དཀར་ཆག
ชื่อนี้มาจากชื่อไฟล์ของเล่มในต้นทาง
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๑๓ · หน้า 140b
རྩ་འགྲེལ་དང་བཅས་པ་ལྟ་བུའོ། །དེ་དག་ལ་སོགས་པའི་རྟོག་གེའི་བསྟན་བཅོས་རྣམས་བོད་དག་མངོན་པའི་སྡེ་སྣོད་དུ་སྨྲ་བ་ནི་མི་འཐད་དེ། རྟོག་གེ་ནི་གཏན་ཚིགས་རིག་པའི་བསྟན་བཅོས་ཡིན་ལ། མངོན་པ་ནི་ནང་རིག་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ན། དེ་དག་ལུང་
ལ་མི་བརྟེན་པར་བཤད་པའི་ཕྱིར་ཏེ། མགོན་པོ་བྱམས་པས། རྟོག་གེ་བརྟན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་གསུངས་ཤིང༌། མངོན་པ་ནི་ཆོས་ཐམས་ཅད་ཀྱི་མ་མོ་ཡིན་པའི་ཕྱིར་དེ་ལས་ལྡོག་པའི་ཁྱད་པར་མང་དུ་ཡོད་པའི་ཕྱིར་རོ། །
ལྔ་པ་རིག་པའི་གནས་ཐམས་ཅད་ཀྱི་གཙོ་བོའམ་ཕུལ་དུ་བྱུང་བ་ནི་འཕགས་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་རིག་པའི་གནས་ལྔ་པ་ཀུན་ཤེས་པར་བྱེད་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ནང་སྟོང་པའི་བསྟན་བཅོས་ལ། ནང་དོན་རིག་པ་ལ་འཇུག་པའི་དགོས་པ་དང༌། དེ་སྟོན་པའི་བསྟན་
བཅོས་ཀྱི་རང་བཞིན་བསྟན་པའོ། །དང་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་སྐབས་སུ་བདག་ཉིད་ཐེག་པ་གསུམ་དུ་གཏོགས་པའི་འཕགས་པའི་ལམ་ཐམས་ཅད་དང༌། དེ་དག་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་བྱས་ནས་
ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པའི་སྤང་བྱ་མ་ལུས་པ་སྤོང་བའི་གཉེན་པོ་ལ་ཤིན་ཏུ་མཁས་པར་བྱ་བ་དང༌། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལ་ཤིན་ཏུ་མཁས་པར་བྱ་བ་དང༌། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཤིན་ཏུ་འདས་པའི་ཆོས་ཀྱི་
རྒྱལ་པོ་ཆེན་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱ་བ་དང༌། གང་མངོན་དུ་གྱུར་ནས་ཀྱང་ཐེག་པ་གསུམ་གྱི་རིགས་སུ་གཏོགས་པའི་གདུལ་བྱ་རྣམས་སོ་སོའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་རྗེས་སུ་འཚམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དབང་བརྙེས་པ་དམ་པའི་ཕ་རོལ་དུ་སོན་པར་བྱ་བའི་དགོས་
པ་བླ་ན་མེད་པས་ཡིད་ཡོངས་སུ་དྲངས་ནས་ཚུལ་འདི་དག་ལ་འཇུག་པར་རིགས་སོ། །དེ་ལྟར་ཡང་རྒྱན་གྱི་འགྲེལ་བཤད་ལས། ནང་རིག་པ་བྱང་ཆུབ་སེམས་དཔའ་འཚོལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་ཀྱིས་འབགས་པའི་ལམ་དང༌། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས་ཉོན་
เล่ม ๒๑๓ · หน้า 141a
མོངས་པ་སྤང་བར་བྱ་བ་དང༌། བྱས་པ་ཆུད་ཟོས་པ་དང༌། མ་བྱས་པ་འོང་བ་མེད་པ་ཕྱིན་ཅི་མ་ལོག་པ་ཤེས་པར་བྱ་བ་དང༌། གཞན་ལའང་མངོན་པར་རྒྱ་ཆེར་བསྟན་པའི་ཕྱིར་ཚོལ་བར་བྱེད་དོ་ཞེས་དང༌། མདོ་ལས། སྡུག་བསྔལ་དག་ནི་ཐམས་ཅད་དང༌། །སྒྲིབ་པ་ཀུན་སེལ་དམ་པའི་
ཆོས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ༌། །གཉིས་པ་དེ་སྟོན་པའི་བསྟན་བཅོས་ཀྱི་རང་བཞིན་བསྟན་པ་ལ་མཚན་ཉིད་ཐེག་པའི་དགོངས་པ་འགྲེལ་པའི་བསྟན་བཅོས་དང༌། སྔགས་ཀྱི་ཐེག་པའི་དགོངས་པ་འགྲེལ་པའི་བསྟན་བཅོས་སོ། །དང་པོ་ལའང་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའི་དགོངས་
པ་འགྲེལ་པའི་བསྟན་བཅོས་དང༌། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོའི་དགོངས་པ་འགྲེལ་པའི་བསྟན་བཅོས་དང༌། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོའི་དགོངས་པ་འགྲེལ་པའི་བསྟན་བཅོས་ཏེ་གསུམ་མོ། །དང་པོ་ལ་ལྟ་བའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་དང༌།
སྤྱོད་པའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་གཉིས་ལས། དང་པོ་ལྟ་བའི་ཆ་གསལ་བར་བྱེད་པ་ནི་ཉན་ཐོས་པའི་ཐུན་མོང་མ་ཡིན་པའི་འདུལ་བ་མངོན་པ་སྡེ་བདུན་ཏེ། དེ་ཡང་ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མཽང་གལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་
བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་ངུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་པ་ལྟར་བདུན་ཏེ། འདི་དག་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་བཀའ་ཡིན་པར་འདོད་དེ། རྒྱུ་མཚན་གང་གི་ཕྱིར་ན། བཅོམ་
ལྡན་འདས་ཀྱིས་ཡུལ་ཐ་དད་པ་དང༌། དུས་ཐ་དད་པ་དང༌། གང་ཟག་ཐ་དད་པ་དག་ཏུ་རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་འཐོར་བུའི་ཚུལ་དུ་གསུངས་པ་རྣམས་དགྲ་བཅོམ་པ་བདུན་གྱིས་བསྡུས་པ་ཡིན་ནོ། །གལ་ཏེ་དེ་ལྟར་མ་ཡིན་ན་བཀའ་ལ་སྡེ་སྣོད་གསུམ་མ་ཚང་བར་འགྱུར་བའི་སྐྱོན་ཡོད་དོ་ཞེས་ཟེར་རོ། །མདོ་སྡེ་པ་ཡན་
ཆད་ནི། བཅོམ་ལྡན་འདས་ཀྱི་བཀའ་གང་ལ་ནི་མངོན་པའི་སྡེ་སྣོད་མ་ཚང་བའི་སྐྱོན་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མདོ་སྡེ་དང་འདུལ་བ་གཉིས་ཀའི་སྤྱི་ཁྱབ་ཏུ་བསྟན་པའམ་གསེབ་ཚགས་རྣམས་ནས་བསྟན་པའི་ཕྱིར་རོ། །དེས་ན་འདི་དག་ནི་བསྟན་བཅོས་ཡིན་ནོ་ཞེས་གསུང་ངོ༌། །བདུན་པོ་དེ་
เล่ม ๒๑๓ · หน้า 141b
དག་གི་དགོངས་པ་འགྲེལ་པར་བྱེད་པ་ནི་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་ག་ལ་བ་དེར་འཕགས་པ་ཉེར་སྦས་ཀྱི་སློབ་མ་ཟླ་བ་ནོར་བུ་ཞེས་བྱ་བ་ལ་སོགས་པའི་དགྲ་བཅོམ་པའི་དགེ་འདུན་ལྔ་བརྒྱས་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཆེན་པོ་ཞེས་བྱ་བ་གཞུང་གི་ཚད་
ཤླཽ་ཀ་འབུམ་ཕྲག་གཅིག་ཡོད་པ་ཞིག་མཛད་དོ། །ཕྱིས་སློབ་དཔོན་དེ་རྣམས་ལས་རིམ་པར་བརྒྱུད་དེ། སློབ་དཔོན་དབྱིག་གཉེན་གྱིས་གསན་ནས། བསྟན་བཅོས་དེ་ཐམས་ཅད་ཀྱི་བརྗོད་པར་བྱ་བའི་སྙིང་པོ་མ་ལུས་པ་བསྡུས་ནས། ཐེག་པ་དམན་པའི་ལུགས་སུ། ཆོས་མངོན་པ་མཛོད་ཀྱི་ཚིག་
ལེའུར་བྱས་པ་ཞེས་བྱ་བ་གནས་བརྒྱད་དང་ལྡན་པའི་བདག་ཉིད་ཅན་གྱི་བསྟན་བཅོས་ཆེན་པོ་འདི་མཛད་དོ། །དེའང་འདིའི་བརྗོད་བྱའི་གནས་དང་པོས་ནི་ཤེས་པར་བྱ་བའི་གནས་ཐམས་ཅད་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཆོས་ཀྱི་ཚོགས་གཉིས་སུ་བསྡུས་ཏེ་མདོར་བསྟན་ནས། ཡན་
ལག་རྒྱས་པར་བཤད་པ་འདུས་བྱས་ཀྱི་རྣམ་པར་གཞག་པ་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རྣམ་པར་གཞག་པ་སྤྱིར་བསྟན་ནས། ཆོས་ཐམས་ཅད་དེ་གསུམ་གྱིས་ཇི་ལྟར་བསྡུས་པའི་ཚུལ་དང༌། ཁམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་རྒྱས་པར་སྟོན་པ་ཁམས་བསྟན་པའི་མཛོད་དོ། །གནས་
གཉིས་པས་ནི་དབང་པོ་རྣམས་ཀྱི་རང་བཞིན་དང༌། འདུས་བྱས་ཀྱི་ཆོས་རྣམས་ཀྱི་སྐྱེ་བའི་ཚུལ་དང༌། རྒྱུ་རྐྱེན་འབྲས་བུ་དང་བཅས་པ་སྟོན་པ་དབང་པོ་བསྟན་པའི་མཛོད་དོ། །གནས་གསུམ་པ་འབྲས་བུ་སྡུག་བསྔལ་གྱི་བདེན་པའི་སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་སེམས་ཅན་དང༌། འགྲོ་
བའི་དབྱེ་བ་དང༌། སྐྱེ་བའི་ཚུལ་གྱི་རྟེན་འབྲེལ་དང༌། སྐྱེས་པ་གནས་པའི་རྐྱེན་དང༌། གནས་པ་འཆི་འཕོ་བའི་སེམས་དང༌། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་རྣམས་ཀྱི་སྒོ་ནས་བརྟེན་པ་སེམས་ཅན་གྱི་འཇིག་རྟེན་དང༌། རྟེན་སྣོད་ཀྱི་འཇིག་རྟེན་དང༌། དེ་དག་གི་ཚད་དང་འཇལ་བྱེད་ལ་སོགས་
པ་སྟོན་པ་འཇིག་རྟེན་བསྟན་པའི་མཛོད་དོ། །གནས་བཞི་པས་ནི་འཇིག་རྟེན་སྣ་ཚོགས་སུ་སྐྱེ་བའི་རྒྱུ་ཀུན་ནས་འབྱུང་བའི་བདེན་པ་གཏན་ལ་དབབ་པ་ལ་སོགས་པ་སྟོན་པ་ལས་བསྟན་པའི་མཛོད་དོ། །གནས་ལྔ་པ་ཀུན་ནས་འབྱུང་བའི་ལས་ཀྱི་འབྲས་བུ་འབྱིན་པར་བྱེད་པ་ནི་ཕྲ་རྒྱས་ལ་རག་ལས་སོ་
เล่ม ๒๑๓ · หน้า 142a
ཞེས་ཤེས་པའི་ཆེད་དུ་དེ་དག་སྟོན་པ་ཕྲ་རྒྱས་བསྟན་པའི་མཛོད་དོ། །གནས་དྲུག་པས་ནི་ཀུན་ནས་འབྱུང་བའི་ལས་དང་ཉོན་མོངས་པ་དེ་དག་གི་རྒྱུན་འགོག་པར་བྱེད་པའི་གཉེན་པོ་ཉིད་ནི་ལམ་དང་གང་ཟག་ལ་རག་ལས་སོ་ཞེས་ཤེས་པའི་ཆེད་དུ་རྣམ་པར་
གྲོལ་བའི་ལམ་དང་གང་ཟག་བསྟན་པའི་མཛོད་དོ། །གནས་བདུན་པས་ནི་མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་སྤངས་པའི་འབྲས་བུ་ཤེས་པ་རྣམ་པ་བཅུ་ཤེས་པ་དང་ལྡན་པ་དང༌། འཐོབ་པ་དང༌། སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་བརྗོད་པ་ཡེ་ཤེས་བསྟན་པའི་མཛོད་དོ། །
གནས་བརྒྱད་པས་ནི། འཇིག་རྟེན་པ་དང་ཐུན་མོང་བའི་ཡོན་ཏན་བསམ་གཏན་དང༌། གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་དབྱེ་བ་བསྟན་པ་སྙོམས་པར་འཇུག་པ་བསྟན་པའི་མཛོད་དེ། འདི་ལ་སློབ་དཔོན་རང་ཉིད་ཀྱིས་མཛད་པའི་རང་འབྲེལ་དང་བཅས་པ་ལྟ་བུའོ། །གཉིས་པ་སྤྱོད་པའི་ཆ་
གསལ་བར་བྱེད་པ་ནི། འདི་ལྟར། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་པགས་དང༌། །སྨན་དང་གོས་དང་སྲ་བརྐྱང་དང༌། །ཀོ་ཤམྦྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །གནས་མལ་དང་ནི་རྩོད་པ་དང༌། །
དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་ལུང་བར་སྡོམ་ལས་འབྱུང་བའི་གཞི་བཅུ་བདུན་གྱི་གོ་རིམ་སྨོས་པ་དག་དང་ཅུང་ཟད་མི་འདྲ་བའི་ཁྱད་པར་མིན་པ་གཞན་ལུང་གཞི་ནས་བྱུང་བའི་དོན་རྣམས་ནི་གཞུང་གི་ཚུལ་དུ་བཤད། ལུང་རྣམ་པར་འབྱེད་པ་ལས་བྱུང་བ་རྣམས་ནི་
འགྲེལ་པའི་ཚུལ་དུ་མཛད། ལུང་ཕྲན་ཚེགས་ནས་བྱུང་བ་རྣམས་ནི་ཁ་སྐོང་བའི་ཚུལ་དུ་བཤད། ཞུ་བའི་སྐབས་སུ་ལུང་བླ་མ་ནས་བྱུང་བ་རྣམས་དོགས་གཅོད་ཀྱི་ཚུལ་དུ་བཤད་དེ། མདོར་ན་ལུང་སྡེ་བཞིའི་བརྗོད་བྱའི་སྙིང་པོ་མཐའ་དག་ཚང་ལ་མ་ནོར་བར་སྟོན་པ་སྟེ། གཞུང་འདི་ཉིད་ཀྱི་གཤམ་
དུ་ཡང་འདུལ་བའི་མདོ་ཞེས་བྱ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ། འདུལ་བ་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་པ། འདུལ་བའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུ་ཞེས་མངོན་པར་བསྔགས་པའི་གཞུང་འདི་ལ་
เล่ม ๒๑๓ · หน้า 142b
ལེའུའི་ཐ་སྙད་མ་མཛད་ཅིང༌། བཀའ་ལུང་གི་འཁྲུགས་པ་གོ་རིམས་སུ་བསྡེབས་ནས་འཆད་པར་བྱེད་པ་འདུལ་བ་མདོ་རྩ་ཞེས་བྱ་བ་གཞུང་ཚིག་ལྷུག་བམ་པོ་དགུ་ཤླཽ་ཀ་ཉིས་སྟོང་དང་བདུན་བརྒྱ་པ་སྟེ། གཞུང་འདིས་བསྟན་པར་བྱ་བ་ཉིད་ནི་གཞི་བཅུ་བདུན་ཉིད་དོ། །དེའང་དང་པོ་རབ་བྱུང་
གི་གཞིས་ནི། སྔར་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་འབོག་པའི་ཆོ་ག་ལ་སྔོན་གྱི་ཆོ་ག་ཞེས་པ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཅིག་ཅར་དུ་སྒྲུབ་པའི་ཐབས་དང༌། ད་ལྟར་གྱི་ཆོ་ག་ཞེས་པ་གསོལ་བ་དང་གཞིའི་ལས་ཀྱིས་རིམ་ཅན་དུ་སྒྲུབ་པའི་ཐབས་དང༌། འབུལ་བའི་ཆོ་ག་དང༌།
ཐོབ་པ་མི་ཉམས་པར་སྲུང་བའི་ཐབས་སུ་དགེ་སློང་ཕ་མའི་བསླབ་པར་བྱ་བ་ལ་སློབ་པ་ལ་སོགས་པ་རབ་བྱུང་གི་གཞི་ཀུན་ལ་ཉེ་བར་མཁོ་བ་རྣམས་སྟོན་ཏོ། །གཉིས་པ་གསོ་སྦྱོང་གི་གཞིས་ནི། གསོ་སྦྱོང་བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། གནོད་པ་ཞི་བའི་གསོ་སྦྱོང་དང༌། མཐུན་པའི་གསོ་
སྦྱོང་དང༌། བཀྲ་ཤིས་པའི་གསོ་སྦྱོང་དང༌། ཞི་གནས་ཀྱི་གསོ་སྦྱོང་དང་བཅས་པའི་དབྱེ་བསྡུ་ལ་སོགས་པ་བསྟན་ཏོ། །གསུམ་པ་དབྱར་གནས་པའི་གཞིས་ནི། དབྱར་གནས་པའི་གཞི་དང༌། དགོས་པ་དང༌། གང་ཟག་དང༌། དུས་དང༌། གནས་དང༌། ཡུན་དང༌། བསམ་པ་དང༌། ཆོ་ག་དང༌།
ཁས་ལེན་ཇི་ལྟར་བྱ་བ་རྣམས་སྟོན་ཏོ། །བཞི་པ་དགག་དབྱེའི་གཞིས་ནི། ཡུལ་དང༌། གང་ཟག་དང༌། བྱེད་པ་པོ་དང༌། དངོས་པོ་དང༌། དུས་དང༌། བསམ་པ་དང༌། ཆོ་ག་དང༌། དགོས་ཆེད་ལ་སོགས་པ་སྟོན་ཏོ། །ལྔ་པ་སྲ་བརྐྱང་གི་གཞིས་ནི། སྲ་བརྐྱང་འདིང་བ་དང༌། བརྐྱང་བའི་ཚུལ་དང༌།
དབྱུང་བའི་ཆོ་ག་ལ་སོགས་པ་སྟོན་ཏོ། །དྲུག་པ་གོས་ཀྱི་གཞིས་ནི། གོས་ཇི་ལྟར་སྒྲུབ་པ་དང༌། གོས་ཀྱི་རྒྱུ་དང༌། རྒྱུ་དེ་ལས་གྲུབ་པའི་གོས་ཀྱི་རྣམ་པར་གཞག་པ་ལ་སོགས་པས་སྟོན་ཏོ། །བདུན་པ་ཀོ་པགས་ཀྱི་གཞིས་ནི། ཡུལ་དབུས་དང༌། མཐའ་འཁོབ་ཀྱི་མཚམས་སུ་བཅང་བའི་
ཚུལ་ལ་སོགས་པ་སྟོན་ཏོ། །བརྒྱད་པ་སྨན་གྱི་གཞིས་ནི། སྨན་རྣམ་པ་བཞིར་དབྱེ་བ་དང༌། མཚན་གཞི་དང༌། མཚན་ཉིད་དང༌། དགོས་པ་དང༌། སྒྲ་དོན་དང༌། བརྟེན་པའི་ཚུལ་ལ་སོགས་པས་སྨན་ཇི་ལྟར་སྒྲུབ་པ་དང༌། སྨན་གྱི་སྣོད་དང༌། བསྟེན་པའི་གང་ཟག་དང༌། གཞག་པའི་
เล่ม ๒๑๓ · หน้า 143a
གནས་དང༌། རུང་བའི་ཁང་པ་དང༌། སྨན་ལ་འཇུག་པའི་ཚུལ་ལ་སོགས་པ་སྟོན་ཏོ། །དགུ་པ་ལས་ཀྱི་གཞིས་ནི། ལས་དངོས་དང༌། གང་ཟག་དང་འབྲེལ་པའི་ལས་ཞར་བྱུང་དང་བཅས་པ་རྒྱས་པར་སྟོན་ཏོ། །བཅུ་པ་ཕྱིར་བཅོས་ཀྱི་གཞིས་ནི། མི་མོས་པ་
ནན་ཏུར་གྱིས་ཕྱིར་བཅོས་སུ་འཇུག་པ་ནན་ཏུར་དང༌། ཕྱིར་བཅོས་ཀྱི་རྣམ་པར་གཞག་པ་དང་བཅས་པ་སྟོན་ཏོ། །བཅུ་གཅིག་པ་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞིས་ནི། འཆབ་པའི་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་གི་ཡན་ལག་རྣམས་སྟོན་ཏོ། །བཅུ་གཉིས་
པས་གཞན་ན་གནས་པ་སྤྱོད་པའི་གཞིས་ནི། དེའི་དབྱེ་བསྡུ་དང༌། གྲལ་དང༌། བསླབ་བྱ་དང༌། སྒྲ་དོན་ལ་སོགས་པ་བསྟན་ཏོ། །བཅུ་གསུམ་པ་ཡོངས་སུ་སྦྱོང་བའི་གཞིས་ནི། ཡུལ་དང༌། གླེང་བ་དང༌། གང་ཟག་དང༌། བསམ་པ་དང༌། དངོས་པོ་དང༌། དུས་དང༌། ཆོ་ག་དང༌། དགོས་ཆེད་དང༌།
ཇི་ལྟར་སྒྲུབ་པ་རྣམས་ཀྱིས་བཤད་དོ། །བཅུ་བཞི་པ་ལས་བྱེ་བའི་གཞིས་ནི། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པ་རྣམས་ཀྱིས་ཞི་བར་བྱ་བ་དང༌། དགེ་འདུན་བྱེ་བའི་རྒྱུ་སྤོང་བ་དང་གཉེན་པོ་བསྟེན་པ་དག་གིས་བྱེ་བ་ཞི་བར་བྱེད་པའི་ཆོ་ག་རྣམས་སྟོན་ཏོ། །བཅོ་ལྔ་པ་འཁོར་ལོ་བྱེ་བའི་
གཞིས་ནི། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པ་དང༌། ཉེས་དམིགས་ལ་སོགས་པས་བྱེ་བ་ཞི་བར་བྱ་བ་དང་ཞི་བར་བྱེད་པའི་ཐབས་རྣམས་སྟོན་ཏོ། །བཅུ་དྲུག་པ་རྩོད་པའི་གཞིས་ནི། འཁྲུག་ལོང་གི་རྒྱུའི་དབྱེ་བ་ཞི་བར་བྱ་བ་དང་ཞི་བར་བྱེད་པ་དག་སྟོན་ཏོ། །བཅུ་བདུན་པ་
གནས་མལ་གྱི་གཞིས་ནི། སོ་སོར་ཐར་པའི་སྡོམ་པས་མཆོག་ཏུ་གྱུར་པ་ལ་ཕྱག་བྱ་བ་དང་མི་བྱ་བའི་ཚུལ་དང་གཙུག་ལག་ཁང་བརྩིགས་པའི་ཐབས་ལ་སོགས་པ་དང༌། གཙུག་ལག་ཁང་བསྐྱང་བའི་ཆོ་ག་དང༌། ལོངས་སྤྱོད་ཀྱི་རྣམ་པ་ཇི་ལྟར་བྱ་བ་རྣམས་དང་བཅས་པ་སྟོན་པའི་གཞུང་དེ་ལྟ་
བུའམ། འདུལ་བ་ལུང་རྣམ་པར་འབྱེད་པ་གཞིར་བྱས་ནས་གཞན་ཇི་ལྟར་རིགས་པར་སྦྱར་ནས་འཆད་པ་མེ་ཏོག་ཕྲེང་རྒྱུད་དམ་སུམ་བརྒྱ་པ་ལ་སོགས་ལྟ་བུའོ། །གཉིས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ། ལྟ་བའི་ཆ་
เล่ม ๒๑๓ · หน้า 143b
གསལ་བར་བྱེད་པའི་བསྟན་བཅོས་དང༌། སྤྱོད་པའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་ཏེ་གཉིས་སོ། །དང་པོ་ལྟ་བའི་ཆ་གསལ་བར་བྱེད་པ་ནི། ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞིའམ་གཉིས་རྗེས་འབྲང་དང་བཅས་པ་སྟེ། དེའང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་མདོའི་ཕྱོགས་ཀྱི་ལམ་གྱི་གཙོ་བོ་
ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེའི་ནང་ནས་མཐར་ཐུག་པར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། མགོན་པོ་མི་ཕམ་པས། བློ་ལྡན་རྒྱལ་བའི་ཡུམ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །ཞེས་དང༌། སྡུད་པའི་འགྲེལ་པ་ལས། སྤྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པའི་མདོ་དངོས་ཀྱིས་ནི་ཐེག་པ་གསུམ་ཆར་གྱི་ལམ་བསྟན་པ་ཡིན་ཏེ། འདི་ལྟར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཤིང༌། མཐར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
ལས་ཐེག་པ་གསུམ་པོ་རྒྱ་ཆེར་བསྟན་ཏོ་ཞེས་གསུངས་པས་སོ། །དེ་དག་དང་མཐུན་པར་མངོན་པར་རྟོགས་པར་རྒྱན་གྱི་མཆོད་པར་བརྗོད་པའི་སྐབས་ནས་ཀྱང༌། ཡུམ་གྱི་གླེང་གཞི་དང་མཐུན་པར་ཐེག་པ་གསུམ་ཆར་གྱི་ལམ་བསྟན་པའི་དབང་དུ་བཞེད་ནས། མཁྱེན་གསུམ་གྱི་ཡོན་ཏན་
ལ་བསྔགས་པའི་མཆོད་པར་བརྗོད་པ་འབྱུང་བ་ཡིན་ཞིང༌། ལུས་ཀྱི་སྐབས་སུ་ནི་ཐེག་པ་ཆེན་པོའི་ལམ་ཁོ་ན་བསྟན་པ་ཡིན་ཏེ། གཞན་གྱིས་མྱོང་བ་མ་ཡིན་ཏེ་ཞེས་དང༌། མངོན་པར་རྟོགས་པ་བརྒྱད་དམ་ཡང་ན་ཡུལ་གསུམ་གཅིག་ཏུ་བྱས་པའི་དྲུག་གི་ལམ་རིམ་ནི་ཐེག་པ་གཞན་ཡོད་པ་མ་
ཡིན་པའི་ཕྱིར་རོ། །རྟོགས་རིགས་ཀྱི་དབང་དུ་བྱས་ན། ལུས་ཀྱི་སྐབས་སུ་ཡང་ཐེག་པ་གསུམ་ཆར་གྱི་ལམ་བསྟན་པས་མངོན་པ་མཐའ་དག་བསྡུས་པ་འཕགས་པ་དེ་གཉིས་ཀྱིས་གསུངས་པའི་དགོངས་པ་ཡིན་པར་གསུངས་སོ། །དེ་བཞིན་དུ་དབུ་མ་རིགས་པའི་ཚོགས་ཀྱིས་ཀྱང༌། ཐེག་
པ་གསུམ་ག་དག་གི་བྱང་ཆུབ་ཐོབ་པའི་ཐབས་སུ། གཟུགས་ནི་རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་སོགས་རྒྱ་ཆེར་དངོས་སུ་བསྟན་པའི་སྐྱེ་མེད་ཀྱི་དོན་གཏན་ལ་འབེབས་པར་བྱེད་དེ། མདོ་ལས། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་
เล่ม ๒๑๓ · หน้า 144a
པའི་སྒྲུབ་བྱེད་དུ། རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེགས་མ་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང༌། གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་དང༌། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་དང༌། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་རིགས་པ་རྣམས་
གསུངས་པའི་ཕྱིར་རོ། །དེ་དག་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་སྦས་དོན་མངོན་པར་རྟོགས་པའི་རིམ་པ་གཏན་ལ་འབེབས་པའི་བསྟན་བཅོས་དང༌། དངོས་བསྟན་སྟོང་པ་ཉིད་ཀྱི་རིམ་པ་གཏན་ལ་འབེབས་པའི་བསྟན་བཅོས་ཞེས་བྱ་བའི་ཤིང་རྟའི་སྲོལ་ཆེན་པོ་གཉིས་ཀྱི་རྣམ་པར་གཞག་པའི་ཐ་སྙད་
མཛད་པ་ཡིན་ཞིང༌། དོན་ལ་ཡང་ཤིན་ཏུ་ཡང་དག་པར་གནས་པ་ཉིད་དེ། དངོས་པོ་རྣམ་པ་བརྒྱད་པོ་དོན་བདུན་ཅུའི་ནང་གསེས་ཀྱི་དབྱེ་བ་དང་བཅས་པ་འདི་དག་ནི་མདོའི་ཤུགས་ཀྱིས་བསྟན་པའམ་སྦས་པའི་དོན་ཡིན་ལ། དེ་བཞིན་དུ་གཟུགས་ལ་སོགས་པ་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་སོགས་པ་
ནི་མདོ་ལས་དངོས་སུ་བསྟན་པའི་བརྗོད་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེས་ན་མདོ་འདིས་དངོས་སུ་བསྟན་པའི་སྟོང་ཉིད་བཅུ་དྲུག་ལ་སོགས་པ་སྟོང་པ་ཉིད་ཀྱི་རིམ་པ་གསལ་བར་བྱེད་པ་ནི་དབུ་མ་རིགས་པའི་ཚོགས་རྗེས་སུ་འབྲང་བ་དང་བཅས་པ་སྟེ། དེ་ལ་ཡང་རང་གཞན་གྱི་སྡེ་པ་གཉིས་ཀའི་
བསྒྲུབ་བྱ་བདེན་དངོས་ཐུན་མོང་དུ་དགག་པ་དབུ་མ་རྩ་བའི་ཤེས་རབ་ཅེས་བྱ་བ་ལེའུའི་གནས་སུ་རབ་ཏུ་བྱེད་པའི་ཐ་སྙད་བཏགས་པའི་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་གྱི་བདག་ཉིད་དང་ལྡན་པའི་རབ་ཏུ་བྱེད་པ་དང་པོ་རྐྱེན་བརྟག་པ། གཉིས་པ་འགྲོ་འོང་བརྟག་པ། གསུམ་པ་དབང་པོ་བརྟག་པ།
བཞི་པ་ཕུང་པོ་བརྟག་པ། ལྔ་པ་ཁམས་བརྟག་པ། དྲུག་པ་མངོན་པར་འདོད་པས་ཆགས་པ་བརྟག་པ། བདུན་པ་སྐྱེ་གནས་འཇིག་པ་བརྟག་པ། བརྒྱད་པ་བྱེད་པ་པོ་བརྟག་པ། དགུ་པ་སྔ་རོལ་ན་གནས་པ་བརྟག་པ། བཅུ་པ་མེ་དང་བུད་ཤིང་བརྟག་པ། བཅུ་གཅིག་པ་སྔོན་དང་ཕྱི་མའི་
མཐའ་བརྟག་པ། བཅུ་གཉིས་པ་བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ། བཅུ་གསུམ་པ་འདུ་བྱེད་བརྟག་པ། བཅུ་བཞི་པ་ཕྲད་པ་བརྟག་པ། བཅོ་ལྔ་པ་རང་བཞིན་བརྟག་པ། བཅུ་དྲུག་པ་བཅིངས་པ་ཐར་པ་བརྟག་པ། བཅུ་བདུན་པ་ལས་བརྟག་པ། བཅོ་བརྒྱད་པ་
เล่ม ๒๑๓ · หน้า 144b
བདག་དང་ཆོས་བརྟག་པ། བཅུ་དགུ་པ་དུས་བརྟག་པ། ཉི་ཤུ་པ་ཚོགས་པ་བརྟག་པ། ཉེར་གཅིག་པ་འབྱུང་བ་དང་འཇིག་པ་བརྟག་པ། ཉེར་གཉིས་པ་དེ་བཞིན་གཤེགས་པ་བརྟག་པ། ཉེར་གསུམ་པ་ཕྱིན་ཅི་ལོག་བརྟག་པ། ཉེར་བཞི་པ་འཕགས་པའི་བདེན་པ་བརྟག་པ། ཉེར་ལྔ་
པ་མྱ་ངན་ལས་འདས་པ་བརྟག་པ། ཉེར་དྲུག་པ་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ། ཉེར་བདུན་པ་ལྟས་བརྟག་པ་རྣམས་ཚིགས་སུ་བཅད་པ་བམ་པོ་ཕྱེད་དང་གཉིས། ཤླཽ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུའི་གྲངས་ཚད་དུ་བཞུགས་པ་དང༌། རང་སྡེ་དངོས་པོར་སྨྲ་བའི་འདོད་པ་བྱེ་བྲག་ཏུ་
དགག་པ་རིགས་པ་དྲུག་ཅུ་པ་ཤླཽ་ཀ་དྲུག་ཅུ་རྩ་གཉིས་ཡོད་པ་སྟེ། དེ་ལྟར་ལུས་ལྟ་བུའི་བསྟན་བཅོས་གཉིས་དང༌། གོང་གི་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་ལས་འཕྲོས་ནས་རང་བཞིན་མེད་པར་སྨྲ་བ་ལ་རིགས་པ་དང་འགལ་བ་སྤོང་བ་རྩོད་པ་བཟློག་པ་དང༌། འདུས་བྱས་བརྟག་པའི་རབ་ཏུ་བྱེད་
པ་ལས་འཕྲོས་ནས་སྐྱེ་འཇིག་མེད་པར་སྨྲ་བ་ལ་ལུང་དང་འགལ་བ་སྤོང་བ་སྟོང་ཉིད་བདུན་ཅུ་པ་སྟེ། ཡན་ལག་ལྟ་བུའི་བསྟན་བཅོས་གཉིས་དང༌། བདེན་དངོས་ཀྱི་སྒྲུབ་བྱེད་རྟོག་པའི་རིགས་པ་འགོག་པ་ཞིབ་མོ་རྣམ་པར་འཐགས་པ་སྟེ་ལྔ་ནི་འཕགས་པས་མཛད་པ་ཡིན་ལ། ཁ་ཅིག་དོན་
དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་པའི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི་མདོའི་ཤུགས་ལས་བསྟན་པའི་དོན་དམ་སྦས་པའི་དོན་གཙོ་བོར་སྟོན་པར་བྱེད་པའི་བསྟན་བཅོས་ནི་མངོན་པར་རྟོགས་པའི་རྒྱན་ཏེ། འདིས་
བསྟན་པར་བྱ་བའི་སྙིང་པོ་ནི། གཞུང་རྩ་བར། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པས་ལུས་མདོར་བསྟན། དེ་ནས། རྣམ་ཀུན་ཤེས་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་
དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་འཇུག་པའི་ཡུལ་མཁྱེན་པ་གསུམ་དང༌། འཇུག་པ་སྦྱོར་བ་བཞི་དང༌། ཞུགས་པའི་འབྲས་བུ་ཆོས་ཀྱི་སྐུ་དང་བཅས་པའི་སྐབས་རྣམ་པ་བརྒྱད་དུ་བསྡུས་ནས་བསྟན་ཏོ། །དེ་དག་ཀྱང་
เล่ม ๒๑๓ · หน้า 145a
ནང་གསེས་ཀྱི་དབང་གིས་དོན་བདུན་ཅུར་ཕྱེ་ནས་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་པའང༌། དེ་ཉིད་ལས། སེམས་བསྐྱེད་པ་དང་གདམས་ངག་དང༌། །ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་
དང༌། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་རྣམ་མཁྱེན་གྱི་ཆོས་བཅུ་དང༌། །མོག་མོག་པོར་བྱེད་ལ་སོགས་དང༌། །སློབ་མ་བསེ་རུའི་ལམ་གང་དང༌། །འདི་དང་
གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང༌། །བསྟོད་དང་བཀུར་དང་བསྔགས་པ་དང༌། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །བསྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་
སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་ལམ་ཤེས་ཀྱི་ཆོས་བཅུ་གཅིག་དང༌། །ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་
པོའི་ཕྱོགས་དག་དང༌། །སྦྱོར་དང་དེ་ཡི་མཉམ་ཉིད་དང༌། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གཞི་ཤེས་པའི་ཆོས་དགུ་དང༌། །རྣམ་པར་སྦྱོར་བར་བཅས་རྣམས་དང༌། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་
མཐུན་དང༌། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བའི་ཆོས་བཅུ་གཅིག་དང༌། དེ་ཡི་རྟགས་དང་
རྣམ་འཕེལ་དང༌། །བརྟེན་དང་སེམས་ཀུན་གནས་པ་དང༌། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་བསྒྲུབ་དང་བཅས་པ་ནི། །རྩེ་མོའི་
เล่ม ๒๑๓ · หน้า 145b
མངོན་རྟོགས་ཞེས་རྩེ་མོར་སྦྱོར་བའི་ཆོས་བརྒྱད་དང༌། མཐར་གྱིས་པ་དང༌། རྣམ་གསུམ་རྣམ་བཅུ་ཞེས་མཐར་གྱིས་སྦྱོར་བའི་ཆོས་བཅུ་གསུམ་དང༌། སྐད་ཅིག་མ། གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་སྐད་ཅིག་མའི་སྦྱོར་བའི་ཆོས་
བཞི་དང༌། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བས་ཆོས་ཀྱི་སྐུའི་ཆོས་བཞི་མདོར་བསྟན་པ་རྣམས་སོ། །ཡན་ལག་རྒྱས་པར་བཤད་པའི་སྐབས། སེམས་བསྐྱེད་
པ་ནི་གཞན་དོན་ཕྱིར། །ཞེས་བྱ་བ་ལ་སོགས་པ་དོན་བདུན་ཅུ་པོ་རེ་རེ་ནས་རྒྱས་པར་འཆད་དོ། །དེ་དག་ཀྱང་འབྲིང་དུ་བསྟན་པ་ན་ཡུལ་གསུམ་གཅིག་ཏུ་བསྡོམས་ནས་དྲུག་ཏུ་འདུ་བ་དང༌། མདོར་བསྡུས་སུ་བསྟན་པ་ན་གསུམ་དུ་འདུ་བ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་སྟོང་པ་ཉིད་ཀྱི་རིམ་
པ་གཏན་ལ་འབེབས་པའི་བསྟན་བཅོས་དང༌། མངོན་པར་རྟོགས་པའི་རིམ་པ་སྟོན་པར་བྱེད་པའི་བསྟན་བཅོས་དག་ལ་ནི་ཤིང་རྟའི་སྲོལ་ཆེན་པོ་གཉིས་ཞེས་མཁས་པའི་ཚོགས་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་ཡིན་ནོ། །ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐམས་ཅད་སྒོ་གསུམ་
རྣམ་གྲངས་བཅུ་གཅིག་གི་སྒོ་ནས་སྟོན་པ་འབུམ་ཊཱིཀ་དང༌། གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་བསྡུས་ནས་སྟོན་པ་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་བརྒྱད་སྟོང་དོན་བསྡུས་གཉིས་དང་བཅས་པའི་སྲོལ་འབྱེད་བཞིར་འདོད་དེ། དེ་ལྟར་ན་སྒོ་གསུམ་རྣམ་གྲངས་བཅུ་གཅིག་ནི། གདུལ་
བྱ་དབང་པོ་རྣོན་པོ་མགོ་སྨོས་པ་ཙམ་གྱིས་རྟོགས་པ་དང༌། དབང་པོ་འབྲིང་པོ་ཅུང་ཟད་སྤྲོས་པ་ཙམ་གྱིས་རྟོགས་པ་དང༌། ཤིན་ཏུ་སྤྲོས་པའི་ཚིག་གིས་དོན་རྟོགས་དགོས་པ་དག་གི་ངོར་རིམ་པ་བཞིན་དུ་བསྡུས་ཏེ་བསྟན་པའི་སྒོ་དང༌། འབྲིང་དུ་བསྟན་པའི་སྒོ་དང༌། རྒྱས་པར་བསྟན་པའི་སྒོ་
རྣམས་སོ། །རྣམ་གྲངས་བཅུ་གཅིག་ནི། ཤཱ་རིའི་བུ་དང་རབ་འབྱོར་ལ། །བཀའ་སྩལ་རེ་རེ་བརྒྱ་བྱིན་དང༌། །རབ་འབྱོར་བྱམས་པ་གཉིས་བཞི་གཉིས། །ཀུན་དགའ་བོ་ལ་བཀའ་སྩལ་གཅིག །དེ་ལྟར་རྣམ་གྲངས་བཅུ་གཅིག་གོ །ཞེས་པ་ལྟར་རོ། །འབུམ་ཊཱིཀ་འདི་དཾ་ཥྚ྄་སེ་ནཱས་
เล่ม ๒๑๓ · หน้า 146a
མཛད་ཟེར་མོད།(*དང་འདི་ལ་དཀར་ཆག་འཕང་ཐང་མར་ཁྲི་སྲོང་སྡེའུ་བཙན་གྱིས་མཛད་དོ་ཞེས་ཟེར།)དབྱིག་གཉེན་གྱིས་མཛད་པའི་གཞུང་འགྲེལ་དུ་རིགས་ཤིང་འདི་དང་བརྒྱད་སྟོང་དོན་བསྡུས་གཉིས་ཀྱིས་སེམས་ཙམ་བསྟན་ནོ་ཞེས་ཀུན་མཁྱེན་བུ་སྟོན་གསུང་ངོ༌། །ཁ་ཅིག་ནི་དཔའ་བོས་མཛད་པའི་འབུམ་ཊཱིཀ་ཅེས་ཀྱང་གསུང་ངོ༌།།གཙོ
བོའི་དོན་སུམ་ཅུ་རྩ་གཉིས་ནི། བརྒྱད་སྟོང་དོན་བསྡུས་ཉིད་དུ། རྟེན་དང་དབང་དུ་བྱ་བ་དང༌། །ལས་དང་བསྒོམ་པ་དང་བཅས་དང༌། །རབ་དབྱེ་རྟགས་དང་ལྟུང་བ་དང༌། །ཕན་ཡོན་བཅས་པར་ཡང་དག་
བརྗོད། །ཅེས་འབྱུང་བའི་རྟེན་ནི་སྟོན་པ་རྫོགས་པའི་སངས་རྒྱས་དང༌། དབང་དུ་བྱ་བ་ནི་འཁོར་དང༌། ལས་ནི་ཡུམ་ལ་ཆོས་སྤྱོད་རྣམ་པ་བཅུས་ཇི་ལྟར་སྤྱད་པ་དང༌། བསྒོམ་པ་ནི་རྣམ་པར་གཡེང་བ་བཅུའི་གཉེན་པོར་གྱུར་པའི་བསྒོམ་པ་རྣམ་པ་བཅུ་དང༌། རབ་ཏུ་དབྱེ་བ་ནི་ནང་སྟོང་
པ་ཉིད་ནས་བཟུང་སྟེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཐར་ཐུག་པའི་བར་གྱི་སྟོང་པ་ཉིད་བཅུ་དྲུག་དང༌། རྟགས་ནི་བདུད་ཀྱི་ལས་ཀྱི་རྟགས་དང༌། ཕྱིར་མི་ལྡོག་པའི་རྟགས་ཏེ་གཉིས་དང༌། ལྟུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ན་རྣམ་པར་སྨིན་པ་ངན་
འགྲོར་ལྟུང་བ་དང༌། ཕན་ཡོན་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སོགས་པ་རིན་པོ་ཆེས་བཀང་ནས་སྦྱིན་པ་སྦྱིན་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་བསོད་ནམས་ཆེས་ཆེ་བར་བསྔགས་པ་ལ་སོགས་པ་དང་སུམ་ཅུ་རྩ་གཉིས་ཀྱིས་བརྗོད་བྱ་
ཐམས་ཅད་བསྡུས་པར་འདོད་དོ། །དེ་ལྟ་ན་ཤིང་རྟ་ཆེན་པོ་བཞི་ཞེས་པའི་རྣམ་པར་གཞག་པ་ཡང་མཁས་པ་འགའ་ཞིག་བཞེད་དོ། །དེ་ལ་རོང་སྟོན་ཤེས་བྱ་ཀུན་མཁྱེན་ལ་སོགས་པས། ཕྱི་མ་གཉིས་པོ་ནི། སྔ་མ་གཉིས་ལས་ལོགས་སུ་གྱུར་པའི་སྲོལ་འབྱེད་གཞན་མ་
ཡིན་པས་ན་སྲོལ་འབྱེད་ལ་སྔ་མ་གཉིས་སུ་ངེས་སོ་ཞེས་བཞེད་དོ། །རྗེ་ངོར་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་སྔ་ནས་ཀྱང༌། ཤིང་རྟའི་སྲོལ་ཆེན་པོ་ནི་སྔ་མ་གཉིས་པོ་དེ་ཡོངས་སུ་གྲགས་ཤིང་ཡང་དག་པར་གྲུབ་བོ་ཞེས་གསུངས་ཏེ། ཅིའི་ཕྱིར་ཞེ་ན། སྤྱིར་ཤིང་རྟའི་
เล่ม ๒๑๓ · หน้า 146b
སྲོལ་འབྱེད་ཅེས་བྱ་བའི་ཐ་སྙད་ཀྱི་གདགས་གཞི་ནི་ཡུམ་གྱི་དགོངས་པ་རྣམ་པར་འགྲེལ་པ་ཙམ་གྱིས་དེ་ལྟར་དུ་འཇོག་པ་མ་ཡིན་ཏེ། སློབ་དཔོན་གཞན་གྱི་མན་ངག་ལ་བརྟེན་ནས་དོན་སྤྱིའི་ཚུལ་གྱིས་འགྲེལ་པ་ལ་མ་ལྟོས་པར་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་དུ་མཐོང་བའི་
སྒོ་ནས་བཀའི་དགོངས་པ་རང་དབང་དུ་འགྲེལ་པ་ལ་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པ་གང་ཞིག་དེ་ལ་སྔ་མ་གཉིས་པོ་དེར་ངེས་ཤིང༌། ཕྱི་མ་གཉིས་ནི་གཞན་གྱི་མན་ངག་ལ་བརྟེན་ནས་དོན་སྤྱིའི་ཚུལ་གྱིས་འགྲེལ་པ་ཙམ་ཡིན་པའི་ཕྱིར་རོ། །བདེན་མོད། འདིར་ནི་གཙོ་བོའི་དོན་སུམ་ཅུ་
རྩ་གཉིས་དང༌། སྒོ་གསུམ་རྣམ་གྲངས་བཅུ་གཅིག་ལ་སོགས་པའི་འགྲེལ་ཚུལ་མི་འདྲ་བའི་སྒོ་ནས་སྲོལ་འབྱེད་སོ་སོར་འཇོག་གོ་ཞེ་ན། གལ་ཏེ་དེ་ལྟ་ན་རྩ་བ་ཤེས་རབ་དང༌། འཇུག་པ་གཉིས་ཀྱང་སྲོལ་འབྱེད་སོ་སོར་འཇོག་དགོས་པར་འགྱུར་ཏེ། སྔ་མས་ནི་རྟེན་ཅིང་འབྲེལ་པར་
འབྱུང་བ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གཏན་ལ་དབབ་པའི་ཚུལ་གྱིས་འགྲེལ་ལ། ཕྱི་མས་ནི་མདོ་སྡེ་ས་བཅུ་པ་ལས་བཤད་པ་སོགས་དང་སྦྱར་ནས་འགྲེལ་པའི་ཕྱིར་རོ། །འོ་ན་ཕྱི་མ་གཉིས་པོ་གང་གི་མན་ངག་ལ་བརྟེན་ཞེ་ན། མགོན་པོ་བྱམས་པའི་མན་ངག་ཐོགས་
མེད་ནས་བརྒྱུད་པ་ཐོས་ནས་དེའི་རྗེས་སུ་འབྲང་བ་ཡིན་ཏེ། གོང་དུ་འདི་དང་བརྒྱད་སྟོང་དོན་བསྡུས་གཉིས་སེམས་ཙམ་དུ་བསྟན་ནོ་ཞེས་གསུངས་པས་ཀྱང་རྟོགས་པར་ནུས་པའི་ཕྱིར་རོ། །གཉིས་པ་སྤྱོད་པའི་ཆ་གསལ་བར་བྱེད་པ་ནི། མདོ་ཀུན་ལས་བཏུས་པའམ། བསླབ་པ་ཀུན་ལས་
བཏུས་པའམ། གང་ཟག་གཅིག་གི་ཆ་རྐྱེན་དུ་ལྟ་བ་དང་སྤྱོད་པ་ཟུང་འབྲེལ་དུ་ཉམས་སུ་ལེན་པའི་ཚུལ་རྒྱས་པར་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལྟ་བུའམ། ཡང་ན་རིན་ཆེན་ཕྲེང་བའི་སྒོམ་རིམ་གསུམ་ལྟ་བུའོ། །གསུམ་པ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་
བའི་ཆོས་ཀྱི་འཁོར་ལོའི་དགོངས་པ་འགྲེལ་པའི་བསྟན་བཅོས་ལའང་ལྟ་བའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་དང༌། སྤྱོད་པའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་གཉིས་སོ། །དང་པོ་ལ། མགོན་པོ་བྱམས་པའི་ཆོས་ལྔ་ལས་གོང་དུ་སྨོས་པའི་མངོན་པར་རྟོགས་པའི་རྒྱན་མ་
เล่ม ๒๑๓ · หน้า 147a
གཏོགས་པའི་བྱམས་པའི་ཆོས་བཞི་དང༌། དེ་དང་རྗེས་སུ་འབྲེལ་པའི་ཆོས་སྡེ་བཅོ་ལྔ་སྟེ་བསྡམས་པའི་ཆོས་སྡེ་ཉི་ཤུ་ལ་གཅིག་གིས་དམན་པ་རྩ་འགྲེལ་དང་བཅས་པ་རྣམས་སོ། །དེ་ལ་སྤྱིར་བྱམས་པ་དང་འབྲེལ་པའི་ཆོས་ཉི་ཤུ་ཞེས་བྱ་བའི་གྲངས་
ངེས་ཀྱི་རྣམ་པར་གཞག་པ་འདོད་པ་ཡང་ཡོད་དེ། དེ་ལྟར་ན་གང་ཟག་གསུམ་གྱིས་མཛད་པའི་ཆོས་ཉི་ཤུ་སྟེ། རྒྱན་གཉིས་འབྱེད་གཉིས་རྒྱུད་བླ་མ་ཞེས་པ་ལྟར་བྱམས་པའི་ཆོས་ལྔ་དང༌། ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་དང༌། སྡོམ་རྣམ་པ་གཉིས་ཏེ་བདུན་དང༌། དབྱིག་
གཉེན་གྱིས་མཛད་པའི་པྲ་ཀཱ་ར་ཎ་སྡེ་བརྒྱད་དང་བཅས་པ་རྣམས་སོ། །དེ་ལས་དང་པོ་བྱམས་པའི་ཆོས་ལྔས་མདོ་གང་དང་གང་གི་དོན་གཏན་ལ་ཕབ་ངོས་གཟུང་བ་དང༌། ཇི་ལྟར་གཏན་ལ་འབེབས་པའི་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་རྗེ་བཙུན་བྱམས་པས་བསྟན་བཅོས་
ཆེན་པོ་ལྔ་མཛད་པའི་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱི་དགོངས་པ་འགྲེལ་པར་བྱེད་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་མཆོད་པར་བརྗོད་པ་དང་བཅས་པ་མཛད་དོ། །དེ་ནས་ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་པ་འཐོར་བ་བསྡུས་པ་ལྟ་བུའི་
སྒོ་ནས་མདོ་སྡེ་རྒྱན་མཛད་དོ། །དེ་ནས་འདི་གཉིས་ཀྱི་དོན་ཅུང་ཟད་བསྡུས་པ་དབུས་དང་མཐའ་རྣམ་པར་འབྱེད་པ་མཛད་དོ། །དེ་ནས་དེ་དག་གི་དོན་ཤིན་ཏུ་བསྡུས་པ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་མཛད་དོ། །དེ་ནས་ཆོས་འཁོར་ཕྱི་མའི་དབང་དུ་བྱས་པའི་ངེས་དོན་གྱི་གསུང་
རབ་ཕུལ་དུ་ཕྱིན་པའི་དགོངས་པ་འགྲེལ་པར་བྱེད་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་བསྔོ་བ་དང་བཅས་པ་མཛད་དོ། །དེ་དག་གི་ནང་ནས་བར་པ་གསུམ་ལ་ནི་མཆོད་པ་བརྗོད་པ་དང་བསྔོ་བ་གང་ཡང་མེད། དང་པོ་ལ་བསྔོ་བ་དང་ཐ་མ་ལ་མཆོད་བརྗོད་མེད་པས་ཆོས་ལྔ་པོ་དཀྱུས་
ཐོག་གཅིག་ཏུ་མཛད་པ་ཡིན་ནོ་ཞེས་མདོ་སྡེ་རྒྱན་གྱི་འགྲེལ་པ་འགའ་ཞིག་ལས་འབྱུང་ངོ༌། །དེ་ལྟར་བཤད་པ་དེ་ཐོག་མཐའ་གཉིས་སུ་མཆོད་བརྗོད་དང་བསྔོ་བ་ཡོད་པའི་ཚུལ་དང༌། བར་པ་གསུམ་ལ་དེ་དག་གང་ཡང་མེད་པའི་ཚུལ་ལ་དཔགས་ན་ཤིན་ཏུ་འགྲིགས་ཆེ་བ་ལྟར་མཆིས་ནའང་
เล่ม ๒๑๓ · หน้า 147b
འབྱེད་རྣམ་པ་གཉིས་པོ་སྔ་མ་དག་གི་དོན་ཅུང་ཟད་བསྡུས་པ་དང་ཤིན་ཏུ་བསྡུས་ནས་མཛད་ཅེས་པའི་རྣམ་པར་གཞག་པ་དེ་ལྟར་བྱེད་པ་ཡང་འཐད་པ་ཡོད་མེད་དཔྱད་པར་བྱའོ། །ཡང་སྔོན་གྱི་མཁས་པ་ཁ་ཅིག་ནི། མདོ་སོ་སོ་བ་དང་ཐུན་མོང་བ་གཏན་ལ་འབེབས་པའི་དབང་དུ་བྱས་
ནས་བྱམས་པའི་ཆོས་ལྔར་ངེས་པ་ཡིན་ཏེ། མདོ་སྡེ་རྒྱན་གྱིས་ནི་སངས་རྒྱས་ཀྱི་སའི་མདོ་དང༌། མངོན་པར་རྟོགས་པ་རྒྱན་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང༌། རྒྱུད་བླ་མས་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོའི་དོན་གཏན་ལ་འབེབས་
པས་ནི་མདོ་སོ་སོ་བ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པས་ནི་གང་ཟག་གཅིག་མངོན་པར་རྫོགས་པར་འཚང་རྒྱ་བའི་ལམ་གྱི་རིམ་པ་སྟོན་ལ། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱིས་ནི་དེའི་ནང་ནས་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་སྟོན་པས་ན། གཉིས་པོས་
མདོའི་དོན་ཐུན་མོང་དུ་གཏན་ལ་འབེབས་པར་བྱེད་པའི་ཕྱིར་རོ་ཞེས་བཞེད་དོ། །ཁ་ཅིག་ནི་རྩ་བ་ལུས་ལྟ་བུའི་བསྟན་བཅོས་དང༌། གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཏེ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་ཆོས་ལྔར་ངེས་པ་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་དང་མདོ་སྡེ་རྒྱན་
གཉིས་ཀྱིས་མདོ་སྡེའི་སྡེ་སྣོད་དང༌། དབུས་དང་མཐའ་རྣམ་པར་འབྱེད་པས་ནི་མངོན་པའི་སྡེ་སྣོད་གཏན་ལ་འབེབས་པས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་ཡིན་ལ། རྒྱུད་བླ་མས་ནི། མདོ་སྡེ་རྒྱན་དུ་རིགས་ཆད་ཀྱི་སེམས་ཅན་ཡོད་པར་བསྟན་པ་དེ་དགོངས་པ་ཅན་དུ་བསྟན་ནས་
སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྒྲུབ་པ་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པས་ནི་དབུས་མཐར་ཐེག་པ་ཐུན་མོང་བའི་ལམ་གྱི་རིམ་པ་བསྟན་ཀྱང༌། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་མ་བསྟན་པ་དེ་འདིས་བསྟན་པས་ན་གཉིས་
པོ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་ནོ་ཞེས་བཞེད་དོ། །ཁ་ཅིག་ནི་སྡེ་སྣོད་གསུམ་གཏན་ལ་འབེབས་པའི་དབང་དུ་བྱས་ནས་ཆོས་ལྔར་ངེས་པ་ཡིན་ཏེ། དེ་ཡང་མདོ་སྡེའི་སྡེ་སྣོད་གཏན་ལ་འབེབས་པ་ནི་མདོ་སྡེ་རྒྱན་དང་རྒྱུད་བླ་མ་སྟེ། དེ་ཡང་སྔ་མས་ནི་མདོ་སྡེ་དྲང་
เล่ม ๒๑๓ · หน้า 148a
བའི་དོན་དང༌། ངེས་པའི་དོན་སོ་སོར་མ་ཕྱེ་བར་གཏན་ལ་འབེབས་པ་དང༌། ཕྱི་མས་ནི་ངེས་པའི་དོན་གྱི་མདོ་སྡེ་བྱེ་བྲག་ཏུ་གཏན་ལ་འབེབས་པའི་ཕྱིར་རོ། །འདུལ་བའི་སྡེ་སྣོད་གཏན་ལ་འབེབས་པ་ནི། མངོན་པར་རྟོགས་པའི་རྒྱན་ཏེ། དེ་ཡང་ཐེག་
ཆེན་ཐུན་མོང་མ་ཡིན་པའི་འདུལ་བ་ནི་ཉོན་མོངས་པ་འདུལ་བ་ཡིན་ལ། འདི་ཉིད་ཀྱིས་ནི་དེའི་གཉེན་པོར་བྱེད་པའི་ཕྱིར་རོ། །མངོན་པའི་སྡེ་སྣོད་གཏན་ལ་འབེབས་པ་ནི་འབྱེད་རྣམ་པ་གཉིས་ཏེ། འདི་དག་གིས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གཏན་ལ་འབེབས་པའི་ཕྱིར་
རོ་ཞེས་གསུངས་སོ། །དེ་ལྟར་སོ་སོའི་བཞེད་པ་རྣམས་སྨོས་ནས་འདིར་ཡོངས་སུ་གྲགས་པའི་རྩོད་བྲལ་གྱི་མཁས་པ་མང་པོ་རྣམས་ཀྱིས་བཞེད་པའི་དོན་གྱི་སྙིང་པོ་དྲིལ་ཏེ་བརྗོད་ན། ཆོས་ལྔ་པོ་འདི་དག་གིས་ནི་བཤད་པར་བྱ་བའི་མདོ་སྡེ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་སྡེ་སྣོད་
ཡིན་ལ། དེ་ལ་ཡང་ངེས་པའི་དོན་གྱི་མདོ་སྡེ་གཏན་ལ་འབེབས་པ་དང༌། དྲང་བའི་དོན་གྱི་མདོ་སྡེ་གཏན་ལ་འབེབས་པ་དང༌། དྲང་བའི་དོན་དང་ངེས་པའི་དོན་གྱི་མདོ་སྡེ་སྣ་ཚོགས་གཏན་ལ་འབེབས་པ་དང་གསུམ་ལས། དང་པོ་ངེས་པའི་དོན་གྱི་མདོ་སྡེ་གཏན་ལ་འབེབས་
པ་ནི་མངོན་པར་རྟོགས་པའི་རྒྱན་དང་རྒྱུད་བླ་མ་གཉིས་ཏེ། དེ་ལས་ཀྱང་སྔ་མས་ནི་ངེས་པའི་དོན་གྱི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་གཅིག་ཁོ་ན་གཏན་ལ་འབེབས་པར་བྱེད་པ་ཡིན་ཏེ་གོང་དུ་སྨོས་པ་ལྟར་རོ། །ཕྱི་མས་ནི་ངེས་པའི་དོན་གྱི་མདོ་སྡེ་འཕགས་པ་
གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། དཔལ་ཕྲེང་གི་མདོ་དང༌། ལྷག་པའི་བསམ་པ་རྣམ་པར་དག་པ་བསྟན་པའི་མདོ་དང༌། འཕེལ་འགྲིབ་མེད་པའི་མདོ་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལ་སོགས་པ་རིགས་དུ་
མ་གཏན་ལ་འབེབས་པར་བྱེད་པ་ཡིན་ཏེ། འདི་ལྟར་རྒྱུད་བླ་མའི་འགྲེལ་པ་ཐོགས་མེད་ཀྱིས་མཛད་པ་ལས་ཀྱང་འདི་ལྟར་འབྱུང་སྟེ། རྡོ་རྗེའི་གནས་བསྟན་པ་དེ་ཡང་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ།
เล่ม ๒๑๓ · หน้า 148b
དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ་ཞེས་རྡོ་རྗེའི་གནས་གསུམ་པོ་འདི་ནི་ལྷག་པའི་
བསམ་པ་བསྟན་པའི་ལེའུའི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ། །ཤཱ་རིའི་བུ་དོན་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལོ། །ཤཱ་རིའི་བུ་དོན་འདི་ནི་རེ་ཞིག་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རང་གི་ཤེས་རབ་ཀྱིས་ཡང་
དག་པར་ཤེས་པའམ། ལྟ་བའམ། བརྟག་པར་མི་ནུས་ན་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ལྟ་ཅི་སྨོས་ཏེ། དེ་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པ་ནི་མ་གཏོགས་སོ། །ཤཱ་རིའི་བུ་དོན་དམ་པར་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དོན་དམ་པར་ཞེས་བྱ་
བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ་ཞེས་རྡོ་རྗེའི་གནས་བཞི་པ་འདི་
ནི་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་འདི་ནི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་
དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ་ཞེས་རྡོ་རྗེའི་གནས་ལྔ་པ་འདི་ནི་འཕགས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། གངྒཱའི་ཀླུང་
གི་བྱེ་མ་སྙེད་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང༌། རྣམ་པར་དབྱེར་མེད་པའི་ཆོས་དང་ལྡན་པ་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ཡིན་ནོ་ཞེས་རྡོ་རྗེའི་གནས་དྲུག་པ་འདི་ནི་འགྲིབ་པ་མེད་ཅིང་འཕེལ་བ་མེད་པ་ཉིད་བསྟན་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །འཇམ་
เล่ม ๒๑๓ · หน้า 149a
དཔལ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད། རྣམ་པར་རྟོག་པར་མི་མཛད་མོད་ཀྱི། དེ་ལྟ་ན་ཡང་དེ་འདི་ལྟ་བུའི་རང་བཞིན་གྱི་མཛད་པ་འདི་ནི་མི་རྟོག་རྣམ་པར་མི་རྟོག་པ་བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག་གོ་ཞེས་རྡོ་རྗེའི་གནས་བདུན་པ་འདི་ནི་དེ་བཞིན་གཤེགས་
པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །དེ་ལྟར་མདོར་བསྡུས་ནས་རྡོ་རྗེའི་གནས་བདུན་པོ་འདི་ནི་བསྟན་པའི་སྒོ་བསྡུས་པའི་དོན་གྱིས་ན་བསྟན་བཅོས་འདི་མཐའ་དག་གི་ལུས་སུ་རིག་པར་བྱའོ། །རྡོ་རྗེའི་
གནས་བདུན་པོ་འདི་དག་ལས་རང་གི་མཚན་ཉིད་བསྟན་པ་དང༌། རྗེས་སུ་འབྲེལ་པ་ནི་གོ་རིམ་ཇི་ལྟ་བར་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་གླེང་གཞིའི་ལེའུ་ལས་གནས་གསུམ་རིག་པར་བྱ་ལ། དེའི་འོག་ཏུ་ལྷག་མ་བཞི་ནི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་
གཤེགས་པའི་ཆོས་ཀྱི་དབྱེ་བ་ལས་སོ། །དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་གསུངས་ཏེ། རྩ་
བའི་ཚིག་འདི་གསུམ་གྱིས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དཀོན་མཆོག་གསུམ་རིམ་གྱིས་སྐྱེ་བ་འགྲུབ་པ་རྣམ་པར་གཞག་པར་རིག་པར་བྱ་ལ། ལྷག་མ་གནས་བཞི་ནི་དཀོན་མཆོག་གསུམ་འབྱུང་བ་དང་རྗེས་སུ་མཐུན་པའི་རྒྱུ་འགྲུབ་པ་བསྟན་པར་རིག་པར་བྱའོ་ཞེས་སོགས་རྒྱས་པར་གསུངས་
པའི་ཕྱིར་རོ། །གཉིས་པ་དྲང་བའི་དོན་གྱི་མདོ་སྡེ་གཏན་ལ་འབེབས་པ་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་གཉིས་ཏེ། དེ་དག་གིས་ནི་མདོ་དགོངས་པ་ངེས་འགྲེལ་ལ་སོགས་པ་གཏན་ལ་འབེབས་པའི་ཕྱིར་རོ། །གསུམ་པ་དྲང་བའི་
དོན་དང་ངེས་པའི་དོན་གྱི་མདོ་སྡེ་སྣ་ཚོགས་གཏན་ལ་འབེབས་པ་ནི་མདོ་སྡེ་རྒྱན་ཏེ། འདིས་ནི་གཞིའི་དུས་སུ་རིགས་ཆད་ཀྱི་སེམས་ཅན་ཡོད་པར་བཤད་པ་དང༌། ལམ་གྱི་དུས་སུ་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཏན་ལ་འབེབས་པའི་མདོ་དྲང་བའི་དོན་དུ་སྟོན་པ་དང༌། འབྲས་བུའི་དུས་
เล่ม ๒๑๓ · หน้า 149b
སུ་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པ་དྲང་བའི་དོན་དུ་བསྟན་ནས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་རྣམས་ཀྱིས་དྲང་བའི་དོན་གྱི་མདོ་སྡེ་གཏན་ལ་འབེབས་པའི་ཕྱིར་དང༌། གཞིའི་དུས་སུ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པ་དང༌། ལམ་གྱི་དུས་
སུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་དང༌། འབྲས་བུའི་དུས་སུ་སྐུ་གསུམ་དང་ཡེ་ཤེས་བཞིའི་རྣམ་པར་གཞག་པ་སྟོན་པ་རྣམས་ཀྱིས་ངེས་དོན་གྱི་མདོ་སྡེ་གཏན་ལ་འབེབས་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་གཏན་ལ་འབེབས་པའི་ཚུལ་བྱེ་བྲག་ཏུ་བཤད་པ་
ནི། མདོ་སྡེ་རྒྱན་གྱིས་ཐེག་པ་ཆེན་པོའི་དྲང་བའི་དོན་དང་ངེས་པའི་དོན་གྱི་མདོ་སྡེ་དུ་མའི་དོན་ཐམས་ཅད་དཔེ་ལྔས་མཚོན་པའི་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བསྟན་པ་ཡིན་ཏེ། དེའང་རྒྱན་གྱི་རྒྱ་ཆེར་བཤད་པ་ལས་བསྒྲུབ་པར་བྱ་བ་དང༌། བྱེ་བྲག་ཏུ་ཤེས་པར་བྱ་བ་དང༌། བསམ་
པར་བྱ་བ་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ་ཞེས་དང༌། དེའི་འགྲེལ་བཤད་ལས་འདིར་ནི་ཐེག་པ་ཆེན་པོར་དངོས་པོ་ལྔ་པོ་དང༌། ངོ་བོ་ཉིད་གསུམ་དང༌། གང་
ཟག་རྣམ་པར་གཞག་པ་སྟེ་རྣམ་པ་གསུམ་གྱིས་འགྲེལ་ཏོ། །དེ་ལ་དངོས་པོ་ལྔ་གང་ཞེ་ན། མིང་དང༌། རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་སོགས་རྒྱ་ཆེར་གསུངས་ཤིང་ངོ་བོ་ཉིད་གསུམ་ནི་ཀུན་བརྟག་དང་གཞན་དབང་
དང་ཡོངས་གྲུབ་གསུམ་མོ། །དཔེ་ལྔའི་རྩ་བར། ཇི་སྐད་དུ། གསེར་ལས་བརྡུང་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །ཕྲིན་ཡིག་ལེགས་པ་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟར། །ཆོས་དེ་འདིར་བཤད་པ་ཡང་དགའ་བའི་
མཆོག་བསྐྱེད་དོ། །ཞེས་འབྱུང་བ་བཞིན་དུ་ཚིགས་སུ་བཅད་པ་རིང་ཐུང་སྣ་ཚོགས་པར་སྤེལ་བའི་གཞུང་གི་ཚད་བམ་པོ་གཉིས། ལེའུ་ཉི་ཤུ་རྩ་གཅིག་གི་བདག་ཉིད་དུ་བཞུགས་པའི་ལེའུ་དང་པོས་སྤྱིར་བསྟན། ལེའུ་གཉིས་པས་ཐེག་པ་ཆེན་པོ་བཀར་སྒྲུབ་པ་དང༌། གསུམ་པས་
เล่ม ๒๑๓ · หน้า 150a
སྐྱབས་སུ་འགྲོ་བ་དང༌། བཞི་པས་རིགས་བསྟན་པ་དང༌། ལྔ་པས་སེམས་བསྐྱེད་པ་དང༌། དྲུག་པས་བསྒྲུབ་པ་དང༌། བདུན་པས་དེ་ཁོ་ན་ཉིད་དང༌། བརྒྱད་པས་མཐུ་དང༌། དགུ་པས་ཡོངས་སུ་སྨིན་པ་དང༌། བཅུ་པས་བྱང་ཆུབ་དང༌། བཅུ་གཅིག་པས་མོས་པ་
དང༌། བཅུ་གཉིས་པས་ཡོངས་སུ་ཚོལ་བ་དང༌། བཅུ་གསུམ་པས་བཤད་པ་དང༌། བཅུ་བཞི་པས་བསྒྲུབ་པ་དང༌། བཅོ་ལྔ་པས་གདམས་ངག་རྗེས་སུ་བསྟན་པ་དང༌། བཅུ་དྲུག་པས་ཐབས་དང་ལྡན་པའི་ལས་དང༌། བཅུ་བདུན་པས་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བ་དང༌། བཅོ་བརྒྱད་པས་
མཆོད་པ་དང་བསྙེན་པ་ཚད་མེད་དང༌། བཅུ་དགུ་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང༌། ཉི་ཤུ་པས་ཡོན་ཏན་དང༌། ཉེར་གཅིག་པས་སྤྱོད་པ་དང་མཐར་ཐུག་བསྟན་པ་རྣམས་སོ། །དབུས་དང་མཐའ་རྣམ་པར་འབྱེད་པ་ནི། མཐའ་ཞེས་བྱ་བ་ནི་ཡོད་མེད་དང༌། རྟག་ཆད་ཀྱི་ལྟ་བའོ། །
དབུས་ཞེས་བྱ་བ་ནི་དེ་ཉིད་སྤངས་པ་དབུ་མའི་ལམ་སྟེ། དེ་དག་རྣམ་པར་འབྱེད་པས་ན་དེ་སྐད་ཅེས་བྱ་ཞིང༌། འདིས་ནི་ཐེག་པ་ཐུན་མོང་བའི་ལམ་གྱི་རིམ་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་དོན་བདུན་གྱི་སྒོ་ནས་བསྟན་པ་སྟེ། དེ་ཡང༌། མཚན་ཉིད་སྒྲིབ་པ་དེ་ཁོ་ན། །
གཉེན་པོ་དག་ནི་བསྒོམ་པ་དང༌། །དེ་ཡི་གནས་དང་འབྲས་བུ་ཐོབ། །ཐེག་པ་བླ་ན་མེད་པའོ། །ཞེས་འབྱུང་བ་ལྟར་ཚིགས་སུ་བཅད་པ་གཞུང་གི་ཚད་ལེའུ་ལྔ་ལ་ཤླཽ་ཀ་བདུན་ཅུ་ཡོད་པའི་ལེའུ་དང་པོས་མཚན་ཉིད་དང༌། གཉིས་པས་སྒྲིབ་པ་དང༌། གསུམ་པས་དེ་ཁོ་ན་ཉིད་དང༌། བཞི་པས་གཉེན་
པོ་སྒོམ་པ་དང༌། ལྔ་པས་བླ་ན་མེད་པ་དང་བཅས་པའོ། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ནི། ཆོས་ནི་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་སོ། །ཆོས་ཉིད་ནི་མྱ་ངན་ལས་འདས་པའི་ཆོས་ཏེ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་སྟོན་པས་ན་དེ་སྐད་ཅེས་བྱ་སྟེ། ཇི་སྐད་དུ། འདི་དག་ཐམས་
ཅད་ནི་གཉིས་ཀྱིས་བསྡུས་ཏེ།ཆོས་དང་ཆོས་ཉིད་ཀྱིས་སོ། །ཆོས་ཀྱིས་ཉེ་བར་མཚོན་པ་ནི་འཁོར་བའོ། །འདི་ཉིད་ཀྱིས་ཉེ་བར་མཚོན་པ་ནི་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པའོ་ཞེས་འབྱུང་བ་ལྟར་ཚིག་ལྷུག་པར་འདོད་པའོ། །རྒྱུད་བླ་མ་ནི། གཞུང་འདི་ཉིད་ཀྱི་སྐད་དོད་དུ་ཨུཏྟ་ར་ཞེས་
เล่ม ๒๑๓ · หน้า 150b
འབྱུང་བ་མཆོག་དང༌། བླ་མ་དང༌། བྱང་དང༌། ཕྱི་མ་རྣམས་སུ་འཇུག་སྟེ། དེའང་ཐེག་པ་ཆེན་པོའི་རྒྱུད་དམ། རྒྱུན་ཆགས་པའི་ཆོས་རྣམས་ཀྱི་གོང་མར་གྱུར་པས་སམ། ཡང་ན་ཐེག་པ་ཆེན་པོའི་རྒྱུད་ཕྱི་མའི་དགོངས་པ་འགྲེལ་པས་དེ་སྐད་ཅེས་བྱ་ཞིང༌། འདིས་ནི་སྔར་སྨོས་པའི་
མདོ་སྡེ་དེ་རྣམས་ཀྱིས་དོན་རྡོ་རྗེའི་གནས་བདུན་དུ་བསྡུས་ནས་སྟོན་པ་སྟེ། ཇི་སྐད་དུ། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང༌། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་
འབྱུང་བ་ལྟར་ཚིགས་སུ་བཅད་པ་རིང་ཐུང་སྣ་ཚོགས་ཡོད་པ་སྐབས་བཞིའི་སྐབས་དང་པོས་དཀོན་མཆོག་གསུམ་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། སྐབས་གཉིས་པས་འབྲས་བུ་བྱང་ཆུབ་དང༌། སྐབས་གསུམ་པས་ཡོན་ཏན་དྲུག་ཅུ་རྩ་བཞི་དང༌། སྐབས་
བཞི་པས་ཕྲིན་ལས་དང༌། སྐབས་ལྔ་པས་ཇི་སྐད་བསྒྲགས་པའི་གནས་བཞི་པོ་དག་ལ་ལྷག་པར་མོས་པ་རྣམས་ཀྱིས་ལྷག་པར་མོས་པའི་ཕན་ཡོན་བསྟན་པ་དང་བཤད་པ། མཇུག་གི་དོན་བསྟན་བཅོས་བརྩམས་པའི་ཚུལ། བདག་ཉིད་དག་པའི་ཐབས་བསྟན་པ། ཉམས་པའི་རྒྱུ་དང་
འབྲས་བུ་བསྟན་པ། བརྩམས་པའི་དགེ་བ་བསྔོ་བ་བསྡུས་པའི་དོན་དང་བཅས་པ་རྣམས་བསྟན་ཏོ། །དེ་ལྟར་བཤད་པ་དེ་དག་གི་སྟེང་དུ་མངོན་པར་རྟོགས་པའི་རྒྱན་བསྣན་པ་ལ་བྱམས་པའི་ཆོས་ལྔ་ཞེས་བྱའོ། །དེ་དག་དང་རྗེས་སུ་འབྲངས་པའི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཆོས་བདུན་
ལས་ས་སྡེ་ལྔ་ནི་རྩ་བ་ལྟ་བུ་ཡིན་ལ། དེ་དག་ལས་སའི་དངོས་གཞིས་ནི་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་ཐམས་ཅད་ས་བཅུ་བདུན་དུ་བསྡུས་ནས་སྟོན་པ་སྟེ། དེ་ཉིད་ལས་འབྱུང་བའི་སྤྱི་སྡོམ་དུ། རྣམ་ཤེས་ལྔ་དང་ལྡན་པའི་ས། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་
བཅས་ལ་སོགས་པ་དང༌། །ཏིང་འཛིན་བཅས་དང་མ་ཡིན་དང༌། །སེམས་ཡོད་པ་དང་སེམས་མེད་དང༌། །ཐོས་དང་བསམ་དང་བསྒོམ་ལྡན་དང༌། །དེ་བཞིན་ཐེག་པ་གསུམ་ལྡན་དང༌། །ཕུང་པོར་བཅས་དང་ཕུང་མེད་གཞན། །ཞེས་གསུངས་པ་ལྟར་བཅུ་བདུན་པོ་དེ་ཡང་རྟེན་དང༌།
เล่ม ๒๑๓ · หน้า 151a
སྤྱོད་པ་དང༌། འབྲས་བུ་གསུམ་གྱི་དབང་དུ་མཛད་པ་ཡིན་ཏེ། དེ་ཡང་རྟེན་གྱི་རང་བཞིན་གྱི་དབང་དུ་བྱས་ནས་ས་དང་པོ་གཉིས་ཏེ། ཉམས་སུ་ལེན་པའི་རྟེན་དེ་ཡང་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རྒྱུན་ལ་འཇོག་དགོས་པའི་ཕྱིར་རོ། །ཇི་ལྟར་འཇུག་པའི་དབང་དུ་
བྱས་ནས་རྟོག་དཔྱོད་དང་བཅས་པ་ལ་སོགས་པའི་ས་གསུམ་སྟེ། རྟེན་དེ་ཡང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་མན་ཆད་དུ་རྟོག་པ་དང་བཅས་པ་དང༌། དཔྱོད་པ་དང་བཅས་པའི་སྒོ་ནས་འཇུག་པ་དང༌། ཁྱད་པར་ཅན་གྱི་དུས་སུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང་བཅས་པའི་སྒོ་ནས་
འཇུག་པ་དང༌། བསམ་གཏན་གཉིས་པ་མན་ཆད་དུ་རྟོག་པ་མེད་པ་དང༌། དཔྱོད་པ་མེད་པའི་སྒོ་ནས་འཇུག་པའི་ཕྱིར་རོ། །དེའི་གནས་སྐབས་ཀྱི་དབང་དུ་བྱས་ནས་ཏིང་ངེ་འཛིན་དང་བཅས་པ་ལ་སོགས་པའི་ས་བཞི་སྟེ། རྟེན་དེ་ཉིད་གཟུགས་དང་གཟུགས་མེད་པ་ན་ཏིང་ངེ་འཛིན་དང་བཅས་པ་
དང༌། འདོད་པ་ན་ཏིང་ངེ་འཛིན་དང་བཅས་པ་མ་ཡིན་པ་དང༌། སྙོམས་པར་འཇུག་པ་གཉིས་ལ་སོགས་པའི་གནས་སྐབས་ན་སེམས་མེད་པ་དང༌། དེ་ལས་གཞན་དུ་ནི་སེམས་ཡོད་པའི་ཕྱིར་རོ། །གོ་རིམ་གྱི་དབང་དུ་བྱས་ནས་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་ས་གསུམ་སྟེ།
དེ་གསུམ་ལ་འཇུག་པ་ན་རིམ་མིན་དུ་ནི་ནམ་ཡང་མ་ཡིན་པའི་ཕྱིར་རོ། །གང་ཐོབ་པའི་དབང་དུ་བྱས་ནས་གནས་སྐབས་ཀྱི་འབྲས་བུ་ཉན་ཐོས་ལ་སོགས་པའི་ས་གསུམ་སྟེ། ཐོབ་པར་བྱ་བའི་ཐེག་པ་ནི་གསུམ་པོ་དེར་མ་འདུས་པ་མེད་པའི་ཕྱིར་རོ། །དེ་ལ་འགྲོ་བའམ་འདོང་བའི་དབང་དུ་
བྱས་ནས་ས་ལྷག་མ་གཉིས་པོ་སྟེ། དེ་ལྟ་བུའི་རྟེན་དེ་ཡང་མཐར་ཐུག་ཐེག་པ་གསུམ་གྱི་འབྲས་བུ་ཕུང་པོ་ལྷག་བཅས་དང༌། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གཉིས་སུ་འགྲོ་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། སའི་སྟོད་འགྲེལ་དུ། རང་བཞིན་དུ་ནི་ཇི་ལྟར་འཇུག །དེ་ལ་དེ་
ཡི་གནས་སྐབས་དང༌། །གོ་རིམ་དང་ནི་གང་ཐོབ་དང༌། །དེ་ལ་དེ་ནི་འགྲོ་བ་ཡིན། །ཞེས་སོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བས་ནི་སའི་དངོས་གཞིའི་འགྲེལ་པ་ལྟ་བུར་བྱེད་པར་ཡང་གསུངས་ཏེ། དེའི་གནས་སྐབས་ཀྱི་ཚིག་དོན་གཉིས་ཀ་མུ་བཞི་ལ་སོགས་པར་གཏན་ལ་
เล่ม ๒๑๓ · หน้า 151b
དབབ་པར་བསྟན་ལ། དེའི་ནང་ནས་ཀྱང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པ་གཉིས་པོ་དེས་ནི་གསུང་རབ་རྣམས་ཀྱི་བརྗོད་པར་བྱ་བའི་དོན་གྱི་ཆ་གཏན་ལ་འབེབས་པར་བྱེད་པ་ཡིན་ནོ། །གཞི་བསྡུ་བས་ནི་
རྗོད་པར་བྱེད་པའི་གཞུང་དེ་དག་སྡེ་སྣོད་གསུམ་དུ་བསྡུ་བའི་ཚུལ་བསྟན་པ་སྟེ། འདི་ཉིད་ཀྱི་མདོར་བསྟན་པའི་སྐབས་སུ་སྡེ་སྣོད་གསུམ་ག་བསྡུ་བ་འབྱུང་བ་སྨོས་ནས། རྒྱས་པར་བཤད་པ་ན་མདོ་སྡེ་དང༌། འདུལ་བ་གཉིས་ལས་མི་འབྱུང་བ་ནི་ས་སྡེ་ལྔ་ཀ་མ་མོའི་བསྡུ་བ་ཡིན་པས་ལོགས་
སུ་མ་བསྟན་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་མ་མོ་བསྡུ་བ་ནི། ས་བཅུ་བདུན་དང་བསྡུ་བ་བཞིའོ་ཞེས་འབྱུང་བས་སོ། །རྣམ་གྲངས་བསྡུ་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཀྱི་རྣམ་གྲངས་བྱེ་བྲག་ཏུ་གཏན་ལ་འབེབས་པ་སྟེ། འདི་གཉིས་ཀྱི་གསུང་རབ་
རྣམས་ཀྱི་རྗོད་པར་བྱེད་པའི་ཚིག་གི་ཆ་གཏན་ལ་འབེབས་པར་བྱེད་པ་ཡིན་ནོ། །རྣམ་པར་བཤད་པའི་སྒོ་བསྡུ་བས་ནི་དེ་དག་ཇི་ལྟར་འཆད་པའི་ཚུལ་སྟོན་པ་སྟེ། དེ་ལྟར་ན་གསུང་རབ་རྣམས་ཀྱི་བརྗོད་བྱ་དང་རྗོད་བྱེད་དང༌། ཇི་ལྟར་བཤད་པའི་ཚུལ་སྟོན་པའི་དབང་གིས་ས་སྡེ་ལྔའོ། །
སྡོམ་རྣམ་པ་གཉིས་ལས་མངོན་པ་ཀུན་ལས་བཏུས་ནི་ཐེག་པ་ཐུན་མོང་བའི་སྡོམ་ཡིན་ཏེ། ཉན་ཐོས་པ་དང་ཐུན་མོང་དུ་ཕྱི་རོལ་གྱི་རྣམ་པར་གཞག་པ་དང༌། རྣལ་འབྱོར་སྤྱོད་པ་དང༌། ཐུན་མོང་དུ་མཚན་ཉིད་རྣམ་པ་གསུམ་དང༌། རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་པའི་རྣམ་
པར་གཞག་པ་གསུངས་པའི་ཕྱིར་ཏེ། འདིས་བརྗོད་བྱ་ནི་མཚན་ཉིད་ཀུན་ལས་བཏུས་པ་དང༌། བདེན་པ་རྣམ་པར་ངེས་པ་དང༌། ཆོས་རྣམ་པར་ངེས་པ་དང༌། ཐོབ་པ་རྣམ་པར་ངེས་པ་དང༌། འབེལ་གཏམ་རྣམ་པར་ངེས་པ་སྟེ་ལྔར་བསྡུས་ནས་སྟོན་པ་ཡིན་ནོ། །ཐེག་པ་ཆེན་པོ་
བསྡུས་པ་ནི། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་སྡོམ་ཡིན་ཏེ། དེ་ནས་བསྟན་པའི་ཤེས་བྱའི་གནས་ལ་སོགས་པ་དེ་རྣམས་རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་གཞི་ལམ་འབྲས་བུའི་རྣམ་པར་གཞག་པ་ཁོ་ན་ཡིན་ཏེ། དེ་ཡང༌། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་
เล่ม ๒๑๓ · หน้า 152a
ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤང་བ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་པའི་དོན་རྣམ་པ་བཅུར་བསྡུས་ནས་སྟོན་པའི་ཕྱིར་རོ། །དེའི་འོག་ཏུ་དབྱིག་གཉེན་གྱིས་རང་རྒྱུད་དུ་བརྩམས་པའི་བསྟན་
བཅོས་ལྔ་དང་གཞན་འགྲེལ་ཊཱི་ཀར་བརྩམས་པ་གསུམ་སྟེ། རབ་ཏུ་བྱེད་པ་སྡེ་བརྒྱད་བརྩམས་པ་ནི། ཆོས་ཐམས་ཅད་སེམས་ཙམ་དུ་སྟོན་པ་སུམ་ཅུ་པའི་རབ་ཏུ་བྱེད་པ་སྟེ། འདིས་ནི་ཆོས་དང་གང་ཟག་གི་འགྲོ་བ་ཐམས་ཅད་གྱུར་པ་གསུམ་དུ་བསྡུས་ནས་བདག་མེད་པ་གཉིས་བསྟན་པའི་
ཕྱིར་རོ། །དེ་རིགས་པས་སྒྲུབ་པ་ཉི་ཤུ་པའི་རབ་ཏུ་བྱེད་པ་སྟེ། སྣང་བ་ཐམས་ཅད་སེམས་ཡིན་པའི་སྒྲུབ་བྱེད་བསྟན་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་སེམས་ཡིན་ན་ཕུང་པོ་ལྔའི་རྣམ་པར་གཞག་པ་མི་འཐད་པར་འགྱུར་རོ་ཞེ་ན། དེ་འཐད་པར་སྟོན་པ་ཕུང་པོ་ལྔའི་རབ་ཏུ་བྱེད་པའོ། །
དེ་ལྟར་ཡིན་ཡང་བཤད་པ་དང་ཉན་པའི་བྱ་བ་འཐད་པར་སྟོན་པ་རྣམ་པར་བཤད་པའི་རིགས་པའོ། །སྒོ་གསུམ་གྱི་ལས་འཐད་པར་སྟོན་པ་ལས་སྒྲུབ་པའི་རབ་ཏུ་བྱེད་པ་སྟེ་དེ་ལྟར་ལྔའོ། །རང་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། གཞན་དོན་དུ་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་འཐད་པར་སྟོན་པ།
མདོ་སྡེ་རྒྱན་གྱི་འགྲེལ་པ། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་འཐད་པར་སྟོན་པ་རྟེན་འབྲེལ་གྱི་མདོའི་འགྲེལ་པ། མཚན་ཉིད་གསུམ་འཐད་པར་སྟོན་པ་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་དང་གསུམ་སྟེ་བརྒྱད་དོ། །ཁ་ཅིག་སློབ་དཔོན་འདིས་མཛད་པའི་ཆོས་
དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ་དང༌། ས་བཅུ་པའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་པས་སྡེ་བརྒྱད་ཀྱི་གྲངས་ངེས་མེད་ཅེས་དང༌། གཞན་ཡང་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་སོགས་ཀྱང་བགྲང་དུ་རུང་སྟེ། བྱམས་པ་དང་འབྲེལ་པའི་
ཆོས་ཉི་ཤུའི་གྲངས་ངེས་མི་རིགས་པར་ཡང་སྨྲ་བ་ཡོད་དོ། །གཉིས་པ་སྤྱོད་པའི་ཆ་གསལ་བར་བྱེད་པའི་བསྟན་བཅོས་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་སྔགས་ཀྱི་ཐེག་པའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ། རྒྱུད་འགྲེལ་བའི་ཐབས་
เล่ม ๒๑๓ · หน้า 152b
ཀྱི་གདམས་ངག་གི་རྣམ་གྲངས་སྤྱིར་བསྟན་པ་དང༌། སྐབས་སུ་བབས་པའི་རྒྱུད་ཀྱི་རྣམ་འགྲེལ་དཔེར་མཚོན་པའོ། །དང་པོ་ལ་སྤྱིར་རྒྱུད་སྡེ་རིན་པོ་ཆེ་འགྲེལ་བའམ་བཤད་པའི་ཐབས་ཀྱི་གདམས་ངག་བསམ་གྱིས་མི་ཁྱབ་ནའང་ཕལ་ཆེར་རྣམ་པ་དྲུག་ཏུ་འདུ་བར་བཞེད་དོ། །དེའང་
འདི་ལྟ་སྟེ། གདམས་ངག་དྲུག་གིས་བཤད་པ་དང༌། རྒྱུད་གསུམ་གྱིས་བཤད་པ་དང༌། བདག་ཉིད་ཅན་གསུམ་གྱིས་བཤད་པ་དང༌། གནས་པ་བཞིས་བཤད་པ་དང༌། དག་པ་གསུམ་གྱིས་བཤད་པ་དང༌། གསང་བ་བདུན་གྱིས་བཤད་པའོ། །དང་པོ་ནི། འགྲེལ་པ་པོས་འགྲེལ་སླ་ཞིང་
ཉན་པ་པོ་རྣམས་ཀྱིས་ཀྱང་རྟོགས་པར་སླ་བའི་ཕྱིར་གདམས་ངག་དྲུག་གིས་བཤད་པ་སྟེ། དེའང་གང་བརྗོད་པར་བྱ་བའི་དོན་བཤད་པར་བྱ་བའི་མན་ངག་ནི་སྤྱིའི་དོན་དུ་བཤད་པ་དང༌། སྦས་པའི་དོན་དུ་བཤད་པ་དང༌། མཐར་ཐུག་པའི་དོན་དུ་བཤད་པ་སྟེ་གསུམ་དང༌། དེ་རྗོད་པར་བྱེད་
པའི་སྒྲ་ནི་ཡན་ལག་གི་དོན་གྱིས་བཤད་པ་དང༌། ཡི་གེའི་དོན་གྱིས་བཤད་པ་དང༌། མན་ངག་གི་དོན་གྱིས་བཤད་པ་སྟེ་གསུམ་མོ། །དེ་ལྟར་ཡང་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡི་གེ་དང་ནི་ཡན་ལག་དང༌། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པར། །
རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་སོ། །དེ་ལ་སྤྱིའི་དོན་ཞེས་བྱ་བ་ནི་གཉིས་ཀའི་ཐུན་མོང་དུ་གྱུར་པ་སྟེ། དེ་ལའང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྤྱི་ནི། དེ་ནས་བཤད་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ལམ་ལྔ་དང༌། ས་བཅུ་ལ་སོགས་པ་སྟེ། དེ་དག་ནི་ཕ་རོལ་ཏུ་ཕྱིན་
པའི་ལམ་ལ་ཞུགས་པ་རྣམས་ཀྱིས་དེ་དག་དང་མི་མཐུན་པའི་འགྱོད་པ་བསལ་བའི་ཕྱིར་དང༌། གསང་བ་སྔགས་ཀྱི་གཞུང་གིས་བརྗོད་བྱ་ཉིད་དུའང་བསྟན་པའི་ཕྱིར་དེ་སྐད་ཅེས་བྱའོ། །བསྐྱེད་པའི་རིམ་པ་སྤྱི་ནི་བུམ་པའི་དབང་དང་རྗེས་སུ་འབྲེལ་བ་ཡན་ལག་དང་བཅས་པ་སྟེ། འདི་ནི་མཆོག་གི་
དངོས་གྲུབ་སྒྲུབ་པ་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་གཉིས་ཀས་སློབ་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། ངོ་མཚར་གྱི་རྡོ་རྗེའི་ཚིག་ཐོས་ནས་སྨོད་པར་བྱེད་པ་དེ་རྣམས་ལ་མི་འགལ་བའི་སྒོ་ནས་བཤད་པ་ནི་སྤྱིའི་དོན་ཏོ་ཞེས་དང༌། སློབ་དཔོན་
เล่ม ๒๑๓ · หน้า 153a
ཟླ་བ་གྲགས་པས་ཀྱང༌། མདོ་སོགས་ལ་ནི་རབ་ཞུགས་པའི། །འགྱོད་པ་ཟློག་པར་བྱེད་པ་དང༌། །བསྐྱེད་པའི་རིམ་དང་ལྡན་པ་དག །སྤྱི་ཡི་དོན་ནི་ཡིན་པར་བཤད། །ཅེས་སོ། །སྦས་པའི་དོན་ཞེས་བྱ་བ་ནི། བུམ་པའི་དབང་ཐོབ་པ་ཙམ་ལ་མ་གྲགས་ཤིང་
མཆོག་དབང་གོང་མ་གསུམ་ཐོབ་པ་ཁོ་ནའི་ཡུལ་དུ་གྱུར་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། དེ་ལའང་ཐབས་ཀྱི་ཁྱད་པར་ལ་ལྟོས་ནས་རང་བྱིན་གྱིས་བརླབས་པའི་སྦས་པ་ཞེས་བྱ་བ་དང༌། དཀྱིལ་འཁོར་འཁོར་ལོའི་སྦས་པ་ཞེས་བྱ་བ་གཉིས་ཏེ། ཀྱེ་རྡོ་རྗེ་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་
དང་ནི། །རང་བྱིན་བརླབས་པའི་རིམ་པས་ཀྱང༌། །ཀུན་རྫོབ་དོན་དམ་ཚུལ་ཅན་གྱིས། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་སོ། །མཐར་ཐུག་པའི་དོན་ཞེས་བྱ་བ་ནི་ལམ་གང་ཡིན་པ་དེས་མངོན་པར་བསྒྲུབས་པའི་འབྲས་བུར་གྱུར་པ་སྟེ། དེ་ལའང་སྤྱིའི་མཐར་ཐུག་པ་ནི་ཐུན་མོང་
བའི་འབྲས་བུ་ཀུན་དུ་འོད་ཀྱི་ས་དང༌། སྦས་པའི་མཐར་ཐུག་པ་ནི་གསང་སྔགས་བླ་ན་མེད་པའི་འབྲས་བུ་རྡོ་རྗེ་འཛིན་པའི་ས་ཉིད་དེ། འདི་ནས་བཤད་པའི་སྐུ་དང་ཡེ་ཤེས་དང་ཤེས་བྱ་ཐམས་ཅད་རང་སྣང་དུ་མཁྱེན་པའི་ཚུལ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་གཞུང་ནས་མ་བཤད་པའི་ཁྱད་
པར་མང་དུ་འབྱུང་བའི་ཕྱིར་མཐར་ཐུག་པ་མཚན་ཉིད་པ་ནི་འདི་ཡིན་གྱི། སྔ་མ་ནི་མཐར་ཐུག་པ་དངོས་ཉིད་མ་ཡིན་ནའང་དེ་དང་ཉེ་བའི་ཕྱིར་དེ་སྐད་དུ་བཏགས་པ་སྟེ། དཔེར་ན་མངོན་པར་རྟོགས་པའི་རྒྱན་ལས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་
བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་ས་བཅུ་པ་ཉིད་ལ་སངས་རྒྱས་ཀྱི་སར་བཏགས་པ་ལྟ་བུའོ། །དེ་དག་རྗོད་པར་བྱེད་པའི་སྒྲ་ཡན་ལག་གི་དོན་གྱིས་བཤད་པ་ནི། གཞུང་གིས་དངོས་སུ་བསྟན་པའི་མིང་དང་ཚིག་གི་རྗེས་སུ་འབྲང་ནས། འཇིག་རྟེན་ན་གྲགས་
པའི་མིང་དང༌། བསྟན་བཅོས་ལས་གྲགས་པའི་མིང་དང༌། དེ་དག་འཇུག་པའི་རྒྱུ་མཚན་ངེས་པའི་ཚིག་ཡོད་པ་དང་མེད་པ་སྐབས་དང་བསྟུན་པའི་བཤད་པ་རྣམས་དང༌། དེ་ཉིད་འདུས་པར་གྱུར་པའི་ཚིག་གིས་གཞུང་གི་དོན་རྟོགས་པར་དཀའ་བའི་གནས་རྣམས་སུ་ཚིག་གི་འབྱེད་སྡུད་དང་བྱ་བ་དང་བྱེད་
เล่ม ๒๑๓ · หน้า 153b
པ་དང་ལས་ཀྱི་ཚིག་ལ་སོགས་པས་རྣམ་པར་ཕྱེ་ནས་སེང་གེའི་ལྟ་སྟངས་དང༌། སྦལ་པའི་འཕར་བ་དང༌། རུས་སྦལ་གྱི་བཞི་འགྲོས་དང༌། སྟག་མོའི་མཆོང་སྟབས་ཞེས་བྱ་བ་སྟེ་རྣམ་པ་བཞིའི་སྒོ་ནས་གཞུང་གི་ཚིག་དོན་གཏན་ལ་ཕེབས་པར་འཆད་པའམ། ཡང་ན། དགོས་པ་བསྡུས་པའི་དོན་བཅས་
དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་བྱ་བ་ལྟ་བུའི་ཚུལ་གྱིས་རྣམ་པར་འགྲེལ་བའོ། །ཡི་གེའི་དོན་གྱིས་བཤད་པ་ནི། གཞུང་ཚིག་གིས་རྒྱུ་མཚན་དངོས་སུ་མི་རྙེད་ཀྱང་ཡི་གེ་སོ་སོར་བྱས་པས་དོན་རྟོགས་པར་འགྱུར་བ་དག་ལ་ནི་ཡི་གེའི་སྒྲ་ལས་
དྲངས་ཏེ་བཤད་པ་དང༌། ཡི་གེ་ཁ་ཕྲལ་ཏེ་བཤད་པ་དང༌། ཡི་གེ་དབྱིབས་མཐུན་པར་བཤད་པའི་སྒོ་ནས་རྣམ་པར་འགྲེལ་བའོ། །བསྡུས་པའི་དོན་གྱིས་མན་ངག་གིས་བཤད་པ་ནི། ཡན་ལག་དང་ཡི་གེ་གཉིས་ཀས་བཤད་དུ་མི་བཏུབ་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་མཛད་པའི་བརྡར་གྱུར་པ་མཐའ་དག་
བསྡུས་པའི་དོན་གྱིས་རྣམ་པར་བཤད་པས་རྟོགས་པར་འགྱུར་བ་གང་ཡིན་པ་སྟེ། སློབ་དཔོན་ཟླ་བ་གྲགས་པས། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང༌། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །འདི་ནི་ཇི་བཞིན་མིན་པར་བརྗོད། །ཅེས་པ་ལྟ་བུའོ། །དེ་ལྟ་བུའི་བཤད་པར་བྱ་བ་
མཐར་ཐུག་པ་དག་གཅིག་ཏུ་བྱས་པའི་ཚེ་ལྔའམ་སོ་སོར་བྱས་པའི་ཚེ་དྲུག་ཏུ་འགྱུར་བ་ལ། འཆད་པར་བྱེད་པ་གསུམ་གྱིས་འཆད་པའི་ཚེ་ན་མན་ངག་བཅོ་ལྔའམ་བཅོ་བརྒྱད་གང་ཡང་རུང་བ་རེ་འབྱུང་བ་ཡིན་ནོ། །གཞན་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། མཐའ་དྲུག་གི་བཤད་པ་ཞེས་
གསུངས་པའི་ལུགས་ཀྱི་གདམས་ངག་ནི་འདི་ཉིད་དེ། བརྗོད་བྱ་སྤྱིའི་དོན་གཉིས་སུ་ཡན་ལག་གི་དོན་གྱིས་བཤད་པ་ན་སྒྲ་ཇི་བཞིན་པའི་བཤད་པར་འགྱུར་རོ། །སྦས་པའི་དོན་དུ་ཡན་ལག་གི་དོན་གྱིས་བཤད་པ་ན། ངེས་པའི་དོན་གྱི་བཤད་པར་འགྱུར་རོ། །མཐར་ཐུག་པའི་དོན་དུ་ཡན་ལག་གི་དོན་གྱིས་བཤད་པ་ན་
དགོངས་པ་ཅན་མ་ཡིན་པའི་བཤད་པར་འགྱུར་རོ། །སྤྱིའི་དོན་གཉིས་སུ་ཡི་གེ་དང་མན་ངག་གིས་བཤད་པ་ན་སྒྲ་ཇི་བཞིན་མ་ཡིན་པའི་བཤད་པར་འགྱུར་རོ། །སྦས་པའི་དོན་དུ་དེ་གཉིས་ཀྱིས་བཤད་ན་དྲང་བའི་དོན་གྱི་བཤད་པར་འགྱུར་རོ། །མཐར་ཐུག་པའི་དོན་དུ་དེ་གཉིས་ཀྱིས་བཤད་ན་དགོངས་པ་ཅན་གྱི་བཤད་པར་
เล่ม ๒๑๓ · หน้า 154a
འགྱུར་ཏེ་དེ་ལྟར་མཐའ་དྲུག་གོ །ཡང་ཡི་གེའི་དོན་དང༌། སྤྱིའི་དོན་དང༌། སྦས་པའི་དོན་དང༌། མཐར་ཐུག་པའི་དོན་ཏེ་བཞི་པོ་ལ་ཚུལ་བཞི་ཞེས་པའི་ཐ་སྙད་འབྱུང་སྟེ་བཤད་པའི་ཚུལ་འདི་དག་ཀྱང་གདམས་ངག་དྲུག་གི་ནང་དུ་འདུ་བར་འགྱུར་རོ། །དེ་ལྟ་བུའི་བཤད་ཐབས་དེ་དག་
གིས་རྒྱུད་འགྲེལ་བའི་ཚུལ་ཡང༌། གཞུང་གི་ཚིག་དོན་ལ་སྐབས་ཁ་ཅིག་ཏུ་ནི་སྤྱིའི་དོན་དང༌། ཁ་ཅིག་ཏུ་ནི་སྦས་པའི་དོན་དང༌། ཁ་ཅིག་ཏུ་ནི་མཐར་ཐུག་པའི་དོན་དུ་སྟེ་གང་རྗོད་པར་བྱེད་པའི་སྒྲ་ནི་ཡན་ལག་གི་དོན་གཙོ་ཆེ་ཞིང་གཞན་གཉིས་ཀྱང་སྐབས་ཀྱི་སྟོབས་ཀྱིས་ཅུང་ཟད་རེ་འཇུག་པ་དང་བཅས་ཏེ་
བཤད་པ་ནི་ཡན་ལག་གི་དོན་གྱི་བཤད་པའམ། ཡི་གེའི་དོན་གྱི་བཤད་པའམ། གཞུང་ཐད་སོའི་བཤད་པའམ། ཡོངས་སུ་གྲགས་པའི་བཤད་པ་ཞེས་བྱའོ། །ཁྱད་པར་གཞུང་གི་ཚིག་འགའ་ཞིག་ཏུ། གང་ཟག་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པ་ལ་དགའ་བ་དང༌། བསྐྱེད་པའི་རིམ་པ་ལ་དགའ་བ་
རྣམས་ལ་སྤྱི་ལྟར་ཡང་བཤད་དོ། །ཟབ་མོ་ལ་མོས་པ་རང་གི་ལུས་ལ་དགའ་བ་དང་ཆགས་ཅན་ཕྱག་རྒྱའི་རྣལ་འབྱོར་ལ་དགའ་བ་རྣམས་ལ་ཙཎྜ་ལཱི་དང་དཀྱིལ་འཁོར་འཁོར་ལོ་ལྟར་ཡང་བཤད་དོ། །རྟོགས་པ་དང་ལྡན་པ་སྤྱི་བློས་མོས་པ་ཡུལ་དུ་བྱ་བའི་ཕྱིར་དང་རྟོགས་པ་དང་ལྡན་པ་ཡེ་ཤེས་དཔེའི་ཚུལ་
གྱིས་རྟོགས་པར་བྱ་བའི་ཕྱིར་མཐར་ཐུག་པའི་དོན་དུ་བཤད་པ་སྟེ་དེ་དག་ནི་རྒྱུད་དོན་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་བཤད་པ་ཞེས་བྱ་བ་སྟེ། འདི་ནི་འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་བཤད་སྲོལ་ཐུན་མོང་མ་ཡིན་པར་འདོད་དོ། །གཉིས་པ་ནི། སེམས་ཀྱི་རྒྱུད་རྒྱུན་ཆགས་པ་ཞིག་
གཏན་ལ་དབབ་པ་ལ་དགོངས་ནས་རྒྱུད་གསུམ་གྱིས་བཤད་པ་སྟེ། གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་
འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར་ཏེ། དེའང་རྒྱུའི་རྒྱུད་ནི་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང་ཆོས་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་སམ་ལུས་དང་ངག་དང་ཡིད་ཀྱི་ཆོས་ཇི་ལྟར་གནས་པ་རྣམས་སོ། །ཐབས་ཀྱི་རྒྱུད་ནི་
เล่ม ๒๑๓ · หน้า 154b
སྨིན་པར་བྱེད་པའི་དབང་དང་གྲོལ་བར་བྱེད་པའི་ལམ་འཁོར་དང་བཅས་པ་རྣམས་སོ། །འབྲས་བུའི་རྒྱུད་ནི་ཐབས་དེ་ལ་གོམས་པར་བྱས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་གྲུབ་པར་གྱུར་པ་གང་ཡིན་པ་སྟེ། གཞི་དང་ལམ་དང་འབྲས་བུའི་རྒྱུད་ཀྱི་མངོན་པར་རྟོགས་པ་གསུམ་དུ་རྒྱུད་ཀྱི་ཚིག་དོན་མ་ལུས་
པ་བསྡུས་ནས་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་དུ་སྦྱར་བའི་བཤད་པ་སྟེ། ཚུལ་འདིས་ཀྱང་རྒྱུད་གསུམ་པོ་གནས་སྐབས་གང་དང་གང་དུ་བབ་པར་དེ་དང་དེར་འགྲེལ་བ་དང༌། ཚིག་འགའ་ཞིག་ཏུ་རྒྱུད་གསུམ་དང་ལྡན་པར་འགྲེལ་པ་གཉིས་ཀ་འབྱུང་བ་ཡིན་ནོ། །གསུམ་པ་ནི། དབང་ལམ་དུ་བྱ་བའི་ཕྱིར་
བདག་ཉིད་ཅན་གསུམ་གྱིས་བཤད་པ་སྟེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་མི་གོས་ཤིང༌། །རྒྱུད་ཀྱི་དོན་ལ་འཇུག་པར་བྱ། །ཞེས་གསུངས་པའི་དོན་ནི་ལུས་དང་ངག་དང་སེམས་དང་རླུང་སྟེ་རྒྱུ་རྣམ་པ་བཞི་ཡོད་པ་དང༌།
དེ་བཞིན་དུ་དབང་བཞི་དང་ལམ་བཞི་དང་འབྲས་བུ་བཞི་ཡོད་པས་རིམ་པ་ལྟར་དབྱིབས་ཀྱི་བདག་ཉིད་དང༌། སྔགས་ཀྱི་བདག་ཉིད་དང༌། དབང་ཆོས་ཀྱི་བདག་ཉིད་དང༌། མཐར་ཐུག་ཆོས་ཀྱི་བདག་ཉིད་དེ་རྣམ་པ་བཞིར་འགྱུར་ནའང་དབང་ཆོས་དང་མཐར་ཐུག་ཆོས་གཉིས་གཅིག་ཏུ་བྱས་པའི་བདག་ཉིད་ཅན་གསུམ་སྟེ། དེ་དག་གིས་
རྒྱུད་འགྲེལ་པ་ལའང་བདག་ཉིད་ཅན་གསུམ་གང་དུ་བབ་པའི་སྐབས་སོ་སོར་བཤད་པ་དང༌། སྔགས་དང་དབྱིབས་དང་ཆོས་གསུམ་ཚང་བའི་ཚིག་རེ་རེ་ལའང་རྒྱུ་དང་དབང་དང་ལམ་དང་འབྲས་བུར་སྦྱར་ཏེ་བཤད་པས་བཤད་པའི་ཐབས་བཅུ་གཉིས་སམ་ཆོས་གཉིས་སོ་སོར་བྱས་པ་ན། བཅུ་དྲུག་ཏུ་བཤད་
པར་ཡང་འགྱུར་རོ། །བཞི་པ་ནི། འབྲས་བུ་སྐུ་བཞི་ལམ་དུ་བྱ་བའི་ཕྱིར་གནས་པ་བཞིས་བཤད་པ་སྟེ། དཔལ་ནམ་མཁའ་དང་མཉམ་པ་ལས། གོང་བུ་ཆུ་དང་གཟུགས་སུ་བཅས། །དེ་བཞིན་གཟུགས་ལས་འདས་པ་དང༌། །གནས་པ་རྣམ་པ་བཞི་རུ་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་ལོངས་
སྤྱོད་རྫོགས་པའི་སྐུ་ནི་གོང་བུར་གནས་པ་དང༌། ཆོས་ཀྱི་སྐུ་ནི་ཆུར་གནས་པ་དང༌། སྤྲུལ་པའི་སྐུ་ནི་གཟུགས་སུ་གནས་པ་དང༌། ངོ་བོ་ཉིད་ཀྱི་སྐུ་ནི་གཟུགས་ལས་འདས་པར་གནས་པ་སྟེ། འབྲས་བུ་གནས་པ་བཞི་ཡིན་པ་ལྟར་སྦྱང་གཞི་ལའང་མངལ་སྐྱེས་ཀྱི་འགྲོ་བའི་དབང་དུ་བྱས་ན་ཉིང་མཚམས་སྦྱོར་བ་དང༌།
เล่ม ๒๑๓ · หน้า 155a
མངལ་གྱི་གནས་སྐབས་ལྔ་དང༌། འཚོ་བའི་གནས་སྐབས་དང༌། འཆི་བའི་གནས་སྐབས་ཏེ་གནས་པ་བཞི་དང༌། དེ་བཞིན་དུ་གསང་དབང་དང་རང་བྱིན་གྱིས་བརླབས་པ་ལ་སོགས་པའི་སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པ་དག་ལའང་གནས་པ་བཞི་སྟེ། ལམ་བཞི་པོའི་ནང་གསེས་
ཀུན་དུ་ཡང་གནས་པ་བཞི་བཞི་ཡིན་ནོ། །འདི་དག་གིས་རྒྱུད་འགྲེལ་བ་ལའང་གནས་པ་བཞིའི་སྒོ་ནས་གཞུང་ཚིག་སོ་སོའི་སྐབས་སུ་བཤད་པ་ལས། ཚིག་རེ་ལ་གནས་པ་བཞི་བཞི་སྦྱར་བ་མེད་ཀྱང་རྒྱུ་དང་ལམ་དང་འབྲས་བུའི་གནས་པ་གསུམ་གཞུང་ཚིག་གཅིག་ལ་སྦྱར་དུ་མི་རུང་བ་མེད་པའི་ཕྱིར་རོ། །
ལྔ་པ་ནི། སྤང་བྱ་མི་མཐུན་པའི་ཕྱོགས་སྤང་བའི་ཕྱིར་དག་པ་གསུམ་གྱིས་བཤད་པ་སྟེ། ཀྱེ་རྡོ་རྗེ་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་
པ་གཞན་གྱི་རྣམ་གྲོལ་ཡིན། །ཞེས་པ་སྟེ། རྒྱུའི་རྒྱུད་ངོ་བོ་ཉིད་ཀྱི་དག་པ་གསུམ་དང༌། ཐབས་ཀྱི་རྒྱུད་དྲི་མ་སྦྱོང་བྱེད་ཀྱི་དག་པ་གསུམ་དང༌། འབྲས་བུའི་རྒྱུད་དྲི་མ་དང་བྲལ་བའི་དག་པ་གསུམ་སྟེ། འདི་དག་གིས་རྒྱུད་འགྲེལ་བའི་ཚུལ་ཡང་རྒྱུད་གསུམ་སོ་སོའི་ཐད་སོར་བཤད་པ་ལས་ཚིག་རེ་
ལ་དག་པ་གསུམ་ག་སྦྱར་དུ་མི་བཏུབ་ནའང་ཚིག་རེ་ལ་རྒྱུད་གསུམ་ཚང་བ་ཉིད་དུ་བཤད་པར་བྱ་བ་ཡིན་ནོ། །དྲུག་པ་ནི། སྣོད་དང་མི་ལྡན་པ་ལ་གབ་ཅིང་གསང་བའི་དོན་དུ་གསང་བ་བདུན་གྱིས་བཤད་པ་ནི། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས། གསང་བ་ནི་མི་གསལ་བའོ། །གསང་བ་ནི་དེ་ཁོ་ན་ཉིད་མདོར་
བསྟན་པའོ། །གསང་བ་ནི་ས་བོན་ལྔའོ། །གསང་བ་ནི་དམ་པའི་དངོས་པོ་སྦས་པའོ། །གསང་བ་ནི་གསང་བའི་པདྨའོ། །གསང་བ་ནི་ལྟེ་བའི་དགའ་བའོ། །གསང་བ་ནི་ཐམས་ཅད་དུ་འགྲོ་བ་བསྡུས་པའོ། །གསང་བ་ནི་བདེ་བ་མཐའ་ཡས་པ་སྟེ་རྒྱུད་ཀྱི་གཞུང་གི་བཤད་པའོ་ཞེས་
གསུངས་སོ། །དེའང་འདིར་གསང་བ་བརྒྱད་དུ་གསུངས་ཀྱང༌། རྒྱུད་དེ་ཉིད་ལས། གསང་བའི་སྒྲ་ནི་བདུན་པ་སྟེ། བརྒྱད་པ་ནི་བརྗོད་དུ་མེད་པའི་མཚན་ཉིད་དོ་ཞེས་གསུངས་པས། ཐོག་མ་དང་ཐ་མའི་གསང་བ་གཉིས་རྟོགས་བྱ་དང་རྟོགས་པ་གཉིས་གནས་ལུགས་ལ་ངོ་བོ་དབྱེར་མེད་པའི་
เล่ม ๒๑๓ · หน้า 155b
ཕྱིར་གསང་བ་བདུན་དུ་ངེས་པ་སྟེ། དེ་དག་ཀྱང་རིམ་པ་ལྟར་སྨིན་པར་བྱེད་པ་དང༌། བསྐྱེད་པའི་རིམ་པ་དང༌། རྟོགས་པའི་ལྟ་བ་དང༌། ཕོ་ཉ་དང༌། རང་བྱིན་གྱིས་བརླབས་པ་དང༌། ལམ་གྱི་ཡན་ལག་རྣམས་བསྟན་ཏེ། འདི་དག་གིས་རྒྱུད་འགྲེལ་བའི་ཚུལ་ཡང་གཞུང་ཐམས་ཅད་གནས་
སྐབས་གང་དང་གང་དུ་འབྲེལ་བར་ཐད་སོར་བཤད་པ་ཁོ་ན་ལས་མི་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་བཤད་པའི་ཐབས་འདི་དག་དང༌། སློབ་དཔོན་མི་ཐུབ་ཟླ་བའི་རྒྱུད་དོན་ཡན་ལག་ལྔའི་བཤད་པ་ཞེས་བྱ་བ་དང༌། གསང་བ་འདུས་པའི་བསྙེན་སྒྲུབ་ཡན་ལག་ཏུ་བཅས་པ་དང༌། བདེ་
མཆོག་ཉུང་ངུའི་གསང་བ་རྣམ་པ་གསུམ་རྣམས་ཕལ་ཆེར་མཚུངས་པར་བཤད་དོ། །གཞན་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་རྒྱན་བདུན་ཞེས་བཤད་པའི་ནང་གསེས་ཀྱི་མཐའ་དྲུག་དང་ཚུལ་བཞི་ཞེས་པའི་བཤད་པའི་སྲོལ་རྣམས་ཀྱང་གདམས་ངག་འདི་དག་ཏུ་དོན་
གྱིས་མ་འདུས་པ་མེད་པར་གསུངས་སོ། །དེ་དག་གིས་ནི་རྒྱུད་སྡེ་རིན་པོ་ཆེ་སྤྱིར་འགྲེལ་བའི་ཚུལ་གྱི་རྣམ་པར་གཞག་པ་ཅུང་ཟད་ཅིག་བསྟན་པ་ཡིན་ལ། བྱེ་བྲག་ཏུ་ནང་གསེས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རེ་རེ་ལའང་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། གཉིས་སུ་མེད་པའི་རྒྱུད་དང༌།
དེ་བཞིན་དུ་བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་རྒྱུད་སྡེ་ཐ་དད་པའི་རྗེས་སུ་འབྲངས་ནས་རྣམ་པར་འགྲེལ་པའི་ཚུལ་ཐ་དད་པ་ཤིན་ཏུ་མང་བར་འབྱུང་སྟེ། དེ་དག་ནི་འདིར་བཤད་ཀྱིས་ལྡང་བ་མེད་པའི་ཕྱིར། རྒྱུད་ཀྱི་རྣམ་འགྲེལ་སོ་སོའི་སྟེང་དུ་
ལེགས་པར་བརྟགས་པས་ཤེས་པར་འགྱུར་རོ། །གཉིས་པ་སྐབས་སུ་བབ་པའི་རྒྱུད་ཀྱི་རྣམ་འགྲེལ་དཔེར་མཚོན་པ་ནི། དེ་ལྟར་ཇི་སྐད་བཤད་པའི་རྒྱུད་དོན་འགྲེལ་པར་བྱེད་པའི་མན་ངག་དེ་དག་ཅི་རིགས་པ་ལ་བརྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་རྒྱུད་དོན་རྣམ་པར་བཀྲལ་བའི་
བསྟན་བཅོས་རྣལ་འབྱོར་བླ་ན་མེད་པའི་སྐོར་ལ། གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་ཀྱི་འགྲེལ་པ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ་དང༌། དཀའ་འགྲེལ་པདྨ་ཅན་དང༌། ཀཽ་མུ་ཏི་ལ་སོགས་པ་དང༌། རྡོ་རྗེ་གུར་
เล่ม ๒๑๓ · หน้า 156a
ཀྱི་དཀའ་འགྲེལ་དང༌། སཾ་པུ་ཊའི་འགྲེལ་པ་མན་ངག་གི་སྙེ་མ་ལ་སོགས་པ་དང༌། དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་ལ་སོགས་པ་ལྟ་བུའོ། །ཤེས་རབ་ཀྱི་རྒྱུད་ལ་བདེ་མཆོག་རྩ་བའི་རྒྱུད་ཀྱི་སྟོད་འགྲེལ་བྱང་ཆུབ་སེམས་དཔའ་
ཕྱག་ན་རྡོ་རྗེས་མཛད་པ་དང༌། དཀའ་འགྲེལ་རིན་པོ་ཆེའི་ཚོགས་དང༌། དཔའ་བོ་ཡིད་འོང་དང༌། མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་ལ་སོགས་པ་ལྟ་བུའོ། །ཐབས་ཀྱི་རྒྱུད་ལ་གསང་བ་འདུས་པ་འཕགས་པའི་སྐོར་ལ་རྒྱུད་འགྲེལ་སྒྲོན་མ་གསལ་བ་དང༌། སྦྱོར་བ་ཡན་
ལག་དྲུག་པའི་འགྲེལ་པ་ལ་སོགས་པ་དང༌། ཡེ་ཤེས་ཞབས་ཀྱི་སྐོར་ལ་རྒྱུད་འགྲེལ་སློབ་མ་ལ་ཕན་པ་ལ་སོགས་པ་ལྟ་བུ་སྟེ། དེ་དག་སྤྱིའི་དགོངས་འགྲེལ་དུ་གྱུར་པ་སྒྲུབ་པའི་ཐབས་དང་དཀྱིལ་འཁོར་གྱི་ཆོ་ག་ཡན་ལག་དང་བཅས་པ་རྣམས་ལྟ་བུའོ། །རྒྱུད་སྡེ་འོག་མའི་སྐོར་
ལ་རྣལ་འབྱོར་གྱི་རྒྱུད་ལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ལ་སོགས་པ་དང༌། སྤྱོད་པའི་རྒྱུད་ལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་དང༌། བྱ་བའི་རྒྱུད་ལ་བསམ་གཏན་ཕྱི་མའི་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་རྒྱུད་སོ་སོ་དང་སྤྱིའི་འགྲེལ་
པ་སྒྲུབ་པའི་ཐབས་དང་དཀྱིལ་འཁོར་གྱི་ཆོ་ག་ཡན་ལག་དང་བཅས་པ་རྣམས་ལྟ་བུའོ། །དེ་དག་གིས་ནི་བཀའ་ལུང་གི་དགོངས་པ་རྣམ་པར་འགྲེལ་བའི་རྣམ་པར་གཞག་པ་ལ་སོགས་པ་མདོ་ཙམ་རེ་ཞིག་བརྗོད་ཟིན་ཏོ། །འདིར་སྨྲས་པ། སྲིད་(*ཤླཽ་ཀ་དགུ་པོ་ཟུང་ལྡན་གྱི་རྒྱན་གྱི་བྱེ་བྲག་ལས་འབྱུང་བ།)ཞིར་བཀྲ་ཤིས་སྒྲུབ་པ་ཆོས་ཀྱི་དབྱངས། །
དབྱངས་མཆོག་དཀྱིལ་འཁོར་རྫོགས་པའི་གདངས་ཉིད་དུ། །དུ་མའི་མོས་པར་ཐ་དད་སྟོན་པའི་མཆོག །མཆཾོག་གི་ཡོན་ཏན་མཐར་ཕྱིན་ཤཱཀྱའི་གཙོ། །གཙོ་བོ་འཇིག་རྟེན་གཙོ་བོས་ཕྱག་བྱས་པའི། །གསུང་རབ་གཉིས་མེད་གསུང་དང་དགོངས་
གཅིག་ཏུ། །ཇི་བཞིན་སྒྲ་དང་ཇིཾ་བཞིན་མིན་པ་སོགས། །ལེགས་པར་མཁྱེན་དོན་ལེགས་འདོམས་རྒྱལ་བའི་སྲས། །བདེན་མཐོང་རང་སྟོབས་ཤིང་རྟའི་སྲོལ་ཕྱེའམ། །གཞན་གྱི་གཞུང་དོན་ལ་བརྟེན་འགྲེལ་ཡང་རུང༌། །ཐམས་ཅད་ཤེས་བྱའི་གནས་ཀུན་འཆད་པ་ལ། །ཐམས་
เล่ม ๒๑๓ · หน้า 156b
ཅད་མཁྱེན་པ་ཉིད་དང་མཚུངས་པར་སྨྲ། །སྨྲ་མཆོག་སྨྲ་བའི་ཉི་མ་གང་དག་གིས། །ལེགས་བཤད་ལེགས་པར་གདམས་པའི་སྣང་བ་ཆེ། །འཇཾག་རྟེན་འཇཾག་རྟེན་འདས་པའི་ངོ་མཚར་འཕྲུལ། །ཇི་སྙེད་ཇཾ་བཞིན་སྟོན་པ་འདི་རྨད་བྱུང༌། །ཕྱོགས་བྲལ་བདེ་གཤེགས་
གཤེགས་པའི་ལམ་པོ་ཆེ། །རྣམ་གཉིས་དངོས་གྲུབ་གྲུབ་པའི་ཐུགས་ཀྱི་བཅུད། །ལྔ་རིག་མཁས་དབང་དབང་པོས་བཤད་བྱ་བ། །ལེགས་པའི་ལམ་འགྲོ་འགྲོ་བའི་མིག་འདི་ཡིན། །བརྒྱ་ལམ་སྐྱེ་བའི་ཕྲེང་བར་མཇལ་དཀའ་དཀའ། །མཇལ་བ་སྙིང་པོ་ཀུན་གྱིས་རབ་ལྕི་ལྕི། །མཆོག་
ཏུ་རྣམ་གྲོལ་སྙིང་པོས་ཆེས་བརླིང་བརླིང་། །སྦྱིན་འདི་ཐོབ་པའི་སྐལ་བ་རྨད་བྱུང་བྱུང༌། །ཡང་ཡང་སྐྱེ་བར་སྦྱངས་པའི་བློ་གྲོས་ཀྱིས། །གསལ་གསལ་ཡང་དག་རྟོགས་ནས་གསུངས་པའི་ཆོས། །ཡང་ཡང་དཔྱད་པ་གསུམ་གྱིས་དག་གྱུར་པ། །རང་རང་མོས་པ་བླངས་དོན་མི་ཆུང་
གྲང༌། །ཀུན་ཕན་གཞོན་ནུ་རྩེ་དགའ་དྲན་པ་ཡིས། །ཀུན་ནས་འོད་ཀྱི་སོར་མོ་རབ་བརྐྱངས་ནས། །ཀུནྡའི་འདབ་མ་ནས་བཟུང་འབྱེད་པའི་ཚེ། །ཀུན་དགའི་འཛུམ་བརྒྱ་གྲོལ་ལ་སུ་ཡིས་འགོག །སྨྲ་མཆོག་རྣམས་ཀྱི་བཀའ་དོན་བཀྲལ་བའི་ཚུལ། །ཚུལ་ལུགས་མང་
པོའི་ཁྱད་པར་མདོ་ཙམ་དུ། །དུ་མའི་ལུང་ལས་ཉེ་བར་འཕོས་པའི་དབྱངས། །དབྱངས་ཀྱི་རྒྱལ་མོའི་གླུ་ཡི་སྤུན་ཟླར་བླངས། །རྗོད་བྱེད་(*རབ་རྟོག་ལས་སེམས་ལྡན་རབ་རྟོག )སྙན་པའི་། གདངས་ལས་ཆོས་ཀྱི་དོན། །ཅི་ཡང་འདྲེན་པའི་མཚར་ལ་མ་བཟོད་པར། །ཡིད་འཕྲོག་སྒྲ་ངན་སྤངས་པ་མཐོ་རིས་སུ། །བྲོས་ཏེ་རང་གི་གླིང་བུར་
བཤུང་པ་འདྲ། །ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་
པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས། འགྲེལ་ཚུལ་ངེས་པའི་ཆེད་དུ་བསྟན་བཅོས་ཀུན་གྱི་རྣམ་པར་གཞག་པའི་སརྒ་སྟེ་བཞི་པའོ།། །།
เล่ม ๒๑๓ · หน้า 157a
དྷརྨོཏྟརཱནནྡདདཱཏིལོཀེཏྱཱགོམཧཱརམྦྷམཧཱཙདྷཱིརཀྲྀཏྟེམཧཱསཏྭབཏཱིཛིནཱནཱཾཀརྨཱརྞབཱབཤྱབིཀུརྦཎཻཝཾ།
༄༅། །(ཡན་ལག་གཅིག་པའི་གཟུགས་ཅན།) ཆོས་མཆོག་ཀུན་དུ་དགའ་སྟེར་འཇིག་རྟེན་ན། །བརྟན་བྱེད་རྩོམ་པ་ཆེ་དང་གཏོང་བ་ཆེ། །སྙིང་སྟོབས་ཆེ་ལྡན་དེ་དག་རྒྱལ་རྣམས་ཀྱི། །ཕྲིན་ལས་རྒྱ་མཚོའི་རྣམ་འཕྲུལ་ངེས་པ་ཉིད། །
เล่ม ๒๑๓ · หน้า 157b
(*གཟུགས་ཅན་ལས་མ་བསྡུས་པ།)སྡེ་བཞིའི་སྙེ་མ་དུད་པའི་ཚལ་དུ་སྟོབས་ཀྱི་ཤིང་རྟར་ཡང་དག་འཛེགས། །བསྡུ་དངོས་བཞི་ཡི་འཁོར་ལོའི་འགྲོས་མཛེས་སྙིང་རྗེའི་གདུང་སྐྱོབ་དཀར་པོ་ཡིས། །འཇིག་རྟེན་ཁམས་སུ་རྫོགས་ལྡན་ཆོས་ཀྱི་གྲིབ་མ་ཡིད་དུ་འོང་འཇོ་བ། །ཆོས་དང་སྲིད་པར་དགེ་བའི་རྒྱལ་སྲིད་ཅིག་ཅར་སྐྱོང་བའི་
མི་བདག་ཡོད། །(མ་བསྡུས་པའི་གཟུགས་ཅན།)ཇེ་མཐོའི་རིགས་ཀྱི་ས་བོན་མ་རྨས་པ། །བདེ་བར་འགྲོ་བའི་ཞིང་སར་བཏབ་པ་ལས། །ལུས་ཅན་ཡོངས་ཀྱི་མཉེས་གཤིན་ཟླ་མེད་པའི། །སྐྱེས་བུ་དམ་པའི་ལོ་ཏོག་ཅི་ཡང་ལེགས། །(*ཡོན་ཏན་ལྷན་ཅིག་བརྗོད་པ་ལ་ཆོས་ཀྱི་དཔེས་བརླིང་བ།)དེ་དེའི་རྒྱུད་དུ་འབབ་སྟེགས་ལེགས་བྱས་པའི། །བཞིན
བཟང་ལང་ཚོ་གསར་བུའི་དཔལ་ཉིད་དང༌། །མཉམ་དུ་སྒྱུ་རྩལ་ཀུན་ལ་རབ་སྒྲིན་པའི། །གཏམ་སྙན་དང་པོའི་ཕོ་ཉ་བཞིན་དུ་རྒྱུ། །(*རྒྱུའི་རྒྱན་ལས་ཐོབ་པར་བྱེད་པ།)འགའ་ཞིག་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ། །བློ་ལྡན་རྣམས་ཀྱི་འཇུག་ངོགས་ཤེས་
བྱའི་གནས། །གྲངས་མེད་སྤྲོ་བ་མཆོག་གིས་རབ་སྦྱངས་པས། །མཁས་དང་གྲུབ་པའི་རྩེ་མོར་མ་ཕྱིན་སུ། །(*རིག་བྱེད་ཀྱི་ལོ་རྒྱུས་ལས་དྲངས་པའི་མཐའ་དག་གཟུགས་ཅན།)ཟབ་བརླིང་གཞོན་ནུའི་བརྟུལ་ཞུགས་འཆང་བ་འགའ། །བསྟན་ཇུས་རྨ་བྱའི་ཐེག་པ་ལ་ཆིབས་ནས། །ལས་དབང་ཤ་ཟའི་མདུང་རྣོན་ཐོགས་པའི་
མདུན། །འཚེ་བྱེད་པ་སངས་སློབ་མས་ཅི་སྟེ་ཚུགས། །(*ཟོལ་བསྟོད་ལས་དཔའ་བ་ཕུན་སུམ་ཚོགས་པ།)རྣམ་འདྲེན་བསྟན་པ་སྐྱོང་བར་ཚེ་རིང་ལྷས། །བསྐོས་པའི་མི་བདག་ཁྱོད་ཀྱི་མཐུ་ཆེན་པོས། །མི་བདག་གཞན་གྱི་གྲགས་པ་ཟིལ་གནོན་པའི། །ཐུབ་ཆོད་ལས་འདི་ཆོས་ལ་རིགས་
སམ་ཅི། །(*གཟུགས་ཅན་ལས་མཐའ་དག་གཟུགས།)བསོད་ནམས་གསེར་གྱི་སྒོ་ངའི་སྦུབས་ཡངས་ནས། །ལེགས་འཁྲུངས་མི་ཡི་རྗེ་བོ་འཇིག་རྟེན་མགོཾན། །གཙུག་ལག་རིག་བྱེད་འཆད་པའི་དང་པོ་དེ། །ཆབ་སྲིད་འཇིག་རྟེན་མཛེས་པའི་དཔལ་དུ་བྱོན། །(*དོན་གཞན་བཀོད་པ་ལས་ཁྱད་པར་ལ་གནས་པ།)ལྷག་པའི་ལྷས་བསྐྱེད་བློ
གྲོས་དཀྱིལ་འཁོར་དུ། །རིག་པའི་གཞུང་བརྒྱ་སོང་ཡང་ཁེངས་པ་ཅི། །ཆེ་བའི་རྒྱ་མཚོ་ཉིད་དུ་དག་བྱེད་མ། །མཐའ་དག་ཕྱིན་པས་ངོམས་པ་ནམ་ཞིག་མཐོང༌། །(རྐང་པ་དང་པོ་དང་གསུམ་པར་ཡོད་པ་ཆོད་པའི་ཟུང་ལྡན།)རྒྱལ་བའི་ཕྲིན་
เล่ม ๒๑๓ · หน้า 158a
ལས་བར་ཆད་མེད་ས་བོན། །འཛམ་གླིང་ཡངས་མའི་མངལ་དུ་ལེགས་བཟུང་བ། །རྒྱལ་བའི་སྲས་སུ་ངེས་པར་ཟློས་པ་ལ། །བླ་མ་ཆེ་ཞེས་ཕྱོགས་ཀྱི་བློ་ལྡན་སྨྲ། །(*དགའ་བ་ལས་དངོས་ཐོབ།)འཇིག་རྟེན་ཀུན་དགའ་འབྱུང་བའི་ཕྲིན་ལས་ཀྱིས། །རྒྱ་མཚོའི་སྐ་རགས་ལྡན་པར་མཛེས་ཁྱོད་ནི། །
སྲིད་པས་ཐོབ་པའི་དགའ་བ་མཐའ་ཡས་འདི། །ཉིད་ལས་གཞན་པའི་དྲིན་གྱིས་ཅི་སྟེ་ཐོབ། །(*གཟུགས་ཅན་ལས་ལྡན་པ།)སྔ་ན་མེད་པའི་བདེ་སྐྱིད་མེ་ཏོག་འདབ། །འཛུམ་ལྡན་གྲགས་པ་དགེ་བའི་རྐང་དྲུག་གི །གླུ་སྙན་འབུམ་དུ་འབྱིན་པས་བོད་ཆེན་པོ། །ལེགས་ལྡན་དཔྱིད་ཀྱི་དཔལ་དེས་མཛེས་
པར་བྱས། །(*ལྡོག་པ་ཅན་ལས་གཉིས་ཀྱི་ལྡོག་པ།)ཆེ་བའི་ཁེངས་ལྡན་མང་པོའི་ཐོར་ཚུགས་རྩེ། །མཛེས་བྱེད་གང་གི་ཞབས་དང་རྩ་ལག་འཚོ། །དྲི་བཟང་ཁང་པ་དྲོད་ཀྱི་རེག་པས་རྙིངས། །ཁྱོད་ཞབས་མཛེས་པའི་ལང་ཚོ་ཡོལ་བ་མེད། །(*བསྙོན་དོར་ལས་ཆོས་ལ་བསྙོན་པ།)བཀའ་ལུང་ཡི་གེའི་གཟུགས་སུ་འཁྲུངས་པ་རེས། །འགྲོ་བའི་
མི་བདེ་བཅིལ་བ་སྔོན་ལས་མཐུ། །མ་ཡིན་ཟུག་རྔུ་ཐམས་ཅད་འབྱིན་བྱེད་པའི། །སྨན་མཆོག་སྟོང་གི་ཐིགས་པས་བྲན་པར་ངེས། །(*ཏིང་ངེ་འཛིན་གྱི་རབ་རྟོག་ལ་དཔེའི་རྒྱན་གྱིས་མཛེས་པ།)རྣམ་འབྱེད་བློ་གྲོས་འབར་བའི་ལྕེ་བཞིན་དུ། །གཡོ་བ་དེ་མཐོང་ཤེས་བྱའི་དངོས་པོ་དག །རང་གི་བརྟན་
པ་ཟ་ཕྱིར་གླལ་སྙམ་དུ། །སྐྲག་སྟེ་རང་བཞིན་མངོན་སུམ་བསྟན་པ་འདྲ། །(*རྒྱུའི་རྒྱན་ལས་རིགས་འབྲས།)ཕྱོགས་དང་ཕྱོགས་བྲལ་དག་གི་རྒྱལ་རིགས་ལ། །བསྔགས་པའི་སྙན་དངགས་གླུ་རུ་བླངས་རྣམས་ཀྱང༌། །འདི་ན་སྙིང་རྗེའི་བདག་ཉིད་བཞུགས་གང་གི །ཆེ་བའི་ཡོན་
ཏན་བརྗོད་པའི་འཕྲིན་དུ་བྱུང༌། །(*གཟུགས་ཅན་ལས་ལྡན་པ།)མི་དམན་བསོད་ནམས་ཡངས་པའི་དགའ་ཚལ་དུ། །སྲིད་གསུམ་འབྱོར་པ་ཡོངས་སུ་སྤུངས་པས་ཀྱང༌། །བྱེ་བ་བརྒྱ་སྟོང་ཆ་ཤས་ཕོད་མིན་པའི། །ལེགས་བྱས་ཆོས་ཀྱི་སྡོང་པོ་འདི་འཁྲུངས་སོ། །(*གཟུགས་ཅན་ལས་མི་མཉམ་པ།)མཐོང་བའི་ཆོས་ཀྱི་ཕན་པ་ཉི་ཚེ་ཡང༌། །ཆེ་བར་
སྒྲོ་བཏགས་ཚིག་གི་སྦུན་མ་དེ། །འུད་ཆེན་རླུང་གི་རྟ་ལ་བསྐྱོན་ནས་ནི། །བསྔགས་པ་དབྱངས་སུ་བརྗོད་དང་ཅི་ཞིག་མཚུངས། །(བཻ་དརྦྷའི་མཛེས་པའི་ཡོན་ཏན་བསྔགས་པ་ལ་སྦྱར་བ།)སེམས་རྒྱུད་ལ་ཞེན་རྣམ་པར་གནག་པའི་དྲི། །གཉེན་པོ་ཆུང་ངུ་ཡིས་ཀྱང་འཇིག་པའི་ཆོས། །
เล่ม ๒๑๓ · หน้า 158b
ལེགས་པར་བྱིན་པའི་བཀའ་དྲིན་གཟུགས་ཅན་དུ། །གྲུབ་ན་སྲིད་པ་གསུམ་དུ་ཅང་ཆུད་དམ། །(*སྙམ་སྒྲ་ཅན་གྱི་རབ་རྟོག)ལེགས་བྱས་ཕ་རོལ་མཐོང་དཀའ་མི་བདག་གི། །རྟོགས་བརྗོད་མཐའ་ཡས་ཚིག་ཏུ་འཁྲུངས་པའི་ཚད། །འཇལ་བྱེད་ཁུར་ཆེན་ཁྱེར་བའི་གཉིས་ལས་འཐུང༌། །རབ་ཏུ་བརྟན་དེ་སྲིད་པས་སྤྲུལ་ལམ་སྙམ། །
(*མཚུངས་པ་གསལ་བྱེད་ཀྱི་དཔེ།)འོན་ཏེ་ཆེ་བའི་ཆར་ལས་གཞན་གྱིས་གསོས། །ངོམས་པར་བཏུང་བས་རྒྱས་པའི་དབྱངས་བཞིན་དུ། །ལེགས་པར་བརྟགས་པའི་མཐོང་དོན་ཅུང་ཟད་ཅིག །ཚིག་ཏུ་བསྡེབས་པ་འདི་ལ་དགའ་བས་ཉོན། །སྤྱི་དོན་ལྔ་པ་བསྟན་པ་གནས་པའི་ཆེད་དུ་དགོངས་འགྲེལ་པར་དུ་སྒྲུབ་པར་
བསྐུལ་བ་ལ། གང་གིས་བསྐུལ་བ་བསྟན་པའི་སྒྲོན་མ་ཆེན་པོའི་ཁྱད་པར་དང༌། གང་ལ་བསྐུལ་བ་བསྟན་པའི་རྩ་ལག་ཆེན་པོའི་ཁྱད་པར་རོ། །དང་པོ་ལ་ངོས་གཟུང་བ་དང༌། དེའི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་གཉིས་ལས། དང་པོ་བསྟན་པའི་སྒྲོན་མར་གྱུར་པའི་སྐྱེས་བུ་དམ་པ་
ནི་སྤྱིར་སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེ་གང་དང་གང་དུ་དར་བ་དེ་དང་དེ་དག་གི་ཕྱོགས་དང་ཕྱོགས་བྲལ་ཀུན་དུ་མཛེས་པར་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆོས་བཞིན་དུ་སྨྲ་ཞིང་ཆོས་བཞིན་དུ་མཛད་པ་གང་དག་འབྱོན་པར་འགྱུར་བ་སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱིས་ལུང་བསྟན་པའི་སྐྱེས་བུ་དམ་པ་སྟེ། དེ་
ལའང་དབྱེ་ན། འབྱོན་འགྱུར་གྱི་སྐྱེས་བུ་དམ་པ་གང་དག་ཡིན་པ་དེ་དག་གི་མཚན་ནས་དངོས་སུ་སྨོས་ཏེ་ལུང་བསྟན་པ་དང༌། བརྒྱུད་ནས་ནི། དཔེར་ན། བ་ཚ་ཆུ་ཀླུང་གི་མདོ་ལས། སྔ་བརྒྱ་ཐ་མར་གྱུར་པའི་ཚེ། །ང་ཉིད་སློབ་དཔོན་གཟུགས་ཀྱིས་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །
ཅེས་གསུངས་པ་ལྟར་སྟོན་པ་རང་གི་མཁྱེན་བརྩེ་ནུས་པ་རྒྱ་མཚོ་ཆེན་པོའི་རྣམ་པར་འཕྲུལ་པའི་སྒྱུ་འཕྲུལ་གྱི་དྲྭ་བ་ཉིད་དུ་ལུང་བསྟན་པའི་སྐྱེས་བུ་དམ་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྐྱོང་བ་ལ་ཐུགས་རྩེ་གཅིག་ཏུ་ཕྱོགས་པ་གྲངས་མེད་པ་དག་འབྱོན་པར་གསུངས་པ་ལས། འདིར་སྐབས་སུ་བབ་པ་ནི་ཕྱི་མ་སྟེ། དེ་ལ་ཡང་
འདིར་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ཆེན་པོ་ལ་མངའ་གསོལ་བའི་གདན་རབས་སུམ་ཅུ་པར་གྱུར་པ་འཇམ་པའི་དབྱངས་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དོ། །གཉིས་པ་ནི། འདིས་སྔོན་གྱི་སྐྱེ་བ་ཇི་ལྟར་བཞེས་པའི་དབང་དུ་བགྱིས་ན། འཕགས་
เล่ม ๒๑๓ · หน้า 159a
པའི་ཡུལ་གྱི་པཎྜི་ཏ་མང་པོའི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་དཔལ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་རྣམ་པར་འཕྲུལ་པ་ཉིད་དུ་དངོས་དང་མངོན་པར་ཤེས་པའི་མེ་ལོང་སྒྲིབ་པ་མེད་པ་ཐོགས་པ་འགའ་ཞིག་གིས་ཀྱང་ལུང་བསྟན་པ་དང༌། བར་སྐབས་སུའང་རྗེ་བཙུན་དམ་པ་ཉིད་ཀྱི་ཉམས་ཀྱི་སྣང་
བ་ལ་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་མཛད་པའི་སྔོན་གྱི་སྐྱེ་བ་དྲན་པ་བྱུང་བ་དང༌། གངས་རིའི་ལྗོངས་འདིར་ཡང་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་གི་སྐྱེ་བ་བླངས་པར་གསུངས་པ་དང༌། ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཅུ་བཞི་པ་མཁན་པོ་རིན་པོ་ཆེ་དཔལ་ལྡན་དོན་གྲུབ་སྟེ།
དེ་ལ་སོགས་པ་མཁས་པ་དང་གྲུབ་པའི་ཡོན་ཏན་བརྙེས་པ་མང་པོའི་སྐུའི་སྐྱེ་བ་ལུ་གུ་རྒྱུད་དུ་བཞེས་ནས། དུས་དེ་དང་དེ་དག་ཏུ་འགྲོ་བ་རྒྱ་མཚོའི་དོན་མཐའ་ཡས་པར་མཛད་པ་ཞིག་གོ། །སྐྱེ་བ་འདིར་ཡང་གཞུང་ལུགས་མང་པོའི་དོན་ལ་ལེགས་པར་སྦྱངས་པས། ཆོས་དང་ཆོས་མ་ཡིན་པ་རྣམ་པར་
དཔྱོད་པས་ལོག་པར་སྨྲ་བ་གཞན་ཚར་གཅོད་པ་ལ་ཤིན་ཏུ་མཁས་ཤིང༌། ནང་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྔགས་ཀྱི་རིག་པ་གྲུབ་པས་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་བའི་རྡོ་རྗེ་སློབ་དཔོན་ཆེན་པོར་གྱུར་པའོ། །བྱེ་བྲག་ཏུ་འཛམ་བུའི་གླིང་འདིར་ཐུབ་པའི་རྒྱལ་
ཚབ་ཀྱི་མཆོག་ཏུ་གྱུར་པའི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་རྒྱལ་བ་ཉིད་ཀྱི་ཞལ་སྒོ་ནས་ཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ་ལས་ལུང་བསྟན་པའི་སྐྱེས་བུ་དམ་པ་སྟེ། དེའང་གང་ལས་ལུང་བསྟན་པ་ཡིན་སྙམ་ན། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་
པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། དེ་ཚེ་འཇིག་རྟེན་མགོན་པོའི་སྤྲུལ་པ་སྤྲུལ། །དེ་ཚེ་དགེ་སློང་ཀུན་དགའ་བཟང་པོ་འབྱུང༌། །ཚུལ་ཁྲིམས་ཀྱིས་ཀྱང་ཁྱད་པར་འཕགས་གྱུར་ལ། །ཐོས་པ་མང་ཞིང་ཕ་རོལ་ཕྱིན་པས་འཕགས། །ཐབས་དང་ཤེས་རབ་ལ་ནི་ཤིན་ཏུ་བསླབས། །
དེ་དག་ཆོས་ཀྱི་སེམས་རྒྱུད་བརྗེད་མི་འགྱུར། །རྟག་ཏུ་འཕགས་པ་རྣམས་དང་འགྲོགས་པར་འགྱུར། །དཔའ་བོ་དེ་ཡི་ཡོན་ཏན་གང་ཡོད་པ། །མང་དུ་ཐོས་ཀྱང་མཐར་ཐུག་འགྱུར་བ་མེད། །དཔའ་བོ་ཤིན་ཏུ་གནས་པ་དེ་ཡི་མིང༌། །དེ་ཚེ་བུད་མེད་གང་གིས་ཐོས་གྱུར་པ། །དེ་
เล่ม ๒๑๓ · หน้า 159b
ནི་ཕྱིན་ཆད་བུད་མེད་དངོས་མི་འགྱུར། །དེ་ལྟར་རྩི་སྨན་འདྲ་བའི་མི་དེས་ནི། །མིང་གི་འང་སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་ཕྱོགས་བཅུ་དག་ཏུ་བསྒྲགས་པ་ན། །དཔའ་བོ་དེ་ཡི་མིང་ནི་སུས་ཐོས་པ། །དེ་ཡི་མིང་གིས་ལས་ནི་དེ་བྱེད་དེ། །བུད་མེད་གང་ཟག་ལ་ནི་རེག་མི་
འགྱུར། །གང་གིས་མཐོང་དང་བསྟི་སྟང་བྱེད་ཅི་སྨོས། །དེས་ན་རྒྱལ་བས་དགེ་སློང་གང་སྤྲུལ་པ། །ཀུན་དགའ་བཟང་པོ་ཞེས་ནི་བྱ་བ་དེས། །རྒྱལ་བས་དེ་སྐད་བསྒྲགས་པ་དེ་འདྲ་བ། །བྱང་ཆུབ་བཞུགས་པ་ཅི་མཆིས་དེ་ལ་ཞུས། །ཀུན་དགའ་བཟང་པོ་གོ་ཆ་དཔའ་བོའི་
མིང༌། །འཇིག་རྟེན་ཁམས་འདིར་ཡོངས་སུ་བསྒྲགས་པ་ན། །གང་དག་ཕྱི་དུས་དགེ་སློང་རྣམས་འབྱུང་བ། །རྩུབ་དང་གཏུམ་དང་ཤིན་ཏུ་རྩུབ་པ་ཡི། །དགེ་སློང་གཞན་གྱིས་འདི་ལ་རྩོད་པར་འགྱུར། །ཆོས་འདི་རྒྱལ་བས་གསུངས་པ་མ་ཡིན་ཞེས། །འཇིག་རྟེན་ཕྱིན་ཅི་ལོག་
ལ་ཀུན་དགར་ལྟོས། །དེ་ཕྱིར་སྙིགས་མའི་དུས་ན་དེ་དག་ནི། །ང་དང་ལྷན་ཅིག་སངས་རྒྱས་ཞིང་དུ་ལྷགས། །ང་ཡི་བྱང་ཆུབ་མཆོག་འདི་ཐོབ་གྱུར་ཀྱང༌། །དེ་ཚེ་སེམས་ཅན་ལྟ་ཅན་སྤྲོ་བ་མེད། །ཕྱི་དུས་འཇིགས་པ་ཆེན་པོ་དེ་ཡི་ཚེ། །སྲོག་ཀྱང་བཏང་ནས་དེ་བཞིན་བྱ་སྙམ་སྟེ། །
ང་ཡི་ཆོས་མཆོག་སྤེལ་ཞིང་འཛིན་པར་བྱེད། །ཀུན་དགའ་བཟང་སྐྱོང་རིན་ཆེན་འབྱུང་གནས་དང༌། །དཀོན་མཆོག་འབྱུང་གནས་དང་ནི་དེད་དཔོན་བཟང༌། །ཡོན་ཏན་སྦས་པ་མཁས་དང་དེ་བཞིན་དུ། །དཔའ་བོ་བཟང་སྟོབས་གང་ཡིན་དེ་ལ་ལྟོས། །ཀུན་དགའ་གང་སུ་དག་གིས་དེ་དག་
མཐོང༌། །གང་དག་སུ་ཡིས་མིང་ཡང་ཐོས་གྱུར་པ། །དེ་དག་ནམ་ཡང་བྱང་ཆུབ་དོགས་པ་མེད། །དེ་དག་ནམ་དུའང་ལོག་པར་ལྟུང་མི་འགྱུར། །དེ་དག་ཐམས་ཅད་བརྩོན་པས་ཚོགས་པ་ཡིན། །དེ་དག་ཐམས་ཅད་ཚོགས་པར་ཤེས་པར་འགྱུར། །ཞེས་གསུངས། ཡང་དམ་
ཆོས་པདྨ་དཀར་པོ་ལས། ངས་ནི་དགེ་སློང་དགེ་འདུན་མོས་པར་བྱས། །ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ། །བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །མ་འོངས་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར། །དེ་ཡི་མིང་ནི་རྒྱ་མཚོ་བློ་འཛིན་ཏེ། །མངོན་པར་ཤེས་ཐོབ་ཅེས་ཀྱང་དེ་ན་གྲགས། །
เล่ม ๒๑๓ · หน้า 160a
ལྟ་ན་སྡུག་པ་ཡོངས་སུ་དག་པའི་ཞིང༌། །མ་བསྙལ་རྒྱལ་མཚན་རྒྱལ་བའི་བ་དན་ནོ། །བྱང་ཆུབ་སེམས་དཔའ་གངྒཱའི་ཇི་སྙེད་དེར། །དེ་བས་ལྷག་པ་ཡོངས་སུ་སྨིན་པར་བྱེད། །རྒྱལ་བ་དེ་ནི་རྫུ་འཕྲུལ་ཆེ་བར་འགྱུར། །ཕྱོགས་བཅུའི་འཇིག་རྟེན་དུ་ནི་སྒྲ་ཡང་
བསྒྲགས། །དེ་ཡི་ཚེ་ཡང་དཔག་ཏུ་མེད་པར་འགྱུར། །འཇིག་རྟེན་རྣམས་ན་ཕན་ཞིང་བརྩེ་ཕྱིར་གནས། །སྐྱོབ་པ་དེ་ནི་མྱ་ངན་འདས་འོག་ཏུ། །ཉིས་འགྱུར་དེ་ཡི་དམ་ཆོས་གནས་པར་འགྱུར། །དེ་ནས་གཟུགས་བརྙན་དེ་ཡི་ཉིས་འགྱུར་དུ། །གནས་ཏེ་རྒྱལ་བ་དེ་ཡི་བསྟན་པ་ལ། །དེ་ན་
སེམས་ཅན་གངྒཱའི་བྱེ་མ་སྙེད། །སངས་རྒྱས་འབྱུང་བ་དེ་ལ་རྒྱུ་ཡང་བསྐྱེད། །ཅེས་སོ། །དེ་ལྟར་སའི་སྟེང་ཐམས་ཅད་དུ་ཡོངས་སུ་གྲགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱི་ལུགས་སྲོལ་དྲི་མ་མེད་པར་སྨྲ་བའི་གདན་རབས་ཀྱི་ཁྲི་ལ་ཞབས་ཀྱི་འཁོར་ལོ་རྣམ་པར་བཀོད་པའི་བསྟན་པའི་མངའ་བདག་ཆེན་
པོ་ཉིད་དུ་གྱུར་ཏེ། དེར་ཆོས་ཀྱི་ཁྲི་ལ་བཞུགས་ནས་ཀྱང་བགྲང་གཞི་གསུམ་གྱི་བར་དུ་བསྟན་པའི་བྱ་བ་རྒྱ་ཆེན་པོའི་ཁུར་ཁྱེར་བའི་སྒོ་ནས་སྡོམ་པ་གསུམ་གྱི་ཕྲིན་ལས་བཟང་པོ་གངྒཱའི་རྒྱུན་ཆེན་པོ་བཞིན་དུ་རྣམ་པར་སྤྲོས་ཏེ། དེའི་རྒྱུན་ཡང་ནམ་མཁའ་ཇི་སྲིད་ཀྱི་བར་དུ་གནས་པར་བྱེད་པའི་སློབ་མའི་
ཚོགས་དཔག་ཏུ་མེད་པ་བསྐྲུན་ནོ། །སླར་ཡང་བོད་ཆེན་གྱི་ལྗོངས་འདིར་སྐྱེ་བ་ནས་སྐྱེ་བའི་ཕྲེང་བར་ལས་བཟང་དང་སྨོན་ལམ་གྱི་ས་བོན་ལེགས་པར་བཟུང་བའི་དཔལ་སའི་སྟེང་གི་ཆོས་རྒྱལ་ཆེན་པོ་སྡེ་དགེ་བསྟན་པ་ཚེ་རིང་ཡབ་སྲས་རྣམས་ཀྱིས་སྤྱན་དྲངས་པ་ལྟར་ལྗོངས་འདིར་བྱོན་ཏེ་མི་བདག་ཆེན་
པོས་རིགས་ཀྱི་ཅོད་པཎ་གཅིག་པུ་བར་མངའ་གསོལ་ལོ། །དེ་ནས་བརྩམས་ཏེ་དཔལ་སའི་དབང་ཕྱུག་སྡེ་དགེ་རྒྱལ་པོ་ཡབ་སྲས་རྣམས་དང་མངའ་འོག་ཏུ་གཏོགས་པས་མཚོན་ཏེ། ཡངས་པའི་འཇིག་རྟེན་ཁམས་ཀྱི་འགྲོ་བ་རྒྱ་མཚོ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང༌། རྒྱལ་བའི་བསྟན་པ་ལ་བྱ་བ་
ཡང་དག་པར་བྱས་སོ། །དེ་དག་གི་ཚུལ་རྒྱས་པ་ནི་དེ་ཉིད་ཀྱི་རྣམ་པར་ཐར་བ་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ་ལས་འབྱུང་བ་ལྟར་ཤེས་པར་བྱ་བ་ལས་འདིར་མ་སྤྲོས་སོ། །དེ་ལྟར་མཆོད་ཡོན་ཉི་ཟླ་ཟུང་དུ་འགྲེལ་པ་ལྟར་བཞུགས་ཤིང་ཆོས་དང་སྲིད་ཀྱི་ཕྲིན་ལས་རབ་ཏུ་རྒྱས་པར་གྱུར་པའི་དུས་དེར་མཁན་པོ་
เล่ม ๒๑๓ · หน้า 160b
ཆེན་པོ་དེ་ཉིད་ནས་དགོངས་འགྲེལ་འགྱུར་རོ་འཚལ་གྱི་ཆོས་ཀྱི་སྦྱིན་པ་མི་ཟད་པའི་རྒྱུན་གྱི་ཕྱི་མོ་འདི་དག་པར་དུ་བསྒྲུབ་པར་བསྐུལ་ཏེ། དེའང་འདི་སྐད་དུ་བཀའ་སྩལ་པ་ཐོས་ཏེ། དེང་ས་སྐྱོང་བསྟན་པའི་རྩ་ལག་ཆེན་པོ་དྲི་མ་མེད་པའི་རིགས་སྲས་ཀྱི་ཕྲེང་བ་དང་བཅས་པའི་ཕྲིན་ལས་ཀྱི་གཙོ་བོ་རྒྱལ་བའི་
གསུང་རབ་འགྱུར་རོ་འཚལ་པར་དུ་བསྒྲུབ་པ་ལ་སོགས་པའི་བགྱི་བ་བླ་ན་མེད་པ་གང་དག་མཐར་ཕྱིན་པ་ནི་ཤིན་ཏུ་རྗེས་སུ་ཡི་རང་བར་གྱུར་ཅིང༌། སླར་ཡང་རྒྱལ་བའི་བཀའ་དོན་ཡང་དག་པར་གསལ་བར་བྱེད་པ་ལ་ནི་དགོངས་འགྲེལ་རིན་པོ་ཆེ་འཕགས་པའི་ཡུལ་ནས་གངས་ཅན་པའི་བརྡའི་ལམ་
དུ་འགྱུར་རོ་འཚལ་འདི་དག་ལ་རག་ལས་པ་དང༌། འདི་དག་གཉིས་ཀ་གང་དུ་བཞུགས་པ་དེ་ན་ལུང་གི་དམ་པའི་ཆོས་ཡོངས་སུ་རྫོགས་པར་གནས་པར་འདོད་པ་དང༌། འདི་དག་བཞུགས་པ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་དུ་གནས་
པའི་རྒྱུར་འགྲོ་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བཅས། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་བྱ་བ་ལ་
སོགས་པའི་ཕན་འདོགས་རྒྱ་ཆེན་པོ་འབྱུང་བའི་ཚུལ་གྱིས་སྤྲོ་བ་བསྐྱེད་པ་སྔོན་དུ་འགྲོ་བའི་བཀའ་སྩལ་དམ་པ་ཚངས་པའི་དབྱངས་སུ་བསྒྱུར་བ་གང་དག་ཐོས་པའི་མོད་ལ། མི་བདག་ཆེན་པོ་སྲས་དང་བཅས་པའི་ཐུགས་ལ་སྔ་ན་མ་མཆིས་པའི་སྤྲོ་བ་མཆོག་གི་རྒྱ་མཚོ་རྣམ་པར་རྒྱས་པའི་རླབས་ཕྲེང་གི་རྩེ་
མོ་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུད་པ་སྙམ་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བསྐུལ་བར་མཛད་དོ། །གཉིས་པ་གང་ལ་བསྐུལ་བ་བསྟན་པའི་རྩ་ལག་ཆེན་པོའི་ཁྱད་པར་ལའང་ངོས་བཟུང་བ་དང༌། དེའི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་གཉིས་ལས། དང་པོ་ནི། སྤྱིར་ཛམྦུའི་གླིང་གི་བསྟན་པའི་
སྲི་ཞུ་བ་ཆེན་པོར་གྱུར་ཅིང་བྱེ་བྲག་ཏུ་མ་ཧཱ་བྷོ་ཊའི་ལྗོངས་ཀྱི་ཐེག་ལེ་འདིར་ཐུབ་པའི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་མ་ལུས་པ་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་བརྡའི་ལམ་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་འདི་ཉིད་བསྐྲུན་པར་བྱེད་པའི་བདག་
เล่ม ๒๑๓ · หน้า 161a
པོའི་རྐྱེན་དུ་གྱུར་པ་ནི། སྐལ་བ་བཟང་པོ་ཀུན་གྱི་ཡོངས་རྩེར་སོན་པ་དཔལ་སྡེ་དགེ་ས་སྐྱོང་བླ་མ་ཆེན་པོ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྡེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དོ། །གཉིས་པ་ནི། འདི་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་གྱི་ཁྱད་པར་ཅུང་ཟད་ཅིག་ཡི་གེ་དང༌། མིང་དང༌།
ཚིག་གི་ཕྲེང་བའི་ལམ་ནས་འདྲེན་པ་ལ་གཉིས་ཏེ། རིགས་རུས་ཀྱི་ཁྱད་པར་བརྗོད་པ་དང༌། ཡོན་ཏན་གྱི་ཁྱད་པར་བརྗོད་པའོ། །དང་པོ་ནི་མདོ་རྒྱ་ཆེར་རོལ་པ་ལས། དགེ་སློང་དག་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རིགས་རྣམ་པར་བལྟ་བ་ལ་རྣམ་པར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རིགས་
དམའ་བ་གདོལ་བའི་རིགས་སམ། སྨིག་མ་མཁན་གྱི་རིགས་སམ། ཤིང་རྟ་མཁན་གྱི་རིགས་སམ། གཡུང་རིགས་སུ་མི་སྐྱེའི། བྲམ་ཟེའི་རིགས་སམ་རྒྱལ་རིགས་ཁོ་ན་སྟེ་རིགས་གཉིས་སུ་སྐྱེའོ། །དེ་ལ་གང་གི་ཚེ་བྲམ་ཟེའི་རིགས་བཙུན་པར་བྱ་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེའོ། །
གང་གི་ཚེ་རྒྱལ་རིགས་བཙུན་པར་བྱ་བ་དེའི་ཚེ་རྒྱལ་རིགས་སུ་སྐྱེ་སྟེ། དགེ་སློང་དག་ད་ལྟར་ནི་རྒྱལ་རིགས་བཙུན་པར་བྱ་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྒྱལ་རིགས་སུ་སྐྱེ་སྟེ་ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་རབས་ཐམས་ཅད་དུ་བརྫུས་ཤིང་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོར་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
བརྒྱུད་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཆེ་ཞིང་མཐོང་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྒྱུད་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་
เล่ม ๒๑๓ · หน้า 161b
དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་རིགས་སུ་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་བྱུང་བར་གྱུར་པ་དེའི་རིགས་སུ་སྐྱེ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་
པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཏུ་སེམས་ཅན་རྣམས་བཀོད་ཅིང་བྱང་ཆུབ་སེམས་དཔའི་འཁོར་དང་ལྡན་པ་ཉིད་དུ་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པའོ་ཞེས་དང༌། ཁྲི་བརྒྱད་སྟོང་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་པོའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང༌། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་
དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། རིགས་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱུང་བར་
གྱུར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་དང༌། མགོན་པོ་བྱམས་པས། སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང༌། །སྤོབས་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པ་མཆོག་དང་ནི། །
རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །ཞེས་སོ། །དེ་ལྟ་བུའི་རིགས་དང་རུས་དང་ཆོ་འབྲང་ཕུན་སུམ་ཚོགས་པའི་སྐྱེ་བ་གང་ལ་ཡོད་པ་དེ་ནི་འཕགས་པའི་ཡུལ་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་ཤིང་སཱ་ལ་ཆེན་པོ་བཞིན་དུ་འཇིག་རྟེན་ན་ཆེས་མཆོག་ཏུ་མངོན་པར་བཀུར་བ་དང་
เล่ม ๒๑๓ · หน้า 162a
བསྔགས་པ་བརྗོད་པ་མང་དུ་འབྱུང་ཞིང་གངས་ཅན་གྱི་ལྗོངས་འདིར་ཡང་སྙན་དངགས་སྨྲ་བའི་མཁན་པོ་ཐམས་ཅད་ཀྱིས་བླ་ནས་བླ་མ་ཉིད་དུ་རྗོད་བྱེད་རྒྱན་གྱི་མེ་ཏོག་གི་སིལ་མ་དག་གིས་ལན་གཅིག་མ་ཡིན་པར་མངོན་པར་འཐོར་བ་ཀུན་གྱི་འབབ་སྟེགས་སུ་གྱུར་པ་སྟེ། རྗེ་ངོར་ཆེན་
དཀོན་མཆོག་ལྷུན་གྲུབ་ཀྱིས་ས་སྐྱ་པའི་གདུང་རབས་ཡ་རབས་ཀྱི་ཁ་རྒྱན་ལས། མི་ཤེས་གདོལ་པའི་ཕྲུ་གུ་ཕོངས་པ་ཡི། །འཁོར་གྱིས་བཏེག་ལ་འཇིག་རྟེན་འདྲེན་པ་ཞེས། །སྨིག་རྒྱུ་འབབ་ཆུར་སྒྲོགས་པའི་གྲག་སྟོང་སྒྲས། །འཇིག་རྟེན་ཡམ་མོར་བྱེད་དང་འདི་མི་མཚུངས། །ཞེས་དང༌།
རིན་སྤུངས་ས་སྤྱོད་ངག་དབང་འཇིགས་བྲལ་གྱིས་བསྐལ་པ་བཟང་པོའི་ལེགས་ལམ་ལས། པདྨ་འབྱུང་གནས་ཞི་བ་འཚོའི། །གསུང་གི་བཅུད་ཀུན་སྙིང་དབུས་སུ། །ཉལ་ཏེ་མ་རིག་གཉིད་ལས་སད། །སད་མི་ཀླུ་དབང་བསྲུང་བ་ཞེས། །བརྡ་སྤྲོད་རིག་པའི་ཟེར་འཕྲོ་བས། །རྒྱ་གར་ཆོས་
རྣམས་བོད་ཡུལ་དུ། །གསལ་བའི་བདེ་གཤེགས་བསྟན་པ་འདི། །འཛིན་པའི་སྐྱེས་བུ་སྔ་བར་བྱུང༌། །ཤེས་རབ་མ་ཉམས་ཐབས་ཀྱི་བདག །གཉིས་སུ་མེད་པ་མཆོག་ཞི་བའི། །རྒྱལ་པོར་དབང་ཕྱུག་རྡོ་རྗེ་འཛིན། །ཡིད་བཞིན་འདོད་འཇོ་རིན་པོ་ཆེ། །རིགས་དེའི་ས་བོན་གང་
ལ་ལྷའི། །རང་བཞིན་གྱིས་མཐོ་སཱ་ལའི་ཤིང༌། །མཐོ་བརྟན་རྒྱས་པའི་ཡལ་ག་ཅན། །འགྲོ་བའི་གདུང་འཕྲོག་ཕན་པར་བརྩོན། །ཞེས་འབྱུང་བ་ལྟ་བུ་སྟེ། དེའང་རིགས་ནི་མཁས་ཤིང་མཛངས་ལ་དཔའ་ཞིང་རྟུལ་ཕོད་པ། བཀའ་བཙན་ལ་དཀྱེལ་ཆེ་བ། གཞུང་བཟང་ལ་འགྲོགས་
བདེ་བ་ལ་སོགས་པ་ཡ་རབས་ཀྱི་སྤྱོད་ཚུལ་ཅི་རིགས་པ་དང་ལྡན་པའོ། །རུས་ནི་རིགས་མ་ཉམས་པའི་ཕ་དེའི་རྒྱུད་ལས་བྱུང་བའོ། །ཆོ་ནི་ཞང་པོའི་ཁུངས་དང་ལྡན་པའོ། །འབྲང་བ་ནི་བཤད་མ་ཐག་པ་གསུམ་པོ་དང་ལྡན་པའི་སྤྱོད་པའི་འབྲང་ས་འཛིན་པ་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་བཤད་པ་
ལྟར་འདིར་ཡང་སྔོན་གྱི་ཡིག་ཚང་རྣམས་ཀྱི་གཏན་ཚིགས་ཚད་མར་བཟུང་ནས། མཁས་པ་སྔ་མ་དག་གིས་གཏམ་གྱི་གླིང་བུ་མང་ཉུང་ཅི་རིགས་པར་བསྒྱུར་བ་བཞིན་དུ། འདིར་ཡང་དགོས་པའི་དབང་ལས་དེ་དག་གི་བརྗོད་བྱའི་སྙིང་པོ་བསྡུས་པ་གང་དག་ཚོགས་པ་གསུམ་པའི་ལམ་ནས་དྲངས་ཏེ་ཅུང་
เล่ม ๒๑๓ · หน้า 162b
ཟད་ཅིག་གླེང་བ་ནི་འདི་ལྟ་སྟེ། སྤྱིར་བོད་ཆེན་པོར་གྲགས་པའི་མིའི་འགྲོ་བ་ཕལ་ཆེ་བ་དག་ནི་སྦྲ་འབྲུ་སྒ་སྡོང་ཞེས་བྱ་བ་སྟེ་རུས་ཆེན་བཞི་དང༌། དེ་རྣམས་ཀུན་གྱི་ཞང་པོར་འོས་པ་སྒོ་ལྷ་སྡེ་དཀར་པོའི་རིགས་ཏེ་མི་རིགས་ལྔར་བྱུང་བར་གྲགས་པ་ལས་འདི་ཕྱི་མ་ཡིན་ཞིང༌། དེ་ལས་མཆེད་པ་སྟོད་སྨད་ཀྱི་
ཕྱོགས་སུ་ཡོད་པའི་ནང་གསེས་རྔུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་དུ་གྲགས་པ་བྱུང་ངོ༌། །དེའང་ཇི་ལྟར་ཞེ་ན། འགར་གེ་འགོར་གསུམ་དང༌། གསུང་གསེར་འབྲོམ་གསུམ་དང༌། ཤོལ་སྟག་འཕྱང་གསུམ་དང༌། ཅི་འབུ་གཞག་གསུམ་དང༌། གཅེ་སིང་རམ་གསུམ་དང༌། ཕྱུག་པོ་བུ་
གསུམ་སྟེ་ཚོ་ཆེན་བཅོ་བརྒྱད་དེ། དེ་དག་གི་ཡ་གྱལ་དུ་གྱུར་པའི་འགར་གྱི་རིགས་སོ། །རིགས་དེ་ལས་སྐྱེས་པའི་སྐྱེས་བུ་དམ་པ་འགར་ཆེན་ཡེ་ཤེས་བཟང་པོ་དང༌། འགར་དམ་པ་ཞེས་བྱ་བ་མཆེད་གཉིས་བྱུང་ངོ་ཞེས་གྲག་གོ། །དེ་ལས་ཕྱི་མ་འདི་ནི་སིངྒ་ལའི་སློབ་དཔོན་ཨཱརྻ་དེ་ཝའི་རྣམ་
འཕྲུལ་དུ་གྲགས་པའི་མགར་ཆོས་སྡིངས་པ་སྟེ། དེའི་ཆེ་བའི་ཡོན་ཏན་ནི་འདིས་ཐུགས་དམ་གྱི་ལྷའི་གཙོ་བོ་རྡོ་རྗེ་འཇིགས་བྱེད་ལ་མཛད་པས་དངོས་གྲུབ་ཀྱི་མཚན་མ་མང་དུ་བྱུང་ངོ༌། །འབྲི་ཁུང་འཇིག་རྟེན་གསུམ་གྱི་མགོན་པོ་ལ་སོགས་པའི་བླ་མ་མང་པོ་བསྟེན་ཏེ། གསང་བ་སྔགས་ཀྱི་གདམས་
པ་མང་དུ་མནོས་པས་ཟབ་ཆོས་ཀྱི་བདག་པོར་གྱུར་ཏེ། ཙ་རི་དང་དྭགས་པོ་འགར་ཕུག་པ་ལ་སོགས་པར་བྱོན་ནས་གསང་བ་སྔགས་ཀྱི་སྤྱོད་པ་བསྐྱངས་པས། མི་མ་ཡིན་པའི་རིགས་ཀྱི་འགྲོ་བ་མང་པོ་འདུས་ནས་ཐོ་བཙམས་ཀྱང་གླགས་མ་རྙེད་པར་ཤིན་ཏུ་དད་པར་གྱུར་ཏེ་སྲོག་གི་སྙིང་པོ་ཕུལ་ནས་སྐྱབས་སུ་
བསྟེན་ནོ། །དེ་ལ་སོགས་པའི་འགྲོ་བ་རྣམས་ཀྱི་དོན་དཔག་ཏུ་མེད་པ་བྱས་ནས་ཕྱིས་སུ་སྤོ་བོ་ཕྱོགས་སུ་བྱོན་ནོ། །ཡུལ་དེ་ན་འཁོད་པའི་སྐྱེ་བོ་མང་པོ་ལ་ཡང་རྫུ་འཕྲུལ་དང་ཐབས་ཀྱི་ཁྱད་པར་མང་པོ་བསྟན་པས་ཤིན་ཏུ་དད་པར་བྱས་ནས་དགེ་བའི་ལམ་གྱི་ས་བོན་ལེགས་པར་བཏབ་བོ། །ཕུ་ལུང་
དགོན་པ་རིན་ཆེན་གླིང་གི་གཞི་བཏིང་ནས་ཞི་བར་གཤེགས་སོ། །དེ་ཉིད་ཀྱི་སྐུའི་དབོན་པོ་ཨུ་རྒྱན་པ་ལ་སོགས་པས་ཀྱང་ཁམས་ཀྱི་ཕྱོགས་ནས་བྱོན་ཏེ་དེའི་ཕྲིན་ལས་ཀྱི་རྒྱུན་བསྐྱངས། དེ་ནས་དབོན་རྒྱུད་རིམ་པར་བྱུང་བ་དག་ལ་ཕུ་ལུང་སྡེ་བ་ཐོག་ཀ་བར་གྲགས་ཏེ་དེང་སང་གི་བར་དུ་ཡོད་ཅེས་
เล่ม ๒๑๓ · หน้า 163a
གྲགས་སོ། །འགར་ཆེན་ཡེ་ཤེས་བཟང་པོ་ནི་སྙིང་སྟོབས་དང་མཐུ་རྩལ་རྨད་དུ་བྱུང་བ་ཞིག་སྟེ། དེས་སླང་མདོ་དྲུག་གི་ནོར་འཛིན་མའི་ཆ་ཡངས་པ་བདག་གིར་མཛད་དོ། །དེ་ནི་སྔ་ན་མེད་པའི་དབང་ཐང་གི་ལྗོན་པ་རབ་ཏུ་རྒྱས་པའི་གྲིབ་མ་ལ་འབངས་ཀྱི་ཚོགས་མཐའ་དག་
ངལ་བསོར་སྤྱོད་ཅིང་བཀའ་ལུང་ཐམས་ཅད་རྒྱན་བཟང་པོ་ལྟར་དུ་བསྲེལ་བ་བྱུང་ངོ༌། །དེ་ལ་རིགས་ཀྱི་སྲས་གཉིས་བྱུང་བའི་དང་པོ་ནི་སྒོམ་སྟོན་བསོད་ནམས་རིན་ཆེན་དང༌། གཉིས་པ་རྔུ་རྒུ་རུ་ཞེས་བྱ་བ་གཉིས་ཏེ། དེའི་དང་པོ་ནི་ཆོས་དང་སྲིད་པའི་གཙུག་ལག་ཟུང་གི་གཞུང་ལུགས་དཔྱོད་པ་ལ་བློ་རབ་ཏུ་
གསལ་བ་དང༌། བྱས་པ་གཟོ་བ་དང་ལྷག་པའི་བསམ་པས་གནས་པར་གྱུར་པ་ལ་སོགས་པ་ཡ་རབས་ཀྱི་སྤྱོད་ཚུལ་དང་མཛངས་པའི་ཡོན་ཏན་ཅི་རིགས་པ་ཚང་བས། རྣམ་འདྲེན་བུ་རམ་ཤིང་པའི་རིང་ལུགས་མ་ནོར་བ་ཡོངས་སུ་འཛིན་པའི་སྐྱེས་བུ་ཆེན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཞབས་
ཀྱི་པདྨར་བརྟེན་ནས་དེའི་ལས་ཚན་གྱི་རྣམ་གཞག །གསོལ་གཟིམས་མཆོད་གསུམ་འཇལ་ཡིག་མཛོད་པ་གསུམ། །ཐབ་འདྲེན་གདན་གསུམ་སྐྱ་རྟ་མཛོ་ཁྱི་བཞི། །ཆེན་པོ་ལ་འོས་ལས་ཚན་བཅུ་གསུམ་སྟེ། །འདི་རྣམས་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ། །དཔལ་ལྡན་འཕགས་པའི་རིང་
ལ་དར་བ་ཡིན། །ཞེས་པའི་ལས་ཚན་བཅུ་གསུམ་གྱི་ཐོག་མ་གསོལ་དཔོན་གྱི་ལས་ཀ་ཟིན་ཏོ། །དེ་ནས་རིམ་གྱིས་གོང་ནས་གོང་དུ་ཕྱིན་པར་གྱུར་ཏེ་སྟོང་སྐོར་གྱི་དཔོན་པོའི་འཇའ་ས་དང་སྟག་མགོ་ནོར་བུ་གསུམ་པ་དང་དམག་རྣམས་བྱིན་ཏེ་ཆེན་པོའི་གོ་ས་ཉིད་དུ་དབང་བསྐུར་རོ། །ཕྱིས་སུ་
ས་དམར་ཡང་དགོན་དུ་ཚོགས་པ་སྟོང་ཕྲག་ཙམ་བསྐྱངས་པ་དང་བཅས་ཏེ་དེར་བསྟན་པའི་གཞི་ཆེན་པོ་བཙུགས་སོ། །གཅུང་པོ་རྔུ་རྒུ་རུ་ཅན་ལ་བསོད་ནམས་ཀྱི་བྱེད་པོས་ལེགས་པར་སྩལ་བའི་སྲས་དགུ་ཡོད་པའི་ནང་ནས་རྔུ་རྗེ་སྟོང་དཔོན་ཟླ་བ་བཟང་པོ་ཞེས་བྱ་བ་བློ་སྒྲིན་ཞིང་གཟུ་བོར་གནས་
པ། སྐྱེ་བོ་ཀུན་གྱིས་བཀུར་བའི་འོས་སུ་གྱུར་པ་ཞིག་སྟེ། དེའང་གོང་མ་མཆོད་ཡོན་གྱིས་བཀའ་དྲིན་བཟང་པོས་ལེགས་པར་བསྐྱངས་ཤིང་རིམ་གྱིས་རྔུ་རྒྱུད་ས་དམར་ནས་བཟུང་སྟེ་ལྗང་མཚམས་བར་གྱི་སྟོང་དཔོན་གྱི་བསྐོས་གཞག་དང་ལུང་ལས་ཀྱིས་མངོན་པར་མཐོ་བ་ཆེན་པོའི་གོ་སར་བཞག་
เล่ม ๒๑๓ · หน้า 163b
གོ། །དེ་ལ་སྲས་དཔལ་ལྡན་སེང་གེ་དང་རྒྱལ་བ་བཟང་པོ་ཞེས་བྱ་བ་གཉིས་འཁྲུངས་ཤིང༌། ཕྱི་མའི་སྲས་ནི་སངས་རྒྱས་བཟང་པོ་དང་པདྨ་བསྟན་སྲུང་ཞེས་བྱ་བ་གཉིས་སོ། །དེའི་ཕྱི་མ་ལ་ཡང་བསོད་ནམས་འབུམ་དང་དཀར་ཆེན་བྱང་ཆུབ་འབུམ་ཞེས་བྱ་བའི་སྲས་གཉིས་སོ། །དེའི་ཕྱི་མའི་
སྲས་སུ་དབོན་ཆེན་དགེ་འདུན་རྒྱལ་མཚན་དང༌། བདེ་ཆེན་བསོད་ནམས་བཟང་པོ་དང༌། རྔུ་ཆོས་ཀྱི་རྡོ་རྗེ་སྟེ་གསུམ་མོ། །དང་པོ་དེའི་སྲས་སུ་མགོན་པོ་གཟུངས་ཞེས་བྱ་བ་བྱུང་ཞིང༌། དེ་ནས་རིམ་གྱིས་མཆེད་པའི་མི་བརྒྱུད་ནི་ས་དམར་གྱི་ཕྱོགས་སུ་དེང་སང་གི་བར་དུ་ཡང་རྒྱུན་མ་ཆད་པར་ཡོད་
དོ། །བདེ་ཆེན་བསོད་ནམས་འབུམ་ནི་ཡུམ་སྔ་པའི་ལམ་དུ་སོང་བའི་དགོངས་རྫོགས་ཀྱི་དགེ་བའི་རྩ་བ་བསྐྲུན་པའི་ཆེད་དུ་ཀ་ཐོག་རྡོ་རྗེའི་གདན་གྱི་དགོན་པར་བྱོན་ནས་རིང་ཞིག་བཞུགས་པ་ན་ནམ་ཞིག་མཆེད་ཟླ་གཞན་རྣམས་ཀྱིས་རང་གི་བསྟི་གནས་སུ་འབོད་པར་བཏང་བར་བརྩམས་པ་ན་ཀརྨ་
ཆོས་གྲགས་རྒྱ་མཚོ་དང༌། རྔུ་ཆོས་ཀྱི་རྡོ་རྗེ་དཔོན་སློབ་ཟུང་གིས་ཡེ་ཤེས་ཀྱི་གཟིགས་པ་རབ་ཏུ་དྭངས་པའི་མེ་ལོང་དག་ཏུ་ཇི་ལྟར་ཤར་བའི་ལུང་བསྟན་སྩལ་བ་ནི། ཁྱོད་ལ་རིང་པོར་མི་ཐོགས་པར་ལས་ཀྱི་མ་མས་བྱིན་པའི་བགོ་སྐལ་དུ་བཀྲ་ཤིས་པའི་རྟགས་ཀྱི་དགེ་མཚན་མང་པོ་ཆེད་དུ་
བཀྲམ་པ་ལྟ་བུ་ཡོད་པའི་གནས་ཞིག་རང་དབང་དུ་འབྱུང་བར་འགྱུར་ལ། གནས་དེ་ལེགས་པར་བཟུང་ནས་ཡིད་ཅི་བདེ་བར་བག་ཕོབས་ཤིག་དང་ཕ་ལས་ཆེས་ལྷག་པའི་བུ་རྒྱུད་ཇེ་བཟང་དུ་འགྲོ་བར་འགྱུར་རོ་ཞེས་སྩལ་ཏོ། །ཇི་ལྟར་ལུང་བསྟན་སྩལ་བ་ཐོག་ཏུ་བབ་སྟེ་རིམ་པར་བརྒྱུད་
ཀྱིན་བྱོན་པས་ནམ་ཞིག་ན་ལྕགས་རར་ཕྱིན་ཏོ། །དེར་གླིང་ཡུལ་གྱི་མངའ་རིས་དང་སའི་དུམ་བུའི་བདག་པོར་གྱུར་ཏེ། དེའི་མོད་ལ་སྔོན་གྱི་སྨོན་ལམ་གྱི་འཕེན་པས་ལྗོངས་དེ་ནའང་བདེ་བ་དང༌། ལོ་ལེགས་པ་དང༌། སྡེ་བཞིའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པ་དང༌། དགེ་ལེགས་
ཀྱི་མཚན་མ་གཞན་དག་ཀྱང་མངོན་དུ་བྱུང་བའི་རྟེན་འབྲེལ་བཟང་བ་དེ་རྒྱུ་མཚན་དུ་སོང་སྟེ་སྡེ་དགེ་ཞེས་བྱ་བ་མིང་དུ་ཐོགས་སོ། །དེས་ན་སྡེ་དགེའི་ཐ་སྙད་ཀྱི་ཐོག་མའང་འདིའི་དུས་ནས་བྱུང་བ་ཉིད་དོ། །དེ་ལས་སྲས་བཞི་བྱུང་བའི་གཉིས་པ་སྡེ་དགེ་བོ་ཐར་ཞེས་བྱ་བ་སྲེད་མེད་ཀྱི་བུའི་སྟོབས་དང་
เล่ม ๒๑๓ · หน้า 164a
རྣམ་པར་དཔྱོད་པའི་རྩལ་ཡོངས་སུ་རྫོགས་པ་ཞིག་སྟེ། དེའི་བློ་གྲོས་ཀྱི་གོམ་སྟབས་ཆེན་པོ་གཅིག་གིས་ཟུལ་བརྒྱུད་ཀྱི་མི་སྡེ་མཐའ་དག་རང་དབང་དུ་ཐོབ་བོ། །ཐོབ་པའི་འབངས་འཁོར་ཐམས་ཅད་ཆོས་དང་མཐུན་པའི་ཕྲིན་ལས་ཀྱིས་བསྐྱངས་པས་ཐམས་
ཅད་ཀྱང་བཀའ་ལུང་གང་དག་སྩལ་བ་གཙུག་གི་ནོར་བུ་བཞིན་དུ་སྤྱི་བོས་ལེན་པ་བྱུང་ངོ༌། །དེ་ཉིད་ཀྱི་བླའི་མཆོད་གནས་སུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཞེས་སམ་བརྩོན་འགྲུས་བཟང་པོ་ཞེས་ཡོངས་སུ་གྲགས་པ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བའི་གོམ་པའི་འདེགས་འཇོག་བསྒྱུར་བ་ཙམ་གྱིས་གང་དུ་བཞུད་
ཀྱང་དཀའ་བ་ཅི་ཞིག །ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ་སྐད་ཅིག་རེས་བྱོན་ཏེ་སློབ་དཔོན་ཆེན་པོ་པདྨཱ་ཀ་ར་དང་དངོས་སུ་མཇལ་ནས། ལེགས་པར་གདམས་པའི་བདུད་རྩི་ཅི་ཡང་གསན་པ་དང༌། སློབ་དཔོན་ཆེན་པོས་བོད་ཡུལ་དུ་འགྲོ་བའི་དོན་ལ་འབྱོན་དགོས་པར་ཇི་ལྟར་བསྐུལ་བ་དེ་
བཞིན་དུ་བོད་དང་བོད་ཆེན་པོ་དང་རྒྱ་ནག་ལ་སོགས་པ་ཡུལ་དང་ལྗོངས་དང་གྲོང་དང་གྲོང་ཁྱེར་མང་པོར་ཡང་ཞབས་ཀྱིས་བཅགས་ཤིང་སྐུ་དངོས་དང་རྣམ་པར་འཕྲུལ་པའི་བཀོད་པ་བགྲང་ལས་འདས་པ་དག་གིས་སེམས་ཅན་གྱི་དོན་ལ་རྩེ་གཅིག་ཏུ་གཞོལ་ཞིང་བབ་པ། ད་ལྟར་ཡང་སྐུ་དངོས་སུ་བཞུགས་པའམ་ལུས་
མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་ཚུལ་གཉིས་ཀར་གྲགས་པ་དེ་ཉིད་སྤྱན་དྲངས་ཏེ་གཙུག་གིས་བསྟེན་ནོ། །གང་གི་ཚེ་ན་གྲུབ་པའི་དབང་ཕྱུག་ཆེན་པོ་དེའི་ཡེ་ཤེས་ཀྱིས་གཟིགས་པའི་ངོ་ན་ཡུལ་དེར་ས་དཔྱད་ཕུན་སུམ་ཚོགས་ཤིང་དེར་དགོན་པ་བཏབ་ན་བཤད་སྒྲུབ་ཀྱི་རྒྱུན་རྒྱ་ཆེན་པོ་དར་རྒྱས་སུ་
འགྱུར་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཤར་བ་གཟིགས་ནས། རྔུ་མདའི་སྲིབ་རིའི་འཁྲིས་དེ་ན་མཚོ་ཞིག་ཡོད་པར་ཀླུའི་དབང་པོ་ཞིག་གིས་རྟེན་བཅས་པ་ལ་ཀླུ་དེ་བཏུལ་ནས་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྣམ་པར་མི་འཚེ་ཞིང་མཐུན་རྐྱེན་ཐམས་ཅད་སྒྲུབ་པའི་གྲོགས་སུ་བཀའ་བསྒོས་པས་
དེས་ཀྱང་དེ་ལྟར་དུ་བགྱི་བར་དམ་བཅས་སོ། །མཚོ་དེ་ཡང་རྫུ་འཕྲུལ་གྱི་མཐུ་ཆེན་པོས་ལེགས་པར་བསུབས་ཏེ། དེའི་ཁར་གཙུག་ལག་ཁང་གི་རྨང་བཏིང་བ་ནས་བརྩམས་ཏེ་སྲིབ་ཀྱི་དགོན་དུད་བརྒྱ་དང་རྩ་བརྒྱད་བཞེངས་པའི་བདག་པོའི་རྐྱེན་སྦྱར་བ་ལ་སོགས་པ་ལེགས་བྱས་རྒྱ་ཆེན་པོ་
เล่ม ๒๑๓ · หน้า 164b
བསྐྲུན་ནོ། །གཙུག་ལག་ཁང་ལེགས་པར་གྲུབ་པ་དང་གྲུབ་ཆེན་དེ་ཉིད་ཀྱིས་དེར་དཔལ་མགོན་པོ་ཆེན་པོ་ཞལ་བཞི་པའི་ལྗགས་བསྙེན་ཞིག་ཀྱང་མཛད་དོ། །དེའི་ཚེ་ཆོས་དང་སྲིད་པའི་དཔལ་འབྱོར་གྱི་སྒོ་འཕར་བྱེ་བ་བརྒྱ་སྟོང་དུས་ཅིག་ཅར་དུ་ཕྱེ་བའི་རྟེན་འབྲེལ་ཐམས་ཅད་འབད་མེད་ལྷུན་གྱིས་
གྲུབ་པ་ཉིད་དུ་བྱུང་བས་དགོན་པའི་མཚན་དུ་ཡང་ལྷུན་གྲུབ་སྟེང་ཞེས་བྱ་བར་གསོལ་ལོ། །སྡེ་དགེ་བོ་ཐར་གྱི་རིགས་སྲས་ཆེ་བ་དཔལ་ལྡན་སེང་གེ་ཞེས་བྱ་བ་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་དང་ཐོས་བསམ་གྱི་བགྱི་བ་མཐར་སོན་ཏེ་བསྒྲུབ་པའི་སྙིང་པོ་ལྷུར་མཛད་པ་དང༌། གནས་དེའི་གདགས་
རིའི་སྡེབས་སུ་ངུར་སྨྲིག་འཆང་བ་འདུས་པའི་སྡེ་བཙུགས་ཤིང་གཙུག་ལག་ཁང་བཞེངས་པ་ལ་དེང་སང་ཉིན་དགོན་དུ་གྲགས་ཤིང༌། རྔུ་ཕུའི་བྲག་གི་ཕུག་པ་སེང་གེ་རྫོང་དུ་གྲགས་པ་འདི་ཡང་དེ་ཉིད་ཀྱི་སྒྲུབ་གནས་མཛད་པས་ཕྱི་ནས་རྟེན་ལ་བརྟེན་པའི་མིང་དུ་ཐོགས་པ་ཡིན་ནོ་ཞེས་གླེང་ངོ༌། །དེའི་མཆེད་
ཡ་རྒྱལ་མཚན་འབུམ་ལ་སྲས་བཞི་བྱུང་བའི་དབོན་ཆེན་ཨ་སྔའི་སྲས་སུ་ཇོ་གདན་ནམ་མཁའ་ལྷུན་བཟང་ཞེས་བྱ་བ་འཁྲུངས་ཏེ། འདིས་བླ་མ་མང་པོའི་གདམས་པའི་མཛོད་བཟུང་ནས་རྡོ་རྗེ་འཇིགས་བྱེད་ལྷག་པའི་ལྷར་བཟུང་ཞིང༌། དེའི་རྩ་སྔགས་ཡ་མ་རཱ་ཛ་དུང་ཕྱུར་གཅིག་སོང་བའི་མཚམས་
ནས་ལྗགས་ཀྱི་སྟེང་ནས་ལྕགས་ཀྱི་རིལ་བུ་རང་རྡོལ་དུ་བྱུང་བ་དང༌། བསྐྱེད་པའི་རིམ་པ་ལ་བརྟེན་པ་ཐོབ་པས་ཉེ་གནས་འགའ་ཞིག་གིས་མཐོང་སྣང་དུ་རྡོ་རྗེ་འཇིགས་བྱེད་མངོན་སུམ་དུ་བཞུགས་པར་མཐོང་བ་ལ་སོགས་པ་གྲུབ་པའི་མཚན་མ་མང་དུ་བརྙེས་སོ། །དེའི་མཆེད་ཡ་རྒྱལ་འཕེལ་གྱི་
སྲས་ཆེ་བ་སྡེ་དགེ་ཀུན་དགའ་རིན་ཆེན་ཞེས་བྱ་བ་སྟེ། འདིས་ནི་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་དང༌། པ་པང་མཁན་ཆེན་བསོད་ནམས་རིན་ཆེན་ལ་སོགས་པའི་ཡོངས་འཛིན་མང་པོ་བསྟེན་ནས་ཟབ་དོན་གྱི་བདུད་རྩི་ངོམས་པར་བཞེས་ནས། ཡི་དམ་གྱི་ལྷ་མང་པོའི་བསྙེན་སྒྲུབ་
དང་ཁྱད་པར་ཆོས་སྐྱོང་གི་བསྙེན་པ་ལ་བཞུགས་པའི་ཚེ་སྒྲུབ་ཁང་ཐམས་ཅད་མེའི་ཕུང་པོ་གཅིག་ཏུ་འབར་བར་ཀུན་གྱིས་མཐོང་བ་ལ་སོགས་པ་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བརྙེས་སོ། །སྡེ་དགེ་བླ་བྲང་ལྷ་ཁང་ཞེས་པ་ལྷ་ཁང་དང་བླ་བྲང་བཟུང་དུ་འབྲེལ་བ་འདི་ཉིད་གསར་དུ་
เล่ม ๒๑๓ · หน้า 165a
བཞེངས་པ་དང༌། ངུར་སྨྲིག་འཆང་བའི་དགེ་འདུན་གྱི་སྡེ་མང་དུ་བསགས་པ་ལ་སོགས་པའི་སྒོ་ནས་བསྟན་པ་དར་རྒྱས་སུ་མཛད་དོ། །དེའི་མཆེད་ཟླར་གྱུར་པ་ནམ་མཁའ་དང་རྡོ་རྗེ་ལྷུན་གྲུབ་ཅེས་བྱ་བ་གཉིས་སུ་བྱོན་པའི་ཕྱི་མ་དེའི་རིགས་སྲས་ལ་གྲགས་པ་ལྷུན་གྲུབ་
དང༌། ཀརྨ་སྲུང་ཞེས་བྱ་བ་གཉིས་བྱོན་ནོ། །དེའི་དང་པོས་ནི་ཐུགས་དམ་གྱི་གཙོ་བོར་དགྱེས་པའི་རྡོ་རྗེ་དང་ཆོས་སྐྱོང་བའི་སྲུང་མ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་མཛད་པས། སྲུང་མའི་དབང་པོ་དེ་ཉིད་དུས་རྟག་ཏུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་ཇི་ལྟར་བསྒོས་པའི་ཕྲིན་ལས་
ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པ་གདོན་མི་ཟ་བ་དང༌། རེས་འགའ་གར་གྱི་ཉམས་དགུ་ཡོངས་སུ་རྫོགས་པའི་སྐུའི་དཀྱིལ་འཁོར་ཡང་མངོན་སུམ་དུ་བསྟན་པ་དང༌། མགོན་པོའི་སྐུ་རྟེན་ཞིག་ཐུན་མོང་མ་ཡིན་པའི་ཆོ་གས་བཞེངས་ནས་རབ་ཏུ་གནས་པའི་ཆོ་ག་བགྱིས་པའི་ཚེ་མགོན་
པོར་ཡེ་ཤེས་པ་དངོས་སུ་ཐིམ་པའི་སྣང་བ་བྱུང་ངོ༌། །སྐུ་དེ་ནི་ད་ལྟ་མགོན་ཁང་ཆེན་པོ་ན་བཞུགས་སུ་གསོལ་བ་བྱིན་གྱིས་རླབས་ཀྱི་གཟི་འོད་འབར་བ་འདི་ཉིད་ལགས་ཤིང༌། ཕྱིས་སུ་ཡུལ་ལྗོངས་འདི་ཉིད་ཀྱི་བསྟན་སྲིད་ལ་རྣམ་པར་སྡང་ཞིང་ཕྲག་དོག་གི་དུག་ཆུས་ཀུན་ནས་མྱོས་པའི་ཁ་རླངས་ཀྱི་
འཚུབས་མར་ཕ་རོལ་གྱི་དཔུང་ཚོགས་མི་སྲུན་པ་དག་གིས་ཉེ་བར་ལྷགས་པའི་དུས་ན་མགོན་ཁང་དུ་གཉུག་མར་བཞུགས་པའི་བླ་མས་མཆོད་གཏོར་རྒྱ་ཆེན་པོ་ཕུལ་ནས་དྲག་པོའི་ཕྲིན་ལས་སུ་བསྐུལ་བ་དང་བཅས་ཏེ་མགོན་ཁང་གི་ཐོག་ཁར་སྤྱན་དྲངས་ནས་དགྲ་ཕྱོགས་སུ་ཞལ་བསྟན་ཏེ་བཞག་གོ། །
དེའི་དུས་ན་འགྲོ་བ་མང་པོའི་མཐུན་སྣང་དུ་མགོན་པོའི་སྐུ་ཤིན་ཏུ་མི་སྡུག་པའི་ཉམས་ཅན་གྱིས་བདུད་རྟ་ནག་པོ་རླུང་གི་ཤུགས་ལྡན་ཞིག་ལ་བཅིབས་ཏེ། དུས་ཀྱི་མཐའི་འཐོར་རླུང་དྲག་པོ་ལྟ་བུའི་རླུང་ནག་འཚུབ་མ་ཆེན་པོ་དང་ཆབ་ཅིག་དུ་དགྲ་སྡེ་ཡོད་པའི་ཕྱོགས་ག་ལ་བ་དེར་མངོན་སུམ་དུ་རྒྱུག་
པར་མཐོང་ངོ༌། །ཇི་ལྟར་མཐོང་བ་དེ་བཞིན་དུ་རིང་པོར་མ་ཐོགས་པར་དགྲ་སྡེ་དེ་དག་ནང་འཁྲུགས་པ་དང་ཆོ་འཕྲུལ་དུ་མ་བྱུང་སྟེ་རང་ཞིར་སོང་བ་ལ་སོགས་པ་བསྟན་སྲུང་དངོས་སུ་འཁོར་བའི་འཕྲིན་ཡིག་བསྙོན་དུ་མེད་པ་གང་དེ་བདེན་པའི་མཐས་བསྒྲགས་པ་ལྟར་གྱུར་ཏོ། །སྡེ་དགེ་ཀུན་དགའ་
เล่ม ๒๑๓ · หน้า 165b
རིན་ཆེན་པའི་གཅུང་དཔོན་ཆེན་ནམ་མཁའི་སྲས་དབོན་ཆེན་ལྷུན་གྲུབ་ཐུབ་ཅེས་བྱ་བ་བསོད་ནམས་ཀྱི་ལྗོན་པ་མངོན་པར་རྒྱས་པ་ཞིག་བྱུང་སྟེ། དེ་ལ་སྲས་དྲུག་བྱོན་པའི་དང་པོ་ནི་བླ་མ་མཚོ་ལས་སྐྱེས་པའི་རྡོ་རྗེའི་ལུང་གིས་ཟིན་པའི་གཏེར་སྟོན་ཆེན་པོ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་སྐྱེ་བའི་ཟློས་གར་དུ་
གྲགས་པ་སྡེ་དགེ་གྲུབ་ཆེན་ཀུན་དགའ་རྒྱ་མཚོ་ཞེས་པ་སྐྱེས་ཐོབ་དང་སྦྱངས་སྟོབས་ཀྱི་མཁྱེན་རབ་ཕུལ་དུ་བྱུང་ཞིང༌། ཐུགས་རྒྱུད་ཐོག་མ་ཉིད་ནས་བྱང་ཆུབ་སེམས་ཀྱི་བརླན་གྱིས་ལེགས་པར་བསྒོས་པའི་སྐྱེས་བུ་དམ་པ་ཞིག་སྟེ། འདིས་ནི་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་
གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་གཙོ་བོར་སྨོས་པའི་གསང་སྔགས་གསར་རྙིང་གི་གྲུབ་པའི་ལུགས་སྲོལ་འཛིན་པའི་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ཅིང་དེ་དག་ལ་ཇི་ལྟར་མངའ་བའི་ཟབ་ཆོས་ཀྱི་བདུད་རྩི་ཐམས་ཅད་བུམ་པ་གང་འབྱོའི་ཚུལ་དུ་གསན་པས། གསང་
བ་སྔགས་ཀྱི་བསྟན་པའི་རྩ་ལག་དམ་པར་གྱུར་ཏོ། །དེའི་འབྲས་བུ་རྟོགས་པའི་ཡོན་ཏན་ནི་གཟུང་འཛིན་གྱི་འཆིང་བ་མཐའ་དག་རང་སར་གྲོལ་བའི་བདེན་གཏམ་གྱི་རི་མོ་སྲ་ཞིང་མཁྲེགས་པ་རྡོ་བའི་གཞི་མ་ཡང་འཇིམ་པའི་ཕུང་པོ་ལ་བརྫིས་པ་ལྟ་བུའི་ཞབས་རྗེས་འཇོག་པ་དང༌།
ལྐོག་ཏུ་གྱུར་པའི་ཤེས་པར་བྱ་བའི་དངོས་པོ་ཐམས་ཅད་ཀྱང་སྒྲིབ་བྱེད་ཀྱི་རྣམ་པ་འགའ་ཡང་མེད་པར་རྗེན་པ་ཉིད་དུ་ཡང་དག་པར་གཟིགས་ནས་ལུང་དུ་བསྟན་པ་ལ་བསྙེངས་པ་མི་མངའ་བའི་མངོན་པར་ཤེས་པ་ཐོབ་ཅིང༌། འབྱུང་པོ་གདུག་པ་ཅན་གྱི་རིགས་རྣམས་དམ་ལ་འདོགས་པ་ལ་
ཡང་དཀའ་བ་མེད་པའི་སྔགས་ཀྱི་མཐུ་ཆེན་པོ་གྲུབ་པ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་རོ། །གཙུག་ལག་ཁང་བསམ་གྲུབ་མཐོང་གྲོལ་བརྩིགས་པའི་ཐོག་མར་ས་འདུལ་དང༌། མཐར་རྟེན་དང་བརྟེན་པར་བཅས་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་འཇུག་པའི་རབ་ཏུ་གནས་
པའི་ཆོ་གའང་མཛད་དོ། །ཆོས་གྲྭ་འདིས་མཚོན་པའི་ཕྱོགས་དང་ཕྱོགས་བྲལ་རྣམས་ནས་ལྷགས་པའི་དོན་གཉེར་གྱི་སློབ་མ་མང་པོ་ལ་རང་རང་གི་བློ་དང་འཚམ་པའི་དབང་ལུང་དང་ཉམས་ཁྲིད་དང་གྱེར་དབྱངས་དང་གར་འཆམ་དང་རོལ་མོ་ལ་སོགས་པའི་ཕྱག་ལེན་གྱི་རིགས་ཤིན་ཏུ་ཕྲ་མོ་
เล่ม ๒๑๓ · หน้า 166a
ཚུན་ཆད་ལ་གཅེས་སྤྲས་ཀྱི་སྒོ་ནས་གཏན་ལ་འབེབས་པ་ལ་སོགས་པ་རྣམ་པར་དཀར་བའི་ཕྲིན་ལས་ཀྱི་རྒྱུན་ཆེན་པོས་བསྟན་པ་རིན་པོ་ཆེ་ལ་གཅིག་ཏུ་བཀའ་དྲིན་ཆེ་བར་མཛད་དོ། །གཉིས་པ་དབོན་ཆེན་ཀླུ་འཕེལ་ཞེས་བྱ་བ་དང༌། གསུམ་པ་ས་གཞི་སྐྱོང་
བའི་དབང་པོ་བླ་མ་བྱམས་པ་ཕུན་ཚོགས་ཞེས་བྱ་བ་སྟེ་འདི་ནི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེའི་རྣམ་འཕྲུལ་དུ་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ཞིག་སྟེ། གཙུག་ལག་ཟུང་གི་མཁྱེན་དཔྱོད་རབ་ཏུ་གསལ་བས། ཤར་ཆེན་ཆོས་ཀྱི་རྒྱལ་པོ་ཤེས་རབ་འབྱུང་གནས་ལ་
སོགས་པ་མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁས་གྲུབ་དུ་མའི་ཞབས་ཀྱི་པདྨ་ཉེ་བར་བསྙེན་ཅིང༌། སྡོམ་པ་གསུམ་དང་རྗེས་སུ་འབྲེལ་བའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་ཟད་མི་ཤེས་པའི་རྒྱུན་ཆེན་པོ་ངོམ་པར་གསོལ་ལོ། །གཅིག་ཏུ་མཚུངས་པ་མེད་པའི་བསོད་
ནམས་ཀྱི་མཐུས་སྐྱེ་འགྲོ་ཐམས་ཅད་དབང་དུ་འདུས་པ་ཞིག་སྟེ། འདི་ཉིད་ཀྱི་སྐུ་རིངས་ལ། གཞན་སྡེ་མི་སྲུན་པ་དབང་ཤེད་དང་ངན་དཔུང་གིས་མངོན་པར་ཁེངས་ཤིང༌། སྟོབས་བཅུ་མངའ་བའི་རིང་ལུགས་རྨ་མེད་པ་གང་དང་གང་དུ་དར་བ་དེ་དང་དེར་སྡང་ཞིང་ཐོ་བཙམས་པ། བེ་
རི་རྒྱལ་པོ་ལ་སོགས་པའི་དཔོན་ཆེན་དང་དཔོན་ཕྲན་མང་པོའི་ང་རྒྱལ་གྱི་གནམ་རུ་ཤིན་ཏུ་གྱོང་པོར་གནས་པ་དག །ཆེ་བར་རློམ་པ་གཞན་མང་པོས་དགུག་ཏུ་མ་བཏུབ་པ་རྣམས་ཀྱང་སྔོན་ལས་དང་སྨོན་ལམ་གྱི་ནུས་མཐུ་དགག་ཏུ་མེད་པའི་རྒྱུད་གྲིམས་པོས་དཀའ་བ་མེད་པར་རང་དབང་དུ་
བཀུག་སྟེ། ཆབ་འབངས་རྫོང་ཆེན་བཅོ་བརྒྱད་དང༌། རིས་སུ་མ་ཆད་པའི་ཆོས་སྡེ་བརྒྱ་རྩ་ལ་སོགས་པ་ཐ་གྲུ་རྣམ་པར་ཡངས་པའི་དབྱིག་འཛིན་གྱི་གཞི་མར། ལས་ཤུགས་གསེར་སྦྱངས་ཀྱི་ཙཀྲ་རྩིབས་མ་སྟོང་གིས་མངོན་པར་སྤ་བས་མངའ་བསྒྱུར་བ་མཛད་དོ། །ཁྱད་པར་རྒྱལ་
བའི་བསྟན་པའི་རྩ་ལག་ཏུ་ཨེ་ཝཾ་ཆོས་ལྡན་གྱི་སྒྲུབ་ཁང་བླ་བྲང་ནས་རིན་པོ་ཆེ་དཔལ་མཆོག་རྒྱལ་མཚན་པ་དེ་ཉིད་མདོ་སྨད་ཕྱོགས་ཀྱི་ཆོས་གྲྭ་དང༌། ཡུལ་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། རྒྱལ་པོའི་ཕོ་བྲང་ལ་སོགས་པ་རྣམས་སུ་བསྟན་པའི་སྣང་བ་ཆེན་པོ་བཀྱེ་བའི་ཆེད་དུ་
เล่ม ๒๑๓ · หน้า 166b
སྤྱན་དྲངས་ཏེ་རིགས་ཀྱི་ཅོད་པཎ་གཅིག་པུ་ཉིད་དུ་མངའ་གསོལ་ལོ། །ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་འདི་ཉིད་གཙོར་སྨོས་པའི་ཆོས་སྡེ་མང་པོར་བཤད་སྒྲུབ་ཀྱི་རྒྱུན་ཉམས་པ་སླར་གསོ་ཞིང༌། མེད་པ་གསར་དུ་སྤེལ་བ་དང༌། སྤྲུལ་པའི་ལྷ་ཁང་ཆེན་པོ་བསམ་གྲུབ་མཐོང་གྲོལ་གཙོ་བོར་
སྨོས་པའི་གཙུག་ལག་ཁང་མང་པོ་བཞེངས་པ་དང༌། རིག་པ་འཛིན་པའི་དགེ་འདུན་གྲངས་མེད་པ་ལ་བསྙེན་བཀུར་གྱ་ནོམ་པ་སྟོབ་པ་དང་བཅས་ཏེ། ཀྱེ་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་དང་གསང་བ་འདུས་པ་ལ་སོགས་པའི་གསང་ཆེན་རྒྱུད་སྡེ་ཆེན་པོའི་དཀྱིལ་འཁོར་མང་པོའི་ཞལ་ཕྱེ་
བའི་སྒྲུབ་མཆོད་ཀྱི་རྣམ་པ་མང་པོ་ཡང་གསར་དུ་འཛུགས་པར་མཛད་དེ། མདོར་ན་སྔར་སྲོལ་བཟང་པོ་མི་ཉམས་པར་སྐྱོང་བ་དང༌། གསར་བྱུང་གི་སྒྲིག་སྲོལ་བཟང་པོ་བཅའ་བ་ལ་སོགས་པས་ལུགས་གཉིས་ཀྱི་བསྟན་པའི་རྒྱུན་གཙང་དྲི་མ་མེད་པ་བསྐལ་བ་ནམ་གནས་ཀྱི་བར་དུ་མི་ནུབ་
པར་སྤེལ་བའི་བགྱི་བ་ཐམས་ཅད་ཆོས་རྒྱལ་ཨ་ཤོ་ཀའི་རྣམ་པར་ཐར་པའི་ངོ་མཚར་ཡང་འགོག་པར་ནུས་པའི་རང་བཞིན་ཁོ་ན་ཉིད་དོ། །བཞི་པ་དབོན་ཆེན་ཀརྨ་ཞེས་བྱ་བ་དང༌། ལྔ་པ་བླ་མ་ལྷ་སྲུངས་ཞེས་བྱ་བ་སྟེ། ཕྱི་མ་འདི་ནི་ཡི་དམ་གྱི་ལྷའི་བསྒོམ་བཟླས་ཁོ་ནས་ཉིན་མཚན་འདའ་
བར་མཛད་དོ། །དྲུག་པ་བླ་མ་ཀརྨ་བསམ་གྲུབ་ཅེས་བྱ་བ་སྟེ་དེ་ནི་སྒྲུབ་རྒྱུད་ཀརྨ་ཀཾ་ཚང་གི་གྲུབ་མཐའ་ལ་ཞུགས་པའི་བློ་གྲོས་དང་ལྡན་པ་ཞིག་སྟེ་དབོན་པོ་སྟོད་ཀྱི་གདན་སར་བཞུགས་སོ། །ཀརྨ་སྲུང་ཁྱིམ་ཐབས་ལ་བཞུགས་པའི་སྲས་གཉིས་ཏེ་མགོན་པོ་དང༌། ལྷུན་གྲུབ་ཅེས་སོ། །
མགོན་པོའི་སྲས་བླ་མ་བསོད་ནམས་རྒྱལ་མཚན་དང་སྐལ་བཟང་འབུམ་ད་ང༌། པདྨ་བསམ་འགྲུབ་དང་ཀུན་དགའ་ཚེ་བརྟན་ཏེ་བཞི་ལས། ཕྱི་མ་འདིས་ནི་ཡོངས་འཛིན་མང་པོའི་ཞབས་ཀྱི་པདྨར་གུས་པས་བསྟེན་ཅིང་མདོ་རྒྱུད་ཀྱི་ལུང་དང་མན་ངག་གི་གསན་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་
སོན་ནས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཟབ་མོ་ལ་རྩེ་གཅིག་ཏུ་བརྩོན་པས་ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང༌། ལྷག་པའི་ལྷ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞལ་གྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྲགས་སོ། །སྐལ་བཟང་འབུམ་གྱི་སྲས་བླ་མ་བཀྲ་ཤིས་རྒྱ་མཚོ་ལ་སོགས་
เล่ม ๒๑๓ · หน้า 167a
པ་རྣམས་ཏེ་བླ་མ་འདི་ནི་གསང་ཆེན་རྒྱུད་སྡེ་མང་པོའི་ལག་ལེན་ཆེ་ཕྲ་ཀུན་ལ་ཤིན་ཏུ་མཁས་པར་གྱུར་ཏེ། ངུར་སྨྲིག་འཛིན་པའི་དགེ་འདུན་སྟོང་ཕྲག་ཕྱེད་དང་གཉིས་ཙམ་གྱི་འགོ་འཛིན་དང་སྒྲིག་སྲོལ་མ་འཕྱུགས་པར་བསྐྱངས་བ་ལ་སོགས་པ་བསྟན་པའི་བགྱི་
བ་ལྷག་པར་བགྱིས་སོ། །སྐུ་ཚེའི་སྨད་དུ་ལོ་གྲངས་བཅུ་གསུམ་ཙམ་ལ་ཡི་དམ་གྱི་ལྷ་མང་པོའི་བསྙེན་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བའི་རིང་ནས་མཁའ་སྤྱོད་དུ་གཤེགས་ཤིང་དེའི་དབོན་རྒྱུད་ད་ལྟར་བཞུགས་པའི་བར་རོ། །དབོན་ཆེན་ཀླུ་འཕེལ་གྱི་སྲས་གསུམ་ལས་ཨཽ་ཌྱཱན་བཀྲ་ཤིས་ཁྱིམ་ཐབས་ལ་
བཞུགས་ནས་སྲིད་པའི་ཕྲིན་ལས་ཀྱི་རྒྱུན་སྐྱོང་བར་མཛད་དོ། །དབོན་ཆེན་ཀུན་དགའ་ཕུན་ཚོགས་ནི་ཐུགས་སྒམ་ཞིང་ངང་རིང་བ་དང༌། མངའ་འབངས་ཐམས་ཅད་ཆོས་དང་མཐུན་པའི་བྱ་བས་བསྐྱང་བ་ལ་སོགས་པ་ཡ་རབས་ཀྱི་སྤྱོད་ཚུལ་ཕུན་སུམ་ཚོགས་པ་ནམ་ཡང་མི་གཏོང་བ་དང༌། ཕྱི་
གསོ་བ་རིག་པ་དང༌། བཟོ་རིག་པ་ལ་སོགས་པ་ལ་མཁས་པར་གྱུར་པ་དང༌། ནང་གསང་སྔགས་གསར་རྙིང་གི་ལམ་གྱི་ཉམས་ལེན་ཟབ་མོ་ལ་བརྩོན་པ་དང་དཀྱིལ་འཁོར་གྱི་རིགས་མང་པོའི་ཆོ་གའི་ཕྱག་ལེན་དང༌། གར་འཆམ་དང་དབྱངས་དང་རོལ་མོ་ལ་སོགས་པའི་གཙུག་
ལག་རྒྱ་མཚོའི་དོན་ལ་བློ་ལྡན་ཀུན་གྱིས་བསྔགས་པའི་མཁྱེན་རབ་ཕུལ་དུ་བྱུང་བ་མངའ་ཞིང༌། ས་སྐྱོང་བླ་མ་ཆེན་པོ་བྱམས་པ་ཕུན་ཚོགས་པ་སྐུ་གཤེགས་ནས། དེའི་གདན་སའི་ཁྲི་ལ་བཞུགས་ནས་རྣམ་དཀར་གྱི་ཕྲིན་ལས་རྒྱ་ཆེར་སྤེལ་བར་མཛད་དོ། །དབོན་པོ་རྒྱ་བོ་ནི་
དབོན་པོ་སྟོད་དུ་བཞུགས་སོ། །དབོན་ཆེན་ལྷུན་གྲུབ་ཀྱི་སྲས་བཞི་པ་ཀརྨ་ཞེས་བྱ་བ་དེའི་སྲས་དབོན་པོ་ཆེ་མཆོག་དང༌། རྡོར་ལེགས་དང༌། གཡུལ་རྒྱལ་ཏེ་གསུམ་ལས། ཆེ་མཆོག་ནི་ཆོས་དང་སྲིད་ཀྱི་གཙུག་ལག་ཀུན་ལ་མི་འཇིགས་པའི་བློ་གྲོས་ཀྱི་ལང་ཚོ་མངོན་པར་བདོ་
བས་གདན་ས་གཉིས་པ་མཛད་དེ་ཆབ་འབངས་ཐམས་ཅད་ཆོས་དང་བྱམས་པས་བདེ་བར་སྦྱར་བ་ལ་སོགས་པ་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་ངོ༌། །གཡུལ་རྒྱལ་གྱི་སྲས་ངག་དབང་བཀྲ་ཤིས་ནི་མཁྱེན་རབ་ཕུན་སུམ་ཚོགས་པ་མངའ་ཞིང་གཅིག་ཏུ་གཞན་ལ་ཕན་པ་ལྷུར་བྱེད་པ་ཞིག་
เล่ม ๒๑๓ · หน้า 167b
གོ། །དབོན་པོ་ཀླུ་འཕེལ་གྱི་སྲས་འགྲན་ཟླ་མེད་པའི་བསོད་ནམས་ཀྱི་འབྲས་བུ་མཐའ་དག་གཅིག་ཏུ་འཁྱིལ་བའི་ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པ་ཞེས་མཚན་གྱི་སྙན་པའི་ཡི་གེ་ཕྱོགས་བྲལ་གྱི་ཆེ་དགུ་མང་པོས་རལ་པའི་རྩེ་ལ་ཅི་བདེ་བར་ངལ་བསོར་སྤྱོད་པ་སྙམ་བགྱིད་པ་དེ་ནི། གཏེར་གཞུང་
འགའ་ཞིག་ཏུ་ཅོག་རོ་ཀླུའི་རྒྱལ་མཚན་པའི་སྤྲུལ་པའི་རོལ་རྩེད་ཉིད་དུ་གདོན་མི་ཟ་བར་ལུང་གིས་བསྟན་པའི་སྐྱེས་བུ་ཆེན་པོ་ཞིག་སྟེ། དང་པོ་ནས་རང་བཞིན་བཟང་ཞིང་བསམ་པ་དགེ་བ། ཡིད་གཞུངས་ཤིང་ཕྱི་ནང་གི་རིག་པའི་གཞུང་ལུགས་རབ་འབྱམས་ལ་བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་
གསལ་པོར་གྱུར་པས་སྡེ་དགེའི་གདན་རབས་ཀྱི་ཁྲི་ལ་མངའ་གསོལ་ལོ། །དེ་ནས་བཟུང་སྟེ་རྒྱལ་ཁམས་ཀྱི་འགྲོ་བ་རིས་སུ་མེད་པ་ལས་དབང་གི་གྲིབ་མ་བསིལ་པོའི་ཁོངས་སུ་བདེ་བར་སྐྱོང་ཞིང༌། དེ་བཞིན་གཤེགས་པའི་བསྟན་པ་ལ་ཕན་པའི་ལེགས་བྱས་ཀྱི་སྒོ་འཕར་བྱེ་བ་ཁྲག་ཁྲིག་
དུས་ཅིག་ཅར་དུ་ཕྱེ་བ་ལ་སྔོན་རབས་བོད་ཀྱི་ཆོས་རྒྱལ་ཆེན་པོ་རྣམས་ཀྱི་མཛད་པ་བཟང་པོ་རྗེས་སུ་དྲན་པའི་རང་བཞིན་དུ་གྱུར་ཅིང༌། མངའ་འོག་ཏུ་མཆིས་སོ་འཚལ་གྱི་དགེ་འདུན་གྱི་སྡེ་རིས་སུ་མ་ཆད་པ་རྣམས་ལ་བཤད་སྒྲུབ་ཀྱི་རྒྱུན་ཉམས་པ་སླར་གསོ་བ་དང༌། སྔ་ན་མེད་པའི་དཀྱིལ་
འཁོར་གྱི་སྒྲུབ་མཆོད་མང་པོ་ལོ་རེ་བཞིན་འཛུགས་པའི་སྲོལ་བཏོད་པ་དང༌། ཆོ་ག་དེ་དང་དེ་དག་གི་ཆིངས་དང༌། མཐོང་བ་བརྒྱུད་པའི་ལག་ལེན་དུ་དར་བའི་གྱེར་གདངས་དང༌། ཕྱག་རྒྱ་དང༌། བྲི་ཐིག་རྡུལ་ཚོན་ལ་སོགས་པ་རྣམས་ཀྱང་གྲྭ་ས་ཆེན་པོ་རྣམས་དང༌། ལྗོངས་འདིར་
སྔ་རབས་བྱོན་པའི་མཁས་གྲུབ་གོང་མ་རྣམས་ཀྱིས་ཇི་ལྟར་བཞག་པའི་ལག་ལེན་ཐམས་ཅད་མ་འཕྱུགས་པའི་བཅའ་ཁྲིམས་རྡོ་རྗེའི་རྭ་བ་ལྟར་བརྟན་པར་བཅས་ཏེ། བསྟན་དོན་རྒྱ་ཆེ་ཞིང་བསྐལ་པའི་བར་དུ་ཡང་ཆེས་ཆེར་བརླིང་བར་མཛད་དོ། །རང་ལུགས་ཀྱི་གྲྭ་ས་གཙོར་བཏོན་
པའི་དབུས་གཙང་ཁམས་གསུམ་དུ་གཏོགས་པའི་དགེ་འདུན་གྱི་ཚོགས་ཚད་མེད་ཅིང་གྲངས་མེད་པ་ལ་བསྙེན་བཀུར་གྱ་ནོམ་པ་སྦྱར་རོ། །ཁྱད་པར་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོས་མཚོན་པའི་མདོ་སྨད་ཀྱི་སའི་ཆ་ལ་འཁོད་པའི་འགྲོ་བའི་བདེ་སྐྱིད་དང་བསྟན་པའི་བཤད་སྒྲུབ་ལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด