འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ནིཥྛ་ཏ་ན་བྷ་ག་ཝད་ཛྙཱ་ན་བཻ་པུ་ལྱན་སཱུ་ཏྲ་རཏྣ་ཨ་ནནྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๗ · หน้า 222b
ཚིག །འདི་ལྟར་དེ་ཚེ་འདི་དག་ཐོས་ནས་བདུད་དེ་དགའ་བར་འགྱུར། །དེ་བཞིན་སྟོབས་བཅུའི་སྐྱབས་སུ་སོང་ཞིང་སྟོབས་བཅུའི་སྤྱོད་པའང་སྒྲུབ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་བྱ་བར་གྱུར་པ། དེ་
གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་བྱ་བར་གྱུར་ཏེ། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་མངོན་པར་ཤེས་
སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་ལ་བསླབ་པར་བྱའོ། །མཽད་གལ་གྱི་བུ་གཞན་ཡང་ངས་མོས་པ་སྣ་ཚོགས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ། སྔོན་བྱང་
ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །
དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ། དེའི་སངས་རྒྱས་ཀྱི་ཞིང་དེར། བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། ཡུན་རིང་དུ་ཚངས་པར་སྤྱོད་པ་ཞིག་བྱུང་སྟེ། བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་རིམ་གྲོ་པ་ཡིན་ལ། དོན་ཤེས། ཆོས་ཤེས། དུས་ཤེས། ཚོད་ཤེས། བདག་ཤེས། འཁོར་ཤེས། གང་ཟག་མཆོག་དང་། མཆོག་མ་ཡིན་པ་དང་། ཡ་མཚན་ཅན་ཐམས་ཅད་
เล่ม ๔๗ · หน้า 223a
ཀྱི་གྲུབ་པའི་མཐའ་དང་། བསྟན་བཅོས་ཐམས་ཅད་ཀྱི་གྲུབ་པའི་མཐའ་དང་། བཟོའི་གནས་ཐམས་ཅད་ཀྱི་གྲུབ་པའི་མཐའ་ཤེས་ཏེ། དེ་ལྟར་འདིར་ཡུན་རིང་དུ་ཤེས་པ་སྤྱད་དོ། །དེ་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དྲུང་དུ་སོང་ནས་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྣམ་པར་འདྲེན་པ་མཆོག་བརྙེས་པ། །གླང་
ཆེན་ཁྱོད་ལ་ཞུ་བ་ནི། །སེམས་ཅན་རྣམས་ཀྱི་དབང་པོ་ཤེས། །རྒྱུ་གང་གིས་ནི་ཞི་བར་འགྱུར། །ཆོས་རྣམས་ཀུན་གྱི་ཕ་རོལ་གཤེགས། །བདག་གིས་ཞུས་པ་དེ་དག་གསུངས། །གང་དག་ཤེས་པ་དེ་ཡི་རྒྱུ། །ཐོས་ནས་འབད་པར་བགྱིད་པར་འགྱུར། །འཇིག་རྟེན་སྟོན་པ་མཁས་པ་སྟེ། །ཐམས་
ཅད་མཁྱེན་པ་འཇིགས་མི་མངའ། །ཇི་ལྟར་རྒྱལ་བའི་སྲས་ཀྱིས་ཞུས། །རྐང་གཉིས་མཆོག་གིས་དེ་ལུང་བསྟན། །གང་དག་ཐམས་ཅད་མཁྱེན་པ་ཡི། །མི་མཆོག་སེམས་ནི་སྐྱེད་བྱེད་ན། །དེ་ལྟར་དེར་ནི་ནང་དུ་ཞུགས། །དབང་པོ་དག་ཀྱང་ཉེ་བར་ཞི། །གང་དག་ཤེས་པ་དེ་ལ་འཇུག །འགྲོ་བ་
འབྱང་ཞིང་ཟད་པར་འགྱུར། །ཟད་པ་དེ་ལ་གང་ཤེས་པ། །འདི་ཡིས་དེ་ནི་འགག་པར་འགྱུར། །དེ་ཡིས་དེ་ནི་ལུང་བསྟན་པ། །རྒ་ནད་སྐྱེ་བ་མེད་པ་ཡིས། །ཆོས་ལ་བཟོད་པ་ཐོབ་པར་གྱུར། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པ་ཞེས་བྱ་
བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པ་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་མོས་པ་སྣ་ཚོགས་ཤེས་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་མོས་པ་སྣ་
ཚོགས་ཤེས་པ་འགོག་པ་ཤེས་པ་མངོན་དུ་བྱེད་པར་འདོད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པར་བྱ་བ་ལ་བརྩོན་པར་བྱའོ། །མཽད་གལ་གྱི་བུ་ངས་དབང་པོ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་
เล่ม ๔๗ · หน้า 223b
གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། རིག་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། སྦྱིན་པ་པོ་སྦྱིན་བདག་ཆོས་ཀྱི་སྡུད་པ་དང་། ཟང་ཟིང་གི་སྡུད་
པས་ཤིན་ཏུ་སྡུད་པ་ཞིག་བྱུང་ངོ་། །དེ་ཐམས་ཅད་མཁྱེན་པའི་ཤེས་པ་རྟོགས་པར་བྱ་བ་ལ་བརྩོན་ནོ། །དེའི་ཚེ་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་ཞེས་བྱ་བ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་དཔག་ཏུ་མེད་པར་གྱུར། ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་དག་བྱུང་།
སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་བྱུང་། ཉན་ཐོས་འདུས་པ་དཔག་ཏུ་མེད་པ་དག་བྱུང་ངོ་། །བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཤིང་སཱ་ལ་ཆེན་པོ་ལྟ་བུས་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་ཐོས་སོ། །ཐོས་ནས་བྲམ་ཟེ་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་སྒྲིབ་མེད་
ལུང་སྟོན་དེའི་དྲུང་དུ་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་དེ་ལ་མཆོད་པ་འདི་ལྟ་བུ་དག་བྱེད་དེ། ཐམས་ཅད་དང་ལྡན་པའི་བར་སྣང་ལ་ནོར་བུའི་བླ་རེ་ཀུན་ཏུ་བྲེས། ཐམས་ཅད་དང་ལྡན་པའི་ས་གསེར་གྱི་གླེགས་མས་ཀུན་ཏུ་གཡོགས། གསེར་གྱི་ཁང་པ་བརྩེགས་
པ་འཕང་དུ་དཔག་ཚད་གཅིག་ཙམ་པ་སྟོང་ཕྲག་བརྒྱད་ཅུ་གནས་བཅུར་ཀུན་དུ་བརྒྱན་ཏེ། ཁང་པ་བརྩེགས་པ་རེ་རེ་ཡང་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟོང་དག་མངོན་པར་འཛེག་གོ། །ཁང་པ་བརྩེགས་པ་རེ་རེའི་ས་ལ་ཡང་སིལ་སྙན་སྟོང་གི་སྒྲ་དབྱངས་འབྱུང་ངོ་། །ཁང་པ་བརྩེགས་པའི་ས་ཐམས་
ཅད་དུ་མེ་ཏོག་ཁ་དོག་རྣམ་པ་ལྔ་དག་བཀྲམ། ཁང་པ་བརྩེགས་པའི་ས་ཐམས་ཅད་དུ་ལྷའི་སྤོས་དང་ལྡན་པ་དག་གིས་བྱུགས། ལྷའི་བདུག་སྤོས་དག་གིས་བདུགས་ཤིང་བདུག་པར་བྱེད་དེ། ཁང་པ་བརྩེགས་པ་དེ་དག་ཐམས་ཅད་བདུག་པས་འཁྲིགས་པར་གྱུར། སྤོས་དང་སྤོས་དག་དང་བདུག་པ་
དག་གིས་དྲེགས་པར་གྱུར། སྤོས་དང་། བདུག་པ་དག་གིས་དགའ་བར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱང་མ་བཟུང་བར་བར་སྣང་ལ་འགྲོའོ། །ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ལས་སངས་རྒྱས་ལ་བསྟོད་པའི་སྒྲ་གྲག་ཆོས་ལ་བསྟོད་པའི་སྒྲ་གྲག །དགེ་
เล่ม ๔๗ · หน้า 224a
འདུན་ལ་བསྟོད་པའི་སྒྲ་གྲག་གོ། །དེ་བཞིན་དུ་སྦྱར་ཏེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒྲ་གྲག་གོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུའི་སྒྲ་གྲག་གོ། །མི་རྟག་པ་དང་། སྡུག་བསྔལ་
བ་དང་། བདག་མེད་པའི་སྒྲ་གྲག་གོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རྣམ་པར་གནས་པའི་སྒྲ་གྲག་གོ། །རྫུ་འཕྲུལ་གྱི་རྣམ་པའི་སྒྲ་གྲག་གོ། །ལྷའི་མིག་དང་། ལྷའི་རྣ་བའི་སྒྲ་དང་། སེམས་ཀྱི་རྣམ་གྲངས་ཀྱི་སྒྲ་དང་སྔོན་གྱི་གནས་ཀྱི་སྒྲ་
གྲག་གོ། །འགོག་པའི་སྒྲ་གྲག་གོ། །ཁ་ཅིག་ནི་ཐར་པ་དང་འཐུན་པའི་སྒྲ་སྟེ། གང་དེ་དག་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ལས་གྲག་གོ། །ཁང་པ་བརྩེགས་པ་དེ་དག་བར་སྣང་ལས་འགྲོ་བའི་མདུན་དུ་ཡང་སྤོས་ཆུའི་ཆར་རབ་ཏུ་བབ་ཅིང་། ཡང་དག་པར་འདས་པའི་ལྷའི་མེ་ཏོག་གི་ཆར་
རབ་ཏུ་བབ་བོ། །དེ་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་དེའི་སྤྱན་སྔར་འདུག་ནས་སྐོན་པ་ཁྲི་མེ་ཏོག་སྣ་ལྔ་དག་གིས་བཀང་ནས་མངོན་པར་གཏོར་རོ། །གཏོར་བ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་ས་ལ་མ་ལྷུང་ཞིང་སྟེང་དུ་མེ་ཏོག་གི་བླ་རེར་བྲེས་སོ། །དེ་ནས་བྲམ་ཟེ་སྒྲ་རྣམ་པར་གྲགས་
པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེས་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུ་འདི་དག་མཐོང་ནས། ཇི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་པ་དེ་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་པས་ཤིང་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་མངོན་པར་འཕགས་སོ། །དེ་བར་སྣང་ལ་སོང་ནས་བཅོམ་ལྡན་འདས་ལ་ཚིགས་
སུ་བཅད་དེ་མངོན་པར་བསྟོད་དོ། །དཔའ་བོ་ཐུགས་དག་མི་ཡི་སེང་གེས་བདུད་སྟོབས་རབ་ཏུ་བཅོམ། །ཉོན་མོངས་ཚོགས་བཅོམ་འགྲོ་བ་མཁྱེན་པས་བདེ་འགྲོ་རྗེས་སུ་བརྙེས། །སྲོག་ཆགས་ཀུན་སྨན་ཐབས་ཆེན་ཀུན་གྲུབ་དགེ་བ་སྡིག་མི་མངའ། །སྟོབས་བཅུས་སྲེད་པའི་ཆུ་བོ་རྣམས་བསྐམས་
སྲིད་པའི་རྒྱ་མཚོ་རྒལ། །མི་དབང་མི་ཡི་སེང་གེས་སྲིད་མཚོ་བསྐམས་ཏེ་སྐམ་ལ་ཞུགས། །སྲིད་མཚོར་ཞུགས་པའི་སེམས་ཅན་ཤིན་ཏུ་ཉམ་ཐག་གཞན་ཡང་སྒྲོལ། །མི་ཡི་སེང་གེས་མེ་གསུམ་གདུངས་པའི་སྐྱེ་བོ་དེ་ལས་ཐར་མཛད་ཅིང་། །རང་བྱུང་རང་བྱུང་ཉིད་ཀྱིས་ཐུགས་ཆུད་འཇིག་རྟེན་ལམ་སྟོན་མཛད། །
เล่ม ๔๗ · หน้า 224b
སྟོན་པར་གྱུར་པས་སེམས་ཅན་ལམ་ཉམས་པ་དག་ལམ་ལ་བསླབས། །དྲང་སྲོང་ཆེན་པོ་ཁྱོད་ལ་བསླབས་ན་བླ་མེད་བྱང་ཆུབ་འཐོབ། །ཁྱོད་ཀྱི་སྲས་དག་འཆིང་ལས་རྒལ་ཅིང་སྲིད་པའི་རྒྱ་མཚོ་རྒལ། །སྐམ་ལ་ཕྱིན་ཅིང་མྱ་ངན་འདས་པར་ཞུགས་ཏེ་ཕྱག་འཚལ་བགྱིད། །འདིར་ནི་འཇིག་རྟེན་མུན་ལམ་རབ་བྱུང་
ཆེན་པོ་ཁྱོད་ཀྱིས་བསྟན། །བདག་ཀྱང་བྱང་ཆུབ་ཐོབ་ནས་ལམ་རབ་ཉམས་པ་ལམ་ལ་བཞག །མགོན་པོ་ཁྱོད་ལ་བསླབས་ན་བླ་མེད་བྱང་ཆུབ་ཞི་བར་མཆི། །བྱང་ཆུབ་ཞི་བ་རྟོགས་ནས་འགྲོ་ཡིད་མ་ཞི་རབ་ཏུ་ཞི་བར་བགྱི། །འགྲོ་བ་ལམ་རབ་ཉམས་པ་འདི་དག་འཚལ་ནས་སྙིང་རྗེ་བསྐྱེད། །སྒྲོན་མ་གསལ་
བར་བགྱི་ཞིང་མིག་ལོང་གྱུར་པ་རྣམ་པར་སྦྱང་། །བདག་གིས་རྒྱལ་བ་བསྟོད་པའི་བསོད་ནམས་མི་ཉུང་འདི་བསྐྱེད་པས། །དགེ་རྩ་དེ་ཡིས་དགྲ་འདུལ་རྒྱལ་བར་བགྱི་ཞིང་འགྲོ་ལམ་བསྟན། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཤིང་སཱ་ལ་ཆེན་པོ་ལྟ་བུར་
གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། །ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ལ་ཡོན་ཏན་ཡོད་པ་དག་གིས་
བསྟོད་པར་བྱ་སྟེ། དེ་ལྟར་བསླབ་པར་བྱའོ། །མཽད་གལ་གྱི་བུ་གཞན་ཡང་ངས་དབང་པོ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་
ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། བྲམ་ཟེ་རྒྱལ་གྱི་ལྷ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལས་བདག་གིར་བྱ་བ་ལ་མངོན་པར་བརྩོན་པ་ཞིག་བྱུང་སྟེ། དེང་བདག་གིས་དགེ་བ་ཅི་ཞིག་མངོན་པར་འདུས་བྱས་མི་དགེ་བ་ཅི་ཞིག་བཏང་། ལུང་དུ་མ་བསྟན་པ་ཅི་ཞིག་མངོན་པར་འདུས་བྱས་སྙམ། དེ་
ལས་བདག་གིར་བྱ་བ་ལ་མངོན་པར་བརྩོན་ཏེ། ལས་གང་དང་གང་མངོན་པར་འདུ་བྱ་བ་དེ་ཉིད་ཤིན་ཏུ་ཡོངས་སུ་ཤེས། ཡོངས་སུ་རིག །ཤིན་ཏུ་བརྟགས་པས་བྱེད་དེ། གལ་ཏེ་དགེ་བའི་ལས་མངོན་པར་འདུ་བྱེད་ན་ཤིན་ཏུ་བརྟགས་པས་མངོན་པར་འདུ་བྱེད་དོ། །དེ་དབང་པོ་གང་གིས་ལས་མངོན་པར་འདུས་བྱས་པའི་
เล่ม ๔๗ · หน้า 225a
དབང་པོ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། གལ་ཏེ་འདོད་ཆགས་ཀྱི་ཕྱོགས་ལས་གང་གིས་འདོད་ཆགས་སྐྱེས་པ་བཟློག་པའི་དབང་པོ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གལ་ཏེ་ཆུང་ངུའམ། གལ་ཏེ་འབྲིང་ངམ། གལ་ཏེ་ཆེན་པོ་དག་སྟེ།
གལ་ཏེ་དབང་པོ་ཆུང་ངུས་ཉོན་མོངས་པ་ཆུང་ངུ་ཟློག་པར་བྱེད། གལ་ཏེ་དབང་པོ་ཆུང་ངུས་ཉོན་མོངས་པ་འབྲིང་ཟློག་པར་བྱེད། གལ་ཏེ་དབང་པོ་ཆུང་ངུས་ཉོན་མོངས་པ་ཆེན་པོ་ཟློག་པར་བྱེད་དོ། །གལ་ཏེ་དབང་པོ་འབྲིང་གིས་ཉོན་མོངས་པ་ཆུང་ངུ་ཟློག་པར་བྱེད། གལ་ཏེ་དབང་པོ་འབྲིང་གིས་ཉོན་
མོངས་པ་འབྲིང་ཟློག་པར་བྱེད། གལ་ཏེ་དབང་པོ་འབྲིང་གིས་ཉོན་མོངས་པ་ཆེན་པོ་ཟློག་པར་བྱེད་དོ། གལ་ཏེ་དབང་པོ་ཆེན་པོས་ཉོན་མོངས་པ་ཆུང་ངུ་ཟློག་པར་བྱེད། གལ་ཏེ་དབང་པོ་ཆེན་པོས་ཉོན་མོངས་པ་འབྲིང་ཟློག་པར་བྱེད། གལ་ཏེ་དབང་པོ་ཆེན་པོས་ཉོན་མོངས་པ་ཆེན་པོ་ཟློག་པར་
བྱེད་པའི་དབང་པོ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ཤེས་པ་དེ་དང་ལྡན་ཏེ། ལས་དེ་མངོན་པར་འདུས་བྱས་པས་བསྐལ་པ་བརྒྱད་ཅུར་ལོག་པར་ལྟུང་བར་མ་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒྱལ་གྱི་ལྷ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་
པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒྱལ་གྱི་ལྷ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་ངས་སེམས་ཅན་རྣམས་ཀྱི་དབང་པོ་ཤེས་པ་ལ་བསླབས་པར་གྱུར་ཏེ། ད་ལྟར་ཡང་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དབང་པོ་ཤེས་པ་ལ་བསླབ་པར་བྱའོ། །དབང་པོ་ཤེས་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་བོ།། །།བམ་པོ་ཉི་ཤུ་གཅིག་པ། མཽད་གལ་གྱི་བུ་ངས་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །
เล่ม ๔๗ · หน้า 225b
མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ཟླ་བའི་ལྷ་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་བུ་མོ་ཟླ་བའི་ལྷ་མོ་ཞེས་བྱ་བ་མཁས་ཤིང་ཡིད་གཞུངས་ལ། རྒྱལ་པོའི་བྱ་བ་བྱེད་པ་ཞིག་བྱུང་སྟེ། དེ་ཕ་དེའི་རྒྱལ་སྲིད་རྗེས་སུ་སྐྱོང་ངོ་། །དེ་ནས་རྒྱལ་པོ་ཟླ་བའི་ལྷ་དེས་བུ་མོ་དེ་ལ་སྨྲས་པ། བུ་མོ་རྒྱུ་གང་གིས་
དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ། ཇི་ལྟར་ན་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འཐོབ་པར་འགྱུར་བ་ཁྱོད་ལ་དྲིའོ། །དེས་དེ་ལ་སྨྲས་པ། དགེ་སྦྱོང་དང་། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་ཞིང་ཤིན་ཏུ་མང་དུ་ཐོས་པ་རྣམས་ལ་བསྙེན་བཀུར་བགྱིས་ན་དབང་པོ་ཤེས་
པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དགེ་སྦྱོང་དང་། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་གང་དེ་དག་ལ་བསྙེན་བཀུར་བགྱིས་ན་ཤེས་པ་དེ་མངོན་པར་འདུ་བགྱིས་པར་འགྱུར་ཞིང་། ཤེས་པ་དེ་ལ་སློབ་པར་འགྱུར་ལགས་ཏེ། རྒྱུ་
དེས་ན་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པར་འགྱུར་ལགས་སོ། །དེ་ནས་རྒྱལ་པོ་ཟླ་བའི་ལྷས་ལུང་བསྟན་པ་དེ་ཐོས་ནས། སློང་བ་པོ་རྣམས་ལ་མགུ་ཞིང་དགའ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དད་པ་མི་ཕྱེད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས།
དེའི་ཚེ་དེའི་དུས་ན། ཟླ་བའི་ལྷ་ཞེས་བྱ་བའི་བུ་མོར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་བའི་ལྷ་ཞེས་བྱ་བའི་བུ་མོར་གྱུར་ཏོ། །དེའི་ཚེ་ཡང་ང་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་མཁྱེན་པར་གྱུར་ལ། ད་ལྟར་ཡང་དབང་པོ་ཤེས་པ་
ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སེམས་ཅན་རྣམས་ལ་ཡང་ཡང་དག་པར་རབ་ཏུ་བསྟན་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་བརྩོན་པར་བྱའོ། །མཽད་གལ་གྱི་བུ་ངས་དབང་པོ་ཤེས་པ་འགོག་པ་ཤེས་
པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་དུ་མ་དག་གི་བར་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དྲང་སྲོང་ཀུན་འབྱུང་ཞེས་བྱ་བ་ལྔ་མངོན་པར་ཤེས་པ་ཞིག་བྱུང་ངོ་།
เล่ม ๔๗ · หน้า 226a
དེ་ཚལ་གྱི་ནང་ན་དཀའ་ཐུབ་བྱེད་པའི་ཚེ་འདི་སྙམ་དུ་སེམས་ཏེ། ཤེས་པ་གང་གིས་དབང་པོ་འགགས་ཤིང་ཡང་མི་སྐྱེ་བར་འགྱུར་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འཕགས་པའི་ཤེས་པ་གང་གིས་དབང་པོ་འགག་པ་ཡོངས་སུ་ཤེས་ཏེ། དབང་པོ་ཤེས་
པའི་འགོག་པ་གང་མི་སྐྱེ་བ་དེ། འདི་ལྟ་སྟེ་དཔེར་ན། མིའི་མགོ་བཅད་པ་ལས་མགོ་ཕྱིར་མི་སྐྱེའོ། །དེ་བཞིན་དུ་དབང་པོ་འགགས་པ་ལས་ཡང་དབང་པོ་མི་སྐྱེ་སྟེ། དེ་དབང་པོ་ཤེས་པ་འགོག་པ་ཡིན་ནོ་སྙམ་ནས་དེ་ཤེས་པ་དེས་དབང་པོ་ཡོངས་སུ་ཤེས་པར་འདོད་ན་ཤེས་པ་དེ་མ་རྙེད་དོ། །
དེ་འདི་སྙམ་དུ་སེམས་ཏེ། ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བའི་ཤེས་པ་དེ་བདག་གིས་ངེས་པར་འཚལ་བར་བྱའོ་སྙམ་ནས། དེ་ཤེས་པ་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དགེ་སྦྱོང་དང་། བྲམ་ཟེ་དོན་ཉུང་བ། བྱ་བ་ཉུང་བ་དགོན་པ་ན་གནས་པ་གང་དག་མཐོང་བ་དེ་
དག་གི་དྲུང་དུ་སོང་ནས་དྲིས་པ། གྲོགས་པོ་དག་ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་སྐྱེ་བར་མི་འགྱུར། དེ་དག་གིས་འདི་སྐད་སྨྲས་སོ། །གྲོགས་པོ་བདག་ཅག་གིས་ཀྱང་ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་སྐྱེ་བར་མི་འགྱུར་བ་མི་འཚལ་ལོ། །དེ་འདི་སྙམ་དུ་
སེམས་ཏེ། ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བར་འགྱུར་བ་བདག་ཉིད་ཀྱིས་ཤེས་པ་བསྐྱེད་པར་བྱའོ་སྙམ་ནས། ཤེས་པ་དེ་བཙལ་བའི་ཕྱིར། གཏང་བར་དཀའ་བ་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་བ་ནས། མགོ་ཡོངས་སུ་བཏང་བ་དང་། མིག་གི་བར་ཡོངས་
སུ་བཏང་ཡང་དེས་ཤེས་པ་དེ་མ་རྙེད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཀུན་འབྱུང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཀུན་འབྱུང་ཞེས་བྱ་བར་གྱུར་ཏོ། །ང་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེས་ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བ་འདི་ལྟ་སྟེ། འཕགས་པའི་ལམ་གྱི་ཤེས་པ་དེ་རྙེད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་གང་གིས་དབང་པོ་འདི་ཡོངས་སུ་ཤེས་
เล่ม ๔๗ · หน้า 226b
ཤིང་ཡང་མི་སྐྱེ་བ་འཕགས་པའི་ཤེས་པ་ཡོངས་སུ་བཙལ་བ་ལ་བརྩོན་པར་བྱའོ། །མཽད་གལ་གྱི་བུ་ངས་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་པ་གང་གིས་དབང་པོ་འགོག་པ་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བ་
ཤེས་པ་དེ་ཇི་ལྟར་འཐོབ་པར་བྱ་སྙམ་ནས། བཞོན་པའི་གླང་པོ་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་། བཞོན་པའི་རྟ་དང་། དེ་བཞིན་དུ་བཞོན་པའི་ཤིང་རྟ་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་། རྐང་ཐང་བ་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་སྟེ། དེས་ན་ངས་ལམ་བར་
མའི་ཚོགས་དེ་བྱ་བའི་ཕྱིར་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་བསྐྱེད་དེ། གལ་ཏེ་དགེ་བའི་རྩ་བ་དེ་གཟུགས་ཅན་དུ་གྱུར་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་མི་ཤོང་ངོ་། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་
ཡང་ཆེས་ཕ་རོལ་ན། རྒྱལ་པོ་དགའ་མཐོང་ཞེས་བྱ་བ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་ལ་དབང་བྱེད་པ་ཞིག་བྱུང་ངོ་། །དེའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རྒྱས་པར་གྱུར་ཏེ། གླིང་རེ་རེ་ལ་ཡང་གྲོང་ཁྱེར་ས་ཡ་ཕྲག་བརྒྱད་བརྒྱད་བྱུང་ངོ་། །གྲོང་ཁྱེར་རེ་རེ་ཡང་ཆུར་
དཔག་ཚད་བཅུ། ཞེང་དུ་དཔག་ཚད་བཅུ་སྟེ། གྲུ་བཞི་ཡིན་ལ་ཤིན་ཏུ་སྤྲུལ་པ། མིག་མངས་རིས་སུ་བྲིས་པ། གསེར་གྱི་སྐུད་པས་གཡོགས་པ། ར་བ་རིན་པོ་ཆེ་ཐམས་ཅད་ལས་བྱས་པ། ཅོག་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ། ནོར་བུ་རིན་ཐང་མེད་པའི་དྲ་བས་སྟེང་ཤིན་ཏུ་
གཡོགས་པ། ནོར་བུ་རིན་ཐང་མེད་པ་དག་གིས་ས་གཞི་བཀྲམ་ལ། རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡེར་ཀའི་དྲ་བས་ཤིན་ཏུ་གཡོགས་པ། སེམས་ཅན་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་པ་རྣམས་ཀྱི་གནས་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པས་ཤིན་ཏུ་གཡོགས་པ། དེའི་
ཕྱི་ནང་དུ་ལོངས་སྤྱོད་དང་ལྡན་ཏེ། གང་གི་ཚེ་མི་དག་རྩེ་བར་འདོད་པར་གྱུར་པ་དེ་དག་གང་འདོད་པ། སིལ་སྙན་ཡན་ལག་ལྔ་པས་ཡོངས་སུ་སྤྱོད་དེ། དེའི་ཚེ་སིལ་སྙན་ཡན་ལག་ལྔ་པའི་སྒྲ་རབ་ཏུ་འབྱུང་ངོ་། །གང་གི་ཚེ་པི་ཝང་དང་། སིལ་སྙན་དག་གིས་ཡོངས་སུ་སྤྱོད་པར་འོས་པ་དེའི་ཚེ་
เล่ม ๔๗ · หน้า 227a
པི་ཝང་དང་། སིལ་སྙན་དག་གི་སྒྲ་རབ་ཏུ་འབྱུང་ངོ་། །གང་གི་ཚེ་དྲི་ཟའི་རོལ་མོས་ཡོངས་སུ་སྤྱོད་པར་འདོད་པ་དེའི་ཚེ་དྲི་ཟའི་རོལ་མོ་བྱེད་དོ། །རྒྱ་ཆེར་གང་དང་གང་ཉིད་རྩེ་བར་འདོད་པའི་རྩེད་མོ་དེ་དང་དེ་ཉིད་བྱུང་ངོ་། །ལོར་རམ། ལོ་སྟོང་དུ་འམ། ལོ་ཁྲིར་རྩེ་བར་འདོད་
ན་དེ་ཉིད་ཀྱིས་རྩེ་བར་བྱེད་དེ། དེ་རྟག་པར་རྒྱུན་ཏུ་རྩེ་བའི་རྗེས་སུ་འཇུག་གོ། །གྲོང་ཁྱེར་དེའི་འབྱོར་པ་དང་ལྡན་པ་ནི་དེ་འདྲ་སྟེ། དེ་ལྟར་གྲོང་ཁྱེར་ཐམས་ཅད་དུ་རྩེད་མོ་དེ་དག་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་བདུད་རྩིའི་འོད་ཟེར་ཞེས་བྱ་བ་བྱུང་སྟེ། དེའི་འཁོར་ཉན་ཐོས་འབུམ་
ཕྲག་བརྒྱད་བྱུང་ངོ་། །དེ་ནས་རྒྱལ་པོ་དགའ་མཐོང་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་དར་གྱི་ལྡ་ལྡི་བཏགས་ཤིང་ཡུལ་ཐམས་ཅད་ཤིན་ཏུ་བརྒྱན་ཏེ། སྔོན་གྱི་མི་དང་བཅས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རྩིའི་འོད་ཟེར་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེའི་ཡོངས་སུ་
སྤྱོད་པའི་དོན་དུ་ཕུལ་ལོ། །བདག་གི་བུ་དང་ཆུང་མ་དང་འཁོར་ཀྱང་ཕུལ་ལོ། །དེར་བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཉན་ཐོས་འབུམ་ཕྲག་བརྒྱད་དང་། ཐབས་ཅིག་ཏུ་སངས་རྒྱས་ཀྱི་བཞུགས་པ་དཔག་ཏུ་མེད་པས་བཞུགས་སོ། །དེ་ལ་ཡང་རྒྱལ་པོ་དགའ་མཐོང་གིས་ལོ་
ས་ཡ་ཕྲག་བརྒྱད་དུ་ཞལ་ཟས་རོ་བརྒྱ་པས་ཡོངས་སུ་མཉེས་པར་བྱས་སོ། །བཙུན་མོ་དང་འཁོར་དང་བཅས་པས་ཀྱང་ཡོངས་སུ་སྤྱད་པ་བྱས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དགའ་མཐོང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་
ཚེ་དེའི་དུས་ན་རྒྱལ་པོ་དགའ་མཐོང་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་རྒྱ་ཆེར་བྱ་སྟེ། དགེ་བའི་རྩ་བ་དེས་ང་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་དད་པར་བྱའོ། །
དད་པ་ཐོབ་པ་ནི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་བདེ་བའི་ཡོ་བྱད་འགྲུབ་པར་འགྱུར། བྱང་ཆུབ་ཀྱང་འགྲུབ་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་སྟོབས་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་ཐམས་ཅད་དབང་པོ་རྣམས་ཀྱི་སྟོབས་དང་།
เล่ม ๔๗ · หน้า 227b
སྟོབས་མ་ཡིན་པ་ཇི་ལྟར་ཤེས་པར་བྱ་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་སེང་གེའི་བློ་གྲོས་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ།
གླིང་བཞི་པར་འདུས་པ་ཡོངས་སུ་སྐྱོང་བ་དང་ཞིང་དད་པ་དང་ལྡན་པ། བསྟན་བཅོས་ཐམས་ཅད་ལ་མཁས་པ། ཡོན་གནས་ལ་དགའ་བ། སྦྱིན་བདག་སྒྲ་ཐམས་ཅད་ལ་མཁས་པ་ཞིག་བྱུང་ངོ་། །དེ་འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་གང་དག་ཡོད་པ་དེ་དག་ཐམས་ཅད་བསྡུས་ནས་ཁ་ཟས་རོ་
བརྒྱ་པས་སྟོན་མོ་བྱས་སོ། །ཡུལ་ཀ་ཤི་ཀའི་གོས་ཀྱིས་ཀྱང་མངོན་པར་བཀབ་བོ། །བསྟན་བཅོས་ཐམས་ཅད་ལ་མཁས་པས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ལ་ཡང་རྣམ་པར་ལྟའོ། །ཤེས་རབ་ཀྱི་དབང་པོའི་སྟོབས་དང་། སྟོབས་མ་ཡིན་པ་ལ་ཡང་རྣམ་པར་འཇུག་གོ། །དེའི་
དབང་པོ་ཤེས་པའི་སྟོབས་དང་། སྟོབས་མ་ཡིན་པ་རྣམ་པར་ཤེས་པར་བྱ་བའི་ཕྱིར། སེམས་ཅན་ཤེས་པ་ཁྱད་པར་ཅན་རྣམས་ལ་ཡང་མཆོད་པ་བྱེད་དོ། །དེ་ནས་རྒྱལ་པོ་སེང་གེའི་བློ་གྲོས་ཀྱིས་སྟོབས་དང་། སྟོབས་མ་ཡིན་པ་འདི་ཤེས་པར་བྱ་བའི་ཕྱིར། ལོ་ཁྲི་ཕྲག་བརྒྱད་
དུ་ཉིན་མཚན་རྟག་པར་རྒྱུན་དུ་སྦྱིན་པ་བྱིན་ཞིང་། དགེ་སྦྱོང་དང་། བྲམ་ཟེ་དག་ལ་ཡང་ཡོངས་སུ་དྲིས་སོ། །ཤེས་པ་སྨྲ་བ་དག་ལ་ཡང་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་ཉེ་བར་བརྟགས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། རྒྱལ་པོ་སེང་གེའི་
བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སེང་གེའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དབང་པོའི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་མངོན་
པར་འདོད་ན། ཤེས་པ་དང་ལྡན་པ་ལ་མཆོད་པ་བྱ་ཞིང་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་ལ་ཡང་རྣམ་པར་འཇུག་པར་བྱའོ། །མཽད་གལ་གྱི་བུ་ངས་སྟོབས་དང་སྟོབས་མ་ཡིན་པ་ཤེས་པར་བྱ་བའི་དོན་དུ། །སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་
เล่ม ๔๗ · หน้า 228a
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་སྟོབས་ཤེས་པ་ཇི་ལྟར་ཤེས་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ཡིད་བཞིན་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་
བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། མང་དུ་ཐོས་པ་རྣམས་ཡོངས་སུ་སྡུད་པ་ཤེས་པ་ལ་གུས་པ་ཞིག་བྱུང་སྟེ། དེ་དགེ་སྦྱོང་དང་
བྲམ་ཟེ་འདོན་པ་ལ་ལྷག་པར་མོས་པ་རྣམས་ཡོངས་སུ་སྡུད་པ། བྱེ་བྲག་ཤེས་ཤིང་བློའི་སྟོབས་ཀྱི་བྱེ་བྲག་ཤེས་པ། བརྩོན་འགྲུས་ཀྱི་རིམ་པའི་བྱེ་བྲག་ཤེས་པ། ཤེས་པ་ལ་ལྷག་པར་མོས་པ་དེ་དག་ཐམས་ཅད་ཀྱི་བར་དུ་སྤྲོ་བར་བྱེད་པ། ཇི་ལྟར་ཤེས་པ་དག་ཆུད་ཟ་བར་མི་
འགྱུར་སྙམ་ནས་མངོན་པར་བརྩོན་པ་རྣམས་ལ་རབ་ཏུ་སྤྲོ་བར་བྱེད་དོ། །དེས་སྲོག་ཆགས་སྟོང་ཕྲག་མང་པོ་དག་ཤེས་པ་སྣ་ཚོགས་མང་པོ་དག་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་
པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །ངས་སྲོག་ཆགས་སྟོང་ཕྲག་དཔག་ཏུ་མེད་པ་དེ་དག་ཤེས་པ་སྣ་ཚོགས་ལ་རབ་ཏུ་བཙུད་དོ། །དེའི་ཚེ་ང་ཤེས་པ་དང་ལྡན་ཞིང་
སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་རྣམ་པར་ཤེས་ལ། ད་ལྟར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་མངོན་པར་རྫོགས་པར་ཐུགས་སུ་ཆུད་དོ། །དེར་ཡང་ང་ལྟ་བུ་
མེད་པས་གང་གིས་ང་འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཕ་རོལ་གྱི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་ལ་མངོན་པར་བརྩོན་པར་བྱའོ། །བདག་ཉིད་ཀྱང་བསྟན་བཅོས་འདོན་པ་ཐམས་ཅད་ལ་ལྷག་པར་མོས་པར་བྱའོ། །མཽད་གལ་
เล่ม ๔๗ · หน้า 228b
གྱི་བུ་ངས་སྟོབས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་སེམས་ཅན་ཐམས་ཅད་ཀྱི་སྟོབས་བསྐྱེད་པའི་རིམ་པ་ཤེས་པ་ཇི་ལྟར་ཤེས་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་
གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་མེས་བྱིན་ཞེས་བྱ་བ་འབྱུང་པོ་ཐམས་ཅད་ཀྱི་སྒྲ་ཤེས་པ་མཁས་ཤིང་དོན་སེམས་པ་ཞིག་བྱུང་ངོ་། །དེ་སྒྲ་གང་དང་གང་ཐོས་པ་དེ་ཉིད་ཀྱི་དོན་རྣམ་པར་ཤེས་ཏེ། ཐོས་པ་འདི་བྱུང་ན།
དེ་ཅིའི་ཕྱིར་དོན་བརྗོད། ཅིའི་ཕྱིར་དུས་ཀྱི་དོན་བརྗོད། ཡང་ཁ་ཅིག་ནི་བརྗོད། ཡང་ན་ཁ་ཅིག་ནི་མི་བརྗོད་དོ། །དེ་ལྟར་ཤེས་པ་ཐམས་ཅད་ལ་སྟོབས་དང་སྟོབས་མ་ཡིན་པ་རྗེས་སུ་འགྲོ་སྟེ། བྱ་བ་ཐམས་ཅད་ལ་ཤེས་པ་འདིའི་བྱ་བ་བྱས་ནས་ཅི་འགགས་སམ། འོན་ཏེ་མ་བྱས།
འོན་ཏེ་བྱ་བ་ཅུང་ཟད་ཅིག་བྱས་ནས་འགགས་སམ། ཅུང་ཟད་ཅིག་མ་བྱས། གང་ཟག་འདི་ཇི་ཙམ་ན་ཤེས་པའི་སྣོད་དུ་འགྱུར། ཇི་ཙམ་ན་ཉོན་མོངས་པ་ཞི་བར་ནུས། དེ་དེ་ལྟར་ཤེས་པ་དེ་ལ་ངེས་པར་བྱུང་སྟེ། འཛམ་བུ་གླིང་ཀུན་གྱི་ཤེས་པ་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་ཏོ། །
མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་མེས་བྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་མེས་བྱིན་ཞེས་བྱ་བ་འབྱུང་པོ་ཐམས་ཅད་ཀྱི་སྒྲ་ཤེས་པ་བསྟན་བཅོས་ཐམས་ཅད་ཀྱི་དོན་ཤེས་པར་གྱུར་
ཏོ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་ང་སྒྲ་ཐམས་ཅད་ཤེས་པ་རྣམ་པར་ཤེས་ཤིང་བསྟན་བཅོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་
བསྟན་བཅོས་ཐམས་ཅད་ལ་མཁས་པར་བྱ། བསྟན་བཅོས་ཐམས་ཅད་ཀྱི་དོན་ལ་ཡང་མཁས་པར་བྱའོ། །མཽད་གལ་གྱི་བུ་ངས་སྟོབས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་སེམས་ཅན་རྣམས་ཀྱི་
เล่ม ๔๗ · หน้า 229a
སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་ལྟར་རྣམ་པར་ཤེས་པར་བྱ་སྙམ་ནས། དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། དྲང་སྲོང་འོད་བཟང་ཞེས་བྱ་བ།
བརྟུལ་ཞུགས་དང་། དཀའ་ཐུབ་དང་། ཡོན་ཏན་དང་། ཤེས་པ་དང་ལྡན་པ་ཞིག་བྱུང་ངོ་། །དེའི་བརྟུལ་ཞུགས་ནི་རལ་པའི་ཐོར་ཚུགས་ལྔ་ཐོགས་ཏེ། དེ་དག་ལ་སོགས་པ་བརྟུལ་ཞུགས་ཀྱི་བྱེ་བྲག་དཔག་ཏུ་མེད་པར་གྱུར་ཏོ། །དེའི་དཀའ་ཐུབ་ཀྱི་ནགས་ཚལ་གྱི་ནང་དུ་གནས་པར་བརྩོན་ལ།
དེ་གྲང་བ་དང་དྲོ་བ་ཡིད་ལ་བྱེད་པའི་ཉོན་མོངས་པ་ཟད་ཅིང་བསྲེག་ལུགས་ཟ་བ། ལུས་ལ་མི་ལྟོས་པ་ཡིན་ཏེ། དེ་དག་ལ་སོགས་པ་གཞན་ཡང་དཀའ་ཐུབ་ཀྱི་བྱེ་བྲག་དཔག་ཏུ་མེད་པར་གྱུར་ཏོ། །དེའི་ཡོན་ཏན་གྱི་ཁྱད་པར་ནི་འདི་དག་ཡིན་ཏེ། སྲོག་ཆགས་འབྱུང་པོ་རྣམས་ལ་མི་འཚེམ་
བྱིན་པ་དག་ཤིན་ཏུ་སྡོམ། གཞན་གྱི་བུད་མེད་ཀྱི་དྲུང་དུ་འགྲོ་བའི་ཡིད་ལ་བྱེད་པ་མེད། ཆང་འཐུང་བ་སྤངས། སེམས་འཁྲུལ་བ་མེད། དཀའ་ཐུབ་དང་མ་བྲལ། ཕ་རོལ་གྱི་སེམས་རྗེས་སུ་སྲུང་། ཚིག་རྩུབ་པོ་ཡོངས་སུ་སྲུང་། ཀུན་ཤེས་པ་ལ་བསྟེན། སྔོན་གྱི་དྲང་སྲོང་གི་རྗེས་སུ་
དྲན་ཏེ། དེ་དག་ལ་སོགས་པ་གཞན་ཡང་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་དག་དང་ལྡན་པར་གྱུར་ཏོ། །དེའི་ཤེས་པའི་ཁྱད་པར་ནི་འདི་ལྟ་བུ་འདི་དག་ཡིན་ཏེ། འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྣམ་པ་ཤེས་པ་དང་། ལྷའི་རྣ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་
ཤེས་པ་དང་། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་ཤེས་པ་དང་། བཟོའི་གནས་དང་། ལས་ཀྱི་གནས་ཀྱི་དོན་ཐམས་ཅད་ཤེས་པ་དང་། ཆོས་ཤེས། དུས་ཤེས། དུས་ཚོད་ཤེས། བདག་ཤེས། ཐབས་ལ་མཁས་པ་ཤེས་ཏེ། དེ་དག་ལ་སོགས་པ་གཞན་ཡང་ཤེས་
པའི་ཁྱད་པར་དག་དཔག་ཏུ་མེད་པར་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཤེས་པའི་ཁྱད་པར་འདི་དག་ནི་རྟོགས་ན་ཤེས་པ་གང་གིས་ཤེས་པ་འདི་དག་ཐམས་ཅད་གང་དུ་འགོག་པར་འགྱུར་བའི་ཡོངས་སུ་ཤེས་པའི་ཤེས་པ་དེ་དག་མི་ཤེས་ཏེ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་གང་
เล่ม ๔๗ · หน้า 229b
དག་ཤེས་པ་འདི་ལ་བསླབས་པ་སུ་ཡོད་སྙམ་ནས། དེ་ཤེས་པ་དེ་བཙལ་བའི་ཕྱིར་སློངས་མོས་འཚོ་བར་གྱུར་ནས། དེ་མུ་སྟེགས་པ་ཐམས་ཅད་ཀྱི་དྲུང་དུ་སོང་བ་དང་། དེ་སློངས་མོས་འཚོ་བར་རིག་ནས་གདོལ་པ་ཡན་ཅད་དག་གིས་མཆོད་སྦྱིན་བྱེད་ཀྱང་གང་གིས་ཡང་མ་བླངས་སོ། །དེ་མ་བླངས་
པས་སློངས་མོས་འཚོ་བའི་སྒྲ་ཕྱོགས་བཅུའི་འཇིག་རྟེན་དུ་གྲགས་སོ། །དེའི་ཚེ་ལྷོ་ཕྱོགས་ན་གངས་རིའི་རྒྱལ་པོ་ལ་དྲང་སྲོང་ཀུན་རིག་ཅེས་བྱ་བ་ལྔ་མངོན་པར་ཤེས་པ་ཞིག་གནས་སོ། །དེ་ཉིན་མཚན་དུ་གནས་ན་འདུག་སྟེ། འཇིག་རྟེན་ཐམས་ཅད་ལ་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་སོ། །ཇི་ལྟར་སེམས་མཉམ་པར་གཞག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དག་རབ་ཏུ་ཤེས། ངག་གི་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། ལུས་ཀྱི་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། དཀའ་ཐུབ་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། བརྟུལ་ཞུགས་སྤྱོད་པ་དག་ཀྱང་རབ་
ཏུ་ཤེས། ཡོན་ཏན་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། ཤེས་པ་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། རྣམ་པར་ཤེས་པ་སྤྱོད་པ་དག་ཀྱང་རབ་ཏུ་ཤེས་སོ། །དེ་ལྷའི་མིག་གིས་སློངས་མོས་འཚོ་བ་འོད་བཟང་དེ་མཐོང་སྟེ། དེའི་སེམས་ཀྱང་རབ་ཏུ་ཤེས། དེའི་བསམ་པ་ཡང་རབ་ཏུ་ཤེས་སོ། །
སློངས་མོས་འཚོ་བ་འོད་བཟང་འདི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པའི་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། རབ་ཏུ་མི་ཤེས་པས་ཉམ་ཐག་གོ་སྙམ་ནས། དེ་དེ་ལ་སྙིང་རྗེ་སྐྱེས་སོ། །དེ་སྙིང་རྗེས་ནོན་པའི་སེམས་ཀྱིས་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་ལག་པ་བསྐུམ་པ་ལས་བརྐྱང་
བའམ། ལག་པ་བརྐྱང་བ་ལས་བསྐུམ་པ་དེ་བཞིན་དུ་དྲང་སྲོང་ཀུན་རིག་གངས་རིའི་རྒྱལ་པོ་ལས་བབས་ནས། སློངས་མོས་འཚོ་བ་འོད་བཟང་གི་མདུན་དུ་ཤེས་པ་དང་ལྡན་པར་བྱས་ནས་འདུག་གོ། །སློངས་མོས་འཚོ་བ་འོད་བཟང་གིས་ཤེས་རིག་དེ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །
མཐོང་ནས་ཀྱང་དེའི་ནུས་པ་སྤངས་ནས། ཀུན་རིག་ཤེས་ལྡན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཤེས་རིག་གི་སྟན་བཤམས་ནས་ལག་པ་གཉིས་ཀྱིས་ལེགས་པར་བཟུང་ནས་ཤེས་པ་སྨྲ་བར་སྟན་དེ་ལ་བཞག་གོ། །བཞག་ནས་ཤེས་པར་འདོད་པ་དང་ལྡན་པས་ཞེས་ཆེར་རབ་ཏུ་བྱས་ཏེ།
เล่ม ๔๗ · หน้า 230a
དྲང་སྲོང་ཀུན་རིག་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲི་བ་དྲིས་པ། མཁྱེན་པ་ཀུན་ལ་འཇིགས་མི་མངའ། །མཁྱེན་པ་གསུང་པས་གང་ལ། །གང་དུ་བདག་སྐྱེས་ཐེ་ཚོམ་མཆིས། །དགེ་བའི་སུག་ལས་ཅི་བགྱིས་པས། །སེམས་ཅན་ཀུན་ལ་ཕན་པ་བགྱིད། །སེམས་
ཅན་ཀུན་གྱི་སྤྱོད་པ་དང་། །སྟོབས་དང་སྟོབས་མ་ཡིན་ཤེས་དང་། །གང་གིས་ཁྱོད་ཀྱིས་ཤེས་མཆོག་ནི། །ཐོས་ནས་དེ་ནས་ཕྱིར་མི་འགག །ཤེས་པ་གང་གིས་རྣམ་ཤེས་པ། །ཡེ་ཤེས་ཆེན་པོ་ཁྱོད་ལ་ཞུ། །མཁས་པ་དེ་དག་བདག་ལ་གསུངས། །ཤེས་པ་ཡི་ནི་སྟོབས་དང་ལྡན། །ཤེས་པ་
ཀུན་ལ་འཇིགས་མེད་པ། །སྙིང་བརྩེ་བ་ན་དེ་དག་ཀུན། །ཇི་ལྟ་བཞིན་དུ་དེའི་ལུང་བསྟན། །ཆོས་སྦྱིན་པ་ལ་སེར་སྣ་མེད། །ཤེས་པ་དག་ཀྱང་ཡོངས་སུ་སྡུད། །ཤེས་ལྡན་རྣམས་ལ་དེ་དགའ་ཞིང་། །སྦྱིན་པ་ཡང་དག་སྡུད་པར་བྱེད། །ཤེས་པ་མང་པོ་རྣམས་ཀྱང་འདོད། །སྦྱིན་པ་ཡང་དག་སྡུད་པར་
བྱེད། །ཤེས་པའི་ཡེ་ཤེས་ཚོལ་བྱེད་པ། །ཡེ་ཤེས་དམ་པ་དེ་འཐོབ་བོ། །མཁས་པ་ཡི་ནི་ཤེས་པ་ཡིས། །མཛངས་པ་དེ་ནི་ཤེས་པ་རྟོགས། །འགོག་པར་འགྱུར་བའི་ལམ་ཤེས་ཤིང་། །མྱུར་བ་ཉིད་དུ་ཏིང་འཛིན་སྐྱེས། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། སློངས་
མོས་འཚོ་བ་འོད་བཟང་ཞེས་བྱ་བར་གྱུར་པ་དེ་བཞིན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་སློངས་མོས་འཚོ་བ་འོད་བཟང་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཀུན་རིག་ཅེས་བྱ་བ་ཤེས་པ་སྨྲ་བར་གྱུར་པ་དེ་གཞན་ཡིན་
པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་མར་མེ་མཛད་དེ་དེའི་ཚེ་ཀུན་རིག་ཅེས་བྱ་བ་ཤེས་པ་སྨྲ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་རྟོགས་
པར་འདོད་པས་ཡང་དག་པར་སྡོམ་པ་ཅན་དུ་བྱ། ཡེ་ཤེས་ཀྱི་སྣང་བ་འདོད་པར་ཡང་བྱ། འཇིག་རྟེན་གྱི་ཟང་ཟིང་ཡང་ཡོངས་སུ་གཏང་བར་བྱའོ། །མཽད་གལ་གྱི་བུ་ངས་བརྩོན་འགྲུས་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་
เล่ม ๔๗ · หน้า 230b
བརྩོན་འགྲུས་ཤེས་པ་ཇི་ལྟར་རྟོགས་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེད་དཔོན་སློང་ལྡན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་
ལ་ལོངས་སྤྱོད་ཆེ་བ། སྔོན་ནས་རབ་ཏུ་ཉོན་མོངས་པ་མེད་པ། དེད་དཔོན་གྱི་བུ་དེད་དཔོན་གྱི་བཟོའི་རིགས་ཁོང་དུ་ཆུད་པར་ལྡན་པ་ཞིག་བྱུང་ངོ་། །དེའི་ཕའི་བསམ་པ་བདག་ཇི་ལྟ་བུ་འདི་དང་མི་འབྲལ་བར་བྱ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་བདུན་བརྒྱུད་ཚུན་ཆད་ཀྱི་ནོར་རྫས་མང་པོ་མ་ཉམས་
པར་ཡོད་དེ། དེས་ན་གཞོན་ནུ་འདི་འཚོ་བ་བདེ་བར་འགྱུར་རོ་སྙམ་མོ། །དེ་སྐྱེས་མ་ཐག་ཏུ་ཚོང་པ་གང་དག་གི་ཁྱེའུ་ཤེད་མཉམ་དུ་སྐྱེས་པ་དེ་དག་ཕ་མས་དེའི་སྟེན་གྲོགས་སུ་བྱིན་ཏེ། བུ་སྟེན་གྲོགས་འདི་དག་དང་དེ་ལྟར་ལྷན་ཅིག་ཏུ་དགའ་བར་རྩེས་ཤིག །ཡོངས་སུ་སྤྱོད་ཅིག །དེ་ཁྱིམ་བདག་དེ་
ཉིད་ཀྱི་ནང་ན་བཟོ་ཐམས་ཅད་སློབ་ཏུ་བཅུག་སྟེ། དེར་ཡི་གེ་དང་། དེར་བགྲང་བ་དང་། དེར་གྲངས་དང་། དེར་ཚོང་པའི་ཐ་སྙད་དང་། དེར་ཞིང་རྨེད་པའི་ཐ་སྙད་དང་། དེར་བཟོའི་ཐ་སྙད་དང་། དེར་བཟོ་ཐབས་ཐམས་ཅད་དང་། ཐ་ན་ལས་བྱེད་པའི་བཟོ་ཡང་སློབ་ཏུ་བཅུག་སྟེ། དེ་བཟོ་
ཐམས་ཅད་ལ་བསླབས་ཤིང་། སྒྱུ་རྩལ་གྱི་རྣམ་པ་ཐམས་ཅད་ཤེས་ཏེ། སྒྱུ་རྩལ་དྲུག་ཅུ་རྩ་བཞི་བསླབས་སོ། །སྟེན་གྲོགས་དེ་དག་དང་ལྷན་ཅིག་ཏུ་བཀུག་ཤུད་ཀྱིས་རྩེ་སྟེ། དེ་སྒྱུ་རྩལ་ཐམས་ཅད་ལ་བསླབས་པས། སྟེན་གྲོགས་དེ་དག་ལ་བསླབས་པ་ཐམས་ཅད་སྟོན་ཏོ། །དེ་ནས་སྟེན་
གྲོགས་གཅིག་གིས་ཡང་དག་པའི་ཚིག་གིས་སྐུལ་བར་བྱེད་དེ། གཞོན་ནུ་ཁྱོད་གཞན་དུ་འགྲོ་བའི་སྐྱོན་མི་ཤེས་སམ། སྐྱེ་བོ་གཞན་གྱིས་ཕྱིར་རྒོལ་བར་མི་ཤེས་སམ། ཡུལ་གཞན་དུ་འགྲོ་བའི་གཉེན་མ་ཡིན་པའི་སྐྱོན་མི་ཤེས་སམ། འབྲོག་གི་སྐྱོན་མི་ཤེས་སམ། ཆུའི་དགོན་པའི་སྐྱོན་
མི་ཤེས་སམ། བཟའ་བ་དཀོན་པ་དང་། བཏུང་བ་དཀོན་པ་དང་། སྐོམ་དཀོན་པའི་སྐྱོན་མི་ཤེས་སམ། མི་མཛའ་བའི་དགོན་པ་དང་། རྐུན་པོས་དཀྲུགས་པའི་སྐྱོན་མི་ཤེས་སམ། གཅན་གཟན་ཁྲོ་བས་དཀྲུགས་པའི་སྐྱོན་མི་ཤེས་སམ། ཆུས་དཀྲུགས་པ་དང་། རྒྱ་མཚོར་སོང་
เล่ม ๔๗ · หน้า 231a
བའི་གྲུ་བོ་ཆེ་འཇིག་པའི་སྐྱོན་མི་ཤེས་སམ། སྲིན་མོས་འཇིགས་པ་དང་། གནོད་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བ་མི་ཤེས་སམ། གཞོན་ནུ་ཁྱོད་གཞན་གྱི་རྫས་ཀྱིས་ཡོངས་སུ་སྤྱོད་དམ། བདག་གི་སྡུག་བསྔལ་གྱི་རྣམ་པ་དེ་ཉིད་མི་ཤེས་ཏེ། ཆོས་མ་ཡིན་པས་བསླུས་
སོ། །སྡུག་བསྔལ་གྱིས་བསྡུས་པའི་རྫས་ཡ་ང་བའི་རྫས་འདི་དག་མི་དགོངས་སམ་ཞེས་ཏེ། སྟེན་གྲོགས་དེས་ཡོངས་སུ་བསྐུལ་བར་གྱུར་ཏོ། །ཚིག་ཤིན་ཏུ་ཐོས་ནས། སེམས་པའི་རྗེས་སུ་ཞུགས་ཏེ་ཉེས་པ་དེ་དག་ཐམས་ཅད་སྙིང་ལ་བཞག་ནས་དེས་དེ་ལ་སྨྲས་པ། སྟེན་གྲོགས་
བདག་ལ་བསྒོ་བ་ལེགས་སོ་ལེགས་སོ། །ད་ལྟར་གྱི་ནོར་བསགས་པ་ནི་སྡུག་བསྔལ་བ་ཡིན་ཏེ། སྟེན་གྲོགས་དེ་ལྟ་བས་ན་བདག་ཉིད་ཀྱི་ནོར་རྫས་ཡང་དག་པར་བསྡུ་བར་བྱའོ། །དེས་ཕ་མ་དག་ལ་སྨྲས་པ། ཡབ་ཡུམ་ཚོང་ལ་མཆི་ཞིང་དེད་དཔོན་གྱི་བཟོ་ནུས་པར་བགྱིའོ། །དེ་ནས་ཕ་
མ་དག་གིས་སྨྲས་པ། གཞོན་ནུ་ཁྱོད་གཞན་དུ་འགྲོ་བར་མ་བྱེད་ཅིག །བུ་གཞན་དུ་འགྲོ་བ་ལ་སྐྱོན་དཔག་ཏུ་མེད་པ་ཡོད་དོ། །བདུན་བརྒྱུད་ཚུན་ཆད་ཀྱི་ཕུགས་ཀྱི་ནོར་རྫས་རབ་ཏུ་མང་པོ་དེ་དག་ཡོད་དེ། འཁྲུལ་པ་མེད་པར་འདུག་གི །གང་དེ་དག་ལ་ཡོངས་སུ་སྤྱོད་ལ། ཁྱོད་ཀྱིས་གང་གཞན་
དུ་འགྲོ་བར་བྱས་པ་མེད་པར་གྱིས་ཤིག །བུ་གཞན་དུ་འགྲོ་བ་དང་། ནོར་རྫས་ཡང་དག་པར་བསྡུ་བ་དེ་ལ་ཡང་སྡུག་བསྔལ་མང་བ་སྟེ། གཞོན་ནུ་འདི་ནས་མ་འབྱུང་བར་ནོར་རྫས་ཀྱིས་ནོར་རྫས་ཀྱི་བྱ་བ་གྱིས་ཤིག །དེས་སྨྲས་པ། ཡབ་དེ་ལྟར་མ་ལགས་ཏེ། ཡང་དག་པར་མ་གསུངས་སོ། །དེ་ཅིའི་སླད་
དུ་ཞེ་ན། གལ་ཏེ་བདག་གི་བདུན་བརྒྱུད་ཀྱི་ཟུང་གིས་ནོར་རྫས་བཙལ་བ་དེ་ཅི་བུས་ཡོངས་སུ་མ་སྤྱད་དམ། གང་དྲུག་པའི་ཟུང་གིས་བཙལ་བ་དེ་ཅི་བུས་ཡོངས་སུ་མ་སྤྱད་དམ། གང་ལྔ་པའི་ཟུང་གིས་བསྒྲུབས་པ་དེ་ཅི་བུས་ཡོངས་སུ་མ་སྤྱད་དམ། གང་མེས་ཀྱི་ཡབ་ཀྱི་བར་གྱིས་བསྒྲུབས་པ་དེ་ཅི་
མེས་ཀྱིས་ཡོངས་སུ་མ་སྤྱད་དམ། གང་ཡབ་ཀྱི་ཡབ་ཀྱིས་བསྒྲུབས་པའི་ནོར་རྫས་དེ་ཅི་ཡབ་ཀྱིས་ཡོངས་སུ་མ་སྤྱད་དམ། དེ་བཞིན་དུ་བདག་ཀྱང་གཉེན་གྱིས་བསྒྲུབས་པའི་ནོར་རྫས་ཡོངས་སུ་སྤྱོད་པར་མི་སྤྲོའོ། །དེ་ཕ་མའི་འདོད་པ་དག་མེད་ནས། གྲུ་བོ་ཆེའི་ཚོང་བ་དང་སོང་སྟེ། དེ་རྒྱ་
เล่ม ๔๗ · หน้า 231b
མཚོ་ཆེན་པོར་ཞུགས་པ་དང་། རླུང་གིས་གྲུ་བོ་ཆེ་རིན་པོ་ཆེའི་གླིང་དུ་ཕུལ་ཏོ། །དེས་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་སྣ་ཚོགས་དག་གིས་གྲུབ་བོ་ཆེ་བཀང་ངོ་། །དེ་འགྲོ་བ་ཤིན་ཏུ་གྲུབ་ནས་ཕྱིར་ལོག་སྟེ། རྒྱ་མཚོ་ལས་དེ་རྒལ་ནས་རྒྱ་མཚོ་ལ་ཉེ་རེག་བྱས་པ་དང་། ནོར་བུ་རིན་པོ་ཆེ་ལག་པ་ལ་བཏགས་
པ་རྒྱ་མཚོ་ཆེན་པོར་ལྷུང་ངོ་། །དེས་ནོར་བུ་རིན་པོ་ཆེ་དེ་ལྷུང་བ་ཙམ་ཉིད་ཀྱིས་ཆུ་ཕྱགས་ཐོགས་ཏེ། ནོར་བུ་རིན་པོ་ཆེའི་ཕྱིར་དེ་རིང་རྒྱ་མཚོ་འདི་བསྐམ་པར་བྱའོ་སྙམ་ནས། དེས་ཆུ་ཕྱགས་ཐོགས་ཏེ་རྒྱ་མཚོ་ཆེན་པོ་བསྐམ་པར་བརྩམས་པ་དང་། དེས་ཆུ་ཕྱགས་བཟུང་མ་ཐག་ཏུ། ལྷ་བྱེ་བ་ཁྲག་
ཁྲིག་སྟོང་ཕྲག་བརྒྱ་དག་གྲོགས་བྱེད་པར་གྲུབ་པར་གྱུར་ཏེ། རླུང་ཡང་གྲོགས་བྱེད་པར་གྱུར། མེ་ཡང་གྲོགས་བྱེད་པར་གྱུར་ཏོ། །དེ་ནས་ཆུ་ཕྱགས་ཀྱིས་ཆུ་ཕྱགས་མ་ཐག་ཏུ། རླུང་གིས་ནི་སྐེམས། མེས་ནི་སྲེག་གོ། །དེ་ནས་རྒྱ་མཚོའི་ལྷ་དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། རྒྱ་མཚོ་
འདི་ནི་མཐའ་ཡས་མི་ཟད་དེ། །ཆུང་ཟད་འགྱུར་གྱི་རྒྱ་མཚོ་དེ་ལྟ་མིན། །གྲོགས་པོ་མཁའ་ལ་ལམ་གྱི་ཚད་འདོད་ལྟར། །རྒྱ་མཚོ་བསྐམ་པ་དག་ཏུ་ཇི་ལྟར་ནུས། །དེས་ལྷ་དེ་དག་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། །ལྷ་དག་རྒྱ་མཚོ་མཐའ་ཡས་མ་ཡིན་ཏེ། །རྒྱ་མཚོ་དཔག་ཚད་མཐའ་ཡས་དཔག་
ཏུ་རྙེད། །བདག་གིས་བརྩོན་འགྲུས་མཐའ་ཡས་དཔག་མེད་དེ། །རྒྱ་མཚོ་ཆེན་པོ་བདག་གིས་བསྐམ་པར་ནུས། །རྒྱ་མཚོའི་ལྷ་དག་བདག་གི་སྟོབས་ལ་ལྟོས། །མཁའ་ལ་ལྷ་ཡིས་རབ་ཏུ་གང་བ་ལྟོས། །དཔག་མེད་ལྷ་དག་བདག་གི་གྲོགས་ཡིན་ཏེ། །འབར་དང་སྲེག་དང་དེ་བཞིན་རླུང་དུ་བྱེད། །
བདག་གིས་མཁའ་ལ་ཆུ་གཏོར་བ་དག་ལྟོས། །ནམ་མཁའ་དེར་ནི་འགྲོ་བ་མེད་པ་ལྟོས། །ལྷ་ཚོགས་དག་ནི་བདག་གི་གྲོགས་འགྱུར་ཏེ། །བར་སྣང་ཆུ་ནི་སྲེག་ཅིང་སྐེམས་པར་བྱེད། །བར་སྣང་རླུང་ནི་བདག་གི་གྲོགས་ཡིན་ཏེ། །རྒྱ་མཚོ་བསྐམ་པ་དག་ལ་ཞུམ་པ་མེད། །རྒྱ་མཚོས་བདག་
གི་ནོར་བུ་མ་བཏང་ན། །བདག་ལ་ཡོན་གནས་སྟོབས་དང་ལྡན་པ་སྟེ། །བདག་གི་ཡོན་གནས་སངས་རྒྱས་དཀོན་མཆོག་དང་། །དེ་བཞིན་སྤྲོས་མེད་ངེས་པར་འབྱུང་བའི་ཆོས། །འདྲེན་པའི་སྲས་དེ་དགེ་འདུན་རིན་ཆེན་ཡོད། །དེ་དག་བདག་གིར་འགྱུར་ཏེ་མཚོ་ལྷའི་མིན། །སྐྱེས་བུ་ཁྱོད་ཀྱི་
เล่ม ๔๗ · หน้า 232a
ཚིག་ནི་ངེས་པ་སྟེ། །དེ་བཞིན་བརྩོན་སྟོབས་ཁྱོད་དང་ལྡན་པ་ལེགས། །ནོར་བུ་དང་ནི་ལྡན་པར་འགྱུར་ཏེ་སྦྱིན། །དེ་རིང་དཀོན་མཆོག་གསུམ་ལ་འབུལ་བར་གྱིས། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་སློང་ལྡན་ཞེས་བྱ་བར་
གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དེད་དཔོན་གྱི་བུ་སློང་ལྡན་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པར་བྱའོ། །མཽད་གལ་གྱི་བུ་ལེ་ལོ་མེད་ཅིང་
བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔས་ནི་བདུད་ལྔ་ལས་རྒྱལ་བར་ནུས་སོ། །ལྔ་གང་ཞེ་ན་འདི་ལྟ་སྟེ། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། ལས་ཀྱི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དོ། །མཽད་གལ་གྱི་བུ་ངས་བརྩོན་འགྲུས་
ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་
གྲགས་བཟང་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཚེ་རིང་བ། རིང་དུ་འཚོ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། མིའི་འབྱོར་པ་བཞི་དང་ལྡན་པ། བུད་མེད་འབུམ་ཕྲག་དྲུག་གི་བདག་པོ། སྐྱེ་བོའི་བསམ་པ་ཐམས་ཅད་ལ་དབང་སྒྱུར་བ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་དག་ལ་རིམ་གྲོ་
བྱས་པ། དགེ་བའི་རྩ་བ་བསགས་པ་དཔག་ཏུ་མེད་པ་དང་ལྡན་པ། སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ལ་དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པ་ཞིག་བྱུང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །
དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་དེའི་འཁོར་ཉན་ཐོས་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་ཤེས་པས་རྣམ་པར་གྲོལ་བར་བྱེད་པ་བྱེ་བ་ཁྲག་ཁྲིག་ཕྲག་སྟོང་བརྒྱད་ཅུ་བྱུང་ངོ་། །དེ་བཞིན་གཤེགས་
เล่ม ๔๗ · หน้า 232b
པ་འོད་ཟེར་མཐའ་ཡས་དེའི་སྐུ་ཚེའི་ཚད་དཔག་ཏུ་མེད་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་གྲགས་བཟང་དེའི་ཡུལ་རྣམ་པར་རྒྱལ་བྱེད་དེ་ནས་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུ་དག་དེ་བཞིན་གཤེགས་པ་དེའི་དྲུང་དུ་སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་བགོས་ཏེ། ཁྱིམ་ནས་ཁྱིམ་མེད་པར་
རབ་ཏུ་བྱུང་ངོ་། །དེ་དག་ཐམས་ཅད་བདེ་བ་སྐྱེས་པར་ནི་གྱུར་ན། དེ་དག་ལེ་ལོ་མེད་པ་ཡང་རྙིད་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ཏེ་སྔོན་གྱི་དགེ་སློང་གི་དགེ་འདུན་དེ་དག་དང་ཐབས་ཅིག་ཏུ་དགེ་སློང་དེ་དག་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས། དགེ་སློང་གི་དགེ་
འདུན་དེ་དག་གི་དབུས་སུ་བཞུགས་ཏེ། དེའི་ཚེ་བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང་ཡང་དག་པར་རབ་ཏུ་ལྡན་པའི་གཏམ་འདི་ལྟ་བུ་འདི་དག་མཛད་དོ། །གང་ཟག་ཐེག་པ་བདེ་བས་བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་སྒྲུབ་པར་འདོད་པས་ལམ་བར་མས་རྟོགས་པར་བྱ་སྟེ། འདི་
ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་དུས་དང་དུས་མ་ཡིན་པར་བསྒོམ་པ་ལ་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པར་བྱའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པར་བྱ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་
ཀྱི་ཡན་ལག་བཏང་སྙོམས་སུ་བྱ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པར་བྱ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་བཏང་སྙོམས་སུ་བྱ་སྟེ། དེ་ཡང་དྲན་པས་བརྟག་པར་བྱའོ། །སེམས་ཅན་རྣམས་ལ་བདེ་བར་སེམས་པ་དེ་ཡང་ཟས་ཞིམ་པོ་བཟའ་བ་དང་ལྡན་པ་
དང་། གནས་མལ་བདེ་བར་འདུག་པ་དང་། ལུས་གྱ་ནོམ་པ་སླ་བར་འགྱུར་རོ། །བརྩོན་འགྲུས་ཀྱི་སྤྱད་པ་རྩོམ་པས་སྡུག་བསྔལ་དང་བྲལ་ཞིང་། ཤེས་པ་བར་མ་དེས་བདེ་བར་ངེས་པར་འབྱུང་ངོ་། །དེའི་ཚེ་རྒྱལ་པོ་གྲགས་བཟང་དེ་ཆོས་བཤད་པ་དེ་དག་ལ་གུས་པར་བྱས་ཤིང་ཐོས་ལ་བརྩོན་
འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གྲགས་བཟང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་
เล่ม ๔๗ · หน้า 233a
རྒྱལ་པོ་གྲགས་བཟང་ཞེས་བྱ་བར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་འདི་ལྟར་འཚལ་ཏེ། གང་གི་ཚེ་དེ་བཞིན་གཤེགས་པ་མར་མེ་
མཛད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཞེས་བཤད་པ་འདིའི་དོན་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་གང་ཟག་གི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་དག་ཆོས་སྟོན་པ་གོ་བར་མཛད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་
སེམས་དཔའ་བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་བསྒྲུབ་པར་འདོད་པས་བརྩོན་འགྲུས་མཉམ་པ་ཉིད་ལ་མངོན་པར་བརྩོན་པར་བྱ་ཞིང་རྟོགས་པར་བྱ། བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་ཆོས་སོ་སོར་བགེད་པ་དང་། ཟང་ཟིང་སོ་སོར་བགེད་པར་ཡང་བྱའོ། །མཽད་གལ་གྱི་བུ་ངས་
བརྩོན་འགྲུས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་བརྩོན་འགྲུས་ཤེས་པ་འགོག་པ་ཤེས་པ་ཇི་ལྟར་ཐོབ་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་
གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེ་བཞིན་དུ་སྦྱར་ཏེ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་བདུད་དད་པ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་བདུད་དད་པ་དེའི་སངས་རྒྱས་ཀྱི་ཞིང་དུ་བདུད་ཤུགས་འཆང་ཞེས་བྱ་
བ་བྱུང་སྟེ། དེས་སངས་རྒྱས་ལྔ་བརྒྱ་དག་གི་གསུང་རབ་ལ་བདུད་ཀྱི་ལས་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་ལ་སྲིད་པའི་འགྲོ་བར་འཆི་བ་དང་། སྐྱེ་བ་དེ་དང་དེ་དག་ཏུ་མདུད་པར་འཛིན་པ་རྗེས་སུ་དྲན་ཏེ། དེ་བཞིན་གཤེགས་པ་དེ་དག་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་
ལ་བདུད་ཀྱི་ལས་རྣམས་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་དང་། དེ་བཞིན་གཤེགས་པའི་ཉན་ཐོས་དེ་དག་དང་། དེ་བཞིན་གཤེགས་པ་སོ་སོའི་གསུང་རབ་ལ་བར་ཆད་བྱས་པས་བསྐལ་པ་གྲངས་མེད་པར་ལོག་པར་ལྟུང་ངོ་། །དེ་དེ་བཞིན་གཤེགས་པ་བདུད་དད་པ་དེ་བྱང་ཆུབ་མངོན་པར་འཚང་རྒྱ་བར་
เล่ม ๔๗ · หน้า 233b
བཞེད་པའི་དེ་བཞིན་གཤེགས་པ་དེའི་གསུང་རབ་ལ་ཡང་བར་ཆད་བྱ་བར་འདོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་དད་པ་དེ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་དང་། བདུད་ཤུགས་འཆང་དེ་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དེ་བདུད་ཤུགས་འཆང་དེའི་དགེ་བའི་རྩ་བ་དེ་དག་གཟིགས་ནས་
ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་བདུད་ཤུགས་འཆང་སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་ལ་མདུད་པར་བཟུང་བ་རྗེས་སུ་དྲན་ཏེ། གང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པ་དེ་དག་རྗེས་སུ་
དྲན། གང་སེམས་ཅན་དམྱལ་བ་ཆེན་པོའི་རྒྱུར་གྱུར་པ་དེ་དག་རྗེས་སུ་དྲན་ནས། དེ་འཇིགས་སྐྲག་སྟེ། སྤུ་ཟིང་ཞེས་བྱེད་ནས། སྐྱོ་བ་ཐོབ་བོ། །སྐྱོ་བ་ཐོབ་པས་བྱང་ཆུབ་སེམས་དཔའ་དེ་ལ་སེམས་རབ་ཏུ་དང་བའི་དད་པ་ཐོབ་ནས། བྱང་ཆུབ་སེམས་དཔའ་བདུད་དད་པ་དེ་ལ་ཚིགས་སུ་བཅད་
དེ་སྨྲས་པ། ཤེས་རབ་ཆེན་པོ་ཡེ་ཤེས་དཔག་མེད་མངའ་བ་ཕན་མཛད་ཐུགས་རྗེ་ཅན། །འཇིག་རྟེན་ཀུན་ལ་ཕན་པ་མཛད་པ་བདེ་གཤེགས་ཁྱོད་ལ་སྐྱབས་སུ་མཆི། །ཇི་ལྟར་རལ་གྲི་གཟེབ་ལ་མི་མཆིས་སྐད་ཅིག་གྱེན་དུ་འཕར་ལྟར་བདག །དེ་ལྟར་རྒྱལ་པོ་ཁྱོད་ལ་དད་མ་བགྱིས་པས་སེམས་
ཅན་སྡུག་བསྔལ་མྱོང་། །ཇི་ལྟར་མི་དག་མདའ་མདུང་མདའ་བོ་ཆེས་བརྒྱ་བ་སྡུག་བསྔལ་ཚོར་འགྱུར་ལྟར། །ཁྱོད་ལྟ་ཡིད་ཀྱིས་སྡང་བ་སེམས་ཅན་དམྱལ་བར་མཆི་ཞིང་སྡུག་བསྔལ་མྱོང་། །ཇི་ལྟར་མི་དག་ཆས་ནས་རི་བོའི་རྩེར་སོང་ལྷུང་བ་ལུས་སྡུག་བསྔལ། །ལྷུང་བས་བརྒྱབ་ཅིང་ཕྱེར་བླགས་ལུས་
ནི་སྐད་ཅིག་ཙམ་ཡང་བདེ་མི་འཐོབ། །དེ་བཞིན་སྟོབས་བཅུ་ཁྱོད་ལ་ཡིད་ཀྱིས་སྣང་བའི་ལུས་ཀྱང་ཕྱེ་མར་འགྱུར། །ཇི་ལྟར་མི་དག་རལ་གྲི་དགྲ་སྟས་བརྒྱབ་ལྟར་སྲིད་འགྲོར་བདེ་མི་འཐོབ། །རྒྱལ་ལ་ཡིད་སྡང་སྲིད་འགྲོར་བདེ་བ་ཅུང་ཟད་ཙམ་ཡང་ཐོབ་པ་མེད། །དེ་ལྟ་བས་ན་བདེ་གཤེགས་ཁྱོད་
ལ་ཡིད་ནི་ཤིན་ཏུ་མངོན་དད་བགྱི། །མཆོག་སྦྱིན་ཁྱོད་ལ་སྐྱབས་སུ་མཆི་ཞིང་བདག་ནི་མི་དགེའི་ལས་མཐོལ་ལོ། །རྒྱལ་བ་སྟོབས་བཅུ་མངའ་བར་བདག་འགྱུར་དེ་རིང་སྨོན་ལམ་བརྟན་པར་འདེབས། །འགྲོ་བ་དཔག་མེད་སྲིད་པའི་འགྲོ་བར་མི་བདེ་སྡུག་བསྔལ་མང་པོ་མྱོང་། །སྟོབས་བཅུའི་སྟོབས་
เล่ม ๔๗ · หน้า 234a
དག་རབ་ཏུ་ཐོབ་ནས་བདུད་ཀྱི་སྟོབས་ནི་སྟོབས་མེད་བགྱི། །རྒྱལ་ལ་བདག་ནི་ཡིད་གཉིས་རྡུལ་ཙམ་མ་མཆིས་བདེ་བར་གཤེགས་པའི་བློ་ལ་འཇུག །རྒྱལ་བ་འགྲོ་གཙོ་སྟོབས་མཆོག་སྟོབས་མངའ་དཔག་ཏུ་མེད་པར་བདག་འགྱུར་བགྱི། །བདེ་གཤེགས་སྟོབས་བཅུ་སྟོབས་
མཆོག་ཁྱོད་ལ་མི་ཡི་ཚོགས་དག་སྐྱབས་སུ་མཆི། །སྲིད་པ་སྤངས་ཤིང་རྣམ་སྲིད་ཟད་ནས་བདག་ཀྱང་འགྲོ་བའི་རྒྱལ་བར་བགྱི། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བདུད་ཤུགས་འཆང་ཞེས་བྱ་བར་གྱུར་བ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེར་
གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ངན་སོང་སྤོང་བར་འདོད་ཅིང་། སེམས་ཅན་གྱི་དོན་བྱ་བར་འདོད་པས་མདུད་པར་གཟུང་བར་མི་བྱའོ། །མཽད་གལ་གྱི་བུ་ངས་བརྩོན་འགྲུས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་ནས་དེ་བཞིན་དུ་སྦྱར་ཏེ། མངོན་
པར་འདུས་བྱས་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། འཁོར་བ་བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དངོས་པོར་ངེས་པར་འཛིན་པ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་བྱུང་ངོ་། །དངོས་པོ་ཐམས་ཅད་ལ་ངེས་པ་འདི་སྐད་སྨྲ། འདི་
ལྟར་བལྟ་སྟེ། ཇི་ལྟར་དངོས་པོ་གང་གིས་བྱ་བ་དེ་དེ་ལྟར་གྱུར་ཏེ། གཞན་དུ་མ་ཡིན་ནོ། །དེའི་བློན་པོ་ཆོས་ལ་སྤྱོད་པ་ཞེས་བྱ་བ། མཛངས་ཤིང་དཔྱོད་པ་བྱ་བ་དང་། བྱ་བ་མ་ཡིན་པ་ལ་མཁས་པ། རྒྱལ་སྲིད་ཡོངས་སུ་སྐྱོང་བ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་བསྙེན་
བཀུར་བྱས་པ། དགེ་བའི་རྩ་བ་དཔག་ཏུ་མེད་པ་བྱས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པ་ཞིག་བྱུང་ངོ་། །དེ་རྒྱལ་པོ་དངོས་པོར་ངེས་པར་འཛིན་པ་དེ་ལྟ་བར་གྱུར་པ་དེ་ལས་འབྲལ་བར་འདོད་ནས་དེས་གསེར་གྱི་སྣོད་དག་བྱེད་དུ་བཅུག་སྟེ། ཏིལ་མར་གྱི་སྣོད་དང་། མར་གྱི་
སྣོད་དང་། ཁ་རའི་སྣོད་དང་། བཏུང་བའི་སྣོད་དང་། བཟའ་བའི་སྣོད་དེ་རིན་པོ་ཆེའི་སྣོད་ཀྱི་རྣམ་པ་དེ་དང་དེ་དག་བྱེད་དུ་བཅུག་སྟེ། དེ་སྣོད་དེ་དག་བྱས་ནས་རྒྱལ་པོ་དངོས་པོར་ངེས་པར་འཛིན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་སྣོད་འདི་དག་གང་གི་སྣོད་དུ་ངེས་ལགས། དེས་སྨྲས་
เล่ม ๔๗ · หน้า 234b
པ་གྲོང་གི་གཙོ་བོ་སྣོད་འདི་དག་གང་གིར་རུང་བ་ཁྱོད་བདག་ཉིད་ཀྱིས་ཤེས་པར་གྱིས་ཤིག །འདི་ནི་རེ་ཤིག་ཆུའི་སྣོད་དུ་ངེས་སོ། །འདི་ནི་ཏིལ་མར་གྱི་སྣོད་དུ་ངེས་སོ། །འདི་ནི་མར་སར་གྱི་སྣོད་དུ་ངེས་སོ། །འདི་ནི་སྦྲང་རྩིའི་སྣོད་དོ། །འདི་ནི་བཏུང་བའི་སྣོད་དོ། །འདི་ནི་བཟའ་བའི་སྣོད་དོ། །འདི་
ནི་གསེར་གྱི་སྣོད་དོ། །འདི་ནི་དངུལ་གྱི་སྣོད་དེ། སྣོད་དེ་དག་ཐམས་ཅད་ནི་ངེས་པར་བསྟན་པ་ཡིན་ནོ། །དེ་ནས་བློན་པོ་དེས་སྣོད་དེ་དག་ཐམས་ཅད་བརྗེས་ཏེ། ཏིལ་མར་གྱི་སྣོད་དུ་མར་བླུགས། མར་གྱི་སྣོད་དུ་ཏིལ་མར་བླུགས། སྦྲང་རྩིའི་སྣོད་དུ་བཏུང་བ་བླུགས། བཏུང་བའི་སྣོད་དུ་
སྦྲང་རྩི་བླུགས་ཏེ། ཐབས་དེས་སྣོད་དེ་དག་ཐམས་ཅད་བརྗེས་སོ། །དེ་ནས་བློན་པོ་དེས་སྣོད་དེ་དག་ཐམས་ཅད་བརྗེས་ནས་རྒྱལ་པོ་དེ་གདུགས་ཚོད་ལ་སྤྱན་དྲངས་ཏེ་བཞུགས་ནས་རིམ་གྲོ་པ་ལ་སྨྲས་པ། གྲོགས་པོ་བཀྲུ་བཤལ་གྱི་ཆུ་སྣོད་ནས་ཆུ་ཁྱེར་ཏེ་ཤོག །བཀྲུ་བཤལ་བྱ་ཡིས་
ཆུ་ཉུང་ངུ་ཞིག་ཁྱེར་ཏེ་ཤོག །ཅེས་ཇི་སྐད་བསྒོ་བ་བཞིན་སྣོད་བཀང་སྟེ་ཕུལ་ལོ། །དེ་ནས་རྒྱལ་པོ་དངོས་པོར་ངེས་པར་འཛིན་པ་དེ་སྣོད་དེ་དག་བཀང་བ་མཐོང་ནས། བློན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ་སྣོད་བྱས་པ་འདི་དག་ཆུད་མ་ཟོས་སམ། གང་ཆུ་སྣོད་དུ་མར་བླུགས།
དེ་བཞིན་དུ་སྒྱུ་མར་བྱས་པའི་ཆོས་ཐམས་ཅད་ཆུད་མ་ཟོས་སམ། དེས་སྨྲས་པ། ཇི་ལྟར་སྣོད་ཀྱི་རྣམ་པ་འདི་དག་ཆབ་འཚལ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་རྣམ་པར་འཇིག་པའི་མཐའ་ལགས་ཏེ། དངོས་པོ་གང་ཡང་ངེས་པ་མ་མཆིས་སོ། །དངོས་པོ་ཐམས་ཅད་ནི་རྣམ་པར་འཇིག་པའི་
མཐའ་ལགས་ཤིང་། ཡོངས་སུ་འགྱུར་བའི་མཐའ་ལགས་སོ། །དངོས་པོ་ཐམས་ཅད་ནི་མི་རྟག་པ་ཉིད་ཀྱི་མཚན་ཉིད་ཀྱིས་རྣམ་པར་འཇིག་པའི་ཆོས་ཅན་ལགས་སོ། །དངོས་པོ་ཐམས་ཅད་ནི་ཡོངས་སུ་འགྱུར་བའི་མཚན་ཉིད་ཀྱིས་གཞན་དུ་གྱུར་ཏེ། དངོས་པོ་གང་ཡང་རྟག་པ་མ་ལགས། དངོས་
པོ་གང་ཡང་ངེས་པ་མ་ལགས་ལ། གཞན་དུ་མཐོང་ཞིང་གཞན་དུ་འགྱུར་ལགས་སོ། །རྒྱལ་པོ་ཆེན་པོ་དེ་ལྟ་ལགས་པས་མི་རྟག་པའི་དངོས་པོ་ལ་མི་རྟག་པའི་འདུ་ཤེས་བསྒོམ་པར་བགྱི། ངེས་པ་མ་མཆིས་པའི་དངོས་པོ་ལ་གཡོ་བའི་འདུ་ཤེས་བསྒོམ་པར་བགྱིའོ། །རྒྱལ་པོ་ཆེན་པོ་གཞན་ཡང་
เล่ม ๔๗ · หน้า 235a
དར་ལ་བབ་པ་ནི་རྒས་པར་འགྱུར། གཞོན་ནུ་ནི་བར་མར་འགྱུར། བར་མ་ནི་རྒས་པར་འགྱུར། རྒས་པ་ཡང་འགུམ་པར་གདའ་ལགས་ཏེ། དེ་ལྟ་ལགས་པས་དངོས་པོ་ཐམས་ཅད་ལ་ངེས་པར་མ་མཆིས་ལགས་སོ། །དེ་ནས་རྒྱལ་པོ་དངོས་པོར་འཛིན་པ་དེ། བློན་པོ་དེས་
གཞི་དེ་འདོར་དུ་བཅུག་གོ། །དེས་བློན་པོ་དེ་ལ་སྨྲས་པ། གྲོང་གི་གཙོ་བོ་ལེགས་སོ་ལེགས་སོ། །ཤེས་པ་འདི་རྟོགས་པར་བྱ་བའི་ཕྱིར་འབད་པར་བྱའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བློན་པོ་ཆོས་སྤྱོད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་
ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བློན་པོ་ཆོས་སྤྱོད་ཅེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དངོས་པོ་ཐམས་ཅད་ལ་ངེས་པ་མེད་པར་བྱ། བརྩོན་འགྲུས་ཀྱི་སྟོབས་ཀྱི་རིམ་པ་རྟོགས་པས་བྱ་བ་ལ་ལྕི་བ་དང་ཡང་བར་འགྱུར་རོ། །མཽད་གལ་གྱི་བུ་ངས་རིམ་པ་
ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། རིམ་པ་ཤེས་པས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། བདག་གིས་སེམས་ཅན་དག་
རིམ་པ་ཤེས་པ་ལ་ཇི་ལྟར་རབ་ཏུ་དགོད། དགེ་བ་དང་མི་དགེ་བའི་ཆོས་ཀྱི་ཁྱད་པར་དག་ལ་མཁས་པ་དང་། ཡེ་ཤེས་ཀྱི་ཁྱད་པར་དག་ལ་མཁས་པར་གྱུར་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་
པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བ་ཞིག་བྱུང་སྟེ། དེ་རྒྱལ་སྲིད་ཐོབ་ནས་བག་ཡོད་པས་རྒྱལ་སྲིད་བྱེད་དོ། །དེའི་བཙུན་མོ་བུད་མེད་ཁྲི་ཕྲག་བརྒྱད་བྱུང་སྟེ། གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་
རྒྱས་པ། མཆོག་དང་ལྡན་པ། སྔར་ལྡང་ཞིང་ཕྱིས་ཉལ་བ། དེ་དག་གི་གཟུགས་ནི་ལྷ་མོ་དང་འདྲ། ཡོན་ཏན་ནི་འདོད་ཆགས་དང་བྲལ་བ་དང་འདྲའོ། །དེ་ནས་རྒྱལ་པོ་ཀུན་ཏུ་གོ་བྱེད་བུད་མེད་ཁྲི་ཕྲག་བརྒྱད་པོ་དེ་དག་གི་དབུས་སུ་འདུག་ནས་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །
เล่ม ๔๗ · หน้า 235b
ཇི་ལྟར་སེམས་མཉམ་པར་བཞག་པས། བསམ་གཏན་གྱི་བྱེ་བྲག་དང་། ཉོན་མོངས་པའི་བྱེ་བྲག་དང་། ཡོན་ཏན་གྱི་བྱེ་བྲག་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །བུད་མེད་ཀྱི་ཚོགས་འདི་རེ་ཤིག་འདི་དག་ནི་ཤེས་པའི་བྱེ་བྲག། འདི་དག་ནི་ཉོན་མོངས་པའི་བྱེ་བྲག། འདི་དག་ནི་ཡོན་ཏན་
གྱི་བྱེ་བྲག །དེ་བུད་མེད་ཀྱི་ནང་དུ་འདུག་ནས། ཡུན་མི་རིང་བར་བུད་མེད་ཁྲི་ཕྲག་བརྒྱད་པོ་དག་ཡོངས་སུ་ཤེས་སོ། །དེ་བུད་མེད་གང་དག་གི་ལུས་ཤེས་པ་ཉམ་ཆུང་ཞིང་ཉོན་མོངས་པའི་སྟོབས་དང་ལྡན་པ། དེའི་ཉོན་མོངས་པ་རྣམ་པར་གདུལ་བའི་ཕྱིར་ཤེས་པ་སྐྱེད་པའི་ཆོས་སྟོན་ཏོ། །བུད་མེད་གང་
དག་ཉོན་མོངས་པའི་སྟོབས་ཆུང་ལ། ཤེས་པའི་སྟོབས་དང་ལྡན་པ། དེའི་ཉོན་མོངས་པ་ཆུང་ངུ་ཇི་ཙམ་ཡོད་པ་སྤང་བའི་ཕྱིར་ཆོས་བསྟན་ཏེ། བུད་མེད་འདོད་ཆགས་སྤྱོད་པ་དག་ལ་མི་གཙང་བ་དང་། མི་རྟག་པ་བསྟན། ཞེ་སྡང་སྤྱོད་པ་དག་ལ་བྱམས་པ་དང་། མི་རྟག་པ་བསྟན། གཏི་མུག་སྤྱོད་
པ་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། མི་རྟག་པ་བསྟན། རྣམ་པར་རྟོག་པ་སྤྱོད་པ་དག་ལ་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་དང་། མི་རྟག་པ་བསྟན། མཚན་མ་སྤྱོད་པ་དག་ལ་མཚན་མ་མེད་པ་དང་། མི་རྟག་པ་བསྟན། བུད་མེད་བདག་ཏུ་མངོན་པར་ཞེན་པ་དག་ལ་སྟོང་པ་ཉིད་དང་། མི་རྟག་
པ་བསྟན། བུད་མེད་སྲིད་པ་ལ་སྲེད་པ་དག་ལ་སྨོན་པ་མེད་པ་དང་། མི་རྟག་པ་བསྟན་ཏེ། དེ་ལྟར་ཉོན་མོངས་པ་གང་དང་གང་སྤྱོད་པར་འགྱུར་བ་དེ་དང་དེ་དག་གི་གཉེན་པོས་གཅོད་དོ། །དེའི་བུད་མེད་གང་དག་འདོད་ཆགས་སྤྱོད་པ་དེ་དག་བསམ་གཏན་བསྒྲུབས་ཏེ། ཚངས་པའི་ལམ་བསྒོམས་
ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །བུད་མེད་ཞེ་སྡང་སྤྱོད་པ་དག་ལ་ཚད་མེད་པ་བསྒྲུབས་ཏེ། ཚངས་པའི་ལམ་བསྟན་ཏོ། །དེའི་བུད་མེད་དེ་དག་ཚད་མེད་པ་ལ་གནས་ཏེ། ཚངས་པའི་ལམ་བསྒོམས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །བུད་མེད་གང་དག་མཚན་མ་ལ་སྤྱོད་པ་དེ་དག་
མཚན་མ་མེད་པ་བསྒྲུབས་ཏེ། ཚངས་པའི་ལམ་བསྟན་ཏོ། །དེའི་བུད་མེད་དེ་དག་མཚན་མ་མེད་པ་བསྒྲུབས་ཏེ། ཚངས་པའི་ལམ་བསྒོམས་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ། །བུད་མེད་གང་དག་སྲིད་པའི་འདོད་ཆགས་ལ་ལྷག་པར་ཆགས་པ་དེ་དག་ལ་སྨོན་པ་མེད་པ་བསྒྲུབས་ཏེ་ཚངས་
เล่ม ๔๗ · หน้า 236a
པའི་ལམ་བསྟན་ཏོ། །དེའི་བུད་མེད་དེ་དག་སྨོན་པ་མེད་པ་བསྒྲུབས་ཏེ། ཚངས་པའི་ལམ་བསྒོམས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟར་རྒྱལ་པོ་ཀུན་ཏུ་གོ་བྱེད་དེས་ཤེས་པ་དང་ཉོན་མོངས་པ་དང་། ཡོན་ཏན་གྱི་ལས་དག་ཡང་དག་པར་རབ་ཏུ་བསྟན་པ་ན་
བུད་མེད་ཁྲི་ཕྲག་བརྒྱད་པོ་དེ་དག་འདོད་ཆགས་དང་བྲལ་བ་དག་ལ་རབ་ཏུ་བཙུད་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་
དེའི་དུས་ན། རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བར་གྱུར་ཏོ། །ཤེས་པ་ཐ་མ་དང་འབྲིང་གི་བྱེ་བྲག་ལ་མཁས། ཉོན་མོངས་པ་ཐམ་དང་འབྲིང་དག་གི་བྱེ་བྲག་ལ་མཁས་ཡོན་ཏན་ཐ་མ་དང་འབྲིང་དག་གི་བྱེ་བྲག་དག་ལ་མཁས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཆོས་
ཐམས་ཅད་ཀྱི་ཐ་མ་དང་འབྲིང་ལ་མཁས་པར་བྱའོ། །མཽད་གལ་གྱི་བུ་ངས་རིམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རིམ་པ་ཤེས་པ་ཀུན་འབྱུང་བ་
ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་ཉོན་མོངས་
པ་སྨོད་པ་ཞེས་བྱ་བ་ཞིག་བྱུང་ངོ་། །རྒྱལ་པོ་ཉོན་མོངས་པ་སྨོད་པ་དེའི་བཙུན་མོ་བུད་མེད་ཁྲི་ཕྲག་དགུ་བཅུ་བྱུང་སྟེ། གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཡིན་ནོ། །དེ་ལ་བུད་མེད་གང་དང་གང་དག་གི་མིག་གིས་མཐོང་བའི་བུད་མེད་དེ་དང་དེ་དག་ཉིད་ཉོན་
མོངས་པའི་འབྲས་བུ་དང་ལས་ཀྱི་འབྲས་བུ་ཡང་དག་པར་ཤེས་སོ། །དེ་དག་ཉོན་མོངས་པའི་འབྲས་བུ་དང་། ལས་ཀྱི་འབྲས་བུ་རིག་ནས་ཉོན་མོངས་པ་ཐམས་ཅད་ནས་ཐམས་ཅད་དུ་མི་སྐྱེ་ཞིང་། སྨད་པ་དེ་དག་ཀྱང་ཉེ་བར་ཤེས་པར་གྱུར་ཏོ། །དེས་བུད་མེད་ཁྲི་ཕྲག་དགུ་བཅུ་པོ་དག་བདག་གི་ལས་དང་།
เล่ม ๔๗ · หน้า 236b
བདག་གི་ཉོན་མོངས་པ་ཁོང་དུ་ཆུད་པར་བྱས་སོ། །དེ་བདག་གི་ལས་དང་བདག་གི་ཉོན་མོངས་པ་དེ་དག་ཡོངས་སུ་ཤེས་པ་ན། འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །དེ་དག་ལུས་ཞིག་ནས་ཤི་བའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་
དེའི་དུས་ན་རྒྱལ་པོ་ཉོན་མོངས་པ་སྨོད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཉོན་མོངས་པ་སྨོད་པ་ཞེས་བྱ་བར་གྱུར་ཏོ། །ངས་དེའི་ཚེ་བུད་མེད་ཁྲི་ཕྲག་དགུ་བཅུ་པོ་དེ་དག་ལས་དང་ཉོན་མོངས་པ་ཁོང་དུ་ཆུད་པར་
བྱས་སོ། །ཁོང་དུ་ཆུད་པ་ན་ལས་དང་ཉོན་མོངས་པ་ཡོངས་སུ་ཤེས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་སྤང་བར་བྱའོ།། །།བམ་པོ་ཉི་ཤུ་གཉིས་པ། མཽད་གལ་གྱི་བུ་ངས་རིམ་པ་ཤེས་པ་འགོག་པ་
ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་འགོག་པ་མཐོང་བ་ཞེས་བྱ་བ་ཞིག་
བྱུང་ངོ་། །དེ་ཆོས་སྐྱེ་བ་གང་དང་གང་མཐོང་བ་དེ་དང་དེ་ཉིད་ལ་འགོག་པར་རྣམ་པར་རྟོག་གོ། །དེ་འདི་སྙམ་དུ་སེམས་ཏེ། དངོས་པོ་གང་དག་ཀུན་འབྱུང་བའི་ཆོས་ཅན་དེ་དག་ཐམས་ཅད་ནི་འགོག་པའི་ཆོས་ཅན་ནོ། །འབྱོར་པ་ཡང་འགོག་པའི་ཆོས་ཅན་ཡིན་ལ། རྒུད་པ་ཡང་འགོག་པའི་ཆོས་ཅན་ནོ། །
རྙེད་པ་ཡང་འགོག་པའི་ཆོས་ཅན་ཡིན་ལ། མ་རྙེད་པ་ཡང་འགོག་པའི་ཆོས་ཅན་ནོ། །དེ་བཞིན་དུ་སྦྱར་ཏེ་གྲགས་པ་དང་། མ་གྲགས་པ་དང་། སྨད་པ་དང་། བསྟོད་པ་དང་། བདེ་བ་དང་། སྡུག་བསྔལ་བ་ཡང་འགོག་པའི་ཆོས་ཅན་ནོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་
མངོན་པར་འདུས་མ་བྱས་ན་མི་སྐྱེ་སྟེ། གང་འགོག་པའི་ཆོས་ཅན་འདི་དག་ཐམས་ཅད་དེ་ཅི་སྟེ་མངོན་པར་བསྐྱེད་པར་བྱ། གང་སྐྱེ་བ་མེད་པ་དེ་ལ་འགོག་པ་མེད། གང་འགོག་པ་མེད་པ་དེ་ལ་མྱ་ངན་མེད་ཅིང་སྨྲེ་སྔགས་འདོན་པ་མེད་དོ། །དེ་ལྟ་བས་ན་མ་བྱས་པ་ཉིད་མཆོག་ཡིན་ནོ་སྙམ་མོ། །མཽད་གལ་
เล่ม ๔๗ · หน้า 237a
གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་འགོག་པ་མཐོང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འགོག་པ་མཐོང་བ་ཞེས་བྱ་བར་གྱུར་ཏེ། དེ་ང་ཡིན་ཏེ་ད་ལྟར་བྱུང་བའི་ཆོས་ཀྱང་འགོག་པའི་
ཆོས་སུ་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་འགོག་པའི་ཆོས་དང་། ཆོས་རྣམས་ལ་སྤྱོད་པ་ཉོན་མོངས་སོ་སྙམ་མོ། །དེ་ང་ཡིན་ཏེ་སྐྱེ་བོའི་ཚོགས་མང་པོའི་ནང་དུ་འདུག་ནས་ཆོས་ཐམས་ཅད་ནི་འགོག་པའི་ཆོས་སོ་ཞེས་ཆོས་བསྟན་ཏོ། །དེས་ན་ངས་
སྔོན་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་མངོན་པར་འདུ་བྱེད་པ་མེད་པ་ལ་རབ་ཏུ་བཙུད་དོ། །ལྷ་དང་མི་རྣམས་ལ་ཡང་དག་པར་རབ་ཏུ་བསྟན་ཏེ། ངའི་ཚངས་པར་སྤྱོད་པ་རྒྱ་ཆེ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འགོག་པ་ལ་མཁས་པར་བྱའོ། །འགོག་པ་
ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །མཽད་གལ་གྱི་བུ་ངས་རིམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྒྱ་ཆེ་བ་མངོན་པར་འདུས་བྱས་
ཏེ། དེ་བཞིན་དུ་སྦྱར་རོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་རོ་མྱང་བ་དང་ཉེས་དམིགས་ལ་མཁས་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ཆོས་ཐམས་ཅད་ཀྱི་རོ་མྱང་བ་དང་ཉེས་དམིགས་ནི་རབ་ཏུ་ཤེས་ན་ངེས་པར་འབྱུང་བ་དེ་དག་རབ་ཏུ་མི་ཤེས་སོ། །
དེ་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་ལ་ངེས་པར་འབྱུང་བ་རབ་ཏུ་ཤེས་པ་སུ་ཞིག་ཡོད་སྙམ་ནས། དེའི་མཚན་མོ་ཉལ་དུ་སོང་བ་དང་། སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དག་དང་ལྡན་པ་བྱུང་ནས་དེས་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་།
སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཚུལ་བཞིན་དུ་སེམས་བསྐྱེད་པ་དེ་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཉིད་ཀྱིས་ཤེས་པར་གྱིས་ཤིག །མངོན་པར་འདུ་བྱེད་པ་མེད་པ་ནི་ངེས་པར་འབྱུང་བ་ཡིན་ཏེ། གང་མངོན་པར་འདུ་མི་བྱེད་པ་དེ་མི་འབྱུང་ངོ་། །གང་མ་
เล่ม ๔๗ · หน้า 237b
བྱུང་ན་དེ་ངེས་པར་འབྱུང་བ་ཞེས་བྱའོ། །དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སངས་རྒྱས་ཀྱི་སྐུ་དེ་ལ་ཚིགས་སུ་བཅད་དེ་གསོལ་བ། མི་མཆོག་འཇིག་རྟེན་མགོན་པོ་སྟེ། །བལྟ་ན་སྡུག་ཅིང་ཤིན་ཏུ་གསལ། །གང་དུ་སྐྱེ་བོ་
རྨོངས་པ་དག །འདི་ནི་བྱང་ཆུབ་ལམ་ལགས་སོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་རོ་མྱང་བ་དང་ཉེས་དམིགས་ལ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་རོ་མྱང་བ་དང་ཉེས་དམིགས་ལ་མཁས་པ་ཞེས་
བྱ་བར་གྱུར་ཏོ། །དེའི་ཚེ་ངས་མངོན་པར་འདུ་མ་བྱས་ཤིང་ངེས་པར་འབྱུང་བ་བསྟན་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་མངོན་པར་འདུ་མི་བྱེད་པ་ལ་མཁས་པར་བྱའོ། །མངོན་པར་འདུ་མི་བྱེད་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལ་མྱུར་དུ་ཕྱིར་མི་ལྡོག་པར་རབ་
ཏུ་གནས་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་སྔོན་གྱི་མཐའ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། ཇི་ལྟར་སྔར་བསྟན་པ་བཞིན་དུ་རྒྱ་ཆེར་བྱའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་
པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད། བསམ་གྱིས་མི་ཁྱབ་གཞལ་གྱིས་མི་ལང་། དཔག་ཏུ་མེད་བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཡོངས་སུ་རྟོགས་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་བྱེད་པ་གང་དང་གང་རྩོམ་པ་དེ་སྔོན་གྱི་མཐའ་
སོ་སོར་བརྟགས་ནས་རྩོམ་མོ། །གང་བདག་གི་ངོ་བོ་ཉིད་དབང་པོའི་བྱེ་བྲག་དེ་དག་ཐམས་ཅད་ནི་སྔོན་གྱི་ལས་ཀྱིས་བསྒྲུབས་པ་ཡིན་ཏེ། ལ་ལ་ནི་གཟུགས་ངན། ལ་ལ་ནི་གཟུགས་བཟང་། ལ་ལ་ནི་བསོད་ནམས་དང་ལྡན། ལ་ལ་ནི་བསོད་ནམས་ཆུང་། ལ་ལ་ནི་བླུན། ལ་ལ་ནི་མཁས།
ལ་ལ་ནི་བྲན། ལ་ལ་ནི་ཇོ་བོ། ལ་ལ་ནི་རབ་ཏུ་དགའ་བ་སྐྱེད། ལ་ལ་ནི་གཏི་མུག་སྐྱེད་དེ། གང་བདག་བྲན་དུ་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་འདི་བདག་དང་འཐུན་པར་མི་འགྱུར་རོ། །གཟུགས་ངན་པར་འགྱུར་བའམ། བསོད་ནམས་ཆུང་བར་འགྱུར་བ་ནས། གཏི་མུག་སྐྱེད་པར་
เล่ม ๔๗ · หน้า 238a
འགྱུར་བའི་ལས་མངོན་པར་འདུ་བྱེད་པ་འདི་ནི་བདག་དང་འཐུན་པར་མི་འགྱུར་རོ། །གང་བདག་གཟུགས་བཟང་པོར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་དང་། དབང་པོ་ཐམས་ཅད་མ་ཚང་བ་མེད་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་དེ་དག་བདག་དང་འཐུན་པར་
འགྱུར་རོ། །གང་བདག་ཡིད་ལ་གཅགས་པ་མེད་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་དེ་ཡིད་ལ་གཅགས་པ་མེད་པར་འགྱུར་བའི་ལས་མངོན་པར་འདུས་བྱས་ཏེ། དེ་བསྐལ་པ་གྲངས་མེད་པར་ནམས་ཀྱང་ཀུན་ནས་དཀྲིས་པའི་སེམས་མི་སྐྱེད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་
སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བར་གྱུར་ཏོ། །ང་སྔོན་གྱི་མཐའ་དེ་ཡོངས་སུ་རྟོག་པ་ན་ཉོན་
མོངས་པའི་ཀུན་ནས་དཀྲིས་པའམ། ཉེས་པར་སྤྱད་པའི་ཀུན་ནས་དཀྲིས་པའི་སེམས་སྔོན་མ་བྱུང་ངོ་། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སྔོན་གྱི་མཐའ་ཡོངས་སུ་བརྟག་པའི་ལས་མངོན་པར་འདུ་བྱ་ཞིང་དགེ་བ་ལ་བསྟེན་པར་བྱ། སྡིག་པ་སྤང་བར་བྱའོ། །མཽད་གལ་གྱི་བུ་སྔོན་
གྱི་མཐའ་སོ་སོར་རྟོག་པའི་བྱང་ཆུབ་སེམས་དཔའ་ནི་ཀུན་ནས་དཀྲིས་པའི་སེམས་དང་བྲལ་ཞིང་། མྱུར་དུ་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་གནས་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དོན་ནས། མངོན་པར་འདུས་བྱས་པའི་བར་
སྔ་མ་བཞིན་ནོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བ་སྡིག་པ་ཐམས་ཅད་དང་བྲལ་ཞིང་། དགེ་བའི་ཆོས་ཐམས་ཅད་ལ་མངོན་པར་དགའ་བ་ཞིག་བྱུང་ངོ་། །དེ་ཚེ་
ཐུང་བ་དག་ལ་སྨོད་ཅིང་། ཚེ་རིང་པོ་དག་ལ་མངོན་པར་དགའ། གནོད་པ་མང་པོ་དག་ལ་སྨོད་ཅིང་། གནོད་པ་ཉུང་བ་དག་ལ་མངོན་པར་དགའ། རིགས་དམའ་བ་དག་ལ་སྨོད་ཅིང་། རིགས་མཐོན་པོ་དག་ལ་མངོན་པར་དགའ། གཟི་བརྗིད་ཆུང་བ་དག་ལ་སྨོད་ཅིང་། གཟི་བརྗིད་ཆེན་པོ་དག་
เล่ม ๔๗ · หน้า 238b
ལ་མངོན་པར་དགའ། དབུལ་བ་དག་ལ་སྨོད་ཅིང་། ལོངས་སྤྱོད་ཆེན་པོ་དག་ལ་མངོན་པར་དགའ། ཤེས་རབ་ཆུང་བ་དག་ལ་སྨོད་ཅིང་། ཤེས་རབ་ཆེན་པོ་དག་ལ་མངོན་པར་དགའ། དབང་པོ་ཞན་པ་དག་ལ་སྨོད་ཅིང་། དབང་པོ་ཆེན་པོ་དག་ལ་མངོན་པར་དགའ། ཚིག་མི་སྙན་པ་དག་ལ་
སྨོད་ཅིང་། ཚིག་སྙན་པ་དག་ལ་མངོན་པར་དགའ། ཡང་དག་པ་མ་ཡིན་པའི་ཚིག་དག་ལ་སྨོད་ཅིང་། ཡང་དག་པའི་ཚིག་དག་ལ་མངོན་པར་དགའ། ཕྲ་མ་དག་ལ་སྨོད་ཅིང་ཕྲ་མ་མེད་པ་དག་ལ་མངོན་པར་དགའ། དེ་བཞིན་དུ་སྦྱར་ཏེ། ཚིག་རྩུབ་པོ་དང་། ཚིག་རྩུབ་པོ་མ་ཡིན་པ་དང་། སྡུམས་
བྱེད་པ་དང་། སྡུམས་མི་བྱེད་པ་དང་། བརྣབ་སེམས་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་དང་། གནོད་སེམས་མེད་པ་དང་། ལོག་པར་ལྟ་བ་ལ་ནི་སྨོད། ཡང་དག་པར་ལྟ་བ་ལ་ནི་མངོན་པར་བརྩོན་ཏེ། དེ་སྡིག་པ་ནི་སྤོང་། དགེ་བ་ལ་ནི་མངོན་པར་དགའ་ཞིང་། སྐྱེ་བོ་
དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་དོ། །བྱམས་པའི་སེམས་སྔོན་དུ་བཏང་བས་དེ་དག་ལ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་རབ་ཏུ་བསྟན་ཏེ། དེ་འཇིག་རྟེན་འཇིག་པ་ན་འོད་གསལ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས། འཇིག་རྟེན་ཆགས་པ་ན་ཚངས་པའི་གཞལ་
མེད་ཁང་སྟོང་པར་སྐྱེས་སོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན། རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་
ཡོངས་སུ་རྟོག་པ་ཞེས་བྱ་བར་གྱུར་ཏོ། །ང་བྱམས་པའི་སེམས་སྔོན་དུ་བཏང་ནས་སེམས་ཅན་དེ་དག་ལ་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་བྱ། མི་
གནས་པའི་ཚུལ་གྱིས་དགེ་བ་བཅུའི་ལས་ཀྱི་ལམ་བསྒོམ་པར་བྱའོ། །མཽད་གལ་གྱི་བུ་ངས་སྔོན་གྱི་མཐའ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས། མངོན་པར་འདུས་བྱས་པའི་བར་དང་། ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་
เล่ม ๔๗ · หน้า 239a
བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་བློ་གྲོས་གཙང་མ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ཉོན་མོངས་པ་གང་དང་གང་ཉིད་སྐྱེས་པ་དེ་དང་དེ་ཉིད་ལ་མི་གཙང་བའི་འདུ་ཤེས་སུ་གྱུར་ཏོ། །དེ་མི་གཙང་བར་སེམས་པ་ན་མྱུར་བ་
ཉིད་དུ་སྤོང་བར་བྱེད། སེལ་བར་བྱེད། འདོར་བར་བྱེད་དེ་དེས་མངོན་པར་མི་དགའོ། །དེ་ཡུན་མི་རིང་བར་ཉོན་མོངས་པ་ཐམས་ཅད་ལ་ཤིན་ཏུ་མི་སྤྱོད་པར་འགྱུར་ཏེ། དག་པ་རྣམ་པར་བྱང་བའི་ཕྱོགས་ཉིད་ལ་གནས་པར་གྱུར་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དེ་དག་
ཐམས་ཅད་དེ་ལ་གཞོལ་བར་གྱུར་ཏེ། དེ་ལ་འབབ་དེ་ལ་བབ་སྟེ། ཐ་ན་རྩྭའི་ལྷ་ཡང་དེ་ལ་གཞོལ་བར་གྱུར་དེ་ལ་འབབ་དེ་ལ་བབ་བོ། །དེར་སྐྱེ་བོ་ཐམས་ཅད་ལས་བདག་གིར་བྱ་བའི་ཤེས་པ་ལ་བཙུད་དེ། ཇི་ལྟར་ལས་བྱས་པ་དག་གི་རྣམ་པར་སྨིན་པ་འགྲུབ་པ་འདིར་སྐྱེ་བོ་ཐམས་ཅད་ལ་མངོན་
སུམ་ཡིན་ན་མི་རིགས་པས་ཡོངས་སུ་བསྒྱུར་ནས་བདག་གི་ལས་ཀྱི་འབྲས་བུ་ཆུད་གཟོན་ཏོ། །དེས་སྐྱེ་བོ་དེ་དག་ལས་བདག་གིར་བྱ་བ་ཤེས་པ་ལ་བཙུད་ཅིང་། ལས་བདག་གིར་བྱ་བ་ཤེས་པ་ལ་རབ་ཏུ་བཀོད་དེ། ཤེས་པའི་གཉེན་པོ་སྐྱེས་ནས་ཕལ་ཆེར་ལུས་ཞིག་ནས་ཤིའོ། །ཤི་ནས་ཚངས་པའི་
འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་བློ་གྲོས་གཙང་མ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ང་དྲང་སྲོང་བློ་གྲོས་གཙང་མ་ཞེས་བྱ་བར་གྱུར་ཏོ། །ངས་སྐྱེ་བོ་དེ་དག་ལས་
བདག་གིར་བྱ་བ་ཤེས་པ་ལ་བཙུད་ཅིང་རབ་ཏུ་བཀོད་དེ། དེ་ཤེས་པའི་གཉེན་པོ་སྐྱེས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ལས་བདག་གིར་བྱ་བར་ཤེས་པ་ལ་རབ་ཏུ་གནས་པར་བྱའོ། །མཽད་གལ་གྱི་བུ་ངས་སྔོན་གྱི་མཐའ་ཤེས་པ་འགོག་
པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་པ་ནས། ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་། གྲངས་མེད་པ་དེའི་
เล่ม ๔๗ · หน้า 239b
ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ལམ་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། སའི་མཐའ་རྒྱ་མཚོར་བཅས་པ་བཏང་ནས་རབ་ཏུ་བྱུང་ངོ་། །དེ་ཚལ་གྱི་ནང་དུ་སོང་སྟེ། ཤིང་ལྗོན་པ་ལ་རྟོག་པ་ན་དེ་འདི་སྙམ་དུ་སེམས་ཏེ། ཤིང་ལྗོན་པ་འདི་ཡུན་མི་རིང་བར་ས་ལ་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།
བསགས་པ་ཐམས་ཅད་ཀྱི་མཐའ་ཟད་པ་ཡིན་ལ། མཐོ་བ་དག་ནི་ལྟུང་བ་ཡིན་ཏེ། གང་མཐོ་བ་ལས་མི་ལྟུང་བའི་ཐབས་གང་ཞིག་ཡོད་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཐབས་མེད་དོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གང་དག་མི་མཐོ་བ་དེ་མི་ལྟུང་ངོ་སྙམ་མོ། །དེ་འདི་སྙམ་
དུ་སེམས་ཏེ། ང་རྒྱལ་གྱིས་མཐོ་བར་འགྱུར་ཏེ། ང་རྒྱལ་མེད་ན་མཐོ་བ་མེད་དོ་སྙམ་ནས། དེ་ང་རྒྱལ་སྤང་བའི་ཕྱིར་ཆོས་སྟོན་ཏེ། ང་རྒྱལ་སྤང་བའི་ཕྱིར་ཆོས་བསྟན་ནས་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་སྙིང་རྗེ་དང་ལྡན་པའི་སེམས་
ཀྱིས་སེམས་ཅན་དེ་དག་ལ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་རབ་ཏུ་བསྟན་ནས། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ལམ་བྱིན་ཞེས་བྱ་བར་གྱུར་པ་གང་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་དེ་དག་ལ་
དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་རབ་ཏུ་བསྟན་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་རབ་ཏུ་
བསྟན་པར་བྱ་སྟེ། དེ་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་གནས་ཤེས་པར་བྱ་བའི་དོན་དུ་འདས་པའི་དུས་ནས་དེ་བཞིན་དུ་སྦྱར་ཏེ། མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ཤིན་ཏུ་ཁྲིད་བྱེད་ཅེས་བྱ་བ་ཕྱི་རོལ་གྱི་
ལམ་གྱིས་འདོད་པ་དག་གི་འདོད་ཆགས་དང་བྲལ་བ་ལྔ་མངོན་པར་ཤེས་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། གང་གིས་སེམས་ཅན་འདི་དག་གི་སྐྱེ་བ་ཡང་ཐ་དད་པ་ཉིད་དུ་སྣང་། རིགས་ཀྱང་ཐ་དད་པ་ཉིད་དུ་སྣང་། རུས་ཀྱང་ཐ་དད་པ་ཉིད་དུ་སྣང་བའི་རྒྱུ་ནི་གང་རྐྱེན་ནི་གང་ཡིན་སྙམ་མོ། །
เล่ม ๔๗ · หน้า 240a
དེ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་རབ་ཏུ་སྤྱོད་པ་ལས་གཞན་མ་ཡིན་ཏེ། ཇི་ལྟ་བུའི་ཉོན་མོངས་པ་རབ་ཏུ་སྤྱོད་ན། དེ་ལྟ་བུའི་ལས་མངོན་པར་འདུ་བྱེད་དོ། །ཇི་ལྟ་བུའི་ལས་མངོན་པར་འདུ་བྱེད་ན། དེ་ལྟ་བུའི་རྣམ་པར་སྨིན་པ་འགྲུབ་པར་འགྱུར་ཏེ། རྒྱུ་ལས་དང་ཉོན་མོངས་
པ་ཡིན་ནོ། །ཉོན་མོངས་པ་དེ་གང་གི་ཡིན། ལས་མངོན་པར་འདུ་བྱེད་པ་དེ་ཡང་གང་གི་ཡིན། རྣམ་པར་སྨིན་པ་དེ་ཡང་སུ་ཞིག་གིས་མྱོང་བར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཚོགས་འདུས་པའི་དབང་གིས་ལས་མངོན་པར་འདུ་བྱེད་པ་ལས་གཞན་མ་ཡིན་ཏེ། དེ་ལ་ཉོན་མོངས་
པ་ནི་བདག་གིས་ལས་བསྐྱེད་པར་བྱའོ་སྙམ་དུ་མི་སེམས། ལས་ཀྱང་བདག་གིས་རྣམ་པར་སྨིན་པར་འགྲུབ་པར་བྱའོ་སྙམ་དུ་མི་སེམས། རྣམ་པར་སྨིན་པ་ཡང་བདག་གིས་གང་ཞིག་རྣམ་པར་སྨིན་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་མེད་པའི་ཆོས་ལ་བདག་གོ་སྙམ་དུ་ཡོངས་སུ་བཟུང་ནས། སྡུག་
བསྔལ་གྱི་ཚོགས་དང་སྦྲེལ་ཏོ། །སྡུག་བསྔལ་དེ་གང་ནས་ཀྱང་མ་བྱུང་། གང་གི་ཡང་མ་ཡིན་སུས་ཀྱང་མ་བསྐྱེད། ཅུང་ཟད་ཀྱང་ཡོངས་སུ་བཟུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ཞིག་བདག་གོ་སྙམ་པ་དེ་ནི་མེད་དེ་མེད་པ་ལ་མངོན་པར་ཞེན་ཏོ། །གང་བདག་མེད་པ་ལ་མངོན་པར་ཞེན་པ་དེ་
བདག་ཉིད་ཆུད་གཟོན་ཏེ། བདག་མེད་པའི་ཆོས་དག་ལ་བདག་ཏུ་མངོན་པར་ཞེན་ཏོ། །དེ་བདག་ཏུ་མངོན་པར་ཞེན་ནས་སྡུག་བསྔལ་ཞེས་རྟོག་པར་བྱེད། གཙང་བ་དང་རྟག་གོ་ཞེས་རྟོག་པར་བྱེད་དོ། །གང་མེད་པའི་ཆོས་ལ་དེ་བདག་མེད་པ་དང་། མི་རྟག་པ་དང་མི་བདེ་བ་དང་མི་གཙང་བར་དེ་བཟོད་པ་འདི་
དག་ཐོབ་ནས་བསྐལ་པ་གྲངས་མེད་པར་ནམས་ཀྱང་བདག་ཏུ་མངོན་པར་མ་ཞེན་ཏོ། །དེས་སེམས་ཅན་གྲངས་མེད་པ་དག་བདག་ཏུ་མངོན་པར་ཞེན་པ་ལས་བསྐྱོད་ནས་སྟོང་པ་ཉིད་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཤིན་ཏུ་ཁྲིད་བྱེད་ཅེས་བྱ་བར་གྱུར་པ་དེ་
གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤིན་ཏུ་ཁྲིད་བྱེད་ཅེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་དེ་དག་བདག་ཏུ་འདུ་ཤེས་པ་ལས་བསྐྱོད་ནས་སྟོང་པ་ཉིད་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་ཇི་ཙམ་དུ་དེ་བཞིན་གཤེགས་པས་འདི་ལྟ་སྟེ། ཆོས་ཐམས་
เล่ม ๔๗ · หน้า 240b
ཅད་མཉམ་པ་ཉིད་དུ་དེ་དག་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན། སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་བདག་ཏུ་རྟོག་པར་བྱེད། རྟག་པ་དང་གཙང་བར་རྟོག་པར་བྱེད་དེ། བདག་ཉིད་སྡུག་བསྔལ་གྱི་ཚོགས་དང་། སྦྲེལ་བ་ལ་ལྟོས། འདི་ལྟ་སྟེ་དཔེར་ན། དར་གྱི་སྲིན་བུ་ནི་བདག་ཉིད་
ཀྱིས་བདག་དཀྲིས་ཏེ་མེས་སྲེག་ཅིང་འབར་བ་ན་རང་གི་སྲིན་བལ་ཡང་དག་པར་བྱུང་བ་དེ་ཉིད་ཀྱིས་སྲེག་གོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རང་ལས་ཡང་དག་པར་བྱུང་བའི་སྡུག་བསྔལ་གྱི་ཚོགས་དེས་སྲེག་གོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ལས་མངོན་པར་འདུ་བྱེད་པ་ནི་
འཆིང་བར་བལྟའོ། །མེ་དེ་ལ་མངོན་པར་ཞེན་ཅིང་ཀུན་ཏུ་འདོད་ཆགས་པ་དེས་སེམས་ཅན་དག་སྲེག་སྟེ། དེ་དག་སྲེག་པ་ན་སེམས་ཅན་དག་མ་རིག་པའི་སྒྲིབ་པས་སྲེག་པ་ལ་ཡང་དག་པར་སྦྱར་བའི་སྔོན་གྱི་མཐའ་མི་ཤེས་སོ། །མངོན་པར་ཞེན་པ་དང་། ཀུན་ཏུ་ཆགས་པ་ལ་མཁས་པའི་བྱང་
ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་ཅིང་མྱུར་དུ་ཆོས་ཉིད་ཐོབ་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་
གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་
རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་གནས་འགོག་པ་ལ་མཁས་པ་ཞེས་བྱ་བ་སྲིད་པ་དང་འགྲོ་བའི་འཆིང་བ་དང་། སྐྱེ་བ་ཐམས་ཅད་ལ་མི་གནས་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ཐམས་ཅད་ནི་ཆོས་རྣམས་ཀྱི་རང་བཞིན་མ་ཤེས་པས་ཉོན་མོངས་སོ།
དེ་དག་རང་བཞིན་མེད་པའི་ཆོས་རྣམས་ལ་མངོན་པར་ཞེན་ནས། བདག་ཉིད་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་འཛིན་ཏོ། །བདག་ཉིད་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་བཟུང་བས་བདག་ཉིད་སྡུག་བསྔལ་མྱོང་ངོ་། །སྙམ་ནས་དེ་རང་བཞིན་མེད་པའི་ཆོས་ཐམས་ཅད་རིག་ཅིང་མངོན་པར་འདུ་བྱེད་པའི་རྒྱུ་
เล่ม ๔๗ · หน้า 241a
ཡོངས་སུ་ཤེས་སོ། །མངོན་པར་འདུ་བྱེད་པའི་རྒྱུ་ཡོངས་སུ་ཤེས་ནས། ཤེས་པའི་རྒྱུ་སྤེལ་ཅིང་མི་ཤེས་པའི་རྒྱུ་ཡང་དག་པར་བཅད་དོ། །མི་དགེ་བའི་ཆོས་ཐམས་ཅད་ནས་ཐམས་ཅད་དུ་ཡང་དག་པར་གཅད་པའི་ཕྱིར་ཞུགས་ཤིང་། དགེ་བའི་ཆོས་རྣམ་པར་འཕེལ་བར་བྱ་བ་ལ་ཡང་
ཞུགས་སོ། །དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་ཡོངས་སུ་སྨིན་པར་བྱས་སོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་གནས་ཤེས་པ་འགོག་པ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་
སྟེ་ང་དེར་གྱུར་ཏོ། །ངས་སེམས་ཅན་དཔག་ཏུ་མེད་པ་དེ་དག་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་ཡོངས་སུ་སྨིན་པར་བྱས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པར་བྱའོ། །གནས་ཤེས་པ་ཀུན་འབྱུང་བ་
ཤེས་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཕྱིར་མི་ལྡོག་པའི་ཆོས་རྣམས་ལ་རབ་ཏུ་གནས་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་གནས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་དུ་སྦྱར་ཏེ། དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་ས་འཛིན་ཅེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་སེམས་
ཅན་རྣམས་ལ་སྙིང་བརྩེ་བ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། དེ་ཅིའི་ཕྱིར་སེམས་ཅན་འདི་དག་སྡུག་བསྔལ་མི་ཟད་པ་མྱོང་། དེ་ཅིའི་ཕྱིར་འདི་དག་གྲོལ་བ་རྣམས་ཀྱི་ཐར་བར་འགྱུར་སྙམ་ནས། དེ་སེམས་ཅན་དེ་དག་གི་སྔོན་གྱི་ལས་མངོན་པར་འདུ་བྱེད་པ་ཡོངས་སུ་རྟོག་གོ །དེ་སེམས་ཅན་ཁ་ཅིག་
ཀུན་ཏུ་འབར་བ་དག་གིས་བདག་གི་ངོ་བོ་རབ་ཏུ་འབར་ཞིང་ཤིན་ཏུ་འབར་བར་གྱུར་ནས་རྒྱུག་རབ་ཏུ་རྒྱུག་ཅིང་ཉམ་ཐག་པའི་སྐད་འབྱིན་པ་མཐོང་ངོ་། །སེམས་ཅན་ཁ་ཅིག་བྱའི་ཚོགས་ཀྱིས་གཙེས་ཏེ། ཉམ་ཐག་པའི་སྐད་འབྱིན་ཅིང་རྒྱུག་རབ་ཏུ་རྒྱུག་པ་མཐོང་ངོ་། །སེམས་ཅན་ཁ་ཅིག་སྲིན་བུ་དག་གིས་ཟོས་ནས།
เล่ม ๔๗ · หน้า 241b
ཉམ་ཐག་པའི་སྐད་འབྱིན་ཅིང་རྒྱུག་རབ་ཏུ་རྒྱུག་པ་མཐོང་ངོ་། །སེམས་ཅན་ཁ་ཅིག་དྲི་ང་བས་ཁྱབ་ནས། ཉམ་ཐག་པའི་སྐད་འབྱིན་ཅིང་རྒྱུག་རབ་ཏུ་རྒྱུག་པར་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། གནས་ལ་མངོན་པར་ཞེན་པའི་རྒྱུ་དང་། ལས་མངོན་པར་འདུ་བྱེད་པའི་རྒྱུས་སེམས་ཅན་འདི་དག་
སྡུག་བསྔལ་སྣ་ཚོགས་མྱོང་ངོ་སྙམ་མོ། །དེ་སེམས་ཅན་གང་མི་རིགས་པ་ལ་ཡང་དག་པར་རབ་ཏུ་གནས་པར་མིག་གིས་མཐོང་བའི་སེམས་ཅན་དེ་དག་ལ་གནས་ཀྱི་སྐྱོན་དེ་དག་ཡང་དག་པར་སྟོན་ཏེ། ཁྱེད་ཅག་བདག་གི་གནས་དག་ལ་དགའ་བར་ཡང་དག་པར་རབ་ཏུ་བལྟས་པས་བདག་ལ་དགའ་
བའི་རྒྱུས་སྡིག་པའི་ལས་འདི་དག་མངོན་པར་འདུས་བྱས་སོ། །གང་མངོན་པར་འདུས་བྱས་པའི་རྒྱུས་ལུས་ཀུན་ཏུ་འབར་ལ་རྒྱུག་རབ་ཏུ་རྒྱུག་གོ། །བྱའི་ཚོགས་དག་གིས་གཙེས་ཤིང་རྒྱུག་རབ་ཏུ་རྒྱུག །སྲིན་བུའི་ཚོགས་དག་གིས་ཟོས་ཤིང་རྒྱུག་རབ་ཏུ་རྒྱུག་གོ། །དྲི་ང་བས་ཁྱབ་ཅིང་རྒྱུག་
རབ་ཏུ་རྒྱུག་སྟེ། དེ་དག་བདག་གི་ངོ་བོ་སོ་སོར་འདོད་པས་སྡུག་བསྔལ་ཉིད་ཡང་དག་པར་བསྐྱེད་པ་ལ་མ་གཏོགས་པར་བདེ་བ་ཅུང་ཟད་ཀྱང་རྗེས་སུ་མ་ཐོབ་བོ། །སོ་སོར་འཛིན་པའི་རྒྱུས་སྡིག་པའི་ལས་འདི་དག་མངོན་པར་འདུས་བྱས་སོ། །གང་རྣམ་པར་སྨིན་པ་འདི་མྱོང་ངོ་། །ཁྱེད་
ཅག་ལུས་ལ་མི་ཟད་པའི་འདུ་ཤེས་ཉེ་བར་ཞོག་ཤིག །མངོན་པར་ཞེན་པ་མེད་པའི་འདུ་ཤེས་ཀྱང་ཉེ་བར་ཞོག་ཤིག །མི་གཙང་བའི་འདུ་ཤེས་ཀྱང་ཉེ་བར་ཞོག་ཤིག་དང་ལེགས་སོ། །དེ་ཆོས་བསྟན་པ་དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་རྗེས་སུ་ཐོབ་བོ། །
མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ས་འཛིན་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ས་འཛིན་ཅེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་ཡོངས་སུ་འཛིན་པ་དེ་ལས་བཟློག་
ནས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཡོངས་སུ་འཛིན་པ་མེད་པ་ལ་བསླབ་པར་བྱའོ། །ཡོངས་སུ་འཛིན་པ་མེད་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་
เล่ม ๔๗ · หน้า 242a
གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་མངོན་པར་འདུས་བྱས་པའི་བར་དང་། ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་
དྲང་སྲོང་སྲིད་པ་ཤེས་པ་རྟོགས་པ་ཞེས་བྱ་བ་ཞིག་བྱུང་སྟེ། བྱས་པ་དང་ལྡན་པ། ཀུན་ཤེས་པ་དང་། ཚོར་བ་ཤེས་པ་དང་། ཚོར་བ་པོ་ཤེས་པ་དང་། འདུ་བྱེད་ཤེས་པ་དང་། བྱེ་བྲག་ཤེས་པ་དང་། དགེ་བ་ཤེས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་ཤེས་པ་དང་། ཁ་ན་མ་ཐོ་བ་མེད་པ་ཤེས་
པ་དང་། བྱས་པ་ཤེས་པ་དང་། དེ་ལས་གཞན་པ་འཇིག་རྟེན་པའི་བཟོའི་གནས་དང་། ལས་ཀྱི་གནས་རྣམས་ལ་བསླབས་པར་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བཟོ་གང་ལ་བསླབས་པས་སྐྱེ་བ་མེད། འཇིག་པ་མེད། འཆི་བ་མེད། མི་དགའ་བ་མེད་པ་ཡང་དག་པར་རབ་ཏུ་སྦྱང་ཞིང་།
མི་དགའ་བ་དང་བྲལ་བའི་བཟོ་ཅུང་ཟད་ཡོད་དོ་སྙམ་མོ། །དེ་དེ་ལྟར་སོ་སོར་རྟོག་པ་ན་བཟོ་ཅུང་ཟད་ཀྱང་མ་དམིགས་ཏེ། གང་ལ་སློབ་པ་ན་སྐྱེ་བ་མེད། འཇིག་པ་མེད། འཆི་བ་མེད། སྐྱེས་པ་མེད་དོ། །དེ་འདི་སྙམ་དུ་སེམས་ཏེ། བྱ་བ་འདི་དག་ཐམས་ཅད་ནི་རྫ་མཁན་གྱི་སྣོད་དང་འདྲ་སྟེ། སེམས་
ཅན་ཡང་མེད། འཆི་བ་ཡང་ཤེས་སོ། །གལ་ཏེ་སེམས་ཅན་དག་མངོན་པར་འདུ་མི་བྱེད་ན་འཆི་བ་མེད་ཅིང་སྐྱེས་པ་མེད་དོ་སྙམ་ནས། དེ་དེའི་ཚེ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་པས་སེམས་ཅན་རྣམས་ཀྱི་ལུས་ཐ་དད་པ་རྗེས་སུ་དྲན་ནོ། །དེ་སངས་རྒྱས་
ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་རེ་རེའི་བདག་གི་ངོ་བོ་ཐ་དད་པ་རྗེས་སུ་དྲན་ནོ། །རྒྱུ་གང་དང་རྐྱེན་གང་དག་གིས་བདག་གི་ངོ་བོ་གྲུབ་པ་དེ་དག་ཐམས་ཅད་རྗེས་སུ་དྲན་ཞིང་། དམིགས་པ་གང་གིས་བདག་གི་ངོ་བོ་ཐ་དད་པ་དེ་དག་ཐམས་ཅད་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། གང་
གིས་བདག་གི་ངོ་བོ་མངོན་པར་འགྲུབ་པར་མི་འགྱུར་བའི་ཤེས་པ་དེ་གང་ལས་འཐོབ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། མངོན་པར་འདུ་མི་བྱེད་པ་ལས་གཞན་མ་ཡིན་ཏེ། གང་ཞིག་མངོན་པར་འདུ་མི་བྱེད་ན་དེ་ཐ་དད་པར་འགྱུར་བ་མེད་ན་ཡང་། རྒྱུ་མངོན་པར་འདུ་བྱེད་པ་ལྟ་ག་ལ་ཡོད་སྙམ་མོ། །
เล่ม ๔๗ · หน้า 242b
དེ་འདི་སྙམ་དུ་སེམས་ཏེ། མ་རིག་པ་དང་སྲེད་པ་ལས་གཞན་མ་ཡིན་ཏེ། སྲེད་པའི་རྒྱུས་ལས་མངོན་པར་འདུ་བྱེད་དེ། སྐྱོན་དེ་དག་རབ་ཏུ་མི་ཤེས་སོ། །སྲེད་པ་འགགས་ན་ལས་མངོན་པར་འདུ་མི་བྱེད་དེ། ཤེས་པ་དེ་ཡང་རབ་ཏུ་མི་ཤེས་སོ། །དེ་ལྟ་བས་ན་མཁས་པས་ཡེ་ཤེས་ཀྱི་སྣང་བ་བྱའོ། །
ཡེ་ཤེས་ཀྱི་སྣང་བའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་གནས་པར་འགྱུར་རོ་སྙམ་མོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ཤེས་པ་རྟོགས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན།
ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ཤེས་པ་རྟོགས་པ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཤེས་པ་རྟོགས་པར་བྱའོ། །དངོས་པོ་ཤེས་པ་རྟོགས་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་གནས་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་
ཕྱི་མའི་མཐའ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཕྱི་མའི་མཐའ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་
མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་གཙོ་བོ་བློ་གྲོས་དྲང་པོ་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་རྩོད་པ་གཅོད་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་རྟོག་པ་སྨྲས་པ་ཙམ་ཉིད་ཀྱིས་
སྨྲས་པ་འདི་དག་ནི་རྒྱལ་ལོ། །སྨྲས་པ་འདི་དག་ནི་མི་རྒྱལ་ལོ་ཞེས་ཡང་དག་པར་རབ་ཏུ་ཤེས་པ་ཞིག་བྱུང་ངོ་། །དེ་ཡང་ལུས་དང་སེམས་ཀྱི་སྤྱོད་ལམ་མཆོག་ཏུ་མཛེས་ཏེ། དེ་བལྟ་བའི་ཕྱིར་མཐོང་བ་ཙམ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་མིག་འཆིང་ངོ་། །གཙོ་བོ་བློ་གྲོས་དྲང་པོ་དོན་
བྱ་བའི་ཕྱིར་ལངས་ནས་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་འཇོག་ལ་ཞུགས་པ་དང་། དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་འདི་ཐོབ་ནས། ཇི་ལྟར་སེམས་མཉམ་པར་བཞག་པས་ལྷའི་མིག་ཐོབ་བོ། །དེ་ལྷའི་མིག་གིས་སེམས་ཅན་དག་འཆི་བ་དང་། སྐྱེ་བ་དང་། བདེ་འགྲོ་དང་།
เล่ม ๔๗ · หน้า 243a
ངན་འགྲོར་སྐྱེས་པ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་ཆོས་དེ་གང་ཡིན་སྙམ་པ་དང་། གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དེ་འདི་ཡིན་ཞེས་མ་དམིགས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་འདི་
དག་གི་རང་གི་ངོ་བོ་ནི་ཆུ་ཟླ་ལྟ་བུ་སྟེ། འདི་ལྟ་སྟེ་དཔེར་ན་ཆུའི་ནང་དུ་ཟླ་བ་སོང་བ་དང་། ཆུ་ཟླའི་དཀྱིལ་འཁོར་དུ་རྣམ་པར་རིག་པ་ཡང་སྣང་ངོ་། །དེ་བཞིན་དུ་ཆོས་འདི་དག་ཐམས་ཅད་ཀྱང་ཆུ་ཟླ་དང་འདྲ་སྟེ། ཆོས་རྣམས་ཀྱི་འཕོ་བ་ཡང་མེད་ལ། འཇིག་རྟེན་ཕ་རོལ་ཏུ་རྣམ་པར་རིག་པར་ཡང་སྣང་
སྟེ། གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་ལས་འདི་ན་ཆུང་ཟད་ཀྱང་མེད་དོ་སྙམ་མོ། །དེའི་ཚེ་སྐྱེ་བོ་དག་ཆུ་ཟླ་ལྟ་བུའི་ཆོས་ཐམས་ཅད་ལ་བཙུད་ཅིང་རབ་ཏུ་བཀོད་དོ། །དེའི་སྐྱེ་བོ་དེ་དག་ཆུ་ཟླ་ལྟ་བུའི་ཆོས་ཐམས་ཅད་རྟོགས་ནས། ཕྱིར་མི་ལྡོག་པའི་ཆོས་ལ་རབ་ཏུ་གནས་སོ། །
མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཙོ་བོ་བློ་གྲོས་དྲང་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་གཙོ་བོ་བློ་གྲོས་དྲང་པོ་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་
དོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་དཔག་ཏུ་མེད་པ་དག་གི་དོན་བྱས་ནས་སེམས་ཅན་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་
འདས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཆུ་ཟླའི་ངོ་བོ་ལྟ་བུར་མོས་པར་བྱའོ། །ཆོས་ཐམས་ཅད་ཆུ་ཟླའི་ངོ་བོ་ལྟ་བུར་མོས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་ཕྱི་མའི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་
བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་པ་ནས་དེ་བཞིན་སྦྱར་རོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཚེ་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དྲང་སྲོང་ལྷ་བཟང་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་
เล่ม ๔๗ · หน้า 243b
གཟི་བརྗིད་ཆེ་ལ་མཐུ་ཆེ་བ་ཕྱི་རོལ་གྱི་ལམ་གྱིས་འདོད་པ་དག་གི་འདོད་ཆགས་དང་བྲལ་བ་ལྔ་མངོན་པར་ཤེས་པ་ཞིག་བྱུང་ངོ་། །དེ་ནས་རྒྱལ་པོ་དྲང་སྲོང་ལྷ་བཟང་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་འཇོག་ལ་ཞུགས་ནས་འདི་སྙམ་དུ་སེམས་སོ། །བདག་གིས་འདིར་སེམས་ཅན་དག་འཆི་བ་དང་།
སྐྱེ་བ་དང་། ངན་པ་དང་། བཟང་པོ་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བ་མཐོང་བ་དེའི་རྒྱུ་ནི་གང་རྐྱེན་ནི་གང་ཡིན་གང་གིས་སེམས་ཅན་དེ་དག་ལུས་གཅིག་པོ་ཤི་ནས་སྐྱེ་བ་ཞེས་བྱ་བ་སྣང་སྟེ། ལ་ལ་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། ལ་ལ་ནི་དུད་འགྲོའི་སྐྱེ་གནས་སུ། ལ་ལ་ནི་
གཤིན་རྗེའི་འཇིག་རྟེན་དུ། ལ་ལ་ནི་ལྷ་མ་ཡིན་གྱི་རིས་སུ། ལ་ལ་ནི་ཚངས་པར། ལ་ལ་ནི་རྒྱལ་རིགས་སུ། ལ་ལ་ནི་རྗེའུ་རིགས་སུ། ལ་ལ་ནི་དམངས་རིགས་སུ། ལ་ལ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་རྒྱལ་པོ་ལྷ་རྣམས་སུ། ལ་ལ་ནི་ལྷ་མཐུ་བོ་ཆེ། ལ་ལ་ནི་ལྷའི་རྒྱལ་པོའི་ཡོངས་སུ་སྤྱོད་
པ་པ། ལ་ལ་ནི་སུམ་ཅུ་རྩ་གསུམ་དུ། ལ་ལ་ནི་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་རྣམས་སུ། ལ་ལ་ནི་མི་ལས་ཤི་ནས་ཚངས་པར་སྐྱེ། ལ་ལ་ནི་ཚངས་རིས་དང་ཚངས་པའི་མདུན་ན་འདོན་དང་ཚངས་འཁོར་དང་། ཚངས་པ་ཆེན་པོ་རྣམས་སུ། དེ་
བཞིན་དུ་འོད་དང་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་ནས་དགེ་རྒྱས་ཀྱི་བར་དུའོ། །ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། མི་ཆེ་བ་དང་མི་གདུང་བ་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ། ལ་ལ་ནི་ནམ་མཁའ་མཐའ་ཡས་
སྐྱེ་མཆེད་དུ། ལ་ལ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ། ལ་ལ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པའི་བྱེ་བྲག་དང་། ལས་ཀྱི་བྱེ་བྲག་དང་། སྐྱེ་བའི་བྱེ་བྲག་ལས་གཞན་མ་ཡིན་ཏེ། ཉོན་མོངས་པའི་
རྒྱུ་མངོན་པར་གྲུབ་ན་ལས་ཀྱི་རྒྱུ་མངོན་པར་གྲུབ་ཅིང་། ལས་ཀྱི་རྒྱུ་སྐྱེའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཉོན་མོངས་པར་མ་གྱུར་ན་ལས་མངོན་པར་འདུ་བྱེད་པར་མི་འགྱུར་ལས་མངོན་པར་འདུ་བྱེད་པ་མེད་ན་སྐྱེ་བར་མི་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལས་གོང་ན་ཆེས་ཞི་
เล่ม ๔๗ · หน้า 244a
བའམ། ཆེས་གྱ་ནོམ་པ་ཅི་ཡོད་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱས་པས་འདུ་ཤེས་ཀྱི་ཚོར་བ་འགགས་ཤིང་སྙོམས་པར་འཇུག་པ་དག་ལ་སེམས་རབ་ཏུ་འཇོག་གོ། །དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐམས་ཅད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་
ཀྱི་ཚོར་བ་འགགས་ཤིང་སྙོམས་པར་འཇུག་པ་ལ་ཉེ་བར་ཞུགས་སོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་དབུགས་ཕྱུང་སྟེ། སྡུག་བསྔལ་འདི་ལས་ངེས་པར་འབྱུང་བ་ཡོད་དོ་སྙམ་ནས། དེའི་ཚེ་སྐྱེ་བོའི་ཚོགས་མང་པོའི་ནང་དུ་འདུག་ནས་འདུ་ཤེས་ཀྱི་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་
པ་སྟོན། གྲོགས་པོ་དག་གང་ཏིང་ངེ་འཛིན་འདི་ལྟ་བུ་ཤེས་ན་དེ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། མ་རྟོགས་པ་ཡང་རྟོགས་པར་འགྱུར་རོ། །དེའི་ཚེ་དེའི་འཁོར་བཞི་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་
གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ལྷ་བཟང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ་ང་དེར་གྱུར་ཏོ། །ངས་འཁོར་བཞི་པོ་དེ་དག་འདུ་ཤེས་ཀྱི་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་ཐོས་ནས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་གལ་གྱི་
བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདུ་བྱེད་དག་ལས་ངེས་པར་འབྱུང་བར་བལྟ་བར་བྱའོ། །འདུ་བྱེད་དག་ལས་ངེས་པར་འབྱུང་བར་ལྟ་བའི་བྱང་ཆུབ་སེམས་དཔའ་ནི་ལས་ཀྱི་སྒྲིབ་པ་རི་རབ་ཙམ་ཡོད་ཀྱང་སེམས་བསྐྱེད་པ་གཅིག་གིས་སེལ་བར་བྱེད། འཇིག་པར་བྱེད།
འཐོར་བར་བྱེད། འཇོམས་པར་བྱེད་དོ། །མཽད་གལ་གྱི་བུ་ངས་ཕྱི་མའི་མཐའ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་མངོན་པར་འདུས་བྱས་པའི་བར་དུའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་
གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ཆེན་པོ་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ་ཕྱི་རོལ་གྱི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ་། །དེས་བསམ་གཏན་དང་པོ་ལ་གནས་ནས་མངོན་པར་ཤེས་པ་ལྔ་བསྒྲུབས་སོ། །དེ་འདི་སྙམ་དུ་སེམས་ཏེ།
เล่ม ๔๗ · หน้า 244b
བསམ་གཏན་དང་པོ་ལ་གནས་ན་འདུ་བྱེད་ཐམས་ཅད་ལས་ངེས་པར་འབྱུང་བ་རྗེས་སུ་འཐོབ་པར་ནུས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བསམ་གཏན་དང་པོ་འདི་ལ་རོ་མྱང་བར་བྱ་བ་ཡོད། ཉེས་དམིགས་ཡོད། ངེས་པར་འབྱུང་བ་ཡོད་ཅིང་། དེ་འདིར་རོ་མྱང་བ་དང་ཉེས་དམིགས་དང་། ངེས་པར་
འབྱུང་བ་དམིགས་ཏེ། དེ་ལ་འདུ་བྱེད་ཐམས་ཅད་ལས་ངེས་པར་འབྱུང་བ་ཡོད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་གཞི་གཅིག་ལ་ངེས་པར་འབྱུང་བ་ཕུན་སུམ་ཚོགས་པ་རོ་མྱང་བ་དང་། ཉེས་དམིགས་དང་ངེས་པར་འབྱུང་བ་མིག་གི་སྐྱེ་མཆེད་ལ་རོ་མྱང་བ་དང་། ཉེས་དམིགས་
དང་ངེས་པར་འབྱུང་བ་ནས། ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་སྐྱེ་མཆེད་ལ་རོ་མྱང་བ་དང་། ཉེས་དམིགས་དང་ངེས་པར་འབྱུང་བ་ཡོད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་རོ་མྱང་བ་དང་། ཉེས་དམིགས་
དང་། ངེས་པར་འབྱུང་བར་རྣམ་པར་རིག་པར་བྱའོ་སྙམ་མོ། །ད་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་འདུག་སྟེ། སེམས་ཅན་རྣམས་ལ་མི་སྐྱེ་བའི་
བཟོད་པ་ཐོབ་པའི་ཆོས་སྟོན་པ་ན་དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་བཟོད་པ་ལ་བཙུད་དོ། །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་
དུས་ན་དྲང་སྲོང་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བར་གྱུར་ཏོ། །ངས་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ་ལ་མངོན་པར་བརྩོན་པར་བྱ། གཞན་དག་ལ་ཡང་
མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་བྱ་བའི་ཕྱིར་ཆོས་བསྟན་པར་བྱའོ། །མཽད་གལ་གྱི་བུ་ངས་ཕྱི་མའི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་
เล่ม ๔๗ · หน้า 245a
སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་གདོལ་པ་ཡིད་འོང་ཞེས་བྱ་བ། རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ། མཐུ་
ཆེ་བ་ལྔ་མངོན་པར་ཤེས་པ་ཞིག་བྱུང་ངོ་། །དེ་ནས་གཅིག་པུ་དབེན་པར་སོང་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། དེ་འདི་སྙམ་དུ་སེམས་སོ། །ཆོས་འདི་དག་ལ་རིགས་དང་རུས་སུ་བརྟག་པ་མེད་དེ། ཆོས་ཉིད་ལ་ཆོས་སུ་བརྟག་པ་མེད་ཅིང་ཆོས་མ་ཡིན་པ་ཡང་མེད། ཆོས་འདི་དག་ལ་
ཡོན་ཏན་ཉིད་ཀྱིས་བརྟག་པ་མེད་ཅིང་ཡོན་ཏན་མ་ཡིན་པ་ཡང་མེད། གང་དང་གང་དུ་ཆོས་དམིགས་པ་ཉིད་དེ་ཆོས་གནས་པ་ཞེས་བྱ་སྟེ། ཡོན་ཏན་ནི་གང་ཡིན་ཡོན་ཏན་མ་ཡིན་པ་ནི་གང་ཡིན། གང་འཆི་བའི་ཚེ་སེམས་འགྱོད་པ་དེ་ནི་ཡོན་ཏན་མ་ཡིན་ནོ། །གང་འཆི་བའི་ཚེ་སེམས་བདེ་བ་
དེ་ནི་ཡོན་ཏན་ནོ། །དེ་ལྟ་བས་ན་མཁས་པས་ལས་མངོན་པར་འདུ་བྱེད་ན་ལས་དེ་མངོན་པར་འདུ་བྱའོ། །གང་སེམས་བདེ་བ་མངོན་པར་འདུ་བྱེད་པ་དེ་ནི་སྐྲག་པ་མེད་ཅིང་དངངས་པར་མི་འགྱུར་རོ། །སྙམ་ནས་དེའི་ཚེ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཕྱོགས་བཅུའི་འཇིག་རྟེན་དུ་སོང་སྟེ།
སེམས་ཅན་དེ་དག་ལ་སྒྲ་དབྱངས་འདི་སྐད་བསྒྲགས་སོ། །མཁས་པ་དག་ནི་མི་སྐྱེ་བའི་ཆོས་ལ་མི་སྐྲག་མི་དངང་། དངང་བར་མི་འགྱུར་ཏེ། གང་འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དེ་དག་ནི་སྐྲག་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ངོ་བོ་གང་ཡང་མི་དམིགས་ཏེ།
གང་ངོ་བོ་ཉིད་ཅན་དང་། གང་ངོ་བོ་ཉིད་མེད་པ་དེ་ལ་སྐྱེ་བ་མེད་ཅིང་འགག་པ་མེད་དོ། །དེ་ལ་གང་བཟོད་པར་འདོད་པ་ཕྱོགས་གཅིག་ངེས་པར་ཁས་ལེན་པ་འདི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །དེ་ལ་ཁྱེད་ཅག་མ་སྐྲག་མ་དངང་དངས་པར་མ་བྱེད་ཅིག །བདུད་ཀྱི་སྤྱོད་ཡུལ་ལ་མ་སྤྱོད་མ་འཇུག་
ཤིག །གང་ཡང་དག་པ་མ་ཡིན་པའི་ཆོས་ལ་ཡང་དག་པར་ཁས་ལེན་པ་དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན་ནོ། །ངས་ཆོས་དེ་བཤད་པ་ན་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ཇི་
เล่ม ๔๗ · หน้า 245b
སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་གདོལ་པ་ཡིད་འོང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་གདོལ་པ་ཡིད་འོང་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་
རབ་ཏུ་བཙུད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ། དེ་ཡང་སྐྱེ་བོའི་ཚོགས་མང་པོ་དག་ཡང་དག་པར་འཛིན་དུ་གཞུག་པར་བྱའོ། །མཽད་གལ་གྱི་བུ་ངས་འཆི་བ་ཤེས་པར་བྱ་བའི་དོན་
དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་འཆི་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་
འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དྲང་སྲོང་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ་ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ། འཇིག་
རྟེན་ལ་སྙིང་བརྩེ་བར་ཡང་དག་པར་རབ་ཏུ་གནས་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། བདག་ཅིའི་ཕྱིར་ནགས་ཚལ་ན་དོན་མེད་པར་གནས། གང་བདག་གིས་ནགས་ཚལ་འདི་དག་ཐམས་ཅད་རྒྱུ་གསུམ་དུ་གཞག་པར་བྱ་སྟེ། གང་རླུང་ནད་ཅན་དེ་དག་ལ་ནགས་ཚལ་གྱི་ཆ་གཅིག་གཞག་
པར་བྱ། གང་བད་ཀན་ཅན་དེ་དག་ལ་ཆ་གཉིས་གཞག་པར་བྱ། གང་མཁྲིས་ནད་ཅན་དེ་དག་ལ་ཆ་གསུམ་པ་གཞག་པར་བྱའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་ནགས་ཚལ་དེ་དག་ཐམས་ཅད་དུ་རོ་བཙལ་བར་བྱ་བ་མཐོང་ནས་རོ་འདི་དག་ནི་སྐྱུར་བ་དང་། ལན་ཚྭ་དང་།
མངར་བ་དང་། ཁ་བ་དང་། ཚ་བ་དང་། བསྐ་བའོ། །ནགས་ཚལ་ནི་གང་ཡིན་རོར་བརྩི་བ་ནི་གང་ཡིན་སྙམ་མོ། །དེའི་ཚེ་དེ་ལ་ནགས་ཚལ་གྱི་ལྷ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་མངོན་པར་སོང་སྟེ། དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། རང་རང་གི་རོ་བརྗོད་དེ། གང་ཤིང་གི་
เล่ม ๔๗ · หน้า 246a
ནགས་ཚལ་གྱི་རོ་སྐྱུར་བ་འཆང་བ་དེ་དག་སྐྱུར་བ་སྨྲའོ། །གང་དག་ལན་ཚྭའི་རོ་འཆང་བ་དེ་དག་ལན་ཚྭའི་རོ་སྨྲའོ། །གང་དག་རོ་ཁ་བ་འཆང་བ་དེ་དག་རོ་ཁ་བ་སྨྲའོ། །གང་དག་རོ་ཚ་བ་འཆང་བ་དེ་དག་རོ་ཚ་བ་སྨྲའོ། །གང་དག་རོ་བསྐ་བ་འཆང་བ་དེ་དག་རོ་བསྐ་བ་སྨྲའོ། །གང་དག་
རོ་མངར་བ་འཆང་བ་དེ་དག་རོ་མངར་བ་སྨྲའོ། །དེ་འདི་སྙམ་དུ་སེམས་ཏེ། ནགས་ཚལ་བ་རྣམས་ཀྱིས་ནི་རང་རང་གི་རོ་ཇི་ལྟ་བ་བཞིན་སྨྲས་ན་སེམས་ཅན་རྣམས་ཀྱི་ནད་ཀུན་ནས་ལྡང་བ་དུ་ཞིག་ཡོད་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་རྣམས་ཀྱི་ནད་ཀུན་ནས་ལྡང་བ་ནི་བཞི་སྟེ། རླུང་
ནད་དང་། མཁྲིས་ནད་དང་། བད་ཀན་དང་འདུས་པའོ། །དེ་བསྡུ་ན་དོན་གསུམ་སྟེ། རླུང་ནད་དང་མཁྲིས་ནད་དང་བད་ཀན་ནོ། །གང་འདུས་པ་ནི་རླུང་ནད་དང་མཁྲིས་ནད་དང་བད་ཀན་དང་བཅས་པའོ། །དེ་ལ་ནགས་ཚལ་གྱི་སྐྱུར་བ་དང་། བསྐ་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་
ཚལ་གྱི་སྐྱུར་བ་དང་། ཁ་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་སྐྱུར་བ་དང་ཚ་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་སྐྱུར་བ་དང་ལན་ཚྭའི་རོ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་སྐྱུར་བ་དང་། མངར་བ་གང་ཡིན་པ་དེ་དག་རྣམ་
པར་འབྱེད་པར་བྱེད། ནགས་ཚལ་གྱི་དེ་བཞིན་དུ་སྦྱར་ཏེ། བསྐ་བ་དང་སྐྱུར་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་བསྐ་བ་དང་ལན་ཚྭ་དང་། ཁ་བ་དང་། ཚ་བ་དང་། མངར་བ་གང་ཡིན་པ་དེ་དག་རྣམ་
པར་འབྱེད་པར་བྱེད་དེ། ནགས་ཚལ་གྱི་རོར་བརྩི་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་དོ། །དེ་སེམས་ཅན་གྱི་རང་བཞིན་ཡང་རིག་ནགས་ཚལ་གྱི་རང་བཞིན་ཡང་རིག་ནས། གསོ་བའི་དཔྱད་ཤེས་པ་སྦྱར་རོ། །དེ་ལ་ནད་པའི་ཕྱོགས་གསུམ་སྟེ། ངེས་པར་འཆི་བའི་ཆོས་དང་། འཚོ་བའི་ཆོས་དང་
གསུམ་པ་སྟེ་མ་གསོས་ན་འཆི་བའོ། །དེ་ལ་སྨན་པ་མཁས་པས་གསོ་སྨན་སྦྱར་བར་བྱ་སྟེ། འཚོ་བའི་ཆོས་ལ་མ་འོངས་པའི་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པར་འགྱུར་བའི་ཕྱིར་གསོ་སྨན་སྦྱར་བར་བྱ། འཆི་བའི་ཆོས་ལ་ད་ལྟར་གྱི་ཚོར་བས་ཉམ་ཐག་པའི་ཕྱིར་གསོ་སྨན་སྦྱར་བར་བྱའོ། །ཇི་
เล่ม ๔๗ · หน้า 246b
ལྟར་ན་ཚོར་བ་བསལ་བས་བདེ་བའི་དུས་བྱེད་པ། གང་གསོས་ན་འཚོལ་མ་གསོས་ན་འཆི་བ་དེ་ལ། སྨན་པས་སྲོག་ལ་ཕན་གདགས་པའི་ཕྱིར། གསོ་སྨན་སྦྱོར་བར་བྱེད་དེ། འཆི་བའི་ཆོས་ཀྱི་ཚོར་བ་བསལ་བའི་ཕྱིར། གསོ་སྨན་སྦྱོར་བར་བྱེད། འཚོ་བའི་ཆོས་ཀྱི་
སྲོག་ལ་ཕན་གདགས་པའི་ཕྱིར། གསོ་སྨན་སྦྱོར་བར་བྱེད། མ་ངེས་པ་ལ་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་མེད་པར་བྱ་བའི་ཕྱིར། རྩི་སྨན་སྦྱོར་བར་བྱེད་དེ། ཇི་ལྟར་ན། སྡུག་བསྔལ་གྱི་ཚོར་བ་བསལ་བས་དུས་བྱེད་སྙམ་མོ། །མཽད་གལ་གྱི་བུ་དེ་ཇི་སྙམ་
དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་བློ་གྲོས་རྒྱ་མཚོ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་བློ་གྲོས་རྒྱ་མཚོ་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་དེ་དག་གི་ཚོར་བ་བསལ་བ་ཉེ་བར་བཟུང་ནས་ཇི་ལྟར་ན་ཚོར་
བ་བསལ་ཏེ། བདེ་བས་དུས་བྱེད་པར་འགྱུར་སྙམ་ནས་གསོ་སྨན་སྦྱར་ཏོ། །སེམས་ཅན་འཚོ་བའི་ཆོས་ཅན་རྣམས་ཇི་ལྟར་ན་ཉོན་མོངས་པ་མེད་པས་འཚོ་བར་འགྱུར་སྙམ་ནས་གསོས་སྨན་སྦྱར། གང་དག་གསོས་སྨན་མ་རྙེད་པར་དུས་བྱེད་པ་དེ་དག་གི་སྲོག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསོ་
སྨན་སྦྱར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སེམས་ཅན་ཐམས་ཅད་ཀྱི་ཆོས་བཤད་པ་ལེ་ལོ་མེད་པར་བྱ། སྲོག་ཀྱང་བཏང་སྟེ་སེམས་ཅན་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་
ཤིན་ཏུ་བསྟན་པར་བྱ། ཡང་དག་པ་ཇི་ལྟ་བ་བཞིན་ཤིན་ཏུ་བསྟན་པ་ནི་ཐོས་པ་ལ་རྨོངས་པ་མེད་པར་འགྱུར་རོ།། །།བམ་པོ་ཉི་ཤུ་གསུམ་པ། མཽད་གལ་གྱི་བུ་ངས་འཆི་བ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཆི་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་
เล่ม ๔๗ · หน้า 247a
ཏུ་མེད་ཅིང་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད། གཞལ་གྱིས་མི་ལང་བརྗོད་དུ་མེད་པའི་འཁོར་བ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ཕྱི་མའི་མཐའ་སྒྲུབ་པ་ལ་མཁས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་
པ་དག་གི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ་། །དེ་གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། ལས་ཀྱི་རྣམ་པར་སྨིན་པ་གང་གིས་འགྲོ་བའི་བྱེ་བྲག་སྣང་ངོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་སྣ་ཚོགས་པ་
ཡིན་ལ་སེམས་ཅན་རྣམས་ཀྱི་རྒྱུད་ཀྱང་སྣ་ཚོགས་པ་ཡིན་ཏེ། དེ་ལྟར་ཉོན་མོངས་པ་སྣ་ཚོགས་དག་བྱུང་བས་ལས་སྣ་ཚོགས་དག་མངོན་པར་འདུ་བྱེད་པར་འགྱུར། ལས་སྣ་ཚོགས་དག་མངོན་པར་འདུ་བྱེད་པས་འགྲོ་བ་སྣ་ཚོགས་དག་དང་། སེམས་ཅན་དམྱལ་བ་རྣམས་ན་དམྱལ་བའི་བྱེ་བྲག །དུད་འགྲོའི་
སྐྱེ་གནས་དག་ན་དུད་འགྲོའི་བྱེ་བྲག །གཤིན་རྗེའི་འཇིག་རྟེན་དག་ན་གཤིན་རྗེའི་བྱེ་བྲག །ལྷ་མ་ཡིན་དག་ན་ལྷ་མ་ཡིན་གྱི་བྱེ་བྲག །མི་དག་ལ་མིའི་བྱེ་བྲག། ལྷ་དག་ལ་ལྷའི་བྱེ་བྲག་དག་སྣང་ངོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གང་གིས་འགྲོ་བ་དེ་དག་ཐམས་ཅད་བྱེ་བྲག་ཏུ་མི་འགྱུར་བའི་
རྩི་སྨན་འགའ་ཡོད་དམ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་བདག་ལ་རབ་ཏུ་གནས་ནས། ཉོན་མོངས་པ་ཤིན་ཏུ་བསྐྱེད་ཉོན་མོངས་པའི་སེམས་ཀྱིས་ལས་མངོན་པར་འདུ་བྱེད་དེ། དེ་དག་གི་རྣམ་པར་སྨིན་པ་སྣ་ཚོགས་གྲུབ་བོ། །འོ་ན་བདག་གིས་ཆོས་དེ་དག་གི་བདག་གང་
ཡིན་ཡོངས་སུ་བཙལ་བར་བྱའོ་སྙམ་ནས་ཅི་བདག་གཟུགས་ཡིན་ནམ། གལ་ཏེ་རེ་ཞིག་བདག་གཟུགས་སུ་སྣང་ན་གཟུགས་འཕེལ་བ་དང་ཡོངས་སུ་འགྲིབ་པ་ན་གང་གི་ཚེ་བདག་འཕེལ་བ་དང་ཡོངས་སུ་འགྲིབ་པར་མཐོང་བ་དེ་ལྟར་ནི་མ་ཡིན་ཏེ། དེ་ལྟ་བས་ན་བདག་གཟུགས་མ་ཡིན་ནོ། །གལ་ཏེ་
ཚོར་བ་བདག་ཡིན་ན་དེ་ཡིད་བདེ་བའི་གནས་དག་ལ་བདེ་བར་འགྱུར། ཡིད་མི་བདེ་བའི་གནས་དག་ལ་སྡུག་བསྔལ་བར་འགྱུར། བཏང་སྙོམས་ཀྱི་གནས་དག་ལ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པར་འགྱུར་ཏེ། བདག་གི་མཚན་ཉིད་ནི་དེ་ལྟ་བུ་མ་ཡིན་པས་དེ་ལྟ་བས་ན་ཚོར་
เล่ม ๔๗ · หน้า 247b
བ་བདག་མ་ཡིན། གལ་ཏེ་འདུ་ཤེས་བདག་ཡིན་ན་བདེ་བའི་ཚོར་བ་དག་ལ་བདེ་བ་རྗེས་སུ་འཇུག་པར་འགྱུར། སྡུག་བསྔལ་གྱི་ཚོར་བ་དག་ལ་སྡུག་བསྔལ་རྗེས་སུ་འཇུག་པར་འགྱུར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དག་ལ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་
ཚོར་བ་རྗེས་སུ་འཇུག་པར་འགྱུར་ཏེ། གང་གཞན་གྱི་རྗེས་སུ་འཇུག་པར་འགྱུར་བ་དེ་ནི་བདག་གི་མཚན་ཉིད་མ་ཡིན་པས་དེ་ལྟ་བས་ན་འདུ་ཤེས་བདག་མ་ཡིན། གལ་ཏེ་འདུ་བྱེད་བདག་ཡིན་ན་དེ་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བ་རྣམ་པ་གསུམ་སྟེ། རྣམ་པ་གསུམ་པོ་དེ་དག་གི་རྣམ་པར་
སྨིན་པ་བདེ་བ་དང་། སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །དེ་ལ་ཅི་བདག་དགེ་བའམ་འོན་ཏེ་མི་དགེ་བའམ། འོན་ཏེ་མི་གཡོ་བའི་བདག་དེ་ནི་འགྱུར་བར་མི་འདོད་པས། དེ་ལྟ་བས་ན་འདུ་བྱེད་བདག་མ་ཡིན། གལ་ཏེ་རྣམ་པར་ཤེས་པ་བདག་ཡིན་ན་ཅིའི་ཕྱིར་
བདེ་བའི་ཚོར་བ་དག་ལ་བདེ་བར་རྗེས་སུ་འཇུག་པར་འགྱུར། སྡུག་བསྔལ་གྱི་ཚོར་བ་དག་ལ་སྡུག་བསྔལ་གྱི་རྗེས་སུ་འཇུག་པར་འགྱུར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དག་ལ་བཏང་སྙོམས་རྗེས་སུ་འཇུག་པར་འགྱུར། བདག་དེ་ནི་འགྱུར་བར་མི་འདོད་པས་དེ་ལྟ་བས་ན་རྣམ་པར་
ཤེས་པ་བདག་མ་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཕུང་པོ་ལྔ་པོ་འདི་དག་ཐམས་ཅད་ནི་བདག་མེད་ཅིང་བདག་གི་བ་མེད་དེ། ཉོན་མོངས་པ་དག་ལས་ལས། ལས་དག་ལས་རྣམ་པར་སྨིན་པ། རྣམ་པར་སྨིན་པ་ལས་ཉོན་མོངས་པ་སྟེ། དེ་ལྟར་གསུམ་པོ་འདིའི་རྒྱུན་མི་འཆད་པར་
འགྱུར་རོ་སྙམ་མོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་འཁོར་བཞི་རྣམས་ལ་ཆོས་སྟོན་ཏེ། གྲོགས་པོ་དག་འདི་ལ་བདག་དང་བདག་གི་བ་མེད་དེ། རྐྱེན་དག་ཡོད་ན་འདུ་བྱེད་རྣམས་འབྱུང་བར་འགྱུར་ལ། རྐྱེན་དག་མེད་ན་འདུ་བྱེད་རྣམས་འབྱུང་བར་མི་འགྱུར་རོ། །དེ་དེ་ལྟར་ཆོས་སྟོན་པ་ན་སེམས་
ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །འདིར་འདུ་བྱེད་འདི་དག་ལ་མ་གཏོགས་པར་ཆོས་གང་ཡང་སྐྱེ་བའམ། འཇིག་པའམ་འཆི་བ་མེད་དེ། འདི་ལྟ་སྟེ། ཉོན་མོངས་པ་དག་ལས་ལས། ལས་དག་ལས་རྣམ་པར་སྨིན་པ་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི་ངོ་
เล่ม ๔๗ · หน้า 248a
བོ་ཉིད་དང་བྲལ་བ་ཡིན་ཏེ། ཉོན་མོངས་པའི་ངོ་བོ་ཉིད་དང་བྲལ་བ། ལས་ཀྱི་ངོ་བོ་ཉིད་དང་བྲལ་བ། རྣམ་པར་སྨིན་པའི་ངོ་བོ་ཉིད་དང་བྲལ་བའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཕྱི་མའི་མཐའ་སྒྲུབ་པ་ལ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་
ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཕྱི་མའི་མཐའ་སྒྲུབ་པ་ལ་མཁས་པ་ཞེས་བྱ་བར་གྱུར་ཏོ། །ངས་ཉོན་མོངས་པ་དང་ལས་ཀྱི་གཏམ་དེ་ལྟ་བུ་དག་སྨྲས་པ་ན་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ལྟ་བས་
ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ལས་རྣམ་པར་གཞག་པ་གསུམ་ལ་བསླབ་པར་བྱའོ། །མཽད་གལ་གྱི་བུ་ངས་འཆི་བ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་
དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཆི་བ་ཤེས་པ་འགོག་པ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་
འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་འཆི་བ་ཤེས་པ་འགོག་པ་ཤེས་པ་ལ་མཁས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ་ཕྱི་རོལ་གྱི་ལམ་གྱིས་འདོད་པ་དག་གི་འདོད་ཆགས་
དང་བྲལ་བ་ལྔ་མངོན་པར་ཤེས་པ་ཞིག་བྱུང་སྟེ། ཡིད་ཀྱིས་འདུས་བྱས་ཐམས་ཅད་ལ་ཡོད་པ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་འཇིག་པར་རྗེས་སུ་ལྟ་བ་ན་དེ་འདི་སྙམ་དུ་སེམས་སོ། །གང་གིས་མི་སྐྱེ་བ་དང་། མི་འགག་པའི་ཆོས་གང་ཡང་ཡོད་དམ་སྙམ་མོ། །དེ་འདི་སྙམ་
དུ་སེམས་ཏེ། ཆོས་གང་མངོན་པར་འདུས་བྱས་པ་དེ་འགོག་པར་མི་འགྱུར་ལ། མངོན་པར་འདུ་མི་བྱེད་པ་ལ་ནི་འགོག་པ་མེད་དོ་སྙམ་མོ། །དེ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་པ་ན་མངོན་པར་འདུ་མི་བྱེད་པའི་ཆོས་ཐམས་ཅད་ལ་མངོན་པར་དགའ་བ་ཞེས་བྱ་བ་རྡོ་རྗེ་ལྟ་བུའི་ཏིང་
เล่ม ๔๗ · หน้า 248b
ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་ནས་སེམས་ཀྱི་རྒྱུད་ལ་གང་དང་གང་སྐྱེ་བ་དེ་དང་དེ་སེམས་ཀྱི་རྒྱུད་ཉིད་ལ་སོ་སོར་རྟོག་ཅིང་རབ་ཏུ་རྟོག་སྟེ། སེམས་ཀྱི་དབང་གིས་ཆོས་ཐམས་ཅད་སྐྱེ་སེམས་ཀྱི་དབང་གིས་ཆོས་ཐམས་ཅད་འགག་སྟེ། ཇི་ལྟ་ཇི་ལྟར་
སེམས་ཀྱི་རྟོག་པ་དེ་ལྟ་དེ་ལྟར་ཆོས་ཐམས་ཅད་ཀྱི་གཟུགས་སྟོན་པར་བྱེད། སེམས་ནི་ཆོས་ཐམས་ཅད་སྐྱེད་པར་བྱེད། སེམས་ནི་ཆོས་ཐམས་ཅད་འགོག་པར་བྱེད་དོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་འདིའི་སེམས་ཀྱི་སྟོབས་བསྐྱེད་པ་གང་ཡིན། དེ་འདི་སྙམ་དུ་སེམས་ཏེ།
སེམས་གཟུགས་མེད་ཅིང་བསྟན་དུ་མེད་པ་སྐྱེ་བ་ན་སེམས་བདག་ཉིད་མི་ཤེས་ཤིང་འགག་པ་ན་ཡང་སེམས་བདག་ཉིད་མི་ཤེས་ཏེ། སེམས་ཀྱིས་སེམས་དེ་མི་བསྐྱེད། སེམས་ཀྱིས་སེམས་མི་འགོག་པའི་སེམས་འདི་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་ནོ། །གཟུགས་ཅན་མ་ཡིན་པའི་ཆོས་འདི་ནི་ཆོས་ཉིད་དེ།
སེམས་འགོག་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དེ་འབྱུང་ཞིང་སེམས་ཀྱི་རྒྱུད་རབ་ཏུ་འཇུག། །སེམས་གང་འགོག་པ་ན་སེམས་ཀྱི་རྒྱུད་འདྲ་བར་རབ་ཏུ་འཇུག་སྟེ། སྡང་བའི་སེམས་འགོག་པ་དེ་སེམས་ཀྱི་རྒྱུད་འདྲ་བར་རབ་ཏུ་འཇུག། །གཏི་མུག་གི་སེམས་འགོག་པ་དེ་སེམས་ཀྱི་རྒྱུད་འདྲ་བར་རབ་ཏུ་
འཇུག་ཅིང་སེམས་ཀྱི་རྒྱུད་ལ་ཆགས་པའམ་སྡང་བ་ཞེས་གདགས་སོ། །གང་གི་ཚེ་དེ་ཤེས་པ་དང་རབ་ཏུ་ལྡན་པའི་སེམས་བསྐྱེད་པ་དེའི་ཚེ་སེམས་ཀྱི་རྒྱུད་གསུམ་པོ་ཐམས་ཅད་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་མུན་པར་སྣོད་ཡོངས་སུ་ཚོལ་བ་ན་ཏིལ་མར་གྱི་མར་མེ་བུས་ན་དེ་སྣང་བ་དེས་སྣོད་དེ་
མཐོང་ཞིང་། དེ་ལས་གཞན་པའི་སྣོད་དག་ཀྱང་མཐོང་ངོ་། །དེ་བཞིན་དུ་གལ་ཏེ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་འགགས་ཤིང་། གང་ཤེས་པ་དང་རབ་ཏུ་ལྡན་པའི་སེམས་སྐྱེ་ན་སེམས་ཀྱི་རྒྱུད་དེ་དག་ཐམས་ཅད་རབ་ཏུ་ཤེས་སོ། །གལ་ཏེ་གནོད་སེམས་ཀྱིས་ཀུན་ནས་
དཀྲིས་པའི་སེམས་འགགས་ཤིང་ཤེས་པ་དང་རབ་ཏུ་ལྡན་པའི་སེམས་སྐྱེ་ན་སེམས་ཀྱི་རྒྱུད་དེ་དག་ཐམས་ཅད་རབ་ཏུ་ཤེས་སོ། །གལ་ཏེ་གཏི་མུག་གིས་ཀུན་ནས་དཀྲིས་པའི་སེམས་འགགས་ཤིང་ཤེས་པ་དང་རབ་ཏུ་ལྡན་པའི་སེམས་སྐྱེ་ན་སེམས་ཀྱི་རྒྱུད་དེ་དག་ཐམས་ཅད་རབ་ཏུ་ཤེས་སོ། །དེ་དེ་ལྟར་རབ་ཏུ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด