང་བ་ཚུབ་མ་བརྒྱུད་མར་འབྱུང་བས་རུ་ཏྲ་དང་། བདུད་དང་། སྲིན་པོ་
དང་། གནོད་སྦྱིན་དང་། འཇུག་སྲེད་དང་། སྲེད་མེད་དང་། དབང་ཕྱུག་དང་། སྟོབས་ལྡན་དང་། སྤྲེའུ་དང་། ར་དང་། ལུ་འདེ་དང་། སྦྲང་མ་དང་། བྱ་རོག་དང་། མེ་ཁྱེར་དང་། འཁོར་བ་དང་། ཆུ་དང་། ས་དང་། ནམ་མཁའ་དང་། མེ་དང་། སྒྲ་དང་། རྟོག་
เล่ม ๙๗ · หน้า 216a
དཔྱོད་ལ་སོགས་པ་མཚན་མར་མི་གནས་ཆོས་ཉིད་དུ་ཞི་བར་གྱུར་ཏོ། །དེ་ནས་འོད་ཟེར་དེ་དག་མཁའ་ལ་འཁྱིལ་བ་དང་། འཁོར་མང་པོ་དེ་དག་ཤིན་ཏུ་སྐྲག་སྟེ་གསོལ་བ་བཏབ་པ། ཨེ་མའོ་ཨེ་མ་བདག་ཅག་བཅོམ་ལྡན་འདས་ཀྱིས་སྣོད་དུ་རུང་བར་
བྱིན་གྱིས་བརླབ་ཏུ་གསོལ་ཐེག་པ་ཆེན་པོའི་རིགས་སུ་གཟུང་དུ་གསོལ་ཞེས་གསོལ་བ་བཏབ་པ་ལས། བཅོམ་ལྡན་འདས་ཀྱི་ཞལ་གྱི་མདངས་ཕྱུང་བས་འོད་ཟེར་དེ་དག་ཡེ་ཤེས་ཀྱི་འོད་ཞི་ཞིང་འཁྱིལ་བ་དང་། མཛེས་ཤིང་བདེ་བས་ཐམས་ཅད་རངས་པར་བྱས་ནས་
སྣོད་རྣམ་པར་སྦྱངས་ཏེ། འོད་ཀྱི་གནས་སུ་ཐིམ་པར་གྱུར་ཏོ། །ལང་ཀའི་བདག་པོ་དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ནས་ངེས་པར་བཞེངས་ནས་སེང་གེ་རྣམ་པར་རྒྱལ་བའི་སྒྲ་ལྟ་བུས། དོན་གྱི་བཀོད་
པ། རྟགས་ཀྱི་རོལ་པ། གསང་བའི་ངེས་པ། བཀའི་འགྲེལ་བ། ཆོས་ཀྱི་མེ་ལོང་། གཏན་ཚིགས་ཀྱི་འབྱུང་གནས། དགོངས་པ་ཀུན་འདུས་རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་ཆེན་པོའི་སྒྲ་འདི་བྱུང་ངོ་། ཨོྃ་ཧཱུྃ་མཱུྃ་ཞེས་གསུངས་ནས་ཅང་མི་གསུང་། རབ་ཏུ་མི་
གསུང་། གསུངས་པ་མི་འགོག །འགོག་པ་མ་ཡིན། མ་གསུངས་པ་ཉིད་ན་རྒྱ་ཆེར་བཤད་པའི་ངོ་བོར་བཞུགས་སོ། །ལང་ཀའི་བདག་པོ་དེ་དག་ནི་རྩ་བ་སྦྱོར་བའི་ཡན་ལག་ཅེས་བྱའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྩ་བ་སྦྱོར་བའི་
ཡན་ལག་བསྟན་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །།ལང་ཀའི་བདག་པོ་དེ་ལ་འབྲེལ་པའི་ཡན་ལག་གང་ཞེ་ན། གང་དང་གང་དག་ཏུ་འབྲེལ་བ་སྟེ། དེ་ནི་འདི་ལྟར་ཆེད་དུ་འགྲོ་བ་ཆེད་དུ་བརྗོད་པར་བྱའོ། །ལང་ཀའི་བདག་པོ་ནས་བདག་དེའི་ཚེ་
དེའི་དུས་ན་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔར་གྱུར་པ་ལ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཐེག་པ་ཆེན་པོ་གསང་བའི་དོན་བདག་ཉིད་ཀྱིས་རྒྱ་ཆེར་ཆེད་དུ་རྗོད་ཅིག་པར་དགོངས་པའི་ཕྱིར་བདག་ལ་ཉི་ཚེར་ཞལ་འདུད་པས་གཟིགས་ཏེ། འཛུམ་པས་
เล่ม ๙๗ · หน้า 216b
བསྐུལ་བ་རྣམ་པར་མཛད་དོ། །དེ་ནས་བདག་དམ་ཚིག་ཆེན་པོའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་སྣང་བ་དེས་ཡང་དག་པར་བསྐུལ་བར་རྣམ་པར་རིག་ནས་རང་གི་སྟན་ལས་ལངས་ཏེ་རང་གི་མཚན་མ་གནས་ལྔར་རེག་པར་བྱས་ནས་ཐེག་པ་ཆེན་པོ་དེ་ཁོ་ན་
ཉིད་རྒྱ་ཆེར་བརྗོད་པར་བྱ་བའི་ཆེད་དུ་ལྕེ་པདྨའི་སྟེང་དུ་བཞག་སྟེ། ཤིན་ཏུ་གུས་པས་ལུས་ཀྱི་བག་བཞི་ས་ལ་ཕབ་པའི་ཕྱག་རྣལ་འབྱོར་ལུགས་སུ་བྱས་ནས་སེང་གེའི་ལྟ་སྟངས་ཀྱིས་སྟོན་པའི་ཞལ་དུ་བལྟས་ཏེ། འདི་སྐད་དུ་གསོལ་ཏོ། །རྡོ་རྗེ་རྒྱལ་པོ་ཚོགས་
བདག་དགོངས་སུ་གསོལ། །ཆོས་ཀྱི་རྒྱལ་པོ་མི་གཡོ་རྒྱལ་ཚུལ་མཛད། །རྒྱལ་མཆོག་བདེ་ཆེན་ས་ལ་རབ་བཞུགས་ཏེ། སྨྲ་བའི་ལས་མཆོག་རྡོ་རྗེ་ལྕེ་འབར་བས། །སྒྲ་དབྱངས་རྒྱལ་པོ་རྣམས་ཀྱིས་བདག་བྱིན་རློབས། །གསང་སྔགས་རྒྱལ་པོ་ཆོས་ཀྱི་མེ་
ལོང་འདི། །རྒྱལ་མཆོག་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་མཐུས། །འདུས་པའི་ཚོགས་ལ་རྒྱ་ཆེར་བརྗོད་པར་འོས། །ཨ་ཧོ་ཞེས་གསོལ་བ་བཏབ་པ་ལས། གསང་བ་མཆོག་གི་བདག་པོ་དེས་བདག་རྡོ་རྗེ་ལས་ཀྱི་བཀའ་བར་བསྒོ་བ་དེ་རྡོ་རྗེ་བརྗོད་པ་ཆེན་པོར་བྱིན་གྱིས་
བརླབ་པའི་ཕྱིར་རྡོ་རྗེ་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལྗགས་ཀྱི་འོད་ཟེར་ལས། བཛྲ་ཀརྨ་ས་ཏྭ་ཙ་ཀྲ་ཧ་ཧ་ཧྃ། རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་འབར་བ་སེམས་དཔའ་རྡོ་རྗེ་ཁོ་ན་བདག་དེའི་ལག་ཏུ་བབས་པར་གྱུར་ནས་ལས་ཀྱི་རྡོ་རྗེའི་
དབང་ཐོབ་སྟེ། རྣམ་པར་སྨྲ་བ་ཆེན་པོ་ཤིན་ཏུ་བླ་བཀྱལ་བའི་སྤོབས་པ་ཅན་དུ་བྱིན་གྱིས་བརླབས་ནས་ཀུན་དུ་མི་གཟོ་བ་རབ་ཏུ་བག་དང་ལྡན་པ་ཆེན་པོར་གྱུར་ཏོ། །དེ་ནས་བདག་སེམས་དཔའ་རྡོ་རྗེ་དེས་ལས་ཀྱི་མཚན་མ་དེ་ལག་ཏུ་བླངས་ནས་རྡོ་རྗེ་ཚིག་སྣ་ཚོགས་
ཀྱིས་ལན་ལྔ་སྟེ། རྣམ་པ་བཅུ་གཉིས་སུ་བསྐོར་ནས། གྲངས་གཉིས་དང་ལྔར་བསྒྱུར་བས་ཞིང་ཁམས་མཐའ་རྣམ་པར་དག་པར་གཡོས་ཏེ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །
เล่ม ๙๗ · หน้า 217a
ཀུན་དུ་རབ་ཏུ་ལྡེག །འཁྲུགས་རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས། འུར་རབ་ཏུ་འུར། ཀུན་དུ་རབ་ཏུ་འུར། ཆེམ་རབ་ཏུ་ཆེམ། ཀུན་དུ་རབ་ཏུ་ཆེམ། མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ། ཤར་མཐོ་ན་ནི་
ནུབ་དམའ། ནུབ་མཐོ་ན་ནི་ཤར་དམའ། ལྷོ་མཐོ་ན་ནི་བྱང་དམའ། བྱང་མཐོ་ན་ནི་ལྷོ་དམའ་བར་གྱུར་ཏེ། ཞིང་ཁམས་ཐམས་ཅད་བདག་རྡོ་རྗེ་སེམས་དཔའ་ཤ་དག་ལྟ་བུར་གྱུར་ནས་གསང་སྔགས་ཀྱི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་རྒྱ་ཆེར་བརྗོད་པའི་
སྒྲ་རྣམ་པར་བརྗོད་དོ། །བདག་སེམས་དཔའ་རྡོ་རྗེ་ཉིད་རྣམ་པར་རྔམ་པའི་ཚུལ་གྱིས་སྟོན་པའི་མདུན་ལོགས་སུ་སེང་གེ་རྡོ་རྗེས་མཚོན་པའི་ཁྲི་ལ་འགྱིང་བག་གི་ཚུལ་གྱི་རྣམ་པར་གནས་སོ། །དེ་ནས་འདུས་པའི་ཚོགས་འཁོར་ཕལ་མོ་ཆེ་རྣམས་ཀྱིས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེ་འདི་ནི་འདི་ལྟར་མཐུ་ཆེ་བ། འདི་ལྟར་བྱིན་གྱིས་བརླབས་ཆེ་བ། འདི་ལྟར་རྒྱུ་ཆེ་བ། འདི་ལྟར་མཁས་པ། འདི་ལྟར་གསལ་ཞིང་ཟབ་པ་ནི་བཅོམ་ལྡན་འདས་ཀྱི་ཐུགས་དང་འབྲལ་ཅིང་
ཐུགས་ལས་སྐྱེས་པ། དེ་ཁོ་ན་ཉིད་དང་འབྲེལ་ཅིང་དེ་ཁོ་ན་ཉིད་ལས་སྐྱེས་པ་ལགས་སོ་ཞེས་གསོལ་པས་ཁོ་བོ་ལ་བསྟོད་པ་དང་། ལང་ཀའི་བདག་པོ་བཅོམ་ལྡན་འདས་དེས་དེ་དག་ལ་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་སེམས་དཔའ་རྡོ་རྗེ་འདི་ནི་བྱང་ཆུབ་
ཀྱི་སེམས་ཀྱི་ངོ་བོ། །སྙིང་རྗེ་ཐམས་ཅད་ཀྱི་བདག་པོ། ཐབས་ཐམས་ཅད་ཀྱི་མཆོག །སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། རྣལ་འབྱོར་ཀུན་གྱི་རྣལ་འབྱོར། །མྱ་ངན་ལས་འདས་པ་ཀུན་གྱི་དེད་དཔོན། བདུད་
ཐམས་ཅད་ཀྱི་ཡང་བདུད་ཆེན་པོ། །སངས་རྒྱས་ཐམས་ཅད་ཀྱི་ཡང་གདུལ་དཀའ་འདུལ་བ། ཆོས་ཐམས་ཅད་ཀྱི་མཛོད། གསང་བ་ཐམས་ཅད་ཀྱི་བདག་པོ། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོར་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐོག་མ་དང་ཐ་མ་
เล่ม ๙๗ · หน้า 217b
མེད་པར་མཉམ་པའི་དུས་ཕ་མཐའ་ལས་ཀྱང་ཕ་མཐའ་དཔག་ཏུ་མེད་ཅིང་བསམ་དུ་མེད་པ་འབྱམ་ཀླས་པའི་དུས་ན། བྱ་བ་བྱས་ཤིང་བྱེད་པ་བྱས་པ། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་སྦྱོར་ཞིང་ཆོས་ཐམས་ཅད་ཀྱི་
རང་བཞིན་དུ་འབྲེལ་བས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་ཤིང་ཐུགས་དང་འབྲེལ་པ། ཐམས་ཅད་ཀྱི་ཡབ་ཏུ་གྱུར་པ་ཡིན་ཏེ། དེ་འདྲའོ་ཞེས་ཁོ་བོ་ལ་བསྔགས་པ་བརྗོད་པ་བཀའ་སྩལ་པ་ལས། འདུས་པའི་ཚོགས་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་
གསོལ་པ། བཅོམ་ལྡན་འདས་དེ་ནི་འདི་ལྟར་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་དེ་ནི་འདི་ལྟར་ངོ་མཚར་ལགས་སོ་ཞེས་གསོལ་ཏེ། སེམས་དཔའ་རྡོ་རྗེ་དམ་པ་དེ་ལ་ལོགས་སུ་བཏུད་ནས་ལུས་ཀྱི་བག་བཞི་ས་ལ་ཕབ་པའི་ཕྱག་རྣལ་འབྱོར་གྱི་ལུགས་
སུ་བྱས་ནས་རྨད་དུ་བྱུང་བའི་མེ་ཏོག་དང་། ཏིང་ངེ་འཛིན་གྱི་མཆོད་པ་སྣ་ཚོགས་བྱས་ཏེ། འདི་ལྟར་རྨད་འབྱུང་ངོ་མཚར་ཁྱོད། །སངས་རྒྱས་ཐུགས་ལས་རྒྱལ་སྐྱེས་པ། །ཇི་ལྟར་ཞིང་འདིར་སྣང་ཞིག་གུ། །རྣལ་འབྱོར་ཡབ་གྱུར་རྒྱལ་བའི་སྲས། །རང་བཞིན་
ཀུན་དང་གཅིག་འབྲེལ་བའི། །བཀའ་ཡི་འཁོར་ལོ་རབ་བསྐོར་བས། །རྣམ་དག་ལམ་མཆོག་དམ་པ་དག །ཚིག་གིས་མཚོན་ཏེ་གསལ་བར་མཛོད། །ཨ་ཧོ་ཞེས་གསོལ་བ་བཏབ་བོ། །ལང་ཀའི་བདག་པོ་དེ་ནས་དམ་པ་རྡོ་རྗེ་བདག་གིས་རྡོ་རྗེ་བསྐོར་ཏེ་བསྒྱུར་
ནས་བརྗིད་བག་ཏུ་རྡོ་རྗེ་ཚིག་ཏུ་སྨྲས་པ། ཨོྃ་ཧཱུྃ་མུྃ་ཨ་ཧོ། རྒྱལ་བའི་སྲས་པོ་ཅང་མི་གསུང་། །མི་གསུང་བས་ན་རྒྱ་ཆེར་བཤད། །བཤད་དུ་མེད་པའི་ཆོས་ཉིད་འདི། །རྒྱལ་བ་རྣམས་ཀྱིས་མ་བཤད་དེ། །དེ་ལྟར་སྟོན་པ་རྒྱལ་མཆོག་ཀྱང་། །རྣམ་པར་
བཤད་པར་མི་བཞེད་དེ། །རྒྱ་ཆེར་བཤད་པར་དགོངས་པའོ། །སྐྱེ་བ་མེད་པའི་ཆོས་ཉིད་ནི། །མ་སྐྱེས་པས་ན་སྙིང་པོར་བཤད། །སྙིང་པོ་དོན་དེ་གང་ཡིན་པ། །ཚིག་ཏུ་སྨྲ་བར་ཡོད་མ་ཡིན། །སྤྲོས་པ་ཉིད་ན་གོལ་བ་ཞེས། །རྒྱལ་བ་རྣམས་ཀྱིས་ཡང་དག་
เล่ม ๙๗ · หน้า 218a
བཤད། །དེ་བས་རྡོ་རྗེ་རྒྱལ་པོ་ཉིད། །བཀའ་མ་སྩལ་བའི་དགོངས་པའོ། །དགོངས་པའི་དོན་རྣམས་གང་འབྱིན་པ། །ཇི་ལྟར་མེ་ལོང་གཟུགས་བརྙན་ལྟར། །དགོངས་དོན་རིག་ལ་སྣང་གྱུར་པ། །མ་སྐྱེས་སྙིང་པོའི་དོན་གྱིས་ན། །ཚིག་ཏུ་སྤྲོས་
པ་མ་ཡིན་ནའང་། །མཚན་མ་ཚིག་གི་རྣལ་འབྱོར་པ། །ཚིག་ལ་ཞི་བ་ལ་དོན་ལ་རྩིང་། །ཚིག་ཕྱིར་བློ་འབྲེལ་རྩལ་ཞན་རྣམས། །བཀྲི་བས་བསམ་པ་རངས་བྱའི་ཕྱིར། །མི་དམིགས་པ་ལས་དམིགས་པ་ཡི། །ཆོ་འཕྲུལ་ཚིག་གིས་དེ་མཚོན་དགོས། །བདེར་
གཤེགས་རྒྱལ་བ་ཀུན་གྱི་ཐུགས། །གསང་བ་དེ་ཉིད་སྙིང་པོའི་དོན། །མཉམ་ཉིད་བྱང་ཆུབ་ཐེག་ཆེན་པོ། །གསལ་བར་ཀུན་ལ་ཁྱབ་སྣང་བའི། །ཀུན་གྱིས་དེ་ཉིད་མཐོང་བྱ་དགོས། །ང་ནི་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་ཀུན་གྱི་སྙིང་པོ་སྟེ། །སྟོང་
པར་སྦས་པའི་དོན་འདི་ལ། །བརྡ་དང་དཔེས་མཚོན་ལྡེ་མིག་གིས། །མཉམ་ཉིད་རིག་པའི་སྒོ་དབྱེའོ། །སྦས་པའི་དོན་མཚོན་འབྱུང་བའི་རིགས། །མ་མཐོང་རྣམས་ལ་བསྟན་པར་བཤད། །དེ་མཐོང་དེ་བཞིན་ཉིད་དུ་འཐད། །ཅེས་གསང་བའི་བདག་པོ་
དེས་ཆོས་ཐམས་ཅད་དགོས་འབྲེལ་ཡན་ལག་བཞིར་འདུས་པར་ཆོ་ག་བགོས་སོ། །དེ་ནས་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས་ཀྱང་དགོས་འབྲེལ་ཡན་ལག་བཞིའི་སྒོ་ནས་ཆོས་ཐམས་ཅད་ཡོངས་སུ་ཆུབ་པར་
གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་འབྲེལ་པ་དགོས་ཆེད་ཀྱི་ཡན་ལག་བསྟན་པའི་ལེའུ་སྟེ་བཞི་བཅུ་དགུ་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ལང་ཀའི་
བདག་པོ་དེ་ལ་འདྲེན་པའི་ཡན་ལག་གང་ཞེ་ན། གང་ལས་གང་དུ་ཡོངས་སུ་འདྲེན་པ་སྟེ། དེ་ཡང་འདི་ལྟར་བགྲོ་བ་རྣམ་པར་ཡོངས་སུ་བགྲོ་བར་བྱའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། ཡོངས་སུ་འདྲེན་པའི་ཡན་ལག་ནི། །བཅུ་ཕྲག་གཅིག་གིས་འདྲེན་པས་
เล่ม ๙๗ · หน้า 218b
ནི། །སྨྲ་བརྗོད་ཚིག་གི་ཡན་ལག་རྫོགས། །གང་ལ་ལྟ་དང་སྒོ་འབྱེད་དང་། །སྡུད་དང་འབྱོར་པར་འདྲེན་པ་དང་། །རྐྱེན་དང་གཞན་དམིགས་འཛིན་པའི་ཚིག །མ་བཅོས་མེ་ལོང་སྣྲེལ་ཞི་རྣམས། །མེ་ལོང་བཅུ་དང་མཐུན་སྦྱར་བས། །ཚིག་དོན་རྣམ་པར་སྦྱར་
བ་ཡིན། །ལང་ཀའི་བདག་པོ་འདི་ལྟ་སྟེ། །གང་ལ་ལྟ་དང་ལྟ་བ་ནི། །གང་འདིར་མཁའ་ལ་འགྲོ་བ་ནི། །རྩལ་གྱིས་ནམ་འཕང་རླབས་སུ་གཅོད། །དེ་བཞིན་དེ་ཉིད་འདིར་འགྲོ་བ། །མ་འདྲེས་ལྟ་འཕང་རླབས་སུ་གཅོད། །བགྲོད་པར་བྱ་བའི་ས་ཚིགས་དག །
རྩལ་ཚད་དག་གི་ཚད་དུ་གཅོད། །དེ་བཞིན་དོན་དང་ཚིག་མཚམས་དག །དོན་གྱི་ཚིགས་དང་ཚོམས་སུ་གཅོད། །ཇི་ལྟར་གང་གི་ཁོབས་འོག་ཏུ། །ས་ཁམས་མང་པོ་ཆུད་པ་ལྟར། །བརྗོད་པའི་རྣམ་གྲངས་མང་པོ་ཀུན། །གང་གི་ངོ་བོ་གཅིག་ཏུ་སྡུད། །གང་
དང་གང་ལྟར་འགྲོ་བ་དག །དྲང་པོར་འབྲེལ་རྗེས་གནོན་པར་སྣང་། །བརྗོད་དང་བརྗོད་པའི་ཚིག་མཚམས་དག །གང་འདིར་མི་འཁྲུག་འབྲེལ་པར་སྦྱོར། །གང་འགྲོ་གནས་སུ་བགྲོད་པ་ནི། །གཡོ་འགུལ་མི་མངོན་ཤུགས་ཀྱིས་འགྲོ། །ཡི་གེ་བརྗོད་དང་རང་
གཉེར་གྱིས། །གང་གི་ངོ་བོ་དེ་བཞིན་སྦྱོར། །གང་ཞིག་གང་ལྟར་གང་འགྲོ་བ། །མི་འཚམ་པ་ལ་དེར་འཚམ་སྣང་། །བརླང་པོ་ཞེར་འདེབས་སྐྱོན་ཚིག་རྣམས། །གང་མི་འཚམ་པ་དེར་འཚམ་སྦྱོར། །གང་དག་ཡིད་ལ་བཏགས་པའི་ཟས། །ཁོང་
ནས་འདོད་པའི་བཅུད་འབྱིན་བྱེད། །གང་དུ་དམིགས་སུ་འཛིན་པ་ཡིས། །གང་མི་གསལ་བར་མངོན་པར་སྟོན། །ཇི་ལྟར་སྒྲ་བརྙན་རྒྱུན་བྱུང་ན། །གང་སྐྱེའི་དུས་སུ་ཡིད་ཆེས་འགྱུར། །དེ་བཞིན་ཚད་མའི་ཡུལ་བྱུང་ན། །མ་བཅོས་དེ་ཉིད་ཡིན་པར་ངེས། །
གང་འདིར་དག་པའི་མེ་ལོང་གིས། །བཞིན་དང་གཟུགས་བརྙན་སྟོན་པ་ལྟར། །ཉེ་བར་མཚོན་པའི་མེ་ལོང་གིས། །གང་མི་མཐོང་བ་གསལ་བར་བྱེད། །ཇི་ལྟར་སྣྲེལ་ཞི་འཆོལ་འཁྲུགས་པ། །སྣོལ་མཚམས་འཕེན་སྡུད་འཆོལ་མཚམས་སྦྱོར། །རྩལ་
เล่ม ๙๗ · หน้า 219a
ཆེན་རོལ་པའི་སྟོབས་ཆེན་ལྟར། །དེ་ཉིད་རིག་པ་ཉིད་དུ་སྦྱོར། །ལང་ཀའི་བདག་པོ་དེ་དག་ནི། །གང་སྨྲ་བརྗོད་དུ་འདྲེན་པ་ཡི། །ཡན་ལག་ཁོ་ནར་ཤེས་པར་གྱིས། །ཞེས་གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་
པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་གང་དུ་སྨྲ་བའི་སྒོ་ཡོངས་སུ་འབྱེད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཡོངས་སུ་འདྲེན་པའི་ཡན་ལག་རྣམ་པར་བགྲོས་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།
དེ་ནས་ཡང་གསང་བ་པའི་བདག་པོ་དེས་སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་དེ་ལ་ངེས་པར་བོས་ཏེ་རྣམ་པར་སྨྲས་པ། ལང་ཀའི་བདག་པོ་འདི་ལྟ་སྟེ། །གང་དུ་ངེས་པའི་ཡན་ལག་ནི། །གང་ལ་གང་གིས་གང་བརྗོད་པ། །འབྲེལ་བཞི་བཤད་སྦྱོར་
བརྗོད་པའི་སྒོ། །ཡོངས་སུ་དག་པ་ལྷ་ངེ་བའི། །གང་ལ་སྤྱན་རས་གཟིགས་དབང་གིས། །མཐའ་ཐུག་མེད་པའི་འགྲོ་གང་དག །འདི་ན་སྣོད་བཞི་ཁོ་ནར་གཟིགས། །ཞེན་ཆགས་ཅན་དང་ལོག་སྲེད་ཅན། །རིགས་རྒྱུད་ཅན་དང་བློ་གྲོས་ཅན། །ཐམས་ཅད་
ཆ་བཞིར་སྣང་བ་སྟེ། །འདོད་ཁྲིད་སྦྱོར་དང་ངེས་པར་སྣང་། །དེ་དག་རེས་འགའ་ཆ་བཞི་སྟེ། །གང་དུ་དགོས་པ་གང་ངེས་པ། ངོ་བོ་དམིགས་དང་བཅས་པ་ལས། །བཀའ་དོན་གཏན་ཚིགས་རིགས་པ་བཞིར། །སྣང་དང་མི་འགལ་རྒྱས་འཐད་སྦྱར། །
ཐམས་ཅད་མེད་རྒྱུ་བརྟགས་ཆགས་པ། །བསྒྲུབས་འགྲུབ་ཇི་ལྟར་བལྟས་པར་སྣང་། །གང་དག་གང་ལ་བརྡ་ཕྲད་པས། །གང་གི་དོན་ལེན་ཉིད་དུ་ངེས། །ཞེས་ངེས་པ་དམ་པ་ཉིད་དུ་བགྲོས་པས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་
བརྡ་ཙམ་གྱིས་གང་གི་ངེས་པ་རྙེད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ངེས་པ་དམ་པའི་ཡན་ལག་བགྲོས་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོ་དེས་དམན་པའི་ལས་
เล่ม ๙๗ · หน้า 219b
ཀྱི་སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་ལ་ཡིད་ཡོངས་སུ་འཇུག་པའི་ཐབས་ཀྱིས་བོས་ཏེ་སྨྲས་པ། ལང་ཀའི་བདག་པོ་ཡན་ལག་གི། །མཐར་ཟད་རྟོགས་འཇུག་ཐབས་ཉིད་ནི། །རང་བཞིན་འབྱུང་སྒོ་དབང་སྦྱོར་དང་། །ངེས་པ་ཁོང་དུ་ཆུད་པ་ཡིས། །ཡང་
དག་དོན་ལ་ངེས་གཞག་བྱ། །ཤེས་དང་འཇུག་དང་འབྲས་བུ་དང་། །ལྷུན་གྱིས་གྲུབ་པའི་མཚན་ཉིད་ཡིན། །དེ་འབྲེལ་དེ་དགོས་དེ་མཚོན་དགོས། །དེ་ཡི་རྗེས་སུ་བྱེད་དགོས་ཡིན། །ཐོས་ཆུང་གོམས་དང་ངེས་པར་གྱུར། །ཕྱེ་མཐོང་ཞུགས་དང་ཐོབ་པ་ཡིན། །
དེ་ཚོལ་དེ་རྙེད་འཇུག་མངོན་གྱུར། །བསྙེན་པ་ཉེ་བསྙེན་བསྒྲུབ་དང་འགྲུབ། །དེ་བཞིན་མཉམ་འགྱུར་རྣལ་འབྱོར་པར། །ལྷུན་གྲུབ་ལས་སུ་རུང་བའོ། །དེ་ནི་ངེས་པར་འཇུག་རིམ་ཡིན། །གཞན་གྱི་དོན་དུ་འབྱུང་རིམ་བཞི། །གཡོ་དང་ཆོ་འཕྲུལ་སྣང་མཛད་
པའོ། །ཇི་ལྟར་རིམ་བཞིན་སྦྱར་བ་ཡིན། །དེ་ཤེས་དེ་མ་སྐྱེས་པར་ཤེས། །དེ་དུས་དངོས་མེད་ཤེས་པ་དང་། །ཡེ་ནས་ཤེས་པའི་རིམ་བཞིན་ནོ། །ཐམས་ཅད་མཉམ་ཉིད་དེ་ཉིད་དང་། །བསྒྲུབ་དང་མི་འདའ་སྤྱོད་མཐུན་རྫས། །རང་བཞིན་རྣམ་པ་
ལྔར་སྣང་བའོ། །གང་མཁས་ཆེ་དང་མང་ཡས་ཡངས། །སྒྱུར་དང་རླབས་ཆེན་ཅིར་སྟོན་དང་། །ཀུན་ཤོང་ཀུན་སྤྱོད་བདེར་འཇུག་པའོ། །བཅོམ་དང་ཞི་དང་མཐའ་རྒྱས་དང་། །ཆུབ་པར་འདུས་པ་ལས་བཞིའོ། །གང་དུ་སྦྱོར་བའི་ཡན་ལག་འདིས། །ཡན་
ལག་ཐམས་ཅད་རྫོགས་པ་ཡིན། །ལང་ཀའི་བདག་པོ་དེ་དག་ནི་ཡན་ལག་ཡིན་ཏེ། ཡན་ལག་དེས་གང་ལྟར་བརྗོད་པ་ཐམས་ཅད་རྣམ་པར་འབྱེད་པར་ཤེས་པར་བྱའོ། །དེ་སྐད་ཅེས་གསང་བ་པའི་བདག་པོས་སྨྲས་པས། དམན་པའི་ལུས་
ཀྱི་སེམས་དཔའ་རྣམས་ཆོས་ཐམས་ཅད་ཁོང་དུ་ཡོངས་སུ་ཆུད་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་འཇུག་པ་ཐབས་ཀྱི་ཡན་ལག་ལས་ཐབས་རྣམ་པར་འགྲེལ་བའི་ལེའི་སྟེ་ལྔ་བཅུ་གཉིས་པའོ།། །།དེ་ནས་
เล่ม ๙๗ · หน้า 220a
ཡང་ལང་ཀའི་བདག་པོས་གསང་བ་པའི་བདག་པོ་ལ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་མདོ་ཡོངས་སུ་དགྲོལ་བ་ཞེས་བགྱི་བ་ཇི་ལྟར་ལགས། དེ་སྐད་ཅེས་དྲིས་པ་ལས་གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་མདོ་འདི་ནི་འདི་ལྟར་གང་
དུ་གང་ལྟར་བརྗོད་པ་ཐམས་ཅད་མདོ་བཞི་པོ་འདི་དག་ཁོ་ནར་ཟད་དོ། །ལང་ཀའི་བདག་པོ་བཞི་གང་ཞེ་ན། འདི་ལྟ་སྟེ། གང་ཐོས་པས་ངེས་པར་འབྱུང་བ་དང་། གང་གིས་མཐོང་བས་ངེས་པར་འབྱུང་བ་དང་། གང་གིས་མངོན་སུམ་པར་འབྱུང་བ་དང་། གང་ནས་
གང་དུ་ངེས་པར་འབྱུང་བ་མེད་པའོ། །ལང་ཀའི་བདག་པོ་དེ་ལ་གང་ཐོས་པས་ངེས་པར་འབྱུང་བ་ནི། །ཀུན་གྱི་རང་བཞིན་དེ་བཞིན་ཉིད། །གང་གིས་ཐོས་པ་དེ་ཉིད་དུ། །དངོས་པོ་མེད་པར་ཀུན་ཁྱབ་རྒྱས། །དེ་ཤེས་དེ་བཞིན་ཉིད་དུ་ཆུབ། །ལང་ཀའི་བདག་པོ་གང་
གིས་མཐོང་བ་ངེས་པར་འབྱུང་བ་ནི་འདི་ལྟ་སྟེ། གང་གིས་དེ་བཞིན་དེ་མཐོང་ན། །མཐོང་བས་སྣང་སྲིད་ཡོངས་སུ་དག །གང་ལའང་ཉམ་ང་ཡོད་མ་ཡིན། །དེ་བཞིན་ཉིད་དེར་ཀུན་སངས་རྒྱས། །ལང་ཀའི་བདག་པོ་གང་གིས་མངོན་སུམ་པར་ངེས་པར་འབྱུང་བ་ནི་
འདི་ལྟ་སྟེ། གང་གིས་སྟོང་ཉིད་དེ་ཤེས་པ། །དེར་ནི་ཐམས་ཅད་མངོན་སུམ་དུ། །སྟོང་པ་ཉིད་དུ་ངེས་པར་ཟད། །དེ་ཉིད་མངོན་སུམ་སངས་རྒྱས་ཡིན། །ལང་ཀའི་བདག་པོ་གང་ནས་གང་དུ་ངེས་པར་འབྱུང་བ་མེད་པ་ནི་འདི་ལྟ་སྟེ། །ཐམས་ཅད་དེ་བཞིན་ཉིད་
དབྱིངས་སུ། །ཡེ་ནས་རྣམ་རྟོག་མེད་སངས་རྒྱས། །གདོད་སངས་རྒྱས་སུ་ག་ལ་ཡོད། །དེ་བཞིན་དེ་ཉིད་ཁོ་ནའོ། །ལང་ཀའི་བདག་པོ་དེ་དག་ནི་མདོ་སྟེ། །གང་གིས་གང་ལ་གང་ལྟར་བརྗོད་པ་མཐའ་ཡས་པ་མདོ་བཞི་བོ་དེ་དག་འབའ་ཞིག་ཁོ་ནར་ཟད་དོ། །དེ་
དག་ནི་གང་གི་མདུད་པ་རྣམ་པར་འགྲོལ་བ་སྟེ། ཆོས་ཐམས་ཅད་རྣམ་པར་གྲོལ་ཅིང་རྒྱ་ཆེར་འགྲེལ་བ་ཉིད་དུ་ཤེས་པར་བྱའོ། །གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཕྱོགས་ཐམས་ཅད་གསལ་བར་ཡོངས་སུ་
เล่ม ๙๗ · หน้า 220b
ཆུབ་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་མདོ་རྒྱ་ཆེར་འགྲེལ་བའི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་དེ་ལ་
རྩ་བའི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་གང་གི་རྩ་བ་ནི་གང་། ངེས་པར་འབྱིན་པ་ནི་གང་། གསང་བ་པའི་བདག་པོ་གོ་དབྱེ་བར་གསོལ། སྨྲ་བའི་སེང་གེ་ཤིན་ཏུ་གོ་དབྱེ་བར་གསོལ། དེ་སྐད་ཅེས་སྨྲས་པ་ལས། གསང་བ་པའི་བདག་
པོས་སྨྲས་པ། ལང་ཀའི་བདག་པོ་གང་གི་རྩ་བ་དྲི་བ་དེ་ནི་ལེགས་སོ། །ཤིན་ཏུ་རབ་ཏུ་ལེགས་སོ། །འདི་ལྟ་སྟེ། རྩ་བ་ནི་མེ་ལོང་དང་། མི་མཐུན་པ་དང་། ངེས་པའོ། །ལང་ཀའི་བདག་པོ་མེ་ལོང་ནི་འདི་ལྟར་ནམ་མཁའི་ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་
སྟེ་ནམ་མཁའ་ཇི་ལྟ་བ་དེ་ལྟར་གང་གིས་ངེས་པ་ཡང་དེ་ལྟར་ལྟའོ། །ལང་ཀའི་བདག་པོ་དེ་ལ་ནམ་མཁའ་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གཅིག་པ་དང་། མི་གོས་པ་དང་། གོ་འབྱེད་པ་དང་། སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་དང་། དབྱིབས་མེད་པ་
དང་། ཁ་དོག་མེད་པ་དང་། འདུས་མ་བྱས་པ་དང་། གཟུང་བ་མེད་པ་དང་། འཛིན་པ་མེད་པ་དང་། མཐའ་མེད་པ་དང་། དབུས་མེད་པ་དང་། འཕེལ་བ་མེད་པ་དང་། འགྲིབ་པ་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། གཡོ་བ་
མེད་པ་དང་། འགུལ་བ་མེད་པ་དང་། ཆགས་པ་མེད་པ་དང་། གནས་པ་མེད་པ་དང་། འཇིག་པ་མེད་པ་དང་། སྟོང་པ་མེད་པ་དང་། འགྱུར་བ་མེད་པ་དང་། མ་ཁྱབ་པ་མེད་པ་དང་། མི་འབྱུང་བ་མེད་པ་དང་། མ་ཆུབ་པ་མེད་པ་དང་། སྐྱོ་བ་མེད་
པ་དང་། ནུབ་པ་མེད་པ་དང་། མཚན་ཉིད་མེད་པ་དང་། རྒྱུ་མེད་པ་དང་། རྐྱེན་མེད་པ་དང་། འབྲས་བུ་མེད་པ་དང་། རྩོལ་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་ཡིན་ནོ། །ལང་ཀའི་བདག་པོ་ནམ་མཁའ་ནི་ཡོད་པ་ལས་མེད་པར་གྱུར་
เล่ม ๙๗ · หน้า 221a
པ་མ་ཡིན། མེད་པ་ལས་ཡོད་པར་གྱུར་པ་མ་ཡིན། དེ་བཞིན་དུ་གསལ་བ་ལས་མི་གསལ་བར་གྱུར་པ་དང་། མི་གསལ་བ་ལས་གསལ་བར་གྱུར་པ་དང་། ཐ་དད་པ་ལས་གཅིག་ཏུ་གྱུར་པ་དང་། གཅིག་པ་ལས་ཐ་དད་དུ་གྱུར་པ་
དང་། ཡིན་པ་ལས་མིན་པར་གྱུར་པ་དང་། མིན་པ་ལས་ཡིན་པར་གྱུར་པ་དང་། ཉེ་བ་ལས་རིང་བར་གྱུར་པ་དང་། རིང་པ་ལས་ཉེ་བར་གྱུར་པ་དང་། དེ་བཞིན་དུ་ཆེ་བ་དང་། ཆུང་བར་གྱུར་པ་དང་། བཟང་བ་དང་། ངན་པར་གྱུར་པ་དང་། བདེ་བ་དང་། སྡུག་
བསྔལ་བར་གྱུར་པ་དང་། ཁྱབ་པ་དང་། མ་ཁྱབ་པར་གྱུར་པ་དང་། འབྱུང་བ་དང་། མི་འབྱུང་བར་གྱུར་པ་དང་། དག་པ་དང་། མ་དག་པར་གྱུར་པ་དང་། གྲུབ་པ་དང་། མ་གྲུབ་པར་གྱུར་པ་དང་། མཐོ་བ་དང་། དམའ་བར་གྱུར་པ་དང་། ཡངས་པ་དང་། དོག་
པར་གྱུར་པ་དང་། དབྱིབས་དང་། དབྱིབས་མེད་པར་གྱུར་པ་དང་། ཁ་དོག་དང་། ཁ་དོག་མེད་པར་གྱུར་པ་དང་། ཕྱི་དང་ནང་དུ་གྱུར་པ་དང་། སྐྱེ་བ་དང་འགག་པར་གྱུར་པ་དང་། འཕོ་བ་དང་། མི་འཕོ་བར་གྱུར་པ་དང་། འགྱུར་བ་དང་། མི་འགྱུར་བར་གྱུར་པ་
དང་། མུན་པ་དང་། སྣང་བར་གྱུར་པ་དང་། སྔོན་དང་། ཕྱི་མར་གྱུར་པ་དང་། མཐའ་དང་། དབུས་སུ་གྱུར་པ་དང་། བདག་དང་། གཞན་དུ་གྱུར་པ་དང་། དེ་བཞིན་དུ་བླངས་ནས་དོར་བར་གྱུར་པ་དང་། དོར་བ་ལས་བླངས་པར་གྱུར་པ་མེད་པའི་ཕྱིར་ནམ་
མཁའ་ནི་ཐམས་ཅད་ནས་ཐམས་ཅད་དུ་མ་བཅོས་པའོ། །དེ་བཞིན་དུ་འདི་ཉིད་ཀྱང་སྦྱར་ཏེ། དེའི་ཕྱིར་མ་བཅོས་པའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སུས་ཀྱང་མ་བྱས། བྱེད་པ་པོ་མེད། རྒྱུ་ལས་མ་བྱུང་། རྐྱེན་ལས་མ་
བསྐྱེད། དང་པོར་མ་སྐྱེས། ཐ་མར་མི་འཇིག །ཐོག་མ་དང་ཐ་མར་མི་དམིགས། ཐོབ་པ་དང་། མ་ཐོབ་པ་མེད། རེ་བ་དང་། བརྩལ་བ་མེད་དོ། །དེའི་ཕྱིར་ནམ་མཁའི་ནི་སུས་ཀྱང་མ་བྱས། བྱས་པ་མེད་པས་གཉེན་པོ་མེད་དོ། །དེ་བཞིན་དུ་དེ་ཉིད་ཀྱང་བྱེད་པ་
เล่ม ๙๗ · หน้า 221b
མེད་པའི་ཕྱིར་མ་བྱས་པས་གཉེན་པོ་མེད་དོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། གང་ཞིག་ནམ་མཁའི་མཐའ་ཚོལ་བ། །ཚོལ་བས་རྙེད་པར་མི་འགྱུར་ཏེ། །གོ་སྐབས་ཡོད་པར་གང་ཤེས་པ། །དེ་ནི་ནམ་མཁའ་རྙེད་པའོ། །སེམས་ཀྱི་སེམས་ཉིད་རྩད་གཅོད་པ། །
རྩ་བ་མེད་པས་རྙེད་མ་ཡིན། །གཞི་རྩ་མེད་འབྱུང་གང་ཤེས་པ། །དེ་ནི་སེམས་ཉིད་རྙེད་པའོ། །སེམས་ཀྱིས་སེམས་བཙལ་སེམས་མི་རྙེད། །སུ་ཞིག་སེམས་ཀྱི་གཏིང་རྩ་ཚོལ། །གང་ཞིག་སེམས་ཀྱི་དབུས་མཐའ་འབྱེད། །བཙལ་བས་རྙེད་པ་ག་ལ་ཡིན། །
སེམས་ཀྱིས་སེམས་ལ་ཇི་ལྟར་མཚོན། །སེམས་ལ་དངོས་པོ་ཡོད་ཅེའམ། །སེམས་ཀྱི་དངོས་པོ་གང་གིས་བྱ། །དངོས་མེད་དངོས་སྤྲུལ་བྱང་ཆུབ་སེམས། །ཕྱོགས་བྲལ་ཆེན་པོ་གང་སུ་ཞིག །ཕྱོགས་གཅིག་བྲལ་བས་ཕྱོགས་ཀུན་བྲལ། །བརྟགས་པའི་སྤྱོད་ཡུལ་
ལས་འདས་པ། །དེ་ཉིད་རྟོགས་ན་དེ་ཁོ་ན། །སེམས་ཀྱིས་སེམས་བཙལ་དྲོད་ཅིག་རྙེད། །དྲོད་དེ་རྙེད་ན་བྱང་ཆུབ་སེམས། །ཅི་ཡང་ཡིན་ནོ་གང་ཡང་རུང་། །དེ་ཉིད་ཆོས་ཀྱི་དོན་པོ་མཆོག །དེས་ན་འཁོར་བའི་ཆོས་ཉིད་འདི། །གཉིས་སུ་ཡོད་པ་མ་ཡིན་ཏེ། །
འཁོར་བའི་དེ་བཞིན་ཉིད་དེ་ནི། །ཆོས་ཉིད་ཡིན་པར་ལུང་དུ་བསྟན། །འཁོར་བར་འཁྲུལ་པའི་སྒྱུ་མ་དང་། །རྣམ་དག་རྣམ་བྱང་སྒྱུ་མ་གཉིས། །སེམས་ཅན་སངས་རྒྱས་ཐ་དད་ཀྱང་། །དེ་བཞིན་ཉིད་ལས་ཡོང་ཡེ་མེད། །དཔེར་ན་རས་སྣམ་རྒྱུ་གཅིག་ལས། །
ཚོན་གྱི་རྐྱེན་གྱིས་བསྒྱུར་བྱས་ནས། །ཁ་དོག་སྣ་ཚོགས་ཐ་དད་ཀྱང་། །རས་སྣམ་ཉིད་ལས་ག་ལ་ཡོད། །ལོག་རྟོག་ཡང་དག་རྟོག་སྨིན་པ། །སེམས་ཅན་ཡེ་ཤེས་ཅན་འདི་དག །རྒྱུ་གཅིག་རྐྱེན་གྱིས་བསྒྱུར་བ་ལས། །རིག་དང་མ་རིག་གཉིས་སུ་སྣང་། །
འཁོར་བའི་སྡུག་བསྔལ་རྨི་འདྲ་བ། །དབུགས་ཆེན་ཕྱིན་ནས་རྨི་སངས་ལྟར། །ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས། །མཁའ་ལྟར་ཁྱབ་གདལ་ཉིད་དུ་སྣང་། །ཀློ་བུར་ལས་ཞེས་བརྟགས་པ་ཀུན། །འདུས་བྱས་ཡིན་ཏེ་མ་སྐྱེས་པས། །དེ་བཞིན་ཉིད་དེས་
เล่ม ๙๗ · หน้า 222a
ཁྱབ་གདལ་ཆུ་བ། །བརྩལ་མེད་ཡེ་ཤེས་རང་འབྱུང་ཆེ།། །།བམ་པོ་བརྒྱད་པར་ཟུག་པ། ལང་ཀའི་བདག་པོ་འདི་ཉིད་ནི། །ཡིན་པར་ངེས་པའི་རྩ་བ་བདུན། །དེ་བརྟག་དེ་ཉིད་དེ་རྟོགས་ན། །དེ་ཉིད་རྣམ་པར་ངེས་པ་ཡིན། །གླིང་དང་རི་བོ་མུ་ཁྱུད་
བཅས། །ལྷུན་པོའི་རྩེ་མོ་ཉིད་ནས་གསལ། །དེ་རྙེད་ཐེག་པའི་རྣམ་གྲངས་ཀུན། །དེ་ཉིད་ཆེན་པོ་ཉིད་མཐོང་གསལ། །འཇིག་རྟེན་འོད་ཀྱི་རྒྱལ་པོ་ནི། །གཟི་ལྡན་གསལ་བའི་ཉི་མ་ཡིན། །ཆོས་ཀུན་ཡོངས་སུ་རྫོགས་གསལ་བ། །ཀུན་སྣང་ཆེན་པོ་དེ་ཉིད་དོ། །
གོ་སྐབས་ཆེན་པོ་ནམ་མཁའ་ནི། །ཆེན་པོ་བཞི་ཡི་གོ་འབྱེད་ལྟར། །གསང་ཉིད་འདུས་པ་དེ་ཉིད་ཀྱིས། །བརྗོད་པའི་བརྗོད་ཀུན་གསལ་བར་འགྲེལ། །གང་གིས་བཀའ་ཡི་གསང་ཐོབ་ན། །མི་གང་གཞན་ལ་རག་མ་ལུས། །གསང་བའི་སྙིང་པོ་ཀུན་ཆུབ་
ན། །སྨྲ་བརྗོད་གང་ལའང་བཙལ་མི་དགོས། །རྒྱུན་དང་བཅས་པའི་འབྱུང་བ་རྣམས། །ནམ་མཁའི་ངང་ལས་འབྱུང་ཞིང་སྣང་། །དེ་བཞིན་སྨྲ་བརྗོད་འབྱུང་བ་རྣམས། །དེ་ཉིད་ཟབ་མོའི་དབྱིངས་ནས་འབྱུང་། །དོན་དུ་བྱ་བའི་རྣམ་གྲངས་ཀུན། །མཐར་གྱིས་འབྲས་བུ་
གྲུབ་པར་སྡུད། །གྲངས་མང་རྒྱ་ཆེར་བརྗོད་མོད་ཀྱང་། །དེ་ཀུན་དེ་བཞིན་ཉིད་དུ་འདུས། །མེ་ལོང་གསལ་བའི་སྙིང་པོ་ནི། །བཞིན་གྱི་གཟུགས་བརྙན་སྟོན་པ་ལྟར། །དེ་ཉིད་ཆོས་ཀྱི་མེ་ལོང་གིས། །ཀུན་གྱི་རང་བཞིན་གསལ་བར་བྱེད། །ཀུན་གྱི་རྩ་བ་རང་བྱུང་
བས། །རང་བཞིན་ཅིས་ཀྱང་མ་བཅོས་པའོ། །ཀུན་ཤེས་རིག་པ་མི་ནུབ་པས། །འོད་གསལ་སྣང་བས་ཕྱོགས་ཀུན་མཐོང་། །ཐམས་ཅད་དེ་ཉིད་དེར་འདུས་པས། །དངོས་མེད་ངོ་བོ་ཉིད་དུ་ཟད། །དེ་བཞིན་ཉིད་དུ་ཀུན་གཅིག་པས། །གཉིས་སུ་བྱ་བའི་
ཐ་སྙད་མེད། །རྒྱུ་ཉིད་འབྲས་བུར་ཡེ་རྫོགས་པས། །རེ་དོགས་གཉིས་བྲལ་དེ་ཁོ་ན། །དོར་བར་བྱ་བའི་དངོས་མེད་པས། །བླང་བར་བྱ་བ་ག་ལ་ཡོད། །མཐོང་ཟིན་སྦྱངས་ཟིན་བྱས་པ་ཟིན། །འདོད་པ་གྲུབ་ཟིན་སྤྱོམ་པ་ཟིན། །དེ་བཞིན་དངོས་པོ་གྲུབ་ཟིན་པས། །
เล่ม ๙๗ · หน้า 222b
དེ་ཉིད་རྙེད་པ་ཉིད་ལས་བྱུང་། །ཀུན་བརྟགས་ཀུན་ཉིད་དབེན་ན་སྣང་། །ཀུན་ལ་སྦྱོར་བས་དོན་བྱེད་ནུས། །ཐེ་ཚོམ་ཆད་པས་མཐུན་པར་སྣང་། །མདོར་ན་གསུམ་ཉིད་ཁོ་ན་ལ། །ལར་ན་གཉིས་ཉིད་ཁོ་ནར་ཟད། །ངེས་པར་གཅིག་ལས་མེད་པ་ཡིན། །ཐམས་ཅད་
འདིར་འདུས་འདི་ལས་བྱུང་། །ཀུན་གྱི་རྩ་བ་འདི་ཤེས་ན། །ཀུན་ཀྱང་མ་བཅོས་ཇི་བཞིན་པ། །དེ་བཞིན་ཉིད་དེ་ཀུན་གྱི་མདོ། །སྒྱུ་མར་ཀུན་སྣང་དངོས་གཞི་མེད། །ཆགས་པ་མེད་པས་ཡིད་མི་འཁྲུག །ནམ་མཁའི་ངང་ལ་རང་བཞིན་མེད། །བརྟག་ཏུ་
མེད་པས་དངོས་དང་བྲལ། །སྙིང་པོ་ཉིད་ལས་གཞན་པ་མེད། །སྣ་ཚོགས་དག་གི་རྒྱུན་དུ་འཆར། །སྒྲོན་མར་སྣང་བས་མུན་པ་སེལ། །ཡིད་བཞིན་ནོར་བུ་ཉིད་ལས་བྱུང་། །སྐྱེ་འགག་མེད་པས་འཇིགས་དང་བྲལ། །ཅིར་ཡང་མ་ངེས་ཉམ་མི་ང་། །ཆུབ་ན་
བྱ་བརྩལ་ཀུན་དང་བྲལ། །གོ་བའི་ཡུལ་ན་བགྲོད་པ་མེད། །དེ་ཉིད་ཆེན་པོའི་ཚིག་རེ་རེར། །རྒྱལ་བ་ཀུན་གྱི་དགོངས་པ་བརྒྱུད། །གཞན་དུ་རྩ་བ་གསུམ་བཅད་ཀྱང་། །གསང་བའི་དོན་ཉིད་ཉིད་ལས་འབྱུང་། །གང་ཞིག་གཞན་དུ་གང་ཚོལ་བ། །དེ་ནི་གོལ་
བའི་ལམ་དུ་ཞུགས། །རྣམ་རྟོག་མུན་པའི་སྒྲིབ་པས་བསྒྲིབས། །གང་མ་རིག་པ་དེ་བསྒྲིབས་ཡིན། །རྣམ་པར་རྟོག་པ་དེ་ཉིད་བགེགས། །བགེགས་ནི་དེ་ཉིད་དེ་ལས་བྱུང་། །གང་ལ་རྣམ་རྟོག་མ་བྱུང་ན། །བདུད་ཅེས་བྱ་བ་ག་ལ་ཡོད། །བདུད་ནི་གང་
ལས་བྱུང་ཞེ་ན། །རྟག་ཏུ་འགྲུས་ལས་བྱུང་བ་ཡིན། །འགྲུས་མེད་ཉིད་ལས་བདུད་མི་འབྱུང་། །ཅི་ཕྱིར་མི་འགྲུས་དེ་ཉིད་བདུད། །དེ་བཞིན་སྐྱོན་དང་གོལ་སྒྲིབ་ནི། །ཡོན་ཏན་མཉམ་དུ་མཐོང་ལས་འབྱུང་། །གལ་ཏེ་ཡོན་ཏན་མཉམ་མཐོང་མེད། །སྐྱོན་དང་
གོལ་སྒྲིབ་ག་ལ་ཡོད། །དེ་ཉིད་སྐྱོན་དང་གོལ་སྒྲིབ་ཡིན། །གང་ཉིད་མངོན་དུ་མ་གྱུར་ན། །གསང་བའི་དོན་བྱུང་གང་བསྲེལ་ཡང་། །ནད་པ་སྨན་སྲེལ་ཐབས་མེད་བཞིན། །ངེས་པའི་ཐབས་མེད་གནས་ངན་འཁྱམ། །ཡུལ་དང་མཚན་མ་དངོས་པོ་དང་། །དྲན་
เล่ม ๙๗ · หน้า 223a
རྟོག་ཐོས་མཐོང་ཇི་སྙེད་ཀུན། །ཡིད་ལ་ཇི་ལྟར་འགྱུས་པ་བཞིན། །དེ་ཉིད་སྐད་ཅིག་དེ་ལྟར་སྣང་། །རྟག་པ་མི་གནས་སྐད་ཅིག་མ། །མི་ནུབ་མ་ཆགས་བདེ་ཆེན་སེམས། །སེམས་ཀྱི་དབྱིངས་ལས་མ་གཏོགས་པ། །གཞན་ཞེས་གང་ཡང་མེད་པས་ན། །
གོལ་སྒྲིབ་བྱ་བ་ག་ལ་ཡོད། །སུ་ཞིག་གོལ་སྒྲིབ་དོན་དུ་གཉེར། །གང་གིས་གོལ་སྒྲིབ་ཇི་ལྟར་རྙེད། །གོལ་སྒྲིབ་ཉིད་ཀྱང་དེ་ཉིད་དབྱིངས། །བཙལ་བས་དེ་ཡང་དེ་ལ་ཐུག །གཞན་དུ་བཙལ་ཞིང་དེ་ལས་བྱུང་། །བལྟས་པས་མཐོང་བ་རྟོགས་པ་མེད། །འཇའ་སྣང་མུན་
ཁུང་ཇི་བཞིན་ནོ། །དེ་ཉིད་མཐོང་བའི་ཁྱད་པར་ལས། །སྤྱོད་ལམ་དངོས་བཞི་གང་སྤྱད་ཀྱང་། །འཆིང་བར་མི་འགྱུར་འགྲོལ་འགྱུར་ཐབས། །ཐམས་ཅད་དེར་སྦྱངས་ལམ་གནས་མཆོག །གང་ཉིད་དོན་གྱི་རྗེས་ཚོལ་ཞིང་། །གོལ་སྒྲིབ་ཡོངས་སུ་གཅོད་འདོད་པའི། །མཐའ་
སེལ་རྣལ་འབྱོར་སེམས་དཔའ་པ། །གང་ལ་ཞེན་པའི་ཕྱོགས་བཟུང་སྟེ། །དབུས་མཐར་ལྟ་བ་དེ་བཟུང་བས། །ཆོ་གའི་ངེས་བློ་བརྟན་པ་ཅན། །དེ་ཀུན་རྣལ་འབྱོར་ཡིན་མོད་ཀྱི། །ཡང་དག་དོན་ལ་རྣལ་མི་འབྱོར། །སྤྱོད་ལམ་རྣལ་དུ་འབྱོར་མོད་ཀྱི། །ཡང་དག་དོན་དུ་ཡང་
མ་འབྱོར། །ཕྱོགས་སུ་ལྟ་ལ་ཞེན་མོད་ཀྱི། །དམ་པའི་དོན་དུ་ཡང་མ་ཞེན། །གློ་བུར་ལས་རོ་ཚོར་མོད་ཀྱི། །ཆོས་ཉིད་ཀྱི་ནི་རོ་མ་ཚོར། །བདག་མེད་ཕྱོགས་བྲལ་ཟེར་མོད་ཀྱི། །ཕྱོགས་སུ་ལྟ་དང་ཡང་མ་བྲལ། །བརྟུལ་ཞུགས་རྟོག་པ་ཆོམས་མོད་ཀྱི། །གཟུང་འཛིན་
རྟོག་པ་ཡང་མ་ཆོམས། །དབུས་མཐར་རྟོག་པའི་རྣལ་འབྱོར་པ། །བརྗོད་པ་ཚིག་ལམ་སྒྲོན་མ་ཡིས། །ཡང་དག་དབུ་མའི་གསེར་ཚོལ་བ། །རྟོག་འདོད་སྤྲེའུ་འདི་གཟུང་བྱས་ནས། །རྐུན་མོ་བྱི་ལ་གདགས་པར་བྱ། །གསེར་ཁུང་སྐར་ཁུང་ཀུན་བཀག་སྟེ། །རེའུ་
ཆ་ཕང་ཕུང་བཤིག་ནས་ནི། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ན། །དེ་དག་ལོངས་སྤྱོད་རྫོགས་བདག་པོ། །ཡང་དག་དབུ་མའི་ལམ་ཚོལ་བ། །རྟོག་པའི་སྐྱོན་ལྔ་སྤང་བར་བྱ། །རྟོག་པ་རགས་པའི་རི་བོ་དང་། །མཚན་མ་རྒྱུ་བ་ཚོར་བ་དང་། །བྱུང་ཚོར་འབྱུང་བ་རྣམ་པ་ལྔ། །
เล่ม ๙๗ · หน้า 223b
དེ་ཡང་འདི་ལྟར་རྟོག་པར་བྱེད། །རྟོག་པ་ལ་ཡང་གཉིས་ཡོད་དེ། །རགས་པ་དང་ནི་ཕྲ་བའོ། །དེ་བཞིན་མཚན་མ་ཆེ་ཆུང་གཉིས། །རྒྱུ་བ་རིང་པོ་ཐུང་ངུ་གཉིས། །ཚོར་བ་གསལ་བ་མི་གསལ་བ། །བྱུང་ཚོར་མྱུར་བ་བུལ་བའོ། །འདི་ནི་དོན་ལ་སྒྲིབ་པ་ཡི། །རྟོག་པ་
ཆེན་པོ་བགེགས་ཆེན་ཡིན། །ཅི་ཕྱིར་དབུས་ཉིད་མི་མཐོང་ཕྱིར། །མུན་པ་དང་ནི་འཁྲིགས་པ་དང་། །ཀུན་དུ་འཐིབས་དང་སྤྲིན་ཕུང་དང་། །ན་བུན་ལྟ་བུར་སྒྲིབ་པ་ཡིས། །དཔུང་ཉིད་མི་གསལ་མཐོང་མི་འགྱུར། །འདི་ཡང་རྣམ་པ་གཉིས་གཉིས་ཏེ། །མུན་པ་མུན་
ནག་ཆེན་པོ་དང་། །ཀུན་ནས་འཐིབས་པ་ལྟ་བུ་སྟེ། །ཡོངས་སུ་འཁྲིགས་དང་བསྒྲིབས་པ་དང་། །འཐིབས་པ་ཆེན་པོ་ཆུང་ངུ་གཉིས། །སྤྲིན་ཆེན་འཐིབས་དང་འལ་འོལ་དང་། །ན་བུན་གཏམས་དང་བན་བུན་གཉིས། །གནས་ངན་གསུམ་དང་ཕྱེད་སྣང་གནས། །འདོད་
པ་བཞི་ཡི་བདེ་གནས་དང་། །བསམ་གཏན་གནས་དང་རྒྱུན་བཞི་གནས། །ཉན་ཐོས་རང་རྒྱལ་སེམས་དཔར་ལྟུང་། །སྒྲིབ་པར་གྱུར་པའི་མུན་ནག་ནི། །མཚན་མའི་གཡེང་བ་དྲུག་ཏུ་སྣང་། །རང་བཞིན་ཕྱི་ནང་མཚན་མ་དང་། །ཡིད་ལ་བྱེད་དང་གནས་ངན་ལེན། །
འདི་དག་རབ་ཏུ་གསལ་བར་འདོད། །གང་དུ་དབུ་མ་ཉིད་ལྟ་ཆེ། །དབུ་མའི་ལམ་ལ་སྒྲིབ་པའི་སྐྱོན། །རྣམ་པ་ལྔ་བྱུང་གང་སྒྲིབ་པ། །བྱུང་ཚོར་བྱིང་རྨུགས་འཛིན་ཆགས་དང་། །ཐེར་ཟུག་ཕྱལ་བའི་དབང་གིས་ནི། །གཡང་དང་འཐིབས་དང་འགོག་པ་དང་། །རྟག་ཏུ་མེད་
པ་ཁོ་ན་ཡིན། །འདི་དག་དབུ་མའི་སྐྱོན་ཡིན་ཞེས། །དབུ་མར་སེམས་དཔའི་རྣལ་འབྱོར་འདོད། །དབུ་མ་ངེས་པའི་ལམ་ཚོལ་བ། །དགོན་པའི་རྒྱུན་དུ་དབེན་བཟུང་སྟེ། །ཚད་མ་གཉིས་ཀྱིས་གཞལ་བའི་བའི་བློས། །རྣམ་པར་རྟོག་པའི་རྗེས་གཅོད་པ། །ཡོད་མེད་སྔོན་རྟོག་
གང་ལས་བྱུང་། །བརྟགས་པས་རྟོག་པ་རྟས་ལས་འབྱུང་། །རྟོག་པའི་རི་བོ་ཞི་བར་འགྱུར། །དེས་ནི་གནས་ངན་གསུམ་དུ་མིན། །རྟོགས་པ་གང་ལས་བྱུང་ཞེ་ན། །མཚན་མ་ཉིད་ལས་བྱུང་བ་ཡིན། །མཚན་མ་སྒྱུ་མར་རབ་ཤེས་ན། །མཚན་མའི་ཆོས་
เล่ม ๙๗ · หน้า 224a
རྣམས་ཞི་བར་འགྱུར། །དེས་ནི་འདོད་ཁམས་ཐ་མར་མིན། །མཚན་མ་དེ་ཡང་ཇི་ལྟར་ན། །དེ་ཡང་འབྱུང་བ་དག་ལ་འབྱུང་། །དྲན་པ་སྐྱོན་དང་ཞིར་ཤེས་ན། །རྒྱུ་བའི་སྐྱོན་རྣམས་སེལ་བར་བྱེད། །འདོད་ཁམས་གཉིས་པར་དེ་དག་
མིན། །རྒྱུ་བ་དེ་ཡང་གང་དེ་བཞིན། །དེ་ཡང་དེ་ལྟར་བྱུང་བ་ཡིན། །དེ་ཉིད་དེ་ལྟར་ཤེས་གྱུར་ན། །སྐྱོན་གྱི་ཚོར་བ་སེལ་བར་བྱེད། །འདོད་ཁམས་གསུམ་པར་དེ་ཡང་མིན། །དེ་ཉིད་དེ་ལྟར་དེར་བརྩད་ན། །གང་དེ་ཕྱི་དང་ཉིད་ཁོ་ན། །དེ་ཉིད་སྐྱོན་དུ་རབ་ཤེས་ན། །
འགག་དང་སྐྱེ་བ་ག་ལ་ཡོད། །དེ་ནི་འདོད་ཁམས་བཞི་པར་མིན། །དེ་ཡང་གང་ལས་སྐྱེ་མཆེད་ན། །སེམས་ཀྱི་ཆོས་ལས་གྱུར་པ་སྟེ། །སེམས་ཉིད་སྒྱུ་མར་རབ་ཤེས་ན། །སེམས་ཀྱི་ཆོས་རྣམས་ཞི་བར་འགྱུར། །ཕུང་པོ་གཟུགས་བརྙན་འདྲ་བ་ལ། །
སེམས་ནི་སྨིག་རྒྱུ་ལྟ་བུར་འདོད། །ཡོད་མེད་གཉིས་ཀྱི་མཐའ་ལས་གྲོལ། །དེ་ཤེས་འདོད་ཁམས་ལྔ་པར་མིན། །སེམས་ཉིད་ཡོད་པའི་དངོས་པོའམ། །མེད་ཅེས་བྱ་བར་མི་ལྟ་བས། །ཡ་མཚན་ཅན་དུ་ལྟུང་མི་འགྱུར། །བྱིང་རྨུགས་ཅན་དུ་མ་གྱུར་པས། །
བསམ་གཏན་སྐྱོན་དུ་དེ་མི་འགྱུར། །འདུ་ཤེས་རྗེས་སུ་མ་འབྲངས་པས། །སེམས་ཅན་གནས་སུ་དེ་ཡོང་མིན། །ཀུན་འབྱུང་ཀུན་གཞི་ཉིད་མཐོང་བས། །ཞི་བའི་གནས་སུ་ཡང་མ་ཡིན། །ཞི་བས་ཞི་བར་མི་ལྟ་བས། །རང་རྒྱལ་གནས་སུའང་ག་ལ་ཡིན། །
རྣམ་རིག་ཙམ་དུ་འང་མིན་པས་ན། །སེམས་དཔའ་དེ་ཡང་དེར་མ་ཡིན། །སྟོང་ཉིད་མཉམ་པའི་དབུ་མ་ལ། །སོ་སོ་ཐ་དད་དབྱེར་མེད་པས། །ས་ཡི་རིམ་པ་སྦྱོང་མ་ཡིན། །ཕྱོགས་ལྟ་མཐའ་འདས་དབུ་མ་ཉིད། །རང་བཞིན་མེད་པ་དེ་ཉིད་ལ། །སེམས་ཉིད་ཀྱི་ནད་
སྐད་ཅིག་མས། །མི་གཡོ་རྒྱུན་དུ་དྲན་པར་བྱ། །དེ་ལྟར་དེ་ལ་མཉམ་གཞག་ན། །རྟགས་ཀྱི་ཚོར་བ་འདི་ལྟར་འབྱུང་། །དྲོད་དང་རྟགས་དང་ཆོ་འཕྲུལ་དང་། །མངོན་པར་དང་ནི་ཡེ་ཤེས་འབྱུང་། །དྲོད་ནི་གཡོ་དང་ཐོབ་པ་དང་། །རྟགས་ནི་འབྱུང་དང་བརྟན་པ་
เล่ม ๙๗ · หน้า 224b
དང་། །ཆོ་འཕྲུལ་འབྱུང་དང་རྫོགས་པ་དང་། །གང་དུ་རིག་པ་ཐམས་ཅད་གསལ། །དེར་ནི་དོན་རྣམས་རྫོགས་པ་ཡིན། །དཔེར་ན་མུན་པ་སངས་པ་དང་། །སྣང་བ་བྱུང་དང་ནམ་མཁའ་དང་། །ཀུན་དུ་མཐོང་དང་ཐམས་ཅད་གསལ། །དེས་ན་དེ་ཡི་ཁྱད་པར་གྱིས། །
གང་དུ་ཆགས་པའི་མུན་བསལ་ཏེ། །ཇི་ལྟར་རླུང་གིས་སྤྲིན་ཕྱགས་ལྟར། །སྐད་ཅིག་ཙམ་གྱི་རྣལ་འབྱོར་གྱིས། །མུན་པའི་ཁམས་དེ་འཕྱག་པར་འགྱུར། །ཇི་ལྟར་མར་མེས་མུན་བསལ་ན། །དེ་ཉིད་སྣང་བར་གྱུར་པ་བཞིན། །སྐད་ཅིག་མ་ཡི་དེ་རིག་ན། །སྔོན་ནས་
ཞེན་པའི་མུན་པ་སེལ། །དེ་གང་རིག་པ་དེ་དག་ནི། །དེ་ཉིད་དེ་ཡི་སྒོ་ཕྱེ་ཞིང་། །དེ་བཞིན་མིག་དང་དེ་ལྡན་པས། །མཐོང་ཐོས་ཚིག་ལམ་ལེའུ་བཞིར་བསྡེབས། །ས་པ་ཡིན་པས་དེ་ལ་ལྟོས། །དེ་ཡི་མིག་དང་མ་ལྡན་ན། །མུ་མཐའ་ཡས་པའི་ཚིག་རྣམས་ཀྱིས། །
དེ་ལ་ཐ་སྙད་ཅི་བརྗོད་ཀྱང་། །ངེས་མ་ངེས་ཀྱི་དམིགས་མི་ཕྱེད། །ཚིག་ཕྱིར་བློ་འབྲངས་དམུ་རྒོད་དག །བསླབ་པའི་ས་དང་ལམ་མ་ཡིན། །ཚིག་ལམ་འབུམ་ཕྲག་ཅི་བརྗོད་ཀྱང་། །གཞན་ལ་སྨྲ་བར་བྱ་མ་ཡིན། །གལ་ཏེ་གང་ཞིག་གང་སྨྲ་བ། །ལོག་སྨྲ་རྡོ་རྗེ་བཀའ་
རྐུན་པའོ། །ཐར་མེད་རྡོ་རྗེ་དེ་ལྟུང་འགྱུར། །དོར་སྒྱུ་ཚུལ་འཆོས་མཁན་དག་གིས། །ངེས་པའི་བློ་ཤེད་མ་བྱེ་བར། །ཚིག་ལམ་ཡི་གེས་ཁྲིད་ནས་ནི། །གང་མ་ངེས་པར་ལམ་བརྗོད་ན། །སྲོག་ཆགས་ཀུན་གྱི་སྲོག་ཕྲོགས་པས། །མ་ངེས་ཆོས་སྨྲ་དེ་བས་ལྗི། །
དེས་ན་མཐའ་དབུས་མཉམ་ཉིད་ལ། །བདུད་དེ་ཅིག་ཅར་གང་འཇུག་པ། །རྣལ་འབྱོར་གནས་ཡུན་རིང་ཐུང་དང་། །གང་འཕྲོ་ཡོད་དང་མེད་པ་དང་། །ནམ་ཞིག་མཉམ་པའི་ཁར་མ་ལུས། །དེ་ལ་དེ་བཞིན་དེར་བཞག་ན། །དེ་མ་ཐག་ཏུ་དེ་ཉིད་སྣང་། །དེ་ལས་དེ་བཞིན་
མ་གཡོས་ན། །གྲོང་ཁྱེར་སྣང་བར་དེ་མི་འགྲོ། །དེ་ལ་དེ་ལྟར་མ་ཆགས་ན། །སྣང་བ་མེད་པར་ག་ལ་འགྲོ། །དེ་ཉིད་མངོན་དུ་གྱུར་པས་ན། །ཞི་བའི་གནས་སུ་དེ་དག་མིན། །ཡོད་དང་མེད་པའི་མཐའ་ཆོད་ན། །མཐའ་ལས་འདས་པའི་རྣལ་འབྱོར་ཉིད། །གང་འདིར་
เล่ม ๙๗ · หน้า 225a
ངེས་པ་དམ་པའོ་ཞེས། །གང་དག་འདི་ལྟར་དམ་འཆའ་བ། །གང་ལ་རེ་དོགས་མེད་པ་ཡི། །གོལ་སྒྲིབ་ཉིད་དུ་ངེས་པར་སྣང་། །ཅི་ཕྱིར་དབུས་མཐའ་འབྱེད་པས་ན། །དབུས་ཡོད་མཐའ་ཡང་རང་བཞིན་འབྱུང་། །དབུས་མེད་མཐའ་ཡང་ངང་གིས་
མེད། །དབུས་མཐའ་འབྱེད་པ་དེ་ཉིད་ནང་། །མཐའ་དང་དབུས་བྲལ་དེ་ཁོ་ན། །མི་གནས་མི་ལེན་མི་འབྱེད་ཅིང་། །ཅི་ཡང་མ་ཡིན་མཐོང་ཐོས་མེད། །ཅི་ཡང་མི་འབྱེད་བྱ་དང་བྲལ། །སྣང་མེད་སྣང་བའི་ཐ་སྙད་བྲལ། །བསམ་དུ་མེད་པའི་ཆོས་ཉིད་ནི། །མི་
བསམ་དེ་བཞིན་ཉིད་དུ་གཞག །བསམ་གྱིས་མི་ཁྱབ་ཆོས་རྣམས་ཀུན། །བསམ་མེད་དེ་བཞིན་ཉིད་ལས་མེད། །ས་དང་རྣམ་ཐར་ལ་སོགས་པ། །ཆོས་སྐུ་བྱང་ཆུབ་དཀར་པོའི་ཕྱོགས། །ཀུན་ཀྱང་བསམ་དུ་མེད་པ་ཡི། །གོལ་སྒྲིབ་ཆེན་པོར་གྱུར་པ་ཡིན། །
འདའ་དཀའ་ཆེན་པོའི་དཀའ་ཐུབ་ནི། །མ་བཅོས་དེ་བཞིན་ཉིད་ཁོ་ན། །དཔག་མེད་རྒྱལ་བ་འདའ་བར་དཀའ། །གང་གཟུགས་མེད་ལས་གང་འཛིན་གོལ། །བདལ་ཁྱབ་ཆེན་པོའི་ས་འདི་ནི། །ཡེ་ནས་མ་བགྲོད་རང་བཞིན་བཀོད། །ས་འདིར་མ་ཆུབ་གང་ཡང་
མེད། །གང་འདིར་ས་བཀོད་གང་བགྲོད་གོལ། །དེ་བཞིན་དེ་རིག་ཡེ་འབྱུང་ལ། །ཁྱད་པར་རིམ་པར་འབྱུང་འདོད་གང་། །གང་འདིར་རྨོངས་པ་ཁོ་ནའོ། །རང་བྱུང་དེ་ལས་ངེས་པར་གྲོལ། །བསམ་ཡུལ་དམིགས་སུ་མེད་པ་ལ། །བཏང་སྙོམས་ཆེན་པོའི་རྣལ་འབྱོར་
པ། །ཇི་བཞིན་པ་ཉིད་ཡིན་བཞིན་དུ། །ལུས་དབེན་སེམས་འཆོས་གོལ་སར་ཞུགས། །ཀུན་གྲོལ་ཆེན་པོ་དེ་ཉིད་ལ། །བཅིང་གྲོལ་མེད་པར་ངེས་བཞིན་དུ། །གང་འདིར་དཀའ་ཐུབ་རྟོགས་པས་བཅིངས། །རྣམ་གྲོལ་ཆེན་པོ་ཉིད་ལས་གོལ། །ཡེ་ནས་མ་བཅོས་ཉིད་
ཁོ་ན་ར། །གང་གནས་དེ་ཉིད་དེ་ཁོ་ན། །དེ་ལ་གོལ་ས་ག་ལ་ཡོད། །གོལ་སྒྲིབ་ཉིད་ཀྱང་དེ་ཁོ་ན། །དེ་སྐད་ཅེས་བགྲོས་པས་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་གང་གི་བཅིང་བ་ལས་ཡོངས་སུ་གྲོལ་ཏེ་རེ་རྩོལ་གྱི་ཐེ་ཚོམ་ཆད་
เล่ม ๙๗ · หน้า 225b
པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཆོས་ཐམས་ཅད་ཀྱི་མེ་ལོང་བསྟན་པའི་ལེའུ་སྟེ་ལྔ་བཅུ་བཞི་པའོ།། །།དེ་ནས་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། གསང་བ་པའི་བདག་
པོ་ལ་གང་གི་རྩ་བ་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཆོས་ཐམས་ཅད་ཀྱི་རྩ་བཞེས་བགྱི་བ་དེ་གང་ལགས། དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་གང་
དུ་དྲི་བ་དམ་པ་འདི་ནི་ལེགས་སོ། །ཤིན་ཏུ་རབ་ཏུ་ལེགས་སོ། །གང་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱ་བ་དེ་ནི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་བྱའོ། །དེ་ནི་འདི་ལྟར་ཡོངས་སུ་ཤེས་པར་བྱ་སྟེ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཆོས་ཉིད་དང་། སེམས་ཅན་ཀུན་གྱི་
སེམས་ཀྱི་ཆོས་ཉིད་དུ་ཤེས་པར་བྱའོ། །དེ་ནི་མུན་སྣང་གཉིས་སུ་སྣང་ཡིན་ཏེ། ལང་ཀའི་བདག་པོ་དེ་ཡང་འདི་ལྟར་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་གསང་བའི་གནས་པདྨོ་ཅན་ཞེས་བྱ་བ་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྤྲུལ་པའི་ལྷུམས།
གསང་བ་མཆོག་གི་ཕོ་བྲང་ན་སྐད་ཅིག་བཞུགས་པ་དེའི་ཚེ་དེའི་དུས་ན། གང་སྐྱེས་བུ་དམ་པ་དཔག་ཏུ་མེད་པ་དག་དེ་ཁོ་ན་ཉིད་གསང་བ་དམ་པའི་ཐེ་ཚོམ་གཅོད་པ་དང་། ཡོངས་སུ་ཞུ་བ་དང་། ཞུ་བར་སྡོག་པ་དང་། ཐེ་ཚོམ་ཆད་ནས་སླར་དོང་བ་དང་། གང་
ཁོ་བོ་འཁོར་དེར་འདུས་པར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་ཀྱི་སྙིང་པོ་ཞེས་བགྱི་བ་ཆོས་ཐམས་ཅད་ཀྱི་རྩ་བ་དེ་མ་མཐོང་མ་དམིགས་ལགས་སོ། །ཡང་དག་པར་མ་རྙེད་ངེས་པར་མ་འཚལ་བ་ལགས་
སོ། །བགྲོད་པས་མ་ཁྱབ་ལགས་ན་འདི་གང་ན་མཆིས། གང་དུ་བཙལ། གང་ཞིག་ལགས། གང་ལ་བགྱི། གང་དུ་སྟོར། བཅོམ་ལྡན་འདས་དུས་ཀྱི་སྐད་ཅིག་མ་འདི་ཉིད་དུ་བསྟན་དུ་གསོལ། བདེ་བར་གཤེགས་པ་འདི་བསྟན་དུ་གསོལ། ཞེས་ཞུས་པ་ལས།
เล่ม ๙๗ · หน้า 226a
བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྩ་བ་དེ་ནི་སྒྲིབ་པས་མ་མཐོང་། མེད་པས་མ་དམིགས། ཟབ་པས་མ་རྙེད། དཀའ་བས་མ་ཤེས། མྱུར་བས་མ་
སླེབས། ཡངས་པས་མ་ཁྱབ་པ་ཡིན་ཏེ། འདི་མུན་པའི་ཁམས་ན་ཡོད། གྲོང་ཁྱེར་གསུམ་དུ་བཙལ། འདི་ཡན་ལག་དང་མདོ་དང་རྩ་བ་ཡིན། ངོ་བོ་དེ་ཁོ་ན་ཉིད་ལ་བྱ། མུན་པའི་ཁམས་སུ་སྟོར། སེམས་དཔའ་ཆེན་པོ་དེ་ལྟ་བས་ན་མུན་པ་འདི་བསལ་བའི་
ཕྱིར་འདིའི་རང་བཞིན་ལ་མཁས་པར་བྱའོ། །དེ་བཞིན་དུ་ངོ་བོ་དང་། མཚན་ཉིད་དང་། ཡན་ལག་དང་། ཇི་སྲིད་པའི་ཡུན་དང་། ལས་དང་། མུན་པའི་རྣམ་གྲངས་དང་། དཔེ་ལ་སོགས་པ་དང་། བསལ་བའི་ཐབས་རྣམས་ལ་མཁས་པར་བྱའོ། །འདི་ལ་ནན་ཏན་
དུ་བྱའོ། །གང་མུན་པའི་ཁམས་པ་དག་དང་། ཆ་གཅིག་ཏུ་ཤེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མུན་པ་འདི་ཅི་ལས་བྱུང་། མུན་པ་འདིའི་རང་བཞིན་ཅི། མུན་པ་འདིའི་ངོ་བོ་གང་། མུན་པ་འདིའི་
མཚན་ཉིད་ཅི། མུན་པ་འདིའི་ཡན་ལག་ཏུ། མུན་པ་འདིའི་རྩ་བ་གང་། མུན་པ་འདི་ཇི་སྲིད་ཅིག་གནས། མུན་པ་འདིས་ཅི་ལ་སྒྲིབ། མུན་པ་འདིའི་བྱེ་བྲག་དུ། མུན་པ་འདི་གང་དང་མཐུན། མུན་པ་འདི་གང་དུ་འཐིབས། མུན་པ་འདི་གང་གིས་སེལ། མུན་
པ་ཞེས་ཅིའི་ཕྱིར་བགྱི། འདི་ཅི་ཕྱིར་འཐིབས། དྲ་བ་གང་དུ་འདུས། འདི་བཤད་དུ་གསོལ། བདེ་བར་གཤེགས་པ་འདི་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་མུན་པ་དང་སྣང་བས་
བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་གཞི་དང་རྩ་བ་མེད་པར་འདུས་པར་ཤེས་པར་བྱའོ། །དེ་ལྟར་སྟོན་པའི་མདོ་ནི་འདི་ལྟ་སྟེ། སངས་རྒྱས་བྱང་ཆུབ་འབྱུང་བ་ཡི། །བསྐྱེད་ཅིང་སྙིང་པོ་དེ་ཉིད་དེ། །པདྨོ་ཁ་འབུས་སྙིང་པོ་ལྟར། །རྩ་བ་འཁོར་བའི་འདམ་ན་ཡོད། །
เล่ม ๙๗ · หน้า 226b
རྩ་བ་ཐམས་ཅད་འབྱུང་བ་ཡི། །རྩ་བ་མེད་པའི་རྩ་བ་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཁམས་གསུམ་འདི་དག་ཉིད་དུ་འདུས། །ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །རྟོགས་པར་ཡང་ནི་མི་ནུས་ཏེ། །མཐར་ཕྱིན་ས་ལ་གནས་པ་ཡིན། །སྐྱེས་བུས་ཀྱང་ནི་
མཐོང་མ་ཡིན། །མེད་པས་སྟོང་པའི་ཆོས་ཉིད་འདི། །ཡོད་པའི་དངོས་པོར་ཡང་མི་དམིགས། །དམིགས་དང་མི་དམིགས་ཚིག་ལམ་ཆད། །རྣམ་པར་མི་རྟོག་སྐྱེ་བ་མེད། །གསལ་བས་དུས་མཐའ་མེད་པ་རུ། །མ་ལུས་ཁྱབ་པར་ཀུན་བཙལ་ཡང་། །འདི་ཞེས་བྱ་
བའི་དངོས་པོ་ཞིག །མི་རྙེད་རྙེད་པར་མི་འགྱུར་རོ། །མཁས་པས་དུས་མཐའ་མེད་པ་རུ། །ཤིན་ཏུ་བསྒྲིམས་ཏེ་ཅིར་བརྟགས་ཀྱང་། །གང་འདིར་ཅི་ཡང་མཐོང་བ་མེད། །མགྱོགས་པས་དུས་མཐའ་མེད་པ་རུ། །ཉམ་ཐག་ཆད་པས་བརྒྱུགས་ཀྱང་ནི། །ད་དུང་
དེ་ཉིད་དབྱིངས་འདི་ལས། །གར་ཡང་མ་ཕྱིན་ཕྱིན་པ་མེད། །སྐྱེ་མེད་ཆོས་ཀྱི་སྡོང་པོ་ལ། །རྣམ་པ་བཞི་ཡི་ཡན་ལག་གེལ། །བྱང་ཆུབ་བླ་མེད་སྙིང་པོར་སྨིན། །དེ་ནི་ཀུན་འབྱུང་བྱང་ཆུབ་ཤིང་། །འཇུག་པ་དོན་ལ་འདོད་པའི་ཁམས། །མངོན་མེད་འཛིན་པ་
གཟུགས་ཁམས་སོ། །སྣང་མེད་མ་ཆད་གཟུགས་མེད་ཉིད། །གང་དེ་ཆེད་ལས་བྱེད་ལས་འགྱུར། །ཡུལ་དུ་གང་འགྱུར་འཇུག་པ་ཉིད། །གང་ལ་འཇུག་པ་དེ་རྣམས་ཤེས། །དེ་ཡུལ་མུན་པའི་ཁམས་གྱུར་ཀྱང་། །མུན་པའི་ཁམས་ན་དེ་ཉིད་སྣང་། །སྣང་དང་སྣང་
བའི་འོད་བྱུང་བ། །སྐྱེ་འབྱུང་རྩ་བའི་སྙིང་པོ་ཉིད། །ཕྱོགས་རིག་དེས་མི་རིག་པ་ཡི། །ངོ་བོ་ཉིད་མེད་དེ་ཉིད་དོ། །མུན་ཁུང་གསེར་སྟོར་ཇི་བཞིན་དུ། །འཁོར་བ་མུན་པ་མུན་ནག་ཏུ། །རིན་ཆེན་གསེར་དང་འདྲ་བ་ཡི། །བྱང་ཆུབ་སེམས་འདི་སྟོར་བར་འགྱུར། །
མུན་པའི་ཁམས་སུ་གྱུར་པ་དག །མུན་པའི་འདུ་ཤེས་ཉིད་དུ་འབྱུང་། །མུན་པའི་ཁམས་པས་གང་ཤེས་པ། །ཕྲ་མོའི་ཆ་ཤས་ཙམ་ཡན་ཅད། །གང་འདི་བློ་ཆུང་བྱིས་པ་རྣམས། །ཆེད་དུ་གླེང་ཞིང་གང་བརྗོད་པ། །བློ་ལྡན་ཀུན་ལ་འདི་བརྗོད་ཀྱིས། །བླུན་པོའི་
เล่ม ๙๗ · หน้า 227a
ཆེད་དུ་ཤེས་པར་གྱིས། །འདི་ཡང་འདི་ལྟར་ཡོངས་སུ་སྣང་། །ཡན་ལག་མདོ་དང་རྩ་བ་སྟེ། །འབྱེད་དང་འགྲོལ་དང་འབྱིན་པ་ཡིན། །ཡན་ལག་དྲུག་ཏུ་གང་གྲགས་པ། །མཐོང་ཐོས་ཚོར་མྱོང་རེག་ཤེས་དྲུག །འབྱུང་འཇུག་གཅོད་པའི་ཡན་
ལག་ཡིན། །ལང་ཀའི་བདག་པོ་མདོ་བཞི་ནི་གང་ཞེ་ན། འདི་ལྟ་སྟེ། གཞིའི་མདོ་དང་། དམིགས་པའི་མདོ་དང་། སྣང་བའི་མདོ་དང་། འཇུག་པའི་མདོའོ། །དེ་ཡང་འདི་ལྟར། མདོ་བཞི་གཞི་དང་དམིགས་པ་དང་། །སྣང་དང་འཇུག་པ་ལུང་བཞིན་བཤད། །ལང་
ཀའི་བདག་པོ་དེ་ལ་གཞིའི་མདོ་ནི་འདི་ལྟ་སྟེ། གཞི་ནི་བྱིས་པ་འདི་ལྟར་འདོད། །གཟུགས་མེད་མིང་ལ་མངོན་ཞེན་པ། །མེད་པའི་ཁམས་ཉིད་དེ་ཁོ་ན། །ཤེས་པ་ཀུན་གྱི་ངོ་བོར་འབྱུང་། །ཤེས་བྱ་ཉིད་དེ་ཡུལ་དུ་སྣང་། །ཐམས་ཅད་འབྱུང་བར་བྱེད་པའི་རྒྱུ། །ཡེ་
ནས་ངང་གིས་མ་སྐྱེས་ལ། །མ་བཅོས་ཡང་གིས་འོད་གསལ་བ། །རྒྱུ་རྐྱེན་མེད་པས་འདུས་མ་བྱས། །ཡོངས་སུ་མ་ཆད་ཡུལ་ཀུན་ལ། །ཤེས་ལ་མི་གསལ་ལྷན་ཅིག་འབྱུང་། །ཁྱབ་འཇུག་བཏང་སྙོམས་དངོས་མེད་ཉིད། །རྣམ་པར་མི་རྟོག་དཔྱོད་དང་བྲལ། །མི་
རྟོག་དེ་ཡི་དེ་ཉིད་ལ། །སྐད་ཅིག་སྔ་ཕྱི་ཇི་སྙེད་པ། །རྒྱུན་དང་བཅས་པའི་ཆུ་བོ་བཞིན། །རྒྱུན་འབྱུང་སྐྱེ་འགག་བཅས་པའོ། །གཅིག་ཏུ་ཆད་པ་མེད་པ་ཡི། །སོ་སོ་རིས་ལྟར་མི་སྣང་བ། །བྱེ་བྲག་རྣམ་པར་འབྱེད་པ་ནི། །འདི་དང་འདི་ཞེས་ག་ལ་ཡོད། །ཐ་སྙད་གཉིས་
ཀྱིས་བསྡུས་པའི་ཆོས། །ཐམས་ཅད་ཐམས་ཅད་པ་ཉིད་དེ། །ཀུན་འགྲོ་ཀུན་འཇུག་ཀུན་ལ་སྦྱོར། །དངོས་རིག་སྣ་ཚོགས་དབྱེར་མི་རིག །གཡོ་བ་ཉིད་དང་རྣམ་པར་བཀོད། །ཡོངས་མྱོང་གཅོད་དང་དེ་འཛིན་བྱེད། །ལྔ་ལྡན་མདུན་དུ་ལྡན་པ་ལ། །དེ་ནི་ཀུན་ལ་སྙོམས་
པ་ཡིན། །གང་ཞེན་དེ་འཛིན་ཀུན་མི་གཏོང་། །གོ་སྐབས་ཡོད་པའི་ནམ་མཁའ་ལྟར། །ཆོས་ཀུན་གནས་འབྱུང་གོ་ཡོད་པ། །སྐྱེད་མིན་སོགས་དང་ལེན་པ་ཡིན། །རྐྱེན་ནི་གཉིས་དང་མི་ལྡན་ཏེ། །མ་ངེས་དེ་ཉིད་ཁོ་ན་ལ། །ཐམས་ཅད་དུ་ནི་གནས་པ་ཡིན། །རྐྱེན་ནི་
เล่ม ๙๗ · หน้า 227b
གང་ཕྲད་དེ་ཉིད་དུའོ། །ཆོས་རྣམས་རྩ་བར་གཅིག་པ་ལ། །དེ་རྒྱུན་དབང་གི་རྣམ་པ་གཉིས། །གཞི་དང་རྟེན་ཞེས་གྲགས་པ་ལ། །རྨོངས་དང་ཤེས་པའི་ཁྱད་པར་སྣང་། །གཞི་ལ་ཀུན་འགྲོ་ཀུན་ལ་རྨོངས། །རྣམ་པ་ཞེན་པའི་བསྟི་གནས་མེད། །རྟེན་ནི་གཞི་སྦྱོར་སྣང་
བ་དང་། །འགྱུར་མེད་རྣམ་དག་བཙལ་མེད་གནས། །དེ་དག་རེ་ཞིང་རྒྱུ་འབྲས་གཉིས། །སྔ་མ་སྔ་མ་གང་དག་གང་། །ཕྱི་མི་ཕྱི་མ་སྨིན་པའི་རྒྱུ། །དེ་བཞིན་ཀུན་དུ་འཁོར་བར་འབྱུང་། །རྟེན་ལྔ་དེ་རྒྱུན་དེ་དབང་གིས། །རྣལ་འབྱོར་ལྔར་སྣང་གཉེན་པོ་ལྔ། །སྨིན་
པའི་དཔེ་ལྔ་སྦྱོར་དཔེ་བཞིན། །སྐབས་ལྔ་ལམ་ལྔ་དེ་བཞིན་ས། །ལྔ་ལྔ་བསྟི་གནས་དུས་ལྔ་དང་། །གནས་ལྔ་མཐར་ཕྱིན་རྣམ་པ་ལྔ། །འདིར་དབྱེ་བ་ལས་ལྔ་བཅུ་དྲུག །རྫོགས་པར་སྣང་བས་ལྔར་བཤད་དོ། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པས། །ནོར་
བའི་རྐྱེན་གྱིས་འཁོར་བར་སྣང་། །རང་བཞིན་ཇི་ལྟར་ཡིན་པའི་དོན། །ངེས་པར་མཐོང་ན་མྱ་ངན་འདས། །ཀུན་གྱི་གཞི་དང་གང་དེ་ཤེས། །ཆོས་ཀྱི་ཕུང་པོ་སྲིད་གསུམ་འབྱུང་། །དེ་བྱུང་རྩ་བ་སྣ་ཚོགས་ལེན། །དབྱིངས་དང་འབྱུང་གནས་རྒྱུ་ཞེས་གྲགས། །
སྟོང་པ་ཉིད་དང་མཚན་ཉིད་མེད། །དེ་བཞིན་ཉིད་དེ་མ་ནོར་བ། །མ་བཅོས་གཞན་མ་ཡིན་པ་ཉིད། །ཏིང་འཛིན་རྟོག་པ་སྟོང་ཉིད་གྲགས། །ལྷག་མཐོང་ཞི་གནས་རྣམ་པར་ཐར། །དབུ་མ་མཐའ་བྲལ་གཟུང་བ་མེད། །འཛིན་མེད་ཆད་མེད་རྟག་པ་མེད། །
སྐྱེ་མེད་འགག་མེད་རྟོག་པ་མེད། །རྣམ་པར་རྟོག་མེད་མཚན་མ་མེད། །དེ་བཞིན་བདག་མེད་གཞན་མེད་པ། །འགྲོ་བ་མེད་ཅིང་འོང་བ་མེད། །དྲི་མེད་འདུ་བ་འབྲལ་བ་མེད། །ཕུང་མེད་ཁམས་མེད་སྐྱེ་མཆེད་མེད། །ཡུལ་མེད་ལས་མེད་རྒྱུ་འབྲས་མེད། །མ་
སྐྱེས་སྙིང་པོ་བྱང་ཆུབ་མེད། །སངས་རྒྱས་ཆོས་དང་བྱང་ཆུབ་སེམས། །དེ་ནི་མི་སྐྱེ་མི་འགག་ལ། །དེ་ནི་ནམ་མཁའ་ལྟ་བུའོ། །ཆོས་ཀྱི་དབྱིངས་ཉིད་ཆོས་ཀྱི་སྐུ། །མི་རྟོག་ཡེ་ཤེས་ཡིན་ཞེས་གྲགས། །མ་བྱུང་ཡེ་ནས་རང་བཞིན་སྣང་། །ཇི་སྲིད་ལེན་པའི་སྲིད་པ་
เล่ม ๙๗ · หน้า 228a
དག །གང་སངས་གང་དག་བྱུང་འགགས་པས། །སྡུག་བསྔལ་དེ་རྒྱུན་ཟད་བསྲེགས་པས། །འགྱུར་བའི་སྐབས་ལྔས་ངེས་པར་འབྱུང་། །གཟུགས་མེད་མཐོང་མེད་ཡོད་མ་ཡིན། །ཡོད་པས་མཐོང་བའི་ཡུལ་དུ་གྱུར། །མཐོང་མེད་ཡུལ་དུ་མ་གྱུར་པ། །
ཡོད་ཅེས་བྱ་བར་ག་ལ་རིགས། །མུ་མཐའ་མེད་པར་འབྱུང་བའི་རྒྱུ། །དངོས་མེད་གཞི་རྟེན་ངོ་བོ་ཉིད། །དེ་བས་ཐ་དད་སྣ་ཚོགས་སྣང་། །དབྱིངས་འདི་མེད་ན་ཀུན་དང་འགལ། །གལ་ཏེ་མེད་པ་གཅིག་ཡོད་ན། །འཛིན་པ་ཕྱོགས་ཀྱང་དེ་ལྟ་བས། །ནམས་ཀྱང་གྲོལ་
བར་མི་འགྱུར་ཏེ། །འཆིང་བའི་མདུད་པ་དེ་ན་ཡོད། །གང་ཞིག་མུར་འཛིན་མཐར་ལྟ་བ། །དེས་ནི་མུ་མེད་དོན་མ་མཐོང་། །མུར་འཛིན་མཁའ་ལ་མཐོས་འཇལ་འདྲ། །མུ་མེད་ཉིད་ན་གྲོལ་བར་བཤད། །མུར་འཛིན་གྲོལ་འདོད་གྲོལ་མ་ཡིན། །བྱེ་མ་སྐྱེད་ཀྱང་འབྲུར་
མི་སྨིན། །ཤེལ་སྒོང་བསྒྱུར་ཡང་གཏིང་མི་འགྱུར། །མཆིང་བུ་བསྒྱུར་ཡང་རིན་ཆེན་མིན། །ས་རྡོ་བསྲེས་ཀྱང་འདྲིར་མི་རུང་། །གློག་འགྱུས་གཞི་ལ་མུན་པ་མེད། །མཚལ་ཟི་གསེར་ཞུན་གཅིག་མི་སྲིད། །སྐྱེས་བུས་ཉིད་ལ་མཆོད་མི་སྲིད། །ཆུ་བོ་སྔ་ཕྱི་རྒྱུན་
མི་འཕྲད། །ཆོས་མཐུན་པ་ན་རིགས་མཐའ་ཡས། །དེས་ན་དེ་བཞིན་ཉིད་ཅེས་བསྔགས། །དེ་ཉིད་མེད་ན་ཐམས་ཅད་དུ། །གང་དེ་ལེན་ཡོད་ག་ལ་སྲིད། །དེ་ཉིད་མེད་ན་རྒྱུན་བཀག་ནས། །ཇི་སྲིད་ཅིག་ན་སླར་ལྡང་བ། །གང་ལས་བྱུང་དེ་གང་ལས་མིན། །གང་
མེད་དེ་མེད་གཉིས་མེད་ན། །གང་ལས་ལྡང་སྟེ་གང་མི་འགྱུར། །དེ་བཞིན་གང་གིས་འགགས་འགྱུར་ན། །སྐད་ཅིག་ཇི་སྲིད་དེ་ནས་ལྡང་། །དེས་ན་དེ་ཉིད་ཀུན་གྱི་གཞི། །ལུས་དང་དུག་སྨན་ཇི་བཞིན་ནོ། །འཇུག་པ་ལྔ་ནི་རྨི་ལམ་འདྲ། །དེ་ལྟར་ན་འདི་གཅིག་
པའམ། །འོན་ཏེ་ཐ་དད་པ་ཞིག་ཡིན། །གཅིག་དང་ཐ་དད་ངོ་བོ་ལས། །གྲོལ་ཏེ་དབྱིབས་སམ་ཁ་དོག་གམ། །རྙོག་ཆུ་འོ་མའི་ཆུ་བཞིན་ནོ། །དེ་ན་དེ་ཉིད་དེ་བཙན་ནམ། །གལ་ཏེ་དེ་ཡི་གཞི་འདི་བཙན། །མི་གཡོ་མི་འགྱུར་གཡོ་དང་འགྱུར། །མ་
เล่ม ๙๗ · หน้า 228b
བྱུང་བ་དང་དེ་བཞིན་འབྱུང་། །ནམ་མཁའ་འབྱུང་བ་ཇི་བཞིན་ནོ། །ཐོག་མ་ཐ་མ་དུས་མི་དམིགས། །མ་ནོར་མ་བཅོས་དེ་བཞིན་ཉིད། །རང་བཞིན་ཀུན་དུ་སྣང་བའི་དབྱིངས། །མ་བྱུང་རང་བཞིན་ཡེ་ནས་གསལ། །གཞི་འམ་དེ་རྒྱུན་ཞེས་བྱ་བ། །ཤེས་རྒྱུན་
ཐམས་ཅད་སྐྱེ་འབྱུང་བའི། །རྩ་བ་མཐུ་ཅན་གཞིར་གཞག་པ། །སྣ་ཚོགས་འབྱུང་རྒྱུ་དེ་ཉིད་དོ། །དང་བའི་མཁའ་ལ་རྒྱུ་བའི་སྤྲིན། །གསེར་གྱི་གྲངས་ཙམ་བྱུང་ཚུན་ཆད། །ཁུག་རླངས་སྤྲིན་ཕུང་འཐིབས་ཞེས་བྱ། །འབྱུང་བའི་སྐད་ཅིག་དེ་སྔོན་ཅད། །དང་
བའི་མཁའ་ཉིད་སྣང་ཞེས་བྱ། །དེ་བཞིན་དེ་ཉིད་དེ་གཞིར་གཞག །མཚུངས་པ་ཡིན་ཕྱིར་དེར་སྣང་སྟེ། །སོ་སོའི་བྱེ་བྲག་དེ་ཙམ་མོ། །དེ་ཉིད་དེ་ཡི་རྒྱུ་བ་ལས། །འཇུག་པའི་ཚོགས་རྣམས་རྩལ་དུ་སྣང་། །རྩ་བ་མཐུ་ཆེན་འཕེལ་འགྱུར་བས། །གང་དང་གང་དུ་
གང་ཉོན་མོངས། །མཚན་མར་སྣང་འཛིན་གཡོ་འགུལ་བསྐྱོད། །རང་སྣང་གང་ལ་དེ་གསལ་རིག །གང་དུ་ལྟ་དང་གང་འཛིན་པའི། །དེ་རྒྱུན་དེ་ལས་དེར་འདི་འབྱུང་། །གང་ཚོར་གང་ཤེས་གང་དེ་ཤེས། །སྐྲག་ཅིང་དངང་འཇིགས་དངོས་པོ་ཉིད། །མེ་ལོང་མེ་ཤེལ་
མེ་འབྱུང་གསུམ། །གང་དང་ཕྲད་ན་དེ་བཞིན་འབྱུང་། །མེ་ལོང་མཚོ་རླབས་ས་རླབས་གསུམ། །ཇི་སྲིད་དེ་རྒྱུན་བྱུང་ཚོར་རྣམས། །དེ་ཉིད་རྒྱུ་ཡིས་རང་བཞིན་ལྔ། མེ་འཛིན་དེ་འཛིན་འདབ་འཛིན་ལྟར། །དེ་ཉིད་དེ་ཡིས་དེ་རྒྱུན་ལ། །གང་ཞེན་དེ་འཛིན་བྱེད་པ་ཡིན། །
རས་དཀར་ལ་སོགས་དེ་དག་ནི། །གང་སྒོའི་དབང་དུ་དེ་དག་འདུའོ། །དེ་ཉིད་དེ་ལ་དེ་རྒྱུན་རག །གང་ཉིད་བསྒོས་པ་དེ་ཉིད་དུའོ། །གངས་དྲེག་ལ་སོགས་དེ་དག་ནི། །སོགས་པས་དེ་དག་ཉིད་དུ་སྣང་། །དེ་རྒྱུན་འབྱུང་གང་དེ་དག་ནི། །དེ་ཡང་དེ་དག་ཉིད་དུའོ། །འོ་མ་ཆུ་
དང་ས་བོན་ལས། །དེ་མི་འདྲ་བས་དེ་རྟས་ཡིན། །དེ་ཉིད་དེ་ཡི་རྒྱུན་དེ་ལས། །དེ་ཡང་དེ་ལྟར་སྣང་བ་ཡིན། །གནས་པ་དེ་དག་གང་ཡིན་པ། །དེར་འབྱུང་བ་དེ་ཉིད་དུའོ། །མྱུར་སྨིན་དུས་སྨིན་དུས་གཉིས་མིན། །ས་བོན་ཆེ་ཆུང་འཕེལ་འགྲིབ་དེའོ། །སྤྲིན་དང་ལིང་
เล่ม ๙๗ · หน้า 229a
ཐོག་མུན་པ་ཡིས། །རྫས་གང་མི་མཐོང་སྒྲིབ་པ་ལྟར། །དེ་ཡི་རྒྱུན་འཁྲིགས་མུན་པ་ཡིས། །བལྟ་བྱ་དེ་ཉིད་མཐོང་མ་ཡིན། །དང་པོ་གཉིས་དང་ཕྱི་མ་ལ། །གསལ་དང་འགགས་དང་ཐ་དད་སྣང་། །དེ་ཉིད་ཀུན་ལ་འགྲོ་བའི་ཕྱིར། །གཅིག་
གིས་སྣ་ཚོགས་ཐ་དད་ལེན། །དེ་ཉིད་རྩལ་ལས་འཇུག་པ་དྲུག །སླར་འཇུག་པ་ཡང་དེ་ཉིད་ལས། །ཆར་རྒྱུན་སྨིག་རྒྱུ་ཇི་བཞིན་ནོ། །མིག་ནད་དབང་གིས་ཡུལ་དག་ལ། །ཐ་དད་མ་ཡིན་ངོ་བོ་ཙམ། །གང་དང་འདི་གཅིག་འདྲེས་པ་ལས། །སྒྱུ་རྩལ་དེ་འབྱེད་དེ་
དག་ལེན། །དེ་ཉིད་ལས་བྱུང་དེ་རྣམས་འབྱེད། །གང་འདིར་སྦྱོར་ཞིང་མི་སྣང་ཡང་། །གང་གི་དབང་གིས་ཐ་དད་སྣང་། །དེ་ལས་དེ་འབྱུང་དེ་ཉིད་ལས། །དེ་བཞིན་དེ་དག་འབྱུང་བའོ། །དྲི་ངའི་དྲི་འབྱུང་གང་གི་དྲི། །གང་མེད་གང་ལ་ཞེན་པ་ནི། །མི་འདྲ་མི་གཅིག་དེ་
ཉིད་ལས། །དེ་ཉིད་གཞན་ལ་དེ་རྒྱུན་གཞན། །གང་གི་ངོ་བོ་དེ་གཅིག་ལ། །དེ་ཡང་གནས་དང་སྐབས་ཀྱིས་འགྱུར། །གང་ལ་བག་ཆགས་རྣམ་དག་པ། །དང་བས་ཐམས་ཅད་གསལ་བ་བཞིན། །གང་གི་རྒྱུན་སངས་ཀུན་ཁྱབ་རྒྱས། །དབུ་མ་རྣམ་དག་དེ་ཉིད་ཅེས། །
མུན་པའི་སྤྱོད་ཡུལ་བ་དག་འཛིན། །མུན་པའང་དེ་ཉིད་དེ་ལ་འབྱུང་། །མུན་པའི་རང་བཞིན་ངོ་བོ་དང་། །མཚན་ཉིད་ཡན་ལག་རྩ་བ་དང་། །གནས་དང་སྒྲིབ་པ་བྱེ་བྲག་ཆོས། །གང་དུ་གང་གིས་གང་ཕྱིར་གང་། །དེ་དག་ངེས་པར་དབྱེ་བར་བྱའོ། །ལང་ཀའི་བདག་
པོ་དེ་དག་ནི་གཞི་ཡི་མདོ་ཞེས་བྱ་སྟེ། གང་མུན་པའི་སྤྱོད་ཡུལ་བ་ལས་ཀྱི་བསྒྱིངས་པ་རྣམས་ལ་དགོངས་ཏེ་མུན་པའི་ཆོས་རྣམས་གསུངས་པའོ། །ལང་ཀའི་བདག་པོ་དེ་ལ་དམིགས་པའི་མདོ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཁམས་དེ་འཛིན་གནས་གཅིག་
ཉིད། །དེ་འཛིན་དེ་ཉིད་དེ་ལ་ལྟ། །དེ་འཛིན་དེར་བྱེད་མུན་པ་ཅན། །ཕྱོགས་འཛིན་ཕྱོགས་མེད་རྣམ་དང་གཅིག །མ་ངེས་སྤྱིར་འགྲོ་གཉིས་མི་དམིགས། །སྣ་ཚོགས་མེད་དེ་བདག་ཉིད་འཛིན། །དྲི་མེད་འཛིན་མེད་གཞན་འདྲ་མེད། །དེ་འཇུག་རྟེན་མེད་ཁྱད་པར་མེད། །
เล่ม ๙๗ · หน้า 229b
དུས་གསུམ་དུས་སུ་དེ་འཛིན་མེད། །དེ་འཛིན་དེ་ལ་དེར་འཛིན་པས། །གཟུགས་མིང་གཉིས་ལ་ཆགས་ཁམས་སོ། །ལང་ཀའི་བདག་པོ་དེ་ལ་སྣང་བའི་མདོ་གང་ཞེ་ན། འདི་ལྟ་སྟེ། འདོད་ཁམས་དེ་འཇུག་དེ་འབྲང་གནས། །གསུམ་པ་ཡིན་ཏེ་དེ་དག་ནི། །དེ་ཉིད་
འབྱུང་རྟེན་དེ་མ་ཐག །འདོད་པ་ལྔ་དང་ཆོས་གཉིས་སོ། །བྱེད་པ་ཀུན་དང་རྟག་ཏུ་གཅིག །རིགས་གསུམ་དག་དང་ཕྲད་རིགས་འཛིན། །དེ་འཇུག་ཚོལ་གཅོད་འབེབས་པའོ། །མ་འགགས་གང་དུ་རྒྱུན་ཁྱབ་འཇུག །དུས་གསུམ་སྐབས་གསུམ་འཇུག་མེད་པའོ། །
སྣ་ཚོགས་དེ་ཉིད་དེ་ལ་འདེབས། །དེ་ཡང་འཇུག་པ་རྣམ་གཉིས་ཏེ། །ལྔ་དང་ཐུན་མོང་དེ་ཁྱད་པར། །ཡུལ་རིག་པ་དང་མཚན་ཉིད་རིག་པ་དང་། དུས་རིག་པ་དང་། སྐད་ཅིག་མའི་རྒྱུན་རིག་པ་དང་། ལས་ལ་འཇུག་པ་དང་། གང་གི་འབྲས་བུ་ཡོངས་སུ་མྱོང་
བའོ། །དྲུག་གཉིས་ལྔ་གསུམ་བཅུ་གཉིས་གཅིག །ཐམས་ཅད་དེ་འཇུག་བྱེད་པ་ཡིན། །ལང་ཀའི་བདག་པོ་འདི་ལྟ་སྟེ། གསང་བ་མཆོག་གི་བདག་པོ་དེ། །གསང་བ་མཆོག་གི་དགྱེས་པ་ན། །དགོངས་ཏེ་ཡུལ་འདི་རྒྱ་ཆེར་བཤད། །དང་པོ་རྣམ་རྟོག་བདུན་
རྟོག་པ། །མཚན་མ་ཅན་དང་མཚན་མ་ཡིན། །རང་གི་ངང་གིས་འཇུག་ཚོལ་བ། །སོ་སོར་རྟོག་དང་ཉོན་མོངས་ཅན། །དེ་མིན་རྣམ་པར་རྟོག་པའོ། །གཉིས་པ་ཉེ་བར་སེམས་གསུམ་སྟེ། །རིགས་བསྐྱེད་རིགས་མིན་གཉི་ག་མིན། །གསུམ་པ་རྨོངས་བྱེད་
དཔའ་བྱེད་རྐྱེན། །གང་འདིར་འབྱུང་འགྱུར་དབང་རྟེན་འགྱུར། །དབང་པོ་འབྱུང་འགྱུར་རྣམ་ཤེས་ཀྱི། །དེ་དང་ཆ་མཐུན་འབྱུང་ཆ་མཐུན། །ཉམ་ཆུང་བ་དང་མ་གོམས་དང་། །རྣོ་དང་ཚད་ལས་འདས་པའོ། །བཞི་པ་བླ་འཁྱལ་སྙིང་ཁྲིན་དང་། །གང་མ་སྙོམས་
དང་འཇིགས་སྐྲག་དང་། །གནད་དུ་གྱུར་དང་གཞན་གྱིས་བརླམས། །ལྔ་པ་ནད་འཇུག་ཉམ་ཆུང་བ། །ངལ་དང་དྲགས་དང་འཐིབས་པ་དང་། །གཏད་དང་གོམས་དང་གཞན་རྐྱེན་འགྱུར། །ལྔ་གཉིས་དང་པོ་ཕྱིར་བྱུང་བ། །རྟས་དང་གང་འདིར་སངས་པ་དང་། །གང་
เล่ม ๙๗ · หน้า 230a
དེ་བློང་བས་ཀུན་དཀྲིས་ཟད། །གཟའ་གཏད་རྐྱེན་གྱིས་དེ་འཇོམས་དང་། །གཞན་གྱི་རྐྱེན་གྱིས་འགྱུར་བའོ། །ཐང་གཅིག་འགགས་དང་དེ་སངས་པ། །དེ་ཡང་དེར་འཇུག་དེ་ཉིད་དོ། །གཉིས་པ་གཉིས་བྱེད་ལ་འཇུག་པ། །འདིའོ་སྙམ་དུ་སྔོན་
འགྲོ་དང་། །བདུན་པ་སྐྱེད་དང་འབད་རྩོལ་སྦྱོར། །ཐམས་ཅད་འབྱུང་བ་གཡོ་བར་བྱེད། །གསུམ་པ་ཆགས་དང་བྲལ་བྱེད་པ། །ཆགས་པ་ཡུལ་གནས་ལས་སྐྱོ་ཞིང་། །གཞན་གྱིས་བྲལ་དང་བར་གཅོད་དང་། །ཡང་དག་ཡིད་ལ་བྱེད་པས་བྱེད། །བཞི་པ་
ཆགས་པས་ཉམས་གྱུར་པ། །རྨོངས་པའི་ལྟ་བས་བརྟན་པར་གནས། །གང་འདིར་གོམས་པ་ཆུང་བ་དང་། །རྣམ་པ་རྟགས་དང་མཚན་མ་དང་། །དེ་བྱེད་ཡིད་ཉམས་སོགས་འགྱུར་བས། །ཡང་དག་བླངས་ཏེ་དེར་འཇུག་དང་། །སྒྲིབས་དང་གཞན་གྱིས་ཟིན་
པའོ། །ལྔ་པ་དོན་རྒྱུན་ཆད་བྱེད་པ། །གསལ་དང་ལོག་པའི་སྟོབས་ལྡན་དང་། །ལོངས་སྤྱོད་མཐུན་པའི་གྲོགས་རྙེད་དང་། །དེ་དག་རྒྱུན་མི་འཆད་འགྲོ་དང་། །རྒྱུན་དུ་གཅོད་ལྡོག་མི་བྱེད་པ། །ལོག་རྒྱུན་གནས་བྱེད་དོན་རྒྱུན་བཅད། །ལྔ་གསུམ་དང་པོ་
མཚམས་སྦྱོར་བ། །དེ་ལས་ལྡོག་པའི་དོན་རྒྱུན་ལྡན། །གཉིས་པ་ཉིང་མཚམས་སྦྱོར་བ་ཡི། །འཆི་བའི་ཆོས་ལ་གཉིས་ཡོད་དེ། །དུས་དང་དུས་མ་ཡིན་དེ་ལ། །ཁ་ཅིག་དུས་མིན་འཆི་བ་ཡི། །དེ་རྐྱེན་ཟད་དང་དེ་གཞན་རྐྱེན། །དེ་ཚེ་ཡུན་རིང་རྒྱུ་ཡོད་ཀྱང་། །
ཡུན་རིང་གནས་པའི་རྐྱེན་མ་ཚང་། །ཡ་ང་མ་སྤངས་ལས་ཀྱི་རྐྱེན། །ཚད་ལས་འདས་དང་མི་འཕྲོད་དང་། །གང་མ་སངས་པར་གང་ནོན་དང་། །རྙིང་འཁྲིགས་འབྱིན་པར་མི་བྱེད་དང་། །གང་དེ་འགགས་པར་རྒྱུན་འགོག་དང་། །སོ་སོའི་གཉེན་པོ་སྟེན་མི་བྱེད། །མ་
གོམས་མཐུན་འཕྲོད་མི་ཤེས་དང་། །དུས་མིན་འགྲོ་དང་སྤྱོད་པས་ཉེས། །དེ་ནས་འདུ་ཤེས་གསུམ་ལྡན་ཏེ། །དོན་དང་ལོག་པ་བཏང་སྙོམས་ལྡན། །དོན་དེ་གང་ལྡན་གར་འགྲོ་བ། །སྔོན་དུ་དེ་བསྟེན་དེ་དྲན་ནས། །གཞན་གྱིས་གསལ་བར་བྱས་ཀྱང་ནི། །རགས་པས་
เล่ม ๙๗ · หน้า 230b
འབྱུང་བ་དེ་བར་དུའོ། །འདུ་ཤེས་ཕྲ་བར་རྒྱུ་བའི་ཚེ། །དེ་ལས་ལྡོག་ཅིང་བཏང་སྙོམས་ལྡན། །དེ་སྔོན་དེ་བསྟེན་དེ་འབྱུང་ལ། །བསལ་བར་མི་ནུས་གཞན་དག་གིས། །བསྐུལ་ཡང་དྲན་པར་ཡང་མི་ནུས། །དེ་དང་གང་ལྡན་བདེ་འགྲོ་སྟེ། །མི་བཟད་དྲག་པོའི་ཚོར་བ་
ཡང་། །ཉམས་སུ་མྱོང་བར་མི་འགྱུར་རོ། །དེ་ཡི་དུས་ན་གང་མཐོང་བ། །གང་དུ་མ་མཐོང་དེ་ཉིད་མཐོང་། །ཇི་ལྟར་ཉི་མའི་འོད་རྐྱེན་གྱིས། །སྣང་བ་ཁད་ཀྱིས་འབྱུང་བ་བཞིན། །མུན་པའི་ཁམས་ནས་སྣང་བར་འགྱུར། །རྨི་ལམ་ལྟ་བུར་གཟུགས་སྣང་བ། །ཡིད་
འོང་སྣ་ཚོགས་མཐོང་བར་འགྱུར། །དེ་ཡི་དེ་ཀུན་ཤེས་པ་དེས། །གང་འདིར་སྨད་ནས་འདོར་བར་བྱེད། །དྲོད་དང་སྟེང་དུ་ཡལ་བར་འགྱུར། །གཙུག་ཏོར་གང་འབྱུང་བདེ་བའོ། །གང་དུ་ལོག་པར་དེ་འགྲོ་བ། །གོང་ལས་བཟློག་པ་ཇི་བཞིན་ཏེ། །མི་བཟད་དྲག་
པོའི་ཚོར་བས་ནི། །ཤིན་ཏུ་ཟུག་གཟེར་མི་བཟོད་དེ། །གཡོ་འགུལ་མི་སྙན་ང་རོ་གདོན། །འཁྲུལ་པའི་གང་སྣང་མཐོང་བ་ན། །བྱམས་པ་ལ་སོགས་གང་ཞིག་ནི། །གཤེད་མ་ལ་སོགས་མི་འདོད་པ། །འཇིགས་པའི་གཟུགས་ནི་སྣ་ཚོགས་སུ། །མཐོང་བས་རྡུལ་
འབྱུང་བ་སྤུ་གཟིང་། །ཡན་ལག་གཡོབ་ཅིང་མཁའ་ལ་རྙོབ། །བཤང་གཅི་འབྱུང་ཞིང་མིག་ཀྱང་ལྡོག །སྣང་བའི་ཁམས་ནས་མུན་པར་བྱུང་། །དེ་ཡི་དེ་ཀུན་ཤེས་འབྱུང་ལྟུང་། །གང་དེ་མཐར་འབྱུང་མི་བདེའོ། །བཏང་སྙོམས་དེ་ཡིས་མ་གསལ་ལམ། །གཞན་
གྱིས་གསལ་བར་མ་བྱས་པའོ། །གཉིས་སུ་མི་གསལ་བཏང་སྙོམས་སོ། །འདི་དག་གང་ལྡན་གང་འགྲོ་ཡང་། །གང་ལྟར་གོམས་པ་ཁོ་ནར་ངེས། །གོམས་པ་ལ་གཞོལ་དེ་སྟོབས་ལྡན། །གང་མ་གོམས་པ་གསལ་བྱས་ཀྱང་། །མ་ཞེན་དབང་གིས་འགག་
པར་འགྱུར། །གང་དེ་གཉིས་ལ་མཚུངས་གོམས་ན། །དེར་ནི་དང་པོར་གང་གསལ་ལམ། །གཞན་གྱིས་གསལ་བར་བྱས་པ་ལས། །ལོག་པར་མི་འགྱུར་གཞན་མི་འཇུག །བཏང་སྙོམས་ཁ་ཅིག་འགྱུར་བ་ཡིན། །ཁ་ཅིག་མི་འགྱུར་རྫོགས་མི་འབྱུང་། །ཐམས་
เล่ม ๙๗ · หน้า 231a
ཅད་ཀྱང་ནི་འཕོ་བའི་ཚེ། །གང་འདིར་རྒྱུ་བ་མི་གསལ་བའི། །སྐབས་སུ་མ་བབ་བར་དག་ཏུ། །ཡུན་རིངས་དུས་ན་གོམས་པ་ཡི། །གང་ལ་གང་ཆགས་དེ་འབྱུང་ངོ་། །དེ་ལས་དེ་ཡི་དེ་དབང་གིས། །འདིར་དེ་མེད་པར་འགྱུར་ཤེས་ནས། །དེ་འདི་ཉིད་
ལ་ཞེ་སྡང་སྐྱེ། །གང་མ་འོངས་ལ་འཇུག་པར་འགྱུར། །ཞེ་སྡང་མེ་ཡིས་ཟིལ་མནན་པས། །གནས་པ་འདི་ཡི་རྒྱུན་འགགས་ཏེ། །གང་མ་བྱུང་ལ་ཆགས་པ་དེ། །སྲིད་པ་གསུམ་གྱི་བར་བདུན་པ། །མངོན་པར་བསྒྲུབ་པའི་རྟེན་ཡིན་ནོ། །དེ་ཡི་དུས་ན་རྣལ་
འབྱོར་པ། །དེ་བཞིན་དེ་ལ་གོམས་ཆེད་ཆེ། །དེ་ཚེ་ཆགས་པ་འབྱུང་མོད་ཀྱི། །གོམས་པར་གྱུར་པའི་དོན་སྟོབས་ཀྱིས། །ཆགས་པ་དེ་ཟིལ་གནོན་པ་ནི། །མི་གང་རྩལ་དང་ལྡན་པ་ཡིས། །ཤུགས་མེད་གང་དག་གནོན་བཞིན་ནོ། །བྱང་ཆུབ་རིགས་འཛིན་རྣལ་འབྱོར་
ལ། །གང་ཆགས་དེ་འབྱུང་མི་འགྱུར་རོ། །གནད་ཀྱི་སྡུག་བསྔལ་མི་བཟོད་པའི། །གང་ལ་མཐོ་དམན་མ་གཏོགས་པ། །གཞན་དག་ཀུན་ལ་འབྱུང་བ་ཡིན། །ཤིན་ཏུ་ཉེན་དགའ་མེད་ཕྱིར་རོ། །སྡུག་བསྔལ་ཆེ་ཆུང་གཉིས་ཁོ་ན། །གང་འགགས་གཅིག་དང་
རིམ་གྱིས་འགགས། །དེ་ཉིད་གོམས་ཏེ་གང་མ་འགགས། །གཙོ་བས་དེ་ལ་དེར་ཞེན་གཅེས། །གསུམ་པ་སྲིད་གསུམ་བར་བདུན་པ། །བརྫུས་སྐྱེ་དབང་ལྡན་ལས་ཀྱི་འགྲོ། །གང་མཐུན་མཐོང་ཡིན་གང་མཐོང་མིན། །ཤིན་ཏུ་བདེ་དང་བདེ་སྡུག་བསྔལ། །
དེ་སོགས་གང་དུ་སྐྱེ་འགྱུར་དེའི། །དེ་དབྱིབས་འཛིན་ཅིང་ཐོགས་པ་མེད། །དེ་ཡི་ལུས་སམ་སྤྱོད་ཡུལ་ནི། །དྲི་མ་ཅན་དུ་གྱུར་པ་རྣམས། །མཚན་མོ་མུན་ནག་རྫས་ནག་ལྟར། །ཐམས་ཅད་ཐམས་ཅད་མཐོང་བར་འགྱུར། །གང་དག་དྲི་མེད་པ་དག་རྣམས། །ཟླ་
འོད་དཀར་དང་རྫས་དཀར་ལྟར། །དེ་གཉིས་དེ་མིག་དག་པས་མཐོང་། །གང་དེའི་དེ་ཚད་ཐ་མ་པའི། །སྤྲུལ་པ་འབྱུང་གནས་ལྔ་ཚད་པར། །གང་སྐྱེ་གནས་མ་བླངས་བར་དུ། །དེ་མིག་དེ་ཡི་མིག་ལྟ་བུར། །གང་ལས་ཐོགས་མེད་སྐལ་མཉམ་པའོ། །གང་
เล่ม ๙๗ · หน้า 231b
ལྟར་ཀུན་ལ་མ་ཡིན་ནོ། །གང་སྐལ་མཉམ་པའི་སྐྱེ་གནས་དང་། །དེ་དག་ཉིད་གནས་མཐོང་བར་གྱུར། །གང་དག་དྲི་མིག་ཐུར་དུ་གསལ། །སྤྱི་ཚུགས་འགྲོ་ལ་གཞན་མཐོང་མིན། །དྲི་མེད་མཐོར་གསལ་གཞན་དེ་བཞིན། །གང་གི་ཐད་དུ་དེ་ཉིད་སྣང་། །གཞན་
ནི་གོང་མ་ཉིད་བཞིན་ནོ། །བར་བདུན་པ་ཡི་སྙིང་པོ་ཅན། །སྐྱེ་བ་དེ་མ་རྙེད་བར་དུ། །རིང་ལྟར་ཐོགས་ན་བདུན་པའོ། །གང་དེ་ལྡན་ན་ངེས་མེད་དེ། །གཅིག་གམ་གཉིས་སམ་གསུམ་ན་འཕོ། །གང་མ་ལྡན་ན་དེ་རྗེས་ནས། །ཡང་བདུན་བར་དུ་དེ་ན་གནས། །གང་
ཡོད་དེ་གང་མི་ལྡན་ན། །བདུན་ཕྲག་བདུན་གྱི་བར་དག་ཏུ། །བདུན་ཉིད་རེ་ན་དེ་རྗེ་ཞིང་། །དེ་རྫོགས་སྲིད་དུ་དེ་ན་གནས། །དེས་ནི་གནས་པ་དེ་ཟད་ནས། །གཞན་དུ་གནས་པ་དེ་འཛིན་པའི། །གང་དེ་ཇི་སྲིད་ཟིལ་གྱིས་གནོན། །བདུན་ཉིད་བདུན་རྫོགས་དེ་ཕྱིན་
ཅད། །ངེས་པར་དེ་མེད་ག་ལ་སྲིད། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པས་བར་མ་དོ། །བདུན་ཞིང་ནུབ་པའི་རང་བཞིན་པས། །ནུབ་པའི་སྲིད་པ་ཞེས་ཀྱང་བཤད། །བདུན་པའི་བར་དུ་གནས་པས་ན། །གང་དེ་བར་བདུན་པ་ཞེས་བྱ། །དྲི་ཡི་ཕྱིར་
འབྲང་དྲི་རྟ་བས། །དྲི་ཟ་ཉེར་འགྲོ་ཞེས་ཀྱང་བྱ། །དེ་ལ་བརྟེན་ནས་དེ་བྱུང་བས། །དེ་ལས་བྱུང་བ་ཞེས་ཀྱང་བྱ། །སྐྱེ་བའི་དབྱིབས་ཚུགས་དེ་འཛིན་པས། །སྔོན་དང་ཕྱི་མའི་ཚུལ་བཞིན་ཅན། །སྐྱེ་བ་སྔོན་དུ་བྱེད་པས་ན། །མངོན་དུ་གྲུབ་པ་ཞེས་ཀྱང་བྱ། །རྟག་ཏུ་
ཟས་ལ་ཉེ་འཁོར་བས། །ཉེ་བར་འཁོར་བ་ཞེས་ཀྱང་བྱ། །གཉིས་ཀྱི་བར་སྐབས་ཡིན་པས་ན། །སྲིད་པ་མཚམས་སྦྱོར་བ་ཞེས་བྱ། །དེ་ནི་གཟུགས་ཅན་ཡིན་པས་ན། །གཟུགས་མེད་པ་ཡི་གནས་མེད་དོ། །དེ་ན་གནས་པའི་སྲིད་པ་དེ། །སྔར་འགགས་
པ་ཡི་སྲིད་པ་ལ། །དེ་དང་དེ་མིན་བཏང་སྙོམས་པ། །གསུམ་ལ་ཆགས་སྡང་ཞེན་གོམས་པས། །གང་སྔོན་གང་ལ་ཞེན་པ་བཞིན། །དུས་དེར་དེ་ལ་མངོན་པར་དགའ། །སྔོན་ཚེ་ལེགས་ཉེས་སྤྱད་པའི་ཡུལ། །ཀླུང་དུ་གང་གྱུར་དེ་ཉིད་སྣང་། །དེ་དག་རྨི་ལམ་
เล่ม ๙๗ · หน้า 232a
བཞིན་མཐོང་ནས། །མཐོང་ཉིད་ཡུལ་དུ་མངོན་པར་གྱུར། །དེ་ཚེ་འཁྲུལ་པའི་གཟུགས་མཐོང་ལྟར། །གང་གིས་སྔ་ལྟས་འབྱུང་བར་འགྱུར། །བདེ་རྐྱེན་མི་ལྡན་པ་ཞིག་ན། །དེ་ན་གནས་དང་དེ་ནུབ་ན། །དམན་པར་འབྱུང་བའི་སྔ་ལྟས་ནི། །
སྲོག་ཆགས་ལྡེམ་བུ་ལ་སོགས་པའི། །གང་དུ་འབྱུང་བའི་རིགས་མཐུན་མཐོང་། །ཅ་ཅོའི་སྒྲ་དང་འདམ་བུའི་ཐིབས། །ནགས་ཚལ་ཐིབས་པོ་ལ་སོགས་པ། །ལྡུམ་བུའི་ཚལ་དང་དྲི་སྣ་ཚོགས། །ཁང་བཟངས་རྫིང་དང་འཁྲིགས་སྤྲིན་གྱིས། །ནང་དུ་འཇུག་པའི་
མཚན་མ་འབྱུང་། །གང་འདིར་དག་པ་བ་ཞིག་ན། །རིགས་མཐོང་གྱུར་པའི་སྔ་ལྟས་ནི། །ཞི་བའི་ཡུལ་དང་སྙན་པའི་སྒྲ། །ཡིད་འོང་དབང་པོ་ཚིམ་པ་དང་། །ཁང་བཟངས་དང་ནི་གཞལ་མེད་ཁང་། །སྐྱེད་མོས་ཚལ་དང་སྣང་ཡུལ་དུ། །འབྱུང་བའི་མཚན་མ་སྣང་
བར་འགྱུར། །འཁོར་ལོས་སྒྱུར་རྒྱལ་ལ་སོགས་པའི། །དག་པས་དག་པ་དེ་རིགས་མཐོང་། །དེ་ན་གནས་པའི་སྙིང་པོ་དེ། །འདོད་ལ་ཞེན་པས་ཞེན་པའི་ཕྱིར། །གང་དུ་དྲི་བྱུང་དེར་འབྲངས་པས། །ང་དང་མི་ང་དྲི་འབྱུང་ཡུལ། །དེ་ལ་ཞེན་པས་ཚིམ་འགྱུར་ཏེ། །
འཁྲིགས་པས་དེ་ལ་ཞེ་སྡང་འབྱུང་། །དེས་ནི་བར་བདུན་རྒྱུན་འགགས་བྱེད། །དེ་ཞེན་བར་དུ་དེ་ཟད་ནས། །དེས་ནི་དེ་ཉིད་དེ་རྟས་ཏེ། །གང་དུ་རྟས་པའི་སྙིང་པོ་ལས། །སོགས་པའི་ལུས་ཅན་ཐ་དད་སྣང་། །དྲོད་རྐྱེན་རླན་རྣམས་དེ་རིགས་འཛིན། །དེ་མེད་ཁམས་
སུ་དེ་མི་འབྱུང་། །དེ་མེད་མ་ཡིན་མཁའ་རྡུལ་འདྲ། །གང་དེ་ལྡན་པའི་ཡུལ་རྣམས་ནི། །དཔག་པར་གང་ནི་རིང་གྱུར་ཀྱང་། །ཐོགས་མེད་མིག་རིས་མཐོང་ཚོར་ཕྱིན། །གང་གི་དབང་གིས་དེ་འགྲོ་བས། །རིག་ལ་ཉིད་ན་ཕྱིན་པ་ཡིན། །དེ་ལ་དེ་རིང་ཐ་སྙད་མེད། །
ཅི་ཕྱིར་ཁྱབ་འཇུག་གདོས་མེད་དེ། །ལུས་ཅན་རྣམས་ཀྱི་སྤྱོད་ཡུལ་མིན། །ལ་ལ་གང་ལ་ཞེན་པའི་མཐུས། །མཐུན་པར་སྣང་བའི་རིགས་ཅན་དག །གང་དུ་འཕྲོད་བྱེད་མཐོང་བར་འགྱུར། །དེ་ན་ཉིད་ན་དེར་འཁྱིམས་ནས། །དེ་ལ་དེ་འཁོར་རྟོག་དཔྱོད་འཛིན། །ཞེན་
เล่ม ๙๗ · หน้า 232b
པས་ཞེན་པའི་རང་བཞིན་ལྡང་། །གང་དེའི་དབང་གིས་དེར་རྨོངས་ནས། །ཕྱིན་ཅི་ལོག་ཏུ་མཐོང་གྱུར་ཏེ། །སྒྱུ་མ་ལྟ་བུར་འཁྲུལ་པར་སྣང་། །གང་དུ་གང་ཟག་དེ་འདུ་འཕྲོད། །བྱེད་པར་དེ་ལ་དེ་སྣང་གསལ། །གལ་ཏེ་གནས་པའི་ཆ་ལེན་ན། །འབྱུང་ལ་ཆགས་པའི་
འདོད་པ་འབྱུང་། །དེ་ལས་བཟློག་པ་དེ་བཞིན་ཏེ། །གནས་འགྱུར་གནས་དང་བྲལ་བར་འདོད། །འབྱུང་བར་འགྱུར་བ་དེ་བཞིན་ཏེ། །གང་དུ་མི་འཕྲོད་དེ་མཐོང་འགྱུར། །དེ་ལ་དེ་བཞིན་དེ་དབང་གིས། །གནས་འབྱུང་མཚན་མ་འབའ་ཞིག་ལས། །གང་
གཞན་སྣང་བར་མི་འགྱུར་རོ། །དེ་ཡིས་དེ་མཐོང་དེ་འཁྱིམས་ནས། །དེ་ལ་དེ་མ་རངས་ལྟར་འབྱུང་། །དེ་ཡིས་དེ་ཡི་རྒྱུན་འགགས་ནས། །གང་གིས་གང་ཟིན་ཇི་བཞིན་དུ། །ཞེན་པས་སྲིད་པ་དེ་འཛིན་བྱེད། །གང་དེ་དེ་ཡི་གདོས་ཀྱིས་བསྲུང་། །དམན་འགྲོ་
གང་དེ་བར་བདུན་པ། །གསོད་ལ་ཞེན་གོམས་དེ་བརྩེགས་པས། །གང་གནས་གང་ཡིན་དེ་གནས་ན། །བསད་ལ་སོགས་པ་དེ་སྣང་འགྱུར། །གང་དེ་དེ་ཡིས་མཐོང་མ་ཐག །སྔོན་དུ་གོམས་པས་དེ་རིག་ནས། །གསད་བྱ་སྙམ་དུ་དེ་རྒྱུག་བྱེད། །གསད་
ཡུལ་སྐྱེ་བའི་གནས་མཐོང་ནས། །གསད་ལ་སོགས་པའི་ལས་བརྩམས་པས། །དེ་དག་འཁྱིམས་ནས་ཞེ་སྡང་འབྱུང་། །དེ་ཡིས་བར་བདུན་རྒྱུན་འགགས་ནས། །དམན་པའི་ལུས་བླངས་ཉོན་མོངས་མྱོང་། །དེ་ལྟར་གང་དུ་འབྱུང་བ་ཡི། །གནས་རིས་རྣམས་
ཀྱི་བར་བདུན་པ། །གང་དུ་འབྱུང་བའི་གནས་དེ་ན། །གང་ཞིག་གོམས་པའི་ཡུལ་སྣང་འགྲོ། །དེ་ལ་ཞེ་སྡང་སྤྱོད་འཁྱིམས་པས། །སྡང་བའི་དབང་གིས་དེ་རྒྱུན་འགག །དེ་སྣང་བྱུང་བ་མ་བྱུང་ལེན། །བཞི་བའི་སྐྱེ་གནས་འཇུག་ཆོས་བཞི། །ཤེས་བཞིན་
འཇུག་གནས་འབྱུང་བ་དང་། །དེ་བཞིན་འཇུག་གནས་མི་ཤེས་འབྱུང་། །ཤེས་འཇུག་མི་ཤེས་གནས་འབྱུང་དང་། །མི་ཤེས་བཞིན་དུ་འཇུག་གནས་འབྱུང་། །འཛིན་དང་འདྲེས་པའི་ཉེར་གནས་པ། །གནས་གསུམ་མཐུན་པས་སྐྱེ་འཛིན་བྱེད། །སྐྱེ་གནས་
เล่ม ๙๗ · หน้า 233a
ས་བོན་ལས་རྣམས་ཀྱིས། །ཉེས་པའི་བར་ཆད་གསུམ་མེད་ན། །མངལ་དུ་ཐམས་ཅད་སྨིན་པར་འགྱུར། །དེ་ཡང་འབྱུང་གནས་གཅིག་ལ་གཅིག །ཞེན་པ་དྲག་པོ་འབྱུང་སྐབས་སུ། །མཐར་འཛིན་པ་ཡི་བཅུད་འབྱུང་འགྱུར། །དེ་ནས་དེ་བཞིན་
གཉིས་ཀ་ལས། །གང་བཅུད་ཐིག་ལེ་རེ་རེ་དག །གདོན་མི་ཟ་བར་འབྱུང་བར་འགྱུར། །དེ་ཉིད་གང་དེར་འདྲེས་འགྱུར་ནས། །གང་དྲོད་ཞབས་བཞིན་འདུ་བ་ཡིན། །ཐམས་ཅད་པ་དེ་དེར་འཇུག་འགྱུར། །གང་ལ་ངོ་བོ་མེད་པ་དེ། །དངོས་པོ་ཅི་ཕྱིར་འཛིན་པར་
འགྱུར། །དཔེར་ན་མཁའ་འགྲོ་འདོད་དབང་གིས། །ས་ཁུས་བྲིས་པའི་རྙིས་འཛིན་བཞིན། །གང་མེད་ཆགས་པའི་རྙིས་འཛིན་ཏོ། །ཐམས་ཅད་པ་ཡི་དབང་དེས་ན། །མི་འདྲུལ་དངོས་སྨིན་རྟ་བ་ཡིན། །དེ་དག་མེད་ནུར་ཕྱོགས་གང་དུ། །དེ་ཞུགས་པ་ཉིད་སྙིང་རྟེན་
པའོ། །གནས་མ་ཐག་པ་བཏང་སྙོམས་ལྡན། །དེ་མཚམས་དེ་ནི་གཉིས་སུ་འགྱུར། །འདུ་མཆེད་དྲུག་འདོད་སྐབས་དག་ཏུ། །གང་གི་དུས་ན་དངས་སླ་བ། །ཤིན་ཏུ་རྟས་པར་གྱུར་པ་ཡིན། །དེ་བཞིན་འདྲིལ་དུས་འདུལ་བ་དེ། །འདྲེན་པ་ནས་འཇུག་དེས་རྟ་བའོ། །
ལྔ་གང་གང་འདི་འབྱུང་བས་བསྐྱེད། །གཅིག་ཏུ་གང་རྟེན་འབྱུང་བ་ཉིད། །དེ་ཉིད་རྟེན་ཞུགས་སྙིང་པོའོ། །ཐ་མ་གཉིས་ལ་དབང་འབྱུང་སྐྱེ། །ཁམས་བཞིན་རྒྱས་སྲ་སྡུད་སྨིན་འཛིན། །ཡན་ལག་རྣམས་འབྱེད་འབྱིན་པ་ཡིན། །གང་དང་གང་གིས་བཞིན་མདོག་འགྱུར། །
གནས་ཡིན་བཞིན་ཕྱོགས་མཐུན་ལྟར་གཡོན། །འབྱུང་ཉིད་སྣྲེལ་ཞི་ཕན་ཚུན་གཡས། །གནས་ན་གནས་དུས་བརྒྱད་ཉིད་དེ། །མེར་ནུར་ལྟར་མཁྲང་ཡན་ལག་འགྱུར། །དེ་ལ་དེ་ཕྱིར་འབྱུང་བ་དང་། །དབང་པོ་དང་ནི་མཚན་དོད་པའོ། །ཡོངས་སུ་རྫོགས་པའི་དུས་དེ་ན། །
བདུན་ཕྲག་པ་ཡི་རླུང་བྱུང་སྟེ། །གང་གི་ནད་ནི་སྐྱེད་པར་བྱེད། །འབྱུང་བའི་ཆར་གཏོགས་རླུང་འབྱུང་བས། །གཡོ་འགུལ་ཅན་དུ་འགྱུར་བ་སྟེ། །སྲིད་འབྱུང་ལུགས་སུ་ཇི་བཞིན་བཟློག །དེ་དག་དེ་ན་གནས་པའི་ཡུན། །བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱིས། །ཐམས་ཅད་དེས་
เล่ม ๙๗ · หน้า 233b
ནི་རྫོགས་པ་ཡིན། །གང་གི་རྩ་དྲུག་བཞི་རྫོགས་ནས། །གདོན་མི་ཟ་བར་འབྱུང་བ་ཡིན། །ལྔ་པ་འབྱུང་བའི་ཆོས་བཞི་ལ། །གང་ལས་རྣལ་འབྱོར་འབྱུང་གནས་ཉིད། །གང་འདི་དེ་དག་བཞི་ཕྲག་བཞི། །བཅུ་དྲུག་ཆོས་སུ་གྲགས་པ་ལ། །གང་སྐྱེ་བདག་ཀུན་འདུས་
པའོ། །འདི་དག་ལས་ཀྱི་སྐྱེ་བ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ནི། །ངང་རིང་མགྱོགས་པའི་ལས་ཡིན་ཞེས། །མུན་པའི་སྤྱོད་ཡུལ་པ་ཡིས་མཐོང་། །ལས་ཀྱིས་བསྒྱངས་པས་བསྒྲིབས་པ་ལ། །དགོངས་དེ་དེ་ལྟར་མདོར་གསུངས་པའོ། །ལང་ཀའི་བདག་པོ་དེ་དག་
ནི་སྣང་བའི་མདོར་ཤེས་པར་བྱའོ། །ལང་ཀའི་བདག་པོ་གཞན་ཡང་འཇུག་པའི་མདོ་གང་ཞེ་ན། འདི་ལྟ་སྟེ། དེ་འདོད་བྱེད་པ་རྣམ་གསུམ་གནས། །གོ་འབྱེད་རྒྱུན་གཅིག་རྒྱུན་གཞན་བྱེད། །སོ་སོ་རིས་སུ་བཅད་དབང་བྱེད། །དེ་ཉིད་ལྡན་པ་དེ་ཁོ་ན། །གང་གི་ངོ་བོར་བྱུང་
ཙམ་ཉིད། །གང་ཡང་མ་ཡིན་དེ་དབུ་མ། །ཀུན་དུ་མི་འཆོས་རང་བཞིན་བླུན། །གསུམ་གསུམ་གཉིས་དང་རྐྱེན་གསུམ་དུས། །འདོད་ཁམས་ཡོངས་སུ་རྫོགས་པ་ཡིན། །ལང་ཀའི་བདག་པོ་དེ་དག་ནི་མདོ་བཞི་ཞེས་བྱ་སྟེ། དེས་དེ་ཡོངས་སུ་དགྲོལ་བར་ཤེས་པར་བྱའོ། །
ལང་ཀའི་བདག་པོ་དེ་ལ་རྩ་བ་གསུམ་གང་ཞེ་ན། འདི་ལྟ་སྟེ། དངོས་པོའི་རྩ་བ་དང་། བརྗོད་པའི་རྩ་བ་དང་། ཐམས་ཅད་པའི་རྩ་བའོ། །ལང་ཀའི་བདག་པོ་དེ་ལ་དངོས་པོའི་རྩ་བ་ནི་ཅི་ཡང་མེད་པ་ལས་ཅིར་ཡང་སྣང་བའོ། །བརྗོད་པའི་རྩ་བ་ནི་ཅི་ཡང་མེད་པ་ལས་ཅིར་ཡང་
འགྱུར་བའོ། །ཐམས་ཅད་པའི་རྩ་བ་ནི་གང་ཅི་ཡང་མེད་པ་ལས་ཅིར་ཡང་རིག་པ་ཉིད་དོ། །ལང་ཀའི་བདག་པོ་དེ་དག་ནི་རྩ་བ་སྟེ། །དེས་ཐམས་ཅད་ངེས་པར་འབྱིན་པའོ། །ལང་ཀའི་བདག་པོ་དེ་དག་ནི་འདི་ལྟ་སྟེ། ཆོས་ཀྱི་རྒྱལ་པོས་གང་གསུངས་པ། །ཐུགས་དང་ཞལ་
དང་ཞུས་ལན་གསུམ། །དོན་དང་ལུང་དང་རྒྱུད་ཅེས་པ། །གང་འདིར་གསུམ་དུ་གྲགས་པ་ལ། །གང་དག་འདི་ལ་རྣམ་རྟོག་པ། །ཆོས་ཀྱི་རྒྱལ་པོའི་གསུང་གཅིག་ལ། །རྒྱུད་དང་ལུང་དང་དོན་དམ་ཞེས། །གསུམ་དུ་སྣང་བ་འདི་ཇི་ལྟ། །སྙམ་དུ་རྟོག་པ་དེ་གང་དྲུག །ཉིད་ཀྱིས་
เล่ม ๙๗ · หน้า 234a
མཁྱེན་ཏེ་དེ་གསལ་བར། །དགོངས་ཏེ་གསུམ་ཉིད་རྣམ་པར་གསུངས། །གང་དེ་སྐབས་དང་སྐབས་འཕྲོས་པའོ། །སྐྱེས་བུའི་ཐུགས་ལ་གང་གནས་པ། །ཞལ་དུ་མ་བྱུང་དོན་དམ་ཉིད། །གསུང་གི་འགྱུར་བས་དེ་མཚོན་ན། །སྐྱེས་བུ་རྒྱལ་པོའི་
བཀའ་ལུང་ཡིན། །ཞུས་ལན་ཕྲ་མེན་འཕེལ་རྒྱས་ན། །སྐྱེས་བུ་རྒྱལ་པོའི་བཀའ་རྒྱུད་ཡིན། །ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་དམ། །དེ་ཉིད་ངེས་པ་དེ་ཁོ་ན། །མ་བསླད་ཇི་བཞིན་བཅད་པ་ལུང་། །བཅས་གཞི་གཏམ་རྒྱུད་
ལས་རྒྱུད་དང་། །རྟོག་ཆེན་ཡན་ལག་འབྲེལ་བཅས་རྒྱུད། །གསུམ་དུ་སྣང་ལ་གཅིག་ཏུ་ཟད། །དབྱེར་མེད་ཚུལ་གཅིག་རང་བཞིན་ལ། །རྩལ་དང་རྣམ་པར་སྣང་བ་དག །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །དེ་སྐད་གསང་བ་མཆོག་དེས་བཤད། །ལས་
ཀྱིས་བསྒྱངས་པ་གང་དག་ལ། །གང་འདིར་མུན་པའི་ཕྱོགས་བཤད་པ། །གོ་ཆ་བགོས་པས་ཤེས་པར་གྱིས། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཆོས་ཐམས་ཅད་ཀྱི་རྩ་བ་གང་གི་མུན་པའི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་ལྔ་བཅུ་
ལྔ་པའོ།། །།དེ་ནས་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། གསང་བ་པའི་བདག་པོ་ལ་ཡང་ཡོངས་སུ་དྲི་བ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་རྩ་བ་གང་ལ་གང་གི་སྣང་བ་ཡོངས་སུ་དག་པའི་སྤྱོད་ཡུལ་གང་ལགས། དེ་སྐད་
ཅེས་གསོལ་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གང་ཡོངས་སུ་དག་པའི་དྲི་བ་དེ་ནི་ལེགས་སོ། །ཤིན་ཏུ་རབ་ཏུ་ལེགས་སོ། །ལང་ཀའི་བདག་པོ་དེ་ཡང་འདི་ལྟར་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་སྟེ། ཡོངས་སུ་དག་པ་ཞེས་བྱ་
བའི་ཞིང་ཁམས་ན་ངང་གིས་བཞུགས་པ་དེའི་ཚེ་དེའི་དུས་ན་གང་དཔག་ཏུ་མེད་པའི་རྒྱལ་བ་དག་དགོངས་པ་ཀུན་ནས་འདུས་པ་དག་ལ་གང་སྣང་བ་ཡོངས་སུ་དག་པའི་སྤྱོད་ཡུལ་དུ་དགོངས་ཏེ། དེ་ཁོ་ན་ཉིད་སྣང་བ་དེ་ཁོ་བོས་ཕྱིན་ཅི་མ་ལོག་པར་ཡོངས་སུ་བགྲོ་བར་
เล่ม ๙๗ · หน้า 234b
བྱའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། མུན་ཁུང་གསེར་སྟོར་སྒྲོན་མས་རང་སྣང་ལྟར། །མ་རིག་མུན་པར་སེམས་སྟོར་རང་སྣང་བ། །དགོངས་པ་ཀུན་ནས་འདུས་པའི་རྩ་བ་འདི། །སྔ་རབས་འདས་པའི་དགོངས་པ་འདུས་ནས་གསུངས། །ཆོས་ཀུན་རྩ་བ་སེམས་འདི་
ཉིད་ལ་འདུས། །སེམས་ཉིད་གནས་འགྱུར་ཡེ་ཤེས་ལྔར་སྣང་བ། །དེ་ཉིད་དོན་ལ་ངེས་པར་བཞག་པས་ན། །སེམས་ཉིད་གནས་འགྱུར་བ་ཡང་དེ་ཉིད་ཡིན། །ཡེ་ཤེས་ལྔ་ཉིད་དེ་ལ་རྫོགས་པས་ན། །ཡེ་ཤེས་ལྔ་ཡང་གཅིག་ཏུ་འདུས་པ་ཡིན། །སེམས་ཀྱི་ཆོས་
ཉིད་ཇི་བཞིན་དེ་རྟོགས་ན། །ཡེ་ནས་སངས་རྒྱས་མ་ནོར་མ་བཅོས་པར། །བདལ་ཁྱབ་ས་ཉིད་ནོན་པས་འདུས་པར་གསུངས། །གནས་སྐབས་དེ་ན་ཡོད་མེད་ལྟ་མཐར་ཐུག །སེམས་ཀྱི་དེ་བཞིན་ཇི་ལྟར་ཡིན་པ་དང་། །དེང་རྒྱུན་ཡོད་མེད་ཤེས་པར་བྱ། །དེ་བཞིན་
ཉིད་ལ་གང་འདིར་ཇི་ལྟར་བལྟ། །དེ་ཉིད་སྣང་བ་ཡིན་ནམ་མི་སྣང་བ། །འོ་ན་སངས་རྒྱས་ཡིན་ནམ་སངས་རྒྱས་མིན། །དེ་ལས་གཞན་ན་སངས་རྒྱས་ཡོད་དམ་མེད། །འདི་ལྟར་ཅིར་བཞག་གྲོས་ཀྱིས་ཆོད་པར་བྱ། །འདི་ལྟར་ངེས་ནས་དེ་ལྟར་གྱུར་ན་ཡང་། །བློ་
བུར་ལས་ལམ་མི་དགག་དེ་བཞིན་སྤྱད། །དེས་ན་ཀུན་གྱི་རང་བཞིན་དེ་ཉིད་འདུས། །དེ་ལ་བསམ་མེད་དམིགས་མེད་དེར་བཞག་ན། །ཅིར་སྣང་ཅིར་སྲིད་མཚན་མེད་དེ་གཅིག་པ། །སྐྱེ་འགག་མེད་པའི་དེ་ཉིད་ཡེ་སངས་རྒྱས། །དེ་ཉིད་མ་ཡེངས་པས་ན་མ་
བསལ་ཡང་། །རྫོགས་པ་སྤྱིར་ཆིབ་ས་ཉིད་ཡེ་ནས་ནོན། །དེ་ཉིད་ཉམ་དྲོད་ཉམས་སུ་གསལ་ན་ཡང་། །ཆོས་ཀུན་སྒོ་དང་མི་འགལ་བསྟན་པའི་ཕྱིར། །ཏིང་འཛིན་གསུམ་ལྡན་གོལ་སའི་སྒོ་བཀག་ནས། །དྲོད་ཆེན་གསུམ་གྱིས་དམ་པའི་དགོངས་པ་མྱོང་། །དེས་
ན་ཏིང་འཛིན་རྣམ་གསུམ་ཉམས་རྙེད་པས། །འབྲས་བུ་ཕ་རོལ་ཕྱིན་དྲུག་རང་བཞིན་རྫོགས། །སེམས་ཉིད་མ་བཅོས་ནམ་མཁའ་ངང་ལ་གཞག །དེས་ན་དྲན་ཅིང་རྟོག་པ་ཅི་བྱུང་ཡང་། །དེ་བཞིན་མ་བཅོས་ཉིད་ཀྱིས་ལ་བཅད་པས། །ངང་གིས་མ་བཅོས་ཡང་གིས་འོད་
เล่ม ๙๗ · หน้า 235a
གསལ་བ། །གསང་བ་འདུས་པ་རྣམས་ཀྱིས་ཡིན་པར་བསྔགས། །མ་ཡེངས་སྐྱེ་འགག་མེད་ཉིད་ཏིང་འཛིན་ཏེ། །རྣལ་འབྱོར་གསུམ་དོན་དེ་ཡི་སྐབས་ན་རྫོགས། །དེས་ན་ཀུན་གྱི་བཤེས་ཉེན་དགོངས་བརྒྱུད་ནས། །དམ་པའི་དོན་དུ་སེམས་ཉིད་ཤེས་
པར་བྱ། །དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན་པས་ན། །གང་གིས་འདི་མཐོང་དེ་ཡི་ཞལ་མཐོང་ཡིན། །དེ་མཐོང་ཕན་ཆད་དམ་པ་ཉིད་ཡིན་པས། །དེས་ན་ཀུན་གྱི་བཤེས་ཉེན་ཡིན་པར་གྲགས། །དེ་ལྟའི་དོན་མཐོང་གང་དང་གང་ཞིག་གིས། །ཅི་ལའང་མི་ལྟ་དེ་ལ་ཞེན་པར་བྱ། །
དེས་ན་བྱས་ཟིན་བཙལ་མེད་དེར་ངེས་ནས། །རང་འབྱུང་ཡེ་ཤེས་ཡོངས་སུ་དག་ཅེས་བྱ། །དེས་ནི་ཟིན་ཆགས་བདེ་སྡུག་ཅི་བྱུང་བ། །ཚོགས་གཉིས་མ་བསགས་རྫོགས་པར་དམ་བཅའོ། །མི་རྟོག་ཏིང་འཛིན་མཚན་མ་རྣམ་དག་པ། །ཆོས་ཉིད་མངོན་འགྱུར་ཆེ་ཡོན་རྒྱུན་མི་
འཆད། །སྒྲིབ་པ་གཉིས་བྱང་ཚོགས་ཆེན་རྫོགས་པས་ན། །གང་གི་ཕྱོགས་རྣམས་མཐུན་པར་ས་རྣམས་ནོན། །འདི་ནི་ཀུན་འདུས་དགོངས་སྤྱོད་ཟབ་མོ་ཡིན། །གང་དག་ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ། །གང་གིས་གང་ལྟར་དེ་ཡི་དོན་མཐོང་ལྟར། །གང་དག་འཁྲུལ་
པ་རྣམས་ཀྱིས་མ་མཐོང་བས། །གདོད་ནས་ཞེན་པའི་མུན་པ་སངས་དཀའོ། །ས་དང་ས་ཡི་ཁྱད་པར་ཡོད་ཅེས་པ། །མཐོང་དང་མ་མཐོང་གཉིས་མེད་གསལ་དུས་ན། །དམ་པའི་དགོངས་པ་ལྷུན་གྱིས་གྲུབ་ངེས་པའོ། །སྟོང་དང་མ་སྐྱེས་རང་བཞིན་ཁྱད་པར་ཅི། །
ཡོད་མེད་རྟག་ཆད་བྱ་བཙལ་ལ་སོགས་པ། །ཀུན་ནས་ལྷུན་གྱིས་གྲུབ་པར་ཡེ་གནས་པའོ། །རྒྱུ་དང་འབྲས་བུ་ཅིར་སྣང་ཅིར་སྲིད་ཀྱང་། །ཆོས་ཉིད་དེ་བཞིན་ཉིད་ཀྱི་རྒྱན་དུ་སྣང་། །དེ་ཉིད་མ་བཀག་ཡོངས་སུ་རྫོགས་པའི་ཚུལ། །གོང་འོག་ལ་སོགས་སྐྱོན་ཡོན་གཉིས་པོ་
དག །མཐོང་དང་མ་མཐོང་རེ་རྩོལ་རྐྱེན་ཙམ་གྱིས། །རྒྱུ་འབྲས་སོ་སོར་གསལ་ཞེས་སྨྲ་བ་ཡང་། །ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པར་ཟད། །དེ་ལ་ཡེ་ནས་འདུ་འབྲལ་མེད་བཞིན་དུ། །མི་མཉམ་མཉམ་པའི་སྤྱོད་ཡུལ་ཅིར་སྣང་ཡང་། །ཇི་བཞིན་ཉིད་འདི་མ་ཡིན་
เล่ม ๙๗ · หน้า 235b
གང་ཡང་མེད། །དེ་ཉིད་དེ་ལ་ཚོགས་རྫོགས་ཐབས་ཤེས་འབྲེལ། །ངེས་ན་དམ་པ་འདུས་པའི་དགོངས་པ་རྣམས། །དོན་དམ་མ་བཅོས་སེམས་ཉིད་དེ་ལ་འདུས། །སེམས་ཀྱི་རང་བཞིན་མ་བྱས་རང་བྱུང་བས། །ཏིང་ངེ་འཛིན་ཞེས་དམིགས་པ་ཀུན་དང་བྲལ། །འདི་
ལྟར་ངེས་པའི་བྱང་ཆུབ་སེམས་དེ་ལ། །བགྲོད་པའི་གནས་དང་ལྟ་བའི་གཟུགས་མེད་པས། །མཚན་མ་ཀུན་མཁྱེན་སྐྱོན་ཡོན་ཡང་ཡེ་མེད། །ཐེག་ཆེན་གཉིས་རྫོགས་ཐེ་ཚོམ་ཀུན་བཅད་ཅིང་། །བླ་མེད་རྫོགས་པ་ཆེན་པོར་ལ་བཟླས་པའོ། །དེས་ན་མཐའ་དབུང་
འབྱེད་བ་ཆ་ཕྲ་བ། །མཐའ་དབུང་འབྱེད་པ་ཉིད་དུ་ཀུན་གཅིག་སྟེ། །ཁྱད་པར་འཕགས་པའི་དོན་དུ་ཀུན་འདུས་གསུངས། །རྒྱུར་འདོད་ལས་སོགས་ཕྱི་ནང་ཡུལ་དག་ལ། །དགའ་བའི་མཚན་མ་ཙམ་དུ་གནས་པ་དང་། །གང་དག་སྤྱོད་པས་ཆོས་རྣམས་སེམས་སུ་
འདུས། །མཐའ་གཉིས་ངང་གིས་གསལ་ཞེས་སྨྲ་བ་ཡང་། །ལ་བཅད་མཐོང་བས་གུད་ན་ཡོད་མེད་དོ། །གལ་ཏེ་ཡོད་པར་འདོད་ན་སྐྱོན་ཆེན་ཡིན། །དེས་ན་བསམ་གཏན་སོ་སོ་ཅི་སྣང་ཡང་། །བྱིས་པའི་སྤྱོད་ཡུལ་འཁྲུལ་པ་ཉིད་སྣང་ཡིན། །དམ་པ་དམན་པ་
སྒྱུ་མ་སྨིག་རྒྱུའི་ཚུལ། །རང་བཞིན་སྐྱེ་འགག་མེད་པས་ནམ་མཁའ་བཞིན། །དེར་ནི་ཀུན་འདུས་ཀུན་ལ་མཐོང་བ་མེད། །ཅི་ཡང་མི་སྣང་བ་ཉིད་སྐྱོན་མེད་འདོད། །དེ་ནི་འཁྲུལ་པ་ཡིན་པས་བཏུབ་མ་ཡིན། །མཐོང་དང་མ་མཐོང་སྣང་ལ་རང་བཞིན་མེད། །ཀུན་
འདུས་གསང་བའི་དགོངས་སྤྱོད་ཟབ་མོ་ནི། །རང་བྱུང་རང་རིག་མངོན་སུམ་སྣང་དུས་ན། །རང་བྱུང་ཡེ་ཤེས་དེ་ཉིད་མཐོང་ཞེས་བྱ། །དེ་ལྟར་དགོངས་པ་དམ་པ་མཐོང་བའི་ཚེ། །རྟོག་ཆགས་ཀུན་སངས་མཐོང་ཡུལ་འདས་པ་སྟེ། །བྱ་མེད་སྣང་མེད་མི་བཙལ་བཞག་
པའོ། །དམིགས་པའི་ཡུལ་མེད་ཆོས་ལ་མ་ཆགས་པ་སྤངས། །མཐོང་ཚོར་བདེ་ལམ་མུ་མེད་བདལ་བའི་དབྱིངས། །གང་འགྱུར་གང་སྣང་དེ་ལས་གར་མ་གཡོས། །དེ་ཡི་གཏན་ཚིགས་དེ་བཞིན་ཉིད་ཀྱིས་གསལ། །དེ་ཡི་དོན་ལ་ཀུན་འདུས་དཔྱོད་མི་མཛད། །
เล่ม ๙๗ · หน้า 236a
ཆོས་ཀུན་རང་འབྱུང་རང་རིག་ཡེ་ཤེས་སྣང་། །དེ་དོན་མ་སྐྱེས་མ་བྱུང་མ་སྐྱེས་ཏེ། །རྒྱུ་དང་འབྲས་བུར་བཏགས་པ་ཡང་ཡེ་མེད། །དེ་ལྟར་གང་རིག་དེ་ཉིད་ཚོགས་གཉིས་རྫོགས། །དོན་ལ་མཉམ་བཞག་བློ་བཅོས་སྐྱོན་ཉིད་ནི། །དེ་དང་འགལ་ཞིང་དེ་དང་
ཕྲད་མི་འགྱུར། །དེ་ལས་ངེས་བློ་ཁྱབ་པར་བཏང་བ་ནི། །དེ་དང་མི་འགལ་དེ་ཉིད་ངེས་པ་སྟེ། །རང་རིག་དུས་ན་དེ་ལ་གཉིས་སུ་མེད། །སྙིང་པོ་དེ་ཉིད་རྒྱུ་འབྲས་ལྷུན་གྱིས་གྲུབ། །དེ་ཡི་དུས་ན་དོན་དམ་ཉམ་དྲོད་རྫོགས། །སྣང་དང་མི་སྣང་རྟག་ཆད་ལ་སོགས་པ། །ཉམ་དྲོད་
ངེས་པས་དོན་གྱི་གཏིང་ཕོལ་ཏེ། །ཐ་དད་ཕྱོགས་ཀྱི་ཐེ་ཚོམ་འདི་བཅད་པའོ། །དེ་ཉིད་དེ་ལ་ཞེན་ངེས་བློ་བརྟན་ཞིང་། །གང་དང་འབྲེལ་པས་ལྟ་བའི་ཐག་ཆོད་ན། །དམན་པའི་ལུས་ལ་དམ་པའི་གོ་འཕངས་ཅན། །དབང་ཕྱུག་ཡིན་པས་དེ་ལ་གུས་ཕྱག་འཚལ། །གཡོ་སྒྱུ་མེད་
པའི་ཡོ་བྱད་ཆེན་པོ་ལྔས། །དབང་པོའི་སྤྱི་གཙུག་ནོར་བུ་བཞིན་དུ་ལྟ། །ཀུན་ནས་འདུས་པའི་དགོངས་པ་ཚིག་གསུམ་པོ། །ཡིད་ཆེས་ངེས་པས་བློ་ཡི་གདེང་དུ་བྱ། །ཚིག་གསུམ་དོན་ལ་ངེས་རྙེད་མངོན་དུ་འགྱུར། །ངེས་པའི་དོན་ནི་རང་རིག་ཁོ་ནར་ཟད། །གསང་བའི་
བདག་པོས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་རྩ་བ་གཏན་ལ་ངེས་པར་ཕེབས་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཆོས་ཐམས་ཅད་
ཀྱི་རྩ་བ་གང་སྣང་བ་དག་པའི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།བམ་པོ་དགུ་པར་ཟུག་པ། དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་གསང་བ་པའི་
བདག་པོ་ལ་ཡང་གང་གི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་འདིར་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་བཅུར་བཀོད་པ་ལས་རང་བཞིན་མ་བཅོས་པར་བྱའོ་ཞེས་ཐོས་ན་དེ་ཇི་ལྟར་ཡོངས་སུ་ཤེས་པར་བྱ། རང་བཞིན་ནི་གང་། གང་ལྟར་ན་མ་བཅོས།
เล่ม ๙๗ · หน้า 236b
དེ་གང་གི་རང་བཞིན་ལགས། དེ་སྐད་ཅེས་གསོལ་པ་དང་། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་དམན་པའི་གྲོགས་པོ་དག་གང་རང་བཞིན་ནི་མི་འགྱུར་བའོ། །མ་བཅོས་པ་ནི་རྣལ་མའོ། །འདི་དག་ནི་གསང་སྔགས་ཀྱི་རང་བཞིན་དང་། དེ་ལ་ལྟ་བའི་རང་
བཞིན་དང་། དེ་ལས་མི་འདའ་བའི་རང་བཞིན་དང་། དེ་ལྟར་སྤྱོད་པའི་རང་བཞིན་ནོ། །གྲོགས་པོ་དག་འདི་ལ་གསང་སྔགས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ནམ་མཁའ་ལྟ་བུའི་རང་བཞིན་པས། །རྣམ་པར་རྟོག་བྲལ་གང་མི་རྟོག །དེ་བཞིན་ས་ཡི་རང་བཞིན་
པས། །ཐམས་ཅད་འབྱུང་བའི་རང་བཞིན་ནོ། །མེ་ཡི་རང་བཞིན་ལྟ་བུ་བས། །དངོས་པོ་ཐམས་ཅད་མེད་པར་བྱེད། །རླུང་གི་རང་བཞིན་ལྟ་བུ་བས། །གཡོ་རྡུལ་མི་གཡོའི་རྡུལ་ཀུན་སེལ། །ཆུ་ཡི་རང་བཞིན་ཁོ་ན་བས། །གཞན་མེད་དེ་བཞིན་ཉིད་དུ་འདུས། །སྨན་
གྱི་རང་བཞིན་ཡིན་པས་ན། །འཁོར་བའི་གཅོང་རྙིང་རྣམ་པར་འབྱིན། །འདི་ལྟར་འཚོ་བའི་རང་བཞིན་པས། །འཚོ་བ་དག་པ་ཀུན་གྱི་གསོས། །གཅོད་པའི་རང་བཞིན་ལྟ་བུ་བས། །སྡུག་བསྔལ་རྒྱ་མཚོ་རྣམ་པར་གཅོད། །ཉི་མ་ལྟ་བུའི་རང་བཞིན་པས། །མུན་ཁང་
སྣང་སྟོན་གསལ་བ་ཉིད། །རི་རབ་ལྟ་བུའི་རང་བཞིན་པས། །ཅིས་ཀྱང་བསྐྱོད་ཅིང་གཡོ་བ་མེད། །རྒྱ་མཚོ་ལྟ་བུའི་རང་བཞིན་པས། །མི་གཡོ་བ་ལས་བྱིན་བརླབས་འབྱུང་། །དེ་བཞིན་རྩི་ཡི་རང་བཞིན་པས། །དུག་ལ་སྨན་འགྱུར་ཇི་བཞིན་ནོ། །དེ་ལ་སོགས་པ་
མཐའ་ཡས་མཆོག །རྣམ་པར་རྟོག་བྲལ་ཐམས་ཅད་འབྱུང་། །མ་བཅོས་མ་བསླད་དེ་བཞིན་པའོ། །གྲོགས་པོ་དག་དེ་དག་ནི་གསང་སྔགས་ཀྱི་རང་བཞིན་དུ་ཤེས་པར་བྱའོ་ཞེས་ཐོས་པ་རྣམ་པར་བགྲོས་པའོ། །གྲོགས་པོ་དག་དེ་ལ་ལྟ་བའི་རང་བཞིན་ནི་གང་ཞེ་ན།
འདི་ལྟ་སྟེ། མ་ནོར་མི་འགྱུར་ངེས་བཅད་དེ། །མ་ཆགས་མི་རྟོག་ཉམ་མི་ང་། །དཔེར་ན་ནམ་མཁའི་རང་བཞིན་ལས། །སྤྲིན་དང་ན་བུན་ཁུག་རླངས་དང་། །ཟླ་བ་ཉི་མ་སྐར་ཚོགས་དག །སྣང་ཡང་ནམ་མཁའ་བཞིན་དུ་གནས། །དེ་བཞིན་ཉིད་ཀྱི་ནམ་
เล่ม ๙๗ · หน้า 237a
མཁའ་ལས། །མཚན་མའི་རྣམ་རྟོག་ཅི་བྱུང་ཡང་། །ཆོས་ཉིད་ནམ་མཁའ་བཞིན་གནས་པར། །རྣལ་འབྱོར་ཅན་གྱིས་བལྟ་བར་བྱ། །ཇི་བཞིན་མ་བཅོས་དེ་བཞིན་ལ། །མཐོང་དང་མ་མཐོང་ཁྱད་པར་གྱིས། །ལྟ་བའི་ཁྱད་པར་སོ་སོར་བལྟ། །རྣམ་
པར་རྟོག་ལ་རྣམ་རྟོག་ཉིད། །ལོག་སྲེད་ཅན་ལ་ལོག་རྟོག་ཉིད། །ཕྱོགས་འཛིན་ཙམ་ལ་ཐ་སྙད་རྫས། །ཕྱོགས་ཤེས་དག་ལ་སྒྱུ་མར་སྣང་། །དེ་ཉིད་དེར་ངེས་ནམ་མཁའ་མཐོང་། །ནམ་མཁའ་བཞིན་གནས་ནམ་མཁའ་ལ། །ནམ་མཁའ་ཉིད་དུ་སྣང་བར་
ཟད། །གྲོགས་པོ་དག་དེ་དག་ནི་ལྟ་བའི་རང་བཞིན་དུ་ཤེས་པར་བྱའོ། །ཞེས་ཐོས་པ་ངེས་པར་བགྲོས་པའོ། །གྲོགས་པོ་དག་དེ་ལས་མི་འདའ་བའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ། ཆོས་ཉིད་ནམ་མཁའ་ལྟ་བུ་འདིར། །ཐམས་ཅད་ཡོངས་ཀྱིས་གཅིག་པ་ལ། །བསྲུང་
དང་མི་སྲུང་ཕྱོགས་དང་བྲལ། །བསྲུང་བའི་ཚད་གཟུང་ག་ལ་ཡོད། །ནམ་མཁའ་ལྟ་བུའི་རྣལ་འབྱོར་པས། །ནམ་མཁའ་ལྟ་བུའི་དམ་ཚིག་བསྲུང་། །གང་འདིར་བསྲུང་མཚམས་མེད་ན་བདེ། །དེས་ནི་ཐམས་ཅད་བསྲུངས་པ་ཡིན། །ཅི་ཕྱིར་ཐམས་ཅད་ཐམས་
ཅད་ཀུན། །དམ་པར་ངེས་པ་ཡིན་པས་ན། །ཚང་འཛིན་ཚད་ཡོད་བྱེད་ཉིད་ཉམས། །གང་ལ་བསྲུང་དང་མི་སྲུང་བའི། །རྣམ་རྟོག་དེ་དག་མེད་ཀྱང་བླའི། །དེ་འདྲ་བསྲུང་བའི་མཚམས་འཛིན་པ། །སྒྱུ་མ་ཡིན་པས་དམ་པ་ཡིན། །དེ་ལ་བསྲུང་ཞེས་སུ་ཞིག་ཟེར། །བསྲུང་
དང་མི་སྲུང་ཚིག་མེད་དེ། །ཆོས་ཉིད་དེ་ལ་བླང་དོར་བྱེད། །དམ་པར་གྱུར་པ་ག་ལ་ཡིན། །བསྲུང་དང་མི་སྲུང་ཆོས་རྣམས་ནི། །སྲུང་དུ་མེད་པས་དེ་བཞིན་གཞག །དེ་བཞིན་ཉིད་ཀྱི་དོན་དམ་ལ། །ཇི་བཞིན་པ་ཡི་བློ་བཞག་སྟེ། །བརྗོད་པ་མེད་པའི་དམ་ཚིག་གིས། །
བསྲུང་མཚམས་མེད་པའི་དང་དུ་བསྡམ། །བསྲུང་མེད་ནམ་མཁའི་དམ་ཚིག་འདི། །ཇི་ལྟར་གྲགས་པའི་རང་བཞིན་ལ། །སྡོམ་དང་ཚུལ་ཁྲིམས་སོ་སོར་སྣང་། །འཇིག་རྟེན་པ་ལ་ཆད་མདོ་བཙན། །བྱིས་པ་རྣམས་ལ་ཚུལ་ཤེས་པ། །ནར་སོན་པ་ལ་སྡོམ་པར་
เล่ม ๙๗ · หน้า 237b
གྲགས། །བླ་མེད་མཆོག་ལ་དམ་པར་སྣང་། །གཅིག་གི་དོན་ལས་མ་གཡོས་ཀྱང་། །འདུལ་བའི་ངོ་ལ་སོ་སོར་གྲགས། །དེ་བཞིན་ཉིད་ལྡན་དམ་པ་སྟེ། །དེ་ལས་འདས་ན་ཚིག་པར་འགྱུར། །གཅིག་བསྲུངས་པས་ན་ཀུན་བསྲུངས་པའི། །དམ་པའི་དམ་ཚིག་
ཆེན་པོ་འདི། །ཀུན་དང་འགལ་བར་མི་བྱ་ཞིང་། །གང་གི་དོན་དུ་འགྱུར་བར་བྱ། །གྲོགས་པོ་དག་དེ་དག་ནི་མི་འདའ་བའི་རང་བཞིན་དུ་ཤེས་པར་བྱའོ་ཞེས་ཐོས་པ་ཡོངས་སུ་བགྲོས་པའོ། །ཀྱེ་གྲོགས་པོ་དག་དེ་ལྟར་སྤྱོད་པའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ།
ལུས་དང་ངག་དང་ཡིད་གསུམ་གྱི། །མཐའ་གསུམ་ཡོངས་སུ་དག་རྫོགས་ན། །དམ་པའི་སྤྱོད་པ་ཡིན་པས་ན། །དམན་མིན་དམ་པའི་རིགས་ཤེས་བཤད། །རྡོ་རྗེ་ལུས་ཀྱི་སྤྱོད་པ་ནི། །ཕྱིན་པ་མེད་ལས་ལུས་མི་བཅོས། །གཅིག་པུ་ཉིད་པས་གཅིག་ཏུ་གནས། །
གླང་པོའི་ལྟ་སྟངས་ཇི་བཞིན་དང་། །དེ་བཞིན་རྣལ་མས་གནས་པར་བྱ། །གང་དུ་གནས་པས་རྟག་པར་གནས། །གནས་པ་དེ་ལ་ཆགས་མི་བྱ། །སྤྱོད་ལམ་རྣམ་བཞིར་གར་ལྡན་པ། །མ་བཅོས་རྣལ་མར་གནས་པར་བྱ། །གང་གིས་གདུང་བ་མི་ཉེན་པའི། །གནོད་
པ་སྐྱོབ་པ་དག་ཙམ་ལས། །བཟང་དང་རྒྱན་ཕྱིར་བཅོས་མི་བྱ། །གང་དུ་ཇི་ལྟར་བདེ་ལྡན་སྦྱར། །རྡོ་རྗེ་སྔགས་ཀྱི་སྤྱོད་ཡུལ་ནི། །བྱ་བ་མེད་པའི་རྣལ་འབྱོར་པས། །མཆོད་རྟེན་དག་གི་ལས་མི་བྱ། །གླེགས་བམ་བཀླག་པར་མི་བྱ་ཞིང་། །གཟུགས་བརྙན་བརྩམ་
པའི་ལས་མི་བྱ། །ལག་གི་ཕྱག་རྒྱ་མི་བཅིང་ཞིང་། །ངག་གི་བཟླས་པ་དེ་ལ་སྒྲིབ། །རྣལ་འབྱོར་ལུས་ཀྱི་ཕྱག་མི་བྱ། །རྙེད་དང་བཀུར་སྟི་བལྟ་མ་ཡིན། །ཁེ་ཕྱིར་མ་ཡིན་གྲགས་ཕྱིར་མིན། །ཅི་ཕྱིར་ཕྱི་རོལ་གཡེང་བ་དང་། །ཤིན་ཏུ་གཡེང་བ་ཡིན་པའི་ཕྱིར། །
དེ་ལ་ཉེ་བ་མ་ཡིན་པས། །ལུས་འདི་རྣལ་མས་གནས་པར་བྱའོ། །རྣལ་འབྱོར་ངེས་པའི་བསམ་གཏན་པས། །རྡོ་རྗེ་སྔགས་ཀྱི་ཁ་ཟས་ནི། །ལུས་ཟུངས་འཛིན་པའི་རྟེན་ཙམ་དུ། །གར་ལྡན་འབྱོར་ལྡན་མ་གཏོགས་པ། །ཟས་ཕྱིར་ཆེད་དུ་བསྒྲུབ་མི་བྱ། །
เล่ม ๙๗ · หน้า 238a
མཚག་དང་ཉམ་ཕྱིར་ག་ལ་ཡིན། །མ་བཅོས་རྣལ་མ་ཇི་བཞིན་བཟའི། །འཚོ་བའི་ཆེད་དུ་བཅོས་མི་བྱ། །ཆགས་དང་མ་ཆགས་སྤང་བླང་མེད། །བླང་བར་བྱ་བ་མ་ཡིན་ཞིང་། །སློང་མོས་འཚོ་བར་ཡོང་མི་བྱ། །ཅིའི་ཕྱིར་དེ་ནི་མི་འགྱུར་ཕྱིར། །
འཚོ་བ་ཡོངས་སུ་མ་དག་པའོ། །མཚམས་མེད་པ་ལས་མཚམས་གཅོད་པ། །འདི་ནི་རྣལ་འབྱོར་ཅན་གྱི་ལས། །ཤེས་བྱ་ནང་གི་ཆོས་ཉིད་ལ། །རྣལ་འབྱོར་དོན་དུ་འཇུག་པ་ན། །ཕྱི་ཡི་འདུ་འཛི་གཡེང་བ་ཡིས། །བར་དུ་གཅོད་པ་བསལ་བའི་ཕྱིར། །ཕྱི་དང་
ནང་གི་སོ་མཚམས་སུ། །འགྲོ་འོང་འདྲུལ་རྣམས་གཅད་པར་བྱ། །གང་ལ་གནས་གཞི་རྟེན་མེད་པས། །གནས་བདེར་ལུས་བཅོས་ཁ་ན་མེད། །ཞེན་པས་སྤྱོད་ལམ་བཅོས་བྱེད་པ། །དེས་ནི་ལུས་བཅོས་བསླད་པ་ཡིན། །བསམ་གཏན་ལུས་དབེན་བཅོས་མི་
བྱ། །དེ་ལ་དེ་དབེན་མ་བཅོས་པ། །དེ་ཉིད་ཡེ་ནས་དབེན་པའི་གནས། །འདི་ནི་རྣལ་འབྱོར་མཆོག་གི་ཡུལ། །རི་ཕུག་གཞལ་མེད་བཅོས་མི་བྱ། །དེ་ཉིད་དཔག་མེད་མ་བཅོས་པའི། །འདི་ནི་ཡེ་ནས་རྨད་འབྱུང་གཞལ། །བྱེད་པ་མེད་པར་རང་བྱུང་བའོ། །རྡོ་རྗེ་
ངག་གི་སྤྱོད་ཡུལ་ཡང་། །དམ་པའི་ཆེད་དུ་སྙན་སྨྲ་ལས། །གཞན་དུ་ཁ་གསག་ག་ཞ་མིན། །བརྗོད་པ་ཐམས་ཅད་ངེས་པ་ཉིད། །གསོང་པོར་སྨྲ་ཞིང་ཚིག་མི་འགྱུར། །ཇི་ལྟར་བརྗོད་པ་དེ་བཞིན་བྱ། །ཐམས་ཅད་ཀུན་དུ་སྨྲ་མ་ཡིན། །གང་བརྗོད་དོན་དང་
འབྲེལ་བར་བྱ། །སྐབས་དང་དགོས་ཆེད་མ་གཏོགས་པ། །རྣམ་པར་འཆལ་བར་བྱ་བ་མིན། །ཀུན་ལ་དཔེས་མཚོན་ཐོག་ཏུ་དབབ། །ཐམས་ཅད་ཚད་པས་ཚད་མར་བྱ། །མ་བཅོས་ངང་གི་རྣལ་འབྱོར་པ། །རྡོ་རྗེ་ངག་གི་སྤྱོད་པར་བཤད། །རྡོ་རྗེ་ཡིད་ཀྱི་སྤྱོད་
ཡུལ་ནི། །མ་བཅོས་མ་གཡོས་བསམ་དང་བྲལ། །མི་གཡེང་མ་རྨུགས་གསལ་ཞིང་གནས། །འདོད་ལ་མ་ཆགས་སྒྲོ་སྐུར་བྲལ། །བླང་མེད་དོར་མེད་ཆགས་སྡང་མེད། །འཆབ་བཅོམ་མེད་དེ་རྙེད་འབྱོར་མིན། །ཕྱོགས་བྲལ་མུ་མེད་ཡོངས་སུ་དག །གོ་བགོས་ལམ་
เล่ม ๙๗ · หน้า 238b
ཉིད་དྲང་པོར་སོང་། །དུག་འགྱུར་སྨན་བསྲེལ་མཚོན་ཆར་ལྡན། །རྡོ་རྗེ་རྫོང་ལ་ཞེན་པ་དང་། །ཡིད་བཞིན་ནོར་བུ་བློ་གྲོས་ལྡན། །གང་དུ་མི་འགྱུར་གང་མི་འགྱུར། །དབྱིངས་འདིར་ཀུན་དང་གཅིག་པ་དང་། །གང་གི་བློ་ལ་མངོན་པའི་ཕྱིར། །ཡོངས་སུ་མཛེས་དང་བག་
ཡོད་དང་། །དེ་ཉིད་དབང་ལས་ཁྲེལ་ཡོད་དང་། །དེ་ལ་ངའམ་ང་མེད་པས། །ཀུན་ལ་ཡོངས་སུ་ལྡན་པ་དང་། །ཐམས་ཅད་བདེ་བས་ངེས་པ་དང་། །གང་འདི་སྟོང་བས་ཅིར་མི་རྟོག །དེ་ཉིད་ཞི་བས་འཁྲུག་མེད་དང་། །གང་ནས་ཅི་ཡང་མི་འབྱུང་བས། །གཞན་དུ་ཚོལ་
བ་མེད་པ་དང་། །ཟང་ཟིང་མེད་པ་ཚུལ་མི་འཆོས། །གདུང་བ་མེད་པས་འདོད་པ་མེད། །མ་ཆགས་འབྱུང་བས་ཆོག་པར་འཛིན། །གང་ལ་མཚན་མར་མི་འཛིན་པས། །གཙང་སྨེ་མེད་ཅིང་དུས་གསུམ་མེད། །དེ་བཞིན་དམ་པ་ཡོད་མ་ཡིན། །སེམས་ཉིད་ནམ་
མཁའི་སྙིང་པོ་དེ། །གློ་བུར་སྤྲིན་གྱིས་གཏིབས་སྤུངས་པས། །ཤེས་རབ་རླུང་གིས་མ་གཏོར་བར། །ག་ཞ་མཁན་གྱི་སྤྱོད་འདྲ་ཡིས། །སྒྲིབ་བསལ་ཆོས་ཉིད་གསལ་འདོད་པས། །ཇི་ལྟར་ཆུས་གཤེར་བྱས་པ་དག །ཉི་མ་སྤྲིན་ལྟར་གྲིབ་མ་ཡིས། །ཤིན་ཏུ་བསྒྲིབས་
པར་གྱུར་པ་ན། བྱིས་པའི་རང་བཞིན་མི་ཤེས་པས། །སྤྲིན་ཆེན་འདུས་པའི་ཕུང་པོ་ལ། །ཁ་ཡི་དབུགས་ཀྱིས་བུས་བྱས་ནས། །སྤྲིན་བསལ་ཉི་འོད་གསལ་འདོད་འདྲའོ། །གྲོགས་པོ་དག་དེ་དག་ནི་དེ་ལྟར་སྤྱོད་པའི་རང་བཞིན་དུ་ཤེས་པར་བྱའོ། །ཞེས་ཐོས་པ་ཕྱིན་ཅི་མ་
ལོག་པར་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་འབྱོར་རང་བཞིན་གྱི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་བདུན་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསང་བ་པའི་
བདག་པོ་ལ་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ལྗོན་ཤིང་བསྐྱེད་པར་བྱའོ་ཞེས་དམ་བཅའ་བར་གསུངས་པ་དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་གང་གི་ལྗོན་ཤིང་ལགས་ཞེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་
เล่ม ๙๗ · หน้า 239a
དག་ཤིང་ནི་བྱང་ཆུབ་ཀྱི་ལྗོན་ཤིང་སྟེ། བླ་ན་མེད་པའི་འབྲས་བུར་སྨིན་པས་གང་མཐའ་དག་གི་གསོས་སུ་འགྱུར་བའི་ཕྱིར་ལྗོན་ཤིང་དེ་བསྐྱེད་པར་བྱའོ། །གྲོགས་པོ་དག་འདི་ལྟ་སྟེ། དེ་ཉིད་རྡོ་རྗེ་སྙིང་པོ་ལས། །གང་གི་ཟུག་རྔུ་ཀུན་བྱང་དེར། །མ་ལུས་
ཡོངས་སུ་རྫོགས་པ་ལ། །གང་གི་དགོངས་པ་ངེས་འགྲེལ་པ། །སྦྱོར་བའི་སྐབས་སུ་བཤད་པ་དག །དེ་ཉིད་རྣམ་པར་འགྲོ་བར་བྱ། །དེ་ལ་དགོངས་འགྲེལ་སྦྱོར་སྐབས་བཅུ། །འདུན་པ་སྐྱེད་དང་རྩོལ་བ་སྦྱོར། །བསླབ་པར་འཇུག་དང་འདུ་ཤེས་འགྱུར། །སྦྱོར་ནས་རོ་ཚོར་
ཡུལ་ལ་འཇུག །རྟོགས་ཆེན་གདེང་འགྱུར་ལས་སུ་རུང་། །རྒྱུན་དང་བཅས་པའི་སེམས་སྐབས་བཅུ། །སྙིང་པོ་དེ་དག་རྒྱུན་བཅས་ཕྱིར། །རྣལ་འབྱོར་ཆེན་པོའི་སྐབས་བཅུ་ཡིས། །རྣལ་འབྱོར་རྣམ་ལྔའི་ཁྱད་པར་ལ། །བཅུ་དྲུག་རྒྱུན་གྱིས་ངེས་པར་རྫོགས། །དེ་བཞིན་
ཡེ་ཤེས་ཐམས་ཅད་ལ། །རྣམ་པ་བཅུ་ཡི་ཁྱད་པར་གྱིས། །དང་པོ་ནས་བཟུང་རྫོགས་བར་དུ། །སྦྱར་བ་གང་དེ་སྒྲིབ་པ་ནུབ་པར་འགྱུར། །གང་ཟག་གིས་གང་མཐོང་དེར་ན། །རིག་པ་བྱང་ཆུབ་སེམས་རེ་འབྱུང་། །དེ་ཉིད་དེ་ནུབ་གང་ཞེ་ན། །གཡོ་དང་སྨོན་དང་ལྡང་བ་
དང་། །སྦྱོར་བ་འཇུག་དག་མི་འགྱུར་བ། །རིག་དང་གནས་དང་རྫོགས་པའོ། །གང་གི་གཟུགས་བརྙན་གང་སྣང་བ། །དངོས་མེད་རང་སྣང་མཐུན་པའི་དཔེ། །ཕྲ་མོ་ཐ་མལ་ཆེན་པོ་ཡི། །སྐར་མ་ཟླ་ཚེས་གཉིས་པ་དང་། །གསུམ་དང་བཞི་དང་ལྔ་པ་དང་། །བརྒྱད་དང་
བཅུ་དྲུག་ལྟ་བུར་སྣང་། །འདུན་པ་སྐྱེ་བའི་སྐབས་དག་ལ། །གཡོ་བ་ལྷག་པའི་སེམས་འབྱུང་སྟེ། །མུན་པའི་སྤྲིན་རུམ་ལྟ་བུ་ཡི། །གཟེར་འཕྲོ་སྐར་མ་རབ་རིབ་སྣང་། །རྩོལ་བ་སྦྱོར་བའི་སྐབས་དག་ལ། །སྨོན་པ་ལྷག་པའི་སེམས་འབྱུང་སྟེ། །ཤིན་ཏུ་སྐར་མ་ཕལ་པ་
དག །གང་ལ་རབ་རིབ་ལྟ་བུའོ། །བསླབ་པ་འཇུག་པའི་སྐབས་དག་ལ། །ལྡང་བ་བྱང་ཆུབ་སེམས་འབྱུང་སྟེ། །ཇི་ལྟར་མེ་ཡི་གཟེར་ཆེན་དང་། །སྐར་ཆེན་ལྟ་བུ་རབ་རིབ་སྣང་། །འདུ་ཤེས་འགྱུར་བའི་སྐབས་དག་ལ། །སྦྱོར་བ་ལྷག་པའི་སེམས་སྐྱེ་སྟེ། །ཇི་ལྟར་མགལ་མེའི་འཁོར་
เล่ม ๙๗ · หน้า 239b
ལོ་དང་། །གཅིག་པའི་ཟླ་ཚེས་ལྟ་བུར་སྣང་། །སྦྱོར་ཆེན་འཇུག་པའི་སྐབས་དག་ལ། །འཇུག་པ་ལྷག་པའི་སེམས་སྐྱེ་སྟེ། །ཇི་ལྟར་སྒྲོན་མེ་ལྟ་བུ་དང་། །ཟླ་ཚེས་གཉིས་པ་ལྟ་བུར་སྣང་། །རོ་མྱོང་བ་ཡི་སྐབས་དག་ལ། །དགའ་བ་ལྷག་པའི་སེམས་འབྱུང་སྟེ། །སྣོད་
ཀྱི་སྒྲོན་མ་ལྟ་བུའམ། །གསུམ་པ་ལྟ་བུར་དེ་སྣང་ངོ་། །ཡུལ་ལ་འཇུག་པའི་སྐབས་དག་ལ། །མི་འགྱུར་ལྷག་པའི་སེམས་འབྱུང་སྟེ། །ཐོབ་དང་བསྟན་ལ་ཉེ་བ་ཡིན། །བཞི་པ་ལྟ་བུའི་རང་བཞིན་སྣང་། །རྟོག་ཆེན་དག་གི་སྐབས་དག་ལ། །རིག་པ་ལྷག་པའི་
སེམས་འབྱུང་སྟེ། །རྟགས་ཆེན་དང་པོ་ཉེ་བར་བསྙེན། །ལྔ་པ་ལྟ་བུའི་རང་བཞིན་སྣང་། །གདེང་དུ་གྱུར་པའི་སྐབས་དག་ལ། །གནས་པ་ལྷག་པའི་སེམས་འབྱུང་སྟེ། །ཤིན་ཏུ་བརྟན་པའི་སྒྲོན་མ་དང་། །བརྒྱད་པ་ལྟ་བུའི་རང་བཞིན་སྣང་། །རྟགས་ཐོབ་ཉིད་ན་
འགྲུབ་ཅེས་བྱ། །ལས་སུ་རུང་བའི་སྐབས་དག་ལ། །རྫོགས་པ་ལྷག་པའི་སེམས་འབྱུང་སྟེ། །གཉེན་པོ་མེད་པའི་སྒྲོན་མ་དང་། །ཆ་ལ་རྫོགས་པ་ལྟ་བུར་སྣང་། །བརྟན་པར་ངེས་པས་གྲུབ་པ་ཡིན། །སེམས་ཉིད་ཡེ་ནས་སངས་རྒྱས་ལ། །རྟོག་པས་བསྒྲིབས་
པས་དེ་མ་ཤེས། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ལས། །བླ་མེད་འབྲས་བུ་སྨིན་པ་ཡིན། །དེས་ན་གྲོགས་པོ་དམ་པ་དག །དམ་པ་རྣམས་ཀྱི་བྱང་ཆུབ་སེམས། །ཀུན་དུ་རྒྱུན་དང་བཅས་པ་སྟེ། །རྒྱུན་མེད་ཆད་པ་དམ་པ་མིན། །རྒྱུན་ཉིད་ཀྱིས་ནི་ངེས་
སྨིན་པ། །གང་དུ་སྨིན་པའི་སྐྱེད་ཤིང་དེ། །བྱང་ཆུབ་དམ་པ་ལྗོན་པའི་ཤིང་། །འབྲས་བུ་དམ་པ་སྨིན་ངེས་པའོ། །གྲོགས་པོ་དག་དེ་དག་ནི་ལྗོན་ཤིང་དམ་པ་བསྐྱེད་པའི་དགོངས་པ་ངེས་པར་བགྲོས་པའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་
ཆེན་པོ་ལས་དེ་ཁོ་ན་ཉིད་གསང་བའི་དམ་པ་ལྗོན་ཤིང་བསྐྱེད་པའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་
เล่ม ๙๗ · หน้า 240a
པོ་དམ་པ་རྣམས་ཀྱི་རྗེས་སུ་འཇུག་པར་བྱའོ་ཞེས་དམ་བཅའ་བར་དགོངས་པ་དེ་དམ་པ་རྣམས་ཀྱི་རྗེས་སུ་ཇི་ལྟར་འཇུག་པར་བགྱི། དེ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་ཡོངས་སུ་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ།
ཀྱེ་གྲོགས་པོ་དག་དེ་ནི་འདི་ལྟར་དམ་པ་རྣམས་ཀྱི་རྗེས་ནི་གང་ངེས་པར་ཤེས་པའི་ལམ་དམ་པ་ལ་བྱའོ། །གྲོགས་པོ་དག་ལམ་དམ་པ་གང་ཞེ་ན། དེ་ལྟར་དེ་ཁོ་བོས་མཐོང་ཐོས་པའི་སྐབས་གཅིག་ན་བཤེས་གཉེན་དམ་པ་ཉིད་ཀྱིས་ངེས་པར་གསུངས་པ་ངོ་བོ་ཉིད་
ཀྱི་སྐུ་གཉེན་པོ་མེད་པས་རྣམ་པར་རྟོག་པ་ཐམས་ཅད་དང་ལྡན་ཏེ། རྟག་པ་ཉིད་དང་ཆད་པ་ཉིད་དང་། སྐྱེ་བ་དང་། འགག་པ་ཉིད་དང་། དམིགས་པ་དང་། འདོད་ཆགས་པ་ཉིད་དང་། ཞེ་སྡང་བ་ཉིད་དང་། གཏི་མུག་པ་ཉིད་དང་། ང་རྒྱལ་བ་ཉིད་དང་། ཕྲག་དོག་པ་ཉིད་
དང་། འདོད་པ་ལྔ་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དང་། ཕྲ་མ་དང་། ངག་རྩུབ་མོ་དང་། ཚིག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཉིད་དོ། །མཚམས་
མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། སྨེ་ཤ་དང་། བཤང་བ་དང་། གཅི་བ་དང་། ཁྲག་དང་། ཁུ་བ་ལ་སོགས་པ་དག་ལ་ངེས་པར་སྤྱོད་པ་ནི་དམ་པ་རྣམས་ཀྱི་ལམ་དམ་པ་ཡིན་པར་ཤེས་པར་བྱའོ་ཞེས་ངེས་པ་དམ་པར་གསུངས་
པ་ལས། ཁོ་བོས་དེ་ལ་འདི་སྐད་དུ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །ཡང་དག་ཚད་མའི་གསུང་དག་ལས། །ཕྱིན་ཅི་ལོག་ཀུན་འབྱུང་ཅི་ལགས། །དེ་སྐད་ཞུ་བ་འདུན་པ་ལས། །བཤེས་གཉེན་དམ་པས་བཀའ་སྩལ་པ།
ཕྱིན་ཅི་ལོག་ལ་ཞེན་པ་རྣམས། །ཐབས་མཆོག་དཔག་གིས་མི་ལང་བས། །ངེས་པའི་དོན་ལ་གཟུད་པའི་ཕྱིར། །ཁྲིད་པའི་ཐབས་སུ་བསྟན་པ་ཡིན། །ལོག་ཞེན་གང་ལ་ངེས་བརྟན་ཡང་། །འཇུག་པར་མི་འགྱུར་སྤོང་འགྱུར་རྣམས། །ལོག་སྤྱོད་ཐབས་ཀྱིས་དེ་དྲངས་ན། །
เล่ม ๙๗ · หน้า 240b
ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །སླུ་བའི་ཐབས་ཀྱིས་གཟུང་བའི་ཕྱིར། །སོ་སོ་མོས་པ་སྣ་ཚོགས་ཀྱིས། །ལྟ་སྤྱོད་རྣམས་དང་མཐུན་འཇུག་ཏུ། །སྦྱར་ནས་བསྟེན་འབྲིད་ཐབས་སུ་གསུངས། །དཔེར་ན་ལོག་སྤྱོད་བྱིས་པ་རྣམས། །ཕ་མས་སྡིགས་བྲེད་ཐབས་
ཀྱིས་ནི། །བྱ་བའི་ལས་ལ་གཟུད་པ་ལྟར། །བརྩེ་བས་དོན་ལ་འདྲེན་པའོ། །དེ་ཡང་ཇི་ལྟར་ལ་ལ་ཞིག །ཆུ་བོ་ཕ་མཐར་འགྲོ་འདོད་པ། །གྲུ་བ་དག་ལ་བརྟེན་པས་འགྲོ། །མཐར་སོན་པས་ན་འབོར་བ་བཞིན། །ཐབས་སམ་ཐེག་པའི་བྱེ་བྲག་རྣམས། །བརྟེན་
པས་དྲང་བའི་ཐབས་ཡིན་ཡང་། །དོན་གྱི་ངེས་པ་རྙེད་མ་ཐག །ཆུ་བོ་རྒལ་བའི་གྲུ་བཞིན་འདོར། །དེས་ན་དེ་བཞིན་ཉིད་ཤེས་ན། །ཐམས་ཅད་ཐམས་ཅད་གང་ཡང་རུང་། །དམ་པའི་ལམ་དུ་ངེས་པས་ན། །ལམ་གྱི་ནང་ན་ཉེ་ལམ་ཡིན། །དེ་སྐད་ཅེས་གསུངས་ནས་ཅང་
མི་གསུང་བར་བཞུགས་སོ། །ཀྱེ་གྲོགས་པོ་དག་དེ་བས་ན་དམ་པ་རྣམས་ཀྱི་རྗེས་ལམ་དམ་པ་འདིར་ཞུགས་ན་ཐམས་ཅད་ནས་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་པ་དང་། གསལ་བ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པར་འགྱུར་ཏེ།
འཁོར་བ་ཡོངས་སུ་ཤེས་པར་འདོད་པས་ཀྱང་ལམ་འདི་ཤེས་པར་བྱའོ། །མྱ་ངན་ལས་འདས་པ་ཡོངས་སུ་ཤེས་པར་འདོད་པས་ཀྱང་ལམ་འདི་ཤེས་པར་བྱའོ། །གཞན་ཡང་ཆོ་འཕྲུལ་ཆེན་པོ་ཉི་ཤུ་ཐོབ་པར་འདོད་པས་ཀྱང་ལམ་དམ་པ་འདི་ཡོངས་སུ་ཤེས་པར་
བྱའོ། །རྟོག་པའི་རི་བོ་བརྒྱད་ཅུ་གཞིལ་བར་འདོད་པས་ཀྱང་ལམ་དམ་པ་འདི་ཡོངས་སུ་ཤེས་པར་བྱའོ། །ལྟུང་བའི་སྒོ་དགུ་ཆད་པར་འདོད་པས་ཀྱང་ལམ་དམ་པ་འདི་ཡོངས་སུ་ཤེས་པར་བྱའོ། །དེ་ལ་སོགས་པ་མཐའ་ཡས་པའི། །ཐམས་ཅད་ཐམས་ཅད་
ཡོངས་རྫོགས་པའི། །ཤེས་པར་འདོད་པ་གང་དག་གིས། །དམ་པའི་ལམ་འདི་ཤེས་པར་བྱ། །སེམས་ཉིད་དམ་པའི་ལམ་ཉིད་དེ། །མཁའ་ལ་བྱ་ལམ་རྗེས་མེད་བཞིན། །ཉམ་ང་ལོག་མེད་དམ་པའི་ལམ། །འདི་ལྟར་ངེས་པའི་ལམ་འདི་ཡང་། །ཀུན་གྱིས་ཤེས་
เล่ม ๙๗ · หน้า 241a
པར་བྱ་བའི་ཕྱིར། །ཚིག་གི་ལམ་གྱིས་ཉེར་མཚོན་ཏེ། །བརྗོད་མེད་ཚིག་གི་ཡུལ་བྲལ་བ། །དེ་ཡི་རང་བཞིན་དེ་ཉིད་ན། །རང་བཞིན་མ་བཅོས་དེ་བཞིན་ཉིད། །དེ་ལ་མིང་མེད་མིང་བཏགས་རྒྱུས། །མཐོང་དང་མ་མཐོང་ཐ་དད་འགྱུར། །དེ་ལས་
སྤྱོད་པའི་གཞིར་གྱུར་ཏེ། །བརྗོད་པས་དེ་ཉིད་མཐོང་བྱའི་ཕྱིར། །ཚིག་གི་ལམ་ནི་རྣམ་གྲངས་ལས། །ཚིག་ལམ་སྒོ་མོ་དཔག་མེད་འགྱུར། །དེ་ལས་དམ་པའི་རྗེས་བཅད་པ། །གང་གི་ཐུགས་ལས་བྱུང་བའི་ལུང་། །སྒྲོན་མས་ཉེ་བར་གཏེར་བཙལ་བ། །ཉེ་ལམ་
བྱང་ཆུབ་དམ་པ་ནི། །གང་བྱུང་རྗེས་སུ་དེ་འབྲངས་ན། །འཁོར་བའི་འཁོར་ལོར་འཁོར་བར་འགྱུར། །གང་འབྱུང་གཡོ་བ་གང་བཀག་པ། །རྒྱུན་གྱི་འགོག་པ་ཉིད་དུ་འགྱུར། །གང་འབྱུང་མེད་པའི་བླུན་པོ་པ། །མུར་འཛིན་མུན་པའི་ལམ་དུ་འགྱུར། །འདི་ཞེས་
གཅིག་ཏུ་གང་བཟུང་བ། །མཚན་མ་རྟོག་པའི་རི་བོ་ཡིན། །སྔ་ཕྱི་མེད་ཅེས་མུ་བཅད་ན། །དེ་མེད་ཆད་པའི་མུ་ཅན་ཡིན། །མ་བཅོས་ཉིད་ལ་ཡུད་ཙམ་ཞིག །ཅིར་གཡོས་སྐྱེ་འགག་འབྱུང་བ་དེ། །དེ་ལས་གང་འབྱུང་གང་འཕེལ་བ། །རྣམ་གྲངས་ལམ་དེ་འཕེལ་
འགྱུར་གྱི། །དམ་པའི་ལམ་ཉིད་རྙེད་མ་ཡིན། །དཔེར་ན་འགྲོ་གང་བྱིས་པ་དག །གྲིབ་མ་སྤངས་ནས་རྣམ་དག་ཚོལ། །གང་ལས་བྱུང་བ་དེ་ཉིད་ཀྱིས། །བཙལ་ཡང་འགྲིབ་འཕེལ་དག་མི་རྙེད། །དེ་ཉིད་ཡེ་ནས་དེ་བཞིན་དུ། །གང་འདིར་སྡུག་བསྔལ་སྣ་ཚོགས་ཀྱིས། །
ཤ་ཐང་བར་ནི་ལམ་ཚོལ་བ། །དོན་མེད་བདུད་ཀྱི་ལས་ཡིན་ནོ། །དེ་ལ་ཚིག་ཏུ་གང་བརྗོད་པ། །ནམ་མཁའ་དག་ལ་རྩོད་པ་འདྲ། །ཚིག་ཏུ་སྨན་དང་དཔྱད་བཤད་ཀྱང་། །ནད་པའི་ཚོགས་ལ་མི་སྨན་ནོ། །དེ་ཉིད་དེ་བཞིན་མ་གྱུར་ན། །ཚིག་ལམ་དེ་བརྗོད་དེ་མ་
ཡིན། །གང་འདིར་གང་སྤངས་གང་ཚོལ་བ། །གཟུགས་སྤངས་ནས་ནི་གྲིབ་ཚོལ་འདྲ། །སེམས་ཉིད་དམ་པའི་ལམ་ཉིད་པས། །མ་རིག་ཡེ་ཤེས་ཐ་དད་མིན། །མི་རྟོག་པ་ནི་ལམ་འདིར་གཅིག །སེམས་ཉིད་སྣ་ཚོགས་བར་སྣང་བས། །སྣ་ཚོགས་ལམ་འདིར་
เล่ม ๙๗ · หน้า 241b
གཅིག་པ་ཡིན། །དཔེར་ན་གསེར་གྱི་རྒྱུ་གཅིག་ལས། །དབྱིབས་དང་གཟུགས་ནི་ཐ་དད་པར། །བྱས་པས་དེ་དག་མིང་རེ་གྲགས། །གང་གྲགས་གསེར་གྱི་ངོ་བོར་གཅིག །དེ་ལྟར་སེམས་ཀྱི་རང་བཞིན་ལ། །མཐོང་དང་མ་མཐོང་ཁྱད་པར་གྱིས། །གང་ལྟར་བལྟས་དགུ་དེ་
ལྟར་སྣང་། །སྣང་ཡང་དེ་ལས་གཞན་མི་དམིགས། །སྒྲོན་མ་འབར་བའི་རིན་ཆེན་ནི། །ཇི་ལྟར་ངན་ཁུང་སྦས་གྱུར་ཡང་། །དེ་ཡི་རང་བཞིན་རང་སྣང་བས། །འོད་ནི་མཁའ་ལ་གསལ་བར་འགྱུར། །དེ་བཞིན་སེམས་ཉིད་རིན་ཆེན་སྒྲོན། །ལུས་ངན་འདམ་དུ་བྱིང་གྱུར་
ཡང་། །རང་བྱུང་རང་ཞི་རང་སྣང་བས། །མ་བཅོས་རང་བཞིན་ཡོངས་ཀྱིས་གསལ། །སེམས་འདི་ནམ་མཁའ་ཇི་བཞིན་ཏེ། །ཀུན་ཁྱབ་སྟོང་གསལ་སྣ་ཚོགས་འབྱུང་། །བྱུང་ཚོར་གཡོ་འགོག་ཐམས་ཅད་ཀྱང་། །རང་བཞིན་གྱིས་འབྱུང་ངང་གིས་ཞི། །མདོར་ན་ཇི་ལྟར་
བརྟགས་བསམས་བཞིན། །འགྱུར་བས་ཐམས་ཅད་ངོ་བོ་སྣང་། །མ་བཅོས་གཡོ་བ་མེད་ཉིད་ལས། །སྣ་ཚོགས་རྒྱུ་འབྱུང་མི་སྐྱོན་ཞིང་། །ཆོ་འཕྲུལ་མི་འགག་ཉམ་ང་མེད། །ཇི་བཞིན་ནམ་མཁའི་རང་བཞིན་ལ། །བློ་བཞག་མ་ཡེངས་ཁོ་ནར་ཟད། །དེ་ནི་ཚེགས་
མེད་དོན་པོ་ཆེ། །དེ་ཉིད་དུས་གསུམ་ཐམས་ཅད་ཀྱི། །སངས་རྒྱས་འབྱུང་བའི་ངོ་བོ་ཡིན། །དེ་ཡི་དོན་ལ་ཇི་སྙེད་གནས། །མཐོང་བས་དེ་ཉིད་དེར་གོམས་ན། །ལམ་རྙེད་ལམ་མཐོང་ཉམ་དྲོད་ནི། །དོན་གྱིས་ངེས་པར་འབྱུང་བ་ཡང་། །གང་མ་ཡིན་ལ་ཟིན་འབྱུང་བ། །
བྱང་ཆུབ་དམ་པ་འབྱུང་བར་འགྱུར། །མཚན་མ་རྟོག་པའི་ཆོས་རྣམས་ལ། །ངེས་པའི་བློ་གྲོས་འབྱུང་བ་ཡིན། །ཆོས་ཀུན་འདི་ལྟར་ཡིན་པ་ལ། །དེ་ལྟར་མ་མཐོང་ངོ་མཚར་ཆེ། །དེ་མཐོང་དེ་ཡང་ངོ་མཚར་ཆེ། །ཨེ་མའོ་ཅི་ག་སྙམ་དུ་འབྱུང་། །དེ་ཉིད་མ་མཐོང་གང་
སུ་དག །རྩོལ་གྲུབ་དཀའ་བའི་ཚེགས་ཆེན་གྱིས། །དམ་པའི་ལམ་ཚོལ་ལམ་རེ་རིང་། །དེ་ཡི་དོན་འབྱུང་དེ་ཡོད་ཀྱང་། །ལམ་དེ་རྙེད་པར་ཡང་མི་འགྱུར། །དམ་པ་རྣམས་ཀྱི་ལམ་རྙེད་པ། །དམ་པ་ཉིད་ལས་དམ་པ་ཡིན། །དེ་ནི་རྟེན་བརྙན་མཚུངས་མ་ཡིན། །ཞི་
เล่ม ๙๗ · หน้า 242a
ལུས་མཐར་འགོག་གཉིས་མཚུངས་མིན། །སློབ་པའི་ས་དང་དེ་མི་མཚུངས། །རྣལ་འབྱོར་སེམས་པ་རྟོག་མཐའ་དང་། །གང་མཚུངས་དེ་འདྲ་དེ་མི་མཚུངས། །དེས་ན་རྣམ་དག་ལམ་ཆེན་ནི། །སེམས་ཀྱི་གསང་འདི་ཡིན་པས་ན། །དགོངས་པ་ཀུན་
ལས་འདུས་པ་ཡི། །གསང་བའི་ལམ་འདི་ཤེས་བྱས་པས། །བཙལ་བའི་བྱ་བ་རྒྱུ་མེད་དེ། །ལམ་འདི་མཐོང་བ་དེ་ཉིད་ཀྱིས། །དཀའ་བ་རྩོལ་བ་གང་མེད་པར། །ཐམས་ཅད་ཐམས་ཅད་གྲུབ་པ་ཡིན། །སེམས་ཀྱི་གསང་བ་གར་གནས་པ། །དེ་ནི་དབེན་པ་དམ་
པ་སྟེ། །དགོན་པ་ཆེན་པོ་མཆོག་ཉིད་དུ། །དགོངས་པ་ཀུན་ནས་འདུས་པ་གསུངས། །དེ་ཉིད་དཔག་མེད་གཞལ་ཡས་མཆོག །རྨད་འབྱུང་ནོར་བུ་ཡིད་བཞིན་ཁང་། །མ་བྱས་རང་བྱུང་ཕྱི་ནང་མེད། །ཀུན་དུ་ནང་དུ་གྱུར་པ་ཡིན། །གང་འདིར་གང་འདུས་ཚོགས་མ་
ཡིན། །དེ་ལ་དེ་ཉིད་ཚོགས་འདུས་མཆོག །ཆོས་ཀུན་བསྡུས་པས་འབྱུང་བ་མེད། །དཔག་མེད་རྒྱལ་བ་དགྱེས་པའི་མཆོག །གང་འདིར་འདོད་སྤྱོད་ཡོ་བྱད་ཡིན། །དེ་ཉིད་ཡོ་བྱད་ཆེན་པོ་སྟེ། །ལྷག་པའི་ཡོ་བྱད་འདི་ཤེས་ན། །ཡོ་བྱད་ཀུན་གྱི་རྩ་བ་ཡིན། །སྒོམ་པར་
བྱེད་པ་བསྒོམ་པ་མིན། །བསམ་བྱ་དམིགས་སུ་མེད་པ་སྟེ། །དམ་པའི་གསང་ལམ་འདི་ཤེས་ན། །བསྒོམ་ལམ་དམ་པ་འདི་ཉིད་དོ། །བསྲུང་ཞེས་བསྲུང་བར་བྱ་མི་དམིགས། །སྟོང་ཉིད་མེད་འབྱུང་གསང་ལམ་འདི། །དབུས་མཐར་ཆེ་བས་ཚིག་ཤེས་ན། །བསྲུང་
བའི་གསང་བ་དམ་པའོ། །ཚིག་ལམ་མཉམ་བརྗོད་མཉམ་མི་དམིགས། །གསང་འདི་ཐམས་ཅད་གཅིག་པ་ལ། །མཉམ་ཞེས་ལྷག་པར་ག་ལ་ཡོད། །དགོངས་པ་ཀུན་ནས་འདུས་དང་མཉམ། །གང་གཞན་བརྟུལ་ཞུགས་སྤྱོད་པ་ཡིན། །དེ་ལ་དེ་གཞོལ་རོལ་སྤྱོད་པས། །
ཐམས་ཅད་འདིར་བརྟུལ་འདིར་ཞུགས་པས། །བརྟུལ་ཞུགས་མཆོག་ཏུ་ཀུན་འདུས་གསུངས། །ལམ་འདི་དངོས་ཉིད་སེམས་ཀྱི་གསང་། །ཡེ་གྲུབ་ཟིན་པས་གསོལ་ཐོབ་མེད། །དངོས་གྲུབ་རྒྱུན་མི་འཆད་པ་ཞེས། །དགོངས་པ་དམ་པ་ཀུན་འདུས་གསུངས། །དེ་ལྟར་
เล่ม ๙๗ · หน้า 242b
སེམས་ཀྱི་གསང་མཐོང་ན། །སྔོན་མ་མཐོང་བའི་ལམ་མཐོང་བས། །མཐོང་བ་ཅི་ཡང་མེད་པ་ཉིད། །གང་ལ་སྣང་བ་ལམ་མཐོང་ཡིན། །གྲོགས་པོ་དག་དེ་དག་ནི་དམ་པ་རྣམས་ཀྱི་རྗེས་ལམ་དམ་པ་ཞེས་བྱ་བ་འདི་སྐད་ཐོས་པ་ཡོངས་སུ་བགྲོས་པའོ། །སངས་རྒྱས་
ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྣལ་འབྱོར་རྗེས་འཇུག་གི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།དེ་ནས་ཡང་ལང་ཀའི་མངའ་བདག་ལ་སོགས་པ་གྲོགས་ཀྱི་སེམས་དཔའ་རྣམས་ཀྱིས་གསང་བ་པའི་བདག་པོ་ལ་ཡོངས་སུ་དྲི་བ་དྲིས་པ། ཀྱེ་གསང་
བ་པའི་བདག་པོ་འདིར་རིན་པོ་ཆེ་འབར་བའི་སྒྲོན་མ་བསྲེལ་བར་བྱའོ་ཞེས་དམ་བཅའ་བར་དགོངས་པ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲི་བ་ཡོངས་སུ་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག་རིན་པོ་ཆེ་འབར་བ་ནི་འོད་
ཀྱི་འབྱུང་གནས་ལགས་ཏེ། །འཐོར་རླུང་ཚོགས་ཀྱིས་ཀྱང་མི་སོད་པས་མུན་པ་སེལ་བར་བྱེད་པ་ཁོ་ན་བས་སྒྲོན་མེ་ཞེས་བྱའོ། །དེ་ནི་འདི་ལྟར་མི་ཤེས་པ་སེལ་བའི་ཤེས་པ་ཉིད་ཡིན་ཏེ། ཉི་མའི་སྙིང་པོའམ་རིན་པོ་ཆེའི་སྒྲོན་མ་ལ་མུན་པའི་གཞི་མེད་པ་བཞིན་གང་
ཤེས་པའི་རང་བཞིན་ལ་མི་ཤེས་པའི་གཞི་མེད་དོ། །དེ་ཡང་འདི་ལྟར་སྒྲོན་མ་དམ་པ་ནུབ་པར་གྱུར་པ་ན་ཀུན་གྱི་དེ་ཉིད་གཅིག་ཁོ་ན་ལ་ཁྱད་པར་གྱི་རྣམ་པར་འབྱུང་བར་འགྱུར་བ་ནི་འདི་ལྟ་སྟེ། མུན་པའི་ཤེས་པ་དང་། ཡ་མཚན་ཅན་གྱི་ཤེས་པ་དང་། བྱིས་པ་
རྣམས་ཀྱི་ཤེས་པ་དང་། ཕྱོགས་སུ་རིགས་པའི་ཤེས་པ་དང་། མཐའ་དབུས་འབྱེད་པའི་ཤེས་པ་དང་། དམ་པ་ཉིད་ཀྱི་ཤེས་པའོ། །ཀྱེ་གྲོགས་པོ་དག་གང་མུན་པའི་ཤེས་པ་ནི་གང་འདི་ལས་ལོག་པར་ཤེས་པའོ། །ལོག་སྲེད་ཅན་གྱི་ཤེས་པ་ནི་ཐ་དད་སྨྲ་ཞིང་
གཉིས་སུ་འདོད་པའོ། །བྱིས་པ་རྣམས་ནི་འདི་ལྟ་སྟེ། གང་མེད་པར་སྨྲ་ཞིང་ཐམས་ཅད་ཡོད་པར་འདོད་པའོ། །དེ་ཡང་འདི་ལྟར་རྡུལ་ནས་དཔག་ཚད་སྐད་ཅིག་མ། །བསྐལ་པ་སྐར་མ་ཉི་ཟླ་དང་། །རི་བོ་ཁོར་ཡུག་ལུས་ཅན་ལུས། །སེམས་དང་ཚེ་ལ་ལོངས་སྤྱོད་ཚད། །
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด