དཀར་ཆག
ชื่อนี้มาจากชื่อไฟล์ของเล่มในต้นทาง
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๑๓ · หน้า 112b
གསུངས་པ་མེད་པའི་ཕྱིར་རོ། །ཐོབ་པར་བྱ་བའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་དམིགས་པ་ལ་ཡང་མི་མཐུན་པ་མེད་དེ། དེ་ཉིད་དམིགས་པར་བྱ་བའི་ཡུལ་དུ་མ་གྱུར་པའི་ཐེག་པ་ཆེན་པོའི་ལམ་ཞིག་ཡོད་པ་མི་སྲིད་ལ་གལ་ཏེ་སྲིད་པར་གྱུར་ན་ཡང་དེ་ཉིད་
ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར་རོ། །ཀུན་ནས་སློང་བ་བྱང་ཆུབ་ཀྱི་སེམས་ལམ་གྱི་གཞིར་བཟུང་བ་ཡང་མི་མཐུན་པ་མེད་དེ། གཞན་དོན་དུ་མི་གནས་པའི་མྱ་ངན་འདས་པའི་གོ་འཕང་དོན་དུ་གཉེར་བའི་བློ་མེད་ན་ཐེག་པ་ཆེན་པོའི་ལམ་ལ་
འཇུག་པའི་དགོས་པ་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན་ལམ་སྤྱིའམ་རྩ་བ་མཚུངས་པས་གསང་བ་སྔགས་ཀྱི་ཐེག་པ་ནི་རྩོད་པ་དང་བྲལ་བ་ཡིན་ལ། དེ་ལས་སྤྱོད་པ་བདེ་བས་འགྲུབ་པ་ལ་སོགས་པའི་བྱེ་བྲག་མང་པོ་སྟོན་དུ་ཡོད་པས་ན་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ཡང་འདི་
ལྟར་རྟོགས་པའི་ལྟ་བ་ལ་མ་རྨོངས་པའི་ཁྱད་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་ནས་སོ་སོ་སྐྱེ་བོའི་གནས་སྐབས་སུ། དངོས་པོའི་གནས་ལུགས་དཔེ་དང་གཏན་ཚིགས་ལ་སོགས་པའི་སྒོ་ནས་སྤྲོས་བྲལ་དུ་ཇི་ལྟར་གཏན་ལ་ཕབ་ཀྱང་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཙམ་ལས་རྟོགས་མེད་དུ་འགྱུར་
མི་སྲིད་ལ། གསང་སྔགས་པས་དབང་གི་དུས་ན་རྫས་དང་སྔགས་དང་ཏིང་ངེ་འཛིན་གྱི་རྟེན་འབྲེལ་ཟབ་མོའི་གནད་ཀྱིས་ཡེ་ཤེས་ཕབ་པ་དེའི་ཚེའམ་དབང་གསུམ་པ་ལ་སོགས་པའི་གནས་སྐབས་སུ་ཡེ་ཤེས་རྒྱུད་ལ་སྐྱེས་པ་ན་རྟོགས་མེད་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་བ་དཔེའི་ཚུལ་གྱིས་དངོས་སུ་
རྟོགས་པ་འབྱུང་ཞིང༌། དེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་ཀྱང་མྱུར་དུ་འདྲེན་པར་བཟོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་སློབ་དཔོན་བཛྲ་པཱ་ཎིས། དོན་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་རྨོངས་པ་སྟེ། ལུང་དང་རིགས་པས་གཏན་ལ་ཕབ་སྟེ་རྟོགས་པའོ། །རྡོ་རྗེ་ཐེག་
པ་ནི་མ་རྨོངས་པ་སྟེ་ལུང་དང་རིགས་པ་དང་བླ་མའི་མན་ངག་དག་གིས་ཉམས་སུ་མྱོང་བའོ་ཞེས་གསུངས་སོ། །རྟོགས་པར་བྱེད་པའི་ཐབས་མང་བའི་ཁྱད་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐབས་མཁས་པ་ཇི་སྙེད་པ་གཞིར་བཞག་པའི་སྟེང་དུ། དེ་དག་ཏུ་མིང་ཙམ་ཡང་མ་གྲགས་
เล่ม ๒๑๓ · หน้า 113a
པའི་རིམ་པ་གཉིས་ཀྱི་རྣལ་འབྱོར་དང་བཟླས་བསྒོམ་དང་ལས་ཀྱི་ཚོགས་རབ་འབྱམས་དང་རྟོགས་པ་བརྟན་པའི་ཐབས་ཀྱི་སྤྱོད་པ་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཟབ་པ་དང་རྒྱ་ཆེ་བའི་རིམ་པ་མང་དུ་ཡོད་པའི་ཕྱིར་ཏེ། དཔེར་ན། ཀྱེ་རྡོ་རྗེ་
ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་བྱ་བ་ལྟ་བུ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །འོ་ན་དེ་ལྟ་བུ་ནི་མཚན་ཉིད་ཐེག་པ་ལས་ཀྱང་བཤད་དེ། དཀོན་མཆོག་བརྩེགས་པ་
ལས། དཔེར་ན་གྲོང་ཁྱེར་གྱི་ལུད་གང་ཡིན་པ་དེས་འབྲས་སམ་བུ་རམ་གྱི་ཞིང་ལ་ཕན་འདོགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེས་བྱང་ཆུབ་ཀྱི་མྱུ་གུ་ལ་ཕན་འདོགས་སོ་ཞེས་གསུངས་པས་སོ་སྙམ་ན་དེ་ནི་ས་ཐོབ་པའི་ཚེ་ཡིན་གྱིས་མ་ཐོབ་པ་
ཕྱིན་ཆད་ཀྱི་གང་ཟག་གིས་ནི་འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་ཡུལ་སྤོང་བ་ཉིད་ལམ་དུ་བྱེད་པ་སྟེ། མདོ་ལས། འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ། །ཞེས་སོགས་དང༌། སློབ་མ་ལ་སྤྲིང་བ་ལས། ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། །ཡུལ་དང་དུག་
མཚུངས་རྣམ་པར་སྨིན་པ་རྩུབ་ལ་མི་བཟད་པ། །ཡུལ་དང་དུག་མཚུངས་གཏི་མུག་མུན་པས་ཐིབས་པོར་བྱེད། །ཡུལ་དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན། །ཞེས་འབྱུང་བ་ལྟ་བུའོ། །དཀའ་བ་མེད་པས་བྱང་ཆུབ་འགྲུབ་པའི་ཁྱད་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་བ་ནི་
བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་མགོ་དང་རྐང་ལག་གི་བར་གྱི་བདོག་པ་གཏོང་བ་ལ་སོགས་པ་དཀའ་སྤྱད་དང་དཀའ་ཐུབ་ཀྱི་ལམ་ཡིན་པས་ཚེགས་ཆེན་པོས་བསྒྲུབ་དགོས་ལ། གསང་སྔགས་པ་ནི་དེ་ལྟ་བུ་མ་ཡིན་པར་སྤྱོད་པ་བདེ་བས་བྱང་ཆུབ་འགྲུབ་པའི་ལམ་ཡིན་པའི་ཕྱིར་རོ། །
དེ་སྐད་དུ་ཡང་གསང་བ་འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པ། །བསྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་དང༌། འདོད་པའི་ཡོན་ཏན་ཐམས་ཅད་ལ། །ཅི་བདེ་བར་ནི་བརྟེན་བཞིན་དུ། །རང་གི་
เล่ม ๒๑๓ · หน้า 113b
ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་དང༌། སློབ་དཔོན་བཛྲ་པཱ་ཎིས། གཞན་ཡང་དཀའ་བ་མེད་པ་སྟེ་བདེ་བ་ཆེན་པོ་ལམ་དུ་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་བཏང་སྙོམས་པ་དང་ཉམས་སུ་མྱོང་བ་མེད་དོ། །རྒྱུ་ལམ་དུ་བྱེད་པས་ན་རྒྱུའི་ཐེག་པའོ། །འབྲས་བུ་
ལམ་དུ་བྱེད་པས་ན་འབྲས་བུའི་ཐེག་པ་ཁྱད་པར་དུ་འཕགས་སོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་སྡུད་པ་ཚིགས་སུ་བཅད་པ་ལས། བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་སྤྱོད་ཀྱང༌། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་བསྒྲུབ་བྱ་
སྙམ་དུ་ཀུན་མཁྱེན་ཡིད་བྱེད་པ། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་གསུངས་པ་དང་མཚུངས་སོ་སྙམ་ན། དེ་ནས་བཤད་པ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཉིད་ནས་ཡིན་ལ། གསང་སྔགས་ཀྱི་སྐབས་ནས་བཤད་པ་ནི་
དབང་བསྐུར་བ་ཐོབ་པའི་དུས་ཉིད་ནས་ཆོས་ཐམས་ཅད་ལྷག་པའི་ལྷར་ངོ་སྤྲོད་ཅིང་མཆོད་པ་དང་མི་འབྲལ་བར་བྱ་བ་ཡིན་པས་ཁྱད་པར་ཆེ་སྟེ། དུས་འདི་ཉིད་ནས་བཟུང་ནས་ནི། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་འདི་དང་ལྡན་པར་ནི། །དུས་ཀུན་དུ་ནི་བདེ་བར་གནས། །
ཞེས་བྱ་བ་ལ་སོགས་པ་རྒྱུད་གཞུང་མང་པོ་ནས་བཤད་པའི་ཕྱིར་རོ། །དབང་པོ་རྣོན་པོས་དབང་དུ་བྱས་པའི་ཁྱད་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པར། རྟུན་པ་རབ་ཀྱིས་ཇི་ལྟར་མྱུར་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་བསྐལ་པ་གྲངས་མེད་གསུམ་དུ་ཐོགས་ལ། རྡོ་རྗེ་ཐེག་པར་གང་
ཟག་དབང་པོ་རབ་ཀྱིས་ཚེ་འདི་ཉིད་ལ་འགྲུབ་པར་གསུངས་ཏེ། གསང་བ་འདུས་པ་ལས། འདིས་ནི་དེ་བཞིན་གཤེགས་པའི་སྐུ། །ཆོས་འཛིན་མཆོག་གི་གསུང་དང་ནི། །རྡོ་རྗེ་འཛིན་པའི་ཐུགས་དག་ཀྱང༌། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །འོ་ན་
གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འདོད་ན་ཞག་བདུན་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་བོ་ཞེས་ཀྱང་བཤད་ན། གསང་སྔགས་དང་ཁྱད་པར་ཡོད་པ་མི་གྲུབ་བོ་སྙམ་ན། དེ་ནི་ཕྱིར་མི་ལྡོག་པའི་ས་ཐོབ་པ་ལ་
เล่ม ๒๑๓ · หน้า 114a
བཤད་པའི་ཕྱིར་ན་ཁྱད་པར་ཆེའོ། །སྔགས་ལས་ནི་སྡིག་པ་ཆེན་པོ་བྱེད་པས་ཀྱང་འགྲུབ་པར་གསུངས་ཏེ། ཇི་སྐད་དུ། སེམས་ཅན་མཚམས་མེད་ལྔ་ལ་སོགས། །སྡིག་པ་ཆེན་པོ་བྱེད་པས་ཀྱང༌། །རྡོ་རྗེ་ཐེག་པའི་རྒྱ་མཚོ་སྟེ། །ཐེག་མཆོག་འདི་ལ་
འགྲུབ་པར་འགྱུར། །ཞེས་སོ། །གཞན་ཡང་ཁ་ཅིག་འདི་སྐད་དུ། དུས་ཀྱི་མཐར་གསང་སྔགས་སྤྱོད་པའི་དུས་མ་ཡིན་ཞེས་སྨྲ་བ་ཡང་རིགས་པ་མ་ཡིན་ཏེ། རྣལ་འབྱོར་མ་ཀུན་དུ་སྤྱོད་པ་ལས། གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །དུས་མཐར་དངོས་གྲུབ་མི་ཐོབ་སྟེ། །ཆོས་
འདི་དེ་ལྟར་ཤེས་ནས་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཞེས་དང༌། ཧེ་རུ་ཀ་མངོན་པར་འབྱུང་བ་ལས། ཧེ་རུ་ཀ་དཔལ་གཟུང་བྱས་ན། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་སོ། །གཉིས་པ་ཁྱད་པར་དུ་འཕགས་པའི་རྒྱུད་སྡེའི་དབྱེ་བ་ལ་གསུམ་སྟེ།
གཉིས་དང་གསུམ་དུ་བསྡུ་བ་དང༌། །བཞིར་བཞག་པ་དང༌། ལྔ་དང་དྲུག་ཏུ་དབྱེ་བའོ། །དང་པོ་ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བར། ཕྱི་ནང་དབྱེ་བ་ཤེས་པ་ཡིས། །རྒྱུད་སྡེའི་དབྱེ་བ་ཤེས་པར་འགྱུར། །ཞེས་དང༌།་གྲུབ་ཆེན་ཨ་བྷ་ཡཱ་ཀ་རས། དཀྱིལ་འཁོར་ལ་སོགས་ཆོ་ག་ནི། །
སྟོན་པས་རྒྱུད་སྡེ་གཉིས་སུ་སྤྲོས། །ཞེས་དང༌། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ལམ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་སུ་གསུངས་ཏེ། སེམས་ཅན་
རྟོག་པ་མང་བ་རྣམས་ཀྱི་དོན་དུ་བྱ་བའི་རྒྱུད་རྣམས་གསུངས་སོ། །གཅིག་ཁོ་ནར་རྣལ་འབྱོར་གྱིས་བསྒྲུབ་པར་འདོད་པ་རྣམས་ལ་རྣལ་འབྱོར་གྱི་རྒྱུད་རྣམས་བཤད་དོ་ཞེས་གསུངས་པ་རྣམས་ཀྱིས་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་གཉིས་སུ་བསྡུ་བའི་ཚུལ་དུ་མཛད་པ་ཡིན་ནོ། །ཐམས་ཅད་
གསང་བའི་རྒྱུད་ལས། བྱ་སྤྱོད་གཉིས་ཀ་རྣལ་འབྱོར་རྒྱུད། །ཅེས་དང༌། སྔགས་དོན་རྣམ་གཟིགས་ལས། རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། །ཅེས་དང༌། རྡོ་རྗེ་བདུད་རྩིའི་འགྲེལ་པར། རྒྱུད་ཐམས་ཅད་ནི་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་གསང་བའི་རྒྱུད་ཁ་ཅིག་གོ་ཞེས་དང༌།
เล่ม ๒๑๓ · หน้า 114b
སློབ་དཔོན་ཀུན་དགའ་སྙིང་པོས་དེ་ཉིད་སྣང་ཆེན་དུ། ཐམས་ཅད་ཅེས་བྱ་བ་ནི་བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང་གཉིས་ཀའི་རྒྱུད་རྣམས་སོ་ཞེས་གསུངས་པ་རྣམས་ཀྱིས་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་གསུམ་དུ་བསྡུ་བའི་ཚུལ་དུ་བཞེད་པ་ཡིན་ནོ། །གཉིས་པ་ནི། དཔལ་དགེས་པའི་རྡོ་རྗེའི་
བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་དང༌། ཡང་དག་པར་སྦྱོར་བའི་རྒྱུད་ལས། གཉིས་གཉིས་འཁྱུད་དང་ལག་
བཅང་དང༌། །དགོད་དང་བལྟས་པས་འཁྲིག་པ་ཡིན། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གསུངས་པ་རྣམས་ཀྱིས་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིར་བཞག་པའི་ལུགས་སོ། །གསུམ་པ་ནི། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་ལས། དགོད་དང་བལྟ་བ་དག་གིས་དང༌། །
འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ནི་མ་བསྒྲགས་པ། །ཞེས་བྱ་བས་བཞི་ནི་དངོས་སུ་བསྟན་ནས། མ་བསྒྲགས་ཞེས་པའི་ཤུགས་ལས་ནི་རྒྱུད་སྡེ་ལྔ་པ་སྟོན་པར་སློབ་དཔོན་བྷ་བི་ལྷ་ལ་སོགས་པ་བཞེད་པས་རྒྱུད་
སྡེ་ལྔ་དང༌། དཔལ་མཁའ་འགྲོ་རྒྱ་མཚོ་ལས་ནི། བྷ་ག་རྣམས་སུ་རྒྱུད་རྣམ་ལྔ། །བྱ་བ་ལ་སོགས་བླ་མེད་མཐར། །ཞེས་དང༌། སློབ་དཔོན་བཛྲ་པཱ་ཎིས། ཐབས་ཀྱི་རྒྱུད་ལ་ལྔ་སྟེ། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་
དང༌། རྣལ་འབྱོར་གོང་ན་མེད་པའི་རྒྱུད་དོ་ཞེས་དང༌། སློབ་དཔོན་ཤཱནྟི་པས། ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པ་ནི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་རྣམ་པ་ལྔར་འགྱུར་རོ་ཞེས་དང༌། རབ་ཏུ་སྒྲོན་
གསལ་ལས། རྡོ་རྗེ་འཆང་ཆེན་པོས་བསམ་པ་དང་བག་ལ་ཉལ་བ་དང་ཁམས་དང་བག་ཆགས་ཀྱི་དབྱེ་བས་སྔགས་ཀྱི་བསྟན་བཅོས་རྣམ་པ་ལྔ་རུ་གསུངས་ཏེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་གྱི་བླ་མ་དང༌། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སོ་ཞེས་
เล่ม ๒๑๓ · หน้า 115a
གསུངས་པ་རྣམས་ཀྱིས་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་ལྔར་དབྱེ་བའི་ལུགས་སུ་འདྲེན་པ་ཡིན་ནོ། །བདེ་མཆོག་ལེའུ་ལྔ་བཅུ་རྩ་གཅིག་པ་ལས་ནི། ཇི་སྲིད་མདོ་བྱ་སྤྱོད་པ་དང༌། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་
དེ་ལ་དགའ་བ་སྦྱིན། །ཞེས་མདོ་སྡེ་རྟོག་པའི་རྒྱུད་དང༌། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང༌། རྣལ་འབྱོར་གསང་མཐའི་རྒྱུད་དེ་རྒྱུད་སྡེ་རིན་པོ་ཆེ་སྒོ་དྲུག་ཏུ་དབྱེ་བ་འདི་ནི་གྲུབ་ཆེན་ན་རོ་ཏ་པ་རྗེས་སུ་འབྲང་བ་དང་བཅས་པའི་
བཞེད་པ་ཡིན་ཏེ། དེ་དག་ལ་ཡང་ནང་གསེས་ཀྱི་དབྱེ་བའི་ཚུལ་མི་འདྲ་བ་དག་ཡོད་དོ། །གསུམ་པ་དབྱེ་བ་དེ་དང་ལྡན་པའི་གྲངས་ངེས་པ་ནི། དེ་ལྟར་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྒྱུད་སྡེ་སོ་སོའི་རྗེས་སུ་འབྲང་བའི་བཤད་སྲོལ་མི་འདྲ་བའི་དབང་
ལས་རྒྱུད་སྡེའི་དབྱེ་སྒོ་མང་ཉུང་ཅི་རིགས་པ་ཞིག་འབྱུང་ཡང༌། རྣམ་པར་དབྱེ་བ་དང་རིས་སུ་བསྡུ་བའི་ཁྱད་པར་ཅུང་ཟད་ཙམ་བྱས་པ་ཡིན་གྱི། དོན་ལ་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིར་ངེས་པ་ནི། འདི་ལྟར། ཕྱི་རོལ་མུ་སྟེགས་བྱེད་རྣམས་ཀྱི་ལུགས་ལ་ལོག་པའི་སྤྱོད་པ་བཞི་ཡོད་པས་དེ་རྗེས་
སུ་གཟུང་བའི་ཕྱིར་དུ་རྒྱུད་སྡེ་བཞིར་ངེས་པ་དང༌། སངས་རྒྱས་པ་ལ་གྲུབ་མཐའ་མི་འདྲ་བ་བཞི་ཡོད་པས་དེ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས་བསྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་ངེས་པ་དང༌། འདོད་པའི་ཁམས་ཀྱི་སེམས་ཅན་ལ་འདོད་ཆགས་ཀྱི་སྤྱོད་པ་མི་འདྲ་བ་བཞི་
ཡོད་པས་དེ་མ་སྤངས་ཀྱང་ལམ་དུ་བྱེད་པའི་གཉེན་པོ་བཞི་ཡིན་པས་རྒྱུད་སྡེ་བཞིར་ངེས་པའོ། །དང་པོ་ནི་འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲང་བ་ཁ་ཅིག་ནི། འདི་སྐད་དུ། གོ་ཧཾ་བུད་མེད་མེ་ཡིན་ཏེ། །དེ་ཡི་ཉེ་གནས་ཐབ་ཁུང་ཡིན། །ཞེས་བྱ་བ་ལ་སོགས་པ་མངོན་པར་ཞེན་པ་
ཆོས་སུ་སྨྲ་ཞིང་གཙང་དམེ་མེད་པར་ཁྱི་དང་ཕག་པའི་བརྟུལ་ཞུགས་སྐྱོང་བ་དག་ཡོད་དེ། དེ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་ཏེ། བདེ་མཆོག་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་དང༌། གསང་བ་
เล่ม ๒๑๓ · หน้า 115b
འདུས་པ་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་རྣམ་ལྔ་བསྟེན། །ཞེས་སོ། །ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་ཁ་ཅིག་ནི། མཆོད་སྦྱིན་གྱི་རིག་བྱེད་ལས། བར་གྱི་དུས་ལ་བབ་པ་ན། །བྱོལ་སོང་དྲུག་གམ་བདུན་སྦྱར་བྱ། །རྟ་ཡི་གཙང་མའི་རིགས་
ཡིན་ནོ། །ཉུང་བ་བྱོལ་སོང་གསུམ་གྱིས་སོ། །ཞེས་བྱ་བ་དང༌། རྒྱལ་རིགས་ལ་ནི་རྒྱལ་རིགས་དང༌། །བྲམ་ཟེ་འདོད་པས་བྲམ་ཟེ་གསད། །མ་རུངས་དག་ལ་རྗེ་རིགས་ཏེ། །དམངས་རིགས་ལ་ནི་དམངས་རིགས་གསད། །ཅེས་བྱ་བ་ལ་སོགས་པ་རྣམ་པར་འཚེ་བ་ཆོས་སུ་སྨྲ་བ་
དག་ཡོད་དེ། དེ་དག་རྗེས་སུ་གཟུང་བའི་ཕྱིར་དུ་སྤྱོད་པའི་རྒྱུད་གསུངས་ཏེ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པ་ལས། བཅོམ་ལྡན་འཇམ་པའི་དབྱངས་ཉིད་ནི། །ཁྲོ་བོའི་མིང་ནི་གཤིན་རྗེའི་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱིས་ནི་
ལག་ཆ་ཤོར། །ཞེས་དང༌། དེ་ནས་འདིར་ནི་གསད་བྱ་བ། །ཇི་ལྟར་ཡང་དག་སྦྱོར་ལྡན་པས། །དོགས་པ་མེད་པར་འགྲུབ་པར་འགྱུར། །གསོད་པའི་མཆོག་ནི་བཤད་པར་བྱ། །ཞེས་དང༌། དེ་ནས་གང་གིས་ལངས་པ་ལས། །མཚོན་ཆ་རྣོན་པོ་འབར་བ་ཡིས། །བསད་
པའི་ཤ་དང་ཁྲག་བཅས་པའི། །ཨརྒྷ་དེ་ལ་དབུལ་བར་བྱ། །ཞེས་གསུངས་སོ། །གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བ་ཁ་ཅིག་ནི།འདི་སྐད་དུ། འདག་ཆལ་དག་གིས་བགོས་པའི་གོས། །དྲི་མ་མེད་པར་འགྱུར་བ་བཞིན། །ལུས་ལ་མཆོད་སྦྱིན་གྱིས་བསྒོས་པ། །འབབ་སྟེགས་
བཀྲུས་པའང་དེ་ལྟར་འདག །ཅེས་བྱ་བ་ལ་སོགས་པ་གཙང་སྦྲའི་སྤྱོད་པ་ཆོས་སུ་སྨྲ་བ་དག་ཡོད་དེ། དེ་དག་རྗེས་སུ་གཟུང་བའི་ཕྱིར་དུ་བྱ་བའི་རྒྱུད་གསུངས་ཏེ། ལེགས་པར་གྲུབ་པ་ལས། ཁྲུས་བྱས་གཙང་ཞིང་གཟུང་བྱ་སྟེ། །བཀྲ་ཤིས་ངོ་མཚར་དག་བྱས་ནས། །བསྒྲུབ་པའི་རྫས་ནི་
ཡོངས་སུ་བཟུང༌། །ཞེས་དང༌། དུས་སུ་ཟོས་ནས་དུས་སུ་ཁྲུས་བྱས་ནས། །ཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲེས་ལ་འདུག་ལ་བཟླས་བརྗོད་བརྩམ། །ཞེས་སོ། །རྐྱེན་མཉམ་པ་སྐབས་ཐོབ་ཀྱིས་གསུམ་ཀའི་རྗེས་སུ་འབྲང་
เล่ม ๒๑๓ · หน้า 116a
བ་ཁ་ཅིག་ནི། དེ་དག་ལས་གང་དང་གང་སྨྲ་བའི་སློབ་དཔོན་དང་ཕྲད་པ་དེ་དང་དེའི་སྤྱོད་པའི་རྗེས་སུ་སྐྱོང་བ་དག་ཡོད་དེ། དེ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ།དེ་ཉིད་འདུས་པའི་དུམ་བུ་དང་པོ་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་ནི་འདོད་ཆགས་ཅན་
རྗེས་སུ་གཟུང་བའི་ཕྱིར་དུ་ལྷ་ཐམས་ཅད་ཆགས་པའི་ཉམས་ཅན་དང༌། ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས་ནི་ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཕྱིར་དུ་ཁྲོ་བོའི་ཉམས་ཅན་དང༌། འགྲོ་བ་འདུལ་བའི་དུམ་བུ་ལས་ནི་གཏི་མུག་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ཞི་བའི་ཉམས་ཅན་དང༌། དོན་
ཐམས་ཅད་གྲུབ་པའི་དུམ་བུ་ལས་ནི་ལྷ་རྣམས་ཀྱི་སྐུ་མདོག་དང་ཉམས་སྣ་ཚོགས་པར་གསུངས་སོ། །འདི་ནི་དེ་ཉིད་འདུས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། སློབ་དཔོན་རབ་འབྱོར་བསྐྱངས་དང་ཀུན་དགའ་སྙིང་པོ་ལ་སོགས་པ་རྣམས་ཀྱི་བཞེད་པ་ཡིན་ནོ། །གཉིས་པ་ནི། སངས་རྒྱས་པའི་
མཚན་ཉིད་ཐེག་པ་ལ་གྲུབ་མཐའ་མི་འདྲ་བ་བཞི་ཡོད་པའི་ཉན་ཐོས་གནས་མ་བུ་པ་དང༌། ཉི་འོག་བྱེ་བྲག་ཏུ་སྨྲ་བ་དག་ནི་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པ་ལྟར། དེ་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ན། བྱ་བའི་རྒྱུད་ལ་བདག་དང་རས་བྲིས་གཉིས་ཀ་མ་ཡིན་པའི་ཡེ་ཤེས་སེམས་
དཔའ་ཞེས་བྱ་བ་ནི་འདོད་པ་ཡིན་ནོ། །ཡང་ཉན་ཐོས་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་ནི། གང་ཟག་གི་བདག་ཁས་ལེན་པར་མི་འདོད་ཀྱང་ཡུལ་རྡུལ་ཕྲན་དང་འཛིན་པའི་ཤེས་པ་སྐད་ཅིག་ཆ་མེད་ཀྱི་བདེན་པར་ཁས་ལེན་པ་ལྟར། སྤྱོད་པའི་རྒྱུད་དུ་བདག་ཉིད་དམ་ཚིག་སེམས་དཔའ་དང་
མདུན་དུ་ཡང་ཡེ་ཤེས་སེམས་དཔའ་གཉིས་ཀ་འདོད་པ་ཡིན་ནོ། །འཕགས་པ་རང་སངས་རྒྱས་ནི། ཇི་སྐད་དུ། གཟུང་བའི་རྟོག་པ་སྤང་ཕྱིར་དང༌། །འཛིན་པ་མི་སྤང་ཕྱིར་ན་ཡང༌། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཞེས་མངོན་པར་རྟོགས་པའི་རྒྱན་ལས་འབྱུང་བ་ལྟར། ཀུན་རྫོབ་དུ་གཟུང་
འཛིན་གཉིས་ཀ་འདོད་ཀྱང་དོན་དམ་པར་གཟུང་བར་བྱ་བའི་ཡུལ་བདེན་པར་མི་འདོད་ལ། འཛིན་པའི་ཤེས་པ་སྐད་ཅིག་མ་བདེན་པར་ཁས་ལེན་པ་ལྟར། རྣལ་འབྱོར་གྱི་རྒྱུད་ལ་བདག་ཉིད་དམ་ཚིག་སེམས་དཔར་བསྐྱེད་པ་ལ་ཡེ་ཤེས་སེམས་དཔའ་བཅུག་ནས་སླར་ཡང་དེ་ཉིད་གཤེགས་སུ་
เล่ม ๒๑๓ · หน้า 116b
གསོལ་བར་འདོད་པ་ཡིན་ནོ། །ཐེག་པ་ཆེན་པོ་སེམས་ཙམ་པ་དང་དབུ་མ་པ་ནི་ཀུན་རྫོབ་ཏུ་གཟུང་འཛིན་གཉིས་ཀ་འདོད་ལ། དོན་དམ་པར་གཟུང་འཛིན་གཉིས་ཀ་བདེན་པ་མེད་པར་ཁས་ལེན་པ་ལྟར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་དུ་བསྲེས་ནས།
ཐུན་མཚམས་ཀྱི་གནས་སྐབས་སུ་ཡང་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བར་མི་འདོད་པ་སྟེ། དེ་དག་དང་ལུང་སྒོ་བསྟུན་གྱི་དབང་དུ་བྱས་ན་བསྐྱེད་ཆོག་རྣམ་པ་བཞིས་རྒྱུད་སྡེ་བཞིར་བཞག་པ་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་འཕགས་པ་ཡབ་
སྲས་ལ་སོགས་པའི་བཞེད་པའོ། །གསུམ་པ་ནི། དཔལ་རྡོ་རྗེ་སྙིང་པོ་རྒྱན་ལས། འདི་ནི་གཉིས་པོ་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅང་དང༌། །དགོད་དང་བལྟས་པས་ཤེས་པར་བྱ། །ཞེས་གསུངས་པའི་དོན་ནི་འདོད་པའི་ཁམས་ཀྱི་གཞན་
འཕྲུལ་དབང་བྱེད་པ་བལྟས་པ་ཙམ་གྱི་བདེ་བས་ཆགས་པ་ཚིམ་ལ། དེ་ཙམ་གྱི་བདེ་བ་གནང་བ་ནི་བྱ་བའི་རྒྱུད་དེ། བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ནི། །དཀར་པོའི་རིགས་ལ་རྟག་གནས་ཤིང༌། །ཕོ་ནི་མོ་ལ་བལྟ་བ་དང༌། །མོ་ཡང་ཕོ་ལ་བལྟ་བ་བྲི། །
ཞེས་སོ། །འཕྲུལ་དགའ་བ་ནི་དགོད་པ་ཙམ་གྱི་བདེ་བས་ཚིམ་ལ། དེ་ཙམ་གྱི་བདེ་བ་གནང་བ་ནི་སྤྱོད་པའི་རྒྱུད་དེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། མགོན་པོ་རལ་པའི་ཐོར་ཚུགས་ཅན། །ཕོ་ཉ་རྣམས་ཀྱིས་ཡོངས་སུ་བསྐོར། །བཞིན་ནི་བག་ཙམ་འཛུམ་པ་བྲི། །ཞེས་
སོ། །དགའ་ལྡན་པ་དང་འཕྲུལ་དགའ་བ་ནི་ལག་བཅང་དང་འཁྱུད་པ་ཙམ་གྱི་བདེ་བས་ཚིམ་ལ། དེ་ཙམ་གྱི་བདེ་བ་གནང་བ་ནི་རྣལ་འབྱོར་གྱི་རྒྱུད་དེ། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀུན། །དཔུང་པ་ཡིད་ཙམ་བསྡམ་པར་བཞག །ཅེས་དང༌། རྡོ་རྗེ་རྩེ་མོ་ལས།
དེ་ཡི་གཡོན་ལོགས་ལྷ་མོ་ནི། །འཛུམ་བཅས་ཟླ་བའི་འོད་མངའ་བ། །ཀུན་དུ་རྣམ་པར་ལྟ་བས་ཏེ། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས། །ཞེས་སོ། །སུམ་ཅུ་རྩ་གསུམ་པ་དང༌། རྒྱལ་ཆེན་རིས་བཞི་པ་དང༌། མིའི་འགྲོ་བ་ལ་སོགས་པ་རྣམས་ནི་དབང་པོ་ཟུང་སྦྱོར་གྱི་བདེ་བས་ཚིམ་ལ།
เล่ม ๒๑๓ · หน้า 117a
དེ་ཙམ་གྱི་བདེ་བ་གནང་བ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དགྱེས་པ་རྡོ་རྗེ་ལས། བོལླ་ཀ་ཀོ་ལ་སྦྱར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་དང༌། འཁོར་ལོ་སྡོམ་པ་ལས་ཀྱང༌། དབང་གཉིས་སྙོམས་པར་འཇུག་པ་ལས། །སྙོམས་པར་འཇུག་པའང་དེ་ཉིད་
འཛིན། །ཞེས་སོ། །འདི་དག་ནི་གྲུབ་པ་བརྙེས་པའི་སློབ་དཔོན་བྷ་ཝི་ལྷ་ལ་སོགས་པས་དགེས་པ་རྡོ་རྗེའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་བཞེད་པ་སྟེ་འཐད་པ་དང་ལྡན་པའི་ལུགས་ལེགས་པ་ཅིག་ཏུ་བཞེད་དོ། །བཞི་པ་གྲངས་དང་གོ་རིམས་གཉིས་ཀ་ངེས་པ་ལ། གང་ཟག་དང༌། དབང་དང༌། ལམ་
མོ། །དང་པོ་གང་ཟག་གིས་ངེས་པ་ནི། བཅོམ་ལྡན་འདས་ཀྱིས་ཐུན་མོང་མ་ཡིན་པའི་ཆོས་ཀྱི་གདུལ་བྱར་གྱུར་པའི་གང་ཟག་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ཕྱོགས་རིས་སུ་བསྡུ་ན། དབང་པོ་དམན་པ་དང༌། འབྲིང་དང༌། མཆོག་དང༌། ཆེས་མཆོག་ཏུ་གྱུར་པ་སྟེ་བཞི་པོ་འདིར་འདུ་
ཞིང༌། དེ་དག་རྗེས་སུ་གཟུང་བ་ལ་དགོངས་ནས་རྒྱུད་སྡེ་རྣམ་པ་བཞི་རིམ་པ་བཞིན་དུ་བཞག་སྟེ། དེ་ཡང་གང་ཟག་དམན་པ་ཕྱི་ལུས་ངག་གི་བྱ་བ་ཁྲུས་དང་གཙང་སྦྲ་ལ་དགའ་བ་རྣམས་ལ་བྱ་བའི་རྒྱུད་རྣམས་གསུངས་ཏེ། དེ་ནི་ལེགས་པར་གྲུབ་པ་དང་དཔུང་བཟང་ལ་སོགས་པ་རྣམས་སོ། །
གང་ཟག་འབྲིང་ཕྱི་ལུས་ངག་གི་བྱ་བ་དང་ནང་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པ་རྣམས་ལ་སྤྱོད་པའི་རྒྱུད་རྣམས་གསུངས་ཏེ། དེ་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའོ། །གང་ཟག་མཆོག་ཏིང་ངེ་འཛིན་ཁོ་ན་གཙོ་བོར་སྤྱོད་པ་རྣམས་ལ་རྣལ་འབྱོར་གྱི་རྒྱུད་རྣམས་གསུངས་ཏེ། དེ་ནི་དེ་ཁོ་
ན་ཉིད་བསྡུས་པ་ལ་སོགས་པའོ། །གང་ཟག་ཆེས་མཆོག་ཏུ་གྱུར་པ་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་སྤྱོད་པ་རྣམས་ལ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་རྣམས་གསུངས་པ་ཡིན་ཏེ། དེ་ལ་ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་གསུམ་ལས། དང་པོ་ནི་གསང་བ་
འདུས་པ་ལ་སོགས་པའོ། །གཉིས་པ་ནི་བདེ་མཆོག་ཉུང་ངུའི་རྒྱུད་ལ་སོགས་པ་དང༌། གསུམ་པ་ནི་ཀྱེ་རྡོ་རྗེ་དང་དུས་ཀྱི་འཁོར་ལོ་ལ་སོགས་པ་རྣམས་སོ། །དེ་ལྟར་ཡང་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག ། རྣལ་
เล่ม ๒๑๓ · หน้า 117b
འབྱོར་བླ་མེད་དེ་ལྟག་ལ། །ཞེས་སོ། །འདི་ནི་རྒྱུད་དེ་ཉིད་ཀྱི་རྗེས་སུ་འབྲངས་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་དཔལ་ལྡན་བིརྺ་པ་དང༌། ཌོམྦི་ཧེ་རུ་ཀ་རྗེས་སུ་འབྲང་བ་དང་བཅས་པའི་བཞེད་པའི་ལུགས་སྲོལ་ཤིན་ཏུ་ལེགས་པ་ཡིན་ནོ། །གཉིས་པ་དབང་གིས་ངེས་པ་ནི། ལམ་འདིར་
འཇུག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་དབང་བསྐུར་བ་ཡང་རྣམ་པ་བཞི་ཡོད་པས། དེ་སྟོན་པར་བྱེད་པའི་ཕྱིར་ཡང་རྒྱུད་སྡེ་བཞིར་ངེས་པ་ཡིན་ཏེ། ཡེ་ཤེས་ཐིག་ལེ་ལས། ཆུ་དང་དེ་བཞིན་ཅོད་པཎ་དབང༌། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་
རབ་ཏུ་གྲགས། །ཕྱིར་མི་ལྡོག་པའི་སློབ་དཔོན་དབང༌། །རྣལ་འབྱོར་རྒྱུད་ལས་བཤད་པ་ཡིན། །རྣལ་འབྱོར་མ་ཡི་རྒྱུད་དུ་ནི། །གསང་བ་ཤེས་རབ་ཡེ་ཤེས་དང༌། །ཤེས་རབ་ཡེ་ཤེས་ཆེན་པོའོ། །ཞེས་སོ། །གསུམ་པ་ལམ་གྱིས་ངེས་པ་ནི། འདིར་ཞུགས་པའི་གང་ཟག་རིགས་
བཞི་པོས་དབང་བསྐུར་བའི་ཚུལ་རྣམ་པ་བཞི་ལས། གང་དང་གང་ཐོབ་པ་དེ་དང་དེས་ལམ་གྱི་ཚུལ་རྣམ་པ་བཞི་གང་ཡིན་པ་རེ་ཉམས་སུ་བླང་དགོས་པས། དེ་སྟོན་པར་བྱེད་པའི་ཕྱིར་ཡང་རྒྱུད་སྡེ་བཞིར་ངེས་པ་ཡིན་ཏེ། དེ་ཡང་བྱ་བའི་རྒྱུད་དུ། རྗེ་དཔོན་གྱི་ཚུལ་དུ་དངོས་གྲུབ་ལེན་པ་སྟེ། རྗེ་
བོ་ཉིད་དུ་ཉེ་བར་གནས། །ཞེས་སོ། །སྤྱོད་པའི་རྒྱུད་དུ་གྲོགས་པོའི་ཚུལ་གྱིས་ཏེ། གྲོགས་པོ་ཉིད་དུ་ཉེ་བར་གནས། །ཞེས་སོ། །རྣལ་འབྱོར་རྒྱུད་དུ་ཡེ་ཤེས་འབྱིན་འཇུག་གིས་ཚུལ་གྱིས་ཏེ། དེ་བཞིན་གཤེགས་པ་ཚད་མེད་པ་དང་སེམས་ཅན་ཚད་མེད་དུ་བསྒྲུབས་ནས་སླར་གཤེགས་
སུ་གསོལ་བར་བཤད་དོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་གཉིས་སུ་མེད་པ་སྟེ། མདོར་ན་ཕུང་པོ་ལྔ་རྣམས་ནི། །རྒྱལ་བ་ལྔར་ནི་རབ་ཏུ་གྲགས། །ཞེས་བྱ་བ་ལ་སོགས་པ་སྤྲོ་བར་བྱ་བ་མང་དུ་ཡོད་དོ། །ལྔ་པ་གྲངས་ངེས་པ་ཅན་གྱི་རྒྱུད་ཀྱི་སྒྲ་དོན་ནི། ཅིའི་ཕྱིར་བྱ་བའི་རྒྱུད་ཅེས་བྱ་ཞེ་ན།
ལུས་ངག་གི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་ན་བྱ་བའི་རྒྱུད་ཅེས་བྱ་སྟེ། བསམ་གཏན་ཕྱི་མའི་འགྲེལ་པ་ལས། རྒྱུད་འདི་ནི་ཕྱི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་ཅེས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་སྤྱོད་པའི་རྒྱུད་ཅེས་བྱ་ཞེ་ན། ལུས་ངག་གི་བྱ་བ་དང་ཏིང་ངེ་འཛིན་
เล่ม ๒๑๓ · หน้า 118a
ཆ་མཉམ་པར་སྤྱོད་པའི་ཕྱིར་ན་སྤྱོད་པའི་རྒྱུད་ཅེས་བྱ་སྟེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་དོན་བསྡུས་པ་ལས། རྒྱུད་འདི་ནི་གཙང་སྦྲ་ལ་སོགས་པ་ལ་སྨད་པ་འཇིག་རྟེན་དང་འགལ་བར་སྤྱོད་པ་གཉིས་ཀ་ལ་སྤྱོད་པས་སྤྱོད་པའི་རྒྱུད་དོ་ཞེས་གསུངས་པའི་ཕྱིར་
རོ། །ཅིའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་ཞེ་ན། ཏིང་ངེ་འཛིན་གཙོ་བོར་བྱེད་པའི་ཕྱིར་ན་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་སྟེ། དེ་ཁོ་ན་ཉིད་སྣང་བའི་དོན་བསྡུས་པ་ལས། རྒྱུད་འདི་ནི་ཏིང་ངེ་འཛིན་གཙོ་བོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་དོ་ཞེས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་
བྱ་ཞེ་ན། ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་སྟོན་པའི་ཕྱིར་ན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་སྟེ། ཡང་དག་པར་སྦྱོར་བའི་རྒྱུད་ལས། གསང་བའི་ཡེ་ཤེས་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་དང༌། གསང་བ་འདུས་པ་ལས། སྐུ་དང་གསུང་དང་ཐུགས་
ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང༌། །བྱང་ཆུབ་སེམས་ནི་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་བདག་རྐྱེན་གྱི་སྒོ་ནས་དབྱེ་བ་ལ། ཞལ་ནས་གསུངས་པ་དང༌། བྱིན་གྱིས་བརླབ་པ་དང༌། རྗེས་སུ་གནང་བའི་བཀའ་
སྟེ་གསུམ་མོ། །དང་པོ་ཞལ་ནས་གསུངས་པ་ནི་འཕགས་པ་སྡུད་པ་ལྟ་བུའོ། །གཉིས་པ་བྱིན་གྱིས་བརླབ་པ་ནི། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས་གསུངས་པ་གསུམ་སྟེ། དང་པོ་ནི་དེ་བཞིན་གཤེགས་པའི་སྐུའི་མཛད་པ་ཕྱག་ལ་སོགས་པས་བྱིན་གྱིས་རློབ་པ་སྟེ་
ས་བཅུ་པའི་མདོ་ལྟ་བུའོ། །གཉིས་པ་ནི་གསུང་གིས་བྱིན་གྱིས་རློབ་པ་སྟེ། མ་སྐྱེས་དགྲས་འགྱོད་པ་བསལ་བའི་མདོ་ལྟ་བུའོ། །གསུམ་པ་ནི་ཐུགས་ཀྱིས་བྱིན་གྱིས་རློབ་པ་སྟེ་ཀུན་དུ་བཟང་པོའི་སྤྱོད་པ་སྟོན་པའི་མདོ་ལྟ་བུའོ། །ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལའང་ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་
བརླབས་པ་དང༌། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ་དང༌། ཐུགས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབས་པ་སྟེ་གསུམ་དུ་འགྱེད་པ་ལྟར་ན། རིམ་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལྟ་བུ་དང༌། གནོད་སྦྱིན་ལ་སོགས་པས་སྨྲས་པའི་སྔགས་བཅོམ་
เล่ม ๒๑๓ · หน้า 118b
ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ལྟ་བུ་དང༌། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་འོད་ཟེར་གྱི་རྩེ་མོའམ་ནམ་མཁའ་ལས་ཆོས་ཀྱི་སྒྲ་འབྱུང་བ་ལྟ་བུ་རྣམས་སུ་བཤད་དོ། །གསུམ་པ་རྗེས་སུ་གནང་བའི་བཀའ་ནི། ཐོག་མར་གླེང་གཞིའི་ཚིག་དང༌། བར་དུ་མཚམས་སྦྱོར་གྱི་ཚིག་དང༌། མཐར་
མཐུན་འགྱུར་གྱི་ཚིག་དང༌། རྗེས་སུ་ཡི་རང་གི་ཚིག་རྣམས་འཇུག་པ་རྗེས་སུ་གནང་བ་སྟེ། སྙིང་རྗེ་ཆེན་པོ་པད་དཀར་ལས། ཀུན་དགའ་བོ་དེ་ན་དགེ་སློང་དེ་དག་གིས་ཁྱོད་ལ་དེ་སྐད་དྲིས་པ་དང་འདི་སྐད་ལུང་སྟོན་ཅིག །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དང་པོ་
མངོན་པར་རྫོགས་པར་སངས་རྒྱས་ནས་ཡུལ་མ་ག་དྷཱ་ན་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཞེས་སོགས་ནས། དོན་དང་ཚིག་དང་ཡི་གེ་གང་དང་གང་དག་གིས་རྣམ་གྲངས་གང་དང་གང་གསུངས་པ་དེ་ལ་ཁྱོད་ཀྱིས་གླེང་གཞི་དང་བཅས་པ་དང༌། རྒྱུ་དང་བཅས་པ་དང༌། རྐྱེན་དང་བཅས་པ་དང༌། དོན་
བཟང་པོ་དང༌། ཚིག་འབྲུ་བཟང་པོ་རྒྱས་པར་སྟོན་ཅིག མདོ་སྡེའི་མཇུག་ཏུའང་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྲིས་ཤིག ཀུན་དགའ་བོ་ཆོས་ཀྱི་ཚུལ་འདི་དེ་ལྟར་ཡང་
དག་པར་བསྡུ་བར་བྱའོ་ཞེས་དང༌། ཆོས་ཡང་དག་པར་སྡུད་པ་ལས། དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་ཆོས་བསྡུ་བར་བྱའོ་ཞེས་བྱ་བ་དང་འབྲེལ་བ་དང་གོ་རིམ་ཀྱང་བསྟན་པར་བྱའོ་ཞེས་བཀའ་སྩལ་བ་ལྟ་བུའོ། །དེ་རྣམས་ཀྱིས་གང་བཀྲལ་བར་བྱ་བ་བཀའི་རྣམ་པར་གཞག་པའི་གླེང་བ་
རེ་ཞིག་བསྟན་ཟིན་ཏོ། །འདིར་སྨྲས་པ། (*ཡོངས་སུ་བརྗེས་པའི་རྒྱན།)ལྷ་དང་མི་ཡི་སྟོན་པ་བླ་ན་མེད་པས་སྔོན། །བསྐལ་པ་བྱེ་བ་ཁྲག་ཁྲིག་བགྲང་ལས་འདས་པ་ནས། །ཚིགས་སུ་བཅད་པ་གཅིག་ཅིག་ཕྱིར་ཡང་ལོངས་སྤྱོད་དང༌། །ལུས་སྲོག་དཔག་ཏུ་མེད་པ་བཏང་ནས་བསྒྲུབས་པའི་ཆོས། །(*མི་འོས་པའི་དོན་གཞན་བཀོད་པ།)གང་དག་ཕན་པའི་དགོངས་པས་ལེགས་པར་
བསླབས་པ་རྣམས། །ཐོས་པ་ཙམ་ཡང་རྣ་བར་ཚེར་མའི་ལས་འགྱུར་བ། །ངན་པར་འགྲོ་བའི་འབབ་སྟེགས་འཆའ་ལ་རིང་མོ་ནས། །གོམས་པའི་བག་ཆགས་མི་དམན་ལྡན་པ་ཀུན་གྱི་གཤིས། །(འགལ་བའི་གཟུགས་ཅན།)བཅུ་གཉིས་ཁྱིམ་ལ་ལོངས་སུ་སྤྱོད་པས་
เล่ม ๒๑๓ · หน้า 119a
མི་རྒྱུ་ཞིང༌། །རྣམ་པ་ཀུན་དུ་ཁ་ལོ་འདྲེན་པ་འཐེང་ལྡན་གྱི། །རྗེས་སུ་རྒྱུག་པར་མི་བྱེད་ཆོས་ཀྱི་ཉི་མ་འདིས། །སྲིད་པའི་གདོན་ཆེན་གསུམ་གྱི་གདུང་བ་རབ་བསིལ་བྱེད། །*(སྒྲས་ཟིན་པ་མཚུངས་པའི་ལྡོག་པ་ཅན་ལས་གཏན་ཚིགས་ཀྱི་ལྡོག་པ།)འབད་རྩོལ་མཚན་མའི་ཀུན་དུ་རྟོག་པས་རབ་ཏུ་དབེན། །མངོན་འདོད་ལྡན་པ་ཀུན་གྱི་རེ་བ་
རྫོགས་བྱེད་ཀྱང༌། །མཆོག་གི་འདོད་པ་སྟེར་བ་མེད་ཕྱིར་ནོར་བུའི་རྒྱལ། །ཏོག་གི་བློ་གྲོས་ཐུབ་པའི་གསུང་ལས་ཤིན་ཏུ་དམན། །(*སྤྱིའི་བསྡུས་པ་བརྗོད་པ།)ནད་ཆེན་གསོད་པའི་ནུས་པ་རྨད་བྱུང་ཨ་མྲྀ་ཏ། །སུ་ཞིག་བསྟེན་ན་འཆི་མེད་བྱེད་པ་ཡོད་བཞིན་
དུ། །ཕན་དང་གནོད་པའི་མཐའ་གཉིས་དག་ཏུ་མ་ལྷུང་བའི། །འབྱོར་དགུ་གཅིག་ཏུ་སྦྱར་བའི་སྨན་དེས་ཅི་ཞིག་བྱ། །(*མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ།)བློ་ལྡན་དམ་པའི་ཆོས་ལ་གུས་པ་ལྷོད་གྱུར་ན། །རྨོངས་ཆེན་སྐྱེ་བོས་རིང་དུ་བསྐྱུར་བ་སྨོས་ཅི་དགོས། །འཚོ་བར་བཅས་ལ་མི་འཆི་སྒྲུབ་པའི་
ཐབས་དགོས་ཀྱི། །ལུས་སྲོག་སོ་སོར་དེངས་པར་གྱུར་ལ་དེ་ལྟ་མིན། །(*ངོ་མཚར་ཕུལ་བྱུང༌།)སྲིད་པ་གསུམ་གྱི་སྙིང་པོ་ཕུལ་དུ་བྱུང་བའི་ཆོས། །ནུས་མཐུ་ཟད་མི་ཤེས་པས་མངོན་པར་ལྕི་བའི་ཁུར། །ཕྲག་པར་འཛིན་ལ་ནུབ་པ་མེད་པའི་འོད་སྲུངས་བྱིན། །ཡངས་
པའི་དཀྱིལ་འཁོར་འདི་ནི་ཨེ་མ་ཤིན་ཏུ་སྲ།(*འབྲུ་མང་པོའི་ཚིག་སྡུས་ཀྱི་དཔེ།)སྦྲང་རྩིས་མྱོས་པའི་པའི་གདངས་སྙན་ཚིག་འབྲུ་བཟང་པོ་ལ། །རོ་མཆོག་མངར་བའི་བརྗོད་བྱ་རྨད་བྱུང་འཁྱིལ་པ་ཅན། །དྲི་མེད་ཆུ་སྐྱེས་འདབ་མ་ཡངས་པའི་ཆོས་ཀྱི་ཚུལ། །འཇིག་རྟེན་འདི་ན་མི་ནུབ་རྟག་པར་
རྒྱལ་གྱུར་ཅིག །ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་
པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས། བཀྲལ་བྱ་ངེས་པའི་ཆེད་དུ་དམ་པའི་ཆོས་ཀྱི་རྣམ་པར་གཞག་པའི་སརྒ་སྟེ་གསུམ་པའོ།། །།
เล่ม ๒๑๓ · หน้า 119b
ཡེཔཱདནྱཱསཻཿཏབིཏསཀལཾབིཤྲམཱརཱུཌྷབྷདྲཱིདཱཀྵིཎྱོབཱཡུརྨནཧརཤནཻཿཀུམྦྷབྷདྲོབིཔདྡོཿ།
༄༅། །གང་དག་རྐང་པ་བཀོད་པས་དུབ་ལ་བཞོན་པ་བཟང་ལྡན་གདུངས་རྣམས་ལ། །ཡིད་འཕྲོག་ལྷོ་ཡི་དྲི་ཁྱེར་དལ་བུ་ཕོངས་པའི་ལག་པར་བུམ་པ་བཟང༌། །
เล่ม ๒๑๓ · หน้า 120a
༄༅། །སཾསཱརཱནནྟཾནཀཙཔཏཏེཿསཱཀརཱལམྦཤངྐཻཿ ཏྲཱསཽསཾཡུཀྟཾསམུདཡཧིཏཾདཱནདྷརྨཏྟམེཝཾ།
༄༅། །ལྷུང་བའི་དོགས་བཅས་ལག་པའི་མཆེལ་པ་མཐའ་བྲལ་འཁོར་བའི་སྡུག་བསྔལ་དང༌། །ཀུན་ནས་འབྱུང་བའི་འཇིགས་དང་ལྡན་ལ་ཆོས་ནི་མཆོག་ཏུ་ཕན་སྟེར་ཉིད། །
เล่ม ๒๑๓ · หน้า 120b
(*མཐའ་དག་གཟུགས་ཅན།)ཆོས་ཀྱི་ཆོས་མཆོག་ཐུབ་གསུང་མྱ་ངན་མེད། །དོན་བཟང་འདབ་མ་སྟོང་ཕྲག་རྫོགས་པའི་ཁ། །ཟབ་ཡངས་དཀྲུགས་པ་པདྨའི་རྒྱ་ནང་དུ། །ཆུད་པའི་ངོ་མཚར་ལྟད་མོ་ལྐོག་ན་མོ། །(*ཡན་ལག་གཉིས་པའི་གཟུགས་ཅན།)དུས་དེར་རྒྱལ་བ་འགྲོ་ལ་ཕན་པའི་ལས། །ལྷུན་གྱིས་གྲུབ་པ་ལས་བྱུང་སྨྲ་བའི་དབང༌། །རྣམ་པར་
འབྱེད་པའི་བུ་མོ་ཆོས་ཀུན་ལ། །སྦྱངས་པའི་མིག་ཡངས་མང་པོ་འཇིག་རྟེན་བྱུང༌། །(*ཆ་ཤས་ཀྱི་གཟུགས་ཅན།)དེ་དེས་བཀའ་ལུང་ཡངས་པ་སྡུད་པ་དང༌། །ཟབ་མོ་འགྲེལ་དང་རིམ་པར་བསྟར་བ་ཡི། །འཆད་རྩོམ་མཁས་པའི་རྐང་རྩིས་བསྣུན་པའི་ཚེ། །ཚིག་དོན་དྲི་མེད་འདབ་མ་
ཕྱོགས་སུ་གྲོལ། །(*རིགས་རང་བཞིན་བརྗོད་པ།)ཡེ་ཤེས་དག་པའི་གཏེར་གྱུར་ཐུབ་པ་དང༌། །དགོངས་པ་གཉིས་སུ་མེད་པར་བཀོད་པའི་ཆོས། །སྲིད་པའི་ཟུག་རྔུ་ཀུན་གྱི་ཕ་རོལ་དུ། །འདོང་བར་ཞི་བའི་ལམ་དང་རྗེས་སུ་མཐུན། །(*སྐྱེད་བྱེད་འགྲུབ་པའི་རྒྱུ།)གང་ལ་དམིགས་པས་འཁོར་བའི་ནད་ཆེན་གསུམ། །ཟད་པར་ཟ་བའི་ལས་སུ་
མངོན་ཕྱོགས་པའི། །བསླབ་གསུམ་དམ་པའི་འབྱོར་པར་ལྡན་པའི་ལམ། །ཡང་དག་འཆོས་བར་བྱེད་པ་བསྟན་པའི་ཆོས། །(*དངོས་པོའི་དཔེ།)གཅིག་ཏུ་ངན་པར་འགྲོ་དང་སྲིད་པ་ཡི། །ཚོར་བ་སྲིན་པོ་ཁྲོས་པའི་སོ་འདྲ་བས། །བཏབ་པ་ཀུན་ལས་ཡོང་ཡེ་སྐྱོབ་པའི་མཐུ། །
གང་ལ་རྫོགས་པ་དེ་ཡང་ལུང་གི་ཆོས། །(*མཐའ་དག་གཟུགས་ཅན།)སྡུག་བསྔལ་ཐན་པ་སྐྱེད་པའི་ཀུན་འབྱུང་དུས། །གསོད་བྱེད་ལམ་བདེན་སྤྲིན་གྱི་རླུང་ཡབ་ཀྱིས། །སྡུག་བསྔལ་འགོག་པ་བསིལ་བའི་རླུང་འཇོ་བ། །འཁོར་ལོ་དང་པོའི་བཀའ་དོན་གསལ་བར་བྱེད། །(*རབ་སྤེལ།)ཆོས་རྣམས་སྒྱུ་མའི་དཔེ་འདྲར་
རང་བཞིན་དང༌། །མཚན་ཉིད་མེད་པའི་མཐའ་བྲལ་ལུང་གི་སྒྲས། །མཐའ་བརྒྱད་མལ་དུ་ཡུར་བ་སློང་བའི་ཆོས། །འཁོར་ལོ་བར་བའི་བཀའ་ཡང་གསལ་བར་བྱེད། །(*རིགས་བརྗོད་པ་ཐ་མའི་གསལ་བྱེད།)ཡོད་དང་མེད་མཐའ་བརྟོལ་པ་ངེས་པའི་ལུང༌། །ཀུན་བརྟག་མཚན་མས་སྟོང་པའི་
གཞན་གྱི་དབང༌། །ཡོངས་གྲུབ་རྣམ་རིག་ཙམ་དུ་ལེགས་ཕྱེ་བ། །འཁོར་ལོ་ཐ་མའི་བཀའ་དོན་རྣམས་ཀྱང་ངོ༌། །(*དེ་ཉིད་བརྗོད་པའི་དཔེ།)མུན་པ་ཆེན་པོའི་གཤེད་དུ་རྒྱུ་བ་འདི། །པདྨའི་གཉེན་གྱི་དཔལ་དང་རྗེས་མཐུན་ཡང༌། །སྒྲིབ་པའི་དགྲ་ཚོགས་བཅོམ་ལས་ཕྱི་རོལ་དུ། །ཕྱོགས་
เล่ม ๒๑๓ · หน้า 121a
པ་མིན་ཕྱིར་ལེགས་བཤད་སྣང་བའོ། །(*མཚུངས་པ་གསལ་བྱེད་ཀྱི་ཟླ་བ་དངོས་སུ་ཟིན་པའི་བྱ་བ།)སྟོང་གསུམ་མི་མཇེད་ཡངས་པའི་ཟོང་གིས་ཀྱང༌། །ལེགས་པར་གདམས་པའི་ཚིག་དོན་ཆ་རེ་ཡང༌། །གཞལ་དུ་མེད་པའི་རིན་ཆེན་འདི་ཐོབ་པས། །ཕལ་པའི་ནོར་མཆོག་དེ་ལ་རྣམ་པར་འཕྱ། །(*རིགས་བརྗོད་པ་ཐ་མའི་གསལ་བྱེད།)མཆོག་དང་ཕལ་དུ་
གཏོགས་པའི་ཤེས་བྱ་བ། །ཇི་ལྟ་ཇི་སྙེད་ཡང་དག་འདོམས་པའི་གཞུང༌། །ལུང་དང་རིགས་པ་མན་ངག་ཀུན་གྱི་མ། །དགོངས་འགྲེལ་བསྟན་པའི་ཆོས་ཀྱི་ཁྱད་པར་གླེང༌། །སྤྱི་དོན་བཞི་པ་འགྲེལ་ཚུལ་ངེས་པའི་ཆེད་དུ་བསྟན་བཅོས་ཀྱི་
རྣམ་པར་གཞག་པ་ལ། བསྟན་བཅོས་སུ་གཏོགས་པ་སྤྱིར་བཤད་པ། དེ་ལས་མཆོག་གི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་བསྟན་བཅོས་སུ་གཏོགས་པ་ཙམ་ལ་རྣམ་པར་དབྱེ་ན་དོན་མེད་པའི་བསྟན་བཅོས་དང༌། དོན་ལོག་པའི་བསྟན་བཅོས་དང༌། དོན་དང་ལྡན་པའི་བསྟན་
བཅོས་དང༌། ངན་གཡོའི་བསྟན་བཅོས་དང༌། བརྩེ་བ་བྲལ་བའི་བསྟན་བཅོས་དང༌། སྡུག་བསྔལ་སྤོང་བའི་བསྟན་བཅོས་དང༌། ཐོས་པ་ལྷུར་ལེན་པའི་བསྟན་བཅོས་དང༌། རྩོད་པ་ལྷུར་ལེན་པའི་བསྟན་བཅོས་དང༌། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་ཏེ་རྣམ་པ་དགུར་འགྱུར་ཏེ། ས་སྡེ་
ལས། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང༌། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེ་ལས་མཆོག་གི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལ། བསྟན་བཅོས་རྣམ་པ་དགུ་པོ་དེ་དག་ལས། སྔ་མ་གཉིས་གཉིས་ནི་
ཕལ་པ་ཡིན་ལ། ཕྱི་མ་རེ་རེ་ནི་མཆོག་སྟེ། ཇི་སྐད་དུ། བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་སོ། །དེ་ལྟར་ཕྱི་མ་གསུམ་པོ་དེ་དག་གི་རང་བཞིན་ངེས་པར་བྱེད་པ་ལ། བསྟན་བཅོས་ཀྱི་མཚན་ཉིད་དང༌། ངེས་པའི་ཚིག་དང༌། རབ་ཏུ་དབྱེ་བ་སྟེ་གསུམ་མོ། །དང་པོ་མཚན་ཉིད་ནི་སྟོན་པ་དེ་བཞིན་གཤེགས་
པའི་བཀའ་ལུང་འབའ་ཞིག་གི་དབང་དུ་བྱས་ཏེ། རྩོམ་པ་པོ་རྣམ་པར་གཡེང་བ་མེད་ཅིང་བློ་དང་ལྡན་པའི་སྐྱེས་བུ་དམ་པ་དག་གིས་རྗོད་པར་བྱེད་པ་ངག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་ཐར་པ་ཐོབ་པར་བྱེད་པའི་ལམ་གྱི་ཆོས་དང་རྗེས་སུ་མཐུན་པར་ལེགས་པར་བཤད་པ་སྟེ། འཕགས་པ་བྱམས་པས།གང་
เล่ม ๒๑๓ · หน้า 121b
ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་སོ། །གཉིས་པ་ངེས་པའི་ཚིག་ནི། འཆི་བ་མེད་པའི་སེང་གེས། ནིརྡི་ཤ་གྲནྠ་ཡོཿཤཱསྟྲ་ཞེས་
བཤད་ཅིང༌། དེ་ལ་ཤཱ་ས་ན་འཆོས་པ། ཏྲ་ཡའམ་ཏཱ་ར་ཎ་སྐྱོབ་པ། དེ་གཉིས་བསྡུས་པ་ལ་ཤཱསྟྲ་ཞེས་འབྱུང་སྟེ། གདུལ་བྱ་རྣམས་ཀྱི་རྒྱུད་ཉོན་མོངས་པ་དུག་གསུམ་ལས་བསླབ་པ་སུམ་ལྡན་དུ་འཆོས་པ་དང༌། ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་སོ། །
དེ་ལྟར་ཡང་རྣམ་བཤད་རིགས་པ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །དེས་ན་འཆོས་པ་དང་སྐྱོབ་པར་བྱེད་པའི་
ཡོན་ཏན་དང་ལྡན་པའི་ཕྱིར་ངེས་པའི་ཚིག་དེ་ནི་སངས་རྒྱས་ཀྱི་བཀའ་ལའང་བཤད་དུ་ཡོད་དེ། དེ་ཉིད་ལས། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས་འཆོས་པ་དང་སྐྱོབ་པའི་ཡོན་ཏན་གྱི་ཕྱིར་ཡང་དོན་དུ་བཟུང་བ་ལ་འབད་པ་དང་ལྡན་པར་བྱའོ་
ཞེས་གསུངས་སོ། །གསུམ་པ་རབ་ཏུ་དབྱེ་བ་ནི། བྱེད་པ་ལས་ཀྱི་སྒོ་ནས་དབྱེ་བ། བརྗོད་བྱ་དོན་གྱི་སྒོ་ནས་དབྱེ་བ། བཤད་བྱ་བཀའི་སྒོ་ནས་དབྱེ་བ་སྟེ་གསུམ་མོ། །དང་པོ་བྱེད་པ་ལས་ཀྱི་སྒོ་ནས་དབྱེ་བ་ལའང༌། བཀའ་རྒྱ་ཆེན་པོ་སྡུད་པའི་བསྟན་བཅོས་དང༌། ཟབ་མོ་རྣམ་པར་
འབྱེད་པའི་བསྟན་བཅོས་དང༌། འཁྲུགས་པ་གོ་རིམས་སུ་བསྡེབས་པའི་བསྟན་བཅོས་དང་གསུམ་སྟེ། དེ་དག་དཔེར་མཚོན་ན་དང་པོ་ནི་འདུལ་བ་མདོ་རྩའམ་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལྟ་བུའོ། །གཉིས་པ་ནི་མངོན་པར་རྟོགས་པའི་རྒྱན་ནམ་དབུ་མ་རྩ་བའི་ཤེས་རབ་ལྟ་བུའོ། །གསུམ་པ་
ནི་བསླབ་པ་ཀུན་ལས་བཏུས་པའམ་མདོ་སྡེ་རྒྱན་ནམ་སྐྱེས་པའི་རབས་ལྟ་བུའོ། །གཉིས་པ་བརྗོད་བྱ་བཀའི་སྒོ་ནས་དབྱེ་བ་ལ་གསུམ་ལས། ཤེས་བྱ་ཇི་ལྟ་བ་སྟོན་པའི་བསྟན་བཅོས་དང༌། ཇི་སྙེད་པ་སྟོན་པའི་བསྟན་བཅོས་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པའི་
เล่ม ๒๑๓ · หน้า 122a
བསྟན་བཅོས་ཏེ་གསུམ་མོ། །དང་པོ་ལའང་ཕལ་པ་དང་ཁྱད་པར་བ་གཉིས་ལས། དང་པོ་ནི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤེས་རབ་བརྒྱ་པ་དང༌། སྐྱེ་བོ་གསོ་བའི་ཐིགས་པ་དང༌།ཚིགས་སུ་བཅད་པའི་མཛོད་དང༌། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་
བསྟན་བཅོས་ལ་སོགས་པ་རྣམས་ཏེ། དེ་དག་བསྟན་བཅོས་ཕལ་པ་མཛད་པའི་རྒྱུ་མཚན་ཡང༌། གཙོ་བོར་མངོན་མཐོ་འཐོབ་བྱེད་ཀྱི་རྒྱུ་ཡིན་ཞིང༌། ཐར་པའི་རྟེན་དུ་འགྲོ་བ་ཡང་སྲིད་དེ། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པར་ཐག་
མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་དང༌། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ན་ཡོད་གྱུར་ཀྱང༌། །དེ་ནི་བསྐལ་པ་སྟོང་དུ་ཡང༌། །ངན་འགྲོར་འགྲོ་བ་མི་སྲིད་དོ། །ཞེས་པས་སོ། །གཉིས་པ་ནི། གཙོ་བོར་བརྗོད་པར་བྱ་བ་
རིག་པའི་གནས་ལྔ་སྟོན་པའི་བསྟན་བཅོས་ཀྱི་རིགས་སུ་གཏོགས་པ་རྣམས་ཏེ། འདི་དག་ནི་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ཇི་ལྟ་བ་སྟོན་པའི་བསྟན་བཅོས་ནི།བདེན་པ་རྣམ་པ་བཞིའམ་རྣམ་པ་བཅུ་དྲུག་ཏུ་སྟོན་པའམ། གཟུང་འཛིན་གཉིས་སུ་མེད་པའི་དོན་སྟོན་པ་དང༌།
རང་བཞིན་གཉིས་སུ་མེད་པའི་དོན་སྟོན་པ་སྟེ། དཔེར་ན་བདེན་པ་རྣམ་པར་ངེས་པའམ་དབུ་མ་རྒྱན་ལ་སོགས་པ་ལྟ་བུའོ། །གསུམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པའི་བསྟན་བཅོས་ནི། བྱང་ཆུབ་སེམས་དཔའི་ས་དང་ཉན་ཐོས་ཀྱི་སའམ། བྱང་ཆུབ་སེམས་དཔའི་སྤྱོད་པ་
ལ་འཇུག་པ་ལ་སོགས་པ་ལྟ་བུའོ། །དེ་ལ་ཁ་ཅིག་དེ་དག་ཕྱོགས་རེ་ཙམ་སྟོན་པའི་བསྟན་བཅོས་ཉིད་ཡིན་པས་ན། རབ་ཏུ་བྱེད་པ་ཡིན་ལ། འདིར་ནི་མ་ལུས་པ་སྟོན་པའི་བསྟན་བཅོས་ཆེན་པོ་ཀུན་ལས་བཏུས་པའམ་མངོན་པ་མཛོད་ལྟ་བུའོ་ཞེས་ཀྱང་འདོད་དོ། །གཉིས་པ་བཤད་བྱ་བཀའི་སྒོ་ནས་
དབྱེ་བ་ལ། སྤྱིར་བཤད་པ་དང་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་བསྒྲུབ་པར་བྱ་བའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་ལ་ཆེས་སྤྲོ་བར་གྱུར་པའི་བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་ཀྱི་གཙོ་བོ་ནི་རིག་པའི་
เล่ม ๒๑๓ · หน้า 122b
གནས་རྣམ་པ་ལྔའམ། རིག་པའི་གནས་བཅུར་གྲགས་པའི་བསྟན་བཅོས་རྣམས་ཏེ། ཇི་སྐད་དུ་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་པའི་དམ་པ་ཐམས་ཅད་མཁྱེན་པ་ག་ལ་ཐོབ། །ཅེས་གསུངས་ཤིང༌། དེའི་འགྲེལ་བཤད་ལས། རིག་
པའི་གནས་ནི་ལྔ་སྟེ་ནང་རིག་པ་དང༌། རྒྱུ་རིག་པ་དང༌། སྒྲ་རིག་པ་དང༌། གསོ་བ་རིག་པ་དང༌། བཟོའི་ལས་ཀྱི་གནས་རིག་པའོ། །དེ་ལ་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ་མཁས་པ་ནི་ནང་རིག་པ་ཞེས་བྱའོ། །མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་ཟིན་པའི་
ཏརྐའི་གཞུང་ལ་མཁས་པ་ནི་རྒྱུ་རིག་པ་ཞེས་བྱའོ། །སྒྲའི་གཙུག་ལག་བྱཱ་ཀ་ར་ཎ་ལ་མཁས་པ་ནི་སྒྲ་རིག་པ་ཞེས་བྱའོ། །རླུང་དང་བད་ཀན་ལ་སོགས་པ་ནད་གསོ་བའི་གཙུག་ལག་ལ་མཁས་པ་ནི་གསོ་བ་རིག་པ་ཞེས་བྱའོ། །གླུ་དང་གར་དང་སྤོས་ལ་སོགས་པའི་གཙུག་ལག་ལ་མཁས་པ་ནི་
བཟོའི་ལས་ཀྱི་གནས་རིག་པ་ཞེས་བྱའོ། །རིག་པའི་གནས་ལྔ་པོ་དེ་དག་ལ་ཉན་པ་དང་བསམ་པ་ལ་སོགས་པའི་སྒོ་ནས་ཤེས་པ་དང་རྟོགས་པར་མ་བྱས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ག་ལ་ཐོབ་སྟེ། དེ་བས་ན་བྱེ་བྲག་མེད་པར་མཁྱེན་པའི་ཡེ་ཤེས་
ཐོབ་པར་བྱ་བའི་ཕྱིར་རིག་པའི་གནས་ལྔ་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འཕགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དེ་དག་ལས་མཆོག་ཏུ་གྱུར་པས་འཕགས་པ་དམ་པའི་བྱང་ཆུབ་སེམས་དཔའོ། །ཇི་ལྟར་ཡོད་པ་མ་ལུས་པ་དང་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཐམས་ཅད་མཁྱེན་པ་
ཞེས་བྱའོ་ཞེས་བཤད་པ་དང༌། ས་སྐྱ་པཎྜི་ཏས་ཀྱང༌། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །དེ་ཡུལ་བརྡ་སྤྲོད་རྟོག་གེ་དང༌། །གསོ་བ་ཕྱི་ནང་རིག་ཅེས་གསུངས། །གཞན་ལས་
གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཤེས་བྱ། །ཞེས་ཏེ། དེ་ཡང་མཁས་པ་ཞེས་བྱ་བ་ནི་གང་ཡིན་ཞེ་ན། ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་ཡིན་ལ། གཞན་ཡང་བྱེ་བྲག་ཏུ་གང་བསླབ་པ་ཤེས་པ་དེ་ལའང་དེ་ཉིད་ལ་མཁས་པ་ཞེས་བྱ་ཞིང༌། དེས་བསླབ་པར་བྱ་བའི་
เล่ม ๒๑๓ · หน้า 123a
ཡུལ་ནི་རིག་པའི་གནས་ལྔ་སྟེ། བརྡ་སྤྲོད་པ་སྒྲ་དང༌། རྟོག་གེ་སྟེ་ཚད་མ་དང༌། ཕྱི་རོལ་རིག་པ་བཟོ་དང༌།ནང་རིག་པ་ལུང་གི་ཆོས་དང༌། གསོ་བ་རིག་པ་སྨན་དཔྱད་རྣམས་ལ་བཤད་དོ། །གཞན་ཡང་རིག་པའི་གནས་ཆུང་བ་ལྔ་དང༌། མདོ་ལས་རིག་པའི་
གནས་བཅོ་བརྒྱད་དུ་གསུངས་པ་རྣམས་ཀྱང་རིག་པའི་གནས་ཆེན་པོ་ལྔ་པོ་དག་ཏུ་འདུ་ཞེས་པའི་དོན་ཏོ། །དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་པའི་གནས་ཐོབ་པ་ལ་མངོན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཤེས་བྱ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱ་དགོས་སོ་ཞེས་པའི་དོན་ཏོ། །དེའང་
གང་གི་ཕྱིར་ཞེ་ན། རྒྱན་ལས། སྔ་མ་དེའི་རྗེས་ཐོགས་སུ། །དེ་ལྟར་གཞན་དག་ཚར་བཅད་པ་དང་རྗེས་གཟུང་ཕྱིར། །བདག་ཉིད་ཤེས་བྱའི་ཕྱིར་ན་དེ་ལ་དེར་བརྩོན་བྱེད། །ཅེས་དང༌། དེའི་འགྲེལ་བཤད་ལས་ཀྱང༌། བྱེ་བྲག་ཏུ་རྒྱུ་རིག་པ་དང་སྒྲ་རིག་པ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་དོ། །
ཅིའི་ཕྱིར་ཞེ་ན། མུ་སྟེགས་རྒྱུ་རིག་པའི་གཙུག་ལག་ཤེས་པར་རློམ་པ་དང༌། སྒྲ་རིག་པའི་གཙུག་ལག་ཤེས་པར་རློམ་པ་དེ་དག་ཚར་གཅད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །གསོ་བ་རིག་པ་དང་བཟོའི་ལས་ཀྱི་གནས་རིག་པ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ནད་
ཀྱི་བཏབ་པའི་ནད་ཞི་བར་འདོད་པ་རྣམས་དང་བཟོ་སློབ་པར་འདོད་ཅིང་ལོངས་སྤྱོད་འདོད་པ་རྣམས་རྗེས་སུ་གཟུང་ཞིང་ཕན་གདགས་པའི་ཕྱིར་བརྩོན་པར་བྱེད་དོ། །ནང་རིག་པ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་འཕགས་པའི་ལམ་དེ་ཁོ་ན་ཉིད་ཀྱི་
མཚན་ཉིད་གང་ཡིན་པ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ་ཞེས་སོ། །གཉིས་པ་སོ་སོར་བཤད་པ་ལ། གཞན་རྗེས་སུ་འཛིན་པའི་རིག་པའི་གཙུག་ལག་གཉིས་ལས། དང་པོ་བཟོ་རིག་པ་ལ། དེར་འཇུག་པའི་དགོས་པ་དང༌། དེ་སྟོན་པའི་བསྟན་བཅོས་ཀྱི་རང་
བཞིན་བསྟན་པའོ། །དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་སྐབས་སུ་ཕན་བདེ་འབྱུང་བའི་རྩ་ལག་ཏུ་གྱུར་པའི་བཟོའི་གནས་ཀྱི་རིག་པ་ལ་མཁས་པའི་གོ་སར་དབང་བ་དང༌། ཤ་ཐང་བ་མེད་པར་ལོངས་སྤྱོད་ཀྱི་འབྱོར་པ་དང་ལྡན་པར་བྱ་བ་
เล่ม ๒๑๓ · หน้า 123b
དང༌། འཇིག་རྟེན་པ་རྣམས་ཀྱིས་བཀུར་བར་བྱ་བ་དང༌། ལོངས་སྤྱོད་ཀྱི་སྒོ་ནས་གཞན་ལ་ཕན་གདགས་པར་བྱ་བ་དང༌། མཐར་ཐུག་ཐམས་ཅད་མཁྱེན་པའི་གཟུགས་ཀྱི་སྐུ་མཚན་བཟང་པོ་དང་དཔེ་བྱད་བཟང་པོས་བརྒྱན་པ་འགྲུབ་པའི་རྒྱུར་འགྱུར་བ་དང༌། དེ་ཉིད་མངོན་དུ་གྱུར་ནས་ཀྱང་དེ་བཞིན་
གཤེགས་པའི་གཟུགས་དང་གཟུགས་བརྙན་ནས་སྤྲུལ་པ་ཐ་མའི་བར་གྱི་རྣམ་པས་སེམས་ཅན་ཀུན་གྱི་ཉེར་འཚོའི་གཞིར་འགྱུར་བའི་དགོས་པ་དམ་པས་ཡིད་ཡོངས་སུ་དྲངས་ནས་རིག་པའི་ཚུལ་འདི་ལ་འཇུག་པར་རིགས་ཏེ། མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས། བཟོའི་གནས་ཀྱི་རིག་པ་བྱང་ཆུབ་
སེམས་དཔའ་འཚོལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཚེགས་ཆུང་ངུས་ཤ་ཐང་བ་མེད་པར་ལོངས་སྤྱོད་བསྒྲུབ་པར་བྱ་བ་དང༌། ལོངས་སྤྱོད་དང་ལྡན་ཞིང་བཟོའི་གནས་ལ་མཁས་པས་འཇིག་རྟེན་པ་རྣམས་ཀྱིས་བཀུར་བར་བྱ་བ་དང༌། ལོངས་སྤྱོད་ཀྱི་སྒོ་ནས་འཇིག་རྟེན་པ་རྣམས་ལ་ཕན་པར་བྱ་
བའི་ཕྱིར་ཚོལ་བར་བྱེད་དོ་ཞེས་དང༌།བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ་ལས། དེ་བས་ན་བཟོ་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་སྨན་པ་ཡིན་ཏེ། བཟོ་བོ་ནི་རིགས་དམན་པར་སྐྱེས་སུ་ཟིན་ཡང་རྒྱལ་པོ་རྣམས་དང༌། བློན་པོ་རྣམས་དང༌། བྲམ་ཟེ་དང༌། ཁྱིམ་བདག་
རྣམས་ཀྱིས་གདོན་མི་ཟ་བར་བཀུར་རོ། །སྣ་ཚོགས་ལས་ཅན་ལྷ་རྣམས་དང༌། །མི་རྣམས་ཀྱིས་ཀྱང་ལེགས་པར་བཀུར། །དེ་བཞིན་མ་རབས་བཟོ་ཡི་ཕྱིར། །མི་དང་ལྷ་རྣམས་ཀྱིས་ཀྱང་བཀུར། །ཞེས་དང༌། མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བར། བི་ཤྭ་ཀརྨ་སྣ་
ཚོགས་བྱེད། །ལས་བཟང་ཅན་དང་ལྷའི་བཟོ་བོ། །ཞེས་པས་བསྟན་པའི་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལྟ་བུ་ནི་ལྷའི་དབང་པོ་ལ་སོགས་པ་འཇིག་རྟེན་ན་ཆེ་བར་རློམ་པས་ཀྱང་བཀུར་ཞིང་བསྔགས་པའི་གནས་སུ་གྱུར་པའང་བཟོའི་གནས་ལ་མཁས་པ་ཁོ་ནའི་ཕྱིར་ཏེ། གདགས་པའི་བསྟན་བཅོས་ལས།
འཁོར་ལོ་རིན་པོ་ཆེ་ག་ལས་འོངས་ཤེ་ན། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ལས་ཐམས་ཅད་པ་ལ་བསྒོ་བ། ལས་ཐམས་ཅད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ། དེའི་ཕྱིར་
เล่ม ๒๑๓ · หน้า 124a
ལྷའི་འཁོར་ལོ་རིན་པོ་ཆེ་མངོན་པར་སྤྲུལ་པར་གྱིས་ཤིག དེ་ནས་ལྷའི་བུ་ལས་ཐམས་ཅད་པས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ་མཉན་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ། རྣམ་པ་ཐམས་ཅད་
ཡོངས་སུ་རྫོགས་པ། དག་པ། བཟང་བ། ལྷ་རྫས་རིལ་གྱིས་གསེར་ལས་མངོན་པར་གྲུབ་པ་ཞེས་འཁོར་ལོ་རིན་པོ་ཆེ་ལྷའི་བཟོ་བོས་སྤྲུལ་དགོས་པར་བཤད་ཅིང༌། རིག་བྱེད་པའི་གཏམ་རྒྱུད་ལས་ཀྱང༌། སྔོན་གྱི་དུས་སུ་ལྷའི་བུ་ཉི་མས། ལས་ཐམས་ཅད་པའི་བུ་མོ་ནེ་རུ་ཀ་
ཆུང་མར་བླངས་པས་ཉི་མའི་འོད་ཟེར་ཆེ་བ་ལ་མ་བཟོད་ནས་ཕའི་ཁྱིམ་དུ་བྲོས་སོ། །དེའི་ཚེ་ཕ་མ་དག་གིས་འཐབས་པ་སྐྱོ་བར་གྱུར་ཏེ། རི་བོ་ཏི་སེ་ན་རྟ་རྒོད་མའི་གཟུགས་ཀྱིས་དཀའ་ཐུབ་བྱེད་ཅིང་ཡིབས་སོ། །དེའི་ཚེ་ལས་ཐམས་ཅད་པས་ཉི་མ་དུམ་བུ་བཅུ་གཉིས་སུ་བྱས་ཤིང་ལོང་མོ་
ཡན་ཆད་བརྡར་ཏེ་གཟུགས་ཡིད་དུ་འོང་བར་བྱས་པས་དེ་ཕྱིན་ཆད་ལྟ་ན་སྡུག་ཅེས་བྱའོ་ཞེས་འབྱུང་བ་ལྟར་བཟོ་རིག་པ་ནི་འཇིག་རྟེན་ཐམས་ཅད་དུ་ཕན་འདོགས་རྒྱ་ཆེན་པོ་འབྱུང་བའི་གཞི་མ་ཉིད་དུ་བཤད་པའི་ཕྱིར་རོ། །གཞན་ཡང་སྔོན་གྱི་ཆོས་རྒྱལ་མྱ་ངན་མེད་པ་ལ་སོགས་པའང་བཅོམ་ལྡན་
འདས་ཀྱིས་ལུང་བསྟན་པའི་རྒྱུའི་གཙོ་བོ་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩིགས་པ་དང༌། དགེ་འདུན་གྱི་ཀུན་དགའ་རྭ་བ་བརྩིགས་པ་ལ་སོགས་པའི་སྒོ་ནས་སྟོན་པའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དཀར་པོའི་རྒྱུན་མི་ནུབ་པ་སྐྱོང་བའི་རྩ་ལག་ཏུ་འགྱུར་བ་ལ་དགོངས་ནས་ལུང་བསྟན་པར་བཤད་པའི་ཕྱིར་དང༌།
ཁྱད་པར་མྱ་ངན་ལས་འདས་པའི་མདོ་ལས། ཆུ་བོ་ཆེན་པོ་བཞི་རྒྱ་མཚོར་བབ། འབབ། གཞོལ་བ་དེ་བཞིན་དུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་ལ་བབ། འབབ། གཞོལ་ཞེས་བྱ་བ་ལ་སོགས་པའི་དོན་དུ་འགྱུར་བའི་དགོས་པ་ཡོད་དོ། །གཉིས་པ་དེ་ལ་དབྱེ་ན་གཙོ་བོ་དང༌། ཕལ་པ་གཉིས་སོ། །དེའི་དང་པོ་
ལའང་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལས། དང་པོ་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཚད་བཤད་པ་ནས། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སྐུ་གཟུགས་ཀྱི་ཚད་བཤད་པའི་བར་ཏེ། མདོར་བསྡུ་ན་ངག་དབང་ལྷ་མོས་རྗེས་སུ་བཟུང་བའི་དཔལ་ལྡན་བློ་གྲོས་བཟང་པོས་སྐུ་
เล่ม ๒๑๓ · หน้า 124b
གཟུགས་ཀྱི་ཆ་ཚད་བཤད་པ་ལས། རྒྱལ་བའི་སྐུ་གཟུགས་ཐལ་མོ་བཅུ་པ་དང༌། །རྒྱལ་སྲས་རྣམས་ཀྱི་མཐོ་བཅུ་ཞན་པ་དང༌། །རྒྱལ་ཡུམ་སོགས་ཀྱི་ཞལ་ཚད་དགུ་པ་དང༌། །རྒྱལ་དབང་ཁྲོས་པ་རྣམས་ཀྱི་གདོང་བརྒྱད་དང༌། །མིའུ་ཐུང་གི་ལུས་ཚད་མཐོ་དྲུག་པ། །ཞེས་གསུངས་ཏེ།
དེ་ཡང་གང་ལ་བརྟེན་སྙམ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། རྒྱལ་བའི་བདག་པོ་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པའི་ཉི་མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ག་དང་ནི་དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ། །ཞབས་ཀྱི་མཐིལ་
དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་དེ་ཉིད་རིག་བྱེད་རྣམས་ཀྱི་སྟེ། །བྲང་ཕྱེད་ཕྱེད་བཅས་ཉི་མའི་རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གང་ཞིག་དུས་དང་དགུ་ཡིས་མི་རྣམས་ཀྱི་ནི་འཇིག་རྟེན་ཚད། །རིག་བྱེད་ཕྱེ་དང་བཅས་
པའི་བཞི་དང་ཆུ་གཏེར་ཆུ་གཏེར་ཕྱེད་དང་བཅས་པའི་རིག་བྱེད་རིག་བྱེད་ཀྱི། །གཙུག་ཏོར་མཐོ་བའི་འོག་ཏུ་འགྱུར་ཏེ་རྒྱལ་བའི་བདག་པོའི་དཔལ་ལྡན་དཔྲལ་བ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་ཀོས་ཀོའི་མཐའ་དང་དེ་ནས་མགྲིན་པ་དག་སྟེ་མགྲིན་པ་རྩ་བའི་ཆུ་སྐྱེས་དབུས། །
དེ་ནས་སྙིང་ག་ལྟེ་བ་གསང་བར་མི་ཡི་བདག་པོ་ཕྱེད་བཅས་ཉི་མ་རྣམས་ཀྱི་རིམ་པས་སོ། །གསང་བའི་ཆུ་སྐྱེས་ལྟེ་བའི་རྩ་བར་རྡོ་རྗེ་དག་ཀྱང་ཐུབ་པ་ཡི་ནི་སྟེང་གི་གཙུག་ཏོར་ཉིད། །ཅེས་པས་སྐུ་གཟུགས་མཐོ་བཅུ་པར་བྱས་པའི་སོར་མོ་བརྒྱ་ཉེར་ལྔ་པའི་ཚད་དང༌། བདེ་མཆོག་སྡོམ་པ་འབྱུང་བའི་
རྒྱུད་ལས། མཐིལ་ལམ་ཐལ་མོ་བཅུ་གཅིག་གིས། །ལྷ་ཡི་གཟུགས་ནི་བྲི་བར་བྱ། །ཞེས་དང༌། ཟབ་མོ་རྡོ་རྗེ་ཅན་གྱི་ལྷ། །ཆ་ནི་བཅུ་གཉིས་མཚན་ཉིད་དོ། །ཞེས་པས་སོར་མོ་བརྒྱ་ཉི་ཤུ་པའི་ཚད་བསྟན་ཅིང༌། བསླབ་བཏུས་སུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་
སོར་བཅུ་གཉིས་པའི་མཐོ་བཅུ་པ་ཉིད་དོ་ཞེས་དང༌། སྡོམ་འབྱུང་གི་རྒྱུད་འགྲེལ་རྣམས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚད་བསྟན་པ་དང༌། གཞན་ཡང་སྡོམ་འབྱུང་ལས། ཡིད་དུ་འོང་བའི་རང་གཟུགས་ནི། །ཆ་དགུ་པར་ནི་མངོན་པར་བྲི། །ཞེས་པས་རྒྱལ་ཡུམ་རྣམས་
เล่ม ๒๑๓ · หน้า 125a
ཀྱི་ཚད་དང༌། ཁྲོ་བོ་ཁྲོ་མོ་དབང་ཕྱུག་མ། །བྲན་ཕོ་བྲན་མོ་ཅི་བགྱི་མ། །དྲག་ཅིང་འཇིགས་པའི་གཟུགས་རྣམས་ནི། །ཐལ་མོ་བརྒྱད་པ་རྣམ་པར་བྲི། །ཞེས་དང༌། གཤིན་རྗེའི་གཤེད་ནག་པོའི་རིམ་པར་ཕྱེ་བ་བཅུ་བཞི་བར། །ཁྲོ་བོ་སྦོམ་ལ་ཐུང་བར་བཤད། །ཅེས་སོགས་ཀྱི་
ཁྲོ་བོ་མཐོ་བརྒྱད་པའི་ཚད་དང༌། བྱ་བ་བཏུས་པར་སྒྲ་གཅན་དང་མིའུ་ཐུང་དང་ཚོགས་ཀྱི་བདག་པོ་རྣམས་ནི་མཐོ་ལྔ་བྱའོ། །མིའུ་ཐུང་གི་ལུས་བྱིངས་པོ་སྐུའི་ཚད་བཤད་པ་རྣམས་སོ། །དེ་དག་གི་ནང་ནས་དེ་བཞིན་གཤེགས་པའི་སྐུ། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའི་
བདག་ཉིད་ཅན་རྣམས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་སྐུ་སྟེ། རྒྱུད་བླ་མར། མཐོང་ན་ཚིམ་བྱེད་ཡོན་ཏན་གང༌། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་རྫོགས་སྐུ་གཉིས་ལ་བརྟེན། །
ཞེས་དང༌། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །དེ་ལྟ་བུའི་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱི་གཟུགས་བརྙན་
མཚན་ཉིད་དང་ལྡན་པ་བསྒྲུབ་པ་ལ། ཉེ་བར་མཁོ་བའི་མཚན་དང་དཔེ་བྱད་བཤད་པ་རྒྱལ་ཚབ་བྱམས་པའི་བསྟན་བཅོས་ལས་འབྱུང་བ་ནི། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཞེས་བྱ་བ་ནས། སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དང་སུམ་
ཅུ་རྩ་གཉིས་མཚན། །ཞེས་བྱ་བའི་བར་དུ་འབྱུང་བའི་དོན་ནི། སྣང་བའི་རྒྱན་དུ། བླ་མ་རྣམས་ལ་སྐྱེལ་བ་དང་བསུ་བ་ལ་སོགས་པས་ཕྱག་དང་ཞབས་འཁོར་ལོས་མཚན་དང་ལྡན་པ་ཉིད་དང༌། སྡོམ་པ་ཡང་དག་པར་བླངས་པ་བརྟེན་པ་ཉིད་ཀྱིས་རུས་སྦལ་བཞིན་དུ་ཞབས་ཤིན་ཏུ་གནས་པ་
ཉིད་དང༌། བསྡུ་བའི་དངོས་པོ་བཞི་བསྟེན་པས་ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟ་བུར་དྲྭ་བས་འབྲེལ་བ་ཉིད་དང༌། བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང༌། བལྡག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་བྱིན་པས་
เล่ม ๒๑๓ · หน้า 125b
ཕྱག་དང་ཞབས་དང་ཕྲག་པ་དང་ལྟག་པའི་ཕྱོགས་མཐོ་བའི་ཕྱིར་བདུན་མཐོ་བ་ཉིད་དང༌། གསད་པར་བྱ་བ་ལས་ཐར་བར་བྱས་པས་སོར་མོ་རིང་བ་ཉིད་དང༌། འཚོ་བ་ལ་ཕན་གདགས་པ་ཉིད་ཀྱིས་རྟིང་པ་ཡངས་པ་ཉིད་དང༌། སྲོག་གཅོད་པ་སྤངས་པས་སྐུ་ཆེ་ཞིང་དྲང་བ་ཉིད་དང༌།
དགེ་བའི་ཆོས་ཡང་དག་པར་སྤངས་པས་ཞབས་འབུར་མི་མངོན་པ་ཉིད་དང༌། དགེ་བ་ཡང་དག་པར་བླངས་པ་སྤེལ་བས་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང༌། རིག་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པས་བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ་དང༌། ནོར་བདོག་པ་སློང་བ་
པོའི་སྐྱེ་བོ་ཕྱིར་མ་སྤངས་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང༌། སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་དུ་འཇུག་ཅིང་གསང་བའི་ཚིག་བསྲུངས་པས་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང༌། གདིང་བ་གྱ་ནོམ་པ་བྱིན་པས་མདོག་གསེར་འདྲ་བ་ཉིད་དང༌། ཁང་
བཟངས་ལ་སོགས་པ་དམ་པ་བྱིན་པས་པགས་པ་འཇམ་པ་ཉིད་དང༌། འདུ་འཛི་ལ་སོགས་པ་ཡོངས་སུ་སྤངས་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང༌། སྐྱེ་བོ་བླ་མ་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བཀོད་པས་ཞལ་མཛོད་སྤུས་བརྒྱན་པ་ཉིད་དང༌། རྣམ་
པ་ཐམས་ཅད་དུ་ཁ་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པས་རོ་སྟོད་སེང་གེ་འདྲ་བ་ཉིད་དང༌། སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང༌། སྨན་ལ་སོགས་པ་བྱིན་པས་ཕྲག་པ་རྒྱས་པ་ཉིད་དང༌། སྐྱེ་བོ་ནད་པའི་
གཡོག་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང༌། ནགས་ཚལ་དང་ཀུན་དགའི་རྭ་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང༌། གཙུག་ལག་ཁང་ལ་སོགས་པ་ལྷག་པར་བྱིན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང༌།
འཇམ་པོ་ལ་སོགས་པ་གསུངས་པས་ལྗགས་རིང་བ་ཉིད་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་དམ་པའི་ཆོས་གོ་བར་བྱས་པས་ཚངས་པའི་དབྱངས་ཉིད་དང༌། ཚིག་འཁྱལ་པ་སྤངས་པས་འགྲམ་པ་སེང་གེའི་འདྲ་བ་ཉིད་དང༌། སྐྱེ་བོ་ཐམས་ཅད་བཀུར་བ་ལ་
เล่ม ๒๑๓ · หน้า 126a
སོགས་པས་ཚེམས་དཀར་བ་ཉིད་དང༌། འཚོ་བ་རྣམ་པར་དག་པ་ཉིད་ཀྱིས་ཚེམས་མཉམ་པ་ཉིད་དང༌། བདེན་པའི་ཚིག་ཀུན་དུ་སྤྱད་པས་ཚེམས་ཐགས་བཟང་བ་ཉིད་དང༌། ཕྲ་མའི་ཚིག་སྤངས་པས་ཚེམས་བཞི་བཅུ་མངའ་བ་ཉིད་དང༌། སེམས་
ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པས་སྤྱན་མཐོན་མཐིང་ཉིད་དང༌། ཁོང་ཁྲོ་བ་ལ་སོགས་པ་མེད་པར་བལྟས་པས་རྫི་མ་བའི་ལྟ་བུ་ཉིད་དོ་ཞེས་འབྱུང་ངོ༌། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང༌། །ཐུབ་པའི་སེན་མོ་ཟངས་མདོག་དང༌། །ཞེས་བྱ་བ་ནས། གཡུང་
དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་བྱ་བའི་བར་དུ་འབྱུང་སྟེ། དེའི་དོན་ནི། གོང་མའི་རྗེས་ཐོགས་སུ་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང༌། སེམས་ཅན་
ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པ་ཉིད་ཀྱིས་སེན་མོའི་མདོག་སྣུམ་པ་ཉིད་དང༌། རིགས་ཀྱི་མཆོག་སྤེལ་བས་སེན་མོ་མཐོ་བ་ཉིད་དང༌། ཚུལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པ་ཉིད་དང༌། དགེ་བའི་རྩ་བ་བསགས་པ་ཉིད་ཀྱིས་སོར་མོ་རྣམས་རྒྱས་པ་
ཉིད་དང༌། ཡང་དག་པར་མཐར་གྱིས་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང༌། ལུས་ལ་སོགས་པའི་ལས་དང་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱིས་རྩ་མི་མངོན་པ་ཉིད་དང༌། ཉོན་མོངས་པའི་མདུད་པ་བཀྲོལ་བ་ཉིད་ཀྱིས་རྩ་མདུད་པ་མེད་པ་ཉིད་དང༌། ཤིན་ཏུ་
སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པ་ཉིད་དང༌། བགྲོད་པར་དཀའ་བའི་གནས་ཐམས་ཅད་ལ་སྐྱེ་བོ་སྒྲོལ་བར་མཛད་པ་ཉིད་ཀྱིས་ཞབས་མི་མཉམ་པ་མེད་པ་ཉིད་དང༌། མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་པ་ཉིད་དང༌། ཀླུ་
ཟིལ་གྱིས་མནན་པ་ལ་མཁས་པ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང༌། ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱིས་ངང་པའི་སྟབས་སུ་གཤེགས་པ་ཉིད་དང༌། སྐྱེས་བུ་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང༌། སྐོར་
เล่ม ๒๑๓ · หน้า 126b
ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང༌། མཛེས་པར་མཁས་པ་ཉིད་ཀྱིས་མཛེས་པར་གཤེགས་པ་ཉིད་དང༌། རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་ཉིད་ཀྱིས་མ་ཡོ་བར་གཤེགས་པ་ཉིད་དང༌། ཡོན་ཏན་ཡང་དག་པར་བརྗོད་པ་མཛད་
པ་ཉིད་ཀྱིས་སྐུ་འཁྲིལ་བག་ཆགས་པ་ཉིད་དང༌། སྡིག་པའི་ཆོས་དང་མ་འབགས་པ་ཉིད་ཀྱིས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང༌། གདུལ་བྱ་དང་འཚམ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སྐུ་རིམ་པར་འཚམ་པ་ཉིད་དང༌། སྐུ་ལ་སོགས་པའི་ཀུན་དུ་སྤྱོད་པ་གཙང་བའི་ཕྱིར་རྣམ་པར་
དག་པ་ཉིད་དང༌། ཐུགས་ཐུགས་རྗེ་ཅན་གྱི་ཕྱིར་སྐུ་འཇམ་པ་ཉིད་དང༌། ཐུགས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང༌། ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་མཚན་རྫོགས་པ་ཉིད་དང༌། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པའི་ཕྱིར་སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང༌།
ཐམས་ཅད་ལ་ཐུགས་སྙོམས་པའི་ཕྱིར་གོམས་པ་སྙོམས་པ་ཉིད་དང༌། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར་སྤྱན་རྣམ་པར་དག་པ་ཉིད་དང༌། ཆོས་གོ་སླ་བ་སྟོན་པའི་ཕྱིར་སྐུ་གཞོན་ཤ་ཅན་ཉིད་དང༌། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར་སྐུ་ཞུམ་པ་མེད་པ་ཉིད་དང༌། དགེ་བའི་
རྩ་བ་ཡང་དག་པར་འཕགས་པའི་ཕྱིར་སྐུ་རྒྱས་པ་ཉིད་དང༌། ཡང་སྲིད་པ་ཟད་པ་ཉིད་ཀྱིས་སྐུ་ཤིན་ཏུ་གྲིམས་པ་ཉིད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཤིན་ཏུ་རྣམ་པར་ཕྱེ་བ་སྟོན་པར་མཛད་པ་ཉིད་ཀྱིས་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང༌། ཚིག་གི་
དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པས་རབ་ཏུ་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང༌། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉིད་དུ་གྱུར་པ་ཉིད་ཀྱིས་དཀུ་ཟླུམ་པ་ཉིད་དང༌། འཁོར་བའི་སྐྱོན་གྱིས་མ་སྦགས་པ་ཉིད་ཀྱིས་དཀུ་སྐབས་ཕྱེད་པ་ཉིད་དང༌། ང་རྒྱལ་
གྱི་འགྱིང་པ་མ་བཅོམ་པ་ཉིད་ཀྱིས་དཀུ་མ་རྙོངས་པ་ཉིད་དང༌། ཆོས་ཟད་པ་རྣམ་པར་ཟློག་པ་ཉིད་ཀྱིས་ཕྱལ་ཕྱང་ངེ་བ་ཉིད་དང༌། ཆོས་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ་ཟབ་པ་ཉིད་དང༌། སློབ་མ་མཐུན་པ་ཟབ་པ་ཉིད་ཀྱིས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང༌། འཁོར་ཀུན་
เล่ม ๒๑๓ · หน้า 127a
ནས་མཛེས་པར་འགྱུར་བ་ཉིད་ཀྱིས་ཀུན་ནས་མཛེས་པ་ཉིད་དང༌། ཐུགས་གཙང་བ་ཉིད་ཀྱིས་ཀུན་དུ་སྤྱོད་པ་གཙང་བ་ཉིད་དང༌། དུས་མ་ཡིན་པའི་ཆོས་འདུལ་བ་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང༌། ལུས་ལ་སོགས་བཟོ་མདོག་
བདེ་བ་འཐོབ་པའི་ཆོས་སྟོན་པར་བྱེད་པ་ཉིད་ཀྱིས་ཕྱག་ཤིང་བལ་ལྟར་འཇམ་པ་ཉིད་དང༌། མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་རྙེད་པ་ཉིད་ཀྱིས་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང༌། ཆོས་ཟབ་མོ་ལ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པ་ཉིད་དང༌། ཕྱིས་རྗེས་སུ་ཡང་དག་པར་
ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བ་ཉིད་དང༌། བསླབ་པ་རབ་ཏུ་མང་པོ་ཀུན་སྟོན་པར་མཛད་པ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་པ་ཉིད་དང༌། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པ་ཉིད་ཀྱིས་མཆུ་བིམ་པ་ལྟར་དམར་བ་ཉིད་དང༌།
ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་ཉིད་དང༌། ཡོན་ཏན་འཐད་པ་མངའ་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དང༌། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་ཉིད་ཀྱིས་ལྗགས་དམར་བ་ཉིད་དང༌། བསྙེངས་པ་ཐམས་ཅད་མི་མངའ་བ་ཉིད་ཀྱིས་
འབྲུག་གི་སྒྲ་དང་ལྡན་པ་ཉིད་དང༌། སྙན་པ་ལ་སོགས་པར་གསུངས་པ་ཉིད་ཀྱིས་གསུང་སྙན་ཞིང་མཉེན་ལ་འཇམ་པ་ཉིད་དང༌། སྲིད་པར་ཀུན་དུ་སྦྱོར་བ་བསྡོམས་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་ཉིད་དང༌། སྐྱེ་བོ་གདུལ་བར་དཀའ་བ་འདུལ་བ་ཉིད་ཀྱིས་མཆེ་བ་རྣོ་བ་ཉིད་དང༌། ཆོས་
འདུལ་བ་ཤིན་ཏུ་དཀར་བ་ཉིད་ཀྱིས་མཆེ་བ་དཀར་བ་ཉིད་དང༌། མཉམ་པའི་ས་ལ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང༌། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང༌། ཤེས་རབ་མཆོག་ལ་གནས་པ་
ཉིད་ཀྱིས་ཤངས་མཐོ་བ་ཉིད་དང༌། སྐྱེ་བོ་གཙང་མ་ཕུན་སམ་ཚོགས་པ་ཉིད་ཀྱིས་ཤངས་གཙང་བ་ཉིད་དང༌། ཆོས་ཤིན་ཏུ་རྒྱས་པ་ཉིད་ཀྱིས་སྤྱན་ཡངས་པ་ཉིད་དང༌། སེམས་ཅན་གྱི་ཚོགས་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང༌། འགྲོ་བ་གཞོན་ནུ་མ་ཐམས་ཅད་མངོན་པར་
เล่ม ๒๑๓ · หน้า 127b
མགུ་བ་ཉིད་ཀྱིས་སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དང༌། རྟག་ཏུ་ཕྱིས་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་བ་ཉིད་དང༌། ཆོས་འདུལ་བ་འཇམ་པོ་ལ་མཁས་པ་ཉིད་ཀྱིས་སྨིན་མ་འཇམ་པ་ཉིད་དང༌། ཐུགས་ཀྱི་རྒྱུད་དག་པས་བརླན་པ་ཉིད་
ཀྱིས་སྨིན་མ་སྣུམ་པ་ཉིད་དང༌། ཀུན་དུ་སྐྱོན་གཟིགས་པ་ཉིད་ཀྱིས་སྨིན་མའི་སྤུ་མཉམ་པ་ཉིད་དང༌། མཆོག་ཏུ་གནོད་པ་བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང༌། འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང༌།
སེམས་ཅན་གྱི་རྒྱུད་མ་ཉམས་པར་མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང༌། ལྟ་བས་བྱས་པ་ཐམས་ཅད་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་འཕྲལ་བ་ལེགས་པར་འབྱེས་པ་ཉིད་དང༌། སྨྲ་བ་ཐམས་ཅད་ཀྱི་ཐོག་མར་གྱུར་པ་ཉིད་ཀྱིས་འཕྲལ་བ་དབྱེས་ཆེ་བ་ཉིད་དང༌། སྨོན་
ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་དང༌། ཡུལ་གྱི་དགའ་བ་རྗེས་སུ་བཟློག་པར་མཛད་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང༌། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པ་ཉིད་ཀྱིས་དབུ་སྐྲ་སྟུག་པ་ཉིད་དང༌། བསྟན་
པ་བློ་འཇམ་པོས་ཡོངས་སུ་ཤེས་པ་ཉིད་ཀྱིས་དབུ་སྐྲ་འཇམ་པ་ཉིད་དང༌། ཐུགས་འདོད་ཆགས་ལ་སོགས་པས་མ་འཁྲུགས་པ་ཉིད་ཀྱིས་དབུ་སྐྲ་མ་འཛིངས་པ་ཉིད་དང༌། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མེ་བཤོར་བ་ཉིད་དང༌། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བཀྲམ་པ་ཉིད་ཀྱིས་
དབུ་སྐྲ་དྲི་ཞིམ་པ་ཉིད་དང༌། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་པ་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཡིན་ནོ་ཞེས་འབྱུང་བ་ནི་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་ཡིན་པས་དེ་དག་དང་ལྡན་པའི་སྐུའི་ཆ་ཚད་དེ་དག་གི་
མཚན་ཉིད་སྟོན་པའི་བསྟན་བཅོས་ནི་གོང་དུ་སྨོས་པའི་རྒྱུད་འགྲེལ་དེ་དག་རྣམས་དང༌། དྲང་སྲོང་ཨེ་དྲ་ཡའི་བུས་བྱས་པའི་བསྟན་བཅོས་ལ་སོགས་པ་རྣམས་སོ། །གཉིས་པ་དེ་བཞིན་གཤེགས་པའི་གསུང་གི་རྟེན་ལུང་གི་ཆོས་ཀྱི་ཕུང་པོ་སྟེ། དེ་ལ་ཆོས་ཀྱི་ཕུང་པོའི་ཚད་བསྟན་པ་
เล่ม ๒๑๓ · หน้า 128a
དང༌། དེ་ཉིད་འགྲུབ་པའི་རྒྱུ་བསྟན་པའོ། །དང་པོ་ཆོས་ཀྱི་ཕུང་པོ་ཉིད་དུ་རྣམ་པར་གཞག་པའི་ཚད་ནི། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོས་གདུལ་བྱ་མཐའ་ཡས་པའི་དོན་དུ་ལེགས་པར་གདམས་པའི་གཞུང་གི་ཚད་ལ་ཡང་དག་པར་ན་ཚད་དང་མུར་
ཐུག་པ་མེད་ནའང༌། གདུལ་བྱ་སོ་སོས་དབང་པོའི་རིམ་པ་དང་འཚམ་པར་བཟུང་བའི་གསུང་རབ་རིན་པོ་ཆེའི་ཚད་ལ་འདོད་པ་ཐ་དད་པ་དག་ཡོད་དེ། འདི་ལྟར་བསྟན་པའི་གཞིར་གྱུར་པ་ཐེག་པ་དམན་པའི་ལུགས་ཀྱི་འདོད་པ་ལྟར་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པར་
སྤྱོད་པ་ནང་གསེས་ཀྱི་སྒོ་ནས་རྣམ་པར་དབྱེ་བ་བརྒྱད་ཁྲི་སྟེ། དེ་དག་ལས་གང་ཡང་རུང་བ་རེའི་གཉེན་པོ་མ་ཚང་བ་མེད་པར་སྟོན་པའི་གཏམ་རྫོགས་པ་རེ་ལ་ལུང་གི་ཆོས་ཀྱི་ཕུང་པོའི་ཚད་དུ་འདོད་དེ། མངོན་པ་མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་
གསུངས་དེ་དག །ཅེས་དང༌། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །དེ་ལྟ་བུའི་ཆོས་ཀྱི་ཕུང་པོ་རེ་རེའི་འཇལ་བྱེད་ཀྱི་ཚད་ནི་ཅི་ཙམ་ལ་འཇོག་པ་
ཡིན་སྙམ་ན། མངོན་པ་སྡེ་བདུན་གྱི་ཡ་གྱལ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཤཱ་རིའི་བུས་བསྡུས་པར་འདོད་པའི་གཞུང་གང་ལ་ཤླཽ་ཀ་སྟོང་ཕྲག་དྲུག་ཏུ་ལོངས་པ་དེ་ཉིད་ཆོས་ཀྱི་ཕུང་པོ་གཅིག་གི་ཚད་དུ་བྱས་ནས། དེ་ཉིད་ཀྱི་ཟླས་རྣམ་པར་དབྱེ་བའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཉིད་དུ་ཡོད་པར་འདོད་དོ། །
ཐེག་པ་ཐུན་མོང་བ་ལྟར་ན། དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས། མ་ལུས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། དེ་ལ་ཆོས་ཕུང་གཅིག་གི་ཚད་ནི་ཇི་ཙམ་ཞེ་ན། དེ་གཅིག་ལ་ནི་ཚིག་ལེའུར་བྱས་པ་སྟོང་ཉིད་དོ། །ཚིགས་སུ་བཅད་པ་རེ་ལའང་ཡིག་འབྲུ་
སུམ་ཅུ་རྩ་གཉིས་ཉིད་དོ། །དེ་ལྟར་ན་ཕུང་པོ་ཐམས་ཅད་ཚིགས་སུ་བཅད་པ་བྱེ་བ་ཕྲག་བརྒྱད་དང༌། ཡང་འབུམ་ཕྲག་བཞི་བཅུར་འགྱུར་བར་བཤད་དོ། །ཐེག་པ་ཆེན་པོ་ལྟར་ན་གླང་པོ་ཆེ་རབ་བརྟན་ཞེས་བྱ་བ་ལུས་ཀྱི་ཚད་ནི་མཐའ་སྐོར་ལ་དཔག་ཚད་བདུན་ཡོད་པ་ཞིག་སྟེ།
เล่ม ๒๑๓ · หน้า 128b
དེའི་ཁུར་དུ་བཀུར་བར་འོས་པའི་སྣག་ཚ་ལས་བྲིས་པ་ཇི་ཙམ་ཡོད་པ་དེ་ཙམ་ལ་ཆོས་ཀྱི་ཕུང་པོ་གཅིག་གི་ཚད་དུ་མངོན་པར་འདོད་དེ། དེ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ཚིག་གསལ་ལས། ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ། དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་
འཁུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་འདྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་མདོ་གང་དག་ལས། འཕགས་པ་ལྷས་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་འཁུར་བར་བྱ་བའི་གླེགས་བམ་རྣམས་ཁ་དོན་དུ་རྗོད་པར་བྱེད་དོ་ཞེས་གསུངས་པ་འདིའང་རིགས་པར་འགྱུར་
རོ། །ཆོས་ཀྱི་ཕུང་པོ་དེ་སྙེད་ཡོད་པ་ཉིད་ན། ཅིའི་ཕྱིར་འཛམ་བུའི་གླིང་ན་རབ་ཏུ་མི་སྣང་ཞེ་ན། ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་གཞན་རྣམ་པར་སྤྱོད་ཅིང་གཞན་ཡང་ཕལ་ཆེར་ཀླུ་རྣམས་ཀྱི་གནས་ན་སྤྱོད་པ་སྟེ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དེ་དག་ཕལ་ཆེ་བའི་
དགོངས་པ་མཐུན་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་བཞེད་དོ། །རྒྱུད་སྡེའི་ཚད་ནི། རྟོག་པའི་རྒྱུད་དང༌། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌།གཉིས་ཀའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་མིང་ལ་རིམ་པ་བཞིན་དུ་སྟོང་ཕྲག་བཞི་དང༌། བཞི་དང༌། བརྒྱད་དང༌།
དྲུག་དང༌། སྟོང་ཕྲག་བཅུ་གཉིས་རྣམས་སུ་སྟེ་སུམ་ཁྲི་བཞི་སྟོང་དུ་ཡོད་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་བཤད་ཅིང༌། རྣལ་འབྱོར་མའི་རྒྱུད་ཀྱི་གྲངས་ནི་དེར་མ་གསུངས་སོ། །ཡང་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་
ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །ཞེས་སོ། །འདི་དག་
ཀྱང་ཚིགས་སུ་བཅད་པའི་གྲངས་སུ་བལྟ་བར་བྱ་བ་ནི་མ་ཡིན་ཏེ། མདོ་རྒྱུད་ཐ་དད་པའི་མིང་གི་གྲངས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན།བྱ་བའི་རྒྱུད་ལ་སྟོང་ཕྲག་བཞིར་ཡོད་པར་གསུངས་པ་ལ། དོན་ཡོད་ཞགས་པའི་མདོ་ཁོ་ན་ལའང་སྟོང་ཕྲག་བརྒྱད་ཡོད་པ་དང༌། དེ་བཞིན་
เล่ม ๒๑๓ · หน้า 129a
དུ་དེ་ཉིད་འདུས་པ་སྟོང་ཕྲག་བརྒྱ་པ་དང༌། དགྱེས་པ་རྡོ་རྗེ་འབུམ་ཕྲག་བདུན་པ་དང༌། འབུམ་ཕྲག་ལྔ་པ་དང༌། སངས་རྒྱས་མཉམ་པར་སྦྱོར་བ་ཁྲི་བརྒྱད་སྟོང་ཡོད་པ་ལྟ་བུ་སྟེ། ཆོས་ཀྱི་རྣམ་གྲངས་རེ་རེ་ལ་ཡང་ཚིགས་སུ་བཅད་པའི་གྲངས་མང་པོ་ཡོད་པ་
ཉིད་དུ་གྲུབ་པའི་ཕྱིར་རྒྱུད་སྡེའི་གྲངས་ནི་དཔག་ཏུ་མེད་དོ་ཞེས་སློབ་དཔོན་བསོད་ནམས་རྩེ་མོས་གསུངས་སོ། །དེ་ལྟ་བུའི་ལུང་གི་ཆོས་དེ་དག་མདོ་རྒྱུད་ཐ་དད་པ་ནས་བཤད་པའི་གཞི་མ་གང་ཡང་རུང་བ་དག་ལ་ཡི་གེར་བྲིས་ནས་གླེགས་བམ་དུ་བྱས་པའི་མིང་ལ་ལེགས་པར་སྦྱར་བའི་སྐད་
དུ་པུསྟ་ཀཿཞེས་བྱ་སྟེ། དེ་དག་ནི་གསུང་གི་རྟེན་ནོ། །གཉིས་པ་དེ་ཉིད་འགྲུབ་པར་བྱེད་པའི་རྒྱུ་ནི་ཡི་གེ་སྟེ། དེ་ལ་ཡི་གེའི་ངོ་བོ་དང༌། ངེས་པའི་ཚིག་དང༌། དབྱིབས་སམ་རྣམ་པ་སྟེ་གསུམ་ལས། དང་པོ་ནི། བརྗོད་པར་འདོད་པའི་དབང་གིས་རླུང་གཡོས་པས་དེའི་སྐྱེ་བའི་
གནས་དང་བྱེད་པ་ལྷན་ཅིག་ཕྲད་པ་དེ་ལས་ཡི་གེའི་གདངས་འབའ་ཞིག་འབྱུང་སྟེ། དེའང་དབྱངས་དང་གསལ་བྱེད་དག་གོ། །དེ་སྐད་དུའང་རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་དང༌། སློབ་དཔོན་ཆོས་མཆོག་གིས། ངག་
གི་དོན་སྣང་བའི་སེམས་པ་ལས་སྒྲ་སྐྱེ་ལ། དེ་ལས་གནས་དང་བྱེད་པ་ཕྲད་ཅིང་དེ་ལས་སྒྲ་སྐྱེའོ་ཞེས་དང༌། སློབ་དཔོན་ཙནྡྲ་གོ་མིས་ཡི་གེའི་མདོར། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ་ཞེས་དང༌། དཔང་ལོ་ཆེན་པོས་ཀྱང༌། བརྗོད་འདོད་དབང་
གིས་རླུང་གཡོས་ཤིང༌། །དེ་ཡི་གནས་དང་བྱེད་པ་དང༌། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ནི་ལེགས་པར་སྦྱར་བའི་སྐད་དུ་ཨཀྵ་ར་ཞེས་འབྱུང་བ་ནི་མི་འགྱུར་བའི་དོན་ཏེ། ཡུལ་གྱི་བྱེ་བྲག་ཐ་དད་པར་གྱུར་ཀྱང་དབྱངས་དང་གསལ་བྱེད་
རྣམས་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཡང་བྱཉྫ་ན་ཞེས་པ་ནི་གསལ་བྱེད་དེ། དེའང་བརྗོད་བྱའི་དོན་གང་ཡིན་པ་དེ་ཡི་གེ་འདུས་པ་བརྗོད་པ་ལས་གསལ་བར་བྱེད་པའི་ཕྱིར་རོ། །ཡང་ན་ཝརྞཎ་ཞེས་ནུས་པ་དང་ལྡན་པས་ཏེ། བརྗོད་བྱའི་དོན་ཐམས་ཅད་རྗོད་པར་བྱེད་པའི་
เล่ม ๒๑๓ · หน้า 129b
ནུས་པ་མཐའ་དག་འདི་ལ་མངའ་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། མི་འགྱུར་བ་དང་གསལ་བྱེད་དང༌། །རྗོད་པར་བྱེད་པའི་ནུས་ལྡན་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །ཞེས་སོ། །གསུམ་པ་ནི་མདོ་རྒྱ་ཆེར་རོལ་པ་ལས་བཤད་པའི་ཚངས་པའི་ཡི་གེ་ལ་སོགས་པའི་ཡིག་རིགས་
དྲུག་ཅུ་རྩ་བཞི་སྟེ། དེ་ཡང་མདོ་དེ་ཉིད་ལས། ཚངས་པའི་ཡི་གེ་དང༌། ཁ་རོཥྚིའི་ཡི་གེ་དང༌། པདྨའི་སྙིང་པོའི་ཡི་གེ་དང༌། ཨངྒའི་ཡི་གེ་དང༌། མངྒའི་ཡི་གེ་དང༌། ཡུལ་མ་ག་དྷཱའི་ཡི་གེ་དང༌། བཀྲ་ཤིས་པའི་ཡི་གེ་དང༌། སོར་མོ་པའི་ཡི་གེ་དང༌། ཤ་ཀ་ནའི་ཡི་གེ་དང༌།
ཡ་བ་ནའི་ཡི་གེ་དང༌། བག་ལེ་བའི་ཡི་གེ་དང༌། པ་རུ་ཤའི་ཡི་གེ་དང༌། འགྲོ་ལྡིང་བའི་ཡི་གེ་དང༌། ཀིར་ཏའི་ཡི་གེ་དང༌། ལྷོ་ཕྱོགས་པའི་ཡི་གེ་དང༌། དྲག་ཤུལ་ཅན་གྱི་ཡི་གེ་དང༌། གྲངས་ཀྱི་ཡི་གེ་དང༌། སྤྱིའུ་ཚུགས་པའི་ཡི་གེ་དང༌། རྗེས་སུ་མཐུན་པའི་ཡི་གེ་དང༌། བྲུ་
ཤའི་ཡི་གེ་དང༌། ཀ་ཤའི་ཡི་གེ་དང༌། རྒྱའི་ཡི་གེ་དང༌། ཕུ་ནའི་ཡི་གེ་དང༌། ཧུ་ནའི་ཡི་གེ་དང༌། ཡི་གེ་འབྲིང་དང༌། རྒྱས་པར་བྲི་བའི་ཡི་གེ་དང༌། རྒྱལ་གྱི་ཡི་གེ་དང༌། ལྷའི་ཡི་གེ་དང༌། ཀླུའི་ཡི་གེ་དང༌། གནོད་སྦྱིན་གྱི་ཡི་གེ་དང༌། དྲི་ཟའི་ཡི་གེ་དང༌། མིའམ་ཅིའི་ཡི་
གེ་དང༌། ལྟོ་འཕྱེ་ཆེན་པོའི་ཡི་གེ་དང༌། ལྷ་མ་ཡིན་གྱི་ཡི་གེ་དང༌། ནམ་མཁའ་ལྡིང་གི་ཡི་གེ་དང༌། རི་དྭགས་ཀྱི་འཁོར་ལོ་པའི་ཡི་གེ་དང༌། ཁྭ་སྐད་ཤེས་པའི་ཡི་གེ་དང༌། ས་བླའི་ལྷའི་ཡི་གེ་དང༌། བར་སྣང་གི་ལྷའི་ཡི་གེ་དང༌། ནུབ་ཀྱི་བ་ལང་སྤྱོད་ཀྱི་ཡི་གེ་དང༌།
བྱང་གི་སྒྲ་མི་སྙན་གྱི་ཡི་གེ་དང༌། ཤར་གྱི་ལུས་འཕགས་པོའི་ཡི་གེ་དང༌། གདེག་པའི་ཡི་གེ་དང༌། གཞག་པའི་ཡི་གེ་དང༌། བསྣན་པའི་ཡི་གེ་དང༌། རྒྱ་མཚོའི་ཡི་གེ་དང༌། རྡོ་རྗེའི་ཡི་གེ་དང༌།སྤྲིང་ཡིག་དང༌། ལན་གྱི་ཡི་གེ་དང༌། རྣམ་འཐོར་གྱི་ཡི་གེ་དང༌། རིངས་
མེད་ཀྱི་ཡི་གེ་དང༌། བསྟན་བཅོས་བསྐོར་བའི་ཡི་གེ་དང༌། རྩིས་བསྐོར་བའི་ཡི་གེ་དང༌། གདེག་པ་བསྐོར་བའི་ཡི་གེ་དང༌། གཞག་པ་བསྐོར་བའི་ཡི་གེ་དང༌། རྐང་པས་བྲིས་པའི་ཡི་གེ་དང༌། ཚིག་ལན་གཉིས་སུ་གདབ་པའི་ཚིག་གི་མཚམས་ཀྱི་ཡི་གེ་དང༌། ཚིག་གི་མཚམས་
เล่ม ๒๑๓ · หน้า 130a
བཅུར་བརྒྱུད་པའི་ཡི་གེ་དང༌། བླ་ཐབས་སུ་བསྣན་པའི་ཡི་གེ་དང༌། སྒྲ་ཐམས་ཅད་ཀུན་དུ་སྡུད་པའི་ཡི་གེ་དང༌། རིག་པ་དང་མཐུན་པའི་ཡི་གེ་དང༌། རྣམ་པར་འདྲེས་པའི་ཡི་གེ་དང༌། དྲང་སྲོང་གི་དཀའ་ཐུབ་སྤྱད་པའི་ཡི་གེ་དང༌། ལྷའི་ངེས་པའི་ཡི་གེ་དང༌།
ས་བལྟ་བའི་ཡི་གེ་དང༌། ནམ་མཁའ་བལྟ་བའི་ཡི་གེ་དང༌། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ་དང༌། སྙིང་པོ་ཐམས་ཅད་ཀུན་དུ་སྡུད་པའི་ཡི་གེ་དང༌། འབྱུང་པོ་ཐམས་ཅད་ཀྱི་སྒྲ་སྡུད་པའི་ཡི་གེ་སྟེ། དེ་ལྟར་ཡི་གེའི་རིགས་ཀྱི་བྱེ་བྲག་དྲུག་ཅུ་རྩ་བཞིར་གསུངས་པ་རྣམས་དང༌། བྱེ་བྲག་
ཏུ་བོད་གངས་ཅན་གྱི་ལྗོངས་འདིར་ཡོངས་སུ་དར་བའི་ཡི་གེ་ནི། འགྲེལ་ཆེན་དྲི་མ་མེད་པའི་མདོར་བསྡུས་བཞི་པ་ལས། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་འཕགས་པའི་ཡུལ་འདིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སྡུད་པར་
བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པས་སྡེ་སྣོད་གསུམ་མ་ག་དྷཱའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་དག་ནི་
ལེགས་པར་སྦྱར་བའི་སྐད་དང༌། ཐ་མལ་པའི་སྐད་དང༌། ཟུར་ཆག་གི་སྐད་དང༌། ལེགས་པར་སྦྱར་བ་མ་ཡིན་པར་རི་ཁྲོད་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་
ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོའི་སྐད་ཀྱིས་སོ། །པར་སི་ཀའི་ཡུལ་དུ་པར་སི་ཀའི་སྐད་ཀྱིས་སོ། །ཆུ་བོ་སི་ཏའི་བྱང་དུ་ཙམྤ་ཀའི་ཡུལ་གྱི་སྐད་དང༌།སྤྲེའུའི་ཡུལ་གྱི་སྐད་དང༌། གསེར་ཞེས་བྱ་བའི་ཡུལ་གྱི་
སྐད་ཀྱིས་སོ་ཞེས་འབྱུང་བའི་ཚིག་ལ་བརྟགས་ན་བཀའ་བསྡུ་བ་བྱེད་པའི་དུས་ནས་བོད་ལ་ཡི་གེ་ཡོད་པར་གྲུབ་པ་ལྟར་སྣང་ཞེས་གསུངས་ཤིང༌། སྔོན་གྱི་མཁས་པ་མང་པོ་རྣམས་ནི། དུས་ཀྱི་འཁོར་ལོ་ལའི་འགྲེལ་ཆེན་དུ་སྡུད་པ་པོ་རྣམས་ཀྱིས་ཐེག་པ་གསུམ་བོད་ཀྱི་ཡུལ་དུ་བོད་ཀྱི་སྐད་ཀྱིས་འདྲི་བར་ལུང་བསྟན་
เล่ม ๒๑๓ · หน้า 130b
པ་ལྟར་འདོད་དོ། །དེའང་གོང་དུ་ཇི་སྐད་སྨོས་པ་ལྟར་སྐད་གཉིས་སྨྲ་བ་ཆེན་པོ་དེ་ཉིད་ཀྱིས་སྲོལ་ཆེན་རྣམ་པར་ཕྱེ་བའི་ཡི་གེའི་རྒྱུན་ཆེན་པོ་དེ་ཉིད་རིམ་གྱིས་མཆེད་པ་ལ་བརྟེན་ནས། བོད་དང་བོད་ཆེན་པོར་གཏོགས་པའི་ཡུལ་དང་ལྗོངས་དང་གྲོང་དང་གྲོང་ཁྱེར་དང༌། གྲོང་རྡལ་དང་གཙུག་ལག་ཁང་དང་རྒྱལ་
པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་སོགས་པ་རྣམས་སུ་དར་རྒྱས་སུ་གྱུར་པའི་ཡི་གེ་ལའང་རྫབ་ཆེན་དང་རྫབ་ཆུང་དང༌། འབྲུ་ཆེན་དང་འབྲུ་ཆུང་དང༌། གཤར་མ་དང་དཀྱུས་ཡིག་ལ་སོགས་པ་ཡོངས་སུ་གྲགས་པ་རྣམས་དང༌། གཞན་ཡང་ཆག་ལོ་དང་འགོས་ལོ་ལ་སོགས་པའི་ཡིག་གསར་གྱི་རྣམ་
པའང་མང་དུ་ཡོད་པ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་ཧོར་ཡིག་རིགས་གསུམ་ལ་སོགས་པ་རྣམས་ཀྱང་དབྱངས་དང་གསལ་བྱེད་ཀྱི་རྣམ་གཞག་བོད་ཀྱི་སྐད་དང་མཐུན་པར་འབྱུང་བས་འདི་དག་ཀྱང་རྣམ་པ་ཅུང་ཟད་ཙམ་མ་གཏོགས་ཕལ་ཆེར་བོད་ཀྱི་ཡི་གེའི་ཁོངས་སུ་
གཏོགས་པར་སེམས་སོ། །དེ་ལྟར་ན་ཡི་གེའི་ཚོགས་དང་མིང་གི་ཚོགས་དང་ཚིག་གི་ཚོགས་རྣམས་ཀྱི་རྣམ་པར་གཞག་པ་སྟོན་པར་བྱེད་པའི་བསྟན་བཅོས་ནི་ཙནྡྲ་གོ་མིའི་ཡི་གེའི་མདོ་ལྟ་བུའམ། བརྡ་སྤྲོད་པའི་བསྟན་བཅོས་རྣམས་སམ། གྲུབ་མཐའ་སྨྲ་བ་རྣམས་ཀྱི་སོ་སོའི་འདོད་པ་ཐ་དད་པར་སྟོན་པར་བྱེད་པའི་བསྟན་
བཅོས་རྣམས་སམ། གསང་སྔགས་རྡོ་རྗེ་ཐེག་པ་རྣམས་སུ་ཡི་གེའི་བཤད་པ་བསམ་གྱིས་མི་ཁྱབ་པར་འབྱུང་བ་སྟེ་དེ་དག་སྟོན་པར་བྱེད་པའི་བསྟན་བཅོས་རྣམས་ལྟ་བུའོ། །གསུམ་པ་ཆོས་ཀྱི་སྐུའམ་ཐུགས་ཀྱི་རྟེན་ནི་མཆོད་རྟེན་ཏེ། དེ་ལ་སྤྱིར་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་མཆོད་རྟེན་ཏེ་གསུམ་དུ་བཤད་
དེ། དེའང་ཉན་ཐོས་ཀྱི་མཆོད་རྟེན་ནི་ཆོས་གོས་བཞི་བལྟབ་བྱས་པའི་སྟེང་དུ་ལྷུང་བཟེད་ཁ་སྦུབ་པ་ལ་འཁར་གསིལ་བཙུགས་པ་ལྟ་བུའོ། །རང་སངས་རྒྱས་ཀྱི་མཆོད་རྟེན་ནི་རྨང་གྲུ་བཞི་པའི་སྟེང་དུ་ངོས་གྲུ་བཞི་ཟླུམ་པོ་བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པའི་རྣམ་པ་ཅན་ནོ། །ཐེག་པ་ཆེན་པོའི་མཆོད་རྟེན་
ནི་ལྷུང་བཟེད་ཁ་སྦུབ་པ་ལྟ་བུ་བིམྦའི་ཟླུམ་པོ་དང༌། ཁང་བུ་ལྟ་བུ་དང༌། རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་ལ་སོགས་པ་ཡོད་པར་ཀླུ་སྒྲུབ་ཀྱིས་གསུངས་སོ། །གཞན་ཡང་འདུལ་བ་ལུང་ལས། ཆོས་འཁོར་ལ་གདུགས་དང༌། གདུགས་ལ་ཆར་ཁེབས་སུ་བཏགས་ནས་སོ་སོ་སྐྱེ་བོའི་མཆོད་རྟེན་ལ་གདུགས་མེད་པ་དང༌།
เล่ม ๒๑๓ · หน้า 131a
ཉན་ཐོས་ཀྱི་མཆོད་རྟེན་ལ་འབྲས་བུའི་གྲངས་ཀྱི་གདུགས་ཡོད་པ་དང༌། རང་རྒྱལ་གྱི་མཆོད་རྟེན་ལ་གདུགས་བདུན་ཡོད་པ་དང༌། སངས་རྒྱས་ཀྱི་མཆོད་རྟེན་ལ་གདུགས་བཅུ་གསུམ་པ་ཆར་ཁེབས་ཏོག་དང་བཅས་པ་སྟེ་རྣམ་པ་ཐ་དད་ཉིད་དུ་ཡོད་པར་གསུངས་སོ། །དེ་དག་ལས་
བྱེ་བྲག་ཏུ་མཆོད་རྟེན་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནི། ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པ་མཛད་པ་སྔོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག །ཅེས་བཤད་པ་ལྟར་སྟོན་པའི་མཛད་པ་མཐའ་ཡས་པའི་ནང་ནས་མཛད་པའི་གཙོ་བོ་རྣམས་ལ་བརྟེན་ནས་ཡུལ་འཁོར་ཆེན་པོ་དེ་དང་
དེའི་རྒྱལ་པོ་ལ་སོགས་པའི་སྐྱེ་འགྲོ་རྣམས་སྤྲོ་བ་མཆོག་ཏུ་སྐྱེས་ཤིང་བསོད་ནམས་ཀྱི་ཞིང་དུ་བསྐྲུན་པ་ཤཱཀྱ་ཐུབ་པའི་མཆོད་རྟེན་ཆེན་པོ་བརྒྱད་དུ་གྲགས་པ་དང༌། གཞན་ཡང་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་བརྒྱད་དང༌། རས་ཚིག་པ་དང་མ་ཚིག་པ་དང་སོལ་བའི་མཆོད་རྟེན་གསུམ་སྟེ་བཅུ་གཅིག་གོ།
གཞན་ཡང་སྔ་ཕྱིར་བྱུང་བའི་མཆོད་རྟེན་གྲངས་མེད་པ་ཡོད་ཀྱང་གཙོ་བོ་སྐུ་བལྟམས་པ་ནས་མྱ་ངན་ལས་འདས་ཀྱི་བར་དུ་བྱུང་བའི་མཆོད་རྟེན་བརྒྱད་པོ་འདི་ཉིད་ཡིན་པས། དེང་གི་དུས་སུ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གང་བཞེང་ཡང་རྣམ་པ་ནི་བརྒྱད་པོ་དེ་དག་གང་
ཡང་རུང་བ་རེའི་དབྱིབས་ཅན་དུ་བྱ་བ་ཡིན་ནོ། །འདི་དག་གི་གོ་རིམ་ནི་སྟག་ཚང་ལོ་ཙཱ་བ་ལ་སོགས་པ་བཀྲ་ཤིས་སྒོ་མངས་ནས་ཐོག་མར་བྱས་པ་དང༌། ཁ་ཅིག་ལྷ་བབས་ཀྱིས་ཐོག་དྲངས་པ་དང༌། ཁྱད་པར་སྟག་ཚང་བས་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། སྐུ་བལྟམས་པའི་དུས་ཀྱི་མཆོད་རྟེན་བཀྲ་ཤིས་
སྒོ་མངས་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན་ད་ལྟའི་ཆོ་འཕྲུལ་མཆོད་རྟེན་ལ་ངོས་འཛིན་པ་དང༌། ཆོ་འཕྲུལ་བསྟན་པའི་ཚེའི་མཆོད་རྟེན་པདྨ་སྤུངས་པ་ལ་ངོས་འཛིན་པའི་མི་འདྲ་བའི་ཁྱད་པར་ཅུང་ཟད་བྱུང་ཡང༌། མངའ་རིས་པ་ཚུལ་ཁྲིམས་འོད་ཟེར་དང༌། པཎ་ཆེན་ནམ་མཁའ་དཔལ་
བཟང་དང༌། རྒྱལ་དབང་ལྔ་པ་ལ་སོགས་པ་ཕྱིས་ཀྱི་མཁས་པ་ཕལ་ཆེ་བས་ལེགས་པར་བཤད་པའི་གོ་རིམ་མཐུན་པར་སྐུ་བལྟམས་པའི་ཚེ་གཏེར་ཁ་ལྔ་བརྒྱ་བྱུང་བ་ལ་སོགས་པ་བཀྲ་ཤིས་པ་དང་དགེ་ལེགས་ཀྱི་མཚན་མ་བརྒྱ་ཕྲག་མང་པོ་མངོན་དུ་བྱུང་བའི་རྟེན་འབྲེལ་གྱི་དབང་དང༌། དུས་དེ་ཉིད་དུ་ཕྱོགས་
เล่ม ๒๑๓ · หน้า 131b
དྲུག་ན་ཞབས་ཀྱི་གོམ་པ་བདུན་བདུན་དུ་བོར་བར་པདྨ་རེ་རེ་བྱུང་བ་ལ་སོགས་པ་རྒྱུ་མཚན་དུ་བྱས་ནས་པདྨ་སྤུངས་པ་ནས་མགོ་འཛིན་པར་མཛད་དོ། །དེ་ལ་དང་པོ་གྲོང་ཁྱེར་སེར་སྐྱར་ལུམྦིའི་ཚལ་དུ་སྐུ་བལྟམས་པའི་དུས་ཀྱི་མཆོད་རྟེན་ནི་དབྱིབས་ཟླུམ་པོ་པདྨའི་རྣམ་པ་ཅན་བང་རིམ་བཞི་པ་པདྨ་དང་འཁོར་
ལོས་སྤྲས་པ་སའི་བདག་པོ་ཟས་གཙང་ལ་སོགས་པས་བཞེངས་པ་ལ་པདྨ་སྤུངས་པའི་མཆོད་རྟེན་ཞེས་བྱའོ། །གཉིས་པ་མ་ག་དྷཱ་རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་དུས་ཀྱི་མཆོད་རྟེན་ནི། དབྱིབས་གྲུ་བཞི་པ་བང་རིམ་བཞིས་མཛེས་པ་མ་སྐྱེས་དགྲ་དང་གཟུགས་ཅན་སྙིང་པོ་ལ་སོགས་པས་
བཞེངས་པ་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཞེས་བྱའོ། །གསུམ་པ་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཀྱི་མཆོད་རྟེན་ནི། དབྱིབས་གྲུ་བཞི་པ་བང་རིམ་བཞི་པ་གློ་འབུར་དང་བཅས་སྒོ་རབ་བརྒྱ་རྩ་བརྒྱད་ལ་སོགས་པས་མཛེས་པ་ཡོངས་སུ་གྲགས་པ་ལྟར་རམ། ཡང་ན་བདེན་པ་རྣམ་པ་བཞིའམ་
བཅུ་དྲུག་དང་རྣམ་པར་ཐར་པ་སོགས་ཀྱི་མཚོན་བྱེད་དུ་ལོགས་རེར་སྒོ་བཞིའམ་བརྒྱད་དམ་བཅུ་དྲུག་རེར་ཡོད་པ་ལྔ་སྡེ་བཟང་པོ་འཕགས་པས་བཞེངས་པ་ལ་བཀྲ་ཤིས་སྒོ་མངས་ཀྱི་མཆོད་རྟེན་ཞེས་བྱའོ། །བཞི་པ་མཉན་དུ་ཡོད་པར་ཆོ་འཕྲུལ་བསྟན་པའི་དུས་ཀྱི་མཆོད་རྟེན་ནི། དབྱིབས་གྲུ་བཞི་པ་བང་རིམ་བཞི་
དང་ལྡན་ཞིང་ཕྱོགས་བཞིར་གློ་འབུར་དང་བཅས་པ་ལིཙྪ་བཱི་རྣམས་ཀྱིས་རྒྱལ་བྱེད་ཚལ་དུ་བཞེངས་པ་ལ་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་ནམ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ཞེས་བྱའོ། །ལྔ་པ་ནི་གནས་སུམ་ཅུ་རྩ་གསུམ་དུ་ལྷའི་ཡུལ་ན་དབྱར་གནས་པ་མཛད་ཅིང་ཡུམ་ལ་ཆོས་གསུངས་ནས་ཕྱི་དྲོ་ནམ་མཁའ་
ནས་བབ་པའི་དུས་ཀྱི་མཆོད་རྟེན་ནི། དབྱིབས་གྲུ་བཞི་པ་བང་རིམ་བརྒྱད་པའམ་བཞི་པ་ངོས་རེ་ལ་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་སུ་ཐེམ་སྐས་ཡོད་པ་གསལ་ལྡན་གྱི་དད་པ་ཅན་རྣམས་ཀྱིས་བཞེངས་པ་ལ་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་ནམ་ལྷ་བབ་ཏུ་གྲགས་པའི་མཆོད་རྟེན་ཞེས་བྱའོ། །དྲུག་
པ་ནི་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པ་མཆོག་ཟུང་གིས་བསྡུམ་པར་བྱས་པའི་དུས་ཀྱི་མཆོད་རྟེན་ནི། དབྱིབས་བང་རིམ་བཞི་པ་གྲུ་བཞིའི་གྲྭ་བཞི་པོ་མཉམ་པར་བཅད་པ་རྒྱལ་བྱེད་ལ་སོགས་པའི་མ་ག་དྷཱ་པས་བཞེངས་པ་ལ་འོད་ཟེར་ཅན་ནམ་བྱམས་དངོས་སམ་དབྱེན་བསྡུམས་
เล่ม ๒๑๓ · หน้า 132a
པའི་མཆོད་རྟེན་ཞེས་བྱའོ། །བདུན་པ་ཡངས་པ་ཅན་དུ་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་དུས་ཀྱི་མཆོད་རྟེན་ནི། དབྱིབས་ཟླུམ་པོ་བང་རིམ་གསུམ་པ་ལྷ་རྣམས་ཀྱིས་བརྩིགས་པའམ་ཡངས་པ་ཅན་གྱི་གྲོང་ཁྱེར་བ་རྣམས་ཀྱིས་བཞེངས་པར་གྲགས་པ་ལ་སྐུ་ཚེ་བྱིན་གྱིས་
བརླབས་པའི་མཆོད་རྟེན་ནམ་རྣམ་པར་རྒྱལ་བའི་མཆོད་རྟེན་ཞེས་བྱའོ། །བརྒྱད་པ་རྩྭ་མཆོག་གི་གྲོང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་དུས་ཀྱི་མཆོད་རྟེན་ནི། དབྱིབས་བང་རིམ་དང་བྲལ་བ་གདན་ཁྲིའི་སྟེང་དུ་བུམ་རྟེན་ཡན་ཆད་བཞུགས་པ་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བརྩིགས་པ་ལ་མྱ་ངན་
འདས་པའི་མཆོད་རྟེན་ཞེས་བྱ་བ་སྟེ་མཆོད་རྟེན་བརྒྱད་པོ་དེ་དག་གི་ཆ་ཚད་ལ་སོགས་པ་སྟོན་པར་བྱེད་པའི་བསྟན་བཅོས་རྣམས་དང༌། དེར་མ་ཟད་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་སོ་སོ་ནས་བཤད་པའི་གཞལ་ཡས་ཁང་དང་བུམ་པ་དང་རྡོ་རྗེ་དྲིལ་བུ་དང་ཞི་རྒྱས་དབང་དྲག་གི་ལས་དང་རྗེས་སུ་མཐུན་
པའི་ཐབ་ཀྱི་ཐིག་དང་དགང་གཟར་དང་བླུགས་གཟར་ལ་སོགས་པའི་ཚད་དང་མཚན་ཉིད་ལ་སོགས་པ་སྟེ། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྟེན་གྱི་རིགས་སུ་གཏོགས་པ་རྣམས་ཀྱི་སོ་སོའི་ཚད་དང་མཚན་ཉིད་ལ་སོགས་པ་སྟོན་པར་བྱེད་པའི་བསྟན་བཅོས་ནི་ལོགས་
སུ་གནས་པ་དང་མདོ་སྡེ་དང་རྒྱུད་སྡེ་སོ་སོའི་འགྲེལ་པ་རྣམས་ཀྱི་གསེབ་ཚག་ནས་བསྟན་པ་ཅི་རིགས་པར་འབྱུང་བ་རྣམས་ལྟ་བུའོ། །གཞན་ཡང་བཟོ་རིག་པ་ཕལ་པ་ནི། མདོ་སྡེ་ལས་གསུངས་པའི་བཟོ་སྦྱངས་བཅོ་བརྒྱད་ཅེས་པ། ཚོང་པ་དང༌། རྫ་མཁན་དང༌། ཕྲེང་བ་མཁན་དང༌། ཆང་ཚོང་དང༌།
ཕྱུགས་བཙོང་བ་དང༌། འདྲེག་མཁན་དང༌། འབྲུ་མར་འཚིར་བ་དང༌། མགར་བ་དང༌། ཤིང་མཁན་དང༌། ཕྱ་མཁན་དང༌། ཐ་ག་པ་དང༌། ཀོ་པགས་མཁན་དང༌། རྐྱལ་ཆེན་པ་དང༌། བཙོ་བླག་མཁན་དང༌། སྨྱིག་མ་མཁན་དང༌། བཤན་པ་དང༌། གདོལ་པ་མཁན་དང༌། ཤིང་རྟ་མཁན་ཏེ་བཟོ་སྦྱངས་བཅོ་
བརྒྱད་དང༌། གཞན་ཡང་རིན་པོ་ཆེ་བརྟག་པ། ས་གཞི་བརྟག་པ། གོས་བརྟག་པ། ལྗོན་ཤིང་བརྟག་པ། རྟ་བརྟག་པ། གླང་པོ་ཆེ་བརྟག་པ། སྐྱེས་པ་བརྟག་པ། བུད་མེད་བརྟག་པ་སྟེ་བརྟག་པ་བརྒྱད་དང༌། གཞན་ཡང་མདོ་སྡེ་རྣམས་སུ་སྒྱུ་རྩལ་གྱི་རིག་པ་ཇི་སྙེད་པའི་བྱ་བ་བསྟན་ཏེ། དེ་དག་དྲུག་ཅུ་རྩ་བཞིར་བསྡུ་བ་ཡང༌།
เล่ม ๒๑๓ · หน้า 132b
རོལ་མོའི་མཚན་ཉིད་སྒྱུ་མ་དང༌། །འགྱེད་སྟོབས་དང་ནི་མེ་ཏོག་ལས། །དམག་རྣམས་ཀྱི་ནི་བདག་ཉིད་ཤེས། །གཡོས་སུ་བྱ་བ་རྣམ་པར་ངེས། །ཚོང་དང་ནོར་ནི་བསྒྱུར་བ་དང༌། །རྒྱན་དང་ལག་རྩིས་བཅུད་ཀྱིས་ལེན། །འཁྲུལ་འཁོར་སྦྱོར་དང་དྲི་བ་དང༌། །འཕོངས་དཔྱད་དང་ནི་ཚོམ་སྦྱོར་སྒྲ། །ཡི་གེ་དང་ནི་
ཁྭ་སྐད་དང༌། །རང་རང་བཟོ་དང་མཚོན་རྣམས་བརྟག །གཅོད་ཐབས་དང་ནི་སོག་ལེ་དང༌། །ཕུབ་རྣམས་བསྐོར་བར་བྱེད་པ་དང༌། །སོང་དང་འོང་བ་ཤེས་པ་དང༌། །གཞི་ཡི་མཚན་ཉིད་ཤེས་པ་དང༌། །མདུང་དང་རྡོ་རྗེ་བརྟག་པ་དང༌། །ཐབས་ཀྱི་ཚོར་བའི་མཚན་ཉིད་དང༌། །ཟུག་རྔུ་འབྱིན་དང་མིག་འགྲུལ་
དང༌། །བྷ་ར་ཏ་ཡི་བསྟན་བཅོས་ཤེས། །བཅིང་དང་ཁང་པ་བརྩེགས་མ་དང༌། །དེ་བཞིན་གོས་ཀྱི་འཕང་བ་དང༌། །ཡན་ལག་མཉེ་དང་མོ་འདེབས་དང༌། །དེ་བཞིན་ཆུ་ཡི་ཀུན་འཛིན་དང༌། །དུང་གི་སྒྲ་དང་སྡེབ་སྦྱོར་དང༌། །གྲོང་རྡལ་དང་ནི་གློག་འདྲ་དང༌། །མཚན་མོ་ཆོམ་རྐུན་ཤེས་པ་དང༌། །སྒྲ་དང་
ས་རྟོག་བྱེད་པ་དང༌། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོའི་མཚན་ཉིད་གར་སློབ་དང༌། །འབྱུང་པོ་དག་ནི་གསོ་བ་དང༌། །ཟངས་མ་འཁར་བ་གསེར་དག་དང༌། །ཤིང་དང་དུང་དང་ཤེས་པ་དང༌། །རི་མོ་མཚོན་དང་གསོ་དག་གི། །ལས་རྣམས་དེ་དག་གོ་རིམ་བཞིན། །སྐར་མའི་གཏན་ཚིགས་ཤེས་
པ་དང༌། །མཚན་མོ་ཤེས་པ་ཉིད་དང་ཡང༌། །ངེས་པའི་ཚིག་གི་གཞུང་རྣམས་ཀྱིས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིར་དྲན། །ཞེས་བྱ་བ་བསྡུས་ཏེ་སྟོན་པའི་བསྟན་བཅོས་འདུལ་བ་ཕྲན་ཚེགས་ཀྱི་འགྲེལ་པ་ལྟ་བུའམ། ཡང་ན་སྙན་དངགས་མེ་ལོང་དུ་འདི་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་འབྱུང་བའི་བཟོར་གཏོགས་
པ་སུམ་ཅུ་དང༌། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཉམས་དགུའོ། །དེ་ལ་བཟོར་གཏོགས་པ་སུམ་ཅུ་ནི། སྒྱུ་རྩལ། ཡི་གེལག་རྩིས། གྲངས་ཅན། རྩིས། འཛིན་སྟངས། ཐོར་ཚུགས། གོམ་སྟབས། ལྕགས་ཀྱུས་བསྒྱུར་ཐབས། རལ་གྲིས་ཐབས། ཞགས་པ་གདབ་པ།
མདའ་བོ་ཆེ་འཕེན་ཐབས། འཕོང་གི་སློབ་དཔོན། མདུན་དུ་སྣུར་བ། ཕྱིར་སྣུར་བ། གཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོག་པ། སྒྲ་གྲག་པར་འཕོག་པ། གནད་དུ་འཕོག་པ། མི་འཆོར་བར་འཕོག་པ། ཚབས་ཆེ་བ། གནས་ལྔ་ལ་བྱང་བར་གྱུར་ཏོ། །མཆོངས་པ། གྱད་ཀྱི་འཛིན་སྟངས། བང༌།
เล่ม ๒๑๓ · หน้า 133a
རྐྱལ། རྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ་གཞུ་འགྱེད་སྟོབས། རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། གར་མཁན་ནམ་གྲོ་མཁན། གར་རམ་བྲོ། རྔ་བོ་ཆེ། རྫ་རྔ། རྔ། རྫ་རྔ་ཆེན་པོ། འཁར་རྔ། པི་ཝང་རྒྱུད་གཅིག་པ།རྫ་རྔ་ཁ་གཅིག ལྕགས་
ཀྱི་སིལ་ཁྲོལ། ཁར་དཀྲོལ། པི་ཝང་རྒྱུད་གསུམ་པ། རྔ་མུ་ཀུནྡ། སིལ་སྙན། གླུ་དབྱངས། ཕེག་རྡོབ་པ། རོལ་མོའི་སྒྲ། པི་ཝང༌། གླིང་བུ། གླུ་དབྱངས་ཀྱི་ངེས་པ་བདུན་ནི། བར་མ། དྲང་སྲོང༌། ས་འཛིན་པ། དྲུག་ལྡན་པ། ལྔ་པ། བློ་གསལ། འཁོར་ཉན། གར་སྟབས་ཀྱི་ཉམས་དགུ་ནི། སྟེགས་པའམ་
སྒེག་པའམ་འཛིན་པ། དཔའ་བོ། མི་སྡུག་པ། དྲག་ཤུལ་ཅན། བཞད་གད། འཇིགས་སུ་རུང་བ། སྙིང་རྗེ་བ། རྔམ་པ། ཞི་བ་སྟེ་དེ་ལ་སོགས་པའི་རྣམ་གྲངས་སྟོན་པར་བྱེད་པའི་བསྟན་བཅོས་རྣམས་དང༌། གཞན་ཡང་དུས་འཁོར་བསྡུས་རྒྱུད་ལས། གཡུལ་དུ་ཕམ་པའི་དགྲ་བོ་དག་ནི་གལ་ཏེ་འཕྲལ་
ལ་རྫོང་གི་ནང་དུ་ཞུགས་པར་གྱུར་པ་ན། །ཕྱི་རོལ་དུ་ནི་འཕྲུལ་འཁོར་བྱ་སྟེ་རྒྱུན་ཆད་མེད་པར་རྡོ་དང་མེ་མདའ་རབ་ཏུ་འབེབས་པ་དང༌། །རལ་གྲི་ལ་སོགས་གཅོད་པའི་འཕྲུལ་འཁོར་དག་དང་ས་གཞིའི་གནས་ལ་གུར་དང་གོ་ནི་དབྱེ་བ་ཡིས། །དེ་ཡིས་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཅུང་ཟད་དག་གིས་གདུག་པ་དེ་ནི་
བསྒྲུབ་པར་བྱ། །ཞེས་ངོ་མཚར་བའི་སྦྱོར་བ་ཐང་རྫོང་གཞིག་པ་རྡོའི་འཕྲུལ་འཁོར། ཆུ་རྫོང་འཇོམས་པ་གྲུའི་འཕྲུལ་འཁོར། རི་རྫོང་འཇོམས་པ་མེའི་འཕྲུལ་འཁོར། རལ་གྲི་འཁོར་བ་གྲི་གུག་གི་འཕྲུལ་འཁོར། རྩེ་མོ་འབྱེད་པ་རླུང་གི་འཕྲུལ་འཁོར། རྩིག་པ་འཇིག་པ་གུར་གྱི་འཕྲུལ་འཁོར། གོ་
ཆ་འཇིག་པ་ལྕགས་མདའི་འཕྲུལ་འཁོར་རྣམས་དང༌། རང་ཕྱོགས་སྲུང་བ་རལ་གྲིའི་འཕྲུལ་འཁོར། རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད། ལྟད་མོ་ལ་འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད། དགའ་སྟོན་གྱི་དོན་དུ་ཁྱོགས་ཀྱི་མཚན་ཉིད། ལྡུམ་ར་བཅུ་པའི་དོན་དུ་ཆུ་འདྲེན་པའི་འཕྲུལ་འཁོར་སོགས་
དུས་ཀྱི་འཁོར་ལོ་ལས་གསུངས་པ་དང༌། གཞན་ཡང་མི་དཔྱད་རྟ་དཔྱད་ཐོར་བུར་འདུག་པ་རྣམས་སྟོན་པར་བྱེད་པའི་བསྟན་བཅོས་ལོགས་སུ་མེད་ནའང་མདོ་དང་རྒྱུད་ཀྱི་འགྲེལ་པ་རྣམས་ཀྱི་གསེབ་ཚག་ནས་ཅི་རིགས་པར་འབྱུང་བ་ལྟ་བུའོ། །གཉིས་པ་གཞན་རྗེས་སུ་འཛིན་པར་བྱེད་པ་རིག་པའི་གནས་གཉིས་
เล่ม ๒๑๓ · หน้า 133b
པ། ཚེ་རིང་བ་དང་ནད་མེད་པའི་བདེ་བ་སྒྲུབ་པར་བྱེད་པ་རིག་པའི་གནས་གཉིས་པ་གསོ་བ་རིག་པ་ལ། གསོ་བ་རིག་པ་ལ་འཇུག་པའི་དགོས་པ་དང༌། དེ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན་བསྟན་པའོ། །དང་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་
སྐབས་སུ་བྲོ་ནད་རྣམ་པ་སྣ་ཚོགས་ཀྱིས་བཏབ་པའི་ལུས་ཅན་རྣམས་ཀྱི་ནད་ཀྱི་ཟུག་རྔུ་མཐའ་དག་སེལ་བར་བྱེད་པ་ལ་མཁས་པ་དང༌། དུས་མ་ཡིན་པར་འཆི་བའི་སྡུག་བསྔལ་གྱི་འཇིགས་པ་ལས་སྐྱོབ་པའི་ནུས་པ་དང་ལྡན་པར་བྱས་ནས་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། རླུང་ལས་གྱུར་པ་དང༌། མཁྲིས་པ་
ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པའི་ནད་དང༌། ནད་ཀྱི་གླེང་གཞི་དང༌། ནད་མེད་པར་བྱ་བ་དང༌། དེའི་ཐབས་ཀྱི་ཁྱད་པར་མང་པོ་ལ་མ་རྨོངས་པར་བྱས་ནས་གཞན་གྱི་དོན་རྗེས་སུ་བསྒྲུབ་པ་དང༌། མཐར་ཐུག་གི་སྨན་པ་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་གོ་འཕང་གི་རྒྱུར་འགྱུར་བ་
དང༌། དེ་ཉིད་མངོན་དུ་གྱུར་ནས་ཀྱང་གདུལ་བྱར་གྱུར་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་འགྱུར་བའི་བདུད་རྩིའི་སྒོ་མོ་དེ་སྙེད་ཀྱི་གྲངས་དང་མཉམ་པར་ཕྱེ་བས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པའི་ཐབས་ལ་དབང་བརྙེས་པར་འགྱུར་བའི་དགོས་པ་དམ་པས་
ཡིད་ཡོངས་སུ་དྲངས་ཏེ་ཚུལ་འདི་ལ་འཇུག་པར་རིགས་སོ། །དེ་ལྟར་ཡང་རྒྱན་གྱི་འགྲེལ་བཤད་ལས། གསོ་བ་རིག་པ་བྱང་ཆུབ་སེམས་དཔའ་ཚོལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ནད་དང་ནད་ཀྱི་གླེང་གཞི་དང༌། ནད་མེད་པ་དང༌། ནད་མེད་པའི་ཐབས་ཤེས་པར་བྱ་བ་དང༌། སེམས་ཅན་རྣམས་ཀྱི་ནད་རྣམ་པ་
སྣ་ཚོགས་པ་ཞི་བར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ་ཞེས་དང༌། སྟོན་པས་ཆོས་ཀྱི་འཁོར་ལོ་དང་པོའི་སྐབས་སུ་ཡང་དགེ་སློང་ནད་པས་ནི་སྨན་པ་ལ་དྲིས་ཏེ་བྱའོ་ཞེས་དང༌། བཅོམ་ལྡན་འདས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བ་ན་བཞུགས་པའི་ཚེ་དགེ་སློང་རྣམས་སྟོན་ཀའི་བྲོ་ནད་ཀྱིས་སྐྱ་བོ་བསེང་བསེང་པོར་
གྱུར་པའི་ཚེ། སྨན་སོ་སོར་བསྟེན་པར་གསུངས་ཀྱང་དུས་སུ་མ་གཏོགས་པར་དེ་ལས་ཡོལ་བར་བསྟེན་པར་མ་གནང་བས་སྐྱ་བོར་གྱུར་པ་ལས། ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་རྣམས་ཀྱི་སྨན་རྣམ་པ་བཞི་པོ་དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། ཇི་སྲིད་
เล่ม ๒๑๓ · หน้า 134a
འཚོའི་བར་དུ་སོ་སོར་བཅང་བ་བསྟན་པར་བྱའོ། །དེ་ལ་དུས་སུ་རུང་བ་ནི། ལྡེ་གུ་དང་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཀའ་སྩལ་པ་དང༌། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་མདོའི་གནས་ལེའུ་གཉིས་པ་ཉིན་རེའི་སྤྱོད་པའི་ལེའུ་ལས་ཀྱང༌། སེམས་ཅན་ཐམས་ཅད་བདེ་
འདོད་ཕྱིར། །རྩོམ་པ་ཀུན་ལ་འཇུག་པར་འདོད། །ཅེས་དང༌། མགོའི་བཤད་པའི་ལེའུ་ལས་ཀྱང༌། ཚེ་ནི་རིང་བར་འདོད་པ་ཡིས། །ཆོས་དང་ནོར་དང་བདེ་བ་སྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པར་བྱ་བ་གྱིས། །ཞེས་བྱ་བ་ལ་སོགས་པའི་དགོས་པ་མང་དུ་ཡོད་པར་ཤེས་པར་བྱའོ། །གཉིས་པ་
ནི་དགོས་པ་དེ་དང་ལྡན་པའི་གསོ་བ་རིག་པའི་གཞུང་གི་བསྟན་བཅོས་ནི་བཤད་མ་ཐག་པའི་གཞུང་དེ་ཉིད་ལས། ཚངས་པས་ཚེ་ཡི་རིག་བྱེད་དྲན། །སྐྱེ་དགུས་བདག་ལ་བཤད་པ་ཡིན། །དེ་ཡིས་ཐ་སྐར་དེས་བརྒྱ་བྱིན། །དེས་རྒྱུན་ཤེས་སོགས་དྲང་སྲོང་ལའོ། །དེ་ཡིས་མེ་བཞིན་འཇུག་ལ་སོགས། །དེ་
རྣམས་ཀྱིས་ཀྱང་སོ་སོར་བྱས། །ཤིན་ཏུ་འཐོར་བ་དེ་རྣམས་ལས། །རབ་གཅེས་ཕལ་ཆེར་བཏུས་པ་ནི། །ཤིན་ཏུ་བསྡུས་མིན་རྒྱས་མིན་པར། །ཡན་ལག་བརྒྱད་པའི་སྙིང་པོ་བྱ། །ཞེས་འབྱུང་བ་ལྟར་ལྷ་དང་མིའི་དྲང་སྲོང་ལ་སོགས་པ་མཁས་པ་གང་དག་བྱུང་བ་རྣམས་ཀྱིས་མཛད་པའི་གཞུང་
མང་དུ་བྱུང་བར་གྲགས་ཀྱང༌། གཞུང་དེ་ཐམས་ཅད་ཀྱི་སྙིང་པོ་བསྡུས་ཏེ་རྒྱས་བསྡུས་འཚམ་པ་ལེགས་པར་བཤད་པ་ཀུན་གྱི་མཐར་ཐུག་པ་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་འདི་ཉིད་དེ། འདིའི་གཞུང་གི་ཚད་ནི་ཤླཽ་ཀ་དགུ་སྟོང་དང་བཞི་བརྒྱ་ལྷག་ཙམ་ལ། བརྗོད་པར་བྱ་བའི་སྙིང་པོ་ནི་
ཡན་ལག་བརྒྱད་དེ། བརྒྱད་ནི། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་གྱུར་པ། །ཡན་ལག་བརྒྱད་ཅེས་དེ་ལ་བརྗོད། །ཅེས་པ་སྟེ། དེ་ཡང་བརྗོད་ཚུལ་ནི། མདོ་གནས་ལུས་དང་ནད་གཞི་དང༌། །གསོ་གནས་ཆོ་ག་གྲུབ་ཕྱི་མ། །ཞེས་པ་ལྟར་
གནས་དྲུག་ཏུ་བྱས་ནས། མདོ་གནས་ལེའུ་སུམ་ཅུ་དང༌། ལུས་གནས་ལེའུ་དྲུག་དང༌། ནད་ཀྱི་གཞི་ལེའུ་བཅུ་དྲུག་དང༌། གསོ་བའི་གནས་ལེའུ་ཉི་ཤུ་རྩ་གཉིས་དང༌། ཆོ་ག་གྲུབ་པ་ལེའུ་དྲུག་དང༌། ཕྱི་མའི་གནས་ལེའུ་བཞི་བཅུ་སྟེ་ཡོངས་སུ་བསྡོམས་པ་ལེའུ་བརྒྱ་དང་ཉི་ཤུའོ། །དེ་ལས་མདོ་གནས་དང་
เล่ม ๒๑๓ · หน้า 134b
པོ་ཚེ་རིང་བའི་ལེའུས་ནི་ནད་གསུམ་གྱི་ངོ་བོ། སྨན་དང་སྨན་པ། ནད་པ་དང་ནད་གཡོག་རྣམས་ཆོས་བཞི་ལྡན་ལ་སོགས་པའི་སྤྱིའི་རྣམ་གཞག་དང༌། ལེའུ་རྣམས་ཀྱི་རྣམ་གྲངས་སྟོན་པས་རྩ་བའི་རྒྱུད་དང༌། དེ་ནས་གནས་ལྔ་པ་ཡན་ཆད་ཀྱིས་དེ་ཉིད་ཚང་བར་བཤད་པས་བཤད་པའི་རྒྱུད་དང༌། ཐ་མས་ཡན་ལག་
ཕྱི་མ་རྣམས་སྟོན་པས་ཕྱི་མ་རྒྱུད་ཀྱི་ཚུལ་དུ་གནས་པ་སྟེ། དེ་ལྟར་ན་གཞུང་འདིས་བརྗོད་པར་བྱ་བ་ཐམས་ཅད་བརྒྱད་པོ་དེ་ཉིད་དུ་བསྡུས་ནས་སྟོན་པ་ལྟ་བུའོ། །གསུམ་པ་ལོག་པར་རྟོག་པ་གཞན་དག་ཚར་གཅོད་པར་བྱེད་པའི་རིག་པའི་གནས་གཉིས་ཀྱི་དང་པོ་ཚིག་གི་འགལ་འབྲེལ་གཅོད་པའི་རིག་པ་གནས་གསུམ་
པ་བརྡ་སྤྲོད་པའི་བསྟན་བཅོས་ལ། བརྡ་སྤྲོད་པའི་རིག་པ་ལ་འཇུག་པའི་དགོས་པ་དང༌། དེ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན་བསྟན་པའོ། །དང་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་སུ་བདག་ཉིད་ལེགས་པར་སྦྱར་བའི་སྐད་ལ་འབྱོངས་
ནས་ཆོས་ཐམས་ཅད་ཀྱི་ངེས་པའི་ཚིག་ལ་མཁས་ཤིང་གཞན་གྱིས་བཀུར་བ་དང༌། མཁས་པར་རློམ་པ་གཞན་དག་ཚར་གཅད་པ་ལ་དབང་བ་དང༌། སྒྲ་གཅིག་ཅིག་ལ་ཡང་ངེས་པའི་ཚིག་མང་པོ་དགྲོལ་ཏེ་བཤད་པ་ལ་གཞན་གྱི་དྲིང་ལ་མི་འཇོག་པའི་མཁས་པར་གྱུར་ནས་སངས་རྒྱས་ཀྱི་ཆོས་ལ་བྱ་བ་བྱས་པའི་
དམ་པ་དམ་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང༌། མཐར་ཐུག་ཆོས་སོ་སོ་ཡང་དག་པའི་རིག་པ་དང༌། དོན་སོ་སོ་ཡང་དག་པའི་རིག་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པའི་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པའི་རིག་པ་སྟེ་རིག་པ་བཞི་པོ་དེ་ལ་སོགས་པ་ཡོན་ཏན་ཐམས་ཅད་ལ་དབང་བརྙེས་པ་རྫོགས་
པའི་སངས་རྒྱས་སྒྲ་སྒྲོགས་དབང་པོའི་རྒྱུར་འགྱུར་བ་དང་དེ་ཉིད་མངོན་དུ་བྱས་ནས་ཀྱང་གདུལ་བྱར་གྱུར་པའི་འགྲོ་བ་སྣ་ཚོགས་པར་རང་རང་གི་སྐད་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་ལ་དབང་དམ་པའི་ཕ་རོལ་དུ་སོན་པའི་དགོས་པ་དམ་པས་ཡིད་ཡོངས་སུ་དྲངས་ཏེ་རིག་པའི་ཚུལ་འདི་ལ་འཇུག་པར་རིགས་སོ། །དེ་སྐད་
དུ་ཡང་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས། སྒྲ་རིག་པ་བྱང་ཆུབ་སེམས་དཔའ་འཚོལ་བར་བྱེད་དེ། བདག་ཉིད་སཾ་སྒྲྀ་ཏའི་སྐད་ལ་མཁས་པའི་སྒོ་ནས་བདག་ལ་མཁས་པ་གཞན་དག་ཡིད་ཆེས་པར་བྱ་བ་དང༌། སྒྲའི་གཙུག་ལག་ཤེས་པར་རློམ་པའི་མུ་སྟེགས་པ་དག་ཚར་གཅད་པར་བྱ་བ་དང༌། དོན་གཅིག་
เล่ม ๒๑๓ · หน้า 135a
ལ་ངེས་པའི་ཚིག་མང་པོ་བསྟན་ཅིང་བཤད་པའི་ཆོས་ཀྱི་ཐ་སྙད་ལ་མཁས་པར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ་ཞེས་དང༌། གཞན་ཡང་མདོ་ལས་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲ་ལ་སློབ་པར་བྱེད་ཅེ་ན། སྒྲའི་ཚིག་ཡོངས་སུ་དག་པར་བྱ་བ་དང༌། ཡོངས་སུ་མ་དག་པའི་
ཚིག་གི་དོན་གསལ་བར་སྟོན་ནུས་པ་དང༌། དོན་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དང༌། ཡང་དག་པའི་ཚིག་མི་ཉམས་པས་ང་རྒྱལ་གྱིས་མི་ཤིགས་པ་དང༌། ངན་པར་ལྟ་བ་ལས་ལྡོག་ཅིང་སེམས་ཅན་འདུལ་བའི་ཐབས་དང་མཁས་པས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲ་རིག་
པའི་བསྟན་བཅོས་ལ་སློབ་པར་བྱེད་དོ་ཞེས་དང༌། ཐོན་མི་ལོ་ཙཱས་ཀྱང༌། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ལྟར་སངས་རྒྱས་པའི་གྲུབ་མཐའ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་པ་དང༌། དབུ་མ་པ་སྟེ་གྲུབ་པའི་མཐའ་སྨྲ་བ་བཞིའམ། ཉན་
ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཐམས་ཅད་ཀྱི་གཞི་འཛིན་ཅིང༌། རིག་བྱེད་ནི་ཕྱི་རོལ་པའི་ལུགས་ཀྱི་ངེས་བརྗོད་ལ་སོགས་པ་བཞི་སྟེ། དེའང་ཇི་སྐད་དུ། སྙན་ཚིག་མཆོད་སྦྱིན་སྲིད་སྲུང་དང༌། །ངེས་བརྗོད་རིག་བྱེད་རིག་བྱེད་བཞི། །ཞེས་བྱ་བའི་རིག་བྱེད་སྨྲ་བ་རྣམས་ཀྱང་འདི་
ལ་མ་བརྟེན་པར་མི་འབྱུང་ཞིང༌། ཆོས་ཀྱི་དོན་རྟོགས་པར་བྱེད་པ་ལའང་ཐོག་མར་ཚིག་ལ་མཁས་པར་བྱ་དགོས་ཏེ། ས་སྐྱ་པཎྜི་ཏས་ཀྱང༌། ཚིག་ཀྱང་སྒྲིགས་ལེགས་མི་ཤེས་ན། །དོན་བཟང་སྨོས་ཀྱང་ཅི་ཞིག་དགོས། །ཞེས་དང༌། བརྡ་སྤྲོད་ཀྱི་གཞུང་འདི་ཁོ་ནར་མ་ཟད། རིག་པའི་གནས་ཐམས་ཅད་
ལ་འཇུག་པའི་སྒོ་གཅིག་པུ་ཡང་འདི་ཉིད་ཡིན་ཏེ། ཇི་སྐད་དུ། གང་ཞིག་ཤེས་ན་མཁས་པའི་གནས་ཐོབ་ཅིང༌། །མཐར་ཐུག་ཀུན་མཁྱེན་གོ་འཕང་བདེ་བླག་བགྲོད། །གཞུང་ལུགས་ཀུན་ལ་ཐོགས་མེད་འཇུག་པའི་སྒོ། །བརྡ་སྤྲོད་རིག་གནས་བསྟན་བཅོས་རྣམ་དབྱེ་བགྱི། །ཞེས་གསུངས་པ་ལ་སོགས་
པ་རྒྱ་ཆེར་འབྱུང་བ་ཡིན་ནོ། །གཉིས་པ་ནི། དགོས་པ་དེ་དང་ལྡན་པའི་བརྡ་སྤྲོད་རིག་པའི་གཞུང་འདིས་བརྗོད་པར་བྱ་བ་ཅི་ཞིག་ཡིན་སྙམ་ན། དཔལ་ལྡན་བློ་གྲོས་བརྟན་པས། རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཞེས་པ་སྟེ། གཞུང་གི་བརྗོད་བྱ་མ་ལུས་པ་མདོར་
เล่ม ๒๑๓ · หน้า 135b
བསྡུ་ན། རང་བཞིན་དང་རྐྱེན་དང་རྣམ་འགྱུར་ཏེ་གསུམ་དུ་འདུ་ཞིང༌། རང་བཞིན་ལའང་དབྱེ་ན། བྱིངས་དང་མིང་གཉིས་ཏེ། དེ་སྐད་དུའང༌། རང་བཞིན་མིང་དང་བྱིངས་དེ་ལའང༌། །ཞེས་སོ། །བྱིངས་ལའང་ནང་གསེས་ཀྱི་སྒོ་ནས་དབྱེ་ན། མདོའི་བྱིངས་དང༌། རྐྱེན་གྱིས་བཅོས་པའི་བྱིངས་དང༌། གླེགས་
བམ་ལས་འབྱུང་བའི་བྱིངས་དང་གསུམ་དུ་འགྱུར་རོ། །རང་བཞིན་གཉིས་པ་ནི་མིང་ངམ་རྟགས་ཏེ། དེ་ཡང་བྱིངས་ཀྱི་ཡི་གེ་གང་ལ་ཀྲྀཏ་རྐྱེན་བྱིན་པས་བྱིངས་ཡིན་པའང་བོར། སན་ལ་སོགས་པ་མ་བྱིན་པས་རྐྱེན་གྱིས་བཅོས་པའི་བྱིངས་ཀྱང་མ་ཡིན་ལ། ཚིག་ཏུ་འགྲུབ་པར་བྱེད་པའི་རྣམ་དབྱེ་ཡང་
མ་བྱིན་པ་སྟེ། ལུང་སྟོན་པ་ཀ་ལཱ་པའི་མདོ་ལས། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སོ་ཞེས་འབྱུང་ངོ༌། །རྟགས་ལ་ཡང་དབྱངས་དང་གསལ་བྱེད་ཀྱི་མཐའ་ངེས་པ་ཅན་གྱི་སྒོ་ནས་དབྱེ་ན། སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་དང་མ་ནིང་གི་རྟགས་གསུམ་སྟེ། དེ་དག་གི་རྣམ་པར་
དབྱེ་བ་རྒྱས་པར་སྟོན་པའི་བསྟན་བཅོས་ནི་མཁས་པ་འཆི་བ་མེད་པའི་སེང་གེས་མཛད་པའི་མིང་དང་རྟགས་རྗེས་སུ་བསྟན་པའི་མངོན་བརྗོད་ཀྱི་བསྟན་བཅོས་ཨ་མ་ར་ཀོ་ཥ་དང༌། དེའི་འགྲེལ་པ་འདོད་འཇོའི་བ་མོ་ལ་སོགས་པ་ལྟ་བུའོ། །གཞན་ཡང་དེའི་བྱེ་བྲག་ཏུ་གྱུར་པའི་ཉེ་བར་བསྒྱུར་བ་རྣམས་ཀྱང་རང་བཞིན་
གྱི་ཁོངས་སུ་བསྡུའོ། །རྐྱེན་ནི་རང་བཞིན་དེ་ཉིད་རྣམ་འགྱུར་གཞན་དུ་སྒྲུབ་པར་བྱེད་པ་སྒྲའི་ཡན་ལག་སྟེ། དེའི་དབྱེ་བ་བྱིངས་ལས་མིང་དུ་སྒྲུབ་པར་བྱེད་པ་བྱེད་ལྡན་གྱི་རྐྱེན་དང༌། མིང་ལས་མིང་གཞན་སྒྲུབ་པར་བྱེད་པ་དེ་ཕན་གྱི་རྐྱེན་ནོ། །དེ་ལའང་སྤྱི་དང་གྲངས་མེད་དང་དངོས་པའི་རྐྱེན་གསུམ་དུ་འགྱུར་རོ། །
བྱིངས་ལས་ཚིག་ཏུ་སྒྲུབ་ཅིང་རྣམ་པར་འབྱེད་པར་བྱེད་པ་ཏིང་ང་དང༌། མིང་ལས་ཚིག་ཏུ་སྒྲུབ་ཅིང་དོན་རྣམ་པར་འབྱེད་པ་སུཔྲ་དང༌། རང་བཞིན་དང་རྐྱེན་དག་གི་བར་དུ་གཞུག་པ་ཨ་ག་མ་དང༌། བྱིངས་གཞན་དུ་བསྒྱུར་བ་ཉེ་བར་བསྒྱུར་བ་རྣམས་སོ། །རྣམ་འགྱུར་ནི་དཔང་ལོ་ཆེན་པོས། རང་བཞིན་རྐྱེན་དང་འབྲེལ་
པ་དང༌། །ཡི་གེ་ཙམ་དང་འབྲེལ་པ་ཡི། །བསྒྱུར་དང་དབྱེ་བ་རྣམ་འགྱུར་ཏེ། །ཞེས་གསུངས་པ་ལྟར་སྒྲའི་ཡན་ལག་གི་ཡི་གེ་བསྒྱུར་དང་དབྱི་བ་དང༌།བར་རྐྱེན་སྟེར་བ་དང༌། ཚིག་གི་བསྡུ་བ་བྱ་བ་རྣམས་ཏེ། དེ་དག་ཏུ་སྒྲའི་བརྗོད་བྱ་ཐམས་ཅད་བསྡུས་པའོ། །ཡང་ན་མཚམས་སྦྱོར་དང་མིང་དང་ཀུན་བཤད་
เล่ม ๒๑๓ · หน้า 136a
དང་ཀྲྀཏ་དང་བཞིས་མདོའི་རྩ་བ་སྟོན་ལ། བྱིངས་དང་ཉེར་བསྒྱུར་དང་ཨུཎ་ལ་སོགས་པ་ཡན་ལག་སྟེ། དེ་དག་གིས་འཆད་པ་ཀ་ལཱ་པ་ལྟ་བུའོ། །ཡི་གེའི་ཚོགས་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་ཏེ་གསུམ་དུ་སྟོན་པ་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའོ། །དེ་དག་དང་
རྗེས་སུ་འབྲེལ་པ་སྡེབ་སྦྱོར་གྱི་བསྟན་བཅོས་ནི། ཡི་གེ་ལྕི་ཡང་གི་བྱེ་བྲག་སྦྱོར་བའི་སྒོ་ནས་ཚིགས་སུ་བཅད་པའི་རིགས་རྣམས་རྒྱས་པར་སྟོན་པར་བྱེད་པ་སྟེ། ཚིགས་སུ་བཅད་པ་གང་ལའང་ལུང་ལས་འབྱུང་བའི་ཚིགས་སུ་བཅད་པ་དང༌། བསྟན་བཅོས་ལས་འབྱུང་བའི་ཚིགས་སུ་བཅད་པ་གཉིས་སོ། །
དང་པོ་ནི་མངོན་པ་ཀུན་ལས་བཏུས་པར། ཚིགས་སུ་བཅད་པ་རྐང་པ་གཉིས་པ་ནས་དྲུག་པའི་བར་དུ་ཡོད་པར་གསུངས་པ་དང༌། རྗེ་ངོར་ཆེན་ཐམས་ཅད་མཁྱེན་པས། ལུང་ལས་ཚིགས་བཅད་རྐང་པ་གཉིས་པ་ནས། །བརྩམས་ཏེ་དྲུག་པའི་བར་དུ་གསུངས་པས་ན། །དེ་དང་མཐུན་པའི་ཚིགས་སུ་
བཅད་པ་བགྲང༌། །ཞེས་གསུངས་ཏེ། དེའང་རྐང་པ་གཉིས་པ་ནི། བྲམ་ཟེ་ཆུ་ལ་ཇི་ཙམ་ཞིག །ཅེས་ཚིག་རྐང་པ་གཅིག་གིས་དྲིས་པ་ལ། མི་ཡི་བདག་པོ་པུས་ནུབ་ཙམ། །ཞེས་ཚིག་རྐང་གཅིག་གིས་ལན་བཏབ་པས་ཚིགས་སུ་བཅད་པ་རྫོགས་པ་ལྟ་བུ་སྟེ། དེས་མཚོན་ཏེ་ལུང་རྣམས་
ལས་མང་དུ་འབྱུང་བ་ལྟ་བུའོ། །གཉིས་པ་ནི་སྙན་དངགས་མེ་ལོང་དུ། ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲྀཏྟ་ཛཱ་ཏི་ཞེས་རྣམ་གཉིས། །དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །རིགས་དེ་སྙན་དངགས་རྒྱ་མཚོ་ནི། །ཟབ་མོ་བརྒལ་འདོད་རྣམས་ཀྱི་གྲུ། །ཞེས་
འབྱུང་བ་བཞིན་དུ་སྡེབ་སྦྱོར་གྱི་བསྟན་བཅོས་རྣམས་ལས་ཚིགས་སུ་བཅད་པ་རེ་ལ་རྐང་པ་བཞི་བཞི་བསྒྲིགས་པའི་ཚིགས་སུ་བཅད་པ་བྱ་བ་ཡིན་ཏེ། དེ་ལའང་ཡི་གེ་བགྲང་བ་དང་ཕྱི་མོ་བགྲང་བའི་བྱེ་བྲག་གིས་བྲྀཏྟའི་སྡེབ་སྦྱོར་དང༌། ཛཱ་ཏིའི་སྡེབ་སྦྱོར་གཉིས་སུ་དབྱེའོ། །བྲྀཏྟའི་སྡེབ་སྦྱོར་ལ་
མཉམ་པ་དང༌། ཕྱེད་མཉམ་པ་དང༌། མི་མཉམ་པའི་བྲྀཏྟ་ཞེས་བྱ་བ་སྟེ་གསུམ་མོ། །ཛཱ་ཏིའི་སྡེབ་སྦྱོར་ལའང་འཕགས་མའི་ཛཱ་ཏི་དང༌། རོ་ལངས་ཅན་གྱི་ཛཱ་ཏི་དང༌། ཕྱི་མོ་མཉམ་པའི་ཛཱ་ཏི་སྟེ། དེ་དག་གི་དབྱེ་བ་སྟོན་པའི་བསྟན་བཅོས་ནི། མདོར་བསྡུས་ཚིགས་བཅད་གསལ་བ་དང༌། །མདོ་ཉིད་
เล่ม ๒๑๓ · หน้า 136b
དཔེར་བརྗོད་གྱུར་པ་དང༌། །མ་འདྲེས་རིམ་ཅན་འདོན་སླ་དང༌། །སྡོད་དང་ཚོགས་དང་ཡོན་ཏན་བརྒྱད། །ཅེས་པའི་ཡོན་ཏན་བརྒྱད་ཀྱིས་གཞན་ལས་ཁྱད་པར་དུ་གྱུར་པའི་རིན་ཆེན་འབྱུང་གནས་ལྟ་བུའོ། །སྙན་དངགས་ཀྱི་བསྟན་བཅོས་ནི། ལུས་བཤད་པ་དང༌། རྒྱན་བཤད་པ་དང༌། སྐྱོན་སེལ་བ་བཤད་པ་སྟེ་གསུམ་
གྱི་ལུས་ལ་ཚིགས་སུ་བཅད་པ་དང༌། ལྷུག་པ་དང༌། སྤེལ་མ་སྟེ་གསུམ་མོ། །རྒྱན་ལ་ཐུན་མོང་མ་ཡིན་པའི་རྒྱན་གྱི་འདོད་པ་རྣམ་པར་དབྱེ་བ་དང༌། ཐུན་མོང་བ་དོན་རྒྱན་སུམ་ཅུ་རྩ་ལྔ་དང༌། སྒྲ་རྒྱན་བྱ་སླ་བྱ་དཀའ་ལ་སོགས་པ་དང༌། གབ་ཚིག་གི་རྒྱན་དང༌། དེ་དག་གི་རྣམ་འགྱུར་རྣམས་སོ། །སྐྱོན་
སེལ་བ་ནི། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་དམན་གཅོད་མཚམས་ཉམས་པ་དང༌། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང༌། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་དངགས་ལ། །སྙན་
དངགས་མཁན་གྱིས་རྣམ་པར་སྤང༌། །ཞེས་པའི་སྐྱོན་རྣམ་པ་བཅུ་སེལ་བ་ལ་སོགས་པ་སྔོན་གྱི་སྙན་དངགས་ཀྱི་གཞུང་རྣམས་ལས་ཕུལ་དུ་བྱུང་བ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་དངགས་མེ་ལོང་ཞེས་བྱ་བའི་བསྟན་བཅོས་ལ་སོགས་པ་ལྟ་བུའོ། །མངོན་བརྗོད་ཀྱི་བསྟན་བཅོས་ནི། འདོད་
འཇོའི་བ་མོར། མཐོ་རིས་མཁའ་དང་ཕྱོགས་དུས་བློ། །སྒྲ་སོགས་གར་དང་བཅས་པ་དང༌། །ས་འོག་གདེངས་ཅན་དམྱལ་བ་ཆུ། །དེ་རྣམས་ཀྱི་ནི་ཚོགས་བཅས་བཤད། །ཅེས་དང༌། ས་ཡི་སྡེ་ཚན་གྲོང་ཁྱེར་དང༌། །རི་བོ་དང་ནི་ནགས་ཚལ་དང༌། །སྨན་དང་རི་དྭགས་ལ་སོགས་དང༌། །མི་དང་
བྲམ་ཟེ་རྒྱལ་རིགས་དང༌། །རྗེའུ་རིགས་དམངས་རིགས་ཡན་ལག་བཅས། །ཉེ་བའི་ཡན་ལག་བཅས་འདིར་བརྗོད། །ཅེས་པ་སྡེ་ཚན་དུ་བཅད་དེ། དེ་དག་གི་དོན་རེ་རེ་ལའང་མིང་གི་རྣམ་གྲངས་མང་པོ་འབྱུང་བ་སྟོན་པ། དཔེར་ན་འཆི་མེད་སེང་གེས། ཉི་མ་འོད་འགྱེད་བསྟན་བྱ་དང༌། །མི་སྦྱིན་སྐྱེས་
དང་བཅུ་གཉིས་བདག །ཉིན་བྱེད་འོད་བྱེད་སྣང་བྱེད་དང༌། །རབ་ཏུ་གསལ་བྱེད་རྣམ་གསལ་བྱེད། །འོད་ཟེར་མིག་གཟུགས་རྟ་བདུན་པ། །རྟ་ལྗང་དང་ནི་ཚ་ཟེར་ཅན། །རྣམ་འགྱུར་མཆོད་འོས་མ་ཟླུམས་དང༌། །ཆར་འབེབས་འོད་འགྲོ་གསོ་བྱེད་དང༌། །ནམ་མཁའི་ནོར་བུ་སྒྲོལ་བྱེད་
เล่ม ๒๑๓ · หน้า 137a
བཤེས། །སྣ་ཚོགས་འོད་ཟེར་འོད་སྣང་བྱེད། །འོད་ཀྱི་ནོར་ཅན་གཟའ་ཡི་བདག །འོད་ཟེར་བདག་པོ་སྣང་བྱེད་བདག །འོད་ཅན་འཇོམས་བྱེད་འོད་སྟོང་པ། །གདུང་བ་འོད་འབྱིན་འོད་ཟེར་གཟུང༌། །ཞེས་པ་ཉི་མ་གཅིག་པུའི་མིང་ལ་རྣམ་གྲངས་སུམ་ཅུ་རྩ་བདུན་འབྱུང་བ་
དང༌། མིང་གཅིག་ཉིད་དོན་མང་པོ་ལ་འཇུག་པ། དཔེར་ན་ཀླུ་སྒྲུབ་ཞབས་ཀྱིས། ངག་ཕྱོགས་ས་དང་འོད་ཟེར་དང༌། །ཕྱུགས་དང་མིག་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་བཟུང༌། །ཞེས་པ་གོའི་སྒྲ་ལྟ་བུའི་མིང་གཅིག་ཉིད་ལའང་དོན་དགུ་ལ་འཇུག་པར་སྟོན་པ་སྟེ།
དེ་དག་སྟོན་པའི་བསྟན་བཅོས་ཨ་མ་ར་ཀོ་ཥ་དང༌། དེའི་འགྲེལ་པ་འདོད་འཇོའི་བ་མོ་དང༌། མུ་ཏིག་ཕྲེང་བ་ལ་སོགས་པ་ལྟ་བུའོ། །ཟློས་གར་གྱི་བསྟན་བཅོས་ནི། སྔོན་བྱུང་གི་གཏམ་ལྟ་བུའི་གཟུགས་སུ་བྱས་ཏེ་སྐད་རིགས་སོ་སོའི་རྗོད་བྱེད་རྣམས་ཉེ་བར་དྲངས་པའི་གླུ་ཟློས་ཤིང་གར་བྱེད་པ་ལ། ལུས་ཀྱི་
རྣམ་འགྱུར་རྣམ་པ་སྣ་ཚོགས་པ་དང༌། དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་དང༌། ལྷའི་རྗེས་སུ་སྐྱེས་པ་དང༌། དྲང་སྲོང་གི་རྗེས་སུ་སྐྱེས་པ་དང༌། བློ་གསལ་གྱི་རྗེས་སུ་སྐྱེས་པ་ལ་སོགས་པ་དང༌། འདྲེན་པ་དང༌། དཀྱུས་གཅིག་ཏུ་སྦྱར་བ་དང༌། དཀྱུས་གཉིས་པ་དང་ཕྱེད་ཕྱི་མ་ལ་སོགས་པའི་མཚན་
ཉིད་རྣམས་དང་ལྡན་ཞིང་རྗོད་བྱེད་ཀྱི་ཚིག་ཕལ་ཆེར་སཾ་སྐྲྀ་ཏའི་སྐད་དང༌། པྲ་ཀྲྀ་ཏའི་སྐད་དང༌། ཨ་བ་བྷྣཾ་ཤའི་སྐད་དང༌། པི་ཤཱ་ཙིའི་སྐད་ཀྱིས་གླུར་ཚིགས་སུ་བཅད་པ་དང༌། ལྷུག་པ་དང༌། སྤེལ་མ་རྣམས་རོལ་མོ་དང་བསྡེབས་ནས་བསྒྱུར་བ་སྟེ། དེ་ཡང་ལྷ་དང༌། ཀླུ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌།
ནམ་མཁའ་ལྡིང་དང༌། གནོད་སྦྱིན་དང༌། མི་དང་མི་མ་ཡིན་པ་རྣམས་ཀྱི་གར་དང་སྐད་རིགས་སོ་སོའི་གླུའི་ཁྱད་པར་རྣམ་པ་བདུན་ཏེ། ཇི་སྐད་དུ། རྩེད་མོ་རློམ་པར་བླང་བ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་
ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ། །ཞེས་པ་ལྟར་སྟོན་པའི་གཞུང་ནི། བྷ་ར་ཏ་དང༌། རྒྱལ་པོ་སྤྲིན་གྱི་བཞོན་པས་ཀླུའི་སྲོག་བསྐྱབས་པའི་སྐྱེས་རབས་ཀླུ་ཀུན་དུ་དགའ་བའི་ཟློས་གར་དགའ་བའི་ལྷས་མཛད་པ་དང༌།
เล่ม ๒๑๓ · หน้า 137b
གཙུག་གི་ནོར་བུའི་བར་བཏང་ནས་བྲམ་ཟེའི་དབུལ་བ་བསལ་བའི་ཕྱིར་རང་ཉིད་ཚོང་དུ་བཅུག་སྟེ་དགྲ་ལ་སྟེར་དུ་བཅུག་པས་ཐམས་ཅད་བཏུལ་བའི་སྐྱེས་རབས་འཇིག་རྟེན་ཀུན་དུ་དགའ་བའི་ཟློས་གར་ཙནྡྲ་གོ་མིས་མཛད་པ་ལྟ་བུའོ། །སྐར་རྩིས་ཀྱི་རིག་པ་ནི། ཕྱི་ནང་གཞན་གསུམ་སྟོན་པ་དཔལ་ལྡན་
དུས་ཀྱི་འཁོར་ལོའི་རྒྱུད་ལས་བཤད་པའི་ཕྱི་དུས་ཀྱི་འཁོར་ལོའི་རྩིས་ཀྱི་རིག་པ་སྟེ། ཨངྒིའི་གྲངས་ཀྱི་རི་མོ་འདྲི་བ་དང༌། དབྲི་བ་དང་བསྣན་པ་དང་བསྒྱུར་བ་དང་བགོད་པ་སྟེ་ཡི་གེའི་ཡན་ལག་ལྔ་དང༌། གཟའ་དང༌། ཚེས་དང༌། སྐར་མ་དང༌། སྦྱོར་བ་དང༌། བྱེད་པ་སྟེ་རྩིས་ཀྱི་ཡན་ལག་ལྔ་དང༌། གཟའ་ལྔ་
དང༌། ཁྱིམ་དང༌། ལོངས་སྤྱོད་དང༌། སྒྲ་གཅན་དང༌། དུས་མེ་དང༌། ཉི་ཟླ་འཛིན་པའི་རྩིས་དང༌། ཉི་ལྡོག་ལ་སོགས་པ་དང༌། དུས་སྦྱོར་དང༌། ཞག་གསུམ་གྱི་རྣམ་པར་དབྱེ་བ་དང༌། དེ་དག་གི་དགེ་དང་མི་དགེའི་འབྲས་བུ་བརྟག་པ་ལ་སོགས་པ་སྟེ། དེ་དག་སྟོན་པར་བྱེད་པའི་བསྟན་བཅོས་ནི་ཕྱི་དུས་ཀྱི་
འཁོར་ལོའི་རྒྱུད་ཀྱི་འགྲེལ་པ་རྣམས་ལས་འབྱུང་བ་ལྟ་བུ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཐལ་བའི་དབང་པོའི་སྐུར་བཞེངས་ནས། ལྷ་མོ་ཨུ་མ་དང་ཞུ་བ་དང་ལན་གྱི་ཚུལ་དུ་ཕྱི་རོལ་པའི་ལུགས་སུ་གསུངས་པའི་དཔལ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་
ཀྱི་རྒྱལ་པོ་དབྱངས་འཆར་བ་ལྟ་བུའོ། །གཞན་ཡང་བརྩི་བར་བྱ་བ་དུས་ཀྱི་ཚད་བརྩི་བ་དང༌། གཟུགས་ཅན་གྱི་ཚད་འཇལ་བ་གཉིས་ལས། དང་པོ་ནི་སེམས་ཀྱི་རྣམ་པར་རྟོག་པའི་སྐད་ཅིག་མ་གཅིག་ལ་དུས་མཐའི་སྐད་ཅིག་མའོ། །དེ་བརྒྱ་ཉི་ཤུ་ལ་བྱ་རྫོགས་ཀྱི་སྐད་ཅིག་མའོ། །དེ་དྲུག་ཅུ་ལ་
ཐང་གཅིག་གོ། །དེ་སུམ་ཅུ་ལ་ཡུད་ཙམ་མོ། །དེ་སུམ་ཅུ་ལ་ཉིན་ཞག་གོ །དེ་སུམ་ཅུ་ལ་ཟླ་བའོ། །ཟླ་བ་གཉིས་ལ་དུས་གཅིག་གོ །དེ་གསུམ་མམ་ཟླ་བ་དྲུག་ལ་བགྲོད་པ་གཅིག་གོ །བགྲོད་པ་གཉིས་སམ་ཟླ་བ་བཅུ་གཉིས་ལ་ལོ་སྟེ། མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་
སྐད་ཅིག་དེ་དག་ཀྱང༌། །དྲུག་ཅུ་ལ་ནི་ཐང་གཅིག་གོ། །ཡུད་ཙམ་ཉིན་ཞག་ཟླ་བ་རྣམས། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་གི་ཐུན་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ནི་ལོ། །ཞེས་སོ། །གཉིས་པ་ནི་རྫས་ཀྱི་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག་གོ། །དེ་བདུན་ལ་ལྕགས་
เล่ม ๒๑๓ · หน้า 138a
རྡུལ་ལོ། །དེ་བཞིན་དུ་བདུན་འགྱུར་གྱིས་བསྒྲེ་བའི་ཆུ་རྡུལ་དང༌། རི་བོང་གི་རྡུལ་དང༌། ལུག་རྡུལ་དང༌། གླང་རྡུལ་དང༌། ཉི་ཟེར་རྡུལ་དང༌། སྲོ་མ་དང༌། ཤིག་དང༌། ནས་དང༌། སོར་མོ་དང༌། སོར་མོ་བརྒྱ་ཉི་ཤུ་རྩ་བཞི་ལ་ནི་ཁྲུ་གང་ངོ༌། །ཁྲུ་བཞི་ལ་ནི་གཞུ་འདོམ་གང་ངོ༌། །
དེ་ལྔ་བརྒྱ་ལ་ནི་རྒྱང་གྲགས་གཅིག་གམ་དགོན་པའོ། །དེ་བརྒྱད་ལ་དཔག་ཚད་གཅིག་གོ། །དེས་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཐམས་ཅད་འཇལ་བར་བྱེད་དེ། མཛོད་ལས། ཕྲ་རབ་རྡུལ་དང་ནི། རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་
བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ༌། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་སོ། །ཡང་ན་རྒྱ་དཔངས་ཀྱི་ཚད་འཇལ་བར་བྱེད་པ་ལ་སོར་མོ་དང་
ལྕི་ཚད་འཇལ་བར་བྱེད་པ་ལ་སྲང་དང༌། བོངས་ཚད་འཇལ་བ་ལ་བྲེ་ཉིད་ཡིན་ཏེ། འཆི་མེད་མཛོད་ལས། འཇལ་བྱེད་སྲང་དང་སོར་དང་བྲེ། །མ་རུ་ལྔ་སོགས་མ་ཤ་ཀ །དེ་དག་དྲུག་ཅུ་ཞོ་ཡིན་ཏེ། །ཞོ་བཞི་ལ་ནི་སྲང་གང་ངོ༌། །ཞེས་གསུངས་པ་ལྟ་བུའོ། །རྩི་བྱེད་གྲངས་ཀྱི་གནས་གཞན་
ནི་མཛོད་ཀྱི་རང་འགྲེལ་ལ་སོགས་པ་ནས་འབྱུང་བ་ཚིགས་སུ་བཅད་པར་བསྡེབས་པ་རྐྱང་པ་དང་ཁུག་པ་གཉིས་ཀྱི་དང་པོ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་བའི་གྲངས་སུ་ཤེས་པར་བྱ། །ཞེས་པ་ལྟར་རོ། །གཉིས་པ་ཁུག་པ་ནི་གནས་འདི་ལ་
ཡང་ནང་གསེས་སུ་དབྱེ་ན་གསུམ་དུ་འགྱུར་ཏེ། ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌། །གཏམ་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང༌། །སྤང་རྟེན་དེད་འདྲེན་ཞེས་བྱ་བ་འདི་ཡན་ཆད་ཀྱི་གནས་དགུ་ལ། ཐེར་འབུམ་བཅུ་ལ་ཐེར་འབུམ་ཆེན་པོ་ལ་སོགས་པ་སྦྱར་བའི་བཅོ་བརྒྱད་ལ་ནི་ཁུག་པ་
དང་པོ་ཞེས་བྱའོ། །དེའི་རྗེས་སུ་མཐའ་སྣང་དང༌། རྒྱུ་རིགས་འོད་མཛེས་དབང་པོ་དང༌། །ལེགས་འབྱིན་རྟོགས་འགྲོ་འབྱིན་རྡུལ་དང༌། །བརྒྱ་རྟགས་སྟོབས་འཁོར་ཞེས་བྱ་བ། །འདི་ཡན་ཆད་ཀྱི་གནས་དགུ་ལ་སྔ་མ་བཞིན་དུ་ཆེན་པོ་དང་བཅས་པའི་བཅོ་བརྒྱད་ལ་ཁུག་པ་གཉིས་པ་ཞེས་བྱའོ། །
เล่ม ๒๑๓ · หน้า 138b
དེའི་རྗེས་སུ་བརྡ་ཤེས་དང༌། རྣམ་བྱུང་སྟོབས་མིག་ཅེས་བྱ་བ་འདི་ཡན་ཆད་ཀྱི་གནས་གསུམ་པོ་ལ་ཆེན་པོ་དང་བཅས་པའི་དྲུག་འབྱུང་བ་ལ་ཁུག་པ་གསུམ་པ་ཞེས་བྱའོ། །དེ་ལྟར་ན་ཁུག་པ་གཉིས་པ་ཡན་ཆད་ལ་ཆེན་པོ་དང་བཅས་པའི་གནས་སོ་དྲུག་དང༌། ཐ་མའི་དྲུག་དང་བཅས་པའི་ཞེ་གཉིས་དང༌། རྐྱང་པའི་
གནས་དགུ་དང་བཅས་པའི་ལྔ་བཅུ་རྩ་གཅིག་གོ། །དེ་ལ་གནས་དྲུག་ཅུའི་དབང་དུ་བགྱིས་ན་གནས་བརྒྱད་ཐ་མ་དང་བཅས་པ་མ་ཚང་བར། བྱམས་པ་སྙིང་རྗེ་དགའ་བ་དང༌། བཏང་སྙོམས་རྣམས་ཞེས་པ་ཆེན་པོ་དང་བཅས་པའི་བརྒྱད་ཁུག་པ་གསུམ་པར་བསྟན་པས་གྲངས་ཀྱི་གནས་བཅུ་བཞི་སྟེ་ཐམས་
ཅད་བསྡོམས་པའི་ལྔ་བཅུ་རྩ་དགུ་ནི་གྲངས་ཀྱི་མིང་དུ་བཏགས་ལ། དྲུག་ཅུ་པ་ནི་དེ་ལྟ་བུའི་མིང་ལས་འདས་པས་གྲངས་མེད་པ་ཞེས་བྱའོ། །ཡང་ན་གོང་གི་སྟོབས་མིག་ཅེས་པའི་རྗེས་སུ་ཉལ་ཉུལ་དང༌། ཝལ་ཝོལ་ཁྱད་ཁྱུད་ཕྱད་ཕྱིན་རྣམས། །ཆེན་པོར་བཅས་ཏེ་བགྲང་བར་བྱ། །གྲངས་མེད་པ་ནི་ཐ་
མ་ཡིན། །ཞེས་བྱ་བའང་བཤད་དོ། །བཞི་པ་ལོག་པར་རྟོག་པ་ཚར་གཅོད་པར་བྱེད་པའི་རིག་པའི་གནས་གཉིས་པ་དོན་གྱི་འགལ་འབྲེལ་གཅོད་པར་བྱེད་པའི་རིག་གནས་བཞི་པ་རྒྱུ་རིག་པའམ་རྟོག་གེ་རིག་པའམ་གཏན་ཚིགས་རིག་པ་ལ་འདུག་པའི་དགོས་པ་དང༌། དེ་སྟོན་པའི་བསྟན་
བཅོས་ཀྱི་རང་བཞིན་བསྟན་པའོ། །དང་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་སྐབས་སུ་རིགས་པ་དང་མི་རིགས་པར་སྨྲ་བ་ཐམས་ཅད་ཀྱི་དབྱེ་བ་རྣམ་པར་ཕྱེད་ཅིང༌། མུ་སྟེགས་པའི་འདོད་པ་སྙིང་པོས་དབེན་པ་ལ་ཡང་དག་པ་
ཉིད་དུ་མངོན་པར་ཞེན་ཅིང་འཇུག་པ་རྣམས་ཚར་གཅོད་པའི་ཕྱིར་དང༌། མུ་སྟེགས་ཅན་ལ་སོགས་པ་རྒྱུ་རིག་པ་ཤེས་པར་རློམ་པ་རྣམས་ཚར་གཅད་པ་དང༌། བསྟན་པ་ལ་མི་དད་པ་རྣམས་དད་པར་བྱ་བ་དང༌། དད་པ་རྣམས་ཀྱི་དད་པའི་དབང་པོ་ཕྱིར་ཞིང་འཕེལ་བར་བྱ་བ་དང༌། དེ་བཞིན་གཤེགས་པའི་
ཆོས་རྣམས་ཀྱི་མཚན་ཉིད་གཞན་དུ་མཆི་ན་དེ་དག་གི་འགལ་འབྲེལ་རྣམ་པར་དཔྱོད་པ་དང༌། མཐར་ཐུག་སྟོན་པ་ཚད་མར་གྱུར་པའི་གོ་འཕང་གི་རྒྱུར་འགྱུར་བ་དང༌། དེ་ཉིད་མངོན་དུ་བྱས་ནས་ཀྱང་ཚད་མར་གྱུར་པའི་ཆོས་ཀྱི་སྣང་བ་ཆེན་པོས་གདུལ་བྱར་གྱུར་པ་རྣམས་ཀྱི་མ་རྟོགས་པ་དང་ལོག་པར་
เล่ม ๒๑๓ · หน้า 139a
རྟོགས་པ་དང༌། ཐེ་ཚོམ་གྱི་དྲྭ་བ་མ་ལུས་པ་གཅོད་པར་བྱེད་པ་ལ་གཞན་དྲིང་མི་འཇོག་པར་འགྱུར་བའི་དགོས་པ་དམ་པས་ཡིད་ཉེ་བར་དྲངས་ཏེ་ཚུལ་འདི་ལ་འཇུག་པར་རིགས་སོ། །དེ་ལྟར་ཡང་རྒྱན་གྱི་འགྲེལ་བཤད་ལས། རྒྱུ་རིག་པ་བྱང་ཆུབ་སེམས་དཔའ་ཚོལ་
བར་བྱེད་དེ། འདི་ལྟར་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་དང༌། རྒྱུ་རིག་པའི་གཙུག་ལག་ཤེས་པར་རློམ་པའི་མུ་སྟེགས་པ་དག་ཚར་གཅད་པ་དང༌། བསྟན་པ་འདི་ལ་མ་དད་པ་རྣམས་དད་པར་སྐྱེད་པ་དང༌། དད་པ་སྐྱེད་པ་རྣམས་ཀྱི་དད་པ་
ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ་ཞེས་དང༌། ཐབས་ལ་མཁས་པ་སངས་རྒྱས་ཀྱི་དྲིན་ལན་བསབས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། སེམས་ཅན་དད་པའི་སེམས་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་རིག་པའི་བསྟན་བཅོས་སློབ་པར་བྱེད་དོ་ཞེས་དང༌། ཚད་མ་ཀུན་
ལས་བཏུས་པ་ལས། ཚད་མ་དང་གཞལ་བྱ་ཉེ་བར་བརྗོད་པ་ཉིད་ཀྱིས་མུ་སྟེགས་པའི་འདོད་པ་སྙིང་པོས་དབེན་པའི་ཕྱིར། དེར་ཞེན་པ་རྣམས་ལྡོག་པའི་དོན་དུ་འདི་བརྩམས་པ་ཡིན་གྱིས། འདི་ཙམ་གྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གཞུག་པའི་དོན་དུ་ནི་མ་ཡིན་ཏེ། དེའི་ཆོས་ནི་རྟོག་
གེའི་ཡུལ་མ་ཡིན་པའི་ཕྱིར་རོ། །ལྡོག་པ་ལ་ནི་སྟོན་པའི་ཆོས་ཉིད་ཐོས་ནས་འབད་པ་མེད་པར་རྟོགས་པར་འགྱུར་ཏེ་བར་དུ་མ་བསྐལ་པའི་ཕྱིར་རོ་ཞེས་བྱ་བ་དང༌། ཡང་དེ་ཉིད་ལས། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །ཐུབ་པའི་ཆོས་ལས་ཆེས་བསྲིངས་ཉམས་པར་བྱས་པ་ཡིན། །དེ་
ལྟ་ན་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིན་གཞན་དུ་འགྲོ་ན་དཔྱད་པར་རིགས་ཞེས་དང༌། ཆོས་མངོན་པའི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་
ཕྱིར་མིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །གཉིས་པ་ནི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་བཀའ་གང་ལས་བརྩམས་ཏེ་རིགས་པར་སྨྲ་བའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ལེགས་པར་བཀྲལ་བའི་བསྟན་བཅོས་ལ་མངོན་སུམ་དང༌། རང་དོན་རྗེས་
เล่ม ๒๑๓ · หน้า 139b
དཔག །གཞན་དོན་རྗེས་དཔག །གཞན་སེལ་དཔེ་དང༌། ལྟག་ཆོད་བརྟག་པ་སྟེ་དྲུག་ཏུ་བསྡུས་ནས་སྟོན་པ་ཚད་མའི་མདོ་ལྟ་བུའམ། དེའི་དགོངས་འགྲེལ་རབ་ཏུ་བྱེད་པ་སྡེ་བདུན་ལྟ་བུའམ། བརྟག་པ་སྡེ་བདུན་ནམ། གྲུབ་པ་སྡེ་བརྒྱད་དམ། རྗེས་འབྲེལ་བདུན་ལ་སོགས་པའོ། །དེ་ལ་རབ་ཏུ་
བྱེད་པ་སྡེ་བདུན་ནི། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང༌། གྱེས་པ་ཡན་ལག་དང་འདྲ་བའི་བསྟན་བཅོས་བཞིའོ། །དང་པོ་ལ་གང་ཟག་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་ཡང་དག་པའི་ཤེས་པ་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཐབས་སྟོན་པའི་བསྟན་བཅོས་ནི་རིམ་པ་བཞིན་དུ་རིགས་
པའི་ཐིགས་པའི་རབ་ཏུ་བྱེད་པ་དང༌། ཚད་མ་རྣམ་པར་ངེས་པ་དང༌། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཏེ་གསུམ་མོ། །དེའི་དང་པོ་ནི་དབང་པོ་རབ་མགོ་སྨོས་པ་ཙམ་གྱིས་དོན་རྟོགས་པའི་དབང་དུ་བྱས་ནས་རང་ལུགས་སྙིང་པོ་ཙམ་མ་གཏོགས་གཞན་སུན་འབྱིན་ལ་སོགས་པ་མེད་པའི་
རིགས་པའི་ཐིགས་པའི་རབ་ཏུ་བྱེད་པ་ལེའུ་གསུམ་པའི་བདག་ཉིད་ཅན་ཏེ། དེའང་ལེའུ་དང་པོ་མངོན་གྱུར་རྟོགས་པར་བྱེད་པའི་ཐབས་ཏེ། དེ་ལའང་དབང་པོའི་ཤེས་པའམ་མངོན་སུམ་དང༌། དེ་བཞིན་དུ་ཡིད་ཀྱི་ཤེས་པ་དང༌། རང་རིག་པ་དང༌། རྣལ་འབྱོར་པའི་ཤེས་པའམ་མངོན་སུམ་སྟེ་
བཞིའི་སྒོ་ནས་གཏན་ལ་འབེབས་ཤིང༌། དེའི་ཡུལ་ནི་རང་གི་མཚན་ཉིད་དེ། ཇི་སྐད་དུ། ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་བསྟན་ཏོ། །ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ་ཞེས་སོགས་མངོན་སུམ་གྱི་ལེའུ་དང༌། ལེའུ་
གཉིས་པ་ལྐོག་གྱུར་གྱི་འཇལ་བྱེད་སྒྲུབ་བྱེད་དང་དངོས་སྟོབས་རྗེས་དཔག་གི་རྟེན། འབྲས་བུའི་དང་རང་བཞིན་དང་མ་དམིགས་པའི་གཏན་ཚིགས་གསུམ་སྟེ། ཇི་སྐད་དུ། དེ་ལ་རང་གི་དོན་གྱི་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པའི་རྟགས་ལས་ཤེས་པ་གང་ཡིན་པའོ་ཞེས་སོགས་རང་གི་དོན་གྱི་
རྗེས་སུ་དཔག་པའི་ལེའུ་དང༌། ལེའུ་གསུམ་པ་གཞན་རྗེས་སུ་འཛིན་པའི་ཡན་ལག་ལ་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་རྟགས་བརྗོད་པ་སྟེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེས་སོགས་གཞན་དོན་རྗེས་སུ་དཔག་པའི་ལེའུ་རྣམས་སོ། །འབྲིང་རྣམ་པར་ངེས་པ་ལ་ཡང་ལེའུ་གསུམ་གྱི་
เล่ม ๒๑๓ · หน้า 140a
བདག་ཉིད་ཅན་ཏེ། དེ་ཡང་ལེའུ་དང་པོས་དབང་མངོན་ཡིད་མངོན་རང་རིག་མངོན་སུམ་རྣལ་འབྱོར་མངོན་སུམ་རྣམས་སྟོན་པ་མངོན་སུམ་ལེའུ། གཉིས་པ་རང་དོན་ལེའུ། གསུམ་པ་གཞན་དོན་ལེའུ་རྣམས་སོ། །རྒྱས་པ་ཚད་མ་རྣམ་འགྲེལ་ལེའུ་བཞིའི་བདག་ཉིད།
ལེའུ་དང་པོ་རང་གི་གཞལ་བྱ་རྟོགས་པར་བྱེད་པའི་ཐབས་ཀྱི་ནང་ནས་ལྐོག་གྱུར་རྟོགས་བྱེད་ཀྱི་རྟགས་ཡང་དག་གསུམ་གྱི་སྒོ་ནས་རྟགས་ཀྱི་མཚན་ཉིད་དང༌། དེའི་ལྡོག་པ་གཏན་ཚིགས་ལྟར་སྣང་དང་བཅས་པའི་དོན་གཏན་ལ་འབེབས་པར་བྱེད་པ་ལ། ཕྱོགས་ཆོས་དེ་ཆེས་ཁྱབ་པ་ཡི། །གཏན་ཚིགས་
དེ་ནི་རྣམ་གསུམ་ཉིད། །ཅེས་སོགས་རང་དོན་གྱི་ལེའུ། ལེའུ་གཉིས་པ་སྟོན་པ་ཚད་མར་གྱུར་པ་གང་ལས་གཤེགས་པའི་ལམ་རྒྱས་པར་སྟོན་པར་བྱེད་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །ཞེས་སོགས་ཚད་མ་གྲུབ་པའི་ལེའུ་དང༌། ལེའུ་གསུམ་པ་མངོན་
གྱུར་རྟོགས་པར་བྱེད་པའི་ཐབས་མངོན་སུམ་བཞི་གཏན་ལ་འབེབས་པར་བྱེད་པ་ལ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་བྱ་བ་ལ་སོགས་པས་མངོན་སུམ་གྱི་ལེའུ་དང༌། ལེའུ་བཞི་པ་གཞན་རྗེས་སུ་འཛིན་པའི་ཡན་ལག་ལ། གཞན་དོན་རྗེས་སུ་
དཔག་པའི་མཚན་ཉིད་དང༌། དེའི་དབྱེ་བ་དང༌། དེ་ལ་ལོག་པར་རྟོགས་པ་སྤང་བའི་ཚུལ། །བྱེ་བྲག་ཏུ་སོ་སོའི་སྒོ་ནས་རྒྱས་པར་སྟོན་པ། །གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །བདག་མཐོང་མིན་ཡང་གཞན་དག་གི། །ཞེས་སོགས་གཞན་དོན་ལེའུ་རྣམས་ཏེ་གསུམ་མོ། །གཉིས་པ་གྱེས་པ་ཡན་
ལག་ལྟ་བུའི་བསྟན་བཅོས་བཞི་ནི། མངོན་སུམ་ལེའུ་ལས་འཕྲོས་པ་ནི་མེད་ལ། རང་དོན་རྗེས་དཔག་ལས་འཕྲོས་ནས་ཕྱོགས་ཆོས་ཁྱབ་པ་སྤྱིར་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ་དང༌། རྟོགས་དཀའ་བ་ཁྱབ་པའམ་ལྟག་ཆོད་ཀྱི་འབྲེལ་པ་གཏན་ལ་འབེབས་པས་འབྲེལ་པ་བརྟག་པ་སྟེ་
གཉིས་སོ། །གཞན་དོན་ལེའུ་ལས་འཕྲོས་ནས་དག་ལས་གཞན་བློ་རྟོགས་པ་ཐ་སྙད་དུ་སེམས་ཙམ་ལའང་མི་འགལ་བར་སྟོན་པ་རྒྱུད་གཞན་གྲུབ་པ་དང༌། རྒོལ་ཕྱིར་རྒོལ་རྩོད་པ་དང༌། རྒྱལ་འཕམ་ཚར་བཅད་ཀྱི་གནས་སྟོན་པ་རྩོད་པའི་རིག་པའི་བསྟན་བཅོས་དང་གཉིས་ཏེ་བསྡོམས་པས་སྡེ་བདུན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด