འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ནིཥྛ་ཏ་ན་བྷ་ག་ཝད་ཛྙཱ་ན་བཻ་པུ་ལྱན་སཱུ་ཏྲ་རཏྣ་ཨ་ནནྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๗ · หน้า 249a

ཤེས་ན་ཉོན་མོངས་པའི་སེམས་ཀྱི་རྣམ་པ་མི་མཐོང་སྟེ། རྣམ་པར་ཤེས་པ་གང་གིས་སེམས་དེ་རབ་ཏུ་ལྡན་པར་མཐོང་བའི་སེམས་དེ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་དང་ང་རྒྱལ་ཉིད་ཀྱིས་སེམས་དེའི་སེམས་ཀྱི་ངོ་བོ་དང་བྲལ་ཏེ། ཆོས་ངོ་བོ་གང་ཡང་མེད་ན་དེ་

མི་སྐྱེའོ། །གང་མི་སྐྱེ་བ་དེ་མི་འགག །གང་མི་སྐྱེ་ཞིང་མི་འགག་པ་དེ་མངོན་པར་ཤེས་པར་བྱར་མེད། ཡོངས་སུ་ཤེས་པར་བྱར་མེད། སྤང་དུ་མེད། བསྒོམ་དུ་མེད། མངོན་སུམ་དུ་བྱར་མེད་དེ། དེ་ད་ལྟར་གྱི་དུས་ཅི་འདྲ་བ་འདས་པ་ཡང་དེ་འདྲའོ། །འདས་པ་ཅི་འདྲ་བ་མ་འོངས་པ་

ཡང་དེ་འདྲ་སྟེ། དེ་མངོན་པར་ཤེས་པར་བྱར་མེད། ཡོངས་སུ་ཤེས་པར་བྱར་མེད། སྤང་དུ་མེད། བསྒོམ་དུ་མེད། མངོན་སུམ་དུ་བྱར་མེད་དོ། །གང་དུས་གསུམ་མཉམ་པ་འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་ཀུན་ཏུ་རྨོངས་པ་དག་ཕུང་པོ་དབེན་པ་ལས་བྱང་ཆུབ་ཚོལ་ཏེ། བྱང་ཆུབ་ནི་ཕུང་པོ་དག་ལས་

གཞན་པ་མ་ཡིན་ནོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། རང་བཞིན་དེ་དག་སེམས་ཅན་ལ་སྟོན་ཏོ། །གང་སློབ་པ་དེ་ལ་སློབ་པ་དེ་དག་གིས་རྗེས་སུ་ཐོབ་པར་འགྱུར་ཏེ། གང་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྗེས་སུ་བརྙེས་པ། བསྣན་པ་མེད་ཕྲི་བ་མེད་

ཐོབ་པ་མེད། བཤིག་པ་མེད་མོད་ཀྱི་འོན་ཀྱང་ཆོས་ཀྱི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ན་དེའི་སྐྱེ་བ་ཡང་མྱ་ངན་ལས་འདས་པ་ཡིན། མི་སྐྱེ་བ་ཡང་མྱ་ངན་ལས་འདས་པ་ཡིན། འགགས་པ་ཡང་མྱ་ངན་ལས་འདས་པ་ཡིན། མ་འགགས་པ་ཡང་མྱ་ངན་ལས་

འདས་པ་ཡིན། དངོས་པོ་ཡང་མྱ་ངན་ལས་འདས་པ་ཡིན། དངོས་པོ་མེད་པ་ཡང་མྱ་ངན་ལས་འདས་པ་ཡིན་ནོ། །དེ་དེ་ལྟར་ཆོས་སྟོན་པ་ན་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་

པོ་དྲང་སྲོང་འཆི་བ་ཤེས་པ་འགོག་པ་ཤེས་པ་ལ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་འཆི་བ་ཤེས་པ་འགོག་པ་ཤེས་པ་ལ་མཁས་པ་ཞེས་བྱ་བར་གྱུར་ཏོ། །ངས་དུས་གསུམ་མཉམ་པ་

เล่ม ๔๗ · หน้า 249b

དེ་རབ་ཏུ་བསྟན་པ་ན་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་

བསྟན་པར་བྱ། དུས་གསུམ་མཉམ་པ་ཉིད་ལ་སེམས་ཅན་དག་རབ་ཏུ་གཟུད་པར་བྱ། དུས་གསུམ་མཉམ་པ་ཉིད་ལ་སེམས་ཅན་དག་རབ་ཏུ་བཙུད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་འཆི་བ་ཤེས་

པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དང་། དེ་བཞིན་དུ་སྦྱར་ཏེ་བདག་གིས་ཇི་ལྟར་ཡང་དག་པར་བཤད་པར་བྱ་སྙམ་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་

འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བྲམ་ཟེ་ཟླ་དགའ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། ཕ་མ་ཤིན་ཏུ་དག་པ་དང་ལྡན་ཞིང་ཆུང་མའི་སྐྱེ་གནས་མ་བཏང་བ་འདོན་པ་གཞུང་འཛིན་པ། རིག་བྱེད་གསུམ་དང་སྒྲ་ངེས་པར་སྦྱོར་བ་དང་བཅས་པ་དང་

ཤེས་གསལ་དང་བཅས་པ་དང་། ཡི་གེ་རབ་ཏུ་དབྱེ་བ་དང་བཅས་པ་ལྔ་པ་སྟེ། སྔོན་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་རྒྱང་འཕེན་པའི་གཞི་ལུང་སྟོན་པ་མཆོད་སྦྱིན་གྱི་རྒྱུད་དང་། སྐྱེས་བུ་ཆེན་པོའི་མཚན་ཉིད་དག་ལ་རྗེས་སུ་ཤེས་ཤིང་ཡོངས་སུ་ཤེས་པ་རིག་པ་གསུམ་གྱི་ཚིག་ལ་བྲི་བ་མེད་

པ། ལས་ཀྱི་རྣམ་པར་སྨིན་པའི་རྫུ་འཕྲུལ་ཐོབ་པ་འཛིན་པ། སློངས་མོས་འཚོ་བ། མུ་སྟེགས་གདོལ་བ་ཐམས་ཅད་ལ་ཀུན་ཏུ་སློང་བ། དེ་སློངས་མོའི་འཚོ་བས་འཚོ་བར་བྱའོ་སྙམ་ནས། སེམས་ཅན་ཐམས་ཅད་ཀྱི་ལྟོ་འགེངས་པར་བྱེད་དེ། ཉི་མ་སྟོང་དུ་སྟོན་མོ་བྱེད།

ཉི་མ་ཉིས་སྟོང་དང་། སུམ་སྟོང་དང་བཞི་སྟོང་དང་ལྔ་སྟོང་དུ་ཡང་སྟོན་མོ་བྱེད་དོ། །ཐབས་དེས་ལོ་འབུམ་ཕྲག་བརྒྱད་དུ་ཟླ་བའི་མཆོད་སྦྱིན་རབ་ཏུ་བསྒྲུབས་ཤིང་ལོ་འབུམ་ཕྲག་བརྒྱད་དུ་གང་ལ་སེམས་རབ་ཏུ་ཉམས་པ་ཡོན་གནས་སུ་ལ་ཡང་ཡོངས་སུ་མ་ཞུས་སོ། །དེའི་ཚེ་དེ་བཞིན་གཤེགས་

เล่ม ๔๗ · หน้า 250a

པ་མྱ་ངན་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེའི་འདུས་པ་ནི་སྐར་མ་དང་མཉམ་པར་གྱུར། བྱང་ཆུབ་སེམས་དཔའ་འདུས་པ་ཡང་སྐར་མ་དང་མཉམ་པར་གྱུར་ཏོ། །

དེ་ནས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་འདི་སྙམ་དུ་སེམས་ཏེ། བདག་གི་མཆོད་སྦྱིན་གྱི་བཀད་སར་ཡ་མཚན་ཅན་ཀུན་ཕལ་ཆེར་འཇུག་ན། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བའི་ཉན་ཐོས་འབའ་ཞིག་མི་འཇུག་ཅིང་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཡང་

མི་འཇུག་ན། གང་གིས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་བདག་གི་མཆོད་སྦྱིན་གྱི་བཀད་སར་འཇུག་པར་འགྱུར་བའི་ཐབས་ཅི་ཡོད། དེ་བདག་གི་མཆོད་སྦྱིན་དེ་ལ་རྟོག་སྟེ། མཆོད་སྦྱིན་གྱི་སྐྱོན་གྱི་ཉེས་པ་གང་ཞིག་གིས་

དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་མཆོད་སྦྱིན་གྱི་བཀད་ས་འདིར་མི་འཇུག་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ནི་དུས་སུ་ཟ་བ་ཡིན་ལ།

བདག་གི་སྦྱིན་པ་ཆེན་པོ་འདི་ནི་གྲུབ་པས་འདྲིམ་པ་ཡིན་ཏེ། སྐྱོན་དེས་དེ་བཞིན་གཤེགས་པ་དེ་བདག་གི་མཆོད་སྦྱིན་གྱི་བཀད་སར་མི་འཇུག་པ་ལྟ་ཞིག་སྙམ་མོ། །དེ་ནས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནང་པར་སྔར་ལངས་ནས། བྲམ་ཟེ་དང་བྲམ་ཟེ་མོ་རབ་ཏུ་མང་པོ་དག་གིས་

ཡོངས་སུ་བསྐོར། མདུན་དུ་བདར་ནས། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ག་ལ་བ་དེར་སོང་སྟེ། བྲམ་ཟེའི་ཚོགས་མང་པོས་ཡོངས་སུ་བསྐོར་ནས་ཐམས་ཅད་རྟ་རྒོད་མ་དཀར་མོའི་ཤིང་རྟ་ལ་ཞོན་ཏེ། དེ་བཞོན་པའི་ས་ཇི་ཙམ་པ་དེ་ཙམ་དུ་བཞོན་པས་སོང་བ་

ནས་བབས་ཏེ། དེ་རྐང་པའི་བར་གྱིས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ག་ལ་བ་དེར་སོང་བ་དང་། དེས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེ་ཤིང་ལྗོན་པ་གཞན་ཞིག་གི་དྲུང་ན་གནས་ཤིང་བཞུགས་ཏེ་བཟང་ཞིང་མཛེས་ལ་དབང་པོ་དུལ་བ་ཐུགས་དུལ་བ། ཞི་

เล่ม ๔๗ · หน้า 250b

གནས་དུལ་བ་དམ་པ་བརྙེས་པ། ཞི་གནས་དུལ་བ་མཆོག་བརྙེས་པ་སྦས་པ་གླང་པོ་དབང་པོ་ཐུལ་བ་མཚོ་ལྟར་དང་ཞིང་རྙོག་པ་མེད་ལ་རབ་ཏུ་གསལ་བ་གསེར་གྱི་མཆོད་སྡོང་ལྟར་འབར་བ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གང་བདག་གིས་དེ་བཞིན་གཤེགས་པ་མྱ་ངན་

ཐམས་ཅད་དང་བྲལ་བ་འདི་དགེ་སློང་གི་ཚོགས་སུ་ཤེས་པ་ནི་བདག་གིས་རྙེད་པ་ངན་པ་རྙེད་དེ། བཟང་པོ་མ་རྙེད་དོ། །བཅོམ་ལྡན་འདས་འདི་ནི་ཕུལ་དུ་བྱུང་བ་ཡིན་ཏེ། ཕུལ་དུ་བྱུང་བའི་གནས་སུ་བཞུགས་པར་བྱ་ཞིང་ཕུལ་དུ་བྱུང་བའི་ཞལ་ཟས་དང་གཟིམས་ཆ་དང་། སྙུན་རྐྱེན་གྱི་གསོས་སྨན་གྱི་ཡོ་བྱད་

རྣམས་ཀྱིས་བསྟོད་པར་བྱའོ་སྙམ་ནས། དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེའི་ཕྱག་གཉིས་ལ་བཟུང་ནས། ཁས་ཡོངས་

སུ་གཏུགས་ཏེ། བཅོམ་ལྡན་འདས་བདག་ནི་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལགས་སོ། །བཅོམ་ལྡན་འདས་བདག་ནི་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལགས་སོ། །ཞེས་བདག་གི་མིང་དང་རུས་ལན་གསུམ་གྱི་བར་དུ་གསོལ་ཅིང་། བཅོམ་ལྡན་འདས་དགེ་སློང་མ་ལགས་

ཏེ། ཕུལ་དུ་བྱུང་བར་གནས་པ་ལགས་ན་གང་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་སུ་བགྲངས་པ། བཅོམ་ལྡན་འདས་ནོངས་པ་འཆགས་སོ། །བདག་ནོངས་པར་གཟུང་དུ་གསོལ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་ཇི་སྲིད་བཞུགས་ཀྱི་བར་དུ་གཟིམས་

ཆ་དང་། སྙུན་རྐྱེན་གསོས་སྨན་གྱི་ཡོ་བྱད་རྣམས་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བདག་མཆོད་པ་བགྱིད་པར་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བས་

བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཟླ་དགའ་ཤིན་ཏུ་བདེ་བར་གྱུར་ཅིག །ལྷ་དང་མི་དང་ལྷ་མ་ཡིན་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། གང་གཞན་ཡང་ལུས་ཆེན་པོར་འདུག་པ་དག་བདེ་བ་འདོད་དེ། ཟླ་དགའ་སངས་རྒྱས་བཅོམ་ལྡན་

เล่ม ๔๗ · หน้า 251a

འདས་ནི་གང་ཟག་གཅིག་གི་ཕྱིར་ཇི་སྲིད་འཚོའི་བར་དུ་མི་བཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་ལ་ཕན་པའི་ཕྱིར་འཇིག་རྟེན་དུ་བྱུང་སྟེ། སེམས་ཅན་གང་དག་ཟས་དང་མལ་དང་གོས་དང་གནས་

རབ་ཏུ་ཉམས་པ་དེ་རྣམས་ལ་དེ་བཞིན་གཤེགས་པ་ཐུགས་བརྩེ་བའི་ཕྱིར་འཇིག་རྟེན་དུ་བྱུང་ངོ་། །གསོལ་བ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་དགུང་བདུན་དུ་བདེ་བའི་རིམ་གྲོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བདག་ཡོ་བྱད་ཀུན་གྱིས་མཆོད་

པ་བགྱིད་པར་དེ་གནང་བར་མཛད་དུ་གསོལ། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་ཐུགས་བརྩེ་བའི་སླད་དུ་ཅང་མི་གསུང་བར་གྱུར་པས་གནང་ངོ་། །དེ་ནས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ། བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེ་ཅང་མི་གསུང་བར་གྱུར་པས་གནང་བར་རིག་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྟན་ལས་ལངས་ནས་བདག་གི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རང་གི་གཉེན་བསྡུས་སོ། །དེ་བསྡུས་ནས་འདི་སྐད་

ཅེས་སྨྲས་སོ། །གང་བདག་གིས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ཞག་བདུན་དུ་ཡོ་བྱད་ཐམས་ཅད་ཀྱིས་གདུགས་ཚོད་ལ་སྤྱན་དྲངས་པ་ཁྱེད་ཤེས་པར་གྱིས་ཤིག །དེ་ལ་ཁྱེད་ནུས་པ་ཅི་ཡོད་པ་དང་། མཐུ་ཅི་ཡོད་པའི་ལུས་ཀྱིས་

འབད་པར་གྱིས་ཤིག །དེ་དག་གིས་ལེགས་སོ་ཞེས་སྨྲས་སོ། །དེས་ན་བྲན་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་རྣམས་ལ་སྨྲས་པ། གྲོགས་པོ་དག་གང་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཞག་བདུན་དུ་ཡོ་བྱད་ཐམས་ཅད་ལ་སྤྱན་དྲངས་པར་ཤེས་པར་གྱིས་ཤིག །

དེ་ལ་ཁྱེད་ནུས་པ་ཅི་ཡོད་པ་དང་། མཐུ་ཅི་ཡོད་པའི་སྟོབས་ཀྱིས་འབད་པར་གྱིས་ཤིག །དེ་དག་གིས་ཀྱང་ལེགས་སོ་ཞེས་སྨྲས་སོ། །དེ་མཛའ་བཤེས་དང་། བློན་པོ་དང་། གཉེན་དང་། སྣག་གི་གཉེན་མཚམས་དང་། བྲན་དང་ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ཐམས་ཅད་

เล่ม ๔๗ · หน้า 251b

དང་ལྷན་ཅིག་ཏུ་འཁོར་གྱི་ཁྱམས་བརྩིགས་ཏེ། གདན་བཤམས་ཤིང་ཡོ་བྱད་དབུལ་བ་ཐམས་ཅད་ཀྱང་བཤམས་སོ། །དེ་མཚན་མོ་དེ་འདས་ནས་ཕོ་ཉས་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་དུས་ལ་བབ་ལགས་ཏེ། གང་གི་དུས་ལ་ད་

བབ་པར་མཁྱེན་ན་གདུགས་ཚོད་ལགས་སོ། །བཀའ་སྩལ་པ། ཁྱིམ་བདག་སོང་ལ་སྟན་ཤོམས་ཤིག་བཀའ་བཞིན་འཚལ་ཞེས་མི་དེ་དེ་བཞིན་གཤེགས་པ་དེའི་ལྟར་མཉན་ནས། ཟླ་དགའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་གསོལ་ལགས་ཀྱིས་དེ་བཞིན་

གཤེགས་པ་དེའི་གདན་ཤོམས་ཤིག །དེར་འཁོར་གྱི་ཁྱམས་བྱས་ཏེ། ཆུར་དཔག་ཚད་བཅུ་གཉིས་ལ་ཞེང་དུ་ཡང་དཔག་ཚད་བཅུ་གཉིས་པའི་འཁོར་གྱི་ཁྱམས་བྱས་ནས། ཀླུའི་རྒྱལ་པོ་ལ་སྨྲས་པ། གྲོགས་པོ་དག་གང་བཅོམ་ལྡན་འདས་འཁོར་དང་བཅས་པ་སང་གདུགས་ཚོད་གསོལ་བར་བྱ་

བ་ཤེས་པར་མཛོད་ཅིག །ཁྱིམ་བདག་ལེགས་སོ་ཞེས་སྨྲས་ཏེ་གནང་ངོ་། །དེས་གནོད་སྦྱིན་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་འཁོར་དང་བཅས་པ་དེའི་གདན་ཤོམས་ཤིག །བཀའ་བཞིན་འཚལ་ལོ་ཞེས་གནོད་སྦྱིན་རྣམས་ཀྱིས་ཟླ་དགའི་ལྟར་མཉན་ནས་ཀུན་ནས་དཔག་ཚད་བཅུ་གཉིས་

སུ་གདན་བཤམས་སོ། །ཀླུའི་རྒྱལ་པོ་དེ་ཡང་སྤོས་ཆུའི་ཆག་ཆག་འདེབས་སོ། །དེས་དྲི་ཟ་རྣམས་ལ་སྨྲས་པ། གྲོགས་པོ་དག་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་གདུགས་ཚོད་གསོལ་བ་ན་ཁྱེད་རྣམས་ཀྱིས་རོལ་མོའི་སྒྲ་ལོང་ཤིག །དེས་གྲུལ་བུམ་རྣམས་ལ་སྨྲས་པ། གྲོགས་

པོ་དག་ཁྱེད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བླ་རེ་བྲེ་བར་གྱིས་ཤིག །དེས་ཀླུའི་རྒྱལ་པོ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཀྱིས་རླུང་བསིལ་བ་གཏང་བར་བྱ་སྟེ། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བ་ན་ཚ་བར་འགྱུར་བ་མེད་པར་གྱིས་ཤིག། བདག་ཉིད་

ཀྱི་འཁོར་གྱི་ཁྱམས་ཀླུའི་དབང་པོ་དེའི་རྒྱན་ཀུན་ཏུ་བྲེ་སྟེ། ཀླུའི་ནོར་བུ་དང་མུ་ཏིག་གི་བླ་རེས་ཀྱང་ཡང་དག་པར་གཡོགས་སོ། །དེ་ནས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ནང་པར་སྔར་ཆོས་གོས་གསོལ། ལྷུང་བཟེད་བསྣམས་ནས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྲམ་ཟེ་ཟླ་དགའ་

เล่ม ๔๗ · หน้า 252a

ཤིང་སཱ་ལ་ཆེན་པོ་ལྟ་བུ་གདུགས་ཚོད་སྦྱོར་བ་ག་ལ་བ་དེར་གཤེགས་ནས་གདན་བཤམས་པ་དེ་ལ་བཞུགས་ཏེ། གཡོན་རོལ་དུ་དགེ་སློང་གི་དགེ་འདུན་ནོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་མ་ཐག་ཏུ་ཀླུ་དང་དྲི་ཟ་རྣམས་འདུས་ནས་རོལ་མོའི་སྒྲ་

མངོན་པར་རབ་ཏུ་ལེན་ཏོ། །བར་སྣང་ལས་ལྷའི་སྤོས་ཕྱེ་མ་མངོན་པར་རབ་ཏུ་འཐོར་རོ། །དེ་ནས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་

མཛད་པས་འཁོར་གྱི་ཁྱམས་དེ་ཀུན་ནས་དཔག་ཚད་བརྒྱ་པར་འདུག་ལ་བཻ་དཱུརྱའི་ར་བས་བསྐོར་ཅིང་ཤེལ་གྱི་ཁ་རན་ཡོངས་སུ་བཏགས་སོ། །དེ་ནས་དྲང་སྲོང་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པར་རིག་ནས། བཟའ་བ་དང་བཅའ་བ་དང་

མྱང་བ་ཞིམ་པོ་རབ་ཏུ་མང་བས་ཡང་དག་པར་བྲིམས། ཡང་དག་པར་ཚིམ་པར་བྱས་ཤིང་། ལྷའི་རོལ་མོའི་སྒྲ་དག་ཡང་དག་པར་རབ་ཏུ་བླངས། ལྷའི་བདུག་སྤོས་དག་གིས་བདུགས་ལ། ལྷའི་སྤོས་དག་གིས་གཏོར་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་

གདུགས་ཚོད་གསོལ་བ་དང་། གདུགས་ཚོད་གསོལ་བར་རིག་ནས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་དཔག་བསམ་གྱི་རས་བཅོས་བུ་ཟུང་གིས་མངོན་པར་གཡོགས་སོ། །དེའི་ཚེ་ཉི་མ་དང་ཟླ་བ་ནས་དཀྱིལ་འཁོར་གྱི་མཐའི་ལྷའི་བུ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་བར་དག་གིས་ཡོངས་

སུ་གང་བར་གྱུར་ཏོ། །དེ་ནས་དྲང་སྲོང་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དགེ་སློང་གི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བར་རིག་ནས། ལྷུང་བཟེད་དང་ཆབ་ཕུལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་

ལྡན་འདས་བདག་གི་སྦྱིན་པ་སེམས་ཅན་ཐམས་ཅད་ལ་སྩལ་བར་བགྱི་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེས་འཛུམ་པ་མཛད་དེ། ཇི་ལྟ་བུའི་འཛུམ་པ་མཛད་པས་

เล่ม ๔๗ · หน้า 252b

ཟླ་བ་དང་ཉི་མ་ནས་དཀྱིལ་འཁོར་གྱི་མཐའི་ལྷ་དང་མི་རྣམས་ཀྱི་བར་ལ་གསེར་གྱི་འོད་ཀྱི་མདོག་གིས་ཁྱབ་བོ། །དེ་ནས་དྲང་སྲོང་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་འོད་བཏང་བའི་འོད་འདིས་ཇི་ཙམ་དུ་སེམས་ཅན་རྣམས་ལ་

རེག་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་མི་ཕྱེད་པའི་དད་པ་སྐྱེས་ལགས་སོ། །བཅོམ་ལྡན་འདས་དགེ་བའི་རྩ་བ་འདིའི་རྣམ་པར་སྨིན་པ་གང་ལགས་པ་དེ་སེམས་ཅན་ཐམས་ཅད་ལ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་གང་འཛུམ་པ་མཛད་པ་དེའི་རྒྱུ་གང་ལགས། རྐྱེན་གང་

ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་ཇི་ཅི་ཙམ་དུ་འོད་འདིས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་

སུ་མྱ་ངན་ལས་འདས་ཏེ། དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཀྱིས་བོན་དེ་བསྐྱེད་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་དེ་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས།

དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །ངས་སེམས་ཅན་དེ་དག་ལུང་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་ལ་སེམས་

རབ་ཏུ་དང་བས་ཞག་བདུན་དུ་བཀུར་སྟི་བྱས། བླ་མར་བྱས་ཏེ་རྗེད་ཅིང་མཆོད་དོ། །དེ་བཞིན་གཤེགས་པ་དེས་ང་ལུང་མ་བསྟན་ཀྱང་ངའི་སེམས་ཞུམ་པ་ཡང་མེད་ལ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ་སྙམ་དུ་ཡང་མི་སེམས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་

เล่ม ๔๗ · หน้า 253a

ན་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བའི་ཕྱིར་སྙོམ་ལས་མེད་པར་བྱའོ། །རིམ་གྲོ་བྱ་བ་ལ་སྙོམ་ལས་མེད་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཕྱིར་མི་ལྡོག་པའི་ཆོས་ལ་གནས་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་སྐྱེ་བ་ཤེས་པར་

བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྐྱེ་བ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། སེམས་ཅན་དག་སྐྱེ་བ་ཤེས་པ་ཐོས་ནས་ཆོས་བདག་

མེད་པ་ཉིད་བརྗོད་པ་དང་། སྐྱེ་བ་ཡང་ཇི་ལྟར་སྟོན་པར་འགྱུར་སྙམ་ནས། དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་གྲགས་

ཆེན་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རྫུ་འཕྲུལ་ཆེ་བ་གཟི་བརྗིད་ཆེ་བ་མཐུ་ཆེ་བ་ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ་། །དེ་མི་ཐམས་ཅད་ཀྱི་ཚེས་བཅྭ་ལྔ་སྟེ་ཟླ་བ་ཉ་ལ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་འདུན་ཁང་དུ་འགྲོ་སྟེ། དེ་སུམ་ཅུ་རྩ་

གསུམ་གྱི་ལྷ་རྣམས་དང་ལྷན་ཅིག་ཏུ་ཆོས་ཀྱི་བགྲོ་བ་བྱེད་དོ། །གྲོགས་པོ་དག་གལ་ཏེ་བརྒྱ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ཆོས་གང་དག་སྟོན་པ་ནི་མཛད་པ་དང་ལྡན་ནོ། །དེའི་ཚེ་རྒྱལ་པོ་ཏོག་གི་བློ་གྲོས་ཞེས་བྱ་བ་དང་། རྒྱལ་པོ་ཁྱབ་

འཇུག་བློ་གྲོས་ཞེས་བྱ་བ་དང་། རྒྱལ་པོ་ཟླ་བའི་བློ་གྲོས་ཞེས་བྱ་བ་དང་། རྒྱལ་པོ་ཐིགས་པའི་བློ་གྲོས་ཞེས་བྱ་བ་དང་། རྒྱལ་པོ་མེ་ཏོག་བློ་གྲོས་ཞེས་བྱ་བ་དང་། རྒྱལ་པོ་ཤུགས་ཀྱི་བློ་གྲོས་ཞེས་བྱ་བ་དང་། རྒྱལ་པོ་སྐར་འོད་ཅེས་བྱ་བ་དང་། རྒྱལ་པོ་སྤྲིན་གྱི་བློ་གྲོས་ཞེས་བྱ་བ་དང་། རྒྱལ་པོ་ཟླ་བ་

དྲི་མེད་བློ་གྲོས་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་རྒྱལ་པོ་ཁྲི་ཕྲག་དགུ་དག་སུམ་ཅུ་རྩ་གསུམ་གྱི་འདུན་ཁང་དུ་དོང་སྟེ། གང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་ལྷན་ཅིག་ཏུ་ཆོས་བགྲོ་བ་བྱེད་དོ། །གྲོགས་པོ་དག་ཆོས་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་ཆོས་མ་ཡིན་པ་སྨྲ་བ་དག་གི་མི་བྱ། ཡང་དག་པར་

เล่ม ๔๗ · หน้า 253b

སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་ཡང་དག་པ་མ་ཡིན་པ་སྨྲ་བ་དག་གི་མི་བྱ། ཞི་བ་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་ཞི་བ་མ་ཡིན་པ་སྨྲ་བ་དག་གི་མི་བྱ། བདེན་པ་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་བདེན་པ་མ་ཡིན་པ་སྨྲ་བ་དག་གི་མི་བྱ། གྲོགས་པོ་དག་སྟོང་པ་ཉིད་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་། སྟོང་པ་ཉིད་

མ་ཡིན་པར་སྨྲ་བ་དག་གི་མི་བྱ། གྲོགས་པོ་དག་བདག་མེད་པ་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་བདག་ཏུ་སྨྲ་བ་དག་གི་མི་བྱ། སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་ཉིད་གསུང་སྟེ། གང་ཟག་མི་གསུང་ངོ་། །གྲོགས་པོ་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནང་དང་ཕྱིའི་སྐྱེ་མཆེད་བཅུ་

གཉིས་དག་ངོ་བོ་ཉིད་དང་བྲལ་བར་གསུངས་སོ། །དེ་ལ་ལྷའི་འཁོར་མང་པོ་དག་གིས་སྒྲ་ཆེན་པོ་དང་སྒྲ་གསལ་བར་སྨྲས་པ། གྲོགས་པོ་དག་སྟོང་པ་ཉིད་ལ་ལས་མངོན་པར་འདུ་བྱེད་པ་ཇི་ལྟར་ཡོད། གལ་ཏེ་བདག་དང་བདག་གི་མེད་ན་ལྷའི་འཁོར་འདི་ལས་མངོན་པར་འདུས་བྱས་པ་གང་

གིས་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེས། ལྷའི་འཁོར་གཞན་གྱིས་སྒྲ་ཆེ་ཞིང་སྒྲ་གསལ་བར་སྨྲས་པ། གྲོགས་པོ་དག་སངས་རྒྱས་བཅོམ་ལྡན་འདས་དག་གི་བསྟན་པ་ལ་སྐུར་བ་མ་འདེབས་ཤིག །ལྟས་ལྔ་དག་བྱུང་ནས་ལྷའི་བུ་དག་འཆི་ཞིང་སྐྱེ་བ་ནི་ཁྱེད་ཀྱི་མངོན་སུམ་ཡིན་ཏེ། ཅི་ལྷའི་

བུ་འཆི་བའི་བདག་པོ་མཐོང་ངམ། བདག་ལ་གནོད་པ་དེ་དག་གང་ཞེ་ན་གང་དུ་བདག་ཅག་ཐམས་ཅད་འདུས་ཀྱང་ལྷའི་བུ་དེ་གནོད་པ་ལས་ཡོངས་སུ་བསྒྲལ་བར་བྱ་མི་ནུས་ཏེ། ལྟས་དང་པོ་ལ་བདག་མི་སྣང་ངོ་། །ལྟས་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་ལ་བདག་མི་

སྣང་ཞིང་འཆི་བར་འདོད་པའི་བདག་མི་སྣང་། འཆི་བ་དང་ཤི་བའི་བདག་མི་སྣང་སྟེ། འདི་ལ་བདག་དང་བདག་གི་མེད་ཅིང་ཆོས་ཐམས་ཅད་ནི་བདག་གམ་བདག་གིས་སྟོང་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་ཡང་དག་པ་གསུང་བའོ། དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་རྒྱལ་པོ་

ཁྲི་ཕྲག་དགུ་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གཅིག་ཏུ་འདུས་ཤིག །ཀྱེ་མ་ལྷའི་འཁོར་འདི་དག་ནི་མི་འཐུན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་མ་རྟོགས་སོ། །བདག་ཅག་རེ་ཞིག་འཛམ་བུའི་གླིང་ཉིད་དུ་ཆོས་བགྲོ་བ་བྱ་སྟེ། གལ་ཏེ་ཆོས་ཐམས་ཅད་མི་སྟོང་ཞིང་གལ་ཏེ་

เล่ม ๔๗ · หน้า 254a

བདག་དང་བདག་གི་ཡོད་པ་དེ་ཙམ་གྱི་ཕྱིར་བདག་ཅག་ལྷའི་འདུན་ཁང་དུ་ཆོས་བགྲོ་བར་འདོང་བར་བྱས་ན། ལྷའི་འཁོར་འདི་དག་ཕྱིན་ཅི་ལོག་ལ་ཞུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ཐེ་ཙོམ་དུ་མ་ཡོད་དོ། །ཚུར་ཤོག་བདག་ཅག་འཛམ་བུའི་གླིང་དུ་ཆོས་བགྲོ་བར་བྱའོ། །དེ་ནས་འཁོར་

དེ་དག་ཕྱོགས་གཅིག་ཏུ་དོང་ནས། རྒྱལ་པོ་ཏོག་གི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་ཡུལ་དབུས་སུ་སྐྱེས་པ་ལགས་ཏེ། ཤར་ཕྱོགས་ཀྱི་མཐའ་འཁོབ་དང་། ནུབ་ཕྱོགས་ཀྱི་མཐའ་འཁོབ་དང་། བྱང་ཕྱོགས་ཀྱི་མཐའ་འཁོབ་དང་། ལྷོ་ཕྱོགས་ཀྱི་མཐའ་འཁོབ་ཏུ་མ་ལགས་སོ། །ཁྱོད་

ནི་མངོན་པར་མཁྱེན་པ་ཆོས་འདིའི་ཚུལ་ལགས་སོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་མཐའ་འཁོབ་ཀྱི་རྒྱལ་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་རེ་ཞིག་ཤར་ཕྱོགས་ནས་རྒྱལ་པོ་ཉི་ཤུ་རྩ་ལྔ། ནུབ་ཕྱོགས་ནས་རྒྱལ་པོ་ཉི་ཤུ་རྩ་ལྔ། བྱང་ཕྱོགས་ནས་རྒྱལ་པོ་ཉི་ཤུ་རྩ་ལྔ། ལྷོ་

ཕྱོགས་ན་རྒྱལ་པོ་ཉི་ཤུ་རྩ་ལྔ་སྟེ། གང་མཛངས་པ་དང་། མཁས་པ་དང་དཔྱོད་པ་དང་རྟབ་རྟབ་པོ་མ་ཡིན་པ་དང་། བརྟགས་པ་མ་ཡིན་པ་དང་། འཁྲུལ་པ་མེད་པ་དང་། རིངས་པ་མེད་པ་དང་། གང་བདག་གི་རྒྱུད་འབྱེད་པར་ནུས་པ་བརྒྱ་ཞིག་ཡང་དག་པར་ཁྲོ་བས་ཤིག །རྒྱལ་པོ་དེ་དག་

གིས་བཀའ་བཞིན་འཚལ་ཞེས། རྒྱལ་པོ་ཏོག་གི་བློ་གྲོས་དེའི་ལྟར་མཉན་ནས་རྒྱལ་པོ་བརྒྱ་བཀྲབས་སོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་རྒྱལ་པོ་བརྒྱ་དང་ལྷན་ཅིག་ཏུ། འདི་ལྟ་སྟེ་དཔེར་ན། ངང་པའི་རྒྱལ་པོ་བཞིན་དུ་རྫུ་འཕྲུལ་ཆེ་བས་གངས་རིའི་རྒྱལ་པོ་ལ་ཡང་དག་པར་གནས་སོ། །

དེར་དེ་དག་གིས་འཁོར་གྱི་ཁྱམས་ལྷས་སྤྲུལ་པ་བྱུང་སྟེ། ལྷའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་དེ་དག་དང་མངོན་སུམ་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱི་སྟན་རྒྱལ་པོ་བརྒྱ་པོ་དེ་དག་གི་དབུས་སུ་བཤམས་སོ། །དེ་སུམ་ཅུ་རྩ་གསུམ་གྱི་ལྷ་དག་གིས་རིན་པོ་ཆེ་སྣ་བདུན་ལས་བྱས་པར་མངོན་པར་

སྤྲུལ་ཏོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས། ཕྱོགས་བཅུར་ཕྱག་བྱས་ནས་སྟན་དེ་ལ་འདུག་གོ། །རྒྱལ་པོ་དགུ་བཅུ་རྩ་དགུ་པོ་དེ་དག་གིས་དེའི་རྐང་བ་ལ་ཕྱག་བྱས་ནས་འཁོར་དུ་འདུག་གོ། །སུམ་ཅུ་རྩ་གསུམ་གྱི་ལྷ་དེ་དག་དགའ་ཞིང་མགུ་ལ་ཡི་རངས་པར་གྱུར་ཏེ། འཛམ་བུའི་གླིང་གི་མི་རྣམས་

เล่ม ๔๗ · หน้า 254b

ནི་དམ་པའི་ཆོས་དང་མངོན་དུ་གྱུར་ཏེ། རེ་ཞིག་དམ་པའི་ཆོས་ནུབ་པར་མི་འགྱུར་རོ་སྙམ་ནས། དེའི་ཚེ་ལྷ་དེ་དག་ལྷའི་མེ་ཏོག་མན་དཱ་ར་བའི་ཆར་ཕབ་ཅིང་མགུ་བར་གྱུར་ནས་ཇི་ལྟར་འདིར་དམ་པའི་ཆོས་ཉན་པར་འདོད་ནས་འཁོད་དོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་རྒྱལ་པོའི་ཕོ་ཉ་གཞན་

ཞིག་ལ་སྨྲས་པ། གྲོགས་པོ་གངས་རིའི་རྒྱལ་པོ་འདིའི་རྩེ་མོའི་དབུས་ན་དྲང་སྲོང་དགེ་བའི་བློ་གྲོས་ཞེས་བྱ་བ་གནས་ཏེ། རྒྱལ་པོའི་འཁོར་འདུས་པ་དེ་དག་ཁྱོད་མཐོང་བར་འཚལ་ལོ་ཞེས་དེ་སྤྱན་དྲོངས་ཤིག །རྒྱལ་པོའི་ཕོ་ཉ་དེས་བཀའ་བཞིན་འཚལ་ཞེས་རྒྱལ་པོ་དེའི་ལྟར་མཉན་ནས་

འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་ངར་བསྐུམ་པ་ལས་རྐྱོང་བའམ། བརྐྱང་བ་ལས་སྐུམ་པ་དེ་བཞིན་དུ་རྒྱལ་པོའི་ཕོ་ཉ་དེ་རྒྱལ་པོའི་འཁོར་དེའི་མདུན་ནས་མི་སྣང་བར་སོང་སྟེ། དྲང་སྲོང་དེའི་རྐང་པའི་དྲུང་དུ་ཕྱིན་ནས་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། རང་

བཞིན་དེ་དག་སྨྲས་སོ། །དེ་དེ་བཞིན་གཤེགས་པས་འཛིན་ཡོངས་སུ་མྱ་ངན་ལས་འདས་པ་དེའི་མྱ་ངན་ལས་འདས་པའི་སྒྲ་དག་ཐོས་ཤིང་རང་བཞིན་དེ་དག་ཤེས་ནས་སྙིང་རྗེ་བའི་ཕྱིར་མཆི་མ་བྱུང་ངོ་། །དེའི་མཆི་མ་དེ་དག་གི་རྒྱུན་དང་། མཆི་མ་དེ་དག་གི་དྲོད་ཀྱིས་གངས་རིའི་རྒྱལ་

པོའི་རྩེ་མོ་ཞུའོ། །དེ་མཆི་མ་དེ་དག་ཕྱིས་ནས་རྒྱལ་པོའི་ཕོ་ཉ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་གལ་ཏེ་གང་དེ་བཞིན་གཤེགས་པ་དེ་མཐོང་བའམ། ཐོས་པའི་སེམས་ཅན་གང་དག་ཡོད་དམ། དམ་པའི་ཆོས་གནས་ཏེ། དམ་པའི་ཆོས་མ་ནུབ་བོ། །ཁྱེད་སོང་ཤིག་ང་ནི་མི་འགྲོའོ། །

དེ་ཅིའི་ཕྱིར་ཞེ་ན། ང་དེ་བཞིན་གཤེགས་པའི་གནས་པ་ཞི་བ་བཏང་ནས་འདུ་འཛིར་འཇུག་མི་ཕོད་དོ། །སྨྲས་པ་གྲོགས་པོ་འདི་ལ་བདག་ཡོད་དོ། །བདག་མེད་དོ་ཞེས་ལྷ་རྣམས་དང་རྩོད་པ་བྱུང་བ་དེའི་བྱས་པ་འདི་ཁྱོད་ལ་ཚོལ་ལོ། །དེས་སྨྲས་པ་གལ་ཏེ་བདག་ཡོད་ན་མི་རྒ་མི་འཆི་མིན་པའི་

རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་སྐྱེ་བའམ། རྒ་བའམ། འཆི་བ་མེད་ཅིང་དེ་སྦྱིན་པ་ལ་དགའ་བར་མི་འགྱུར་ཏེ་དེ་བས་ན་བདག་མེད་དོ། །དེ་ལ་དེ་སྐད་བསྟན་པས་དེའི་ཆོས་ཀྱི་མིག་ཆོས་རྣམས་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་གོ། །དེ་ནས་ཕོ་ཉ་དེ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ངང་

เล่ม ๔๗ · หน้า 255a

པའི་རྒྱལ་པོ་ལྟར་རྒྱལ་པོ་དེ་དག་གི་འཁོར་དུ་སོང་ངོ་། །དེའི་བར་སྣང་ལས་འོང་བཞིན་དུ་སྒྲ་བྱུང་བ། གྲོགས་པོ་དག་དམ་པའི་ཆོས་གནས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་འབར་རོ། །གང་དག་མངོན་པར་བརྩོན་པས་ནི་དེ་བཞིན་གཤེགས་པའི་བསྟན་པ་ལས་སྙིང་པོ་ལེན་

ཏོ། །མངོན་པར་བརྩོན་པ་མེད་པ་དག་ལ་ནི་སངས་རྒྱས་འབྱུང་བ་མེད། ཆོས་ཐོས་པ་མེད་དམ་པའི་ཆོས་འཛིན་པ་མེད་དེ། དེ་མི་བརྩོན་པས་གང་དེ་དག་ཕྱིར་ལྡོག་པར་བྱེད་དོ། །གང་མངོན་པར་བརྩོན་པ་ལ་དམ་པའི་ཆོས་གནས་ཏེ། འདུ་བྱེད་ཐམས་ཅད་མི་རྟག་པའོ། །འདུ་བྱེད་ཐམས་

ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ཤེས་སོ། །དེའི་སྒྲ་དེ་ཕྱོགས་བཅུར་རླུང་གིས་ཁྱེར་རོ། །དེའི་སྒྲ་དེ་ཐོས་ནས་གང་བདག་ཏུ་སྨྲ་བ་དེ་དག་ནི་བདག་མེད་པ་ལ་གནས། གང་བདག་མེད་པར་སྨྲ་བ་དེ་དག་ནི་བྱ་བ་བྱས་པར་གྱུར་ཏེ།

དེ་དག་ཐམས་ཅད་ཏོག་གི་བློ་གྲོས་ཀྱི་མཐུའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། རྒྱལ་པོ་ཏོག་གི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཏོག་གི་བློ་གྲོས་ཞེས་

བྱ་བར་གྱུར་ཏོ། །ངས་སྐྱེ་བོ་དེ་དག་ཐམས་ཅད་ཆོས་ལ་རབ་ཏུ་བཙུད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲས་གོ་བར་བྱས་ཏེ། ཇི་ལྟར་འདིར་སྔོན་གྱི་སྤྱོད་པས་སངས་རྒྱས་ཁྲི་དག་ལ་བསྙེན་བཀུར་བྱས་ཏེ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་སྒྲ་དེ་བཏང་ངོ་། །

མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བག་ཚབ་མེད་པའི་ཤེས་པས་སེང་གེའི་སྒྲ་བསྒྲག་པར་བྱའོ། །མཽད་གལ་གྱི་བུ་ངས་སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་ནས་མངོན་པར་འདུས་བྱས་པའི་བར་

དུའང་དེ་བཞིན་དུ་སྦྱར་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་འོད་ཟེར་བརྒྱ་པ་ཞེས་བྱ་བ་བྱུང་ངོ་། །འཇིག་རྟེན་གྱི་ཁམས་ཡང་དག་པར་འདུ་བ་འདིར་རྟག་ཏུ་གནོད་པ་དང་བྲལ་བ་ཡིན་ཏེ་འཇིག་པ་དང་འཆགས་པ་དང་བྲལ་ལོ། །

เล่ม ๔๗ · หน้า 255b

འོད་ཟེར་དེ་རེ་རེ་ལས་སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་པ་དག་བྱུང་སྟེ། དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སྤྲུལ་པ་དེ་དག་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་ཇི་ལྟར་མོས་པ་ཇི་ལྟར་མོས་པར་སྤྲུལ་པས་ཡོངས་སུ་སྨིན་པར་བྱེད་དོ། །ཇི་ལྟར་སེམས་ཅན་དེ་དག་གི་བསམ་

པ་དེ་ལྟར་སྤྲུལ་པ་དེ་དག་གིས་སེམས་ཅན་དེ་དག་ལ་ཆོས་སྟོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་གྱུར་ཏེ། ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་དེར་སྤྲུལ་པ་དག་གིས་སེམས་ཅན་རྣམས་ཡོངས་

སུ་སྨིན་པར་བྱེད་དོ། །བདག་ཉིད་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་སྨིན་པར་མཛད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་པ་དགེ་སློང་མིག་ཉམས་པ་མེད་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དེ་བཞིན་གཤེགས་པའི་

སྤྲུལ་པ་གང་གིས་སེམས་ཅན་དག་ཡོངས་སུ་སྨིན་པར་མཛད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསམ་པ་ལ་མཁས་སོ། །གང་གི་ཚེ་དེ་བཞིན་གཤེགས་པ་དེ་ཆོས་སྟོན་པར་མཛད་པ་དེའི་ཚེ་དེ་སེམས་ཅན་དེ་དག་ལ་ཆོས་སྟོན་ཏོ། །དེ་ཆོས་བསྟན་པ་ཐོས་ནས་རིམ་གྲོ་བྱེད་དོ། །སེམས་

ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་དེའི་རིམ་གྲོ་བྱས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རིམ་གྲོ་པ་དགེ་སློང་མིག་ཉམས་པ་མེད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན།

ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དགེ་སློང་མིག་ཉམས་པ་མེད་པ་ཞེས་བྱ་བར་གྱུར་ཏོ། །ངས་དེ་བཞིན་གཤེགས་པ་དེའི་ཆོས་བསྟན་པ་ཐོས་ནས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་

ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་དག་དང་ཕྲད་པར་བྱས་ནས་སེར་སྣ་མེད་པས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་མཉན་པར་བྱ། བྱང་ཆུབ་སེམས་དཔའ་ཡང་ཡོངས་སུ་སྨིན་པར་བྱའོ། །མཽད་གལ་གྱི་བུ་ངས་སྐྱེ་བ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་

เล่ม ๔๗ · หน้า 256a

མངོན་པར་འདུས་བྱས་པ་ནས། དེ་བཞིན་དུ་སྦྱར་ཏེ་ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་འོད་མཐའ་ཡས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་

བར་དུ་བྱུང་ངོ་། །འཇིག་རྟེན་གྱི་ཁམས་དེ་སྤྱོད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པའི་སེམས་ཅན་གཡོ་མེད་པ། སྒྱུ་མེད་པ་དྲང་པོའི་རང་བཞིན་ཅན། འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བ་རྣམས་ཀྱིས་གང་ངོ་། །དེའི་ཚེ་སངས་རྒྱས་ཀྱི་

ཞིང་དེར་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ཞེས་བྱ་བ་ཞིག་བྱུང་སྟེ། བྱང་ཆུབ་སེམས་དཔའ་འབུམ་ཕྲག་བརྒྱད་རྣམས་ཀྱི་གཙོ་བོ་ཡིན་ལ། ཐབས་མཁས་པ་དང་ལྡན་པ། སེམས་ཅན་རྣམས་ཀྱི་བྱ་བ་ལ་མཁས་པ། སེམས་ཅན་རྣམས་ཀྱི་ཆོས་སྟོན་པ་ལ་མཁས་པ། སེམས་

ཅན་རྣམས་ཀྱི་ཉེ་བར་འགྲོ་བའི་དུས་ལ་མཁས་པ་སེམས་ཅན་རྣམས་ལ་དེ་དང་འཚམ་པའི་ཆོས་སྟོན་པ་ལ་མཁས་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པས། དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་བལྟས་

ནས། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་སོང་ངོ་། །དེ་སངས་རྒྱས་ཀྱི་ཞིང་གང་དུ་རྐང་པ་བཞག་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དག་སངས་རྒྱས་བྱུང་བར་ཡང་དག་པར་རབ་ཏུ་ཤེས་སོ། །བདུད་ཀྱི་གནས་དག་ནི་སྤ་བཀོང་བར་གྱུར་ཅིང་། ལྷའི་གནས་དག་ནི་རབ་ཏུ་དགའ་བར་

གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་འོད་གསེར་གྱི་མདོག་གིས་ཁྱབ་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་སངས་རྒྱས་ཀྱི་ཞིང་དེར་སྣང་བ་འདི་དག་ཕྱོགས་གང་ནས་འོངས་ཞེས་ཡ་མཚན་དུ་གྱུར་ཏོ། །དེ་ནས་བར་སྣང་ལས་སངས་རྒྱས་ཀྱི་ཞིང་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་

པའི་སྣང་བས་ཁྱབ་སྟེ། གང་དེ་བཞིན་གཤེགས་པ་མཐོང་བར་འདོད་པ་དེ་དག་ཐལ་མོ་སྦྱོར་ལ་དེ་བཞིན་གཤེགས་པ་མཐོང་བར་སྨྲོས་ཤིག་དང་། དེ་དག་གིས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་སྒྲ་བྱུང་ངོ་། །དེ་ནས་སེམས་ཅན་དེ་དག་གིས་སྒྲ་དེ་ཐོས་ནས་བར་སྣང་ལ་ཐལ་མོ་སྦྱར་ཏེ། ཁྱོད་ཀྱིས་

เล่ม ๔๗ · หน้า 256b

བདག་ཅག་དེ་བཞིན་གཤེགས་པ་དང་ལྷན་ཅིག་སྤྲོད་ཅིག་ཅེས་སྒྲ་ཕྱུང་ངོ་། །དེ་དག་ལ་དེ་བཞིན་གཤེགས་པ་དེའི་སྤྲུལ་པ་བྱེ་བ་བརྒྱ་ཕྲག་སྟོང་དག་མངོན་པར་སྤྲུལ་ཏེ། སེམས་ཅན་རེ་རེས་སྤྲུལ་པ་རེ་རེ་ཡང་དག་པར་ཤེས་ཀྱིས་སྤྲུལ་པ་གཞན་ནི་མ་མཐོང་ངོ་། །དེའི་ཉི་མ་གཅིག་གི་འོད་ཀྱི་དཀྱིལ་འཁོར་གྱི་

སྣང་བས་སངས་རྒྱས་ཀྱི་ཞིང་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་སུ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པའི་མཐུ་དང་སྟོབས་དང་། བརྩོན་འགྲུས་བསྐྱེད་པར་མཛད་པ་

ན་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སོང་ལ་ངའི་འོད་ཀྱི་རྗེས་སྙོགས་ཤིག །གང་དུ་ངའི་འོད་གནས་པར་མཐོང་བ་དེ་ཙམ་དུ་ངའི་སངས་རྒྱས་ཀྱི་ཞིང་དུ་ཤེས་པར་གྱིས་ཤིག །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་འོད་གསེར་གྱི་ཁ་དོག་

བཏང་ངོ་། །དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འོད་དེ་དག་གི་རྗེས་སུ་སོང་ངོ་། །དེ་བསྐལ་པ་གྲངས་མེད་པར་འོད་དེ་དག་གི་རྗེས་སུ་སོང་ཡང་འོད་དེའི་གནས་མ་མཐོང་ངོ་། །དེ་བསྐལ་པ་གྲངས་མེད་པར་སོང་བས་ལུས་སྙོམ་ཞིང་སྒྱིད་ལུག་གོ། །དེ་ནས་བར་སྣང་ལས་སངས་རྒྱས་ཀྱི་སྐུ་བྱུང་ནས་དེ་ལ་

བཀའ་སྩལ་པ། རིགས་ཀྱི་བུ་ངལ་བའི་རྒྱུ་ཡིད་ལ་མ་བྱེད་ཅིག་སྒྱིད་ལུག་པར་མ་བྱེད་པར་རེ་ཞིག་ཅུང་ཞིག་རིང་དུ་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཐའ་ཡས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་

མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་དེའི་ལུས་ཀྱི་ངལ་བ་བསལ་ནས་ལུས་དང་སེམས་ཀྱི་བརྩོན་འགྲུས་སངས་རྒྱས་ཀྱི་མཐུས་ཡང་དག་པར་འདུས་སོ། །དེ་ཡང་བསྐལ་པ་གྲངས་མེད་པར་སོང་བ་དང་། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་

ཞིག་མཐོང་སྟེ། དེའི་ཕ་རོལ་ན་འོད་མཐོང་ངོ་། །དེ་དེའི་ཚེ་བླ་གོས་ཕྱོགས་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། ཐུགས་ལ་དྲི་མ་བྲལ་ཞིང་སྦྱོར་བ་སྤངས། །ཁྱོད་ཀྱིས་འཇིག་རྟེན་

เล่ม ๔๗ · หน้า 257a

ཁམས་ཀུན་ཐུགས་སུ་ཆུད། །འདྲེན་པ་ཁྱོད་ཀྱི་འོད་ནི་ཅི་འདྲ་བ། །འདི་ལ་ཡུལ་གྱི་མཐའ་འདི་རྗེས་སུ་འཇུག །དེའི་ཚེ་བར་སྣང་ལས་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་ཞིག་བྱུང་སྟེ། ཁང་པ་བརྩེགས་པ་དེར་སངས་རྒྱས་ཀྱི་གཟུགས་བྱུང་སྟེ། དེས་བྱང་ཆུབ་

སེམས་དཔའ་གཟི་བརྗིད་དྲག་པ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་དག་ང་ཡི་རྐང་པའི་དྲུང་འདུག་དང་། །གང་དག་ཡུལ་འདི་ཡི་ནི་མཐར་འདུག་པ། །ཐམས་ཅད་ང་ཡི་སྒྲ་དག་ཐོས་འགྱུར་ཏེ། །འདི་ཡི་སྒྲུབ་པ་ཐམས་ཅད་ཤེས་པར་འགྱུར། །སྟོབས་བཅུ་སངས་རྒྱས་ཆོས་ནི་

མ་འདྲེས་པ། །བརྟན་པ་འདི་དག་སྲོག་ཆགས་ཀུན་ལ་བདེན། །ཡུལ་གྱི་རང་བཞིན་ཡུལ་གྱི་དངོས་དང་བཟོ། །དེ་བཞིན་ཡུལ་གྱི་ཚིག་དག་ཀུན་ཤེས་སོ། །རྒྱལ་བ་ང་ཡི་ཞིང་འདིར་སེམས་ཅན་དག །ཚིག་འདི་ཐོས་ནས་དང་བར་མི་འགྱུར་མེད། །ཐམས་ཅད་བླ་ན་མེད་པའི་ས་

ལ་གནས། །དེ་དག་རྒྱལ་བའི་ཆོས་ལས་ལྡོག་མི་འགྱུར། །གང་དག་ཉན་ཐོས་ལྷན་ཅིག་ཐུན་མོང་བའི། །དེ་དག་མ་ཡིན་འདི་ནི་རྣམ་འདྲེན་ཆོས། །རྒྱལ་སྲས་གང་ལ་རབ་ཏུ་སེམས་དང་བ། །བདུད་ཀྱི་སྐྱོན་བཅོམ་བྱང་ཆུབ་རེག་པར་འགྱུར། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས།

དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ཞེས་བྱ་བར་གྱུར་ཏོ། །ངས་དེ་བཞིན་གཤེགས་པ་དེའི་འོད་དང་བསྐལ་པ་གྲངས་མེད་

པ་གཉིས་ཀྱི་བར་དུ་རྗེས་སུ་འབྲེལ་ཏོ། །ངས་དེ་བཞིན་གཤེགས་པ་དེ་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་དོ། །དེ་བཞིན་གཤེགས་པ་དེའི་མཐུས་ངས་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་གོ་བར་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་

སེམས་དཔས་ཕའི་སྟོབས་ཀྱི་གོ་ཆ་བགོ་བར་བྱ། དེ་བཞིན་གཤེགས་པའི་བཀའ་ལ་ཡང་ཐེ་ཙོམ་མེད་ཅིང་སོམ་ཉི་མེད་པར་བྱའོ།། །།བམ་པོ་ཉི་ཤུ་བཞི་པ། མཽད་གལ་གྱི་བུ་ངས་སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ། སྔོན་བྱང་ཆུབ་སེམས་དཔའི་

เล่ม ๔๗ · หน้า 257b

སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་པའི་བར་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་

པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་གྱི་ཁམས་དགེ་བའི་མིག་ཅེས་བྱ་བ་བྱུང་ངོ་། །དེ་བཞིན་གཤེགས་པ་དེའི་སངས་

རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བདུན་གྱི་གཙོ་བོ་བྱེད་པ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ལ་མཁས་པ་ཞིག་བྱུང་ངོ་།

དེ་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་དེའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཆམ་དུ་འབེབས་སོ། །སེམས་ཅན་གང་དག་རང་སངས་རྒྱས་ཀྱི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པ་དེ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །དེ་བཞིན་གཤེགས་པ་དེ་ལ་ཡང་རིམ་གྲོ་བྱེད་

དེ། མཐོང་བའི་ཆོས་དེ་ལ་བདེ་བར་གནས་པ་དག་གིས་གནས་སོ། །དེའི་འཇིག་རྟེན་གྱི་ཁམས་ཁྲི་ཕྲག་བརྒྱད་ཅུ་ནས་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་གི་བར་གྱི་སེམས་ཅན་རྣམས་ལ་སྤྲུལ་པ་གཏོང་སྟེ། སྤྲུལ་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་སྨིན་པར་བྱེད་ཡོངས་

སུ་སྦྱོང་བར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པས་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་ཁྲི་ཕྲག་དཔག་ཏུ་མེད་པ་འདི་ནི་ཇི་ལྟར་སེམས་ཅན་དམྱལ་བ་མེད་པར་འགྱུར་བ་དང་།

དུད་འགྲོའི་སྐྱེ་གནས་མེད་པར་འགྱུར་བ་དང་། གཤིན་རྗེའི་འཇིག་རྟེན་མེད་པར་འགྱུར་བ་དང་། ལྷ་མ་ཡིན་གྱི་རིས་མེད་པར་འགྱུར་བ་དང་། ཇི་ལྟར་མི་ཁོམ་པ་ཐམས་ཅད་མེད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐད་ཅིག་གཅིག་དང་ལྡན་པར་འགྱུར་བ་དེ་ལྟར་ཡོངས་སུ་སྨིན་

เล่ม ๔๗ · หน้า 258a

པར་ནུས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་གིས། དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐད་ཅིག་གཅིག་གིས་བགྱི་བ་ཡོངས་སུ་

རྫོགས་པར་རྔོ་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ནུས་སམ། རིགས་ཀྱི་བུ་ད་ལྟར་གྱི་སྐྱེ་དགུ་ཚེ་རིང་བ་ཚེའི་ཚད་བསྐལ་པ་ཁྲི་ཕྲག་དཔག་ཏུ་མེད་དེ། གང་བྱང་ཆུབ་སེམས་དཔའ་ལེ་ལོ་ཀུན་ཡོད་པ་དེ་ཚེའི་ངོ་བོ་གཅིག་ཐོབ་པས་ཡོངས་སུ་སྨིན་

པར་བྱེད་དོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་ཀྱིས་ཡང་དང་ཡང་དུ་ངའི་མིག་གིས་མཐོང་བའི་སངས་རྒྱས་ཀྱི་ཞིང་དུ་སྤྱད་པ་ཡོངས་སུ་སྤྱད་དེ། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་སངས་རྒྱས་མང་པོས་ཡོངས་སུ་མ་བཏུལ་བ་གང་ཡང་མེད་དོ། །

འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་དེ་ལྟར་སངས་རྒྱས་མང་པོས་ཡོངས་སུ་སྨིན་པར་མཛད་དོ། །ཇི་ལྟར་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉེ་བར་བྱུང་བ་དེ་ལྟར་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་གང་ཡང་མེད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་དེ་བཞིན་གཤེགས་པའི་བཀས་

སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་སྨིན་པ་དང་། ཡོངས་སུ་སྦྱང་བ་བྱ་བར་ངེས་པ་བསྐྱེད་ཅིག་རིགས་ཀྱི་བུ་ཁྱེད་ཀྱང་སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ལ་དགེ་བའི་རྩ་བ་བསྐྱེད། ཤེས་རབ་རྣོ་བ་སྙིང་རྗེ་མཚུངས་པ་མེད་པ་དང་ལྡན་ན། ཁྱོད་ཀྱི་ཚེ་གཅིག་པོ་འདིས་སེམས་ཅན་ཐམས་ཅད་

ཡོངས་སུ་སྨིན་པར་ནུས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་གིས། དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་ལ་དེ་བཞིན་གཤེགས་པས་བཀའ་སྩལ་ན། གང་

བདག་དེ་བཞིན་གཤེགས་པའི་བཀས་སེམས་ཅན་རྣམས་ལ་གློ་བ་བརྩེ་བར་བཟུང་སྟེ། བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བསྐལ་པ་གྲངས་མ་མཆིས་པར་མེ་མ་མུར་གྱི་འོབས་དུ་བ་མ་མཆིས་པར་མཆིས་པ་དེ་ཡང་སྤྲོའོ། །དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་

เล่ม ๔๗ · หน้า 258b

ལས་འདས་པ་དེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་དེས། དེ་བཞིན་གཤེགས་པ་དེའི་སྐུ་གདུང་རྒྱ་ཆེར་བྱས་ནས་མཆོད་པ་བྱས་སོ། །དེ་བཞིན་གཤེགས་པའི་བཀའ་དེ་རྗེས་

སུ་དྲན་པ་ན་སེམས་ཅན་རྣམས་ལ་སྙིང་བརྩེ་བར་བཟུང་ནས་སྤྲུལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དཔག་ཏུ་མེད་པ་དག་མངོན་པར་སྤྲུལ་ཏོ། །དེས་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་མེ་ཏོག་བཞིན་ཀུན་ཏུ་བཀང་ནས་དེ་ཚེའི་འདུ་བྱེད་བཏང་ངོ་། །མཽད་

གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ཞེས་བྱ་བར་གྱུར་པ། དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ཞེས་བྱ་བར་གྱུར་ཏོ། །ངས་སངས་རྒྱས་

ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མེ་ཏོག་བཞིན་ཀུན་ཏུ་བཀང་། སངས་རྒྱས་ཀྱི་གདུང་ཡང་དག་པར་སྤེལ། དེ་བཞིན་གཤེགས་པའི་སྐུ་གདུང་རྒྱ་ཆེར་བྱས་ཏེ། མཆོད་པ་བྱས་ནས་དུས་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་གདུང་

མི་གཅད་པར་བྱ་བའི་ཕྱིར་འབད་པར་བྱས་ནས། ཕྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །མཽད་གལ་གྱི་བུ་ངས་འདོད་པའི་ཟག་པ་ཤེས་པར་བྱ་བའི་དོན་དུ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

མངོན་པར་རྫོགས་པར་སངས་རྒྱས་ནས། འདོད་པའི་ཟག་པ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་

རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གྱི་རྗེས་སུ་འཇུག་པ་ཞེས་བྱ་བ། མཛངས་ཤིང་གསལ་ལ་ཡིད་གཞུངས་པ། སེམས་ཅན་རྣམས་ཀྱི་དབང་པོའི་ཚོགས་རྟོག་པ་ལ་མཁས་པ་ཞིག་བྱུང་སྟེ། སེམས་ཅན་གང་དག་གཟུགས་ལ་མོས་པ་དེ་

เล่ม ๔๗ · หน้า 259a

དག་གི་གཟུགས་ལ་འདོད་ཆགས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས། དེ་སེམས་ཅན་འདི་དག་གཟུགས་ལ་འདོད་ཆགས་པས་ཡོངས་སུ་གདུངས་ཤིང་གཟུགས་ལ་འདོད་ཆགས་པས་བསྲེགས་པ་མཐོང་ངོ་། །དེ་སེམས་ཅན་དེ་དག་གི་གཟུགས་ལ་འདོད་

ཆགས་སྤང་བའི་ཐབས་སེམས་ཏེ། ཐབས་གང་གིས་སེམས་ཅན་དེ་དག་གཟུགས་ལ་འདོད་ཆགས་སྐྱེས་པ་མི་སྐྱེད་པ་དང་། སྐྱེས་པ་ཡང་སྤོང་བར་འགྱུར། སེམས་ཅན་འདི་དག་གཟུགས་ལ་འདོད་ཆགས་པས་ཤིན་ཏུ་གདུངས། འདོད་ཆགས་ཀྱིས་ཡོངས་སུ་

བསྲེགས་པའི་སེམས་དེས་འཆི་བའི་དུས་བྱས་ཤིང་དེ་དག་སེམས་ཅན་དམྱལ་བར་སྐྱེ་བར་མ་གྱུར་ཅིག །འདོད་ཆགས་ཀྱི་མེ་དེས་ཤིན་ཏུ་གདུངས་པ་དེའི་རྐྱེན་གྱིས་སེམས་ཅན་དམྱལ་བ་པའི་མེས་གདུངས་ཏེ། དེ་དག་ཤིན་ཏུ་གདུང་བ་གཉིས་ཀྱིས་འཆི་བའི་ཞགས་པ་ལས་མི་

འགྲོལ་ལོ། །སྡུག་བསྔལ་གྱི་གནོད་པས་སྐྱེ་བ་ན་ཡང་འབྲེལ། འཆི་བ་ན་ཡང་འབྲེལ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ན་ཡང་འབྲེལ་ཏོ་སྙམ་ནས། དེ་ཐབས་ཚོལ་བ་ན་འདི་ལྟར་ཡོངས་སུ་འཇལ་ཏེ། བྱིས་པ་དག་རྟོག་པའི་དབང་གིས་གཙང་བའི་འདུ་ཤེས་ཀྱིས་བཅིངས་

ཏེ། སྟོང་པ་ཉིད་ཀྱི་ངོ་བོ་དང་བྲལ་བ་ཁ་དོག་ཙམ་གཉིས་པ་ཙམ་མོ། །དེ་ཡང་གཅིག་ཏུ་བསྡུས་ན་མི་གཙང་བ་ཉིད་དེ། འདི་ལ་གཙང་བ་ཉིད་གང་ཡང་མེད་དོ། །མགལ་མེ་བསྐོར་བ་སྣང་བ་བཞིན་དུ་ལོག་པར་འཛིན་པས། འདོད་ཆགས་འཇུག་པ་གཙང་བར་འབྲེལ་པ་དེ་ཤིན་ཏུ་འཛིན་

ཏོ། །དེ་ལྟར་སྐྱེ་བ་ན་ཡང་འབྲེལ། རྒ་བ་ན་ཡང་འབྲེལ་འཆི་བ་ན་ཡང་འབྲེལ་བར་བྱེད་དོ། །འཁོར་བར་ཤིན་ཏུ་རྒྱུག་པ་དག་སྔོན་གྱི་མཐའ་མི་ཤེས་སོ་སྙམ་ནས། དེ་སེམས་ཅན་དེ་དག་གི་གང་མི་གཙང་བ་ཡང་དང་ཡང་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་སྟོན་ཏོ། །དེ་དེ་དག་གི་

མི་གཙང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་སྟོན་པ་ན། སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་ཀྱིས་མི་གཙང་བར་འདུ་ཤེས་པ་ཡོངས་སུ་ཤེས་ཤིང་མི་གཙང་བའི་བློར་ཞུགས། ཆོས་རྣམས་ཀྱི་ངོ་བོ་ཉིད་དང་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་སོ། །ཡོངས་སུ་ཤེས་ནས་

เล่ม ๔๗ · หน้า 259b

སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་གཙང་བའི་འདུ་ཤེས་ཀྱིས་བཟློག་ནས། འདོད་པ་དག་གིས་འདོད་ཆགས་དང་བྲལ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། རྒྱལ་པོ་སེམས་ཅན་ཀུན་གྱི་རང་བཞིན་གྱི་རྗེས་སུ་འཇུག་པ་ཞེས་བྱ་བར་

གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན། རྒྱལ་པོ་སེམས་ཅན་ཀུན་གྱི་རང་བཞིན་གྱི་རྗེས་སུ་འཇུག་པ་ཞེས་བྱ་བར་གྱུར་ཏོ། །ངས་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་གཙང་བའི་འདུ་ཤེས་ཀྱིས་བཟློག་ནས་ཚངས་

པའི་འཇིག་རྟེན་དུ་བསྐྱེད་དོ། །དེ་དག་ཐམས་ཅད་ཀྱང་གཟུགས་ཀྱི་རང་བཞིན་རབ་ཏུ་ཤེས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་གཟུགས་ཀྱི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་

སུ་ཤེས་པར་བྱ། དེ་བཞིན་དུ་སེམས་ཅན་རྣམས་ལ་ཡང་བསྟན་པར་བྱའོ། །བྱང་ཆུབ་སེམས་དཔས་གཟུགས་ཀྱི་རང་བཞིན་རབ་ཏུ་ཤེས་ཤིང་དེ་བཞིན་དུ་སེམས་ཅན་རྣམས་ལ་ཡང་རབ་ཏུ་སྟོན་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །

མཽད་གལ་གྱི་བུ་ངས་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དང་། དེ་བཞིན་དུ་སྦྱར་ཏེ་ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་

རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་ཆོས་ལ་ངེས་པ་ཞེས་བྱ་བ། རྫུ་འཕྲུལ་ཆེ་བ། གཟི་བརྗིད་ཆེ་བ། མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ་། །དེ་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ། མེ་ལོང་གི་དཀྱིལ་འཁོར་དུ་

སྣང་བ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། ཇི་ལྟར་མེ་ལོང་གི་དཀྱིལ་འཁོར་གྱི་གཟུགས་ཀྱི་རྣམ་པ་མཐོང་བ་མེད་པ་དེ་ལྟར་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་མཐོང་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཡང་དག་པ་མ་ཡིན་པའི་ཕྱིར་ཏེ། ཆོས་གང་དངོས་པོ་

เล่ม ๔๗ · หน้า 260a

མེད་པ་དེ་སྤང་བར་མི་བྱ། ཡོངས་སུ་ཤེས་པར་མི་བྱ། བསྒོམ་པར་མི་བྱ། མངོན་སུམ་དུ་མི་བྱ་བ་ཡིན་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་འདོད་པའི་ཡོན་ཏན་དོན་དུ་གཉེར་བ་དེ་དག་དེའི་རྣམ་པ་ལ་སྤྱོད་པར་སྣང་ངོ་། །འདི་ལྟ་སྟེ་དཔེར་ན། མེ་

ལོང་གི་གཟུགས་ཀྱི་རྣམ་པ་ལ་དེ་ལྟར་ཚུལ་བཞིན་དུ་སོ་སོར་བརྟགས་ན། མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །ཆོས་ཐམས་ཅད་ལ་ཡང་མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་བཞིན་དུ་འདུ་ཤེས་ཐོབ་བོ། །དེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་བཟོད་པ་དེ་ལ་རབ་ཏུ་

བཙུད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། དྲང་སྲོང་ཆོས་ལ་ངེས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། དྲང་སྲོང་ཆོས་ལ་ངེས་པ་ཞེས་བྱ་བར་གྱུར་ཏོ། །ངས་དེའི་ཚེ་

སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་ལྟ་བུའི་ཏིང་ངེ་འཛིན་ལ་རབ་ཏུ་བཙུད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་

མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་ལྟ་བུའི་ཆོས་རྣམས་ལ་སེམས་གཞུག་པར་བྱའོ། །མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་ལྟ་བུའི་ཆོས་རྣམས་ལ་སེམས་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽད་

གལ་གྱི་བུ་ངས་འདོད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས། དགེ་བའི་རྩ་བ་སྣ་ཚོགས་དག་མངོན་པར་འདུས་བྱས་པའི་བར་དང་དེ་བཞིན་དུ་རྒྱ་ཆེར་སྦྱར་རོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་

ཡང་ཆེས་ཕ་རོལ་ན་དྲང་སྲོང་ཨུད་ཛྱ་དད་ཏ་ཞེས་བྱ་བ། རྫུ་འཕྲུལ་ཆེ་བ། གཟི་བརྗིད་ཆེ་བ། མཐུ་ཆེ་བ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་ཆོས་རྟོགས་པའི་ཆོས་དེ་དག་ལས་ཆེས་མངོན་པར་བྱུང་བའམ། ཆེས་གྱ་ནོམ་པའི་ཆོས་གཞན་གང་ཡང་ཡོད་དམ་

เล่ม ๔๗ · หน้า 260b

སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་ཆོས་ཁོང་དུ་ཆུད་པ་དེ་དག་ནི་འགོག་པའི་ཆོས་སོ། །ཆོས་གང་འགོག་པ་མེད་པའི་ཆོས་དེ་གོང་དུ་ཆེས་མངོན་པར་བྱུང་བ་དང་། ཆེས་གྱ་ནོམ་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་དག་སྐྱེས་པ་དེ་དག་ནི་

འགོག་པའི་ཆོས་ཡིན་ལ། གང་སྐྱེས་པ་མེད་པ་དེ་དག་ནི་འགོག་པ་མེད་པའི་ཆོས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་སྐྱེས་པ་མེད་པ་དེ་གང་ཡིན། དེ་འདི་སྙམ་དུ་སེམས་ཏེ། ཡང་དག་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཡིན་ཏེ། ཆོས་

ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཡིན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །དེ་ལྟ་བས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་མ་སྐྱེས་པའོ། །དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དེས་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དེ་ལ་སེམས་ཅན་

ཁྲི་ཕྲག་དཔག་ཏུ་མེད་པ་དག་རབ་ཏུ་བཙུད་དེ། དོན་ཀྱང་འཛིན་ཏུ་བཅུག་གོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། དྲང་སྲོང་ཨུད་ཛྱ་དད་ཏ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཨུད་

ཛྱ་དད་ཏ་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་ཅིང་། དོན་དམ་པ་ཡང་འཛིན་ཏུ་བཅུག་གོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་གནས་པར་བྱའོ། །མི་

སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽད་གལ་གྱི་བུ་ངས་འདོད་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ། སྔོན་བྱང་ཆུབ་

སེམས་དཔའི་སྤྱད་པ་སྤྱོད་པ་ནས། མངོན་པར་འདུས་བྱས་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་ལྷག་མཐོང་སྤྱད་པ་ཞེས་བྱ་བ། རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་

เล่ม ๔๗ · หน้า 261a

འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། འདོད་པའི་ཟག་པ་འབྱུང་བ་གང་ཡོད། གང་མེད་ན་མི་འབྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། འབྱུང་བ་ནི་ཡུལ་ཡིད་ལ་བྱེད་པ་ལས་གཞན་མ་ཡིན་ཏེ། ཡིད་ལ་བྱེད་པ་མེད་པས་

ནི་མི་འབྱུང་ངོ་། །འདོད་པའི་ཟག་པ་འགོག་པ་ལས་གཞན་མ་ཡིན་པ་འདི་ནི་ལམ་ཡིན་ནོ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདོད་པའི་ཟག་པ་བདག་མེད་པའི་ཕྱིར། ཡང་དག་པའི་དོན་གྱི་ལམ་བསྐྱེད་དོ། །ཇི་ལྟར་ལམ་འདིས་འདོད་པའི་ཟག་པ་འགགས་

ནས། མི་སྐྱེ་བ་དེ་བཞིན་དུ་ལམ་འདིས་ཟག་པ་ཐམས་ཅད་འགགས་ཏེ་མི་སྐྱེའོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་མངོན་པར་ཤེས་པ་མངོན་པར་ཤེས་པ་ལྔ་ཐོབ་བོ། །མངོན་པར་ཤེས་པ་ལྔ་ཐོབ་ནས། སྐྱེ་བོའི་ཚོགས་མང་པོ་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ཇི་

སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། དྲང་སྲོང་ལྷག་མཐོང་སྤྱད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། དྲང་སྲོང་ལྷག་མཐོང་སྤྱད་པ་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མངོན་

པར་ཤེས་པ་ལྔ་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ལམ་དེ་དག་ལ་ཀུན་ཏུ་བསྟན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ། །མངོན་

པར་ཤེས་པ་ལྔ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་བྱེད་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་སྲིད་པའི་ཟག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས། མངོན་པར་འདུས་བྱས་པའི་བར་དང་དེ་བཞིན་དུ་

སྦྱར་རོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་སྲིད་པ་ལ་དགའ་བ་ཞེས་བྱ། རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་

เล่ม ๔๗ · หน้า 261b

བྱུང་སྟེ། སྲིད་པ་ལ་སྙིང་པོ་མེད་པར་འདུ་ཤེས། མི་རྟག་པར་འདུ་ཤེས། སྡུག་བསྔལ་བར་འདུ་ཤེས། ཉེས་དམིགས་སུ་འདུ་ཤེས། སྲིད་པ་ཐམས་ཅད་ལ་ངན་པ་དང་། ཟག་པ་དང་དབུགས་དབྱུང་བ་མེད་པ་དང་ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། སྲིད་པ་ལ་མངོན་པར་དགའ་བའི་

སེམས་ཅན་དེ་དག་ནི་སྡུག་བསྔལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་སྲིད་པ་ཞེས་བྱ་བ་དེ་ནི་སྡུག་བསྔལ་འབྱུང་བ་ཡིན་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་མི་འཐུན་པ། བདེ་བ་འདོད་ན་སེམས་ཅན་གང་སྲིད་པ་ལ་མངོན་པར་དགའ་བ་དེ་དག་སྡུག་བསྔལ་ལ་མངོན་པར་དགའ་

སྟེ། དེ་དག་བདེ་བ་ཡང་དག་པར་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་འདིའི་ཀུན་འབྱུང་ནི་འདི་ལྟ་སྟེ། སྲིད་པ་ཡིན་ཏེ། གང་མི་འབྱུང་ན་སྡུག་བསྔལ་དེ་མེད་དོ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན། སྲིད་པ་ལ་ཡིད་བྱུང་བར་གྱུར་ཏོ། །དེ་སྲིད་པ་ལ་ཡིད་བྱུང་བ་

ནས། སྲིད་པ་ལ་གནས་པར་མི་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟ་སྟེ་སྲིད་པ་ལ་མི་གནས་པའི་ཤེས་པ་འདི་ནི་མཆོག་དང་། གཙོ་བོ་དང་། ཕུལ་ཡིན་ནོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས། སྒྲ་འབྱིན་པར་བྱེད་དོ། །སྲིད་པ་ནི་སྡུག་བསྔལ་བའོ། །སྲིད་པ་ལ་

མི་གནས་པ་ནི་བདེ་བའོ་ཞེས་སྒྲ་དབྱངས་བསྒྲགས་སོ། །དེ་ལྟ་བས་ན་སྲིད་པ་ནི་མི་རྟག་པ་འདུས་བྱས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན། གནས་མེད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཇི་ཙམ་དུ་སེམས་ཅན་གནས་མེད་པའི་སྒྲ་ཐོས་པ་དེ་

དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་སྲིད་པ་ལ་དགའ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེར་གྱུར་ཏོ། །ངས་

སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་གནས་མེད་པའི་སྒྲ་ཐོས་པར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སྲིད་པ་གནས་མེད་པ་ཉིད་ལ་བསླབ་པར་བྱ། གཞན་དག་ལ་ཡང་སྲིད་པ་

เล่ม ๔๗ · หน้า 262a

གནས་མེད་པའི་བསྔགས་པ་བརྗོད་པར་བྱའོ། །མཽད་གལ་གྱི་བུ་ངས་སྲིད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས། མངོན་པར་འདུས་བྱས་པའི་བར་དང་། དེ་བཞིན་དུ་བདག་གིས་ཇི་ལྟར་ཞེས་བྱ་བའི་བར་དུ་སྦྱར་རོ། །མཽད་གལ་གྱི་བུ་སྔོན་

བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་སྲིད་པ་ཞི་བྱེད་ཅེས་བྱ་བ་ནས་མཐུ་ཆེ་བའི་བར་དང་། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པ་དོན་དུ་མི་བྱེད་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ནས་དྲང་སྲོང་སྲིད་པ་ཞི་བྱེད་འདི་སྙམ་

དུ་སེམས་ཏེ། སྲིད་པ་ཞི་བ་ཡོད་པ་འདི་ནི་བདག་ལ་ལེགས་ན། སྲིད་པ་ཞི་བ་དེ་ཡང་མི་ཤེས་ཏེ། ཇི་ལྟར་ན་སྲིད་པ་འཇིག་པར་འགྱུར་བ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་སྲིད་པ་ཞི་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་སུ་ཡོད་སྙམ་མོ། །དེའི་ཚེ་དྲང་སྲོང་སྲིད་པ་རིག་པ་ཞེས་བྱ་

བས་སྲིད་པ་ཞི་བྱེད་དེ་ལམ་དང་རབ་ཏུ་ལྡན་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ན་གཞན་དག་ལ་མི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་འདིར་སྲིད་པའི་འདུ་འཛིའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དྲང་སྲོང་སྲིད་པ་ཞི་བྱེད་དེས་དྲང་སྲོང་སྲིད་པ་རྟོགས་པ་སྲིད་པའི་འདུ་འཛིའི་

འདོད་ཆགས་དང་བྲལ་ལོ་ཞེས་ཐོས་ནས་དེ་འདི་སྙམ་དུ་སེམས་སོ། །གང་སྲིད་པའི་འདུ་འཛིའི་འདོད་ཆགས་དང་བྲལ་བ་དེ་བདེ་བ་ཡིན་ན། སྲིད་པའི་འདུ་འཛི་ཞེས་བྱ་བ་དེ་དག་གང་ཡིན། སྲིད་པའི་རང་བཞིན་ཉོན་མོངས་པའི་འདུ་འཛི་གང་ཡིན་པ་དེ་སྲིད་པའི་འདུ་འཛི་སྟེ། དེ་ཡང་མཁས་

པ་དག་གིས་སྨད་པ་ཡིན་ནོ་སྙམ་ནས། དེ་མཁས་པ་དེ་དག་གི་ཚུལ་ཡང་དག་པར་མཐོང་བ་ན་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་སྒྲ་འབྱིན་པར་བྱེད་དེ། ཀྱེ་མ་འདུ་འཛིའི་འདོད་ཆགས་དང་བྲལ་བ་ནི་བདེ་བ་ཡིན་ནོ་ཞེས་སྒྲ་དབྱངས་རྗེས་སུ་

བསྒྲགས་སོ། །དེའི་སྒྲ་དེ་ཡང་ཕྱོགས་བཞིར་རླུང་གིས་ཐོགས་པ་མེད་པར་ཁྱེར་རོ། །སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་གིས་སྒྲ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་

เล่ม ๔๗ · หน้า 262b

དེའི་དུས་ན། དྲང་སྲོང་སྲིད་པ་ཞི་བྱེད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། དྲང་སྲོང་སྲིད་པ་ཞི་བྱེད་ཅེས་བྱ་བར་གྱུར་ཏོ། །ངའི་སྒྲ་དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག །བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འདུ་འཛི་རྣམ་པར་སྨད་པར་བྱའོ། །འདུ་འཛི་རྣམ་པར་སྨད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་

འགྱུར་རོ། །མཽད་གལ་གྱི་བུ་ངས་སྲིད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་ཤེས་

པ་དཔའ་བ་ཞེས་བྱ་བ་ཤེས་པ་ཐམས་ཅད་ལ་འཇིགས་པ་མེད་པར་བསྟན་བཅོས་ཁོང་དུ་ཆུད་པར་བྱ་བ་ཐམས་ཅད་ལ་བློ་ཤིན་ཏུ་གནས་པ། བསྟན་བཅོས་བྱེད་པའི་ངོ་བོ་འཛིན་པ་ཐམས་ཅད་ལ་བསླབས་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། ཟག་པ་ཐམས་ཅད་མ་སྐྱེས་ན་

འགོག་པར་ངེས་སོ། །འདི་ནི་གནད་ཡིན་ཏེ། ཕུང་པོ་འགོག་པ་དང་། ཁམས་འགོག་པ་དང་། སྐྱེ་མཆེད་འགོག་པ་དང་། དབང་པོ་འགོག་པ་དང་། བདེན་པ་འགོག་པར་བྱ་བའི་དོན་དུ་གང་ལ་སློབ་པ་དེ་དག་ཕུང་པོ་འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །དེ་བཞིན་དུ་

སྦྱར་ཏེ། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། བདེན་པ་འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །གང་གནད་རབ་ཏུ་ཤེས་པ་འདི་ནི་མཁས་པའི་བྱ་བ་བྱས་པ་ཡིན་ཏེ། ཕུང་པོའི་གནད་དང་། དེ་བཞིན་དུ་སྦྱར་ཏེ་ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། བདེན་པའི་གནད་དོ། །

སྒོ་འདི་ནས་ཉོན་མོངས་པ་འཇུག་པ་ན་ཉོན་མོངས་པ་ལས། ལས་རབ་ཏུ་འཇུག །ལས་དག་ལས་རྣམ་པར་སྨིན་པའོ། །གནད་བཅོམ་ན་ཉོན་མོངས་པ་འཇུག་པར་མི་བྱེད་དེ། དེ་ལྟར་སྲིད་པའི་ལུགས་འདི་ཤིན་ཏུ་བཅད་པར་འགྱུར་རོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས།

เล่ม ๔๗ · หน้า 263a

ཀྱེ་མ་གནད་འདི་བཅོམ་ན་བདེའོ་ཞེས་ཆེད་དུ་བརྗོད་པ་འདི་ལན་གསུམ་བརྗོད་དོ། །དེའི་སྒྲ་དེ་ཕྱོགས་བཞིར་རླུང་གིས་ཐོགས་པ་མེད་པར་སོང་ངོ་། །སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་སྒྲ་དེ་ཐོས་ནས་གནད་གཞོམ་པའི་ཕྱིར་ཞུགས་སོ། །གནད་གཞོམ་པ་ལ་ཞུགས་པ་

ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། དྲང་སྲོང་ཤེས་པ་དཔའ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། དྲང་

སྲོང་ཤེས་པ་དཔའ་བ་ཞེས་བྱ་བར་གྱུར་ཏོ། །ངས་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་གནད་གཞོམ་པའི་སྒྲ་ཐོས་པར་བྱས་ནས་ཕྱིར་མི་ལྡོག་པར་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཉོན་མོངས་པའི་གནད་གཞོམ་པ་ལ་མཁས་པར་བྱའོ། །མཽད་གལ་

གྱི་བུ་ངས་སྲིད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ལྟར་ཞེས་བྱ་བ་ནས། དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་

དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་པའི་བར་དེ་བཞིན་དུ་སྦྱར་རོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་དྲང་སྲོང་ཀུན་ཏུ་མིག་ཅེས་བྱ་བ་ཞིག་བྱུང་ངོ་། །དེ་སྒོ་གང་དང་གང་ཉིད་ཀྱིས་རྣམ་པར་བལྟ་བར་བྱེད་པ་དེ་དང་།

དེ་ཉིད་ཀྱི་དོན་རྣམ་པར་བལྟ་བར་བྱེད་དོ། །དེ་ཙམ་གྱི་ནང་དུ་གནས་ནས་སེམས་ཅན་རྣམས་ཀྱི་བཟོའི་ལས་ཀྱི་གནས་རྩོམ་པ་རྣམ་པར་སེམས་ཏེ། སེམས་ཅན་རྣམས་ཀྱི་གང་ཅུང་ཟད་ཕན་པ་བྱེད་པ་དང་། དབུལ་བ་སྡུག་བསྔལ་གྱིས་ཉེན་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་

གྱིས་ཉེན་པའི་ཕྱིར་འདི་ལྟ་སྟེ། མི་དགེ་བ་བྱེད་པ་དང་། ཟག་པ་དང་བཅས་པའི་དགེ་བ་བྱེད་པ་དང་། མི་དགེ་བ་བྱེད་པ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་སུ་འགྲོའོ། །ཟག་པ་དང་བཅས་པའི་དགེ་བ་བྱེད་པ་ནི། མིའི་འགྲོ་བ་དང་། མཐོ་རིས་

เล่ม ๔๗ · หน้า 263b

སུ་འགྲོའོ། །ཇི་ཙམ་དུ་མྱ་ངན་ལས་འདས་པར་འགྲོ་བར་བྱ་བའི་ཕྱིར་ཟག་པ་མེད་པའི་དགེ་བ་བྱེད་པ་ནི་འདི་ལྟ་སྟེ། དགེ་བ་དང་མི་དགེ་བ་མི་བྱེད་དོ། །བྱང་ཆུབ་ཀྱི་ཕྱིར་ཐམས་ཅད་ནས་ཐམས་ཅད་དུ་དགེ་བ་དང་མི་དགེ་བ་མི་བྱེད་པ་དེ་ནི་ད་ལྟར་གྱི་ཟག་པ་མེད་པའི་ཆོས་ལ་བཟོད་པ་སྐྱེའོ། །

བྱས་པ་མེད་པ་ལ་ནི་རྣམ་པར་སྨིན་པའི་འགྲོ་བ་མེད་དེ། འདི་ནི་མྱ་ངན་ལས་འདས་པའོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་སྒྲ་འབྱིན་པར་བྱེད་དེ། ཆོས་ཐམས་ཅད་ལ་བྱེད་པ་མེད་པ་ནི་བདེ་བ་ཡིན་ཏེ། དེའི་རྣམ་པར་སྨིན་པ་མེད་དོ་ཞེས་སྒྲ་དབྱངས་རྗེས་སུ་བསྒྲགས་སོ།

དེའི་སྒྲ་དེ་ཕྱོགས་བཞིར་རླུང་གིས་ཐོགས་པ་མེད་པར་ཁྱེར་རོ། །སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་སྒྲ་དེ་ཐོས་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་

སེམས། དེའི་ཚེ་དེའི་དུས་ན། རྒྱལ་པོ་དྲང་སྲོང་ཀུན་ཏུ་མིག་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ཀུན་ཏུ་མིག་ཅེས་བྱ་བར་གྱུར་ཏོ། །སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ངའི་སྒྲ་དེ་ཐོས་

ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་བྱེད་པ་མེད་པ་ལ་བསླབ་པར་བྱའོ། །མཽད་གལ་གྱི་བུ་ངས་ལྟ་བའི་ཟག་པ་ཤེས་པར་བྱ་བའི་

དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྟ་བའི་ཟག་པ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྒྱ་ཆེ་བ་

སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་གཞལ་གྱིས་མི་ལང་ཞིང་བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ཆོས་

เล่ม ๔๗ · หน้า 264a

རྣམ་པར་སྟོན་པ་ཞེས་བྱ་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ། ཞིང་ཤེས་པ་དེ་མཁས་ཤིང་ཤེས་རབ་ཀྱི་རང་བཞིན་ཅན་བརྟག་ཅིང་བརྒལ་བའི་རྣམ་པར་དབྱེ་བ་ལ་མཁས་པ་སེམས་ཅན་རྣམས་ཀྱི་དོན་རྟོགས་པ་ཞིག་བྱུང་ངོ་། །དེ་དབེན་པར་སོང་སྟེ་ནང་དུ་ཡང་

དག་འཇོག་ལ་བཞག་ནས་འདི་སྙམ་དུ་སེམས་སོ། །ཅི་བདག་དང་འཇིག་རྟེན་འདི་རྟག་གམ། འོན་ཏེ་བདག་དང་འཇིག་རྟེན་མི་རྟག །འོན་ཏེ་བདག་དང་འཇིག་རྟེན་རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག །འོན་ཏེ་བདག་དང་འཇིག་རྟེན་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་

ཡིན། བདག་དང་འཇིག་རྟེན་མཐའ་ཡོད་དམ། འོན་ཏེ་བདག་དང་འཇིག་རྟེན་མཐའ་མེད། འོན་ཏེ་བདག་དང་འཇིག་རྟེན་མཐའ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་ཡིན། འོན་ཏེ་བདག་དང་འཇིག་རྟེན་མཐའ་ཡོད་པའང་མ་ཡིན། མཐའ་མེད་པའང་མ་ཡིན། འོན་ཏེ་སྲོག་དེ་ལུས་ཡིན་ནམ།

འོན་ཏེ་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན། འོན་ཏེ་དེ་བཞིན་གཤེགས་པ་ཤི་ནས་ཡོད་དམ། འོན་ཏེ་དེ་བཞིན་གཤེགས་པ་ཤི་ནས་མེད། འོན་ཏེ་དེ་བཞིན་གཤེགས་པ་ཤི་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད། འོན་ཏེ་དེ་བཞིན་གཤེགས་པ་ཤི་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། དགེ་

སྦྱོང་དང་བྲམ་ཟེ་ཁ་ཅིག་ནི་ཆད་པར་སྨྲ། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ནི་རྟག་པར་སྨྲ་སྟེ། དེ་ལ་རྟག་པར་སྨྲ་བ་ནི་བཞིའོ། །ཁ་ཅིག་ནི་བཞི་མི་རྟག་པར་སྨྲའོ། །མཐའ་སྨྲ་བ་ནི་བཞིའོ། །ཀུན་འབྱུང་བ་རྒྱུ་མེད་པར་སྨྲ་བ་ནི་གཉིས་སོ། །ཚིག་འཁྲུལ་པ་ནི་བཞིའོ། །འདུ་ཤེས་སུ་སྨྲ་བ་ནི་བཅུ་དྲུག་གོ། །

འདུ་ཤེས་ཡོད་པ་མ་ཡིན་པར་སྨྲ་བ་ནི་བརྒྱད་དོ། །འདུ་ཤེས་ཡོད་པ་ཡང་མ་ཡིན་པར་སྨྲ་བ་ནི་བརྒྱད་དོ། །མཐོང་བའི་ཆོས་ལ་ཡིད་བྱུང་བར་སྨྲ་བ་ནི་ལྔའོ། །ཆད་པར་སྨྲ་བ་ནི་བདུན་ནོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བདག་རྟག་པ་ཤི་ནས་ནད་མེད་པ་འདི་ཉིད་ནི་བདེན་

གྱི་གཞན་ནི་བརྫུན་ནོ་ཞེས་དེ་ལྟར་ལྟ། དེ་ལྟར་སྨྲ་བ་ཡོད། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བདག་མི་རྟག་པ་ཤི་ནས་ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །ཞེས་དེ་ལྟར་ལྟ། དེ་ལྟར་སྨྲ་བ་ཡོད། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་ཤི་ནས་ནད་མེད་པ་

เล่ม ๔๗ · หน้า 264b

འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ་ཞེས་དེ་ལྟར་ལྟ། དེ་ལྟར་སྨྲ་བ་ཡོད། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བདག་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་པ་ཤི་ནས་ནད་མེད་པ་འདི་ཉིད་ཅེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ལྟར་ལྟ། དེ་ལྟར་སྨྲ་བ་ཡོད་དོ། །གནས་འདི་ནི་ཡོད་དེ།

གལ་ཏེ་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འབད་པའི་རྗེས་སུ་འགྲོ་བ་དང་། སྤོང་བའི་རྗེས་སུ་འགྲོ་བ་དང་སྦྱོར་བའི་རྗེས་སུ་འགྲོ་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་ན་བསྐལ་པ་བཞི་བཅུ་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཙམ་ན་

བདག་འདི་ནི་དེའི་ཕ་རོལ་ན་ཡང་ཡོད་དེ། བདག་དང་འཇིག་རྟེན་དེ་ནི་རྟག་གོ་སྙམ་མོ། །འདི་ནི་རྟག་པར་སྨྲ་བ་དང་པོ་ཡིན་ནོ། །གནས་འདི་ནི་ཡོད་དེ། གལ་ཏེ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འབད་པའི་རྗེས་སུ་འགྲོ་བ་དང་། སྤོང་བའི་རྗེས་སུ་འགྲོ་བ་དང་། སྦྱོར་བའི་རྗེས་སུ་འགྲོ་

བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་ན་བསྐལ་པ་བརྒྱ་ལྔ་བཅུ་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཙམ་ན་བདག་འདི་ནི་དེའི་ཕ་རོལ་ན་ཡང་ཡོད་དོ་སྙམ་མོ། །འདི་ནི་རྟག་པར་སྨྲ་བ་གཉིས་པའོ། །གནས་འདི་ནི་

ཡོད་དེ། གལ་ཏེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་ཏེ། འབད་པའི་རྗེས་སུ་འགྲོ་བ་དང་། སྤོང་བའི་རྗེས་སུ་འགྲོ་བ་དང་། སྦྱོར་བའི་རྗེས་སུ་འགྲོ་བ་ནས་དེ་བཞིན་དུ་སྦྱར་ཏེ། བསྐལ་པ་དྲུག་ཅུ་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཙམ་ན་བདག་འདི་ནི་དེའི་ཕ་རོལ་

ན་ཡང་ཡོད་དོ་སྙམ་མོ། །འདི་ནི་རྟག་པར་སྨྲ་བ་གསུམ་པའོ། །གནས་འདི་ནི་ཡོད་དེ། གལ་ཏེ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་བར་བྱ་སྟེ། བསྐལ་པ་བརྒྱད་ཅུ་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཙམ་ན་བདག་འདི་ནི་དེའི་ཕ་རོལ་ན་ཡང་ཡོད་དོ་

སྙམ་མོ། །འདི་ནི་རྟག་པར་སྨྲ་བ་བཞི་པའོ། །འཇིག་རྟེན་འཇིག་པ་འདི་ནི་དེའི་དུས་ཡིན། དེའི་དུས་མ་ཡིན་ཏེ། འཇིག་རྟེན་འཇིག་པ་ན་སེམས་ཅན་གང་ཕལ་ཆེར་འོད་གསལ་དུ་འགྲོ་བར་འགྱུར་ཏེ། དེ་དག་དེར་དུས་ཡུན་རིང་དུ་གནས་སོ། །འཇིག་རྟེན་འཆགས་

เล่ม ๔๗ · หน้า 265a

པ་འདི་ནི་དེ་དུས་ཡིན་དེ་དུས་མ་ཡིན་ཏེ། འཇིག་རྟེན་འཆགས་པའི་ཚེ་ནམ་མཁའ་འདི་ལ་སྤྲིན་གྱི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཤིན་ཏུ་འདུས་སོ། །ཀུན་ནས་སྤྲིན་གྱི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཤིན་ཏུ་འདུས་ཏེ། ཐམས་ཅད་དང་ལྡན་པའི་སའི་དཀྱིལ་འཁོར་

ཡང་དག་པར་ཁེབས་ནས། བར་གྱི་བསྐལ་པ་ལྔར་ཆར་གྱི་རྒྱུན་གཤོལ་མདའ་ཙམ་བབ་སྟེ། བར་གྱི་བསྐལ་པ་ལྔར་འགྲོ་བའི་སྤྲིན་མཆོག་གི་ཆར་བབ་བོ། །བར་གྱི་བསྐལ་པ་ལྔར་ཆར་གྱི་རྒྱུན་མ་ཆད་པར་བབ་སྟེ། བར་གྱི་བསྐལ་པ་ལྔར་ཆར་གྱི་ཐིགས་པ་སྦོམ་པོ་བབ་བོ། །

འཇིག་རྟེན་འཆགས་པ་ན་འཇིག་རྟེན་འདི་ཆུས་ཚངས་པའི་འཇིག་རྟེན་གྱི་བར་དུ་གང་བར་གྱུར་ཏོ། །འཇིག་རྟེན་འཆགས་པ་ན་ཆུའི་སྟེང་དུ་རླུང་སྐྱེས་ཏེ་རླུང་གནས་སོ། །འདི་ལྟ་སྟེ་དཔེར་ན། དུས་ཚིགས་ཀྱི་འོ་ཐུག་ཚོས་པ་གྲངས་པའི་སྟེང་ན་པྲིས་མ་ཡོད་པ་རྒྱུད་ཆགས་པར་འབྱུང་བ་དེ་བཞིན་དུ་

འཇིག་རྟེན་ཆགས་པའི་ཆུའི་སྟེང་ན་རླུང་འབྱུང་ཞིང་སྐྱེ་སྟེ་གནས་སོ། །འཇིག་རྟེན་འཆགས་པ་ན་ཀུན་ཏུ་འཁྲུག་པ་ཞེས་བྱ་བའི་རླུང་བྱུང་སྟེ། རླུང་དེ་དག་གཡེང་ཀུན་ཏུ་གཡེང་། གཡོ་ཀུན་ཏུ་གཡོ། །འབྱིན་ཀུན་ཏུ་འབྱིན་ཏོ། །འཇིག་རྟེན་འཆགས་པ་ན་ཆོས་ཉིད་ཀྱིས་སྟེང་གི་ཕྱོགས་སུ་

ཚངས་པའི་གཞལ་མེད་ཁང་དག་འབྱུང་སྟེ། སེམས་ཅན་ཚེ་ཟད་པ། ལས་ཟད་པ། བསོད་ནམས་ཟད་པ། གཞན་དག་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེའོ། དེ་དེར་ཚངས་པར་འགྱུར་ཏེ། ཚངས་པ་ཆེན་པོ་དེ་ལྟ་བར་གྱུར་པ་འདི་དག་འཐོབ་སྟེ། ང་ནི་ཚངས་པ་ཚངས་

པ་ཆེན་པོ་དབང་ཕྱུག །འཕྲུལ་བ་པོ་བྱུང་བ་དང་འབྱུང་བ་དག་གི་ཕའོ་སྙམ་མོ། །དེ་ཇི་ཙམ་དུ་ཡུན་རིང་དུ་འདུག་པའི་ཕྱིར་དགའ་བ་སྐྱེ་ཞིང་སྲེད་པ་སྐྱེ་སྟེ། ཀྱེ་ཨེ་མ་སེམས་ཅན་འདི་དག་བདག་དང་བརྟུལ་ཞུགས་འཐུན་པར་སྐྱེས་ཀྱང་ཅི་མ་རུང་སྙམ་མོ། །གནས་འདི་ནི་ཡོད་དེ། ཚངས་པ་

དེའི་སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་ཚེ་ཟད་པ། ལས་ཟད་པ། བསོད་ནམས་ཟད་པ་གཞན་དག་འོད་གསལ་གྱི་ལྷའི་རིས་ནས་ཤི་སྟེ་ཚངས་པ་དེའི་བརྟུལ་ཞུགས་དང་འཐུན་པར་སྐྱེའོ། །ཚངས་པ་དེ་ལྟ་བ་འདི་ལྟ་བུ་འཐོབ་སྟེ། ང་ནི་ཚངས་པ་སྟེ། ཚངས་པ་ཆེན་པོ་དབང་ཕྱུག་བྱེད་

เล่ม ๔๗ · หน้า 265b

པའོ། །འཕྲུལ་བ་པོ་གཙོ་བོ་ཐོས་པར་བྱེད་པ། བྱུང་བ་དང་འབྱུང་བ་དག་གི་ཕ་སྟེ། བདག་ནི་འདིར་སྔར་སྐྱེས་ལ། སེམས་ཅན་འདི་དག་ནི་འཕྱི་སྟེ། སེམས་ཅན་འདི་དག་གི་རིམ་གྲོ་བར་སྤྲུལ་ཏེ། འཇིག་རྟེན་འདི་དག་ཁ་ཅིག་ནི་རྟག་པ། ཁ་ཅིག་ནི་མི་རྟག་སྟེ། ཁ་ཅིག་ཏུ་རྟག་པར་

ལྟ་བ་དང་པོའི་སེམས་ཅན་དེ་དག་ཀྱང་ལྟ་བར་གྱུར་པ་འདི་ལྟ་བུ་འཐོབ་སྟེ། འདི་ནི་ཚངས་པ་སྟེ། ཚངས་པ་ཆེན་པོ། དབང་ཕྱུག་བྱེད་པ་པོ། འཕྲུལ་བ་པོ་གཙོ་བོ། ཐོས་པར་བྱེད་པ། བྱུང་བ་དང་འབྱུང་བ་དག་གི་ཕ་སྟེ། དེ་ནི་སྔར་འདིར་སྐྱེས་ལ་བདག་ཅག་ནི་འཕྱིའོ། །འདིས་

བདག་ཅག་ཚངས་པའི་རིམ་གྲོ་པར་སྤྲུལ་ཏེ། འཇིག་རྟེན་འདི་དག་ཁ་ཅིག་ནི་རྟག །ཁ་ཅིག་ནི་མི་རྟག་སྟེ། འདི་ནི་གཅིག་ཏུ་རྟག་པར་ལྟ་བ་གཉིས་པའོ། །གང་དག་འདི་ནི་ཚངས་པ་སྟེ། ཚངས་པ་ཆེན་པོ། དབང་ཕྱུག་བྱེད་པ་པོ། འཕྲུལ་བ་པོ། གཙོ་བོ། བྱུང་བ་དང་

འབྱུང་བ་དག་གི་ཕ་སྟེ། དེ་ཆེས་གཟུགས་བཟང་ཞིང་ཆེས་མཛེས་ལ། གང་བདག་ཅག་ནི་ཚངས་པ་དེས་རིམ་གྲོ་པར་སྤྲུལ་ཏོ། །དེ་དག་ནི་གཟུགས་བཟང་བ་མ་ཡིན་ཞིང་དེ་དག་མཛེས་པ་མ་ཡིན་ལ། དེ་དག་བལྟ་ན་སྡུག་པ་མ་ཡིན་ནོ། །འཇིག་རྟེན་འདི་དག་ཁ་ཅིག་ནི་རྟག་

ལ་ཁ་ཅིག་ནི་མི་རྟག་པ་འདི་ནི་གཅིག་ཏུ་རྟག་པར་ལྟ་བ་གསུམ་པའོ། །དེ་དུས་ཡིན་དེ་དུས་མ་ཡིན་ཏེ། གང་སེམས་ཅན་གཞན་དག་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་དེ། ཚངས་པའི་འཇིག་རྟེན་ནས་ཤི་ནས་ཁམས་འདིར་འོངས་ཏེ། མི་རྣམས་དང་། བརྟུལ་ཞུགས་

མཚུངས་པར་འབྱོར་བའི་རྗེས་སུ་འགྲོ་བ་དང་། ཡོངས་སུ་སྨིན་པའི་རྗེས་སུ་འགྲོ་བ་དེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་པས་དེ་སྔོན་བདག་གི་རང་བཞིན་ཤིན་ཏུ་དྲན་ནས་བདེ་བར་གྱུར་པ་འདི་ལྟ་བུ་འཐོབ་སྟེ། གང་ཚངས་པ་འདི་ནི་ཚངས་པ་ཆེན་པོ། དབང་

ཕྱུག་བྱེད་པ་པོ་འཕྲུལ་བ་པོ། གཙོ་བོ་ཐོས་པར་བྱེད་པ། བྱུང་བ་དང་འབྱུང་བ་དག་གི་ཕ་སྟེ། དེ་ནི་རྟག་པ་བརྟན་པ། ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་ཏེ་ཇི་ཙམ་དུ་ཚངས་པ་དེས་བདག་ཅག་རིམ་གྲོ་པར་སྤྲུལ་ཏོ། །བདག་ཅག་དེ་དག་ནི་མི་རྟག་པ་མི་བརྟན་པ། ཐེར་ཟུག་མ་

เล่ม ๔๗ · หน้า 266a

ཡིན་ཞིང་ཚེ་ཐུང་བ་འཆི་བའི་ཆོས་ཅན་ཏེ། འཇིག་རྟེན་འདི་དག་ཁ་ཅིག་ནི་རྟག་ལ། ཁ་ཅིག་ནི་མི་རྟག་པ། འདི་ནི་གཅིག་ཏུ་རྟག་པར་ལྟ་བ་བཞི་པའོ། །གནས་འདི་ནི་ཡོད་དེ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་འབད་པའི་རྗེས་སུ་འགྲོ་བ་དང་།

སྦྱོར་བའི་རྗེས་སུ་འགྲོ་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་པས་བདག་དང་འཇིག་རྟེན་གྱི་མཐའ་ཡོད་དོ་ཞེས་ཡང་དག་པར་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་གྱི་མཐའ་ཡོད་པ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་

གོ་སྙམ་པ་འདི་ནི་མཐར་ལྟ་བ་དང་པོའོ། །གནས་འདི་ནི་ཡོད་དེ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་བར་བྱ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་པས་བདག་དང་འཇིག་རྟེན་གྱི་མཐའ་མེད་པར་ཡང་དག་པར་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་

དང་འཇིག་རྟེན་མཐའ་མེད་པ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་སྙམ་པ་འདི་ནི་མཐར་འཛིན་པའི་ལྟ་བ་གཉིས་པའོ། །གནས་འདི་ནི་ཡོད་དེ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་སེམས་མཉམ་པར་བཞག་པས་གང་གི་ཚེ་དེའི་འདུ་ཤེས་འཇིག་

རྟེན་ན་གནས་ཏེ། དེའི་འདུ་ཤེས་གོང་མར་མ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་གྱི་མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་སྙམ་པ་འདི་ནི་མཐའ་ཡོད་པ་དང་མཐའ་མེད་པར་ལྟ་བའོ། །གནས་འདི་ནི་

ཡོད་དེ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་སེམས་མཉམ་པར་བཞག་པས་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་འཇིག་རྟེན་ན་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་མཐའ་ཡོད་པ་ཡང་མ་ཡིན་

མཐའ་མེད་པ་ཡང་མ་ཡིན་པ་དེ་ནི་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ་སྙམ་པ་འདི་ནི་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པར་ལྟའོ། །གཞན་ཡང་འདིར་ཁ་ཅིག་ཚིག་འཁྲུལ་པ་དང་གཞན་འཁྲུལ་པ་དག་ཡོད་དོ། །ཚིག་འཁྲུལ་པ་དང་། གཞན་

เล่ม ๔๗ · หน้า 266b

འཁྲུལ་པ་འཇུག་པ་ནི་དེ་ལ་བདག་ཡོད་དམ་ཞེས་དྲིས་པ་ན། སྨྲས་པ་འདི་ཡང་མ་ཡིན། གཞན་ཡང་མ་ཡིན། འདི་མ་ཡིན་འདི་མ་ཡིན་པ་ཡང་མ་ཡིན་ཞེས་ཚིག་འཁྲུལ་པ་དང་གཞན་འཁྲུལ་པ་འཇུག་གོ། །བདག་མེད་དམ་ཞེས་དྲིས་པ་ན། འདི་ཡང་དེ་བཞིན་མ་ཡིན། གཞན་ཡང་མ་

ཡིན། འདི་ནི་ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་ཅེས་ཚིག་འཁྲུལ་པ་དང་། གཞན་འཁྲུལ་པ་འཇུག་གོ། །བདག་དང་འཇིག་རྟེན་གྱི་ལྟ་བ་དྲིས་པ་ན། དེ་ནི་འདི་ལྟར་ཡང་མ་ཡིན། འདི་ནི་འདི་ལྟར་ཡང་མ་ཡིན། དེ་ནི་དེ་ལྟར་ཡང་ཡིན། འདི་ནི་གཞན་ཡང་མ་ཡིན། འདི་ནི་

མ་ཡིན་ཞེས་ཚིག་འཁྲུལ་པ་དང་། གཞན་འཁྲུལ་པ་དག་འཇུག་སྟེ། འདི་ནི་ཚིག་འཁྲུལ་པ་བཞི་པའོ། །གནས་འདི་ནི་ཡོད་དེ། གལ་ཏེ་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འབད་པའི་རྗེས་སུ་འགྲོ་བ་ནས། དེ་སེམས་མཉམ་པར་བཞག་པས། སྔོན་གྱི་བདག་གི་ངོ་བོ་ཉིད་རྗེས་སུ་དྲན་ནོ། །

དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བདག་སྔོན་ནི་འདིར་མ་བྱུང་ལ་དེ་འདིར་དབྱུང་བས་བདག་དང་འཇིག་རྟེན་དེ་རྒྱུ་མེད་པ་ལས་བྱུང་བ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ་སྙམ་པ་འདི་ནི་རྒྱུ་མེད་པ་ལས་བྱུང་བར་ལྟ་བ་དང་པོའོ། །

གཞན་ཡང་འདི་ལ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་རྟོག་གེ་པ་དཔྱོད་པ་པ་ཡིན་ཏེ། དེ་དག་རྟོག་གེའི་ཀུན་ནས་ཉོན་མོངས་པ། རང་གི་ལྟ་བ་པ། རང་གི་སྤོབས་པ་པ། དཔྱོད་པའི་རྗེས་སུ་དཔྱད་པ་དེ་འདི་སྐད་སྨྲ་སྟེ་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་བ་འདི་ཉིད་བདེན་གྱི། གཞན་

ནི་བརྫུན་ནོ་སྙམ་པ་འདི་ནི་རྒྱུ་མེད་པ་ལས་བྱུང་བར་སྨྲ་བ་གཉིས་པའོ། །བཅྭ་བརྒྱད་པོ་འདི་དག་ནི་སྔོན་གྱི་མཐར་བརྟགས་པས་ལྟ་བར་གྱུར་པའོ། །འདུ་ཤེས་བཅུ་དྲུག་ཏུ་ལྟ་བ་ནི། བདག་གཟུགས་ཅན་ཡིན་ཏེ། འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་

ནོ་སྙམ་མོ། །བདག་གཟུགས་མེད་པ་ལ་ཤི་ནས་འདུ་ཤེས་དང་ལྡན་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་གཟུགས་དང་གཟུགས་མེད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་དང་གཟུགས་ཡོད་པ་ཡང་

เล่ม ๔๗ · หน้า 267a

མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་པ་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་མཐའ་ཡོད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །ཤི་ནས་ནད་མེད་

པ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །བདག་མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་

ཡང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་གཅིག་ཏུ་བདེ་བ་དང་

ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་གཅིག་ཏུ་སྡུག་བསྔལ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་བདེ་བ་དང་ལྡན་པ་སྡུག་བསྔལ་དང་

ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་པ་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་འདུ་ཤེས་གཅིག་ཏུ་གྱུར་པ་

ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་འདུ་ཤེས་ཐ་དད་དུ་གྱུར་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་འདུ་ཤེས་ཆུང་བ་ཡིན་ཏེ། ཤི་ནས་འདུ་ཤེས་དང་

ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་འདུ་ཤེས་ཚད་མེད་པ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ་སྙམ་སྟེ། འདི་དག་ནི་འདུ་ཤེས་སུ་སྨྲ་བ་བཅུ་དྲུག་གོ། །དེ་ལ་འདུ་ཤེས་སུ་སྨྲ་བ་བརྒྱད་གང་

เล่ม ๔๗ · หน้า 267b

ཞེ་ན། བདག་གཟུགས་ཅན་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་གཟུགས་མེད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་བརྫུན་ནོ། །བདག་མཐའ་ཡོད་པ་ཡིན་ཏེ། ཤི་

ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །བདག་མཐའ་མེད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །བདག་ནི་གཅིག་ཏུ་བདེ་བ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་

པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །བདག་གཅིག་ཏུ་སྡུག་བསྔལ་བ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །བདག་གཅིག་ཏུ་བདེ་བ་དང་། སྡུག་བསྔལ་བ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་

ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །བདག་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །ཞེས་དེ་ལྟར་ཁ་ཅིག་སྨྲ་བ་མངོན་དུ་སྨྲའོ། །དེ་ལ་འདུ་ཤེས་

ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་སྨྲ་བ་བརྒྱད་གང་ཞེ་ན། བདག་གཟུགས་ཅན་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ་ཞེས་ཁ་ཅིག་སྨྲ་བ་མངོན་དུ་སྨྲའོ། །བདག་གཟུགས་ཅན་མ་ཡིན་

ཏེ། ཤི་ནས་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ་ཞེས་ཁ་ཅིག་སྨྲ་བ་མངོན་དུ་སྨྲའོ། །བདག་འདུ་ཤེས་གཅིག་ཏུ་གྱུར་པ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་

ཡིན་ཞིང་། ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །ཞེས་ཁ་ཅིག་སྨྲ་བ་མངོན་དུ་སྨྲའོ། །བདག་འདུ་ཤེས་ཐ་དད་དུ་གྱུར་པ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞིང་། ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ། །

เล่ม ๔๗ · หน้า 268a

དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །བདག་ཅག་གཅིག་ཏུ་བདེ་བ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞིང་ནད་མེད་པའོ། །བདག་གཅིག་ཏུ་སྡུག་བསྔལ་བ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པ་ཡང་མ་ཡིན། མེད་པ་

ཡང་མ་ཡིན་པའོ། །བདག་ནི་བདེ་བ་དང་སྡུག་བསྔལ་བ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞིང་ནད་མེད་པའོ། །བདག་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་

མེད་པ་ཡང་མ་ཡིན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་ནོ་ཞེས་ཁ་ཅིག་སྨྲ་བ་མངོན་དུ་སྨྲ་སྟེ། འདི་དག་ནི་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པའི་སྐྱེ་མཆེད་དུ་སྨྲ་བ་བརྒྱད་དོ། །དེ་ལ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་ལྔ་གང་ཞེ་ན།

འདིར་འདི་ལ་ཁ་ཅིག་འདི་སྐད་སྨྲ། འདི་ལྟར་ལྟ་བ་ཡིན་ཏེ་བདག་འདི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་ཡོངས་སུ་སྤྱོད་པ་སྟེ། དེའི་ཚེ་བདག་འདི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། དེའི་ཚེ་མཐོང་བའི་ཆོས་

ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་མི་འགྱུར་ཏེ། གང་གི་ཚེ་བདག་འདི་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ནས་བསམ་གཏན་དང་པོའི་བར་ཉེ་བར་རྫོགས་པར་བྱས་ཏེ། གནས་པ་དེའི་ཚེ་བདག་འདི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་

པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་མི་འགྱུར་རོ། །གང་གི་ཚེ་བདག་དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསམ་གཏན་གཉིས་པ་ཉེ་བར་རྫོགས་པར་བྱས་ཏེ།

གནས་པ་དེ་ཙམ་གྱིས་བདག་དེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་མི་འགྱུར་རོ། །གང་གི་ཚེ་བདག་དེ་དགའ་བའི་འདོད་ཆགས་དང་བྲལ་བ་ནས་དེ་

เล่ม ๔๗ · หน้า 268b

བཞིན་དུ་སྦྱར་ཏེ། བསམ་གཏན་གསུམ་པའི་བར་ཉེ་བར་རྫོགས་པར་བྱས་ཏེ། གནས་པ་དེ་ཙམ་གྱིས་བདག་དེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་མཆོག་ཐོབ་པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་

མཆོག་ཐོབ་པར་མི་འགྱུར་རོ། །གང་གི་ཚེ་བདག་དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་པ་ནས་བསམ་གཏན་བཞི་པའི་བར་ཉེ་བར་རྫོགས་པར་བྱས་ཏེ། གནས་པ་དེ་ཙམ་གྱིས་བདག་དེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་མཆོག་ཐོབ་པར་འགྱུར་ཏེ། ལྔ་པོ་འདི་དག་

ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་ཡིན་ནོ།། །།བམ་པོ་ཉི་ཤུ་རྩ་ལྔ་པ་སྟེ་ཐ་མ། དེ་ལ་ཆད་པར་སྨྲ་བ་བདུན་གང་ཞེ་ན། འདི་ལ་ཁ་ཅིག་དག་འདི་སྐད་སྨྲ་འདི་ལྟར་ལྟ་བ་ཡོད་དེ། གང་གི་ཚེ་བདག་གཟུགས་ཅན་དེ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་

ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། དེ་ཙམ་གྱིས་བདག་དེ་ཡང་དག་པར་ཆད་པར་འགྱུར་རོ། །གང་གི་ཚེ་བདག་དེ་ལྷའི་འདོད་པའི་ཡོན་ཏན་དག་ལ་ཡོངས་སུ་སྤྱད་ནས་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་

ཏེ། དེ་ཙམ་གྱིས་བདག་དེ་ཡང་དག་པར་ཆད་པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །གང་གི་ཚེ་བདག་གཟུགས་ཅན་དེ་འཇིག་རྟེན་ཕ་རོལ་ནས་ཤི་ནས་མིའི་བཟང་པོ་ཡོངས་སུ་སྤྱད་དེ་ཆད་པར་འགྱུར། རྣམ་པར་

འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། བདག་དེ་ཡང་དག་པར་ཆད་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །གང་གི་ཚེ་བདག་གཟུགས་ཅན་མ་ཡིན་པ་དེ་འཇིག་རྟེན་ཕ་རོལ་ནས་

ཤི་ནས་ནམ་མཁའ་ལ་འདུ་ཤེས་སྐྱེ་མཆེད་དུ་ཉེ་བར་སོང་སྟེ་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། དེ་ཙམ་གྱིས་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །

เล่ม ๔๗ · หน้า 269a

གང་གི་ཚེ་བདག་གཟུགས་ཅན་མ་ཡིན་པ་དེ་འཇིག་རྟེན་ཕ་རོལ་ནས་ཤི་ནས་རྣམ་ཤེས་འདུ་ཤེས་སྐྱེ་མཆེད་དུ་ཉེ་བར་སོང་སྟེ། ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། བདག་དེ་ཡང་དག་པར་ཆད་པར་འགྱུར་བའི་བར་དེ་བཞིན་དུ་སྦྱར་རོ། །

དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །གང་གི་ཚེ་བདག་གཟུགས་ཅན་མ་ཡིན་པ་དེ། འཇིག་རྟེན་ཕ་རོལ་ནས་ཤི་ནས་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་སོང་སྟེ། ཆད་པར་འགྱུར། རྣམ་པར་འཇིག་

པར་འགྱུར། མི་འགྲུབ་པར་འགྱུར་ཏེ། བདག་དེ་ཡང་དག་པར་ཆད་པར་འགྱུར་བའི་བར་དེ་བཞིན་དུ་སྦྱར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །གང་གི་ཚེ་བདག་དེ་འཇིག་རྟེན་ཕ་རོལ་ནས་ཤི་ནས།

འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་སོང་སྟེ་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། དེ་ཙམ་གྱིས་བདག་དེ་ཡང་དག་པར་ཆད་པར་འགྱུར་རོ། །བདུན་པོ་འདི་དག་ནི་ཆད་པར་སྨྲ་བ་ཡིན་ནོ། །དེ་དག་ལས་སྔོན་གྱི་

མཐའ་རྟོག་པ་ནི་བཅྭ་བརྒྱད་དོ། །ཕྱི་མའི་མཐའ་རྟོག་པ་ནི་བཞི་བཅུ་རྩ་བཞི་སྟེ། འདི་ནི་ལྟ་བའི་ཟག་པ་ཞེས་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོ་འདི་དག་ཐམས་ཅད་ནི་འཆིང་བ་ཡིན་ནོ། །དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་

དག་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོ་འདི་དག་གིས་འཇུག་པར་བྱེད། ལྡོག་པར་བྱེད་དོ། །དེ་ད་ལྟར་དེ་དག་གཞན་གྱིས་ཀྱང་ངེས་པར་འབྱུང་བར་བལྟ་སྟེ། དེ་དག་ཕལ་ཆེར་ནི་ངེས་པར་འབྱུང་བར་མི་བལྟའོ། །འདི་ལྟ་སྟེ་དཔེར་ན་ཉ་པའམ་ཉ་པའི་སློབ་མ་མཁས་པ་ལུས་

ཤིན་ཏུ་གཤེར་བ་ཞིག་ཆུར་ཞུགས་ན། ཆུའི་ཀློང་ཡང་དག་པར་བཅད་དེ་འགྲེང་བའམ། འདུག་པ་དེ་འདི་སྙམ་དུ་སེམས་སོ། །སྲོག་ཆགས་གང་ལ་ལ་དག་ཆུ་ཆུང་ངུ་འདིར་དེ་དག་གི་ལུས་གཤེར་བ་ཐམས་ཅད་ཆུའི་ནང་དུ་འཇུག་པ་ན་འཇུག་ཅིང་དེ་ལས་ཕྱི་རོལ་དུ་མ་ཡིན་ནོ། །

เล่ม ๔๗ · หน้า 269b

དེ་བཞིན་དུ་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་དག་འཇུག་པ་ན་འཇུག་སྟེ། དེ་དག་ཐམས་ཅད་འཇིག་ཚོགས་ལ་ལྟ་བའི་གཞིར་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་དག་གིས་འཇུག་པར་འཇུག་གོ། །དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐལ་བ་མེད་

དོ། །དེ་དག་འཇིག་ཚོགས་ལ་ལྟ་བའི་གཞི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་དག་སྤངས་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཇི་ལྟར་རྟོག་པའི་ཆོས་དག་སེམས་

ཅན་རྣམས་ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ལྟ་བར་གྱུར་པ་རྣམ་པར་བཤིག་པ་དེ་དག་ཐོས་ནས། སེམས་ཅན་དཔག་ཏུ་མེད་པ་རྣམས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་གལ་གྱི་

བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཆོས་རྣམ་པར་སྟོན་པ་ལ་དཔའ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཆོས་རྣམ་པར་སྟོན་པ་ལ་དཔའ་བ་ཞེས་བྱ་བར་གྱུར་ཏོ། །ངས་ལྟ་བར་གྱུར་པ་རྣམ་

པར་བཤིག་པ་དེ་སེམས་ཅན་རྣམ་པ་དུ་མས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྟ་བར་གྱུར་པ་རྟོག་པར་བྱ་བ་ལ་མཁས་པར་བྱའོ། །མཽད་གལ་གྱི་བུ་ངས་ལྟ་བའི་ཟག་པ་ཤེས་པ་ཀུན་འབྱུང་

བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་བཞིན་དུ་སྦྱར་ཏེ། བདག་གིས་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་

ཤེས་རབ་རྙོག་པ་མེད་པ་ཞེས་བྱ་བ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། གང་ཞིག་ཡོད་ན་ལྟ་བར་གྱུར་པ་ཡང་དག་པར་འབྱུང་བར་འགྱུར། གང་ཞིག་མེད་ན་ལྟ་བར་གྱུར་

เล่ม ๔๗ · หน้า 270a

པ་རྣམས་སྤོང་བར་འགྱུར། དེ་འདི་སྙམ་དུ་སེམས་ཏེ། མུན་པའི་ཚོགས་གསུམ་ཡོད་ན། ལྟ་བར་གྱུར་པ་རྣམས་ཀུན་འབྱུང་བར་འགྱུར་ལ། དེ་དག་ཉིད་མེད་ན་ལྟ་བར་གྱུར་པ་དག་མི་འབྱུང་ངོ་། །མུན་པའི་ཚོགས་གསུམ་གང་ཞེ་ན། འདས་པའི་དུས་སུ་བདག་བྱུང་ངམ་

མ་བྱུང་། ཅི་འདས་པའི་དུས་སུ་བྱུང་ནས་བྱུང་བར་གྱུར་ཏམ། བདག་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་རམ་མི་འགྱུར། ཅི་མ་འོངས་པའི་དུས་སུ་བྱུང་ནས་འབྱུང་བར་འགྱུར་རམ། ད་ལྟར་གྱི་དུས་འདི་ལ་ཡང་སོམ་ཉི་དང་ཐེ་ཙོམ་དུ་འགྱུར་ཏེ། བདག་ཅི་ཡིན་བདག་ཇི་ལྟ་བུ་ཞིག་

ཅི་བདག་བྱུང་བར་གྱུར་ཏམ། ཇི་ལྟར་བྱུང་བར་གྱུར་སེམས་ཅན་དེ་དག་གར་སོང་། དེ་འདི་ནས་ཤི་ནས་གར་འགྲོ་བར་འགྱུར་སྙམ་མོ། །དེ་བདག་ཡོད་དོ་ཞེས་དེའི་ངེས་པར་འགྱུར་ཏེ། དེ་རྟག་པར་མངོན་པར་ཞེན་པར་འགྱུར་རོ། །དེ་སྔོན་གྱི་མཐར་རྟོག་པ་རྟག་པར་ལྟ་བ་བཞི་འཐོབ་

སྟེ། གཅིག་ཏུ་རྟག་པར་ལྟ་བ་བཞི་འཐོབ་བོ། །མཐར་ལྟ་ཞིང་སྨྲ་བ་བཞི་འཐོབ་འདུ་ཤེས་སུ་ལྟ་ཞིང་སྨྲ་བ་བཅུ་དྲུག་འཐོབ། འདུ་ཤེས་སུ་ལྟ་བ་བརྒྱད་འཐོབ། འདུ་ཤེས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་བརྒྱད་འཐོབ། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་

ལྟ་བ་ལྔ་འཐོབ་ཆད་པར་ལྟ་བ་བདུན་འཐོབ་སྟེ། ངེས་པ་ཡོད་པར་མི་འགྱུར་རོ། །དེ་རྒྱུ་མེད་པའི་ལྟ་བ་གཉིས་འཐོབ་སྟེ། ངེས་པ་ཡོད་པར་མི་འགྱུར་རོ། །ངག་འཁྲུལ་པའི་ལྟ་བ་བཞི་འཐོབ་སྟེ། བདག་ཡོད་དོ་ཞེས་ངེས་པར་མི་འགྱུར་རོ། །དེ་མཐོང་བའི་ཆོས་ལ་མྱ་ངན་

ལས་འདས་པ་ལྔ་འདོགས་པར་བྱེད་པ་ཆད་པར་ལྟ་བ་བཞི་འཐོབ་སྟེ། དེ་དག་ཐམས་ཅད་ཆད་པ་དང་། རྟག་པའི་ཕྱོགས་གཉིས་ལ་གནས་ཏེ། གང་ཟག་གཉིས་པོ་དེ་དག་སྙོམས་པར་ཞུགས་སོ། །རྟོག་གེ་པ་ཁ་ཅིག་དག་བདག་རྒྱུ་མེད་པ་ལས་བྱུང་བར་མཐོང་

སྟེ། སྙོམས་པར་ཞུགས་པའི་དབང་གིས་སེམས་རྩེ་གཅིག་པ་ཐོབ་ཀྱང་འཆི་བ་མི་དྲན་ནོ། །གང་རྟོག་གེ་པ་དེ་དག་བརྟགས་ནས་རྣམ་པར་བརྗོད་དེ་འདི་སྐད་སྨྲའོ། །རྒྱུ་མེད་པ་ལས་བྱུང་སྟེ། དེ་རྒྱུ་མེད་པས་མི་འགོག་གོ་ཞེས་རྟག་པ་དང་། ཆད་པ་དང་མཐའ་མེད་པར་འགྲོ་བ་

เล่ม ๔๗ · หน้า 270b

མཐོང་ངོ་། །གང་གིས་སེམས་ཅན་ཀུན་འབྱུང་བའི་རིགས་པ་གཞན་གང་དག་ཡོད་དམ་ཞེས་མཐའ་གཉིས་པོ་འདི་ལ་བརྟེན་ནས་བློ་རྣམ་པར་དཔྱོད་དོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱས་པས་ཤེས་རབ་ཀྱི་མིག་སྐྱེས་ནས། འདི་ལ་སེམས་ཅན་མེད་ཅིང་ཉོན་མོངས་པ་དག་ལས་

ལས། ལས་དག་ལས་རྣམ་པར་སྨིན་པ་ཡང་དག་པར་འགྲུབ་པར་འགྱུར་ཏེ། དེ་ལས་ཀྱང་རྣམ་པར་ཤེས་པའོ། །མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པ། འདུ་བྱེད་དང་སྲིད་པ་ནི་ཞིང་། ཉེ་བར་ལེན་པ་ནི་སེར། མྱུ་གུ་ནི་སྐྱེ་བ་སྟེ། དེ་ལ་སྡུག་བསྔལ་དང་། རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་

པ་དང་། འཁྲུག་པ་རྣམས་འབྱུང་ཞིང་དེ་བཞིན་དུ་སྡུག་བསྔལ་གྱི་ཤིང་འདི་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྔོན་མ་ཐོས་པའི་ཆོས་འདི་རྣམས་ལ་རྐྱེན་ལས་མ་གཏོགས་པ་འདིར་ཆོས་གང་ཡང་སྐྱེ་བའམ། འགག་པ་མེད་དོ། །འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་

སྐྱེ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་ནས་རྒ་ཤིའི་བར་དུ་སྟེ། དེ་བཞིན་དུ་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་པོ་འབྱུང་བར་འགྱུར་ཞིང་། བདག་སེམས་པར་མི་བྱེད། གཞན་སེམས་པར་མི་བྱེད་དོ། །

དེ་འདིའི་རྐྱེན་གཞན་ལས་ཇི་ལྟར་འགྱུར། དེ་བཞིན་དུ་རྒ་ཤིའི་བར་ཡོངས་སུ་ཤེས་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་སོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་འཁྲུལ་པའོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། འཁོར་བརྒྱ་སྟོང་ཕྲག་དུ་མའི་དབུས་སུ་འདུག་ནས་ཆོས་འདི་སྟོན་པར་བྱེད་དོ། །

གྲོགས་པོ་དག་འདི་ལ་སེམས་ཅན་གང་སྐྱེ་བའམ། འགག་པ་གང་ཡང་མེད་དེ། ཁྱེད་ཅག་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོགས་ཤིང་། ངོ་བོ་ཉིད་མེད་པ་དེ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོ། །དེ་ཆོས་རྣམས་ཀྱི་ངོ་བོ་ཉིད་རབ་ཏུ་སྟོན་པ་ན་སྲོག་ཆགས་ཁྲག་ཁྲིག་གྲངས་མེད་པ་

དག་གིས་འདི་ལ་ཆོས་གང་ཡང་སྐྱེ་བའམ། འགག་པ་མེད་པར་ཆོས་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་ཤེས་ཤིང་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་རབ་རྙོག་པ་མེད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་

เล่ม ๔๗ · หน้า 271a

ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་རབ་རྙོག་པ་མེད་པ་ཞེས་བྱ་བར་གྱུར་ཏོ། །ངས་སྲོག་ཆགས་ཁྲག་ཁྲིག་གྲངས་མེད་པ་དེ་དག་ངོ་བོ་ཉིད་མེད་པ་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལྟ་བ་རྙོག་པ་མེད་པར་བྱ། ངོ་བོ་ཉིད་མེད་

པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ། སོ་སོར་རིག་པར་བྱའོ། །ངོ་བོ་ཉིད་མེད་པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་

པར་འགྱུར་རོ། །མཽད་གལ་གྱི་བུ་ངས་ལྟ་བའི་ཟག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དང་བདག་གིས་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས།

དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ཤེས་རབ་མཁས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་ནས་དེ་བཞིན་དུ་སྦྱར་ཏེ། འདོད་ཆགས་དང་བྲལ་བའི་བར་ཞིག་བྱུང་ངོ་། །དེ་དབེན་པར་སོང་སྟེ། ནང་དུ་ཡང་དག་བཞག་པ་དང་། སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་བསྐྱེད་དེ། ཀྱེ་མ་འཇིག་རྟེན་འདི་ནི་ཉོན་མོངས་

པ་ཡིན་ཏེ། འདི་ལྟ་སྟེ་སྡུག་བསྔལ་ལས་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སྡུག་བསྔལ་ལས་ངེས་པར་འབྱུང་བ་གང་ཡིན། དེ་འདི་སྙམ་དུ་སེམས་ཏེ། རྟོག་པ་ལས་སྡུག་བསྔལ་འབྱུང་ཞིང་ཡོངས་སུ་རྟོག་པ་མེད་ན་མི་འབྱུང་ངོ་སྙམ་མོ། །དེ་དེ་ལྟར་རིག་

ནས་གང་གི་ཚེ་འདུ་བྱེད་ཐམས་ཅད་ཞི་ཞིང་སྲེད་པ་ཟད། འདོད་ཆགས་མ་ལུས་པ་དང་བྲལ་ཞིང་འགོག་པ་མྱ་ངན་ལས་འདས་པ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། མྱ་ངན་ལས་མ་འདས་པའི་སེམས་ཅན་གང་ཁ་ཅིག་མྱ་ངན་ལས་འདས་པ་ཡོད་དམ་སྙམ་མོ། །

དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་འདུ་ཤེས་འདི་ལྟ་བུ་སྐྱེས་སོ། །གལ་ཏེ་གང་སེམས་ཅན་ཞིག་ཡོད་ན་མྱ་ངན་ལས་འདས་པར་འགྱུར་བ་ཞིག་ན། སེམས་ཅན་མེད་པས་མྱ་ངན་ལས་འདས་པ་ནི་མེད་དོ། །སེམས་ཅན་གྱི་འདུ་ཤེས་རང་ལས་བྱུང་བའི་སྡུག་བསྔལ་གྱིས་གནོད་དེ། འགྲོ་བ་དག་མྱ་ངན་

เล่ม ๔๗ · หน้า 271b

ལས་འདས་པ་ཚོལ་བ་ནི་མྱ་ངན་ལས་འདས་པ་གཞན་མ་ཡིན་ཞིང་ཕུང་པོ་གཞན་མ་ཡིན་ཏེ། ཕུང་པོ་ཉིད་མྱ་ངན་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་དམིགས་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་མོ། །དེ་དྲན་པ་ཉེ་བར་གཞག་པར་ཤེས་ནས་ཏིང་ངེ་འཛིན་དེ་ལས་

ལངས་ཏེ། སྒྲ་ཕྱུང་ཞིང་སྒྲ་དབྱངས་རྗེས་སུ་སྒྲོགས་པ། རང་གི་ཀུན་ཏུ་རྟོག་པ་ནི། །སྡུག་བསྔལ་ཕུང་པོ་རབ་ཏུ་འཇུག །ཀུན་ཏུ་རྟོག་པ་མེད་པ་ནི། །སྡུག་བསྔལ་ཕུང་པོ་འགག་པར་འགྱུར། །སེམས་ཅན་གང་ཡང་སྐྱེ་བ་མེད། །ཆོས་ནི་གང་ཡང་འགག་པ་མེད། །ཆོས་ལས་རྣམ་པར་རྟོག་

གཞན་མེད། །དེ་ནི་མྱ་ངན་འདས་ཞེས་བྱ། །དེའི་སྒྲ་དབྱངས་དེ་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་

དུས་ན། དྲང་སྲོང་ཤེས་རབ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་རབ་མཁས་པ་ཞེས་བྱ་བར་གྱུར་ཏོ། །དེའི་སྒྲ་དབྱངས་དེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་མི་སྐྱེ་བའི་ཆོས་ལ་

བཟོད་པ་ཐོབ་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ལ་མཁས་པར་བྱའོ། །མཽད་གལ་གྱི་བུ་ངས་ལྟ་བའི་ཟག་པ་ཟད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་

པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་སྔ་མ་བཞིན་དུ་སྦྱར་རོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་གྲགས་འཕགས་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་བ་ཞེས་བྱ་བ་ནས་དེ་

བཞིན་དུ་སྦྱར་ཏེ། འདོད་ཆགས་དང་བྲལ་བའི་བར་ཞིག་བྱུང་ངོ་། །དེ་བྲམ་ཟེའི་ཁྱེའུ་བདུན་སྟོང་དང་། འབྱུང་བ་ཆེན་པོ་བཞི་འབྱུང་བ་ཐ་མི་དད་པ་དུས་གསུམ་མཉམ་པ་ཉིད་ལ་གནས་པའི་གསང་ཚིག་འདོན་ཏོ། །དེའི་ཚེ་བྲམ་ཟེའི་ཁྱེའུ་དེ་དག་གི་འཁོར་ན། བྲམ་ཟེའི་ཁྱེའུ་མཆོག་གི་བློ་གྲོས་ཞེས་

เล่ม ๔๗ · หน้า 272a

བྱ་བ་བྲམ་ཟེའི་ཁྱེའུའི་འཁོར་དེ་དག་ཐམས་ཅད་ཀྱི་གཙོ་བོ་བྱེད་པ། གང་བྲམ་ཟེའི་ཁྱེའུ་བདུན་སྟོང་པོ་དེ་དག་གིས་གསང་ཚིག་གཟུང་བ་དེ་གཅིག་པུས་དྲན་ཞིང་དེ་ཡུན་མི་རིང་བར་རིག་བྱེད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་དེ་འདི་སྙམ་དུ་སེམས་ཏེ། དོན་གང་མི་ཤེས་པའི་

གསང་ཚིག་འཛིན་པ་དོན་མེད་པ་འདིས་ཅི་ཞིག་བྱ། གང་བདག་གིས་རིག་བྱེད་དང་གསང་ཚིག་འདིའི་དོན་བཙལ་བར་བྱའོ་སྙམ་ནས། དེ་དེའི་ཚེ་དགོན་པ་བས་མཐའི་གནས་མལ་དུ་འདུག་སྟེ། དེ་དབེན་པར་སོང་ནས་ནང་དུ་ཡང་དག་པར་བཞག་པ་དང་སེམས་ཀྱི་རྟོག་པ་འདི་ལྟ་བུ་སྐྱེས་སོ། །

གསང་ཚིག་ཅེས་བྱ་བ་འདི་གང་ཡིན། ཅི་གང་རླུང་གི་དཀྱིལ་འཁོར་ཡིན་ནམ། འདི་ལྟར་རླུང་གི་དཀྱིལ་འཁོར་ནི་གནས་མེད་ཅིང་གཞི་མེད་ལ་གནས་པ་མ་ཡིན་ཏེ། འདི་ལྟར་རླུང་གི་དཀྱིལ་འཁོར་གྱིས་བསླང་བ་དེ་ནི་ཤར་ཕྱོགས་སུ་གདགས་པ་མེད་ཅིང་། ལྷོ་ཕྱོགས་སུ་མེད། རྒྱ་ཆེར་

སྦྱར་ཏེ་ཕྱོགས་བཅུ་ནས་སྟེང་གི་ཕྱོགས་ཀྱི་བར་དུ་གདགས་པ་མེད་དེ། ཞི་བ་མི་དམིགས། འདུལ་བ་མི་དམིགས། བཏུལ་བ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པའི་ཕྱིར་རོ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་གྱིས་སོ་སོར་རྟོག་པ་ནི་འདི་སྙམ་དུ་སེམས། བྲམ་

ཟེའི་ཁྱེའུ་མཁན་པོ་དང་བཅས་པ་འདི་དག་ཐམས་ཅད་ནི་ལམ་གོལ་བ་ལ་གནས་པ་ཡིན་ཏེ། འདི་ལས་ཉོན་མོངས་པ་འབྱུང་ངོ་སྙམ་མོ། །དེའི་ཚེ་གནས་གཙང་མའི་ལྷ་དག་ལུས་ཀྱིས་མངོན་སུམ་དུ་བར་སྣང་ལ་འདུག་ནས། དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་

ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་བསླབས་ཤིང་། ལམ་ཁོང་དུ་ཆུད་པ་ནི་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ལམ་འདིས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་མོའི་རྡུལ་སྙེད་པས་ཀྱང་མང་བའི་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད་པ་དག་གི་དོན་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས། བྲམ་ཟེའི་ཁྱེའུ་བདུན་སྟོང་པོ་མཁན་པོ་དང་བཅས་པ་དེ་དག་ལ་གཏམ་དེ་སྨྲས་སོ། །སེམས་ཅན་དེ་དག་གིས་ཐོས་ནས་

เล่ม ๔๗ · หน้า 272b

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིང་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད་པ་དག་གི་དོན་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །

བྱང་ཆུབ་སེམས་དཔའ་མཆོག་གི་བློ་གྲོས་དེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་འབྱུང་བ་དག་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དག་གི་ཆོས་རྣམ་པ་གསུམ་ཡོངས་སུ་བཟུང་ངོ་། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་མཆོག་གི་བློ་གྲོས་

ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་མཆོག་གི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་

པས་སེམས་ཅན་ངོ་བོ་ཉིད་མེད་པར་ངེས་པར་རིག་པར་བྱའོ། །མཽད་གལ་གྱི་བུ་ངས་མ་རིག་པ་ཤེས་པར་བྱ་བའི་དོན་དུ་སྔོན་ཞེས་བྱ་བ་ནས། བདག་གིས་ཇི་ལྟར་མངོན་པར་འདུ་བྱ་སྙམ་པའི་བར་སྔ་མ་བཞིན་དུ་སྦྱར་རོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་

རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་རིག་བྱེད་ཤེས་པ་ཞེས་བྱ་བ་རིག་བྱེད་ཐམས་ཅད་ཤེས་པ། བསྟན་བཅོས་ཀྱི་ཕ་རོལ་ཏུ་ཕྱིན་པ། དོན་ཐམས་ཅད་རིག་པ། རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཞིག་བྱུང་སྟེ། དེའི་ཚེའི་ཚད་ལོ་སྟོང་ཕྲག་དགུ་

བཅུར་གྱུར་ཏོ། །དེས་ལོ་སྟོང་ཕྲག་བརྒྱད་ཅུར་ནམས་ཀྱང་གློས་མ་ཕབ་ཅིང་། ནམས་ཀྱང་རྨུགས་པ་དང་གཉིད་མ་ལོག་སྟེ། གཞན་དུ་ན་སྡུག་བསྔལ་འདི་ག་ལས་བྱུང་ཞེས་དེ་ལྟར་སེམས་ཀྱིས་སེམས་སོ། །དེ་འདི་སྙམ་དུ་སེམས་ཏེ། མི་ཤེས་པའི་དབང་ལས་གཞན་མ་ཡིན་ཏེ། མི་ཤེས་པ་ནི་འཁོར་

བའི་རྒྱུན་ཆགས་པར་འགྱུར་ལ། ཤེས་ཤིང་མཐོང་བ་ནི་འཁོར་བ་ལྡོག་པར་འགྱུར་རོ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ན་གནས་གཙང་མའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུ་དག་སྟེང་གི་བར་སྣང་ལ་འཁོད་ནས་ཆེད་དུ་རྗོད་པ་འདི་ལ་ལན་གསུམ་དུ་ཆེད་དུ་བརྗོད་དོ། །ཀྱེ་མ་སེང་གེ་

เล่ม ๔๗ · หน้า 273a

སེང་གེ་ཆེ། །སེམས་ཅན་སེང་གེ་འཇིགས་པ་མེད། །སེང་གེ་བསམ་པ་རྣམ་པར་སེམས། །འདྲེན་པ་སེང་གེར་འགྱུར་བ་ཡིན། །བར་སྣང་འདི་ལ་འཁོད་པ་ཡི། །ལྷ་ནི་བྱེ་བ་བརྒྱད་ཅུ་དག །འཇིགས་མེད་སེང་གེའི་སྒྲ་སྒྲོགས་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་བྱེད། །ཕྱོགས་

བཅུ་དག་ན་སངས་རྒྱས་ཞིང་། །དཔག་ཏུ་མེད་པ་ཐམས་ཅད་དུ། །ཁྱོད་ཀྱི་བློ་ཡི་སྣང་བ་བཏང་། །ཁྱོད་ཀྱིས་ཞིང་ཀུན་སྦྱངས་པ་ཡིན། །གླང་པོ་ཆེན་པོ་ཅང་ཤེས་པ། །ཐུབ་པར་དཀའ་ཞིང་བསྙེན་པར་དཀའ། །སེམས་ཅན་ཀུན་གྱི་འདྲེན་པ་སྟེ། །རྐང་གཉིས་དམ་པ་མཆོག་ཏུ་འགྱུར། །ཇི་ལྟར་དེ་

དག་སྔོན་སངས་རྒྱས། །འདྲེན་མངོན་ཡང་དག་སངས་རྒྱས་པ། །འདྲེན་པ་ཁྱོད་ལ་ཡོད་པས་ན། །གང་ཟག་མཆོག་ནི་སངས་རྒྱས་འཐོབ། །དེའི་ཚེ་དེ་སེམས་མཉམ་པར་བཞག་པས་འདི་སྙམ་དུ་སེམས་ཏེ། འདིས་ཇི་ཙམ་ཞིག་སྣང་བར་གྱུར་སྙམ་མོ། །དེ་ལ་གནས་གཙང་མའི་རིས་ཀྱི་ལྷ་

དེ་དག་གིས་སྨྲས་པ། གྲོགས་པོ་ཁྱོད་ཀྱི་སྣང་བ་འདིས་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་དག་སྣང་བ་བྱས་པར་གྱུར་ཏོ། །དེའི་ཚེ་དེའི་ལྷ་དེ་དག་གི་སྒྲ་ཐོས་ནས་ཇི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་པ་དེ་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཀྱིས་ནམ་མཁའ་

ལ་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་སོ། །ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་ནས་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་ཁ་ཅིག་ནི་སྐུ་བཙས། ཁ་ཅིག་ནི་གོམ་པ་བདུན་འདོར། ཁ་ཅིག་ནི་མངོན་པར་འབྱུང་། ཁ་ཅིག་ནི་

བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། ཁ་ཅིག་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཁ་ཅིག་ནི་སྐུ་ཚེའི་འདུ་བྱེད་འདོར། ཁ་ཅིག་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་

མཐོང་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཆོས་སྟོན་པ་ཡང་ཐོས་ནས། དེས་བར་སྣང་ལ་གནས་གཙང་མའི་རིས་ཀྱི་ལྷ་དག་ལ་ཚིགས་སུ་བཅད་དེ་མངོན་པར་སྨྲས་པ། གྲོགས་པོ་སྔོན་གྱི་འཁོར་བ་ཡི། །མུ་ནི་འཚལ་བར་མ་གྱུར་པས། །བདག་ཅག་རྒྱུད་འདི་སྐྱོ་བ་ཡིས། །

เล่ม ๔๗ · หน้า 273b

བྱང་ཆུབ་ཞི་བ་ཡོངས་སུ་སྤངས། །བྱང་ཆུབ་མཆོག་གི་དོན་གྱི་ཕྱིར། །བདག་ཅག་གོ་ཆ་འདི་ཡང་བགོ། །བསྐལ་པ་དག་ནི་གྲངས་མེད་པར། །བདག་ཅག་གོ་ནི་བགོ་བར་བྱ། །བར་སྣང་ལ་ནི་མངོན་སུམ་དུ། །སྙིང་བརྩེ་ལྡན་ཞིང་དོན་འདོད་པ། །སྔོན་གྱི་རྒྱལ་བ་དྲན་པ་ཡི། །བདག་གི་དྲུང་ན་ལྷ་འཁོད་པ། །

སངས་རྒྱས་ཆོས་ནི་ཉམས་དགའ་དང་། །ཅི་ཕྱིར་ཁྱེད་ཅག་འཇུག་མི་བྱེད། །ཁྱེད་ཅག་གིས་ནི་ཅི་ཕྱིར་སྤངས། །རིག་བྱེད་ཤེས་ལ་དེ་སྨྲས་པ། །སེམས་ཅན་རྣམས་ནི་ཐར་བའི་ཕྱིར། །བསྐལ་པ་བྱེ་བ་དཔག་མེད་ཅིང་། །བསྐལ་པ་དག་ནི་གྲངས་མེད་པར། །གོ་འདི་གང་ཡིན་བགོ་བར་བྱ། །

སངས་རྒྱས་དག་ནི་ཆོས་ཀྱི་ཕྱིར། །བདག་གིས་ལུས་དང་སྲོག་ལ་ཡང་། །ལྟོས་པ་མེད་པར་བྱས་ནས་སུ། །བདག་གིས་བརྩོན་འགྲུས་བརྩམ་པར་བྱ། །འཇིག་རྟེན་འདི་ནི་མུན་པ་དང་། །མུན་ནག་ཐིབས་པོས་ཁེབས་པ་ཡིན། །སངས་རྒྱས་དག་གི་ཆོས་ཀྱི་རྒྱུས། །སྣང་བ་དག་ནི་རབ་ཏུ་བྱ། །བདག་

ཅག་བདག་ཉིད་བྱང་ཆུབ་ཏུ། །སངས་རྒྱས་སྤྱོད་ཡུལ་རྟོགས་བགྱིས་ནས། །སྲོག་ཆགས་བདུད་ཀྱི་སྤྱོད་ཡུལ་གྱི། །ལམ་དུ་ཞུགས་པ་བདག་གིས་དགྲོལ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་རིག་བྱེད་ཤེས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་

དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་རིག་བྱེད་ཤེས་པ་ཞེས་བྱ་བར་གྱུར་ཏོ། །སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ངའི་སྣང་བས་རེག་པས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སྣང་བ་ལ་ལྷག་པར་མོས་པར་བྱའོ། །མཽད་གལ་གྱི་བུ་ངས་མ་རིག་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས། བདག་གིས་ཇི་ལྟར་བྱ་སྙམ་པའི་བར་སྔ་མ་བཞིན་དུ་སྦྱར་རོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་

དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ལམ་དཀར་པོ་ལ་གནས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ། དགེ་བའི་ཆོས་ཐམས་ཅད་དང་མཚུངས་པའི་ཏིང་ངེ་འཛིན་དང་ལྡན་པ་ཞིག་བྱུང་ངོ་། །

เล่ม ๔๗ · หน้า 274a

དེ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་ཅི་ཞིག་བསླབས་ན་དགེ་བའི་ཆོས་འདི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱིས་ངེས་པར་འབྱུང་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་བྱེད་པ་མེད་པ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ངེས་པར་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་

ཐམས་ཅད་ནི་བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ་སྙམ་ནས། དེ་དྲན་པ་ཡང་དག་པར་ཤེས་པའི་ཏིང་ངེ་འཛིན་དེ་ལས་ལངས་ནས་ཕྱོགས་བཅུའི་འཇིག་རྟེན་དུ་ཡུལ་རྒྱུ་ཞིང་ཆོས་ཐམས་ཅད་ནི་བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ་ཞེས་ཆོས་དེ་དག་སྟོན་པར་བྱེད་དོ། །དེའི་ཆོས་སྟོན་པ་དེ་སྲོག་ཆགས་

ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ལམ་དཀར་པོ་ལ་གནས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ལམ་དཀར་པོ་ལ་

གནས་པར་ཞེས་བྱ་བར་གྱུར་ཏོ། །ང་འཇིག་རྟེན་གྱི་ཁམས་དེ་དག་ཏུ་རྒྱུ་ཞིང་ཆོས་ཐམས་ཅད་ནི་བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ་ཞེས་བསྟན་པས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་

ཆོས་ཐམས་ཅད་བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་འདུ་ཤེས་འདི་ཀུན་ཏུ་བསྟེན་པར་བྱ་ཞིང་བསྒོམ་པར་བྱ། མང་དུ་བྱའོ། །མཽད་གལ་གྱི་བུ་ངས་མ་རིག་པའི་ཟག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་

མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་ཚད་མེད་བརྗོད་དུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ཤེས་པ་ཐོགས་པ་མེད་པ་ཞེས་བྱ་བ་མཐུ་ཆེ་ཞིང་གཟི་བརྗིད་ཆེ་བ་ཕྱི་རོལ་གྱི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཀུན་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་

เล่ม ๔๗ · หน้า 274b

ལྡན་པ་ཞིག་བྱུང་ངོ་། །དེ་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ནས་བར་གྱི་བསྐལ་པ་ཉི་ཤུ་རྩ་བཞིར་རྫུ་འཕྲུལ་གྱི་རྐང་པ་དག་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོ་སྙེད་དུ་རྒྱུ་ཞིང་ངོ་བོ་ཉིད་ཐམས་ཅད་མི་དམིགས་པའི་ཏིང་ངེ་

འཛིན་སྟོན་པ་ན་དེ་བར་གྱི་བསྐལ་པ་ཉི་ཤུར་སངས་རྒྱས་ཀྱི་ཞིང་དུ་མ་དེ་དག་ཏུ་སེམས་ཅན་ཁྲི་ཕྲག་བརྗོད་དུ་མེད་པ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་པ་ཐོགས་པ་མེད་པ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་

ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། །ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་པ་ཐོགས་པ་མེད་པ་ཞེས་བྱ་བར་གྱུར་ཏོ། །ངས་རྫུ་འཕྲུལ་གྱི་རྐང་པ་དེ་དག་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སངས་རྒྱས་ཀྱི་ཞིང་དུ་མར་སེམས་ཅན་ཁྲི་ཕྲག་བརྗོད་དུ་མེད་པ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་

ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་གནས་པར་བྱ་ཞིང་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་གནས་པར་བྱའོ། །མཽད་གལ་གྱི་བུ་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽད་གལ་གྱི་བུ་ངས་མ་རིག་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་

རྣམས་ལ་མ་རིག་པའི་ཟག་པ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་སྒྲིབ་པ་མེད་པར་ཤེས་པ་མཐོང་བ་

ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་ལ་གཟི་བརྗིད་ཆེ་བ་ཕྱི་རོལ་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ་། །དེ་དབེན་པར་སོང་སྟེ་ནང་དུ་ཡང་དག་བཞག་པ་དང་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ་ཆོས་ནི་གང་ཡིན་ཆོས་ཀྱི་སྒྲིབ་པ་ནི་གང་ཡིན་སྙམ་མོ། དེ་འདི་སྙམ་དུ་སེམས་ཏེ། ཆོས་ནི་གང་

เล่ม ๔๗ · หน้า 275a

ཡང་མེད་ལ། ཆོས་ཀྱི་སྒྲིབ་པ་ཡང་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ནམ་མཁའི་སྒྲིབ་པ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ་སྙམ་ནས། དེ་དྲན་པ་ཡང་དག་པར་

ཤེས་པའི་ཏིང་ངེ་འཛིན་དེ་ལས་ལངས་ཏེ། གྲོགས་པོ་དག་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། ཆོས་གང་ཞིག་ཆོས་གང་ལ་ཡང་སྒྲིབ་པ་མེད་དོ་ཞེས་སྒྲ་བསྒྲགས་སོ། །དེའི་སྒྲ་དེ་ཐོས་ནས། གྲོགས་པོ་དག་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ་ཞེས་ཕྱོགས་བཞིའི་རླུང་གིས་ཚོགས་

པ་མེད་པར་ཁྱེར་རོ། །དེའི་སྒྲ་དེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་སྒྲིབ་པ་མེད་པར་ཤེས་པ་མཐོང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། མཽད་

གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན་ང་དེའི་ཚེ་དེའི་དུས་ན་དྲང་སྲོང་སྒྲིབ་པ་མེད་པར་ཤེས་པ་མཐོང་བ་ཞེས་བྱ་བར་གྱུར་ཏོ། །ངས་སྒྲ་བསྒྲགས་པ་དེ་ཕྱོགས་བཞིའི་རླུང་གིས་ཐོགས་པ་མེད་པར་ཁྱེར་བ་སེམས་ཅན་འཁོད་པ་དེ་དག་གིས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ་ཞེས་ཐོས་ནས་མི་སྐྱེ་བའི་

ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བ་ལ་བརྩོན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུས་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཟབ་ཅིང་རྒྱ་ཆེ་བ་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་དོན་བདག་གིས་འཚལ་བ་ལྟར་ན། དེ་ཙམ་དུ་སངས་རྒྱས་ཀྱི་སངས་རྒྱས་ཀྱི་ཞིང་ལགས། ཇི་ཙམ་དུ་སངས་

རྒྱས་ཀྱི་སངས་རྒྱས་ཀྱི་མཁྱེན་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་རེ་རེའི་སེམས་ཅན་འདུལ་བར་མཛད་དོ། །བཅོམ་ལྡན་འདས་ཀྱི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བསོད་ནམས་དོན་དུ་གཉེར་བ་བསོད་ནམས་ཚོལ་བ་གང་དག་གིས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་

เล่ม ๔๗ · หน้า 275b

རིན་པོ་ཆེས་ཡོངས་སུ་བཀང་སྟེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་བསྐལ་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང་ཀུན་ཆུབ་པར་བགྱིས་ལ་འཆང་ཞིང་གཞན་དག་ལ་ཡང་ཡང་

དག་པར་རབ་ཏུ་སྟོན་ཏམ། ཐ་ན་གླེགས་བམ་ལ་བྲིས་ཏེ། འཆང་བ་འདི་ནི་དེ་བས་བསོད་ནམས་ཚོགས་མང་དུ་སོགས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཆེན་པོ་དེ་དེ་བཞིན་ཏེ། དེ་ནི་ཁྱོད་ཀྱིས་ཡིན་ནོ། །མཽད་གལ་གྱི་བུ་ཡོངས་སུ་

བརྟག་པ་ཉེ་བར་བཟུང་སྟེ། ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་དག་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་དངོས་པོ་ཉིད་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་སོ་སོའི་དབུ་དེ་སྙེད་དུ་གྱུར། སངས་རྒྱས་བཅོམ་ལྡན་འདས་དེ་དག་རེ་རེའི་དབུ་ཇི་སྙེད་པ་ལ་ཞལ་དེ་སྙེད་དུ་གྱུར། དེ་དག་རེ་རེའི་ཞལ་ཇི་སྙེད་པ་ལ་ལྗགས་དེ་སྙེད་དུ་གྱུར། དེ་ཅིའི་ཕྱིར་ན། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་དཔག་ཏུ་མེད་པ་དང་

ལྡན། ཡེ་ཤེས་དཔག་གིས་མི་ལང་བ་དང་ལྡན། ཡེ་ཤེས་གྲངས་མེད་པ་དང་ལྡན། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན། ཡེ་ཤེས་གཞལ་དུ་མེད་པ་དང་ལྡན། ཡེ་ཤེས་གཞལ་གྱིས་མི་ལང་བ་དང་ལྡན། མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

ནི་ཡེ་ཤེས་བརྗོད་དུ་མེད་པ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེའི་མཐར་

ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ལོཙྪ་བ་བན་དེ་ཡེ་ཤེས་སྙིང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང་། སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด