འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ནིཥྛ་ཏ་ན་བྷ་ག་ཝད་ཛྙཱ་ན་བཻ་པུ་ལྱན་སཱུ་ཏྲ་རཏྣ་ཨ་ནནྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๗ · หน้า 195a

རྟེན་གྱི་ཁམས་ཀྱི་བར་ལ་དབང་ཕྱུག་གིས་དབང་བྱེད་པ་དང་ལྡན་པ་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་ནོ། །དེ་ནས་རྒྱལ་པོ་ཀུན་ནས་མཛེས་པ་དེ་འདི་སྙམ་དུ་སེམས་ཏེ། སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་སྒྲུབ་པ་ཅི་འདྲ་བ་ཞིག་ཏུ་གྱུར།

བདག་སྒྲུབ་པ་གང་གིས་རྒྱལ་སྲིད་བྱ། བདག་འཁོར་ལོས་སྒྱུར་བའི་སྒྲུབ་པའི་ཆོས་སྤྱོད་པས་མི་འདའ་བར་བྱ། བདག་ཆོས་སྤྱད་པས་སྡིག་པའི་འགྲོ་བར་འགྱུར་བ་ནས་བདག་དབང་ཕྱུག་དང་ལྡན་པ་ལས་ངན་སོང་གི་སར་འཇུག་པའི་བར་དུ་མི་འགྲོ་བ་དག་རྒྱལ་པོའི་མིང་དོན་མེད་པར་མི་འགྱུར་

བར་བྱ་སྙམ་ནས། སྐྱོན་དེ་དག་ཡང་དག་པར་མཐོང་སྟེ། བློན་པོ་རྣམས་ལ་སྨྲས་པ། འདི་ལྟར་གྲོང་གི་གཙོ་བོ་ཁྱེད་ཅག་ངའི་བྲན་ཡིན་ཏེ། རྒྱལ་སྲིད་སོ་སོར་སྲུང་བ་ཆོས་ཀྱི་རྒྱུད་སྟོན་པ་ཁྱེད་ལ་སྔོན་གྱི་རྒྱལ་པོས་བསྒྲུབས་པ་གང་གིས་རྒྱལ་སྲིད་རྗེས་སུ་བསྟན་པ་དང་། ཡོངས་སུ་སྦྱངས་

པ་དང་སོ་སོར་བསྲུངས་པ་ང་འདྲི་ཡིས་ཇི་ལྟར་བདག་རྒྱལ་པོའི་སྒྲུབ་པ་རྒྱལ་སྲིད་མི་ཟད་པ་དང་། མི་ཉམས་པ་དང་། མི་འདའ་བ་དང་། རྗེས་སུ་སྟོན་པ་དེ་ཁྱོད་ཀྱིས་བདག་ལ་སྟོན་ཅིག་དེ་དག་གིས་འདི་སྐད་སྨྲས་སོ། །ལྷ་བདག་ཅག་གིས་དེའི་དོན་མ་འཚལ་ཏོ། །ལྷའི་ཉེན་ཀོར་ན་དྲང་སྲོང་མངོན་པར་ཤེས་པ་

ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཆོས་ལ་མཁས་པ། བསྟན་བཅོས་ལ་མཁས་པ་རབ་ཏུ་དགའ་བའི་མིག་ཅན་ཞིག་མཆིས་ཏེ། དེ་བསྒྲུབས་པ་གང་གིས་སྔོན་གྱི་རྒྱལ་པོའི་རྒྱལ་སྲིད་རྗེས་སུ་བསྟན་པ་དང་། ཡོངས་སུ་སྦྱངས་པ་དང་སོ་སོར་བསྲུངས་པ་འཚལ་ཏེ། ལྷ་དེ་དག་བསྡུར་གསོལ་

བསྡུས་ནས་འཁོར་ལོས་སྒྱུར་བའི་སྒྲུབ་པ་སྔོན་གྱི་རབས་ཡོངས་སུ་སྨྲར་གསོལ། འོན་ཏང་འཁོར་ལོས་སྒྱུར་བའི་རྒྱུད་སྔོན་གྱི་རབས་འབྱུང་བར་འགྱུར་ལགས་སོ། །དེ་ནས་རྒྱལ་པོ་ཀུན་ནས་མཛེས་པ་བློན་པོ་དེ་དག་གི་ལྟར་མཉན་ནས་གང་འདི་དང་ཉེ་བ་ན་སྔོན་གྱི་མི་ཡུལ་གྱི་ཁྱིམ་གྱི་གནས་ནས་མངོན་པར་

བྱུང་བ་དེ་དག་བཀུར་སྟི་ཆེན་པོས་རྒྱལ་པོའི་ཕོ་བྲང་རྒྱ་མཚོ་ཅན་དུ་སྡུད་པར་བྱེད་དོ། །རྒྱལ་པོའི་ཕོ་བྲང་རྒྱ་མཚོ་ཅན་དེ་ཡང་འབྱོར་པ་དང་། རྒྱས་པ་དང་། དགེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་ཞིང་། དེར་དེའི་སྐྱེ་བོ་དག་ཀུན་ཏུ་འདུས་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཀུན་

เล่ม ๔๗ · หน้า 195b

ནས་མཛེས་པ་དེའི་དྲུང་དུ་དྲང་སྲོང་ཁྲི་ཕྲག་བརྒྱད་ཅུ་ཕལ་ཆེར་ལྔ་མངོན་པར་ཤེས་ཤིང་དགེ་བའི་རྩ་བ་ཡུན་རིང་དུ་སྤྱད་པ། སྐྱེ་དགུ་ལ་ཕན་པར་འདོད་པ་དག་ཅིག་བྱུང་ངོ་། །རྒྱལ་པོ་ཀུན་ནས་མཛེས་པ་དེ་སྲོག་ཆགས་ཁྲི་རྣམས་དང་ལྷན་ཅིག་དཔུང་གི་ཚོགས་དང་། གྲོང་རྡལ་གྱི་ཡུལ་མི་

དང་ལྷན་ཅིག་ཏུ་གུས་པ་ཆེན་པོས་དེ་དག་དཔག་ཚད་དུ་བསུའོ། །གང་རྒྱལ་པོ་དེའི་ཡོངས་སུ་སྤྱོད་པའི་བཙུན་མོ་དང་། འཁོར་གྱི་སླས་བུད་མེད་ཁྲི་ཕྲག་བརྒྱད་ཅུ་པོ་དེ་དག་དང་ལྷན་ཅིག་ཏུ་དྲང་སྲོང་དེ་དག་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། དྲང་སྲོང་དེ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དྲང་

སྲོང་དེ་དག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། དྲང་སྲོང་དེ་དག་དང་ཡང་དག་པར་སྨྲ་བ་ལ་ཞུགས་སོ། །དེའི་ཚེ་འཁོར་ལོས་སྒྱུར་བའི་བསྒྲུབ་པའི་དོན་དུ་སྔོན་གྱི་རབས་འདོན་པའི་མི་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་ཙམ་འདུས་སོ། །དེ་དག་ཐམས་ཅད་ལ་རྒྱལ་པོ་ཀུན་ནས་མཛེས་པ་དེ་ཞེས་

ཆེན་པོར་བྱེད་དོ། །དྲང་སྲོང་དེ་དག་དང་སྔོན་གྱི་རབས་འདོན་པའི་མི་དེ་དག་འཁོར་ལོས་སྒྱུར་བ་དེའི་སྒྲུབ་པའི་སྔོན་གྱི་རབས་ཀྱི་ངོ་བོ་དེ་དག་སྨྲ་བར་བྱེད་དེ། འཁོར་ལོས་སྒྱུར་བའི་སྒྲུབ་པའི་སྔོན་གྱི་རབས་གང་གིས་རྒྱལ་སྲིད་བྱས་པ་དང་། རྗེས་སུ་བསྐྱངས་པ་དང་། རྗེས་སུ་བསྟན་པ་སྨྲས་སོ། །དེ་

དྲང་སྲོང་དེ་དག་དང་སྔོན་གྱི་རབས་འདོན་པ་དེ་དག་གི་ལྟར་མཉན་ནས་འཁོར་ལོས་སྒྱུར་བའི་སྒྲུབ་པ་འཕགས་པས་རྒྱལ་སྲིད་བྱེད་དོ། །སེམས་ཅན་ཐམས་ཅད་ལ་ཡང་བྱམས་པའི་སེམས་ཉེ་བར་བཞག་སྟེ། དེས་དེ་དག་རྒྱལ་སྲིད་ཀྱི་ཆོས་ཀྱི་རྗེས་སུ་བསྟན་ཅིང་ཚངས་པའི་གནས་བཞི་བསྐྱེད་དོ། །སྐྱེ་བོ་

ཐམས་ཅད་ལ་ཡང་ཚངས་པའི་གནས་བཞི་བསྐྱེད་དུ་བཙུད་དེ་དེ་དག་ཐམས་ཅད་ཀྱང་ཚངས་པའི་འཇིག་རྟེན་དུ་སྐྱེས་ཏེ། དེ་ན་སྙོམས་པར་འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤིན་ཏུ་བསྒོམས་ཏེ། ཚངས་པའི་འཇིག་རྟེན་དེ་ནས་ཤི་ནས། ཀུན་ནས་མཛེས་པ་དེ་དང་། ཐམས་ཅད་དང་ལྡན་

པའི་སྐྱེ་བོ་དག་དགེ་བའི་རྩ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ནས་མཛེས་པ་དེ་ནི་མ་གཏོགས་སོ། །མཽད་གལ་

เล่ม ๔๗ · หน้า 196a

གྱི་བུ་དེ་ཇི་སྙམ་དུ་སེམས། རྒྱལ་པོ་ཀུན་ནས་མཛེས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། རྒྱལ་པོ་ཀུན་ནས་མཛེས་པ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་ངས་ཆོས་ཀྱི་རྒྱལ་སྲིད་བྱས་ཤིང་ཚངས་པའི་འཇིག་རྟེན་

བསྐྱེད། ད་ལྟར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྙོམས་པར་འཇུག་པ་འགོག་པར་འགྱུར་བའི་ལམ་རབ་ཏུ་བསྟན་ཏེ། སྐྱེ་བོའི་ཚོགས་མང་པོ་དག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་

བཟླས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། སེམས་ཅན་རྣམས་ལ་སྟོན་པར་འདོད་པས་ཡོངས་སུ་འདྲི་བའི་རང་བཞིན་ཅན་དུ་བྱའོ། །མཽད་གལ་གྱི་བུ་ངས་ཀུན་ནས་ཉོན་མོངས་པ་ཤེས་

པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་ཀུན་ནས་ཉོན་མོངས་པ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་

བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེ་བཞིན་དུ་སྦྱར་ཏེ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་དབང་པོ་བསྡམས་པ་ཞེས་བྱ་བ་འདོད་ཆགས་དང་མ་བྲལ་བ། སོ་སོར་བརྟགས་པ་དེས་དབང་པོ་འཛིན་པ་ཞིག་བྱུང་སྟེ། བསྒོམས་པའི་སྟོབས་ཀྱིས་ནི་མ་ཡིན་ནོ། །དེ་བདག་

གི་དབང་པོ་ཡུལ་རྣམས་ལ་ཀུན་ནས་ཉོན་མི་མོངས་པར་བྱ་བའི་ཕྱིར་དགོན་པ་ནས་དགོན་པ་ཉིད་དུ་ཚལ་ནས་ཚལ་ཏུ་ནགས་ནས་ནགས་སུ་འགྲོའོ། །དེ་ཡུན་རིང་ཞིག་འདས་ནས་རེ་ཤིག་ཅིག་ན་བུད་མེད་ཅིག་མཐོང་བར་གྱུར་ཏོ། །དེའི་དབང་པོ་དེ་དག་སྡོམ་པས་གནས་ཤིང་མ་བསྒོམས་པས་བུད་མེད་དེ་མཐོང་

མ་ཐག་ཏུ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པར་གྱུར་ཏོ། །དེའི་འདོད་པའི་འདོད་ཆགས་སྐྱེས་པ་དེའི་ཚེ་དྲན་པ་རྙེད་དེ་དེ་འདི་སྙམ་དུ་སེམས་སོ། །སོ་སོར་རྟོག་པ་འདིས་བདག་གི་དབང་པོ་བཟུང་གི །ཤེས་པས་སོ་སོར་བརྟགས་པས་ནི་མ་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ་

เล่ม ๔๗ · หน้า 196b

ཤེས་པ་གང་གིས་དབང་པོ་སོ་སོར་བསྲུངས་ཏེ། ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་འཕགས་པའི་ཡེ་ཤེས་བཙལ་བར་བྱའོ་སྙམ་མོ། །དེ་དེའི་ཚེ་དེ་ལྟར་སོ་སོར་རྟོག་པ་ན་བར་དེར་བདག་ཉིད་ཀྱི་ཤེས་པ་སྐྱེས་ཏེ། འདི་ལྟར་སྐྱེས་པའི་ཆོས་ཀུན་ནས་ཉོན་མོངས་པ་ཤེས་པར་བྱ་བ་དེ་དག་གང་ཡིན། གང་

ལ་བུད་མེད་ཀྱི་ཆོས་ཀུན་ནས་ཉོན་མོངས་པ་ཤེས་པར་བྱ་བ་དེ་དག་གང་ཡིན། དེ་དེ་ལྟར་སོ་སོར་རྟོག་པ་ན་ཀུན་ནས་ཉོན་མོངས་པའི་ཆོས་དེ་མི་དམིགས་ཤིང་། གང་ལ་ཀུན་ནས་ཉོན་མོངས་པའི་ཆོས་དེ་ཡང་མི་དམིགས་སོ། །དེ་དེའི་ཚེ་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །

དེས་ཀུན་ནས་ཉོན་མོངས་པ་ཤེས་པ་འདི་ལ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡང་མེད་ཅིང་། འདིར་གང་ལ་ཡང་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡང་མེད་པར་འཕགས་པའི་ཡེ་ཤེས་འདིས་ཐེ་ཙོམ་མེད་པ་རྗེས་སུ་ཐོབ་བོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་དབང་པོ་

བསྡམས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་དབང་པོ་བསྡམས་པ་ཞེས་བྱ་བར་གྱུར་ཏོ། །ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པ་དེས། ང་ད་ལྟར་བྱུང་བའི་ཉོན་མོངས་པ་དམིགས་པ་རྣམས་ལ་ཀུན་

ནས་ཉོན་མོངས་པ་མེད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཕགས་པའི་ཡེ་ཤེས་ཀྱིས་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པར་བྱའོ། །མཽད་གལ་གྱི་བུ་ངས་ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་

སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། སེམས་ཅན་རྣམས་གང་གིས་ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་

འབྱུང་བ་ཤེས་པ་ཐོབ་པར་འགྱུར་སྙམ་ནས། དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེ་བཞིན་དུ་སྦྱར་ཏེ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་མི་ཤེས་

เล่ม ๔๗ · หน้า 197a

པ་སྟོན་པ་ཞེས་བྱ་བ་ནས། རྒྱ་ཆེར་སྦྱར་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་འཁོར་བརྒྱ་ཕྲག་སྟོང་དུ་མ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་བ་དེར་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ལས་བརྩམས་

ནས་ཆོས་སྟོན་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཟླ་བ་བས་ལྷག་པའི་འོད་ཅེས་བྱ་བ་སྙིང་རྗེ་ཅན་སེམས་ཅན་འདྲེན་པ་མེད་པ་རྣམས་ཀྱི་འདྲེན་པར་འགྱུར་བར་འདོད་པ་སྟོན་པ་དང་བྲལ་བ་རྣམས་ཀྱི་སྟོན་པར་འགྱུར་བར་འདོད་པ། མུན་པ་རྣམས་ལ་སྣང་བར་བྱེད་པར་འདོད་པ་མིག་ཕྱུང་བ་རྣམས་ལ་

མིག་སྐྱེད་པར་འདོད་པ། ལམ་རབ་ཏུ་ཉམས་པ་རྣམས་ལ་ལམ་ཡང་དག་པར་སྟོན་པར་འདོད་པ། འཁོར་བར་རབ་ཏུ་ཞུགས་པ་རྣམས་ལ་འཁོར་བ་ལས་འདའ་བར་འདོད་པ། སྙིང་རྗེ་ཆེན་པོ་ཐོབ་པས་ལུས་ཡོངས་སུ་གཏོང་བ་ལ་ལུས་དང་སྲོག་ལ་མི་ལྟ་བ་ཞིག་འཁོར་དེ་ཉིད་དུ་འདུས་ཏེ་

འདུག་པར་གྱུར་ཏོ། །སེམས་ཅན་དག་གི་དོན་གྱི་ཕྱིར་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་ཤེས་པ་སྟོན་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་

ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སེམས་ཅན་སྙིང་པོ་དཔལ་ཆེ་གཟི་ཆེ་འོད་ཆ་ལྡན། །སེམས་ཅན་རྣམས་ལ་ཐུགས་བརྩེ་མགོན་པོ་ཐུགས་རྗེ་ཅན། །མཁས་པ་འཇིགས་མེད་སངས་རྒྱས་ཡེ་ཤེས་ཁྱོད་ལ་ཞུ། །སངས་རྒྱས་བྱང་ཆུབ་ཚོལ་བར་སྤྱད་མཆོག་སྤྱོད་པའི་ཚེ། །རྣམ་

འདྲེན་བྱང་ཆུབ་སེམས་དཔས་ལས་དགེ་ཅི་བགྱི་ན། །མཁས་པ་ཉོན་མོངས་ཀུན་འབྱུང་ཤེས་མཆོག་ཇི་ལྟར་འཐོབ། །མགོན་པོ་ཀུན་འབྱུང་མཁྱེན་པ་ཇི་ལྟར་བདག་ཐོས་འཚལ། །ལེགས་ཞུས་དེ་ནི་ཐུགས་རྗེ་བསྐྱེད་དེ་བདག་ལ་གསུངས། །སྟོན་པ་འཇིག་རྟེན་ཀུན་མཁྱེན་ཐོབ་པ་ཐུགས་རྗེ་ཅན།

དེ་ཡིས་རྟོག་ལམ་བཅད་དེ་དེ་ཉིད་མཁྱེན་པས་བསྟན། །ཀུན་ནས་ཉོན་མོངས་ཤེས་ལ་སོ་སོར་བགེད་པར་ལྡན། །ནད་པ་ལ་ནི་ཟས་སྐོམ་གོས་ཀྱིས་བགེད་བྱས་པ། །དགེ་བའི་ལས་དེས་བྱས་པ་བྱང་ཆུབ་ཡོངས་སུ་བསྔོ། །བློ་ལྡན་ཤེས་པ་དེས་ནི་ཉོན་མོངས་རྒྱུ་ཤེས་སོ། །མཽད་གལ་གྱི་བུ་དེ་ཇི་

เล่ม ๔๗ · หน้า 197b

སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་ཟླ་བ་ལས་ལྷག་པའི་འོད་དུ་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཟླ་བ་ལས་ལྷག་པའི་འོད་ཅེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་

དགེ་བའི་རྩ་བ་མངོན་པར་འདུས་བྱས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་སོ་སོར་བགེད་པ་བྱས་ནས་དབྱེ་བ་མེད་པར་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །མཽད་གལ་གྱི་བུ་ངས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་

བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་

དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་བློ་གྲོས་དག་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་བློན་པོ་རྟོག་པ་ཞི་བ་ཞེས་བྱ་བ་མཇལ་དུ་མ་དང་ཐབ་མོ་ལ་དབང་བ་ཞིག་བྱུང་ངོ་། །དེ་བྱ་བ་ཐམས་ཅད་ཀྱི་འཇིག་པ་རྟོག་སྟེ། དེ་ཡང་ཚིག་བརྗོད་པ་ཙམ་གྱིས་ཕ་

རོལ་གྱི་བྱ་བ་འཇིག་པར་བྱེད། གང་སེམས་བསྐྱེད་པ་དེ་ཚིག་བརྗོད་ཅིང་ཚིག་སྨྲས་པས། དེའི་བྱ་བ་ངེས་པར་བྱེད་དེ་འདི་ལྟ་སྟེ་དཔེར་ན་མི་དག་གང་བསམས་པ་དེ་སྨྲའོ། །སྐྱེས་བུ་མཁས་པ་དག་འདི་ནས་དེ་ཉིད་ལུང་སྟོན་ཅིང་འཆད་དོ། །དེ་བཞིན་དུ་རྒྱལ་པོའི་བློན་པོ་རྟོག་པ་ཞི་བ་དེ་ཚིག་ཐམས་ཅད་

འགོག་པར་རྟོག་གོ། །དེ་ནས་རྒྱལ་པོ་བློ་གྲོས་དག་པ་དེའི་བྱ་བ་གང་བྱུང་བ་དེ་དག་ཐམས་ཅད་བློན་པོ་རྟོག་པ་ཞི་བ་ལ་འཆོལ་ལོ། །དེ་དེ་དག་བྱེད་དེ་བྱ་བ་གཞན་དུ་འགྱུར་བ་ནི་མེད་དོ། །དེ་ལྟར་རྒྱལ་པོ་དེའི་བློན་པོ་རྒྱལ་པོ་བློ་གྲོས་རྣམ་དག་དེའི་ཤིན་ཏུ་ངེས་པའི་ཕྱིར་གནོད་པ་མེད་པ་ཞིག་བྱུང་བར་གྱུར་

ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བློན་པོ་རྟོག་པ་ཞི་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་བློན་པོ་རྟོག་པ་ཞི་བ་ཞེས་བྱ་བར་གྱུར་ཏོ། །ངས་རྒྱལ་སྲིད་འཇིག་པ་དེ་བྱ་བ་

เล่ม ๔๗ · หน้า 198a

ཡོངས་སུ་བརྟགས་པས་ཤིན་ཏུ་འཕེལ་བར་བྱས་ཤིང་ཡོངས་སུ་བསྐྱངས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སྲིད་པ་འཇིག་པའི་མཐའ་ལས་ཀུན་འབྱུང་བ་ཐམས་ཅད་ཀྱི་ཆོས་གང་ཡིན་པ་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ནོ་ཞེས་ཡོངས་སུ་བརྟག་

པར་བྱའོ། །མཽད་གལ་གྱི་བུ་ངས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀུན་ནས་ཉོན་མོངས་པ་ཤེས་པ་

འགོག་པར་འགྱུར་བའི་ལམ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་

ཆེས་ཕ་རོལ་ན། དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེའི་སྐུ་ཚེའི་ཚད་ལོ་བྱེ་བ་ཕྲག་དགུ་བཅུར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་བློ་གྲོས་དཀར་བ་དེའི་ཉན་ཐོས་འདུས་པ་དང་པོ་ནི་ཁྲི་ཕྲག་བརྒྱད་ཅུ་བྱུང་ངོ་། །ཉན་ཐོས་འདུས་པ་གཉིས་པ་ནི་དགྲ་བཅོམ་པ་ཁྲི་བྱུང་ངོ་། །ཉན་ཐོས་འདུས་པ་གསུམ་པ་ནི་ཉན་ཐོས་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་བྱུང་ངོ་། །དེའི་ཚེ་རྒྱལ་པོ་མཁས་པའི་ཚུལ་གྱི་བུ་

གཞོན་ནུ་བྱང་ཆུབ་སེམས་དཔའ་རི་བོང་ཚིག་ཅེས་བྱ་བ་བལྟ་ན་སྡུག་པ་བསྐལ་པ་གྲངས་མེད་པ་བདུན་ཅུ་རྩ་བདུན་དུ་དགེ་བའི་རྩ་བ་བསྐྱེད་པ་ཞིག་བྱུང་ངོ་། །དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེས་ས་ལ་ཞབས་བཞག་པ་ན། ས་ཆེན་པོ་འདི་རྣམ་པར་སྒྲ་འབྱིན་ལ། ཞབས་ཀྱི་འོག་ཏུ་གསེར་

གྱི་པད་མ་འདབ་མ་སྟོང་ཡོད་པ་འབྱུང་ཞིང་བྱུང་མ་ཐག་ཏུ་ནུབ་པར་གྱུར་ཏོ། །དེའི་ཚེ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སངས་རྒྱས་ཀྱི་འོད་ཀྱིས་རྒྱས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེར་ཐམས་ཅད་དུ་ཉིན་གཅིག་ལ་སྤོས་ཆུའི་ཆར་ལན་གསུམ་མངོན་པར་འབབ་བོ། །

เล่ม ๔๗ · หน้า 198b

རླུང་གང་དག་ལྡང་བ་དེ་དག་ཐམས་ཅད་ཀྱང་ལྷའི་སྤོས་དང་ལྡན་པ་ལྡང་ངོ་། །སངས་རྒྱས་ཀྱི་ཞིང་དེར་སྒྲ་གང་དག་འབྱུང་བ་དེ་དག་ཐམས་ཅད་མི་རྟག་པའི་སྒྲར་གོ་བར་བྱེད། སྡུག་བསྔལ་གྱི་སྒྲ་དང་། བདག་མེད་པའི་སྒྲར་གོ་བར་བྱེད་ཞི་བའི་སྒྲ་དང་། བདུད་རྩིའི་སྒྲར་གོ་བར་བྱེད་དོ། །

སེམས་ཅན་དེ་དག་ཐམས་ཅད་སྒྲ་དེ་ལྟ་བུ་ཐོས་སོ། །སེམས་ཅན་དེ་དག་ཐམས་ཅད་ཉལ་བ་ན་སངས་རྒྱས་ཀྱི་སྐུའི་ཞལ་ཉེ་བར་སྟོན་པར་མཛད་དེ། བྱང་ཆུབ་སེམས་དཔའ་རི་བོང་ཚིག་གི་རྨི་ལམ་དུ་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་འཇིག་རྟེན་དུ་བྱུང་བར་མཐོང་ངོ་དེ་མཐོང་མ་ཐག་ཏུ་

དེ་བཞིན་གཤེགས་པ་དེ་ལ་གཞལ་དུ་མེད་པའི་དགའ་བ་སྐྱེས་ཏེ། དེ་དགའ་བ་སྐྱེས་ནས་གྲོང་མི་བསྡུས་སོ། །བསྡུས་ནས་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ་བློ་གྲོས་དཀར་བ་ཞེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ། སངས་རྒྱས་

བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་རྒྱ་ཆེར་ཀུན་ནས་ཉོན་མོངས་པ་རབ་ཏུ་སྟོན་པར་མཛད་དེ། ཀུན་ནས་ཉོན་མོངས་པ་འདོད་ཆགས་དང་། ཀུན་ནས་ཉོན་མོངས་པ་ཞེ་སྡང་དང་། ཀུན་ནས་ཉོན་མོངས་པ་གཏི་མུག་དང་། ཀུན་ནས་ཉོན་མོངས་པ་ཉེས་པར་སྤྱད་པ་དང་། ཉོན་མོངས་

པ་དེ་དག་གི་རྒྱུ་དང་བཅས་པ་སྟོན་པར་མཛད། ཀུན་ནས་ཉོན་མོངས་པ་དེ་དག་གི་འཇིག་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད། ཀུན་ནས་ཉོན་མོངས་པ་དེ་དག་གི་ངེས་པར་འབྱུང་བ་ཡང་ཡང་དག་པར་རབ་ཏུ་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་ག་ལ་བ་དེར་ཁྱོད་དང་འདོང་

བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་རི་བོང་ཚིག་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཁྲི་ཕྲག་དཔག་ཏུ་མེད་པ་དང་། ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་ག་ལ་བ་དེར་དོང་ངོ་། །གཞོན་ནུ་རི་བོང་ཚིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་རྒྱང་རིང་པོ་ཉིད་

ནས་མཛེས་ཤིང་སྡུག་པ། དབང་པོ་ཞི་བ་ཐུགས་ཞི་བ། དུལ་བ་དང་། ཞི་གནས་མཆོག་བརྙེས་པ་དུལ་བ་དང་། ཞི་གནས་མཆོག་བརྙེས་པ་སྦས་པ་གླང་པོ་དབང་པོ་ཐུལ་བ། མཚོ་ལྟར་དང་བ། །དང་ཞིང་རྙོག་པ་མེད་པ། གསེར་གྱི་མཆོད་སྡོང་ལྟ་བུ། རྒྱ་མཚོ་ལྟར་རིན་པོ་ཆེས་ཡོངས་

เล่ม ๔๗ · หน้า 199a

སུ་གང་བ། དབང་པོ་ལྟར་ལྷས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཐུགས་ཞི་བར་མཐོང་ངོ་། །མཐོང་ནས་བཅོམ་ལྡན་འདས་དེ་ལ་དད་པ་ཤིན་ཏུ་བསྐྱེད་དེ། སེམས་བསྐྱེད་པ་བདག་གིས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་སང་སྤྱན་དྲང་ངོ་སྙམ་ནས།

དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། གཞོན་ནུ་རི་བོང་ཚིག་གིས་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་བློ་གྲོས་དཀར་བ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ། སང་གདུགས་ཚོད་ལ་གཤེགས་པར་ཅི་གནང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་

དེས་གཞོན་ནུ་རི་བོང་ཚིག་དེ་ལ་ཐུགས་བརྩེ་བར་དགོངས་ནས་གནང་ངོ་། །དེ་ནས་གཞོན་ནུ་རི་བོང་ཚིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་འཛུམ་པ་མཛད་པས་གནང་བར་རིག་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བདག་གི་ཁྱིམ་ག་ལ་

བ་དེར་སོང་སྟེ་ཕྱིན་ནས། དེའི་མཚན་མོ་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། ཞིམ་པོ་གྱ་ནོམ་པ་རབ་ཏུ་མང་པོ་དག་མངོན་པར་འདུས་བྱས་སོ། །དགེ་སློང་རེ་རེ་ལ་ཡང་རས་བཅོས་བུ་སྟོང་ཕྲག་བརྒྱད་བརྒྱད་བསྡོགས་སོ། །དེ་མཚན་མོ་དེ་འདས་ནས་བཅོམ་ལྡན་འདས་ལ་

དུས་ལ་བབ་བོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་གཞོན་ནུ་རི་བོང་ཚིག་གི་དུས་ལ་བབ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གཞོན་ནུ་རི་བོང་ཚིག་གི་ཁྱིམ་དུ་གཤེགས་ནས་གདན་བཤམས་པ་དེ་ལ་བཞུགས་སོ། །དེ་ནས་གཞོན་ནུ་རི་བོང་ཚིག་

གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་དགེ་སློང་གི་དགེ་འདུན་དང་བཅས་པ་གདན་ལ་བཞུགས་པར་རིག་ནས། བཟའ་བ་དང་། བཅའ་བ་དང་། མྱང་བ་ཞིམ་པོ་མང་པོས་ཡང་དག་པར་བྲིམས་ཤིང་ཡང་དག་པར་ཚིམ་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་

เล่ม ๔๗ · หน้า 199b

དེ་བཞིན་གཤེགས་པ་བློ་གྲོས་དཀར་བས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་ཟས་ཀྱི་སྣོད་གཅིག་ལས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཐམས་ཅད་ཡང་དག་པར་ཚིམ་པར་གྱུར་ཏོ། །

དེ་ནས་གཞོན་ནུ་རི་བོང་ཚིག་གིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་ལྟ་བུ་དག་མཐོང་ནས། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུས་སེམས་ཅན་གདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་

ནས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེས་གཞོན་ནུ་རི་བོང་ཚིག་གིས་འདི་ལྟ་བུའི་སེམས་བསྐྱེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་དགེ་བའི་རྩ་བའི་ཤུགས་ཀྱིས་

ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ནས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། བདེ་གཤེགས་མཁས་མཆོག་ཡེ་ཤེས་དམ་པ་དཔག་ཏུ་མེད། །གང་གིས་མགོན་པོ་མཐོང་སྟེ་བདག་གིས་དགེ་བ་བགྱིས། །མི་

མཆོག་དཔག་ཏུ་མེད་ལ་འདི་ལྟར་བསྟོད་པ་ནི། །ཡོན་ཏན་མཆོག་རབ་མངའ་བ་ཁྱོད་འདྲ་འཇིག་རྟེན་མེད། །འདི་ལྟར་བདག་ཀྱང་ཡོན་ཏན་དཔག་ཏུ་མེད་གྱུར་ཅིག །འགྲོ་བ་ཀུན་གྱི་སྡུག་བསྔལ་ཐར་བགྱིད་འདྲེན་པ་དང་། །ལམ་ཆེན་ཡན་ལག་བརྒྱད་དང་ལྡན་པ་ཞི་བ་

ཡིས། །སེམས་ཅན་སྡུག་བསྔལ་ལས་འདྲེན་མྱ་ངན་འདས་བགྱིད་ཤོག །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཞོན་ནུ་རི་བོང་ཚིག་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། གཞོན་ནུ་རི་བོང་ཚིག་ཅེས་བྱ་

བར་གྱུར་ཏོ། །ངས་ཀུན་ནས་ཉོན་མོངས་པ་བསལ་ནས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་དགེ་སློང་གི་དགེ་འདུན་དང་བཅས་པར་མཆོད་སྟོན་གསོལ། །ཚིགས་སུ་བཅད་པས་ཀྱང་བསྟོད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཀུན་ནས་ཉོན་མོངས་པ་ཐམས་

เล่ม ๔๗ · หน้า 200a

ཅད་བསལ་ནས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱ། མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་གང་ཀུན་ནས་ཉོན་མོངས་པ་ཐམས་ཅད་སེལ་བ་དེ་ནི་གནོད་སེམས་ཅན་དུ་མི་འགྱུར་རོ། །མཽད་གལ་གྱི་བུ་ངས་རྣམ་པར་བྱང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་

དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་རྣམ་པར་བྱང་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །

མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེ་བཞིན་གཤེགས་པ་དྲི་མེད་ཏོག་ཅེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་དྲི་མེད་ཏོག་དེའི་སྐུ་ཚེའི་ཚད་ལོ་བྱེ་བ་ཕྲག་

དྲུག་ཅུར་གྱུར་ཏོ། །དེ་བཞིན་གཤེགས་པ་དྲི་མེད་ཏོག་དེའི་ཉན་ཐོས་འདུས་པ་དང་པོ་ནི་ཉན་ཐོས་དྲུག་འབུམ་བྱུང་ངོ་། །ཉན་ཐོས་འདུས་པ་གཉིས་པ་ནི་ཉན་ཐོས་བརྒྱད་འབུམ་བྱུང་ངོ་། །ཉན་ཐོས་འདུས་པ་གསུམ་པ་ནི་ས་ཡ་ཐམ་པ་བྱུང་ངོ་། །བྱང་ཆུབ་སེམས་དཔའ་འདུས་པ་ནི་དེའི་

ཉིས་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་བུ་ལྗོན་པ་ཞེས་བྱ་བ་སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྨོན་ལམ་གྱིས་ཡང་དག་པར་རབ་ཏུ་གནས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་སྨོན་ལམ་གྱིས་ཡང་དག་པར་རབ་ཏུ་གནས་པ་

ཞིག་བྱུང་ངོ་། །དེས་འདི་ལྟར་སྨོན་ལམ་བཏབ་སྟེ། གང་གི་ཚེ་སེམས་ཅན་དག་མགོན་མེད་པར་གྱུར་ཅིག་སྐྱབས་མེད་པ་དང་། དཔུང་གཉེན་མེད་པ་དང་། ངན་སོང་ལ་གཞོལ་བ་དང་། ངན་སོང་ལ་འབབ་པ་དང་། ངན་སོང་ལ་བབ་པར་གྱུར་པ་དེའི་ཚེ་བདག་གིས་བསྐྱེད་པ་འདི་སེམས་ཅན་

གནས་མེད་པ་དེ་རྣམས་ཀྱི་གནས་སུ་གྱུར་ཅིག །སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་ཅིག །སེམས་ཅན་ངན་སོང་དུ་རབ་ཏུ་ལྷུང་བ་རྣམས་ཀྱི་འདྲེན་པར་གྱུར་ཅིག །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུ་ལྗོན་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་

เล่ม ๔๗ · หน้า 200b

སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུ་ལྗོན་པ་ཞེས་བྱ་བར་གྱུར་ཏོ། །ངས་དམ་པའི་ཆོས་རྣམ་པར་འཇིག་པའི་དུས་སུ་སེམས་ཅན་རྣམས་རྗེས་སུ་བསྲུང་བར་བྱ་བའི་ཕྱིར་དང་། སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་འདི་ལྟར་དགེ་བའི་རྩ་བ་རྒྱ་ཆེ་ཞིང་འདི་ལྟར་བདག་

ཉིད་ཆེ་བ་དེ་དག་ཡོངས་སུ་བསྔོས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ཡོངས་སུ་ལྡན་པའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱ་ཞིང་། དགེ་

བའི་རྩ་བ་རྣམས་ལ་ཆགས་པར་ཡང་མི་བྱའོ། །མཽད་གལ་གྱི་བུ་ངས་རྣམ་པར་བྱང་བ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་བཞིན་དུ་སྦྱར་ཏེ། ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་བར་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་

པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་ཆོས་

ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་དེའི་སྐུ་ཚེའི་ཚད་ལོ་བྱེ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་དེའི་ཉན་ཐོས་འདུས་པ་ཉན་ཐོས་ཁྲི་ཕྲག་དཔག་ཏུ་མེད་པ་དག་བྱུང་ངོ་། །རྣམ་གྲངས་འདིས་

ན་ཉན་ཐོས་འདུས་པ་དཔག་ཏུ་མེད་པ་དག་བྱུང་ངོ་། །བྱང་ཆུབ་སེམས་དཔའ་འདུས་པ་ཡང་དེ་བཞིན་ནོ། །ཉན་ཐོས་ཤེས་རབ་ཀྱིས་རྣམ་པར་མ་གྲོལ་བ་གང་ཡང་མེད་དེ། །ཐམས་ཅད་ཀྱང་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་ཚད་

མེད་པ་ཡོངས་སུ་དག་པ་བརྗོད་དུ་མེད་པར་ཡང་དག་པར་རབ་ཏུ་གནས་པར་མ་གྱུར་པ་གང་ཡང་མེད་དོ། །དེའི་ཚེ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་གནས་མེད་པའི་སྒྲ་དབྱངས་ལ་ལྷག་པར་མོས་པ་ཡང་དག་པར་གནས་པ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་དེ་བཞིན་གཤེགས་པ་ཆོས་

เล่ม ๔๗ · หน้า 201a

ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་དེ་ལ་ཡིད་དུ་འཐད་དེ། ཡིད་དུ་མི་འཐད་པ་མ་ཡིན་པས་ལོ་བྱེ་བ་ཐམ་པར་རིམ་གྲོ་པ་བྱས་ཏེ་བཤད་པ་ཡང་འཛིན་ལ་རང་གི་དོན་ཀྱང་མི་གཏོང་ངོ་། །དེ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་དེས་བྱང་

ཆུབ་ཀྱི་སེམས་ཀྱིས་རིམ་གྲོ་པ་བྱེད་པ་འདི་དེ་བཞིན་གཤེགས་པར་འགྱུར་བར་ཡོངས་སུ་གཟིགས་ཀྱང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པའི་ཕྱིར་རོ། །མཽད་གལ་གྱི་བུ་དེ་ཇི་སྙམ་

དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གནས་མེད་པའི་སྒྲ་དབྱངས་ལ་ལྷག་པར་མོས་པ་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གནས་མེད་པའི་སྒྲ་དབྱངས་ལ་ལྷག་པར་

མོས་པ་ཡང་དག་པར་གནས་པ་ཞེས་བྱ་བར་གྱུར་ཏོ། །ཡང་དག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ང་དེ་བཞིན་གཤེགས་པ་དེའི་རིམ་གྲོ་པ་བྱས་ཀྱང་ང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པའི་ཕྱིར། དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་

ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དེ་ལ་ཡང་མངོན་པར་ཞེན་པ་མེད་པར་བྱའོ། །མཽད་གལ་གྱི་བུ་ངས་རྣམ་པར་བྱང་བ་ཤེས་པ་འགོག་པར་འགྱུར་བ་ཤེས་པར་བྱ་བའི་དོན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་

རྒྱས་ནས། སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས་རྒྱ་ཆེར་སྦྱར་ཏེ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བྲམ་ཟེ་སྤྲིན་སྒྲོགས་ཞེས་བྱ་བ་

ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ནས་ནོར་རྫས་དང་། ཡོ་བྱད་མང་བ་ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་གྱི་བར་དག་རབ་ཏུ་མང་བ། འདོན་པ། གཞུང་འཛིན་པ། སྒྲ་ངེས་པར་

เล่ม ๔๗ · หน้า 201b

སྦྱོར་བ་དང་བཅས་པ། ཤེས་གསལ་དང་བཅས་པ། ཡི་གེ་དང་བཅས་པ། རབ་ཏུ་དབྱེ་བ་དང་། ལྔ་པ་སྔོན་བྱུང་བ་རྣམས་དང་། གནས་དང་། ལུང་སྟོན་པ་དང་། འཇིག་རྟེན་རྒྱང་ཕན་དང་། མཆོད་སྦྱིན་གྱི་རྒྱུད་དང་། སྐྱེས་བུ་ཆེན་པོའི་མཚན་ཉིད་དང་། རིག་པ་གསུམ་གྱི་

ཁམས་དགེ་མཚན་དང་ལྡན་ཞིང་། དགེ་བ་གང་ཡིན་པ་ཚོལ་བ་རང་གི་སློབ་དཔོན་གྱིས་འཐུན་པའི་རྒྱུད་གནང་ཞིང་དམ་བཅས་པ་ཞིག་བྱུང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་བདུད་རྩིའི་རྒྱལ་པོ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རྩིའི་རྒྱལ་པོ་དེའི་སྐུ་ཚེའི་ཚད་ལོ་བདུན་སྟོང་དུ་གྱུར་ཏོ། །ཉན་ཐོས་འདུས་པ་ལྔ་བྱུང་སྟེ། ཉན་ཐོས་འདུས་པ་གཅིག་ནི་དགྲ་བཅོམ་པ་ཟག་པ་ཟད་པ་ནས་དེ་བཞིན་དུ་སྦྱར་ཏེ། མཉམ་པ་ཉིད་ཤེས་པས་རྣམ་

པར་གྲོལ་བའི་བར་དུ་དུང་ཕྱུར་ཕྲག་དགུ་བྱུང་ངོ་། །འདུས་པ་གཉིས་པ་ནི་དུང་ཕྱུར་ཐམ་པའོ། །འདུས་པ་གསུམ་པ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་སྟོང་བྱུང་ངོ་། །འདུས་པ་བཞི་པ་དང་ལྔ་པ་ལ་ཉན་ཐོས་དགྲ་བཅོམ་པ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་བྱུང་ངོ་། །བྱང་ཆུབ་སེམས་

དཔའ་འདུས་པ་གསུམ་བྱུང་སྟེ། དེའི་ཉིས་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་ཀྱི་མི་དམན་པ་ཅན་ཞེས་བྱ་བ་སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། ཨེ་མ་འཇིག་རྟེན་གནས་པ་འདི་

ནི་མུན་པར་གྱུར་པ་ཡིན་ཏེ། གང་སྐྱེ་བའི་ཆོས་རྣམས་འགོག་པར་མི་མཐོང་ལ་འགགས་པ་རྣམས་ཀྱང་མི་སྐྱེ་བར་རྣམ་པར་མི་ཤེས་སོ། །ཆོས་གང་དག་སྐྱེ་ལ་དེ་དག་འགོག་ཅིང་མི་སྐྱེ་བ་མི་མཐོང་ལ་རྣམ་པར་མི་ཤེས་སོ། །འཇིག་རྟེན་ན་དགེ་སྦྱོང་ངམ་བྲམ་ཟེ་སུ་ཡོད་གང་དེའི་

དྲུང་དུ་བདག་སོང་སྟེ། ཡོངས་སུ་དྲི་བར་བྱའོ་སྙམ་པ་ལས་བར་སྣང་ལས་དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་དེ་མི་མཁྱེན་པའམ། ཐུགས་སུ་མ་ཆུད་པའམ། མ་གཟིགས་པ་ཅི་ཡང་

เล่ม ๔๗ · หน้า 202a

མེད་ལ། དེ་འགགས་པའི་ཆོས་རྣམས་ཀྱི་མི་འགྲོ་བ་མེད་པར་རབ་ཏུ་མཁྱེན་པ་ཞིག་འཇིག་རྟེན་དུ་བྱུང་ངོ་ཞེས་དེས་ཐོས་སོ། །དེ་འདི་སྙམ་དུ་སེམས་ཏེ། མི་དམན་པ་བདག་དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོའི་དྲུང་དུ་སོང་སྟེ། དོན་འདི་

ཡོངས་སུ་ཞུ་བར་བྱའོ། །དེ་བཞིན་གཤེགས་པ་དེ་ཇི་ལྟ་བ་བཞིན་དུ་ལུང་སྟོན་ཏེ། བདག་གིས་དོན་དེ་ལྟར་གཟུང་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་དེ་སྐྱེ་བོའི་ཚོགས་མང་པོ་དང་ལྷན་ཅིག །བྲམ་ཟེ་འབུམ་ཕྲག་དྲུག་དང་། རྒྱལ་རིགས་

ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྲི་ཕྲག་བརྒྱད་ཅུ་རྩ་བཞི་དང་ལྷན་ཅིག །དེ་དག་ལ་སོགས་པ་བྲམ་ཟེ་ཁྲི་ཕྲག་དཔག་ཏུ་མེད་པ་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོ་དེ་ག་ལ་བ་དེར་དོང་ངོ་། །དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོ་དེས་བྱང་ཆུབ་

སེམས་དཔའ་སེམས་མི་དམན་པ་ཅན་དེ་སྐྱེ་བོའི་ཚོགས་མང་པོ་དག་དང་ལྷན་ཅིག་ཏུ་རྒྱང་རིང་པོ་ཉིད་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ། མངོན་པར་འདུ་མཛད་པས།

ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་གསེར་གྱི་འོད་ཀྱི་མདོག་གིས་རྒྱས་པར་མཛད་དོ། །ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས། འདི་དག་ནི་ལྷ། འདི་དག་ནི་མི་ཞེས་ལྷ་དང་མི་

རྣམས་ཀྱི་བྱེ་བྲག་གམ། ཐ་དད་ཏུ་བྱ་བ་མེད་དོ། །སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཐ་ན་སེམས་ཅན་གང་གི་ལུད་པའི་སྒྲ་ཡང་མེད་པར་མཛད་དེ། འཁོར་དེ་རབ་ཏུ་ཞི་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་གྱིས་འཁོར་དེ་དག་རབ་ཏུ་ཞི་བ་རིག་ཅིང་སྒྲ་འབྱུང་བ་

མ་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། སྒྲ་གང་དག་འབྱུང་བ་མེད་ན་དེ་དག་འགོག་པ་མེད་ཆོས་གང་དག་འགགས་ན། དེ་གང་ཡང་སྐྱེ་བ་མེད་དོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་སྒྲ་འབྱུང་བ་མེད་ན་འགག་པ་མེད་དེ། མེད་པའི་ཕྱིར་ངེས་པར་འགོག་པའི་ཆོས་ཀྱང་མེད་ལ། དེ་

เล่ม ๔๗ · หน้า 202b

ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་མེད་དོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་གང་སྐྱེས་པ་དེ་དག་གི་རང་བཞིན་ཅི་ཡིན་དེ་འདི་ལྟར་བློ་སྐྱེས་ཏེ། སྲིད་པའི་ཆོས་སྐྱེས་པ་འདི་དག་གི་རང་བཞིན་གང་ཡང་མེད་དེ། འདི་དག་སྐྱེས་པ་མེད་ལ་འགགས་པ་ཡང་མེད་དོ་སྙམ་མོ། །

དེ་དེའི་ཚེ་ཆོས་དེ་དག་གི་རང་བཞིན་མ་དམིགས་པ་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ནས་དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོ་དེས། བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ཐུགས་སུ་ཆུད་ནས། ལེགས་སོ་ཞེས་བྱ་བ་རྗེས་སུ་

གནང་སྟེ། རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་ཆོས་འདིའི་དོན་ཇི་ལྟ་བ་བཞིན་རྣམ་པར་ཤེས་པ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན་དེ་དེ་ལྟར་མི་བལྟ་སྟེ།

ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་བསྐལ་པ་གྲངས་མེད་པ་བདུན་ཅུ་རྩ་དྲུག་ཏུ་ནམས་ཀྱང་ལོག་པར་མ་ལྷུང་། ནམས་ཀྱང་ཆོས་ལ་མ་རྨོངས། ནམས་ཀྱང་མི་དགེ་བའི་སེམས་ཆགས་པ་ལས་སྐྱེས་པའམ། ཞེ་སྡང་ལས་སྐྱེས་

པའམ། གཏི་མུག་ལས་སྐྱེས་པ་མ་བྱུང་ངོ་། །རྟག་པར་རྒྱུན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སུ་རབ་ཏུ་ཞུགས་ཏེ། སེམས་དང་བ་དེས་ངའི་བག་ཆགས་སྤངས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་འགོག་པ་སོ་སོར་བརྟག་པར་བྱ་སྟེ། བག་ཆགས་

ཡང་དག་པར་འཇོམས་པར་འགྱུར་རོ། །མཽད་གལ་གྱི་བུ་ངས་རྣམ་པར་བྱང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་

རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དྲི་མེད་དབང་བསྐུར་ཞེས་བྱ་བ་ཆོས་ཀྱི་རྒྱལ་

เล่ม ๔๗ · หน้า 203a

པོ་ཆོས་དང་ལྡན་པ་ཞིག་བྱུང་སྟེ། རིན་པོ་ཆེ་སྣ་བདུན་དང་ལྡན་པ་ནས་རྒྱ་ཆེར་སྦྱར་ཏེ། ཤིན་ཏུ་གནས་པའི་བར་དུའོ། །དེ་འཇིག་རྟེན་གང་དག་ན་དགེ་སྦྱོང་དང་བྲམ་ཟེའི་དབེན་པའི་གནས་མལ་ན་འདུག་ཅིང་དེ་བློན་པོ་གཉིས་དང་། དེ་ལས་གཞན་པའི་མཁས་པ་ཀུན་དང་རྣམ་པར་དཔྱོད་

པར་བྱེད། ཡོངས་སུ་འདྲི་བར་བྱེད་དོ། །དེའི་ཚེ་རྒྱལ་པོ་དྲི་མེད་དབང་བསྐུར་དེ་དང་ཉེ་བ་ཞིག་ན་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་ཞིག་བཞུགས་སོ། །དེ་ཆོས་སྟོན་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་

ཡང་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཚངས་པར་སྤྱོད་པ་རབ་ཏུ་སྟོན་ཏོ། །རྒྱལ་པོ་དྲི་མེད་དབང་བསྐུར་དེ་འདི་དང་ཉེ་བ་ཞིག་ན། དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཞེས་བྱ་བ་ཆོས་སྟོན་ཏོ་ཞེས་ཐོས་སོ། །དེ་

བཞིན་གཤེགས་པའི་འཁོར་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་ཅེས་དེ་སྐད་ཀྱང་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དེ་ནི་ངེས་པར་ཐུན་མོང་མ་ཡིན་པའི་ཡེ་ཤེས་དང་ལྡན་པས་མཁས་པའོ། །གང་གི་འཁོར་དེ་སྙེད་ཅིག་ཡོད་པ་དེ་ལ་ཆོས་དང་འཐུན་

པས་ཕྱིར་བརྒལ་བར་འདི་ལ་སུ་ཡང་ནུས་པ་མེད་དོ། །གང་བདག་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེའི་དྲུང་དུ་སོང་སྟེ། རྣམ་པར་བྱང་བ་ཤེས་པ་ཡང་དག་པར་འདུ་བ་ཤེས་པ་ཡོངས་སུ་ཞུ་བར་བྱའོ་སྙམ་ནས་དེ་སྲོག་ཆགས་འབུམ་ཕྲག་བརྒྱད་དང་ལྷན་ཅིག་བློན་པོ་སྟོང་ཐམ་པ་དང་ལྷན་ཅིག །བུད་

མེད་འབུམ་ཕྲག་བརྒྱད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ག་ལ་བ་དེར་དོང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་དེ་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཏེ། འཁོར་དེ་སྒྲ་ཆུང་ལ་སེམས་ཅན་ཐམས་ཅད་ཀྱི་བསམས་ཤིང་རྣ་བ་བླགས་ཏེ་

ཆོས་ཉན་ཏོ། །དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་སྒྲ་ཐ་ན་ལུད་པའི་སྒྲ་ཙམ་ཡང་མེད་དོ། །རྒྱལ་པོ་དེ་སྔོན་གྱི་དགེ་བའི་རྩ་བ་བསགས་པས་དེ་བུད་མེད་འབུམ་ཕྲག་བརྒྱད་ཀྱི་ནང་ན་འདུག་བཞིན་དུ་བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་སོ། །དེས་དེ་བཞིན་གཤེགས་པ་དེ་མཐོང་

เล่ม ๔๗ · หน้า 203b

བ་ཙམ་ཉིད་ཀྱིས་དབང་པོ་དེ་དག་ཞི། སྤྱོད་ལམ་ཞི་བར་ཤེས་ནས་དེ་བཞིན་གཤེགས་པ་དེ་ལ་གཞལ་དུ་མེད་པའི་དགའ་བ་བསྐྱེད་ཅིང་། དེ་བཞིན་གཤེགས་པ་དེའི་འཁོར་འདི་སྙེད་ཅིག་ཡོད་པ་ལ་ཕྱིར་བརྒལ་བར་སུས་ཀྱང་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན་འཁོར་འདི་སྙེད་ཅིག་ཡོད་པའི་ཕྱིར་རོ།

འདི་ལྟར་དེ་བཞིན་གཤེགས་པ་དེའི་སྤྱོད་ལམ་ཞི་སྟེ། སྤྱོད་ལམ་དེ་དང་འདྲ་བ་གང་ཡང་མེད་དོ། །ཐུན་མོང་མ་ཡིན་ནོ། །རྣམ་གྲངས་དེས་ན་དེ་བཞིན་གཤེགས་པ་དེ་ནི་ཐེ་ཙོམ་མེད་པར་ཐུན་མོང་མ་ཡིན་པའི་ཡེ་ཤེས་དང་ལྡན་པའོ་སྙམ་མོ། །དེ་འཁོར་དེ་དག་དང་བཙུན་མོའི་འཁོར་དེ་དག་དང་ལྷན་

ཅིག་ཏུ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ག་ལ་བ་དེར་དོང་ངོ་། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་གྱིས་རྒྱང་རིང་པོ་ཉིད་ནས་འདི་སྐད་བཀའ་སྩལ་ཏེ། རྒྱལ་པོ་ཆེན་པོ་ཚུར་སྤྱོན་རྒྱལ་པོ་ཆེན་པོ་ལེགས་པར་བྱོན་ཏོ། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་མཐོང་བར་བྱ་བའི་ཕྱིར། ཡུན་

རིང་པོ་ནས་འབད་པར་བྱས་སོ། །རྒྱལ་པོ་ཆེན་པོ་ཁྱོད་དེ་བཞིན་གཤེགས་པ་མཐོང་ནས་དོན་ཡོད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་འབྲས་བུ་དང་བཅས་པར་འགྲོ་ཞིང་། དེ་བཞིན་གཤེགས་པ་ལ་ཞུས་པ་ལུང་བསྟན་པས་བརྣག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་

རྒྱལ་པོ་དྲི་མེད་དབང་བསྐུར་དེས་འཁོར་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །དེའི་ཚེ་ཚངས་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུ་དེ་བཞིན་གཤེགས་པ་དེའི་སྟེང་གི་བར་སྣང་ལ་ཐལ་མོ་སྦྱར་ཏེ་འཁོད་དོ། །འདོད་

པ་ན་སྤྱོད་པའི་ལྷ་གང་དག་གི་མིག་གིས་ཀྱང་མཐོང་བར་མི་འགྱུར་ན། མིར་གྱུར་པས་ལྟ་སྨོས་ཀྱང་ཅི་དགོས། དེས་ན་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ། མངོན་པར་

འདུ་མཛད་པས་རྒྱལ་པོ་དྲི་མེད་དབང་བསྐུར་གྱིས་མིའི་འཁོར་དེ་དང་འདོད་པ་ན་སྤྱོད་པའི་ལྷའི་འཁོར་དེ་དང་། ཚངས་རིས་ཀྱི་ལྷའི་འཁོར་དེ་དག་མཐོང་ངོ་། །མཐོང་ནས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ལ་ཕྱིར་རྒོལ་བར་སུས་ཀྱང་མི་ནུས་ཏེ། འདི་ནི་གནས་

เล่ม ๔๗ · หน้า 204a

མ་ཡིན་ནོ། །གང་འདོད་པ་ན་སྤྱོད་པའི་ལྷ་འདི་དག་ཐམས་ཅད་ཐལ་མོ་སྦྱར་བ་དང་། ཚངས་རིས་ཀྱི་ལྷ་འདི་དག་བར་སྣང་ལ་ཐལ་མོ་སྦྱར་ཏེ་འདུག་པས་ཕྱིར་བརྒལ་བར་གང་ལྷ་དག་གིས་ཀྱང་མི་ནུས་ན་མིར་གྱུར་པས་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས་དེ་སྟན་ལས་ལངས་ཏེ། པུས་

མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ།། །།བམ་པོ་བཅུ་དགུ་པ།

མཁྱེན་རབ་ཆེན་པོ་ཆོས་ཀུན་ཕ་རོལ་གཤེགས་ལ་ཕྱག་འཚལ་ལོ། །ལྷར་བཅས་འཇིག་རྟེན་གང་དག་ཁྱོད་ལ་ཐལ་མོ་སྦྱར་ནས་མཆིས། །ལྷ་དང་མི་དང་དྲི་ཟ་མིའམ་ཅི་དང་ལྟོ་འཕྱེ་ཆེ། །སངས་རྒྱས་ལ་ནི་ཐམས་ཅད་ཐལ་མོ་སྦྱར་ནས་ལྟ་ཞིང་མཆིས། །འདི་ཀུན་བཅོམ་ལྡན་འདས་ཀྱི་མཁྱེན་

རབ་ཀུན་ཏུ་གཟིགས་ནས་མཆིས། །དེས་ན་ལྷར་བཅས་འཇིག་རྟེན་ཐལ་མོ་སྦྱར་ནས་ཕྱག་འཚལ་བགྱིད། །མཁྱེན་རབ་ཆེན་པོ་ཁྱོད་ཀྱི་མཁྱེན་རབ་ཐོབ་ཕྱིར་ཕྱག་འཚལ་ཏེ། །འདི་ཀུན་བཅོམ་ལྡན་འདས་ཀྱི་མཁྱེན་རབ་ཀུན་དུ་བཟུང་ནས་མཆིས། །ཁྱོད་ཀྱི་གཟུགས་དང་འདྲ་བ་མ་མཆིས་

མཁྱེན་རབ་འདྲ་མ་མཆིས། །འདི་ཀུན་རྐང་གཉིས་མཆོག་ལ་ཡིད་ཀྱིས་ཤེས་པར་བགྱིས་ནས་མཆིས། །ཇི་ལྟར་ཐོས་བཞིན་དེ་ལྟར་མཐོང་སྟེ་དེ་བས་ལྷག་པར་བཟང་། །བདག་གིས་བདེ་གཤེགས་མཐོང་བའི་བདག་ནི་མི་ཉིད་ལེགས་པར་རྙེད། །ལྷ་ཀླུ་གནོད་སྦྱིན་ལྷ་མ་ཡིན་དང་དེ་བཞིན་སྲིན་

པོ་དག །འཇིག་རྟེན་གསུམ་ན་ཁྱོད་དང་འདྲ་བ་མ་མཆིས་སོ། །འདྲེན་པ་གང་ལ་བདག་གིས་སྔོན་གྱི་བརྒལ་བའི་སེམས་བྱུང་བ། །འཇིག་རྟེན་འདྲེན་པ་མཐོང་བ་ཙམ་གྱིས་དེ་ཉིད་མ་མཆིས་སོ། །བརྩོན་ཆེན་མཁྱེན་རབ་ཐུགས་བརྩེར་ལྡན་པ་ཁྱོད་ལ་ཞུ་བགྱི་བ། །དགེ་བའི་ལས་གང་

བགྱིས་པས་སྐྱོན་རྣམས་ཀུན་གྱིས་གོས་མི་འགྱུར། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་གྱིས་རྒྱལ་པོ་བདུད་རྩི་དབང་བསྐུར་དེའི་ཤེས་རབ་འདི་ལྟ་བུ་འབྱུང་པོ་ཐམས་ཅད་ལ་ཕན་པ་དང་བདེ་བ་དེ་གསན་ནས། གསུང་མ་འཁྲུལ་བ་དང་སྤོབས་པ་གྲོལ་བས་རྒྱལ་པོ་བདུད་རྩིའི་དབང་བསྐུར་དེ་ལ་སླར་

เล่ม ๔๗ · หน้า 204b

ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇིག་རྟེན་ཀུན་ལ་ཕན་བྱེད་ཞུ་བ་ཞུས་པ་ལེགས་སོ་ལེགས། །ཁྱེད་ཀྱི་དོན་དེ་བཤད་ཀྱི་ཇི་ལྟ་བ་བཞིན་ང་ལ་ཉོན། །འབར་བ་ལྟ་བུར་ཡེ་ཤེས་གང་གིས་ཉོན་མོངས་སྲེག་པར་བྱེད། །དེ་ནི་ཤེས་ནས་ཡང་དག་བསྡུས་ཏེ་དེ་འདྲར་སྒྲུབ་བྱེད་ན། །ཉོན་མོངས་

དག་ལས་རྣམ་གྲོལ་ཤེས་པ་དེ་ལ་མི་ཆགས་ཏེ། །ཇི་ལྟར་ཕ་རོལ་ཕྱིན་པ་གཟིངས་ལ་ལྟོས་མེད་བོར་ནས་འགྲོ། །དེ་བཞིན་རྒྱལ་བའི་མཁྱེན་པས་སྡུག་བསྔལ་རྒྱུ་ནི་སྲེག་བྱེད་ལ། །ཤེས་པ་དེ་ལ་གནས་པར་མི་བྱེད་འདི་ནི་དགེ་བའི་ལམ། །བྱང་ཆུབ་སེམས་དཔའ་འཇིགས་མེད་མཁས་

པ་དེ་ནི་འདིར་སློབ་ན། །རྟག་ཏུ་མཉམ་པར་གཞག་ཅིང་རྣམ་གཡེང་འདི་དག་མེད་པར་འགྱུར། །བྱང་ཆུབ་གཞོལ་བའི་སེམས་ཀྱིས་འཆག་པ་དང་ནི་གནས་པ་དང་། །མཁས་པ་ཤེས་རབ་བཅས་པ་འདུག་དང་མལ་དུ་ཉལ་བར་བྱེད། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ངོ་བོ་མེད་པར་རབ་ཏུ་ཤེས། །

མཁས་པ་ཆོས་རྣམས་ཐམས་ཅད་ལ་ནི་གནས་པར་མི་བྱེད་དོ། །འཇིག་རྟེན་མགོན་པོ་སྐྱོབ་པ་དེ་ཡི་གསུང་དེ་ཐོས་ནས་སུ། །ཡིད་ལ་བརྣག་པ་དགའ་ཞིང་སྟོན་པ་ལ་ནི་མངོན་པར་བསྟོད། །འཇིག་རྟེན་སྤྱོད་བཅོམ་འཇིག་རྟེན་གསལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །འདྲེན་པ་རང་གི་

གྲོལ་བས་སེམས་ཅན་དག་གི་སྡུག་བསྔལ་བཀྲོལ། །དེད་དཔོན་བླ་ན་མེད་པ་བརྩོན་འགྲུས་ཆེན་པོ་མྱུར་མཛད་པ། །འདྲེན་པ་རང་གི་རྒལ་བས་སེམས་ཅན་མང་པོ་དེ་དག་བསྒྲལ། །ཁྱོད་ཀྱིས་མ་རིག་པ་ཡི་སྦུབས་བཅོམ་ཁྱོད་ཀྱིས་སྣང་བ་བསྟན། །ཁྱོད་ཀྱིས་འོད་དཔག་མེད་པས་

སངས་རྒྱས་ཞིང་ནི་རབ་ཏུ་སྣང་། །ཁྱོད་ཀྱི་འོད་ཀྱིས་ཀུན་མཁྱེན་སངས་རྒྱས་ཞིང་ནི་དཔག་ཏུ་མེད། །གྲངས་མེད་བྱེ་བ་དག་ཏུ་སྣང་བས་རྟག་ཏུ་ཁྱབ་པར་མཛད། །སྒྲ་གཅན་ཟླ་བ་བཏང་ལྟར་ནམ་མཁའི་དཀྱིལ་ན་དྲི་མ་མེད། །ཟླ་བ་རྣམ་པར་སྣང་ལྟར་དེ་བཞིན་སངས་རྒྱས་རྣམ་པར་སྣང་། །

ལྷ་མ་ཡིན་གྱི་ཞགས་བཅད་ནམ་མཁའི་དཀྱིལ་ན་དྲི་མ་མེད། །ཉི་མའི་འོད་ཟེར་བརྒྱ་དག་རྣམ་ཤར་བར་སྣང་གསལ་བྱེད་ལྟར། །བདུད་ཀྱི་ཞགས་པ་བཅད་ནས་སངས་རྒྱས་ཉི་མ་ཡང་དག་འཕགས། །བདུད་ཕྱོགས་ངེས་པར་བཅོམ་ནས་སངས་རྒྱས་ལམ་ལ་རྣམ་སྣང་མཛད། །སྲིན་

เล่ม ๔๗ · หน้า 205a

བུ་མེ་ཁྱེར་འོད་པས་ཉི་འོད་ཡང་དག་འཕགས་པ་ལྟར། །རྒྱལ་བའི་ཉི་མ་ཡང་དག་འཕགས་པས་མུ་སྟེགས་སྣང་བར་མཛད། །འདི་ལྟར་འཇིག་རྟེན་མགོན་པོ་འོད་མཛད་པ་ལ་སྐྱབས་སུ་མཆི། །མུན་པར་བྱེད་པ་བཅོམ་ནས་ཀུན་ཏུ་སྣང་བ་རྣམ་པར་བསྟན། །ཉི་མ་

ཀུན་མིག་སྣང་ལྟར་སངས་རྒྱས་སྤྱན་ནི་རྣམ་པར་སྣང་། །སྟོན་ཀའི་སྤྲིན་ལས་ཉི་མ་ཤར་ལྟར་རྣམ་པར་སྣང་བར་མཛད། །དེ་ནས་རྒྱལ་པོ་བདུད་རྩིས་དབང་བསྐུར་གྱི་ཞུ་བ་ལུང་བསྟན་པ་འདིས་མངོན་པར་དགའ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ལ་ཚིགས་སུ་བཅད་

དེ་མངོན་པར་བསྟོད་པའི་དགེ་བའི་རྩ་བ་དེས་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་དྲུག་ཏུ་ལོག་པར་མ་སོང་ཞིང་ནམས་ཀྱང་རིགས་ངན་དག་ཏུ་མ་སྐྱེས། ནམས་ཀྱང་སོ་སྔོར་མ་གྱུར་མིག་སེར་པོར་མ་ཡིན་འཇིགས་པའི་མིག་ཏུ་མ་ཡིན། རྣམ་པར་འཁྲུལ་པའི་མིག་ཏུ་མ་ཡིན་ཏེ། རྟག་པར་

རྒྱུན་དུ་བདག་ཉིད་འོད་ཅན་དུ་གྱུར། འདྲེན་པ་དང་ཤེས་པ་དང་ཆོ་འཕྲུལ་ཅན་དུ་གྱུར། སངས་རྒྱས་ཀྱིས་གནང་། སངས་རྒྱས་ཀྱི་ཞིང་གང་དུ་སྐྱེས་པ་དེར་སངས་རྒྱས་འབྱུང་བ་ཤིན་ཏུ་ཤེས། དེར་སྲོག་ཆགས་ཤིན་ཏུ་འཁོར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་ཐེག་པ་

གསུམ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མེད་པའི་སངས་རྒྱས་ཀྱི་ཐེག་པས་འདུལ་བར་བྱེད་དོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན། རྒྱལ་པ་བདུད་རྩིས་དབང་བསྐུར་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་ཐེ་ཙོམ་མམ་ཡིད་གཉིས་ཟ་ན་དེ་ལྟར་མི་

བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་བདུད་རྩིས་དབང་བསྐུར་ཞེས་བྱ་བར་གྱུར་ཏོ། །ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་འདི་ལྟ་བུ་དག་བཏབ་སྟེ། བདག་སངས་རྒྱས་ཀྱི་ཞིང་གང་དུ་སྐྱེས་པ་དེར་སངས་རྒྱས་བྱུང་བར་སེམས་ཅན་དག་ཤིན་ཏུ་ཤེས་པར་གྱུར་ཅིག །སྨོན་ལམ་

དེ་ལྟ་བུས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདི་ལྟར་དེ་གནོད་སེམས་མེད་པའི་སེམས་སུ་གྱུར་པའི་ཕྱིར་ཤེས་པ་དེ་ལ་མངོན་པར་ཞེན་པས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་བཏུལ་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྨོན་ལམ་ཡོངས་སུ་

เล่ม ๔๗ · หน้า 205b

རྫོགས་པར་བྱ་ཞིང་ཡོངས་སུ་སྦྱང་བར་བྱའོ། །མཽད་གལ་གྱི་བུ་ངས་རྣམ་པར་གནས་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་རྣམ་པར་གནས་པ་ཤེས་པ་ཇི་ལྟར་

ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་ཞེས་བྱ་བ་

ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དགུ་བཅུ་རྩ་དྲུག་ཏུ་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་གྲོང་ཁྱེར་རྒྱ་ཆེ་བ་དེར་ཐམས་ཅད་ནས་ཐམས་ཅད་དུ་སེམས་ཅན་

དམྱལ་བ་མ་བྱུང་། དུད་འགྲོའི་སྐྱེ་གནས་མེད། གཤིན་རྗེའི་འཇིག་རྟེན་མེད། སེམས་ཅན་གྱི་མདོག་ཐ་དད་པ་ཉིད་གང་ཡང་མེད་དེ། སེམས་ཅན་དེ་དག་ཐམས་ཅད་ཀྱི་མདོག་གཅིག་ཏུ་གྱུར་ཏེ། འདི་ལྟ་སྟེ། གསེར་གྱི་མདོག་གོ། །སེམས་ཅན་གྱི་དབྱིབས་ཐ་དད་པ་ཉིད་གང་ཡང་མེད་དེ།

སེམས་ཅན་དེ་དག་ཐམས་ཅད་ནྱ་གྲོ་དྷའི་ཚད་དུ་གྱུར་ཏོ། །སེམས་ཅན་གྱི་ལོངས་སྤྱོད་ཐ་དད་པ་ཉིད་གང་ཡང་མེད་དེ་སེམས་ཅན་དེ་དག་ཐམས་ཅད་ལོངས་སྤྱོད་གཅིག་ཏུ་གྱུར་ཏོ། །སེམས་ཅན་གྱི་ཚེའི་ཚད་ཐ་དད་པ་ཉིད་གང་ཡང་མེད་དེ་སེམས་ཅན་དེ་དག་ཐམས་ཅད་ཚེའི་ཚད་ངེས་པར་གྱུར་ཏེ། འདི་

ལྟ་སྟེ། སེམས་ཅན་རྣམས་ཚེའི་ཚད་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་གྱུར་ཏོ། །སེམས་ཅན་གང་ཡང་དུས་བྱེད་པ་ལས་ལྷག་པར་འདའ་བ་མེད་པར་གྱུར། སེམས་ཅན་གང་ཡང་ཡ་ང་བ་མ་སྤངས་པས་དུས་བྱེད་པར་མ་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཁྱད་པར་དུ་འགྲོ་བའི་དུས་བྱེད་

པར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་སེམས་ཅན་དེ་དག་ཐམས་ཅད་བྱེ་བྲག་མ་མཆིས་པར་གྱུར་པ་ལགས་ན། སེམས་ཅན་དེ་དག་དེ་ནས་གུམ་ནས་ཇི་ལྟར་ཁྱད་པར་དུ་

เล่ม ๔๗ · หน้า 206a

མཆི་བར་འགྱུར་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ལེགས་སོ་ལེགས་སོ། །ཆོས་འདི་དག་ལ་འགྲོ་བ་ཞེས་བྱ་བ་མི་སྣང་སྟེ། ཆོས་འདི་དག་ལ་

ཉན་ཐོས་རྣམས་ཀྱི་འགྲོ་བ་སྣང་བ་མ་ཡིན། རང་སངས་རྒྱས་རྣམས་ཀྱི་འགྲོ་བ་སྣང་བ་མ་ཡིན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱི་གང་རེ་ཤིག་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེ་དག་ཐམས་ཅད་ཀྱི་འགྲོ་བ་ཡང་འདི་མ་ཡིན་ན། ཉན་ཐོས་རྣམས་ལྟ་

སྨོས་ཀྱང་ཅི་དགོས། མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་གང་རྒྱལ་ཚབ་ཀྱིས་ལ་གནས་པ་དེའི་ས་ཡང་མ་ཡིན་ཏེ། མཽད་གལ་གྱི་བུ་བྱང་ཆུབ་སེམས་དཔའ་འདི་དག་གི་དགེ་བའི་རྩ་བ་བསྐྱེད་པའི་སྟོབས་ཀྱང་སྣང་ངོ་། །མཽད་གལ་གྱི་བུ་འཇིག་རྟེན་གྱི་ཁམས་དེར་དགེ་བའི་རྩ་བའི་ཆོས་གང་

ཡང་རུང་བས་འགྲོ་བ་མ་ཡིན་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གི་བློ་ཉིན་མཚན་དུ་འཕེལ་ཞིང་ཡོངས་སུ་མི་ཉམས་ཏེ། དེས་ན་ཁྱད་པར་དུ་འགྲོ་བ་ཞེས་བྱའོ། །དེའི་ཚེ་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་ཡིད་གཉིས་ལས་

ཡང་དག་པར་འདས་པ་ཞེས་བྱ་བ་ཞིག་བྱུང་སྟེ། །དེ་རྒྱལ་སྲིད་བྱེད་དོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པའི་འཁོར་གྱི་བུད་མེད་འབུམ་ཕྲག་བརྒྱད་ཅུ་ཡོད་དོ། །བློན་པོ་ཡང་སྟོང་ཐམ་པ་ཡོད་དོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་བུད་མེད་

ཁྲི་ཕྲག་བརྒྱད་ཅུ་པོ་དེ་དག་དང་ལྷན་ཅིག་ཏུ་ཧ་ཅང་ཡང་སྲེད་པ་མེད་པའི་གྲོང་ཁྱེར་གྱི་སྐྱེད་མོས་ཚལ་གྱི་སོས་ཀའི་དུས་ཀྱི་ཤིང་གི་མེ་ཏོག་རྒྱས་པ་དབེན་ཞིང་དགའ་བ་བསིལ་བའི་ཚལ་དུ་སོང་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེའི་སྨོན་ལམ་འདི་ལྟ་བུ་དག་བཏབ་བོ། །བདག་དང་ཉེ་བའི་

སེམས་ཅན་གང་དག་ནོར་མེད་པ་དེ་དག་བདག་གིས་རྒྱལ་པོའི་མཛོད་ནས་ནོར་དང་ལྡན་པར་བྱའོ། །ཞེས་དེ་ལྟ་བུའི་བསམ་པས་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་ཚུལ་ཁྲིམས་འཆལ་བའི་འདུ་ཤེས་མི་འཇུག་ཚུལ་ཁྲིམས་དང་ལྡན་པའི་འདུ་ཤེས་ཡང་དག་པར་མི་སྤྱོད།

เล่ม ๔๗ · หน้า 206b

དྲན་པ་དང་ལྡན་པའི་འདུ་ཤེས་ཡང་དག་པར་མི་སྤྱོད་དེ་འདོད་པའི་འདོད་ཆགས་ཀུན་ནས་དཀྲིས་པའི་སེམས་ལ་ཀུན་ཏུ་མི་གནས། ཞེ་སྡང་ཀུན་ནས་དཀྲིས་པའི་སེམས་དང་། གཏི་མུག་ཀུན་ནས་དཀྲིས་པའི་སེམས་ལ་ཀུན་ཏུ་མི་གནས་ཏེ་ཡོངས་སུ་དག་པའི་ཡིད་ཀྱིས་རྟག་ཏུ་བྱང་ཆུབ་ཀྱི་སེམས་དང་བྲལ་

བས་ནམས་ཀྱང་མི་གནས་སོ། །འོང་བ་དང་འགྲོ་བ་དང་གནས་པ་དང་འདུག་པ་དང་ཉལ་བ་དང་གཉིད་ལོག་པ་ན་དེ་རྒྱགས་པའང་མེད་ན་བག་མེད་པ་ལྟ་ག་ལ་ཞིག་ཡོད། གཞན་དུ་ན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རབ་ཏུ་འཇུག་སྟེ། སེམས་ཅན་སྡུག་བསྔལ་བ་རྣམས་ལ་བྱམས་པ་དང་ལྡན། སེམས་ཅན་

ཉོན་མོངས་པ་རྣམས་ལ་སྙིང་རྗེ་དང་ལྡན་སེམས་ཅན་བདེ་བ་རྣམས་ལ་དགའ་བ་དང་ལྡན། སེམས་ཅན་བྱ་བ་ཡོངས་སུ་རྫོགས་པ་རྣམས་ལ་བཏང་སྙོམས་དང་ལྡན་པར་སེམས་བསྐྱེད་དོ། །མཚན་མོ་ཉལ་བ་ན་སེམས་སྐྱེད་པར་བྱེད་པ་ནི་འཇིག་རྟེན་ན་བདག་གི་དགེ་བའི་རྩ་བ་བསྐྱེད་པར་བྱ་བའི་ཡོན་གནས་

ཡོངས་སུ་འཛིན་པ་སུ་ཡོད་གང་ལ་བདག་ཤེས་པར་བྱ། བསམ་གཏན་དང་པོ་ལ་ཇི་ལྟར་སྙོམས་པར་འཇུག་པར་བྱ། བསམ་གཏན་དང་པོ་ལས་ཇི་ལྟར་ལྡང་བར་བྱ། དེ་བཞིན་དུ་བསམ་གཏན་བཞི་པའི་བར་ལ་ཇི་ལྟར་སྙོམས་པར་འཇུག་པར་བྱ། བསམ་གཏན་བཞི་པ་ལས་ཇི་ལྟར་

ལྡང་བར་བྱ། དེ་བཞིན་དུ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དག་གི་གནས་ཤེས་པ་ལ་ཇི་ལྟར་སྙོམས་པར་འཇུག་པར་བྱ། གནས་ཤེས་པ་ལ་ཇི་ལྟར་ལྡང་བར་བྱ། དེ་བཞིན་དུ་ཇི་ལྟར་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང་། ཇི་ལྟ་བུར་གནས་

ཤེས་པ་འགོག་པ་ཤེས་པ་དང་། ཇི་ལྟར་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་སྙོམས་པར་འཇུག་པར་བྱ། ཇི་ལྟར་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལས་ལྡང་བར་བྱ། དེ་བཞིན་དུ་གནས་ཤེས་པ་དང་། ཀུན་འབྱུང་བ་དང་། འགོག་

པ་དང་། ལམ་དང་། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཤེས་པ་ལ་ཇི་ལྟར་སྙོམས་པར་འཇུག་པར་བྱ། ཇི་ལྟར་ལྡང་བར་བྱ། དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་ལ་ཡང་བྱའོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པའི་གཉེན་རྙིང་བ་

เล่ม ๔๗ · หน้า 207a

སྣག་གི་གཉེན་མཚམས་སྔོན་གྱི་ལྷ་ཞིག་གིས་རྒྱལ་པོའི་ཕོ་བྲང་དེ་སྣང་བར་བྱས་ནས་ལུས་མ་སྦས་པར་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས། །མི་ཡི་བདག་པོ་ཁྱོད་ལེགས་སོ། །འཇིག་

རྟེན་ཀུན་ལ་ཕན་འདོད་པ། །ཁྱོད་ཀྱི་སེམས་ཀྱི་བསམ་པ་ལེགས། །དེ་བཞིན་གཤེགས་པ་འཇིག་རྟེན་བཞུགས། །མཚན་ནི་ནྱ་གྲོ་དྷ་ཞེས་བོད། །སངས་རྒྱས་དེ་དྲུང་དེ་སོང་ལ། །སྐྱེ་བོའི་བདག་པོས་ཡོངས་སུ་ཞུས། །ལྷ་དེ་ཡི་ནི་ཚིག་དེ་དག །མི་ཡི་བདག་པོས་ཐོས་ནས་སུ། །

སེམས་དགའ་ཡིད་ནི་མགུ་གྱུར་ནས། །ལྷ་ལ་མངོན་པར་སྨྲས་པ་ནི། །འཇིག་རྟེན་གསལ་བར་མཛད་པ་ཡི། །རྐང་གཉིས་མཆོག་ནི་ཡུལ་གང་ན། །བཞུགས་པ་དེར་ནི་བདག་མཆི་ཞིང་། །བསྙེན་བཀུར་དག་ནི་རབ་ཏུ་བྱ། །དེ་ནས་ལྷ་དེས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་

འདས་པ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཤར་ཕྱོགས་འདི་ཡི་ཕྱོགས་ཆ་ན། །གྲོང་ཁྱེར་ལྷུན་པོ་འབྱུང་བ་ཡོད། །དེ་ན་མགོན་པོ་དེ་བཞུགས་ཏེ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །དེ་ནི་འཇིག་རྟེན་ཡོན་གནས་ཏེ། །ཕ་རོལ་དག་གི་ཕུལ་བས་འཚོ། །སེམས་ཅན་རྣམས་ལ་

ཐུགས་བརྩེའི་ཕྱིར། །ཡོན་གནས་སོ་སོར་བཞེས་པར་མཛད། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །དེ་བཞིན་གཤེགས་པ་དེ་བཞུགས་ཏེ། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས། །འཁྲུག་པ་མི་མངའ་འདོད་ཆགས་བྲལ། །སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར། །ཡོན་ནི་སོ་

སོར་བཞེས་པར་མཛད། །ཡོངས་སུ་གསོལ་ནས་སྟོན་པར་མཛད། །ཡོན་གྱི་འབྲས་བུ་འདི་ཡིན་ནོ། །ཐུབ་པ་འཇིག་རྟེན་ཀུན་ལ་མཁས། །འཇིག་རྟེན་གསུམ་གྱི་བསོད་ནམས་ཞིང་། །དེ་དྲུང་སོང་ལ་བསྙེན་བཀུར་གྱིས། །དེ་ནི་ཁྱོད་ཀྱི་ལུང་སྟོན་མཛད། །དེ་ནས་རྒྱལ་པོ་

ཡིད་གཉིས་ལས་ཡང་དག་པར་འདས་པ་ལྷ་དེས་བསྐུལ་བ་དྲན་ནས། དེའི་མཚན་མོ་འདས་ཏེ། དེའི་བློན་པོ་རྣམས་བསྡུས་སོ། །བསྡུས་ནས་སྨྲས་པ། གྲོང་གི་གཙོ་བོ་དག་གང་ཤེས་པར་གྱིས་ཤིག །ཤར་ཕྱོགས་ཀྱི་ཕྱོགས་ཆ་ན་གྲོང་ཆེན་པོ་ལྷུན་པོ་འབྱུང་བ་ཞེས་བྱ་བ་ཡོད་དེ།

เล่ม ๔๗ · หน้า 207b

དེ་ན་དེ་བཞིན་གཤེགས་པ་ནྱ་གྲོ་དྷ་ཞེས་བྱ་བ་བཞུགས་སོ། །དེ་ལ་བསྙེན་བཀུར་བྱ་བར་འདོང་གིས། བཞོན་པ་བཟང་པོ་དག་མྱུར་དུ་སྦྱོར་ཅིག་དེ་བཞིན་གཤེགས་པ་དེ་བལྟ་བའི་ཕྱིར་དེ་རིང་ཉིད་འདོང་ངོ་། །བློན་པོ་དེ་དག་གིས་ལྷ་བཀའ་བཞིན་འཚལ་ཞེས་རྒྱལ་པོ་ཡིད་གཉིས་ལས་

ཡང་དག་པར་འདས་པ་དེའི་ལྟར་མཉན་ནས་བཞོན་པ་བཟང་པོ་དག་སྦྱར་ཏོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པས་བཙུན་མོ་ལ་བཀའ་སྩལ་པ། ཆུང་མ་གང་ཤེས་པར་གྱིས་ཤིག །ང་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་བལྟ་བའི་ཕྱིར་འགྲོ་ཡིས་བག་ཡོད་

པར་སྒྲུབས་ཤིག །དེས་སྨྲས་པ། དེ་བཞིན་གཤེགས་པ་དེ་བདག་ཅག་གིས་བལྟ་བར་རྔོ་ཐོགས་སམ། སྨྲས་པ་ཆུང་མ་ནུས་སོ། །སྨྲས་པ། ལྷ་དེ་ལྟ་ན་དེ་བཞིན་གཤེགས་པ་དེ་བལྟ་བའི་ཕྱིར་བདག་ཅག་ཀྱང་མཆིའོ། །སྨྲས་པ་ཆུང་མ་གང་གིས་དུས་ལ་དབབ་པར་ཤེས་ན་

འདོང་ངོ་། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་བལྟ་བར་འདོད་པ་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་དེ་བལྟ་བའི་ཕྱིར་རྒྱལ་སྲིད་ལྟོས་པ་མེད་པ་དང་། ཡོངས་སུ་འཛིན་པ་ལྟོས་པ་མེད་པས་རང་རང་གི་གྲོང་ཁྱེར་ནས་བྱུང་ངོ་། །

དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་རང་གི་གྲོང་ཁྱེར་ནས་བྱུང་བ་གཟིགས་སོ། །གཟིགས་ནས་རྒྱལ་པོའི་ལམ་ཐམས་ཅད་དཔག་བསམ་གྱི་རས་བཅོས་བུ་མངོན་པར་སྤྲུལ་པ་རྣམས་ཀྱིས་ཡང་དག་

པར་གཡོགས་སོ། །ཡུལ་དང་ཕྱོགས་རྣམས་སུ་ཡང་མཚོ་དང་མཚེའུ་དང་རྫིང་དག་མངོན་པར་སྤྲུལ་ཏོ། །རྒྱལ་པོ་དེའི་ལམ་ལག་མཐིལ་ལྟར་མཉམ་པར་གྱུར་ཅིང་དཔག་བསམ་གྱི་རས་བཅོས་བུ་མངོན་པར་སྤྲུལ་པས་ཤིན་ཏུ་གཡོགས་ཤིང་རླུང་བསིལ་བ་དག་རབ་ཏུ་ལྡང་ངོ་། །གནས་གཙང་

མའི་ལྷ་རྣམས་ལ་བཀའ་སྩལ་པ། སོང་ལ་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པའི་ལམ་སྤོས་ཆུས་ཆག་ཆག་ཐོབ་ཤིག །སྟེང་དུ་ཡང་རས་བཅོས་བུ་སྣ་ཚོགས་ཀྱི་བླ་བྲེ་བྲེས་ཤིག །དེ་འོང་བའི་རིམ་གྲོ་ཡོངས་སུ་སྤྱད་པར་གྱིས་ཤིག །དེ་ནས་གནས་གཙང་མའི་ལྷ་དག་དེ་བཞིན་

เล่ม ๔๗ · หน้า 208a

གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་ལྟར་མཉན་ནས། རྫུ་འཕྲུལ་གྱི་སྟོབས་ཀྱིས་འབད་པས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ལ་མཆོད་པ་བྱེད་དོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་རྒྱལ་པོའི་ལམ་གྱི་འབྱོར་པ་དེ་དག་མཐོང་ནས་བློན་

པོ་དག་ལ་སྨྲས་པ། གྲོང་གི་གཙོ་བོ་དག་མིའི་གཟུགས་ལས་འདས་པའི་སྐྱེས་བུ་ལྷའི་གཟུགས་དང་ལྡན་པ་ང་ལ་མཆོད་པ་བྱེད་པ་འདི་དག་ག་ལས་འོངས་གང་བདག་ལ་མཆོད་པ་བྱེད་པའི་རྒྱུ་འདི་དག་ནི། དེ་དག་བདག་གི་དྲུང་ན་མེད་དོ། །དེ་ནས་གཉེན་རྙིང་བ་སྣག་གི་གཉེན་མཚམས་ལྷ་

དེས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྷ་འདི་དག་ནི་འཇིག་རྟེན་གྱི། །མགོན་པོ་དེ་ཡི་རིམ་གྲོ་པ། །དེ་བཞིན་གཤེགས་པའི་བཀའ་ཡིས་སུ། །མཆོད་པ་དམ་པ་བྱེད་པ་ཡིན། །རྒྱལ་པོ་ཕོ་བྲང་ནས་བྱུང་བ། །སངས་རྒྱས་ཀྱིས་

ནི་ལྷ་གཟིགས་སོ། །ཁྱོད་ནི་འོང་བར་ཤེས་ནས་སུ། །ལྷ་རྣམས་ཀྱིས་ནི་རབ་ཏུ་བརྒྱུགས། །བཞུད་ལ་བྱང་ཆུབ་སེམས་དཔའ་ཡི། །མཆོད་པ་དག་ནི་དམ་པ་མཛོད། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །ཁྱོད་ལ་དེ་ནི་ཐུགས་བརྩེའི་ཕྱིར། །དེ་ཡིས་ལྷ་ནི་དེ་དག་བཏང་། །མཆོད་

པ་དག་ནི་དམ་པ་བྱེད། །སངས་རྒྱས་མཐོང་བར་འདོད་པ་ཡི། །རྒྱལ་པོའི་ལམ་ནི་རྒྱན་གྱིས་བརྒྱན། །རྒྱལ་པོ་ཆེན་པོ་མངོན་བྱུང་ཤིག །གང་ཟག་མཆོག་ལ་བྱང་ཆུབ་སེམས། །ཉན་ཐོས་རྣམས་ཀྱིས་མདུན་བདར་ཅིང་། །མཆོད་པ་བྱེད་པ་མ་མཐོང་ངམ། །དེ་ནས་རྒྱལ་པོ་ཡིད་གཉིས་

ལས་ཡང་དག་པར་འདས་པས་ལྷ་དེའི་ཚིག་ཐོས་ནས་ཤིང་རྟ་ལས་བབས་ཏེ། གོས་ཕྲག་པ་གཅིག་ཏུ་གཟར། རྒྱན་བཀྲོལ། ནོར་བུའི་མཆིལ་ལྷམ་ཕུད་ནས། །བཅོམ་ལྡན་འདས་ཕྱོགས་ག་ལ་བཞུགས་པའི་ཕྱོགས་དེར་ཐལ་མོ་སྦྱར་བ་བཏུད་ནས། དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་ལ་

ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ཆེད་དུ་རྗོད་པ་འདི་ལན་གསུམ་དུ་བརྗོད་དོ། །དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བདར་བས། རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ཕྱག་འཚལ་བར་བྱེད་པ་

เล่ม ๔๗ · หน้า 208b

གཟིགས་སོ། །གཟིགས་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་གིས་ནི་འཇིག་རྟེན་མགོན་པོ་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་རྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན།

གང་དག་གིས་ནི་འཇིག་རྟེན་མགོན་པོ་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །གང་དག་གིས་ནི་འཇིག་རྟེན་མགོན་པོ་ལ། །བསྙེན་བཀུར་བྱ་ཕྱིར་གོམ་པ་གཅིག་བོར་

བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་བྱེ་བ་དག །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །དེ་ནས་གནས་གཙང་མའི་ལྷ་དག་གིས། བཅོམ་ལྡན་འདས་འཁོར་དང་བཅས་པ་ཀུན་ལ་ཀུན་ཏུ་དགབ་པར་བྱ་བའི་དོན་དུ་གོས་འབུམ་ཕྲག་བརྒྱད་ཅུ་དག་མངོན་པར་སྤྲུལ་ཏོ། །དེ་ནས་

རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པས་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་མཆོད་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། གདུགས་འདི་དག་ག་ལས་འོངས་ཤིག་སྙམ་མོ། །དེའི་སེམས་བསྐྱེད་མ་ཐག་ཏུ་གདུགས་དེ་དག་མི་སྣང་བར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ།

གདུགས་འདི་དག་གར་སོང་སྙམ་མོ། །དེ་ནས་ལྷ་དེ་དག་གིས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། གདུགས་ནི་གང་ནས་མ་སྐྱེས་ཤིང་། །གང་དུ་ཡང་ནི་འགགས་མ་གྱུར། །ཆོས་ཀུན་དངོས་པོ་འདི་འདྲ་སྟེ། །དེ་ནི་སངས་རྒྱས་རྣམ་པར་

མཁྱེན། །འཇིག་རྟེན་གསལ་མཛད་འདི་འདྲ་སྟེ། །ཆོས་ཉིད་དེ་དག་འདི་འདྲའོ། །གང་དག་དེ་ནི་རྣམ་ཤེས་པ། །དེ་དག་སངས་རྒྱས་ཐུགས་ལས་བྱུང་། །དེ་ནི་བདུད་ཀྱི་ཞགས་བཅད་ནས། །སངས་རྒྱས་ལམ་དུ་ཉེ་བར་ཞུགས། །འཇིག་རྟེན་གསལ་བར་མཛད་པ་མཐོང་། །བདུད་

འདུལ་བར་ནི་འགྲོ་བར་འགྱུར། །ལྷ་རྣམས་དང་ནི་མི་ཆེན་གྱིས། །ལུང་བསྟན་འདི་ནི་ཐོས་ནས་སུ། །བྱང་ཆུབ་སེམས་དཔའི་ཆོས་ཉིད་དག །དཔའ་བོ་ཆེན་པོས་ལུང་བསྟན་པ། །དེ་ནི་བཅིངས་མེད་གྲོལ་བ་མེད། །ལམ་ཆེན་ལ་ནི་བྱ་བ་བྱས། །སངས་རྒྱས་ཆོས་ནི་བླ་ན་མེད། །དཔའ་

เล่ม ๔๗ · หน้า 209a

བོ་ཆེན་པོས་ལུང་བསྟན་པ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡི། །དེ་ཡི་གསུང་ནི་ཐོས་ནས་སུ། །འོངས་པ་མེད་ཅིང་བྱུང་བ་མེད། །གནས་པ་མེད་པར་རྣམ་པར་ཤེས། །དེ་ཡི་ལུང་བསྟན་ཐོས་ནས་སུ། །ཆོས་ནི་གང་ཡང་མ་བྱུང་ཞིང་། །འགགས་པ་

མེད་ཅིང་མི་གནས་པར། །ལྷ་དག་གིས་ནི་རྣམ་པར་མཐོང་། །དེ་ཡི་གསུང་དེ་ཐོས་ནས་སུ། །སྐྱེ་བོ་མང་པོ་དེ་ཀུན་དག །སྟོང་པའི་ཆོས་ནི་རྣམ་ཤེས་ཏེ། །འགགས་པ་མེད་ཅིང་མ་འོངས་མེད། །ཆོས་གང་འདས་པའང་མ་ཡིན་ཏེ། །རྣམ་པར་ཤེས་མེད་མ་འོངས་མེད། །

ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །རྒྱལ་བའི་སྲས་དག་རྣམ་པར་ཤེས། །དེ་ཡི་ཚིག་དེ་ཐོས་ནས་སུ། །ཆོས་ནི་ཐམས་ཅད་མཚན་ཉིད་གཅིག །སངས་རྒྱས་བྱང་ཆུབ་ཐུབ་ཆེན་གང་། །ཐམས་ཅད་དེ་ལ་རབ་ཏུ་ཞུགས། །དེ་ཡི་ཚིག་དེ་ཐོས་ནས་སུ། །དེ་ཚེ་དེ་བཞིན་གཤེགས་བྱུང་

གང་། །རྒྱལ་བ་བྱེ་བ་སྤྲུལ་མཛད་ནས། །སྟོང་པའི་ཆོས་ནི་རབ་ཏུ་སྟོན། །ལྷ་ནི་ཁྲི་ཕྲག་བརྒྱད་ཅུ་དག །དེ་དག་ལ་ནི་དེ་བཞིན་གཤེགས། །འཇིག་རྟེན་གསལ་མཛད་བྱང་ཆུབ་ལམ། །སྦྱོང་བར་མཛད་པས་ལུང་བསྟན་ཏོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡིད་གཉིས་

ལས་ཡང་དག་པར་འདས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདས་པའི་དགེ་བའི་རྩ་བ་དག་

ཡང་དག་པར་བསྡུ་བའི་དོན་དུ་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པའི་ཆོས་འཐོབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །མཽད་གལ་གྱི་བུ་ངས་རྣམ་པར་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་རྣམ་པར་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་

เล่ม ๔๗ · หน้า 209b

པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་ཅེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་

བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེའི་ཉན་ཐོས་འདུས་པ་དང་པོ་ནི་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་བྱུང་ངོ་། །ཉན་ཐོས་འདུས་པ་གཉིས་པ་ནི་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་བྱུང་ངོ་། །ཉན་ཐོས་འདུས་པ་གསུམ་པ་ནི་ཉན་ཐོས་བྱེ་བ་ཕྲག་

དགུ་བཅུ་རྩ་དྲུག་བྱུང་ངོ་། །དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེའི་གསུང་རབ་ལ་ཁྱིམ་བདག་དབེན་པ་འདོད་པ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཆོས་ཀྱི་དགེ་མཚན་དང་ལྡན་པ། ལེགས་པར་གསུངས་པ་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ། ལེགས་པར་གསུངས་

པའི་དོན་དུ་དེའི་ཡོངས་སུ་མ་བཏང་བ་ཅི་ཡང་མེད་པ་ཞིག་བྱུང་ངོ་། །དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་ཅེས་བྱ་བ་འགྲོ་བ་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པ། དེ་སེམས་ཅན་དམྱལ་བའི་ལམ་དང་། དུད་འགྲོའི་སྐྱེ་གནས་ཀྱི་ལམ་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་དང་། མིའི་

ལམ་དང་། མཐོ་རིས་ཀྱི་ལམ་དང་། མྱ་ངན་ལས་འདས་པའི་ལམ་སྟེ། ལམ་དེ་དག་རབ་ཏུ་སྟོན་པ་ཞིག་འཇིག་རྟེན་དུ་བྱུང་ངོ་། །ཞེས་དེས་བར་སྣང་ལས་སྒྲ་བྱུང་བ་ཐོས་སོ། །དེས་སྒྲ་དེ་ཐོས་ནས་གོས་ཕྱོགས་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བར་

སྣང་ལ་ཕྱོགས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་རིང་བར་སྣང་འདི་དག་ལ། །ཚིག་སྙན་གཏོང་བ་སུ་ཞིག་ལགས། །འདྲེན་པ་དེ་ནི་ག་ལ་བཞུགས། །དོན་དེ་ཁྱོད་ཀྱིས་བདག་ལ་གསུངས། །དེས་ཡང་བར་སྣང་ལས་སྒྲ་ཐོས། །ཤར་ཕྱོགས་ལོགས་ཀྱི་

ཕྱོགས་ཆ་ན། །གྲོང་ཁྱེར་ལྷུན་པོ་རྒྱལ་མཚན་དགའ། །ཞེས་བྱ་ཡོད་དེ་རྐང་གཉིས་བཞུགས། །ཐེ་ཙོམ་ཐམས་ཅད་གཅོད་པར་མཛད། །དེས་ཡང་ཐལ་མོ་སྦྱར་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དཔག་ཚད་བྱེ་བ་ཇི་སྙེད་ཡོད། །དཔག་ཚད་ཇི་སྙེད་དག་ཏུ་འགྲོ། །དཔག་

เล่ม ๔๗ · หน้า 210a

ཚད་ཇི་སྙེད་སོང་བས་སུ། །དེ་བཞིན་གཤེགས་པ་མཐོང་བར་འགྱུར། །དེས་ཡང་བར་སྣང་ལ་འདུག་པ་ལས་སྒྲ་ཐོས་པ། དཔག་ཚད་བྱེ་བ་ཕྲག་བཅུ་དང་། །དཔག་ཚད་བརྒྱ་ཕྲག་བཅུ་དག་ན། །གང་ན་རྫོགས་སངས་རྒྱས་བཞུགས་པ། །དེར་ནི་སོང་

སྟེ་ཡོངས་སུ་ཞུས། །དེས་སྒྲ་དེ་ཐོས་ནས་བློན་པོ་རྣམས་ལ་སྨྲས་པ། གྲོང་གི་གཙོ་བོ་དག །བཞོན་པ་བཟང་པོ་མྱུར་དུ་སྦྱོར་ཅིག །ཤར་གྱི་ཕྱོགས་ཀྱི་ཕྱོགས་ཆ་ན་དཔག་ཚད་བྱེ་བ་ཕྲག་བཅུ་དང་། དཔག་ཚད་སྟོང་ན་གྲོང་ཁྱེར་ལྷུན་པོའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་

གཤེགས་པ་འོད་ཟེར་དཔག་མེད་ཅེས་བྱ་བ་བཞུགས་ཤིང་ཉེ་བར་གནས་ཏེ། དེར་དེ་བཞིན་གཤེགས་པ་དེ་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འདོང་ངོ་། །བློན་པོ་དག་གིས་བཀའ་བཞིན་འཚལ་ཞེས་ཁྱིམ་བདག་དབེན་པ་འདོད་པའི་ལྟར་མཉན་ནས་བཞོན་པ་བཟང་པོ་དག་

བཤམས་སོ། །བཤམས་ནས་གསོལ་པ། ཇོ་བོ་གང་གི་དུས་ལ་དབབ་པར་མཁྱེན་ན་བཞོན་པ་བཟང་པོ་དག་བཤམས་ལགས་སོ། །དེ་ནས་ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བཞོན་པ་བཟང་པོ་ལ་ཞོན་ཏེ་རང་གི་གྲོང་ཁྱེར་ནས་བྱུང་ངོ་། །དེ་གང་དང་གང་

དུ་འགྲོ་བ་དེ་དང་དེར་སྐྱེ་བོ་ཐམས་ཅད་ཕྱི་བཞིན་འབྲང་ངོ་། །དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་ག་ལ་བ་དེར་སོང་སྟེ། སངས་རྒྱས་ཀྱི་མཐུས་གནས་གཙང་མའི་ལྷ་དེ་དག་གིས་རིམ་གྲོ་ཡོངས་སུ་སྤྱད་པར་བྱེད་དོ། །དེའི་ཚེ་གྲོང་ཁྱེར་ལྷུན་པོའི་རྒྱལ་མཚན་གྱི་

ཕྱོགས་ན་སྐྱེད་མོས་ཚལ་ཀུན་ནས་མཛེས་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དེ་བཞུགས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་བཞུགས་པས་སྐྱེད་མོས་ཚལ་དེ་དཔལ་འབར་ཞིང་ལྷན་ནེ་ལྷང་ངེ་བར་རྒྱང་རིང་པོ་ཉིད་ནས་མཐོང་ངོ་། །དེ་བཞོན་པའི་ས་ཇི་ཙམ་པ་དེ་ཙམ་དུ་བཞོན་

པས་སོང་སྟེ། བཞོན་པ་ལས་བབས་ནས་རྐང་ཐང་བས་ཡོངས་སུ་བསྐོར་ཅིང་རྐང་ཐང་བས་མདུན་དུ་བདར་ནས། རྐང་ཐང་བས་སྐྱེད་མོས་ཚལ་ཀུན་ནས་མཛེས་པར་ཞུགས་སོ། །དེ་སྐྱེད་མོས་ཚལ་དེར་ཞུགས་པ་ན། སངས་རྒྱས་ཀྱི་མཐུས་རླུང་བསིལ་བ་བདེ་བ་དག་ལངས་

เล่ม ๔๗ · หน้า 210b

ཤིང་སྤོས་ཆུའི་ཆར་དག་མངོན་པར་རབ་ཏུ་བབ་པོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བསམ་པ་ཐུགས་སུ་ཆུད་ནས། བདུད་རྩིའི་འོད་བསིལ་བ་བཏང་ངོ་། །དེའི་བདུད་རྩིའི་བསིལ་བ་དེས་དེ་ལམ་གྱིས་

དུབ་པ་མེད་པར་མཛད་དོ། །དེ་བཞིན་གཤེགས་པས་དེའི་ལུས་དུབ་པ་མེད་པར་ཐུགས་སུ་ཆུད་ནས་ཤིང་ཏལ་གཅིག་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ་འཆག་གོ། །ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་

ཟེར་དཔག་མེད་དེ་མཛེས་ཤིང་སྡུག །དབང་པོ་ཞི་ཐུགས་ཞི་བ་བར་སྣང་ལ་འཆག་ཅིང་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་ཐོས་པ་དེ་བཞིན་མཐོང་། །དེ་བས་ཀྱང་ནི་ལྷག་པར་བཟང་། །འཇིག་རྟེན་དག་ན་ཁྱོད་དང་ནི། །ཡེ་ཤེས་

ཡོན་ཏན་འདྲ་མ་མཆིས། །དེ་ལ་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་སླར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་ཚིག་སྨྲས་པ། །དབེན་པར་འགྱུར་བ་ཡིན་ཏེ་ལེགས། །ཇི་ལྟར་འདིར་ནི་ཡུན་རིང་དུ། །དགེ་བའི་རྩ་བ་ཤིན་ཏུ་བསྟེན། །འཇིག་

རྟེན་དག་ན་ང་འདྲ་མེད། །ང་ལས་ལྷག་འགྱུར་ག་ལ་ཡོད། །ཁྱིམ་བདག་ཅུང་ཟད་ཡིད་ལ་ནི། །ཞུ་བ་གང་དག་འདོད་པ་ཞུས། །དེས་པ་ཁྱོད་ཀྱི་འདོད་པ་གང་། །ང་ཡིས་ཁྱོད་ཀྱི་སེམས་རངས་བྱ། །ང་ལ་ཅུང་ཟད་གང་འདྲི་བ། །དེ་རིང་ཐེ་ཙོམ་མེད་པར་བྱ། །དེ་ནས་ཁྱིམ་

བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་བསམ་གཏན་ལངས་ནས་མཆིས། །བསམ་གཏན་བསམ་གཏན་ཡོན་ཏན་དགའ། །འདི་ལ་ཡིད་གཞོལ་ཇི་ལྟར་འགྱུར། །ཞུས་པ་

དེ་དག་བདག་ལ་གསུངས། །དགེ་བའི་རྩ་བ་གང་གིས་ནི། །ཤེས་པ་དེ་ནི་རྟོགས་པར་འགྱུར། །ལྡན་པ་དང་ནི་ཤེས་པའི་རྒྱུ། །ཞུས་པ་དེ་དག་བདག་ལ་གསུངས། །དེ་ལ་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་ལུང་བསྟན་པ་ཚིགས་སུ་བཅད་པ་གཅིག་གིས་

เล่ม ๔๗ · หน้า 211a

ཡོངས་སུ་མགུ་བར་མཛད་དེ། མཚན་མེད་བྱས་པའི་བསམ་གཏན་ནི། །ལྡང་བ་ལ་ཡང་ཤིན་ཏུ་ངེས། །ཤེས་པ་གང་གིས་བསམ་གཏན་དེ། །སོ་སོར་ཐོབ་ནས་རབ་ཏུ་ཤེས། །ཞུ་བ་ལུང་བསྟན་ཐོས་ནས་སུ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །

ཁྱིམ་བདག་དཔའ་བོ་མཁས་པ་ནི། །སྐྱེ་བ་མེད་ལ་རབ་ཏུ་བཞག །དེ་ནི་སངས་རྒྱས་ཆོས་དག་ལ། །སོམ་ཉི་ཐེ་ཙོམ་མེད་པར་གནས། །འཁོར་དེ་སྣང་བར་བྱས་ནས་སུ། །འདྲེན་པ་ལ་ནི་འདི་སྐད་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་གསུང་དག །ཇི་ལྟར་རྣམ་

པར་འཚལ་བར་འགྱུར། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་གཱའི་བྱེ་སྙེད་སེམས་ཅན་དག །ང་ཡིས་ལེགས་བཤད་ཐོས་ནས་སུ། །ཡང་དག་པ་ནི་

ཇི་བཞིན་ཤེས། །སྐྱེ་བ་མེད་ལ་རབ་ཏུ་བཀོད། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་དབེན་པ་འདོད་པ་ཞེས་བྱ་བ་ཤིང་སཱ་ལ་

ཆེན་པོ་ལྟ་བུར་གྱུར་ཏོ། །འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུ་བ་ཡོངས་སུ་ཞུས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་བསམ་གཏན་ལ་མཁས་པར་བྱ། བསམ་གཏན་གྱི་ལྡང་བ་ལ་

མཁས་པར་བྱ། ལྡང་བ་ཤེས་པ་ཀུན་འབྱུང་བ་ཤེས་པའི་དགེ་བའི་རྩ་བ་གང་ཡང་དག་པར་འདུ་བར་འགྱུར་བའི་དགེ་བའི་རྩ་བ་དེ་དག་ཤིན་ཏུ་གཞག་པར་བྱ། ཤིན་ཏུ་གཟུང་བར་བྱ། མཽད་གལ་གྱི་བུ་ངས་རྣམ་པར་གནས་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་

སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས། དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་

เล่ม ๔๗ · หน้า 211b

བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་དགྲ་ངེས་པར་བཅོམ་པ་ཞེས་བྱ་བ་འབའ་ཞིག་ཁོ་ནས་སངས་རྒྱས་ཀྱི་ཞིང་ལ་རྒྱལ་སྲིད་བྱེད་པ་ཞིག་བྱུང་ངོ་། །རྒྱལ་པོ་དགྲ་ངེས་པར་བཅོམ་པ་དེ་དང་ཉེ་

བ་ཞིག་ན། དེ་བཞིན་གཤེགས་པ་བདེ་མཛད་ཅེས་བྱ་བ་ཞིག་བྱུང་ངོ་། །དེ་བཞིན་གཤེགས་པ་བདེ་མཛད་དེའི་འཁོར་ཉན་ཐོས་ཁྲི་ཕྲག་དཔག་ཏུ་མེད་པ་དང་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ཏུ་མེད་པ་དག་བྱུང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་གི་ནང་དུ་བྱང་ཆུབ་སེམས་

དཔའ་མོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་བྱུང་ངོ་། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དག་ཐེག་པ་གསུམ་ལ་ཡང་དག་པར་རབ་ཏུ་གནས་པར་གྱུར་ཏེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པའོ། །

སེམས་ཅན་གང་དག་སངས་རྒྱས་ཀྱི་ཐེག་པ་འདི་ལ་ཡང་དག་པར་རབ་ཏུ་གནས་པ་དེས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་དེ་དག་ཡང་དང་ཡང་དུ་སངས་རྒྱས་ཀྱི་ཐེག་པ་ལ་སྤྲོ་བ་རབ་ཏུ་སྐྱེད་པར་བྱེད་དེ། གྲོགས་པོ་དག་ཐེག་པ་ཆེན་པོ་ནི་དགའ་བར་བྱ་བ་

ཡིན་ཏེ། གང་ལ་མི་ཤེས་པའམ་མ་མཐོང་བའམ། མ་རིག་པའམ་མངོན་སུམ་དུ་མ་བྱས་པའམ། ཉེ་བར་སྐྱེ་བའམ། ཉེ་བར་འདུག་པའམ་འགགས་པ་གང་ཡང་མེད་དོ། །དེ་ལ་གང་ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་དེ་དག་ཡོངས་སུ་མི་དགའ་བའི་བློ་སྐྱེས་ཏེ། འཁོར་བར་ཤིན་

ཏུ་རྒྱུག་པའི་སེམས་ཅན་སྔོན་གྱི་མཐའ་མི་ཤེས་པའི་འགྲོ་བ་འདི་དག་ལ་རེ་ཞིག་སུ་ཞིག་སྤྲོ་བར་འགྱུར་སྙམ་ནས་དེ་ནས་བྱང་ཆུབ་སེམས་དཔའ་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་དེ་དག་དང་ཆོས་འཐུན་པས་རྩོད་པར་བྱེད་དེ། ཀྱེ་མ་ཚེ་དང་ལྡན་པ་ཁྱེད་ཅག་ཅི་སྔོན་ཡུན་རིང་པོ་

ནས་སྡུག་བསྔལ་དང་སྡུག་བསྔལ་ཤིན་ཏུ་བསྐྱེད་པ་འདི་ཤེས་སམ། སྨྲས་པ་ཚེ་དང་ལྡན་པ་དག་མ་ཡིན་ནོ། །སྨྲས་པ་ཁྱེད་ཅག་ལ་གང་གི་ཚེ་ཡོངས་སུ་བཟུང་བ་དང་བཅས་པ་རྙེད་པ་དེའི་ཚེ་ཁྱེད་ཅག་འཇིགས་སམ། ཁྱེད་ཅག་སྤྲོ་བ་ཆེན་པོ་མ་བྱས་པ་ལ་རྟོག་ལ་བྱས་པ་ལ་ནི་མི་རྟོག །

เล่ม ๔๗ · หน้า 212a

ཚེ་དང་ལྡན་པ་དག་བྱས་པ་བཏང་ནས་མ་བྱས་པ་ལ་རྟོག་པ་དེ་ནི་འཇིགས་པར་འགྱུར། གང་ཞིག་བྱས་པ་ལ་རྟོག་ཅིང་མ་བྱས་པ་ལ་མ་ཡིན་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་མང་དུ་བྱས་སོ། །དེ་བྱས་པ་རྟོགས་པ་དེ་ནི་འཇིགས་པ་མེད་དོ། །ཚེ་དང་

ལྡན་པ་དག་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་ཅག་གིས་འདི་ལྟར་ཤེས་ཏེ། བྱས་པ་བྱས་པ་ལ་ཡོངས་སུ་བརྟག་པར་བྱ་སྟེ། བྱས་པ་བྱས་པ་ལ་གང་ཡོངས་སུ་རྟོག་པ་དེ་ནི་བདག་གིས་མང་དུ་བྱས་སོ་ཞེས་མི་ཤེས་སོ། །ཚེ་དང་ལྡན་པ་དག་སྔོན་བྱུང་བ་འདས་པའི་དུས་ན་

དྲང་སྲོང་རྟ་དམར་ཞེས་བྱ་བ་ཞིག་བྱུང་སྟེ། དེ་འདི་སྙམ་དུ་སེམས་སོ། །འཇིག་རྟེན་གྱི་མཐར་སོང་ནས་ཕྱིས་འཆི་བའི་དུས་བྱའོ་སྙམ་ནས་དེ་འཇིག་རྟེན་གྱི་མཐར་འགྲོ་བར་ཆས་སོ། །དེའི་གོམ་པ་འདི་ལྟ་བུར་འདོར་ཏེ་རི་རབ་ཀྱི་རྩེ་མོ་གཅིག་ནས་རི་རབ་ཀྱི་རྩེ་མོ་གཞན་ལ་གོམ་པ་འདོར་རོ། །མགྱོགས་

པ་དེ་ལྟ་བུ་དང་ལྡན་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་རྫུ་འཕྲུལ་གྱི་སེམས་ཀྱིས་འགྲོ་བ་བཞིན་ནོ། །དེ་འཇིག་རྟེན་གྱི་མཐར་མ་སོན་པར་འཆི་བའི་དུས་བྱས་སོ། །ཚེ་དང་ལྡན་པ་དག་རྐང་པས་འཇིག་རྟེན་གྱི་མཐར་འགྲོའོ་ཞེས་སངས་རྒྱས་བཅོམ་ལྡན་འདས་མི་གསུང་སྟེ། ཡེ་ཤེས་ཀྱིས་

འཇིག་རྟེན་གྱི་མཐར་འགྲོའོ། །ཚེ་དང་ལྡན་པ་ཁྱེད་གང་སྡུག་བསྔལ་དང་སྡུག་བསྔལ་ལ་ཡང་དག་པར་ཤེས་པ་དེ་ཁྱེད་ཀྱིས་མ་འོངས་པ་ཡོངས་སུ་རྟོག་ན་སྡུག་བསྔལ་དང་སྡུག་བསྔལ་གྱི་འདུ་ཤེས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྲེད་

པ་ཟད་པའི་མཐར་འགྲོ་བར་བྱེད་ཀྱི་འཇིག་རྟེན་གྱི་མཐའ་འདོགས་པར་ནི་མི་བྱེད་དེ། དེ་དག་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་འདུ་ཤེས་མེད་དོ། །དེ་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་དགེ་སློང་མང་པོ་དེ་དག་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་

པའི་དགེ་སློང་དེ་དག་གིས་བཟློག་པར་མ་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ལ་མོས་པའི་སྟོབས་མེད་དེ། གང་མོས་པའི་སྟོབས་མེད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་ཏུ་སྐལ་བ་མེད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་

เล่ม ๔๗ · หน้า 212b

དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པས་མོས་པའི་སྟོབས་ལ་མངོན་པར་བརྩོན་པར་བྱའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་རབ་

ཏུ་གནས་པའི་དགེ་སློང་ཞིག་བྱུང་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་མོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་དགེ་སློང་དུ་གྱུར་ཏོ། །མཽད་གལ་གྱི་བུ་ངས་རྣམ་པར་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་

པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས། དགེ་བའི་རྩ་བ་སྣ་ཚོགས་གྲངས་མེད་ཅིང་

དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་གཞལ་གྱིས་མི་ལང་བརྗོད་དུ་མེད་པའི་འཁོར་བ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཚངས་པའི་

བླ་མ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། །དགེ་སློང་གི་དགེ་འདུན་གྱི་འཁོར་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་དོ། །དེར་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་པ་ཞེས་བྱ་བ་ཅིག་བྱུང་སྟེ། དེས་ཚོར་

བ་ཐམས་ཅད་གདུལ་བའི་དོན་དུ་ཚོར་བ་བདག་གི་དོན་རྟོགས་ཏེ། དེ་དེ་ལྔར་རྣམ་པར་ཤེས་ནས་རྫུ་འཕྲུལ་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས་སོ། །གྲོགས་པོ་དག་ཚོར་བ་རྣམས་གདུལ་བའི་དོན་དུ་ཡུན་རིང་པོར་བརྗོད་དུ་མེད་པར་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་

རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་དག་གདུལ་བའི་དོན་དུ་རིག་པ་ཞེས་བརྗོད་དེ། སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས་འདུལ། །སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་འདུལ། སེམས་ཅན་གཏི་མུག་སྤྱོད་པ་རྣམས་གྱི་གཏི་

เล่ม ๔๗ · หน้า 213a

མུག་འདུལ། སེམས་ཅན་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་འདུལ་ལོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་

བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་པ་ཞེས་བྱ་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་གི་སེམས་ཅན་དེ་དག་ཐམས་ཅད་ངས་ཚིག་གིས་བྱང་ཆུབ་ཏུ་འདུལ་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སེམས་ཅན་རྣམས་ཀྱི་དོན་མཛད་ནས་ཕུང་པོ་

ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་བསྟན་པ་དངོས་པོ་གསུམ་པོ་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་

ངས་ཡོངས་སུ་བཟུང་ངོ་། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་གཟུང་བར་བྱ། གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་གཟུང་བར་བྱའོ། །མཽད་གལ་གྱི་བུ་དེ་ཙམ་གྱིས་ན་བྱང་ཆུབ་

སེམས་དཔས་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར་ཏེ། གང་ལམ་ཡོངས་སུ་འཛིན་པ་དེ་ནི་བསྟན་པ་ཡོངས་སུ་བཟུང་བར་འགྱུར་རོ། །བྱིས་པ་སོ་སོའི་སྐྱེ་བོ་དག་ཡང་དག་པ་མ་ཡིན་པའི་ལམ་ལ་སྡུག་བསྔལ་ཞེས་ཚིག་ཏུ་བརྗོད་ཀྱང་སྡུག་བསྔལ་སོ་སོར་མི་ཤེས། སྡུག་

བསྔལ་གྱི་རྒྱུ་ཚིག་ཏུ་བརྗོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་མི་ཤེས། མི་རྟག་པ་ཞེས་ཚིག་ཏུ་བརྗོད་ཀྱང་སྡུག་བསྔལ་འགོག་པ་སོ་སོར་མི་ཤེས། སྡུག་བསྔལ་ལས་འབྲོས་ཀྱང་སྡུག་བསྔལ་ལས་ཡོངས་སུ་མ་ཐར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་རྒྱུ་དང་འབྲས་བུ་ལ་མཁས་པར་བྱའོ། །མཽད་གལ་གྱི་བུ་རྒྱུ་དང་འབྲས་བུ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི་རྒྱུ་འགོག་པའི་ལམ་སྟོན་པར་བྱེད་དོ། །སྔོན་གྱི་སྦྱོར་བ་གསུམ་པོ་འདི་དག་ནི་འཇིག་རྟེན་ཤེས་པ་ལ་སྦྱར་བར་བྱའོ། །མཽད་གལ་གྱི་བུ་ངས་འཇིག་རྟེན་ཤེས་པར་བྱ་བའི་

เล่ม ๔๗ · หน้า 213b

དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་དུ་མ་མངོན་པར་འདུས་བྱས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པར་བྱས། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་

ཡང་དག་པར་ལྡན་པར་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད། བསམ་གྱིས་མི་ཁྱབ་གཞལ་དུ་མེད། གཞལ་གྱིས་མི་ལང་བའི་འཁོར་བ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བ་མཛངས་

ཤིང་གསལ་ལ་ཡིད་གཞུངས། ཕྱོགས་དང་ཕྱོགས་མཚམས་ལ་མཁས། དོན་དང་དོན་མ་ཡིན་པ་ལ་མཁས། རྒྱུ་སྐར་དང་ཉིན་མོ་ལ་མཁས། སྐད་ཅིག་དང་ཐང་ཅིག་ཡུད་ཙམ་ལ་མཁས། ཐབས་དང་ཐབས་མ་ཡིན་པ་ལ་མཁས་པ་ཞིག་བྱུང་ངོ་། །དེ་སྡོམ་པ་མནོས་

ཤིང་དགེ་མཚན་དང་བཀྲ་ཤིས་དང་ལྡན་པར་བྱས་ནས་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་ཚོང་པ་དེད་དཔོན་གྱི་ཡོངས་སུ་འདྲེན་པ་ཡིན་ཏེ། དེ་ཚོང་པ་དེ་དག་དང་འཇིག་རྟེན་གྱི་གཏམ་སྨྲའོ། །འཇིག་རྟེན་གྱི་ཁམས་འདི་ནས་ཤར་ཕྱོགས་ལོགས་

ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ལ་ལ་ནི་སྐྱེ། ལ་ལ་ནི་འགག །ལ་ལ་ནི་འཇིག །ལ་ལ་ནི་འབྱུང་། ལ་ལ་ནི་ཞིག་ནས་འདུག །ལ་ལ་ནི་བྱུང་ནས་འདུག་སྟེ། གྲོགས་པོ་དག་འཇིག་རྟེན་གྱི་ཁམས་དེ་དག་གི་མཐའ་མེད་དོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་

རྟེན་གྱི་ཁམས་དེ་དག་ན་སེམས་ཅན་རིགས་ཕུན་སུམ་ཚོགས་པ་དག་ཡོད། སེམས་ཅན་རིགས་དམའ་བ་དག་ཡོད། སེམས་ཅན་ཁ་ཅིག་ནི་ཕྱུག །ཁ་ཅིག་ནི་དབུལ། སེམས་ཅན་ཁ་ཅིག་ནི་བྲན་བྱེད། ཁ་ཅིག་ནི་ཇོ་བོ་བྱེད་དེ། དེ་ལྟར་སྤྱི་ཤེས་པ་དང་། ཁྱད་པར་

ཤེས་པ་རྣམ་པ་དུ་མ་འདི་ནི་འཇིག་རྟེན་ཤེས་པ་ཞེས་བྱའོ། །གྲོགས་པོ་དག་དེ་ལྟ་བས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཤེས་པ་ལ་འབད་པར་བྱའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་

เล่ม ๔๗ · หน้า 214a

སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཤེས་པ་ལ་རྣལ་འབྱོར་དུ་བྱའོ། །མཽད་གལ་གྱི་བུ་ཇི་

ལྟར་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་བསླབ་པར་བྱ་ཞེ་ན། མཽད་གལ་གྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་གཉེན་ལ་བསྟེན་

པར་བྱ་ཞིང་། བརྩོན་འགྲུས་མི་གཏང་བར་བྱའོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། བྱང་ཆུབ་སེམས་དཔའ་འོད་འཕགས་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་རབ་ཏུ་གནས་

པ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་དགེ་བ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་བྱུང་ངོ་། །དེ་ཉལ་བའི་རྨི་ལམ་ན་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་གཏམ་ཡང་དག་པར་སྨྲ་བར་འགྱུར་བ་ལ་མ་གཏོགས་པར་གཞན་ཅི་ཡང་མི་མཐོང་

སྟེ། ཇི་ལྟར་འདིར་དེ་བཞིན་གཤེགས་པ་དང་ཡང་དག་པར་འགྲོགས་པ་བྱས་ཤིང་། ཡོངས་སུ་འདྲིས་པར་བྱས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐོགས་མེད་སྟོན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དེ་བཞིན་གཤེགས་པ་ཐོགས་མེད་སྟོན་དེ་དང་ལྷན་ཅིག་བར་

སྐབས་སུ་གཏམ་འདི་ལྟ་བུ་ཞིག་བྱས་སོ། །བཅོམ་ལྡན་འདས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རྟོགས་པར་འགྱུར། འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་དེའི་རྒྱུ་མཚན་ཕན་པར་འགྱུར་བ་ནི་གང་ལགས། བཀའ་སྩལ་པ་རིགས་ཀྱི་བུ་

ཁྱོད་སྐྱེ་བོ་མང་པོ་ལ་ཕན་པར་ཞུགས། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ། དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་ལེགས་སོ་ཞེས་

เล่ม ๔๗ · หน้า 214b

གསོལ་ནས། བྱང་ཆུབ་སེམས་དཔའ་འོད་འཕགས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་

རྒྱ་བར་འདོད་པས་ཤེས་པ་རྟོགས་པར་བྱ་བའི་ཕྱིར། བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་མངོན་པར་བརྩོན་པར་བྱ། གཞན་ཡང་འཇིག་རྟེན་གྱི་ཀུན་ཏུ་སྤྱོད་པ་ལ་བརྩོན་པར་བྱ། གཞན་ཡང་དགེ་མཚན་དང་ལྡན་པར་བྱ། འདི་ལྟ་སྟེ། བྱང་ཆུབ་སེམས་

དཔའ་སྤྱད་པ་སྤྱོད་པ་ན་ཕྱིས་འབྱུང་བའི་སྔོན་གྱི་རབས་གྲུབ་པའི་མཐའ་འདི་ལ་བསླབ་པར་བྱ། གཞན་ཡང་གང་ཟག་གི་ཐ་སྙད་དང་། གྲོང་དང་། ཡུལ་གྱི་ཐ་སྙད་ལ་བསླབ་པར་བྱ། གང་དང་གང་དུ་འགྲོ་བ་དེ་དང་དེའི་ཐ་སྙད་ལ་བསླབ་པར་བྱ་སྟེ། ཇི་ཙམ་དུ་གང་

འཇིག་རྟེན་གྱི་ཤེས་པ་དང་། ཐམས་ཅད་དུ་ཤེས་པ་ལ་མཁས་པར་བྱའོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་འཕགས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་

ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་འཕགས་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་བསླབ་པར་བྱའོ།། །།བམ་པོ་ཉི་ཤུ་པ། མཽད་གལ་གྱི་བུ་

གཞན་ཡང་འཇིག་རྟེན་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས།

དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། གཟུགས་ཀྱིས་འཚོ་བ་སྐྱེ་བོ་ཐམས་ཅད་ཀྱི་ངོ་བོའི་རྗེས་སུ་འཇུག་པ་ཞེས་བྱ་བ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ་། །དེ་སྐྱེས་བུ་གང་དང་གང་དུ་རྗེས་སུ་འགྲོ་བར་

เล่ม ๔๗ · หน้า 215a

འགྱུར་བ་དེ་དང་། དེ་ཉིད་དུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་ཞེས་བྱ་བ་ཡོ་བྱད་

ཐམས་ཅད་དང་ལྡན་པ་ཞིག་བྱུང་སྟེ། ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་རྒྱ་མཚོའི་དབུས་སུ་ཕྱིན་པ་དང་། ཆུ་སྲིན་གྱིས་གྲུ་མིད་པར་བྱེད་དེ། དེའི་ཁར་གྲུ་དེ་འཇུག་གོ། །དེ་ནས་ཚོང་པ་དེ་དག་ལྷ་གང་དང་གང་ལ་དད་ཅིང་མོས་པ་དེ་དང་དེ་དག་ལ་ཕྱག་འཚལ་ཞིང་

ངུ་སྟེ། ཁ་ཅིག་ནི་ཞི་བ་ལ། ཁ་ཅིག་ནི་སྐེམ་བྱེད་ལ། ཁ་ཅིག་ནི་དབང་ཕྱུག་ཆེན་པོ་ལ། ཁ་ཅིག་ནི་དབང་པོ་ལ། ཁ་ཅིག་ནི་ཆུ་ལྷ་ལ། ཁ་ཅིག་ནི་སྐྱེ་དགུའི་བདག་པོ་ལ། ཁ་ཅིག་ནི་ཚངས་པ་ལ། ཁ་ཅིག་ནི་བདེ་བྱེད་ལ། ཁ་ཅིག་ནི་ཉི་མ་ལ། ཁ་ཅིག་ནི་ཟླ་བ་ལ། ཁ་ཅིག་ནི་རྒྱ་མཚོ་

ཆེན་པོ་དེ་ཉིད་ལ་ཕྱག་འཚལ་བར་བྱེད། ཁ་ཅིག་ནི་བདག་ཅག་ལ་མགོན་སྐྱབས་འདི་དག་མེད་པས་ཤི་ཡང་རུང་ཞེས་ཅང་མི་ཟེར་བར་འཁོད་ཀྱང་དེ་དག་གང་ཡང་སྐྱོབ་པར་མ་གྱུར་ཏོ། །དེ་ནས་དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ཚོང་པ་

འདི་དག་ཐམས་ཅད་ནི་སྐྱབས་ངན་པ་ལ་རྟེན་ཏོ། །མགོན་སྐྱབས་མ་ཡིན་པ་ལ་འདུ་ཤེས་སུ་གྱུར་ཏེ། ལོག་པར་མོས་པ་འདི་ལས་ཐམས་ཅད་ཀྱི་ངོ་བོའི་རྗེས་སུ་འཇུག་སྟེ། བདག་ཡང་དག་པར་སྟོན་པ་ལྟ་བུར་བྱེད་ཀྱང་ངོ་བོ་ཉིད་ནི་སུ་ལ་ཡང་མི་སྟོན་ཏོ། །མཽད་གལ་གྱི་བུ་

དེ་བཞིན་དུ་འདུ་བྱེད་ཐམས་ཅད་ལ་ཇི་ལྟ་ཇི་ལྟ་བ་བཞིན་དུ་རྟོག་ན་དེ་ལྟ་དེ་ལྟར་དངོས་པོ་མེད་པར་མཐོང་ངོ་། །འདུ་བྱེད་རྣམས་ལ་ངེས་པ་གང་ཡང་མེད་དེ། གལ་ཏེ་གཙང་བར་འདོད་པའི་གཙང་བས་མཚན་མ་སྤངས་ཏེ། མི་གཙང་བའི་མཚན་མ་ལ་བརྟེན་པར་བྱའོ། །དེ་བཞིན་དུ་སྦྱར་

ཏེ། མཚན་མ་སྤང་ཞིང་མཚན་མ་མེད་པ་ལ་བརྟེན་པར་བྱ་སྟེ། འདི་ན་ཐར་བའི་ལམ་མོ། །མཽད་གལ་གྱི་བུ་ངས་ཁམས་དུ་མ་ལ་མོས་པ་ཤེས་པར་བྱ་བའི་དོན་དུ་རྟག་པ་ནི་འཆིང་བ་ཡིན་ལ། མི་རྟག་པ་ནི་ཐར་པའོ། །བདག་ནི་འཆིང་བ་ཡིན་ལ། བདག་མེད་པ་ནི་ཐར་པའོ། །མཚན་

เล่ม ๔๗ · หน้า 215b

མ་ནི་འཆིང་བ་ཡིན་ལ། མཚན་མ་མེད་པ་ནི་ཐར་པའོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་དང་། སེམས་ཅན་ཡང་ཡོངས་སུ་མྱ་ངན་ལས་བཟླ་བར་ཡོངས་སུ་རྟོག་ན་གཙང་བའི་ཁ་དོག་ཏུ་སྟོན་པར་བྱེད་ལ། གལ་ཏེ་མི་གཙང་བར་

ཡོངས་སུ་རྟོག་ན་མི་གཙང་བའི་ཁ་དོག་ཏུ་སྟོན་པར་བྱེད། གལ་ཏེ་བདེ་བར་རམ། གལ་ཏེ་སྡུག་བསྔལ་དུའམ། གལ་ཏེ་རྟག་པར་རམ། གལ་ཏེ་མི་རྟག་པར་རམ། གལ་ཏེ་བདག་ཏུའམ། གལ་ཏེ་བདག་མེད་པའམ། གལ་ཏེ་མཚན་མར་རམ། གལ་ཏེ་མཚན་མ་མེད་པར་རྟོག་

ན་མཚན་མ་མེད་པའི་ཁ་དོག་ཏུ་སྟོན་པར་བྱེད་དོ། །མཽད་གལ་གྱི་བུ་དེ་ལ་གཙང་བར་རྟོག་པ་ནི་འཆིང་བ་ཡིན་ལ། མི་གཙང་བར་རྟོག་པ་ནི་ཐར་པའོ། །བདེ་བར་རྟོག་པ་ནི་འཆིང་བ་ཡིན་ལ། སྡུག་བསྔལ་བར་རྟོག་པ་ནི་ཐར་པའོ། །དེ་བཞིན་དུ་སྦྱར་ཏེ། ཉོན་མོངས་པར་གྱུར་ཏོ། །

གང་དེ་དག་བདག་གིས་ཉོན་མོངས་པ་འདི་ལས་ཐར་བར་བྱའོ་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་དེས་དེ་ཐོས་མ་ཐག་ཏུ་དད་པར་གྱུར་ནས། དེས་ཚོང་པ་དེ་དག་ལ་འདི་

སྐད་ཅེས་སྨྲས་སོ། །ཁྱེད་ཅག་འདི་ལྟར་དད་པའི་སྐྱབས་ཀུན་ལ་སུས་ཀྱང་སྐྱབས་སུ་འགྱུར་བ་མེད་ཀྱིས་ཁྱེད་ཅག་ཚུར་ཤོག །ང་གང་ལ་སྐྱབས་སུ་ཉེ་བར་འགྲོ་བ་དེ་ལ་སྐྱབས་སུ་དེང་ཤིག །དེ་དག་གིས་སྨྲས་པ། ཁྱོད་གང་ལ་སྐྱབས་སུ་བཞུད། དེས་སྨྲས་པ། གྲོགས་པོ་དག་དེ་

བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་ཞེས་བྱ་བ་བཞུགས་ཏེ། ང་དེ་ལ་སྐྱབས་སུ་འགྲོ་ཡིས་ཁྱེད་ཅག་ཚུར་ཤོག །དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་དེ་ལ་ཕྱག་འཚོལ་ཅིག་སྐྱབས་སུ་དེང་ཤིག །ཁྱེད་ཅག་ཐམས་ཅད་ཀྱི་བློ་ངེས་པར་བྱོས་ལ་དེ་བཞིན་

གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་དེ་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་བརྗོད་ཅིང་། དེ་དག་ཐམས་ཅད་འཆི་བས་འཇིགས་སྐྲག་པས་མོས་པ་མཆོག་བསྐྱེད་ནས་དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་དེ་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་བརྗོད་དོ། །

เล่ม ๔๗ · หน้า 216a

ཆུ་སྲིན་དེས་སངས་རྒྱས་ཀྱི་སྒྲ་ཐོས་ནས་རྣ་བར་སྙན་པར་གྱུར་ཏེ། དེའི་ཁ་བཙུམས་པ་དང་། དེ་ནས་ཚོང་པ་དེ་དག་ཐམས་ཅད་ཉོན་མོངས་པ་དེ་ལས་ཐར་ཏོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་ཞེས་བྱ་

བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་མོས་པ་དུ་མ་ཤེས་པ་མངོན་པར་རྫོགས་པ་ཤེས་པར་

འདོད་པས་དངོས་པོར་འཛིན་པ་བསལ་བར་བརྩོན་པར་བྱའོ། །མཽད་གལ་གྱི་བུ་ངས་མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་

བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སེམས་ཅན་གྱི་གཉེན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་སེམས་ཅན་གྱི་གཉེན་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་ཞེས་

བྱ་བ་བརྩོན་འགྲུས་བརྩམས་པ། སེམས་ཞུམ་པ་མེད་པ། གོ་ཆ་ཆེན་པོ་བགོས་པ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་སྨོན་ལམ་ཡོངས་སུ་དག་པ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ། གཞལ་དུ་མེད། བརྗོད་དུ་མེད་པར་སྨོན་ལམ་ཡོངས་སུ་དག་པ་དང་

ལྡན་པ་ཞིག་བྱུང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་དག་མོས་པ་སྣ་ཚོགས་དང་མོས་པ་དུ་མ་ཤེས་པའི་རྒྱུ་ནི་གང་རྐྱེན་ནི་གང་། སེམས་ཅན་དག་མོས་པ་སྣ་ཚོགས་གང་དང་ལྡན་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་དག་ཡུལ་གང་དང་གང་ལ་མང་དུ་བསྟེན་པ་

དེ་ཉིད་ལ་མོས་ཤིང་དེ་ཉིད་ལ་དགའ་སྟེ། དེ་དང་དེ་ཉིད་ཀྱིས་མངོན་པར་དགའ། དེ་ལ་གཞོལ་བར་འགྱུར། དེ་ལ་འབབ་དེ་ལ་བབ་སྟེ་ཡུལ་གཞན་ལ་ཡང་མི་འཐུན་པར་འགྱུར་རོ། །དེ་ནས་དེ་ཡུལ་དེ་མ་དམིགས་པ་ན་ཡང་གཞན་གང་ལ་གོམས་པ་ཡོད་ནས། དེ་ལ་ཡང་དེ་ཉིད་ཡིན་པར་

เล่ม ๔๗ · หน้า 216b

འཛིན་ཏེ་དེ་ལ་མོས་པར་ཡང་འགྱུར་རོ། །ཡུལ་གཞན་དང་གཞན་དུ་འགྱུར་ན་ཡང་དེའི་མོས་པ་ལྡོག་པར་འགྱུར་ཏེ། དེ་ཡོན་ཏན་དུ་མཐོང་ངོ་། །ཡོན་ཏན་དུ་འཛིན་པ་ལས་སེམས་ཅན་དག་དེར་གཞོལ་བར་འགྱུར་ལ། སྐྱོན་དུ་འཛིན་པ་ལས་ཞེ་འགྲས་པར་འགྱུར་རོ། །དེ་ལྟ་བས་

ན་ཡུལ་གྱི་ཡོན་ཏན་དེ་ལ་སེམས་གཞོལ་བར་མི་བྱ། སྐྱོན་དུ་འཛིན་པ་ལ་ཞེ་སྡང་བར་མི་བྱ། ཡུལ་རྣམས་ལ་སོ་སོར་བརྟགས་པས་བཏང་སྙོམས་སུ་བྱའོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་ནི་ཡུལ་གྱི་ཡོན་ཏན་ལ་ཡང་རྗེས་སུ་ཆགས་པ་མེད། སྐྱོན་ལ་ཡང་ཞེ་འགྲས་པ་མེད་དེ།

སོ་སོར་བརྟགས་པས་བཏང་སྙོམས་སུ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་

ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མར་མེ་མཛད་དེ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཡུལ་ཐམས་ཅད་ལ་མོས་པ་རྣམ་པར་སྤང་ཞིང་། མྱ་ངན་ལས་འདས་པ་ལ་མོས་པར་བྱ་

སྟེ། མོས་པ་འདི་ནི་མཆོག་ཡིན་ནོ། །མཽད་གལ་གྱི་བུ་ངས་མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་

འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་རིན་པོ་ཆེའི་དཔལ་ཀུན་ལས་འཕགས་པ་ཞེས་བྱ་བ་སེམས་ཅན་ལམ་གོལ་བ་ལ་རབ་ཏུ་ཞུགས་པ་རྣམས་ལ་ལམ་ཡང་དག་པར་སྟོན་པ་ཞིག་འཇིག་རྟེན་དུ་བྱུང་ངོ་། །དེ་སེམས་ཅན་མོས་པ་དུ་མ་དང་། མོས་

པ་དུ་མ་ལ་མངོན་པར་ཞེན་པ་རྣམས་ཀྱི་སྐྱོན་བསྟན་པའི་ཕྱིར་མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །མོས་པ་དང་འགོག་པའི་ཆོས་དེ་དག་ཐམས་ཅད་དང་། རང་གི་མོས་པ་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱ་སྟེ། མོས་པ་དེ་དག་ཐམས་ཅད་ནི་

เล่ม ๔๗ · หน้า 217a

སླུ་བ་ཡིན་ནོ། །ཁྱེད་ཅག་གི་མོས་པ་དེ་གཞན་ཡིན་ལ་ཆོས་ཀྱི་ངོ་བོ་ཡང་གཞན་ཡིན་ཏེ། ཡང་མོས་པ་དེ་དག་ལས་ལྡོག་གོ། །དེ་རྣམ་གྲངས་དེས་སྲོག་ཆགས་སྟོང་ཕྲག་མང་པོ་དག་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱའོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་

དྲང་སྲོང་རིན་པོ་ཆེའི་དཔལ་ཀུན་ལས་འཕགས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་རིན་པོ་ཆེའི་དཔལ་ཀུན་ལས་འཕགས་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་ངས་མངོན་པར་ཤེས་ཏེ། འདས་

པའི་དུས་ན་ང་གཟུགས་ལ་མོས་ནས་བུད་མེད་གཟུགས་བལྟ་ན་སྡུག་པ་མཆོག་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་ངོ་། །ཡང་ང་སྒྲ་ལ་མོས་པར་གྱུར་ནས། ང་སྒྲ་ལ་མོས་པས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་དག་གིས་མཆོད་པ་

བྱས་ཀྱང་དེས་ང་ཡོངས་སུ་མ་མགུའོ། །ཡང་ང་དྲི་ལ་མོས་པར་གྱུར་ནས། ང་དྲི་ལ་མོས་པས་དྲི་མང་པོ་དག་ཡོངས་སུ་གཏད་པར་བྱས་ཀྱང་དེས་ང་ཡོངས་སུ་མ་མགུའོ། །ཡང་ང་རོ་ལ་མོས་པར་གྱུར་ནས་ང་རོ་ལ་མོས་པས་འབྲུ་མང་པོ་སྣ་ཚོགས་དང་རོའི་བྱེ་བྲག་རྣམ་པ་སྣ་ཚོགས་

དག་ཡོངས་སུ་བཏང་ཡང་དེས་ང་ཡོངས་སུ་མ་མགུའོ། །ཡང་ང་རེག་བྱ་ལ་མོས་པར་གྱུར་ནས། ང་རེག་བྱ་ལ་མོས་པས་གོས་འཇམ་པོ་སྣ་ཚོགས་དག་ཡོངས་སུ་བཏང་ཡང་དེས་ང་ཡོངས་སུ་མ་མགུའོ། །མཽད་གལ་གྱི་བུ་ང་ཆོས་ལ་མོས་ནས་ཤེས་པ་རྣམ་པ་སྣ་ཚོགས་དག་བསླབས་

ཀྱང་དེ་དག་གིས་ང་ཡོངས་སུ་མ་མགུའོ། །མཽད་གལ་གྱི་བུ་གང་མྱ་ངན་ལས་འདས་པ་ལ་མོས་པ་དེ་ནི། མོས་པ་དེ་ལས་ཡོངས་སུ་ཉམས་པ་མེད་དོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མོས་པ་དུ་མ་ཤེས་པ་ལ་བསླབ་པར་བྱ་སྟེ། མོས་པ་

ཐམས་ཅད་ཀྱང་འགོག་པའི་ཆོས་ཅན་དུ་བལྟའོ། །མཽད་གལ་གྱི་བུ་ངས་མོས་པ་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་

เล่ม ๔๗ · หน้า 217b

བ་དཔག་ཏུ་མེད་པ་ནས། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཚོགས་དཔག་ཏུ་མེད་པ་དག་གིས་ཡོངས་

སུ་བསྐོར་ཏོ། །དེའི་ཚེ་ཚོགས་དེའི་ནང་ན་བྱང་ཆུབ་སེམས་དཔའ་ས་འཛིན་ཞེས་བྱ་བ་ཞིག་བྱུང་སྟེ། བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དབང་པོ་རྣོ་བ། སེམས་རེ་རེ་བསྐྱེད་པས་བསྐལ་པ་གྲངས་མེད་པའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ། སེམས་རེ་རེ་བསྐྱེད་པས་སེམས་

ཅན་གྲངས་མེད་པ་དག་ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་བཙུད། དེ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་དང་། དེ་བཞིན་དུ་སེམས་རེ་རེ་བསྐྱེད་པས་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་གྲངས་མེད་པ་དག་ཕྱིར་མི་ལྡོག་པར་རབ་ཏུ་བཙུད་དོ། །དེའི་ཚེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ནི་ཉན་

ཐོས་ཀྱི་ཐེག་པ་ལ་རབ་ཏུ་གནས་སོ། །སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་གནས་སོ། །སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་རབ་ཏུ་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ས་འཛིན་དེ་འདི་སྙམ་

དུ་སེམས་ཏེ། ཀྱེ་མ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པས་གང་གིས་སེམས་ཅན་གང་དེ་དག་ངེས་པར་འབྱུང་བར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་མཛད་པས། རང་རང་གི་འཁོར་འདི་དག་ཉིད་ལུང་བསྟན་པ་ཐོས་ནས་ཡི་རངས་པར་གྱུར་ཅིག་སྙམ་མོ། །དེ་

ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པས་སེམས་ཅན་དེ་དག་ཇི་ལྟར་སྨོན་པ་བཞིན་དུ་ལུང་བསྟན་ཏོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ས་འཛིན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་

ཆུབ་སེམས་དཔའ་ས་འཛིན་ཞེས་བྱ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་དག་ཡོངས་སུ་གཟུང་བར་བྱའོ། །མཽད་གལ་གྱི་བུ་ངས་མོས་པ་སྣ་ཚོགས་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་

เล่ม ๔๗ · หน้า 218a

པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་

པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ནོར་བུ་

འཛིན་ཞེས་བྱ་བ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་རྣམས་ལ་ཡུན་རིང་དུ་ཚངས་པར་སྤྱད་པ། དགེ་བའི་རྩ་བ་དཔག་ཏུ་མེད་པས་གང་བ། སྙིང་རྗེ་ཆེན་པོ་ཐོབ་པ་ཞིག་བྱུང་སྟེ། དེ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་པར་གྱུར་ཏོ། །དེ་དེ་བཞིན་གཤེགས་པ་དེ་ལ་ཡིད་དུ་

འཐད་དེ། ཡིད་དུ་མི་འཐད་པ་མ་ཡིན་པས་རིམ་གྲོ་པ་བྱས་ཤིང་། བཤད་པ་ཡང་འཛིན་ལ། རང་གི་དོན་ཀྱང་མི་གཏོང་ངོ་། །དེས་བཅོམ་ལྡན་འདས་ཀྱི་རིམ་གྲོ་པ་བྱས་ཏེ། མངོན་པར་ཤེས་པ་ལྔ་བསྒྲུབས་པས་དེ་ཕ་རོལ་གྱི་སེམས་ལ་མཁས་སོ། །བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་དེའི་ཐུགས་ཀྱིས་སེམས་མཁྱེན་པ་མཛད་ནས་གང་གི་ཚེ་དེ་བཞིན་གཤེགས་པ་དེ་དབེན་པ་ལ་བཞུགས་པས་བཞུགས་པ་དེའི་ཚེ་དེ་རང་གི་དོན་མི་གཏོང་ངོ་། །དེ་བཞིན་གཤེགས་པ་དེ་བཞུགས་པ་གང་གིས་བཞུགས་པ་དེ་ཉིད་ཀྱིས་དེ་ཡང་

འདུག་པས་འདུག་གོ། །དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་དེ་ཡང་དེའི་བསམ་པ་ཐུགས་སུ་ཆུད་ནས། དེ་ལྟ་བུའི་ཚུལ་གྱིས་བཞུགས་པས་བཞུགས་སོ། །ནོར་བུ་འཛིན་དེའི་འགྲོ་བའི་ཡུལ་ཅི་ཙམ་པ་དེ་ཙམ་དུ་བཞུགས་པས་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ནོར་བུ་

འཛིན་དེ་ཡང་དེའི་རྗེས་སུ་འབྲང་ངོ་། །དེ་ལྟར་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བཞུགས་པ་ལ་བསླབས་སོ། །དེ་དེ་བཞིན་གཤེགས་པ་དེའི་ཁམས་སྣ་ཚོགས་ཤེས་པ་དེའི་ནང་དུ་ཆུད་དོ། །མཽད་གལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་

เล่ม ๔๗ · หน้า 218b

སེམས་དཔའ་ནོར་བུ་འཛིན་ཞེས་བྱ་བ་གང་གིས། དེ་བཞིན་གཤེགས་པ་དེའི་ཁམས་སྣ་ཚོགས་ཡང་དག་པར་དྲན་པར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ནོར་བུ་འཛིན་ཞེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དེའི་

མོས་པ་སྣ་ཚོགས་ཤེས་པ་རྗེས་སུ་རྟོགས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་བཞུགས་པ་རྗེས་སུ་རྟོགས་པར་བྱའོ། །མཽད་གལ་གྱི་བུ་ངས་མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་

པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། དེ་བཞིན་གཤེགས་པ་སྤྱན་མཛེས་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་

ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་སྤྱན་མཛེས་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་བྱུང་སྟེ། སངས་རྒྱས་ཀྱི་ཞིང་དེར་རྣམ་པ་ཐམས་ཅད་དུ་སེམས་ཅན་དམྱལ་བ་མ་བྱུང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་།

ལྷ་མ་ཡིན་གྱི་རིས་དག་མ་བྱུང་སྟེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་ཁོམ་པ་མ་བྱུང་ངོ་། །སངས་རྒྱས་ཀྱི་ཞིང་དེར་གཅིག་ཏུ་ཡོངས་སུ་དག་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་ཀུན་ནས་ཉོན་མོངས་པའི་ལས་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་དེ་བཞིན་གཤེགས་པ་དེས་སྔོན་བྱང་ཆུབ་

སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་དཔག་ཏུ་མེད་པ་དག་ཡོངས་སུ་སྨིན་པར་མཛད་དོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ཆུ་ལྷ་ཞེས་བྱ་བ་ཁྱིམ་ན་གནས་པ་ཞིག་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་མཛེས་དེའི་དགེ་བསྙེན་རིགས་ལ་ཐུགས་བརྟན་

པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། བཅོམ་ལྡན་འདས་འོད་སྲུང་གི་བུ་རིགས་རྫ་མཁན་དང་། ངའི་སྦྲང་ཚལ་བཀྲ་བ་ལྟ་བུའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆུ་ལྷ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་མཛེས་དེའི་དྲུང་དུ་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་

เล่ม ๔๗ · หน้า 219a

ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་ཆུ་ལྷ་དེས་སྐྱེ་བོའི་ཚོགས་མང་པོ་དེ་དག་གི་མདུན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་མཛེས་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྟོབས་བཅུ་སྒྲ་གྲགས་ལྷ་མིའི་འཇིག་

རྟེན་དག་ན་འདྲ་མ་མཆིས། །རྒྱལ་བ་འགྲོ་བའི་བསམ་པ་མཁྱེན་ཅིང་ལྷག་པར་མོས་པ་རབ་ཏུ་མཁྱེན། །རྒྱལ་བ་འདྲེན་པ་མོས་པ་སྣ་ཚོགས་དང་ནི་དེ་འགོག་རབ་ཏུ་མཁྱེན། །ཇི་ལྟར་ལྷག་པར་མོས་པ་སྣ་ཚོགས་འགོག་པར་འགྱུར་བ་དེ་དག་གསུངས། །ཇི་ལྟར་རྣམ་འདྲེན་ཁྱོད་སྲས་སེམས་

ཅན་ཀུན་གྱི་མོས་པ་སྣ་ཚོགས་དག །ཡང་དག་འགོག་འགྱུར་མངོན་པར་འཚལ་བ་དེ་དག་བདེ་གཤེགས་བདག་ལ་གསུངས། །རྒྱལ་བ་ཐམས་ཅད་གཟིགས་པ་ལྷ་དང་མི་ཡི་བསམ་པ་ཀུན་ལ་མཁས། །འཇིག་རྟེན་ཐམས་ཅད་ལ་ནི་ཕན་ཕྱིར་སྤྱན་མཛེས་དེས་ནི་ལུང་བསྟན་པ། །གང་ཚེ་

འགོག་པར་འགྱུར་བ་ཡོངས་སུ་མཁྱེན་ནས་འགྲོ་བའི་དོན་ཆེན་མཛད། །དེ་བཞིན་གཤེགས་པས་འགྲོ་བའི་མོས་པ་སྣ་ཚོགས་ལུས་པ་མེད་པར་མཁྱེན། །ཇི་ལྟར་གཞོལ་བའི་རིས་ནི་འབབ་པའི་ཆུ་དག་འབབ་པར་འགྱུར་བ་ལྟར། །ཡུལ་ནི་གང་དང་གང་ལ་མི་ཡིས་ཕྱིར་བསྟེན་དེ་ལ་དེ་མོས་སོ། །

དེ་ནི་བདེ་གཤེགས་བསྟན་པ་ཐོབ་ཅིང་དགེ་བའི་བཤེས་གཉེན་སངས་རྒྱས་ལ། །རིམ་པར་སྟེན་བྱེད་ཡུལ་ལ་མངོན་པར་ཆགས་པ་དོན་མེད་ཡོངས་སུ་ཤེས། །དེ་ནི་འཆིང་བ་ཤེས་ཤིང་ཡུལ་གྱི་སྐྱོན་ཡང་ཤེས་ནས་ཡོངས་སུ་སྤོང་། །ཡུལ་གྱི་སྐྱོན་དག་ཡོངས་སུ་མཐོང་བ་འགག་པར་བྱེད་

ཅིང་ཕྱིར་མི་སྐྱེ། །གང་དག་ཡུལ་འདི་མཐོང་ནས་ཡང་དང་ཡང་དུ་གོམས་པ་འགོག་མི་བྱེད། །དེ་དག་ཡུལ་གྱི་རོ་མཆོག་དག་གིས་ཟིལ་ནོན་སྡུག་བསྔལ་སྐྱེད་པར་བྱེད། །དེ་ལྟ་བས་ན་མཁས་པའི་མི་དག་འགྲོ་ལ་ཕན་བསམས་བྱང་ཆུབ་མཆོག །མངོན་པར་འདོད་པ་དེས་ནི་བསྒྲིམས་ཏེ་ཡུལ་དག་

ཡོངས་སུ་ཤེས་པར་བྱ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཆུ་ལྷ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཆུ་ལྷ་ཞེས་བྱ་བར་གྱུར་ཏོ། །ངས་དེར་ཡུལ་དེ་དག་ཡོངས་སུ་ཤེས་

เล่ม ๔๗ · หน้า 219b

པས་དེ་ཕྱིན་ཆད་ང་ནམས་ཀྱང་སྐྱོན་མ་བྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ངས་དེ་དག་དོན་མེད་པར་ཡོངས་སུ་ཤེས་སོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཡུལ་དོན་མེད་པར་གྱུར་པ་ཡོངས་སུ་ཤེས་པར་བྱའོ། །མཽད་གལ་གྱི་བུ་ངས་མོས་པ་སྣ་ཚོགས་ཤེས་པ་

འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་བསྐྱེད་དོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སེམས་

ཅན་ཐམས་ཅད་བྱང་ཆུབ་ཏུ་སྒྲོལ་བ་ལ་མཁས་པ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་གང་ཡང་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་

པས་ཡོངས་སུ་སྨིན་པར་མ་བྱས་ཀྱི། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཙུད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་རབ་ཏུ་

གནས་པར་གྱུར་ཏོ། །སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པ་དེས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སྒྲོལ་བ་ལ་མཁས་པ་དེས་སེམས་ཅན་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་བཙུད་ཅིང་།

བསྐལ་པ་གྲངས་མེད་པར་གནས་ནས་ཕྱིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །སེམས་ཅན་གང་བྱུང་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་

དཔག་ཏུ་མེད་པའི་དོན་བྱས་ཏེ། ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་ཞེས་བྱ་བ་ཞིག་བྱུང་ངོ་། །བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་དེས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་མོ་སྙེད་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་

เล่ม ๔๗ · หน้า 220a

སུ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཙུད་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་ཞེས་བྱ་བ་ཞིག་བྱུང་སྟེ། བྱང་ཆུབ་སེམས་དཔའ་ལྷའི་

ཟླ་བ་དེས་ཡོངས་སུ་སྨིན་པར་བྱས། ཡོངས་སུ་རྫོགས་པར་བྱས་སོ། །དེ་འདི་སྙམ་དུ་སེམས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་བྱང་ཆུབ་ལ་བཙུད། སངས་རྒྱས་ཀྱི་རྒྱུད་ཡང་དག་པར་སྤེལ་ཏོ། །བདག་གིས་ཀྱང་བྱང་ཆུབ་སེམས་

དཔའ་དེའི་རྗེས་སུ་བསླབ་པར་བྱ། བདག་གིས་ཀྱང་སངས་རྒྱས་ཀྱི་རྒྱུད་ཡང་དག་པར་སྤེལ་བར་བྱའོ་སྙམ་མོ། །དེས་ཕྱོགས་བཅུའི་འཇིག་རྟེན་དེ་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་ནས། སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་མངོན་པར་སྤྲུལ་ཏོ། །ལྷ་དག་ལ་

མོས་པ་ནི་ལྷའི་སྤྲུལ་པ་མངོན་པར་སྤྲུལ། ཀླུ་དག་ལ་མོས་པ་དང་། གནོད་སྦྱིན་དག་ལ་མོས་པ་དང་། དྲི་ཟ་དག་ལ་མོས་པ་དང་། ལྷ་མ་ཡིན་དག་ལ་མོས་པ་དང་། མིའམ་ཅི་དག་ལ་མོས་པ་དང་། ལྟོ་འཕྱེ་ཆེན་པོ་དག་ལ་མོས་པ་ནི་ལྟོ་འཕྱེ་ཆེན་པོའི་སྤྲུལ་པ་མངོན་པར་སྤྲུལ་ཏོ། །དེ་ལྟར་གང་དང་གང་

ལ་མོས་པ་དེ་དང་དེ་དག་གི་རྗེས་སུ་འཐུན་པའི་སྤྲུལ་པ་མངོན་པར་སྤྲུལ་ཏེ། སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་ཇི་སྙེད་པ་དེ་དག་ཡུན་མི་རིང་བར་ལ་ལ་ནི་ཉན་ཐོས་ཀྱི་ཐེག་པ། ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པར་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་ལྟར་སེམས་ཅན་དེ་དག་ཐམས་ཅད་

སངས་རྒྱས་ཀྱི་ཞིང་དུ་དགེ་བའི་རྩ་བ་རྣམས་ལ་རབ་ཏུ་བཙུད་དོ། །དེར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དད་པ་བསྐྱེད་དེ། དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་ཤེས་པ་ཐོབ་བོ། །མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་ཞེས་

བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་ཞེས་བྱ་བར་གྱུར་ཏེ། ངས་སེམས་ཅན་དེ་སྙེད་ཅིག་ཐེག་པ་གསུམ་གྱིས་བཏུལ་ཏོ། །མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སེམས་ཅན་ཡོངས་སུ་སྨིན་པར་

เล่ม ๔๗ · หน้า 220b

བྱ་བ་ལ་བརྩོན་པར་བྱའོ། །མཽད་གལ་གྱི་བུ་ངས་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་

པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་རྒྱལ་པོ་ལྷའི་ཟླ་བ་ཞེས་བྱ་བ་འབའ་ཞིག་ཁོ་ནས་འཛམ་བུའི་གླིང་གི་དབང་ཕྱུག་གིས་དབང་བྱེད་པ། ཆོས་གྱི་བདག་པོ་ཆོས་དང་ལྡན་པ། ཆོས་ཀྱིས་མི་འཐུན་པ་མེད་པར་རྒྱལ་སྲིད་བྱེད་པ་ཞིག་བྱུང་ངོ་། །བུ་ཡང་སྟོང་ཐམ་པ་ཡོད་དེ། དཔའ་ཞིང་རྟུལ་

ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་དག་བྱུང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་དེ་བྱང་ཆུབ་སེམས་དཔའི་ཐེག་པ་ཡང་དག་པར་རབ་ཏུ་སྟོན་ཏེ།

ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་མི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་བཞིན་གཤེགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་འཛིན་དུ་བཙུད་དེ།

སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་སོ། །དེ་བཞིན་གཤེགས་པ་དེས་དེ་དག་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཉིད་བསྟན་ཏེ། སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ངེས་པར་བྱུང་ངོ་། །དེའི་ཚེ་དེ་

བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་བྱ་བ་ཚོགས་དེ་ཐམས་ཅད་ཀྱི་གཙོ་བོ་བྱེད་པ་ཞིག་བྱུང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་བདུད་ཤུགས་འཆང་ཞེས་བྱ་བ་གང་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་གི་བར་ཆད་བྱེད་པར་ཉེ་བར་

གནས་པ་ཞིག་བྱུང་ངོ་། །དེ་བྱང་ཆུབ་སེམས་དཔའ་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་པའི་གཏམ་ཟེར་རོ། །དེ་ནས་བདུད་ཤུགས་འཆང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་འདིས་ཡུན་མི་རིང་བར་བདག་གི་ཡུལ་སྟོངས་པར་འགྱུར་ཏེ།

เล่ม ๔๗ · หน้า 221a

གང་བདག་གིས་དེའི་བར་ཆད་བྱའོ་སྙམ་ནས། དེ་སངས་རྒྱས་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་འཁོར་གྱི་ནང་དུ་ཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་གི་ནང་དུ་འདུག་ནས་ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་པའི་གཏམ་ངན་པ་བསྔགས་ལ། འདོད་པའི་ཡོན་ཏན་

དང་ཡང་དག་པར་ལྡན་པའི་གཏམ་ཟེར་རོ། །བྱང་ཆུབ་སེམས་དཔའ་དེ་དག་ལ་ཡང་འདོད་པའི་ཡོན་ཏན་ལྔ་པོ་དག་ཉེ་བར་འབུལ་ཏེ། མིག་གིས་བལྟ་བར་བྱ་བ་གཟུགས་མང་པོ་དང་། བཟའ་བ་དང་། བཅའ་བའི་ཡོ་བྱད་དང་། མེ་ཏོག་གི་ཡོ་བྱད་དང་། བལྡག་པའི་ཡོ་བྱད་དང་། རོལ་མོའི་

ཡོ་བྱད་དང་། གླུ་དབྱངས་ཀྱི་ཡོ་བྱད་དང་། གར་གྱི་ཡོ་བྱད་རྣམས་འབུལ་བར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་བདུད་ཤུགས་འཆང་འདི་བདག་གི་ཤུགས་ཀྱིས་གདུལ་བར་བྱའོ་སྙམ་ནས། འདི་ལྟ་བུའི་རྫུ་འཕྲུལ་

མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་བདུད་ཤུགས་འཆང་གི་མགུལ་དུ་ཁྱི་རོ་ཞིག་བཏགས་སོ། །ཤུགས་འཆང་གི་གཟུགས་ཀྱིས་བདུད་ཀྱི་གནས་དེར་སོང་ངོ་། །སོང་ནས་བདུད་ཀྱི་གནས་དེར་ཞུགས་ཏེ།

ལྷའི་བུ་མོ་ཁྲི་ཕྲག་དགུ་བཅུ་རྩ་དགུ་དག་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། །དེ་བྱང་ཆུབ་སེམས་དཔའི་ཡང་དག་པར་ལྡན་པའི་གཏམ་དེ་ལྟ་བུ་དག་ཀྱང་བྱས་ཏེ། འདི་ལྟར་ལྷའི་བུ་མོ་ཁྲི་ཕྲག་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷའི་བུ་

མོ་ཁྲི་ཕྲག་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་ལ་བཙུད་ནས། བདུད་ཀྱི་གནས་དེ་ཉིད་དུ་འདོད་པའི་ཡོན་ཏན་ལྔ་དག་གིས་བདག་ཉིད་རྩེ་བ་མངོན་པར་སྤྲུལ་ཏོ། །དེ་ནས་བདུད་ཤུགས་འཆང་ཁྱི་རོ་བཏགས་པ་དེ་རང་གི་གནས་ག་ལ་བ་དེར་སོང་བ་དང་། གནས་དེ་ན་ལྷའི་བུ་དང་། ལྷའི་བུ་མོ་དེ་

དག་དང་ལྷན་ཅིག་ཏུ་རྩེ་ཞིང་ཡོངས་སུ་སྤྱོད་པ་མཐོང་ངོ་། །མཐོང་ནས་ཀྱང་སྡུག་བསྔལ་ཞིང་ཡིད་མི་བདེ་ལ། བློང་བློང་པོར་གྱུར་ཅིང་དེར་མི་དགའོ། །དེ་ནས་ལྷའི་བུ་མོ་ཁྲི་ཕྲག་དགུ་བཅུ་པོ་དེ་དག་བདུད་ཤུགས་འཆང་བློང་བློང་པོར་གྱུར་པར་རིག་ནས། སྙིང་རྗེ་ཆེན་པོ་སྐྱེས་ཏེ། བདུད་ཤུགས་

เล่ม ๔๗ · หน้า 221b

འཆང་འདི་སྲོག་ཆགས་རྣམས་ཀྱི་ཕྱིར་སྡིག་པའི་རོས་བློང་བློང་པོར་གྱུར་ཅིང་། ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་ལ་ལྟོས། ཀྱེ་ཨེ་མ་སློབ་དཔོན་དཔའ་བའི་སྟོབས་བདུད་ཤུགས་འཆང་འདི་བདག་ཅག་གི་བདུད་ཀྱི་གནས་ལ་དབང་ཕྱུག་གི་དབང་གིས་བགེགས་བགྱིད་པར་འགྱུར་ན།

བདག་ཅག་ལ་འཚེ་བར་མི་འགྱུར་བར་མཛད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་བདུད་ཤུགས་འཆང་གི་གནས་ཀྱི་གོང་དུ་

བདུད་ཀྱི་གནས་གཞན་ཆེས་རྫུ་འཕྲུལ་ཆེ་བ། ཆེས་གཟི་བརྗིད་ཆེ་བ། ཆེས་མཐུ་ཆེ་བ། ཆེས་གཟི་ཆེ་བ་ཞིག་མངོན་པར་སྤྲུལ་ཏོ། །འཇིག་རྟེན་གྱི་ཁམས་གཞན་ཞིག་ཀྱང་མངོན་པར་སྤྲུལ་ཏེ། དེར་བདུད་དེ་དབང་ཕྱུག་ལ་དབང་བྱེད་དེ། དེས་གནས་དེ་དང་བདུད་དེ་ཡང་ཐལ་བར་བརླགས་སོ། །

དེ་ནས་བདུད་ཤུགས་འཆང་གིས་བདུད་དེ་དང་བདུད་ཀྱི་གནས་དེ་མཐོང་ནས་ཡིད་གཉིས་སུ་གྱུར་ཏེ། བདག་ཀྱང་ཡུན་མི་རིང་བར་འཆི་བའི་ཆོས་སུ་འགྱུར་རོ། །བདུད་ཀྱི་གནས་འདིས་བདག་གི་ངོ་བོ་དང་། ཡོངས་སུ་འཛིན་པ་ཐམས་ཅད་དང་ཐ་དད་པའི་ངོ་བོར་འགྱུར་རོ་སྙམ་མོ། །གནས་དེ་

དག་གིས་དེ་ཀུན་ཏུ་སྐྱོ་བར་གྱུར་ཅིང་ཡིད་མི་དགའ་བར་གྱུར་ནས། འཇིགས་སྐྲག་བློང་བློང་པོར་གྱུར་ནས་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་དེ་ལ་འདི་སྐད་ཅེས་སྨྲས་སོ། །མཁས་པ་མགོན་མེད་མགོན་མཛོད་རྣམ་པར་ལྟུང་ལས་དགྲོལ་བར་མཛོད། །བྱིས་པའི་ངོ་བོ་བདག་གིས་མི་དགེ་གང་

བགྱིས་མི་རྟག་པས། །སྲིད་པར་འགྲོ་བ་ཀུན་གནོད་རྟག་པ་མ་ལུས་མཐོལ་ཞིང་མཆིས། རྣམ་འཇིག་ཆོས་ཀྱི་དངོས་པོ་ཅུང་ཟད་མགོན་སྐྱབས་བགྱིད་མ་མཆིས། །རྣམ་འཇིག་ཆོས་ཀུན་བདག་གིས་རྣམ་སྤང་བདག་ཀྱང་མ་གྲོལ་བ། །འདི་ལྟར་བཟོད་པར་མཛོད་ཅིག་དཔའ་སྟོབས་བདེ་བར་གཤེགས་པའི་སྲས། །

རྟབས་ལ་སྐྲག་ཅིང་ཉམས་པས་དེ་ཡི་ཡིད་ཀྱི་སྐྱོ་བ་ཆད། །ང་རྒྱལ་རྣམ་སྤངས་རྒྱལ་བའི་སྲས་ལ་ཐམས་ཅད་སྐྱབས་སུ་ཞུགས། །གང་གིས་རྒུད་འཇིགས་ཡོངས་མཐོང་འདི་ལྟར་ཁྱོད་ལ་སྐྱབས་སུ་མཆིས། །རྒྱལ་སྲས་མཁས་པ་སྡུག་བསྔལ་ཉམས་པ་དག་ལས་བདག་ལ་སྐྱོབས། །ཤུགས་འཆང་སྐྱོ་

เล่ม ๔๗ · หน้า 222a

བ་རྒྱལ་བའི་སྲས་ཀྱིས་གཟིགས་ནས་དེས་སྨྲས་པ། །གྲོགས་པོ་རྒྱལ་བའི་སྲས་ལ་བགེགས་མ་བྱེད་ཅིང་ང་རྒྱལ་སྤོངས། །སྲིད་ཀུན་མི་རྟག་ཡོངས་སུ་འཛིན་ལ་མངོན་པར་ཞེན་པ་ཐོང་། །སེམས་ནི་མངོན་པར་དད་པས་ངེས་པར་འབྱུང་བ་རབ་ཏུ་ཤེས། །སེམས་ཅན་གང་ཡང་འཁྲུགས་པའི་

ཡིད་ཀྱི་ཆོས་ཞེས་ནམ་ཡང་མེད། །ཡིད་ཀྱི་རྙོག་པ་བསལ་བཏང་རྒྱལ་བ་མཆོག་གིས་བསྟན་པ་མཐོང་། །དེས་སྨྲས་པ། རྒྱལ་སྲས་བདག་སེམས་རྙོག་པ་བྲལ་ཞིང་ཡིད་ཀྱིས་རྣམ་པར་འབད། །རྒྱལ་བའི་རིམ་གྲོ་བགྱིད་ཀྱིས་རྒྱལ་བའི་གསུང་དག་གསུངས་ཤིག་གསུངས། །དེས་སྨྲས་

པ། དེ་བཞིན་གཤེགས་པའི་ཡོན་ཏན་བྱང་ཆུབ་སེམས་ལ་བདུད་ཉོན་ཅིག །བདེ་གཤེགས་སྲས་ལས་གང་དག་ཐོས་པ་བདུད་ཀྱི་ཞགས་པ་གཅོད། །རྒྱལ་བས་རབ་གསུངས་ཆོས་ཉིད་མི་གཡོ་འགྱུར་མེད་ཆོས་ཀྱི་དབྱིངས། །རྒྱལ་བའི་སྲས་འདི་ཤེས་ན་རྒྱལ་བས་མཆོད་པ་བྱས་པར་

འགྱུར། །གང་དག་བློ་ངེས་མེད་པ་སོ་སོའི་སྐྱེ་བོ་བྱིས་པ་ཞེས། །བྱ་སྟེ་དེ་ལྟར་སེམས་ངེས་མེད་པ་ཀུན་རྟོག་རླུང་དང་འདྲ། །གང་དག་རྒྱལ་བའི་གསུང་ནི་རྣམ་ཤེས་དེ་དག་བདུད་ཀྱི་ཞགས། །རླུང་གི་སྟོབས་ཀྱིས་ཕུབ་མ་ཕྱར་ལྟར་མ་ལུས་ཤིན་ཏུ་བཅོམ། །འགྱུར་མེད་ཆོས་དབྱིངས་སྟོང་པ་མི་

གཡོ་གཉིས་མེད་སྨྲས་པ་ནི། །བདུད་སྟོབས་འཇོམས་པར་བྱེད་ཅིང་བདུད་དབང་སོང་བས་ཤེས་པར་དཀའ། །སེམས་ཅན་གང་དག་སྐྱེས་དང་འཆི་དང་འབྱུང་བ་གང་ཡང་མེད། །ཀུན་ཏུ་འཕོ་བ་མེད་ཅིང་ལས་དང་ལྟུང་བའང་ཡོད་པ་མ་ཡིན་ཏེ། །སྟོང་ཉིད་རྟོག་པར་བྱེད་ན་རྒྱལ་བའི་སྲས་དག་ཡིད་

མི་རྨོངས། །ཚུལ་བཞིན་མ་ཡིན་པ་ཡིས་ཆོས་འདི་ཀུན་ལ་བྱེད་པ་པོ། །ལས་དང་རྣམ་སྨིན་ཀུན་རྟོག་མི་མཁས་བདུད་ཀྱི་ཞགས་པས་འཆིང་། །ཀྱེ་མ་ཇི་ལྟར་སྐུད་མདུད་གཟིངས་པའི་སྐུད་པ་རྣམ་གྲོལ་ལྟར། །དེ་བཞིན་འདོད་ཆགས་མ་བྲལ་ཆོས་ལ་འདོད་ཆགས་བཅས་མཐོང་འཆིང་། །དེ་ཡིས་

སྡུག་བསྔལ་མྱོང་སྟེ་འདིར་ནི་སྡུག་བསྔལ་གང་ཡང་མེད། །གང་དག་རྒྱལ་བའི་གསུང་ལ་ཐེ་ཙོམ་མེད་ཡིད་དེ་འཆིང་མེད། །མར་མེ་གང་དག་ཟད་ལྟར་དེ་ནི་མ་ལུས་མྱ་ངན་འདའ། །འགྲོ་ལ་ཕན་བརྩོན་རྣམ་འདྲེན་བརྟན་པ་འགྲོ་བ་དེ་མི་གསུང་། །མེ་འབར་ཞི་ལྟར་འགྲོ་བ་མེད་ཅེས་རྒྱལ་སྲས་དཔའ་བའི་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด