དཀར་ཆག

ชื่อนี้มาจากชื่อไฟล์ของเล่มในต้นทาง

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๑๓ · หน้า 168a

ཕན་པའི་ཐུགས་བསྐྱེད་རྨ་མེད་པ་ཉེ་བར་བཞག་སྟེ། འཇམ་མགོན་བཀྲ་ཤིས་དཔལ་ལྡན་ཞེས་པ་མདོ་སྡེ་དང་རྒྱུད་སྡེ་མ་ལུས་པའི་གསན་སྦྱངས་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་པ་དེ་ཉིད་སྤྱན་དྲངས་ཏེ། དཔལ་དགེས་པ་རྡོ་རྗེ་ལ་སོགས་པའི་རྒྱུད་སྡེ་ཆེན་པོ་རྣམས་དང་

རྗེས་སུ་འབྲེལ་བའི་དབང་བསྐུར་བ་དང་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་བསྐུལ་ཏེ་བསྟན་པའི་རྒྱལ་མཚན་ཆེན་པོ་མི་ནུབ་པར་བྱས་སོ། །ཐུབ་བསྟན་རྣམ་པར་རྒྱལ་བའི་ཆོས་གྲྭ་ནས་ཀུན་མཁྱེན་གོ་བོ་རབ་འབྱམས་བསོད་ནམས་སེང་གེ་ཞེས་ས་སྟེང་གི་

དཀྱིལ་འཁོར་ལུས་པ་མེད་པར་ཉིན་མོར་བྱེད་པ་ལྟར་གྲགས་པ་གང་དེའི་ཞབས་སྟེགས་སེང་གེའི་ཁྲི་མཐོན་པོ་གང་ལ་མངའ་གསོལ་བའི་མཁན་ཆེན་བཟང་པོ་རྒྱལ་མཚན་ཞེས་པ་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་དེ་ཉིད་སྤྱན་དྲངས་ནས་བླའི་མཆོད་གནས་སུ་བཀུར་རོ། །མགོན་

དེས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་ཉམས་ཁྲིད་རྒྱས་པ། དེའི་ཡན་ལག་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་འཇིགས་མེད་འབྱུང་གནས་སྦས་པའི་ཞབས་ཀྱིས་ལེགས་པར་བཀྲལ་བའི་རྡོ་རྗེ་

ཕྲེང་བ་དཀྱིལ་འཁོར་ཆེན་པོ་བཞི་བཅུ་རྩ་ལྔ་ལ་སོགས་པའི་དབང་བསྐུར་གྱི་རིགས་དང༌། རྗེས་སུ་གནང་བ་དང༌། ཉམས་ཁྲིད་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། དེ་དག་གི་རྒྱུན་དེང་སང་གི་བར་དུ་ཡང་དར་རྒྱས་སུ་བཞུགས་སོ། །སླར་

ཡང་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པ་ནས། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་ཀྱི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་པའི་ཞབས་སྟེགས་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་བའི་མཁན་རབས་ཉེར་གསུམ་པ་དཔལ་ལྡན་རྡོ་རྗེ་འཆང་དབང་ངུར་སྨྲིག་

གར་གྱིས་རྣམ་པར་རྩེན་པའི་མཁས་གྲུབ་སངས་རྒྱས་ཕུན་ཚོགས་པ་ཞེས་བྱ་བ། འཛམ་གླིང་བསྟན་པའི་རྒྱན་གཅིག་པུ་དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་པ་གཙོ་བོར་སྨོས་པའི་གཙང་དབུས་ཁམས་གསུམ་གྱི་མཁས་པ་དང་གྲུབ་པའི་དབང་པོ་མ་ལུས་པའི་གཙུག་གི་ནོར་བུར་གྱུར་པ་དེ་ཉིད་

เล่ม ๒๑๓ · หน้า 168b

མདོ་ཁམས་ཕྱོགས་ཀྱི་སྐྱེ་འགྲོ་དཔག་ཏུ་མེད་པའི་ཐར་པ་བགྲོད་པའི་ལམ་མཁན་ཉིད་དུ་སྤྱན་དྲངས་ཏེ། ཆོས་གྲྭ་འདིར་རྟག་པར་བཞུགས་ནས། ལྕགས་ར་དང༌། ཡ་ན་དང༌། དབོན་པོ་སྟོད་དང༌། ཟུལ་སྟོད་དང༌། སྤེ་བར་དང༌། སྨད་ཤོད་རྣམས་སུ་ཞབས་ཀྱིས་བཅགས་པར་གསོལ་བ་བཏབ་

སྟེ། དེ་དག་ཏུ་སྤྱན་དྲངས་ནས། སྡོམ་པ་གསུམ་གྱི་བདུད་རྩིའི་སྒོ་འཕར་བསམ་གྱིས་མི་ཁྱབ་པ་ཕྱེ་བས་སྐལ་བར་ལྡན་པ་ཀུན་གྱི་རེ་བ་ཡོངས་སུ་རྫོགས་པར་མཛད་པ་དང༌། སྒྲུབ་མཆོད་ཀྱི་རིགས་མང་པོ་གསར་དུ་བཙུགས་པ་དང༌། སྔར་ཡོད་པ་རྣམས་ཀྱང་དག་ཐེར་མཛད་པའི་སྒོ་ནས། བསྟན་

པ་རིན་པོ་ཆེའི་དྲི་མ་ཕྲ་མོ་རྣམས་ཀྱང་ལུང་དང་རིགས་པ་དང་མན་ངག་གི་དག་བྱེད་བཟང་པོས་ལེགས་པར་བཀྲུས་ཏེ། སྔོན་དུས་འཕགས་པའི་ཡུལ་གྱི་བསྟན་པ་དར་རྒྱས་ལ་འགྲན་པར་ནུས་པའི་ཕྲིན་ལས་ཀྱི་རྒྱུན་ཆེན་པོ་བཙུགས་པ་སོགས་ལ་ས་སྐྱོང་བླ་མ་ཆེན་པོ་འདི་ཉིད་ཀྱི་བཀའ་དྲིན་

མཐའ་དག་གཟུགས་སུ་རུང་ན་གནམ་སའི་དཀྱིལ་འཁོར་ཀུན་ཀྱང་དོག་པར་འགྱུར་བའི་རང་བཞིན་ཁོ་ནའོ། །དབོན་ཆེན་ཀླུ་འཕེལ་གྱི་རིགས་སྲས་ཨོ་ཌྱཱན་བཀྲ་ཤིས་དེ་ཉིད་ལ་སྲས་བཞི་འཁྲུངས་པའི་དང་པོ་སྡེ་དགེ་ཁྲི་ཆེན་བླ་མ་བསོད་ནམས་ཕུན་ཚོགས་ཞེས་ཡོངས་སུ་གྲགས་པ་

ལས་དབང་གི་འཁོར་ལོས་སྒྱུར་བ་ཆེན་པོ་སྟེ། དེ་ནི་ཐོག་མ་ཉིད་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རྩོམ་པ་བླ་ན་མེད་པའི་སྒོ་ནས་ཕན་འདོགས་པར་འདོད་པའི་དམ་བཅའི་ཁུར་ཆེན་པོ་བླངས་པ་ཞིག་སྟེ། ཤིན་ཏུ་མཐོ་བའི་རིགས་སུ་གྱུར་ཀྱང་དྲེགས་པ་དང་

ཁེངས་པ་མི་མངའ་བར་རང་བཞིན་གྱིས་བཟང་ཞིང༌། བདག་དང་གཞན་ལ་ཕན་པའི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་ལ་ཞུགས་པ། བཟོ་དང་གསོ་བ་ལ་སོགས་པ་ཕྱི་རིག་པའི་གནས་ཕལ་ཆེ་བ་དག་ལ་མ་རྨོངས་པའི་མཁྱེན་རབ་དང་ལྡན་པ། ནང་གསང་སྔགས་གསར་རྙིང་

གི་བསྟན་པ་ལ་ལྷག་པར་མོས་པས་མཁས་གྲུབ་ཡོངས་ཀྱི་གཙུག་གི་ནོར་བུ་ལྟར་གྱུར་པ་མཁན་ཆེན་སངས་རྒྱས་ཕུན་ཚོགས་པ་ལ་སོགས་པ་གསར་རྙིང་གི་བླ་མ་མང་པོ་ལས་ཟབ་ཆོས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུའི་གསན་སྦྱངས་དཔྱིས་ཕྱིན་པར་མཛད་དེ། བསླབ་པ་རིན་པོ་ཆེ་རྣམ་པ་

เล่ม ๒๑๓ · หน้า 169a

གསུམ་གྱི་འབྱོར་པས་ཐུགས་ཀྱི་བང་མཛོད་རྨ་མེད་པའི་རང་བཞིན་དུ་ཡོངས་སུ་བཀང་སྟེ་ཆོས་སྨྲ་བའི་རྒྱལ་པོར་གྱུར་ཏོ། །གཙུག་ལག་གཉིས་ཀ་ཟུང་དུ་འབྲེལ་བའི་ཕྲིན་ལས་ཀྱི་དབང་ཕྱུག་དམ་པའི་གོ་འཕང་ཉིད་དུ་མངའ་སྒྱུར་བའི་ཕྱིར་སྡེ་དགེའི་གདན་རབས་རིན་པོ་

ཆེའི་ཁྲི་འཕང་མཐོན་པོ་ལ་ཞབས་ཀྱི་པདྨ་དམར་པོ་རྣམ་པར་བཀོད་དེ་ཆོས་དང་སྲིད་པའི་གཞུང་ལུགས་ཐམས་ཅད་སྨྲ་བའི་རྒྱལ་པོར་གྱུར་ཏོ། །དེ་ནས་བརྩམས་ཏེ་ཆོས་དང་མཐུན་པའི་ཕྲིན་ལས་མདོག་བཟང་གི་འཁོར་ལོ་སྔོན་དུ་རྒྱུ་བས། ཡངས་པའི་རྒྱལ་ཁམས་ཀྱི་འགྲོ་བ་ཕལ་ཆེ་བ་གཞོལ་

དུ་མེད་པའི་མཁྱེན་རབ་དང་བརྩེ་བའི་གདུགས་དཀར་གྱི་གྲིབ་མ་བསིལ་པོའི་རྭ་བ་གང་ན་ལེགས་པར་བཅུག་ནས་རྣམ་པར་འཚེ་བ་མེད་པའི་བདེ་བ་ལ་ངལ་བསོ་བའི་སྐལ་བ་བཟང་པོ་ཅི་ཡང་བྱིན་ནོ། །གཞན་ཡང་བསགས་པའི་དངོས་པོ་གྱ་ནོམ་པ་དག་ཀྱང་བོད་ཁམས་ཀྱི་ཆོས་སྡེ་རིས་སུ་མེད་པའི་དགེ་

འདུན་རྣམས་ལ་མཆོད་ཅིང་རྗེད་པར་བྱེད་པ་དང༌། བྱེ་བྲག་ཏུ་མངའ་འོག་ཏུ་གཏོགས་པའི་དགོན་སྡེ་རྣམས་སུ་གཙུག་ལག་ཁང་སྔར་ཡོད་ཉམས་པ་རྣམས་ཀྱི་ཉམས་གསོ་དང༌། མེད་པ་རྣམས་གསར་དུ་བཞེངས་པ་དང༌། བསྟན་པའི་རྩ་ལག་དགེ་སློང་གི་དགེ་འདུན་གྲངས་མེད་པ་ལ་བསྙེན་

བཀུར་སྟོབ་པའི་ཕྱིར་གཏོང་ཞིང༌། དེ་དག་གི་བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་སྒྲིག་ལམ་གོང་མ་རྣམས་ཀྱིས་བཞག་པའི་རྒྱུན་བཟང་པོ་སྐྱོང་བ་དང༌། གྲྭ་ས་ཆེན་པོ་རྣམས་ལ་ཇི་ལྟར་ཡོངས་སུ་དར་བའི་ལུགས་སྲོལ་བཟང་པོ་སྔོན་ཆད་འདིར་མ་བྱུང་བ་རྣམས་ཀྱང་གསར་བསྒྲུབ་ཀྱི་སྲོལ་བཏོད་པ་ལ་

སོགས་པ་སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེ་རིང་འཚོར་འགྱུར་བའི་བཀའ་དྲིན་ཟླ་མེད་པ་མཛད་དོ། །གཉིས་པ་དབོན་དབང་ཆེན་མགོན་པོ་ཞེས་བྱ་བ་དང༌། གསུམ་པ་བླ་མ་སངས་རྒྱས་དཔལ་བཟང་པ་སྟེ། འདིས་རྣམ་པ་ཐམས་ཅད་དུ་བསྒྲུབ་པར་བྱ་བའི་གཙོ་བོ་ནི། སྤྱིར་བདེ་བར་

གཤེགས་པའི་བསྟན་པ་ཐམས་ཅད་དང༌། སྒོས་སུ་རྗེ་བཙུན་ས་སྐྱ་པ་ཞེས་ཁམས་གསུམ་ཆོས་ཀྱི་སྒྲོན་མེ་ཆེན་པོར་གྱུར་པ་དེ་དང༌། རྒྱལ་བ་གཉིས་པ་རྗེ་བཙུན་ཀུན་དགའ་བཟང་པོ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ལུགས་བཟང་རྩོད་པ་ཀུན་ལས་གྲོལ་བ་གང་དེ། གངས་ཀྱི་རྭ་བས་

เล่ม ๒๑๓ · หน้า 169b

མཛེས་པར་བསྐོར་བའི་ལྗོངས་འདིར་ཇི་ལྟར་སྤྲིན་སྔོན་དུས་ཀྱི་ཆུ་གཏེར་ཆེན་པོ་བཞིན་དུ་མི་ཉམས་ཤིང་གོང་ནས་གོང་དུ་སྤེལ་བའི་ཐུགས་བསྐྱེད་རིན་པོ་ཆེ་འབྱུང་བའི་གནས་ཀྱི་དབའ་རླབས་གནམ་དུ་འཕྱོ་བའི་རང་བཞིན་ལས་ནམ་ཡང་བྲི་བ་མེད་པ་ནས། གྲུབ་པའི་དབང་པོའི་གདན་ས་རི་ཁྲོད་སྨིན་གྲོལ་

གླིང་དང༌། དབོན་པོ་སྟོད་ཀྱི་གདན་ས་གཉིས་ཆར་སྐྱོང་བར་མཛད་དོ། །གདན་ས་དེ་གཉིས་དང་དགོན་སྡེ་གཞན་དང་གཞན་དག་ལ་ཡང་ངོར་ལུགས་དཀྱིལ་འཁོར་བདུན་དུ་གྲགས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་རྣམ་པ་མང་པོའི་སྒྲུབ་མཆོད་དང་གཞུང་འདོན་པའི་དུས་མཆོད་ཀྱི་རྒྱུན་མང་པོ་

གསར་དུ་བཞག་སྟེ། ངུར་སྨྲིག་འཆང་བའི་དགེ་འདུན་བགྲང་ལས་འདས་པ་ལ་བསྙེན་བཀུར་རྒྱ་ཆེན་པོ་སྦྱོར་བའི་སྲོལ་བཏོད་དོ། །གཞན་ཡང་རྗེ་བཙུན་ཨེ་ཝཾ་པ་ཆེན་པོ་བརྒྱུད་པ་དང་བཅས་པ་འགའ་ཞིག་གི་བཀའ་འབུམ་དང་རྣམ་པར་ཐར་པ་ལ་སོགས་པའི་གླེགས་བམ་དག་ཅིང་དངོས་

བཟང་བ་མང་པོ་བཞེངས་ཏེ། དེ་དག་གི་མདུན་དུ་ཡང་སྤོས་དང་མར་མེ་ལ་སོགས་པའི་ཉེ་བར་སྤྱོད་པ་རྒྱ་དཔངས་མི་ཆུང་བའི་རྒྱུན་མཆོད་ཀྱི་རྒྱུན་བཙུགས་སོ། །ཁྱད་པར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དང་ཕྲིན་ལས་མངའ་བ་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་པ་དེ་ཉིད་

བོད་ཆེན་གྱི་ལྗོངས་འདིར་སྤྱན་འདྲེན་པའི་སླད་དུ། འཕགས་པའི་ཡུལ་གྱི་པཎ་ཆེན་ནཱ་རོ་ཏ་པའི་རྣམ་པར་ཐར་པའི་རྗེས་སུ་འགྲོ་བའི་དཀའ་བ་དཔག་ཏུ་མེད་པ་དང་དུ་བླངས་ཏེ། ལྗོངས་འདིའི་འགྲོ་བའི་ལེགས་བྱས་ཀྱི་མགྲོན་དུ་སྤྱན་དྲངས་ནས། འཆད་རྩོད་རྩོམ་པའི་ཕྲིན་ལས་གཞལ་དུ་

མེད་པས། བསྟན་པ་མཐའ་དག་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་མཛད་པའང་འདི་པ་སྐུ་མཆེད་ཀྱི་དྲིན་ཁོ་ན་ལས་བྱུང་བ་ཡིན་ནོ། །བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དེ་ལ་སོགས་པའི་ཡོངས་རྫོགས་བསྟན་པའི་མངའ་བདག་མང་པོ་གཙུག་ན་མཆོད་ཅིང༌། དེ་དག་ལས་འོངས་པའི་གདམས་

པ་ཟབ་པ་དང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་རྣམས་ཐུགས་ཉམས་སུ་བཞེས་ཏེ། མདོར་ན་མཁས་པ་དང་བཙུན་པ་དང་གྲུབ་པའི་ཡོན་ཏན་ཟད་མི་ཤེས་པའི་ངང་ཚུལ་བཟང་པོ་ཡོངས་སུ་འཛིན་པ་ཉིད་དོ། །བཞི་པ་བྱམས་པ་ཀུན་དགའ་རབ་བརྟན་པ་སྟེ། འདི་ནི་སྐྱེས་སྟོབས་དང་སྦྱང་སྟོབས་ཀྱི་

เล่ม ๒๑๓ · หน้า 170a

རྣམ་པར་འབྱེད་པའི་མིག་དཀྱུས་རིང་པོར་སྤྲོས་པའི་ཁོངས་ག་ལ་བ་དེ་ན། ཕྱི་དང་ནང་གི་གྲུབ་པའི་གཞུང་ལུགས་རབ་འབྱམས་ཐམས་ཅད་དོག་པ་མེད་པའི་ཚུལ་གྱིས་ཆུད་པས། དེའི་འབྲས་བུ་གྲུབ་མཐའ་སོ་སོའི་ལྟ་གྲུབ་ཀྱི་ཁྱད་པར་རྣམ་པར་དབྱེ་བའི་གཏམ་སྙན་གྱི་མེ་

ཏོག་བསྟར་ལ་བརྒྱུས་པའི་ཕྲེང་བ་གང་དག །བློ་ལྡན་ཡོངས་ཀྱི་རྣ་བའི་རྒྱན་དུ་བཀོད་པ་ལ་བསྙེངས་པ་མི་མངའ་བའི་གདེངས་ཐོབ་སྟེ། དབོན་སྟོད་ཀྱི་གདན་སར་བཞུགས་སོ། །དེར་བསྟན་སྲིད་ཟུང་དུ་འབྲེལ་བའི་ཕྲིན་ལས་དཔག་ཏུ་མེད་པས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབས་

ཤིང༌། རྒྱུ་དང་དཀའ་ཚེགས་ཀྱི་གཏིང་མཐའ་གཞལ་དུ་མེད་པས་དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་སྐྱ་ཆོས་པུསྟི་བཅུ་དྲུག་ན་བཟའ་དང་གླེགས་ཤིང་གླེགས་ཐག་དང་བཅས་པ་སྤུས་བཟང་བར་བསྒྲུབས་པ་དང༌། དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་བ་དང༌། དགེ་འདུན་ལ་

བསྙེན་བཀུར་བགྱིས་པ་ལ་སོགས་པའི་རྣམ་པར་དཀར་བའི་ལེགས་མཛད་ཀྱི་ཕུང་པོ་གང་ལ་བློ་ལྡན་ཐམས་ཅད་ཀྱི་བསྔགས་པར་བརྗོད་པའི་ཚིག་གི་གླིང་བུ་ཅི་ཡང་བསྒྱུར་བའི་གནས་སོ། །དཔོན་དབང་ཆེན་མགོན་པོ་ལ་སྲས་གཉིས་འཁྲུངས་པའི་དང་པོ་མགོན་པོ་ཚེ་རིང་ཞེས་བྱ་བ་ཡ་རབས་ཀྱི་རང་

བཞིན་བཟང་པོ་ཡོངས་སུ་མི་འདོར་བའི་ལས་ཅན་ཞིག་སྟེ། འོན་ཀྱང་གཞོན་ནུའི་དུས་ཉིད་ནས་སྔ་པའི་ལམ་དུ་གཤེགས་སོ། །དེའི་མཆེད་ཟླར་གྱུར་པ་དཔོན་དབང་ཆེན་མགོན་པོའི་སྲས། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ཆོས་ལྡན་གྱི་རྒྱལ་པོ་བསྟན་པ་ཚེ་རིང་ཞེས་ཡོངས་སུ་གྲགས་པ་སྟེ།

དེ་ནི་སྔ་ན་མེད་པའི་ལེས་བྱས་ཀྱི་གཞི་ཆེན་པོར་གྱུར་པའི་ཆོས་ཀྱི་སྦྱིན་པའི་མ་མོ་འདི་ཉིད་ཀྱི་དབུ་འཛུགས་པའི་བདག་པོའི་རྐྱེན་བྱེད་པ་པོ་སྟེ། ངེས་པར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉིད་མིའི་བདག་པོའི་མིག་འཕྲུལ་གྱི་རྫུ་ལ་ཞུགས་པ་ཞིག་སྟེ། ཐོག་མ་ཉིད་ནས་འཇིག་རྟེན་

ཐམས་ཅད་ལ་ཡིད་བརྩེ་བའི་རླན་གྱིས་བརླན་པ། ན་བ་དང༌། རྒ་བ་དང༌། འཆི་བ་དང༌། སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཁུར་ཆེན་པོ་དག་གིས་ཡོངས་སུ་གཟིར་བའི་སྐྱེ་བོ་མགོན་དང་བྲལ་བ་དང༌། སྐྱབས་དང་བྲལ་བ་དང༌། དཔུང་གཉེན་དང་བྲལ་བ་དག་

เล่ม ๒๑๓ · หน้า 170b

མཐོང་ན། སྙིང་རྗེའི་ཕྱག་རིང་ཡངས་པར་བརྐྱང་སྟེ། འཇིགས་པ་དང༌། ཉམ་ང་བ་གང་དང་གང་ཡིན་པ་དེ་ལས་བསྐྱབ་པ་ལ་སྤྲོ་བ་མཆོག་ཏུ་བརྟས་པ། སྔོན་གྱི་བསོད་ནམས་ཀྱི་མཐུ་ཆེན་པོ་ཐོབ་པ་ལ། སླར་ཡང་དཀོན་མཆོག་གསུམ་ལ་མཆོག་ཏུ་དད་པས། ཡོན་ཏན་གྱི་ཆོས་གང་

དག་ཕྱིར་ཕྱིར་རབ་ཏུ་བརྟན་པར་བྱས་པ། ཕྱོགས་བཅུའི་རྒྱལ་ཕྲན་ཐམས་ཅད་ཀྱང་ཕྱག་འཚལ་ཞིང་རང་གི་ངང་གིས་བཏུད་པར་བྱས་པ། དེ་ལྟ་ནའང་དགེ་བའི་སེམས་དང་ཆོས་ལས་འབྱུང་བའི་སྤྱོད་པའི་ཆུ་ཀླུང་བསིལ་པོར་འབེབས་པ་ལ་རབ་ཏུ་མཁས་པས་ང་རྒྱལ་གྱི་མེ་དཔུང་ཡོངས་སུ་

བཅིལ་བ་དང་ཐུགས་དུལ་བར་གྱུར་པ། གཏོང་བ་ལ་མཆོག་ཏུ་དཔའ་བ། ཡིད་གཞུངས་ཤིང་མང་དུ་ཐོས་པ་དང༌། ཤེས་རབ་ཀྱི་ནོར་དང་ལྡན་པ། ཡི་གེ་དང༌། གྲངས་དང༌། རྩིས་དང༌། མིག་འཕྲུལ་དང༌། སྔོན་གྱི་རབས་དང༌། སྙན་དངགས་དང༌། ཟློས་གར་དང༌། རོལ་མོའི་བྱེ་བྲག་

དང༌། འཕོ་བ་དང༌། སྒྱུ་རྩལ་གྱི་རིག་པ་ཐམས་ཅད་ལེགས་པར་སྦྱངས་པ། ཁྱད་པར་གསོ་བ་རིག་པའི་གཞུང་ལུགས་སྨན་འཚོ་བའི་མདོ་དང༌། ཡན་ལག་བརྒྱད་པ་དང༌། དེའི་མན་ངག་རྒྱུད་བཞི་འགྲེལ་པ་དང་བཅས་པ་ལ་སྦྱངས་པའི་ཕ་རོལ་དུ་སོན་ནས། མཆོག་དམན་གྱི་འགྲོ་བ་

ཐམས་ཅད་དུས་མ་ཡིན་པར་འཆི་བ་དང་ནད་ཀྱི་ཟུག་རྔུས་གསུངས་པར་གྱུར་པའི་འཇིགས་པ་ལས་སྐྱོབ་ཅིང༌། གནས་སྐབས་ཀྱི་བདེ་བ་དང་འཆི་བ་མེད་པའི་གོ་འཕང་སྦྱིན་པ་ལ་མ་རྨོངས་པ་ནི་སྔོན་གྱི་འཚོ་བྱེད་གཞོན་ནུས་གསོས་སམ་སྨན་པའི་རྒྱལ་པོ་གཉིས་པ་ལྟ་བུར་གྱུར་ཏེ་སེམས་ཅན་ཐམས་ཅད་

ཀྱི་ཉེར་འཚོའི་གཞི་ཆེན་པོ་ཉིད་དོ། །དེ་ལྟར་ཡང་སྐྱེས་པ་རབས་ཀྱི་རྒྱུད་ལས། རིག་བྱེད་ཤེས་ལ་དེ་ནི་ཚངས་པ་བཞིན། །རྒྱལ་པོ་རྣམས་ཀྱིས་བཀུར་བ་རྒྱལ་པོ་བཞིན། །སྐྱེ་དགུ་རྣམས་ལ་བརྒྱ་བྱིན་མངོན་སུམ་བཞིན། །ཤེས་འདོད་རྣམས་ལ་དྲན་སྤྱོད་ཕ་དང་འདྲ། །ཞེས་པ་ལྟར་སྐྱེ་

བོ་ཐམས་ཅད་ལ་ཕ་དང་འདྲ་བར་ཐབས་ཀྱི་བྱེ་བྲག་ཅི་རིགས་པའི་སྒོ་ནས་ཕན་འདོགས་པ་ཞིག་གོ །དེར་མ་ཟད་ཚེ་རབས་དུ་མ་ནས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་མངོན་པར་འདུ་བྱ་བ་ལ་ཀུན་ནས་ཡོངས་སུ་གོམས་པའི་བག་ཆགས་བཟང་པོ་སད་པས། རྒྱལ་སྲིད་ཀྱི་ཁྲི་ལ་

เล่ม ๒๑๓ · หน้า 171a

མ་བཞུགས་པའི་དུས་ནས། ཇི་ལྟར་མངའ་བའི་བདོག་པ་རྣམས་ལ་ཕོངས་སེམས་མེད་པར་བླ་མ་དང་དཀོན་མཆོག་མཆོད་པའི་ཆེད་དུ་གཏོང་བ་དང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་བཞེངས་པ་ལ་སོགས་པའི་

རྣམ་པར་དཀར་བའི་ལེགས་བྱས་ཀྱི་རྒྱུན་ཁོ་ནའི་ཆེད་དུ་གཏོང་ཞིང༌། ཇི་ལྟར་བཞེང་བར་བྱ་བའི་རྟེན་གསུམ་རྣམས་ཀྱང་བློ་དམན་ཀུན་གྱིས་ཡིད་ལ་མི་ཤོང་ཞིང༌། སྔོན་གྱི་སྐྱེས་བུ་བློ་སྟོབས་དང་ལྡན་པ་མང་པོས་ཀྱང་བརྩམ་པར་མ་ནུས་པའི་ལས་གང་ཡིན་པ་དེར་འཇུག་པ་ལ་མི་སྤོབས་པ་

མེད་པ་ཞིག་སྟེ། དཔེར་ན་རྒྱལ་བའི་བཀའ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་པར་གྱི་བྱ་བ་མཐར་ཕྱིན་པ་དང༌། བསྟན་བཅོས་འགྱུར་རོ་འཚལ་གྱི་ཆོས་སྦྱིན་གྱི་ཕྱི་མོ་བསྒྲུབས་པའི་འགོ་བརྩམས་པ་འདི་ལྟ་བུའི་རང་བཞིན་ཁོ་ན་ལས། སྐྱེ་བོ་ཕལ་གྱི་བསམ་སྦྱོར་དང་རྗེས་སུ་མཐུན་པར་འདི་

དང་འདི་ལྟ་བུའི་འབྱོར་པ་དག་ནི་རེ་ཞིག་བསགས་ན་བདག་གི་དཀོར་ཁང་མངོན་པར་གཏམས་པའི་རྒྱུར་འགྱུར་རོ་སྙམ་པ་དང༌། བདག་གིས་དཔལ་འབྱོར་འདི་དང་འདི་ཞེས་བྱ་བ་རྣམ་པར་འཕེལ་བར་བྱས་ཏེ། དགྲ་ཟླར་གྱུར་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པར་བྱའོ་སྙམ་

པ་ལ་སོགས་པའི་བློ་ངན་ཐམས་ཅད་རིང་དུ་སྤངས་པ་དང༌། སྒོ་གསུམ་དགེ་བའི་རྩ་བ་ཐམས་ཅད་ལ་གཅིག་ཏུ་འདུན་པའི་ཡ་རབས་དང་དམ་པའི་ངང་ཚུལ་བཟང་པོ་ལས་གཞར་ཡང་མི་འགྱུར་བས། འགྲོ་བ་ཐམས་ཅད་ཀྱི་ཡིད་ཀྱི་དབང་པོ་ཀུན་ནས་འཛིན་ནུས་པར་གྱུར་ཏོ། །ནམ་ཞིག་ན་ཆོས་

དང་སྲིད་པའི་གཙུག་ལག་ཟུང་གི་ཕྲིན་ལས་ཀྱི་འཁོར་ལོ་མུ་མེད་ཕྱོགས་ཀྱི་ཕ་རོལ་དག་ཏུ་བགྲོད་པའི་གདན་རབས་ཀྱི་ནོར་བུ་རིན་པོ་ཆེ་བཏེགས་པའི་ཁྲི་འཕང་མཐོན་པོ་ག་ལ་བ་དེ་ན་བཙོ་སྦྱངས་དག་པའི་གསེར་གྱི་པ་ཏྲ་རིས་གློག་འགྱུ་སྟོང་གིས་མཛེས་པ་དག་ཀྱང་ཉུང་ངུར་བྱེད་པས་ཡོངས་སུ་

འཁྱུད་པའི་མངལ་གྱི་ཁུར་དུ་ལྷ་དང་མི་དང་གདེངས་ཅན་གྱི་དབང་པོའི་ཡུལ་ན་རིན་ཐང་ཤིན་ཏུ་ཆེ་བའི་ནོར་བུ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་ཚོམ་དང་ལྡན་པ།དེ་ལྟ་བུའི་རྐང་གདུབ་མཛེས་པ་དག་གིས་མངོན་པར་སྤུད་པའི་ཞབས་ཀྱི་ཆུ་སྐྱེས་ཟུང་དག་ཉེ་བར་བཀོད་དོ། །དེ་ལྟར་གཙུག་ལག་གཉིས་

เล่ม ๒๑๓ · หน้า 171b

ཀྱིས་མཐོ་བའི་ཁྲི་ལ་བཞུགས་མ་ཐག་ནས། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་གཙུག་ན་ནོར་བུའི་སྐྱེས་རབས་ལས། རྟག་ཏུ་དམ་པས་བསྟེན་འོས་ཤིང༌། །རྩོད་དུས་རབ་ཏུ་འཕྲོག་བྱེད་པ། །རྫོགས་ལྡན་ལྟ་བུས་གང་གིས་ནི། །སྐྱེ་བོ་ཆོས་རྣམས་

འཛིན་པར་བྱས། །ས་བདག་བཟོད་ལ་ཀུན་ཆགས་ཤིང༌། །དཔལ་གྱིས་དཀྲིས་གྱུར་སྙིང་རྗེར་དགའ། །རབ་གྲགས་ལ་ཡང་དབང་ཐུལ་གང༌། །སྐྱེ་དགུ་རྣམས་ཀྱི་དགའ་བྱེད་གྱུར། །ཞེས་པ་ལྟར་སྙིང་རྗེའི་བདག་ཉིད་དང་ལྡན་པ་གང་གི་མཐུས་ཆབ་འབངས་

ཀྱིས་མཚོན་པའི་རྒྱལ་ཁམས་ཐམས་ཅད་རྟག་ཏུ་བདེ་ཞིང་འབྱོར་པ་དང༌། ལོ་ལེགས་པར་གྱུར་པས་ནང་དུ་དགའ་བ་རབ་ཏུ་རྒྱས་པའི་བཏུང་བ་གང་ལ་སྐྱེ་བོ་མ་ལུས་པ་རྩེ་བར་བྱེད་ཅིང༌། ཆ་ལུགས་བཟང་ལ་མི་འཕྱར་བ་དང༌། མིའི་བདག་པོའི་བཟོད་པ་དང༌། དེས་པ་དང༌།

སྙིང་བརྩེ་བ་དང༌། གྲགས་པའི་ཡོན་ཏན་མི་ཟད་པ་དག་སྙིང་གི་དཀྱིལ་ནས་ཡང་ཡང་དྲན་པར་བྱེད་ཅིང༌། དགེ་བ་ཡོན་ཏན་དེ་དག་ཀྱང་ཕྱོགས་ཕྱོགས་ཀུན་དུ་སྒྲོག་པར་བྱེད་པའི་བསྟོད་པ་དང་བཀྲ་ཤིས་ཀྱི་རོལ་མོ་མང་པོ་འཁྲོལ་བ་ལ་ལྷུར་བྱེད་པར་གྱུར་ཏོ། །དེ་ནས་

བཟུང་སྟེ་ཡངས་པའི་ས་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་བྱམས་པ་ཆེན་པོས་དཔུང་གིས་ལེགས་པར་བསྲུངས་པའི་སྐབས་དེར། སྔོན་གྱི་དྲང་སྲོང་རྣམས་ཀྱིས་ལེགས་པར་བཞག་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་རྗེས་སུ་གདམས་པ་ཟབ་མོ་རྣམས་དང་

མི་འགལ་བར་བྱ་བ་ཐམས་ཅད་བརྟགས་ནས་བྱེད་པ་དང༌། མི་འོས་པའི་ལས་ལ་གཡེར་པོར་གྱུར་ཀྱང་མི་འཇུག །འོས་པའི་ལས་ཐམས་ཅད་ལ་དཀའ་ཡང་ལེ་ལོ་དང་ཕྱི་བཤོལ་གྱི་དབང་གིས་མི་འདོར་བ་དང༌། གནའ་དུས་ཡན་ནས་ཡོངས་སུ་དར་བའི་དཔྱ་ཁྲལ་

རྣམས་ཀྱང་དུས་དང་གནས་སྐབས་དག་ལ་ལེགས་པར་བརྟགས་ནས་ཚོད་ཟིན་པར་ལོངས་སྤྱད་པ་ལས་རིགས་པ་མ་ཡིན་པའི་འདོད་ཆེན་གྱི་ལས་མི་བརྩམ་པ་ནི། དཔེར་ན་ཕྲེང་བརྒྱུད་མཁན་མཁས་པ་དག་གིས་ཀུན་དགའ་རྭ་བའི་མེ་ཏོག་གི་ཚལ་ནས་དུས་ལ་བབ་པ་ན་མེ་

เล่ม ๒๑๓ · หน้า 172a

ཏོག་གི་རིགས་ཙམ་བཏུ་བར་བྱའི། སོལ་བ་མཁན་གྱིས་བཞིན་དུ་དུས་གཅིག་ལ་རྩ་བ་ཡོངས་སུ་འབྱིན་པར་མི་བྱེད་པ་དེ་བཞིན་ནོ། །གཞན་ཡང་དབང་དང་སྟོབས་ཀྱི་སྒོ་ནས་བརྩམས་ན་ཁྱབ་འཇུག་བཞིན་དུ་གཞན་སྡེ་རྣམ་པར་ནོན་པ་ལ་མི་མཐུན་པ་ནི་

འགའ་ཡང་མེད་མོད། ཆོས་དང་འགལ་བར་གྱུར་པའི་ཆགས་སྡང་གི་ལས་མི་བརྩམ་པར་ཀུན་གྱི་སེམས་བསྲུང་བ་དང༌། རྟག་ཏུ་དགེ་སྡིག་གི་ལས་འབྲས་ཞིབ་ཏུ་བསམས་ཤིང་སྒོ་གསུམ་དགེ་བའི་ལམ་དུ་རང་གཞན་ཐམས་ཅད་འཇུག་པ་དང༌། འཁོར་བ་དང་མྱ་ངན་ལས་

འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་དག་ལ་དབང་འབྱོར་ཡང༌། རྒྱགས་པ་དང་ཁེངས་པའི་སེམས་མི་འཛིན། བློ་གཏད་ཀྱི་དཔང་དཀོན་མཆོག་གསུམ་ལ་བཅོལ་བས། གཡོ་སྒྱུ་རྣམ་པར་སྤངས་ནས་ལྷག་པའི་སེམས་ཀྱིས་རྟག་ཏུ་གནས་ཤིང་ཞི་དུལ་གསོང་པོར་སྨྲ་བ་དང༌།

བག་དང་བཅས་པའི་ངང་ནས་སྐྱེ་བོ་ཐམས་ཅད་བུ་བཞིན་དུ་སྐྱོང་བའི་སྤྱོད་ཚུལ་ཕུན་སུམ་ཚོགས་པ་མངའ་བ་ཡིན་ཏེ། ཇི་སྐད་དུ། གྱ་ཚོམ་མི་སྨྲ་ཤེས་ཀྱང་མ་བཅོལ་རང་ཞུགས་ཡོང་མི་བྱེད། །ཟིན་ཁར་མི་འདོར་འོག་ནས་སྔར་བརྩམས་འགྱོད་མི་སྨྲ། །ལྷག་པར་ཁེ་

མཐོང་བཙལ་གླགས་ཡོད་ཀྱང་མི་རིགས་འདོད་ཆེན་ཡོང་མི་བྱེད། །དབང་དང་ཚན་གྱིས་ཐུབ་ཀྱང་འཕྱས་གནོན་གཟན་མི་འཚོལ། །ཉེ་ཞེས་ཉེ་མགོན་མི་བྱེད་རིང་ཞེས་སྙོམ་ལས་ཡོང་མི་སྤྱོད། །དབང་སར་ཕྱིན་ཅིང་ཀུན་གྱིས་བཀུར་ཡང་མཐའ་དག་སེམས་བསྲུང་བྱ། །

ལེགས་ཉེས་བསམ་ཞིང་སྲོད་དང་ཐོ་རངས་དགེ་བ་སྤྱད། །ང་རྒྱལ་ཁེངས་སེམས་མུ་ཅོར་སྨྲ་དང་རྒྱགས་ཆོས་མེད། །ཚན་ཀར་མི་འདོར་གཞན་གྱིས་བརྩི་སར་ཡུན་རིང་སྡོད། །ཕྱི་ཚུལ་མི་འཆོས་ནང་གི་གཡོ་སྒྱུ་མེད། །གསོང་དེས་མཉེན་དང་གསལ་སྟུག་འཇམ་ལ་

རིང༌། །ངན་ལ་ཁྱད་དུ་མི་གསོད་ཞེ་ས་ཕངས་མེད་མཉམ། །ཕྲག་དོག་འགྲན་སེམས་ནོར་ངན་གཞན་ལ་འཕྱ་མི་བྱེད། །བདག་ལ་རང་བསྟོད་མི་བྱེད་གཞན་ལ་མཚང་མི་འབྲུ། །དཔའ་ལ་སྲན་ཆེ་བྱེད་དགུ་མཐར་ཕྱིན་མཛངས་ལས་སློབ། །ཆང་དང་བུད་མེད་དད་དང་

เล่ม ๒๑๓ · หน้า 172b

ཁེ་བརྐམ་གཅམ་བུའི་ལས། །ནམ་དུའང་མི་བྱེད་ཆུང་མ་ངན་པའི་ཁར་མི་བཏང༌། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་འཇིག་རྟེན་གྱི་མེས་པོ་ཚངས་པ་དང༌། དྲག་པོ་དང༌། སྲེད་མེད་ཀྱི་བུ་དང༌། མིག་སྟོང་པ་དང༌། སྐེམས་བྱེད་ལ་སོགས་པ་འཇིག་རྟེན་སྐྱོང་བའི་ལྷ་

དང༌། ལྷ་མ་ཡིན་དང༌། གདེངས་ཅན་གྱི་དབང་པོ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། ནམ་མཁའ་ལྡིང་དང༌། ལངྐའི་དབང་ཕྱུག་དང༌། མིའི་དབང་ཕྱུག་ཏུ་གྱུར་པ་རྣམས་ནི་འདི་ལྟ་སྟེ། གསེར་གྱི་འཁོར་ལོ་དང༌། དངུལ་གྱི་འཁོར་ལོ་དང༌། ཟངས་ཀྱི་

འཁོར་ལོ་དང༌། ལྕགས་ཀྱི་འཁོར་ལོ་དང༌། སྟོབས་ཀྱི་འཁོར་ལོ་རྣམས་ཀྱིས་མཚན་པ་ལ་སོགས་པ་འཇིག་རྟེན་ན་དབང་ཆེ་ཞིང་གཟི་བརྗིད་ཆེ་བ་དག་ཀྱང་རང་རང་གི་རལ་པའི་ཐོར་ཚུགས་ནོར་བུ་རིན་པོ་ཆེ་འོད་ཟེར་སྟོང་གི་དྲྭ་བས་དཀྲིགས་པ་དག་གིས་ལན་བརྒྱར་བཏུད་ཅིང་

མཆོད་པའི་གནས་སུ་གྱུར་པ། བསྟན་པའི་བདག་པོ་ཆེན་པོ་དཔལ་ས་སྐྱ་པ་ཞེས་སྙན་གྲགས་ལྷའི་རྔ་བོ་ཆེ་ལྟར་ཡོངས་སུ་ལྡིར་བ་དེ་ཉིད་བརྒྱུད་པ་དང་བཅས་པའི་ལུགས་བཟང་དྲི་མ་མེད་ཅིང་རྩོད་པ་ཀུན་ལས་གྲོལ་བ་དེ་ཉིད་ཀྱིས་མཚོན་ཏེ། སངས་རྒྱས་པའི་གྲུབ་པའི་མཐའི་

གཞུང་ལུགས་དྲི་མ་མེད་པ་གང་དུ་དར་ཞིང་རྒྱས་པར་གྱུར་པ་རྣམས་དང༌། དེ་ཉིད་མཁས་པའི་བགྱི་བ་གསུམ་གྱི་སྒོ་ནས་འཛིན་པར་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུར་ཐུག་པ་མེད་པ་རྣམས་སུ་བྱོན་པ་དང༌། འབྱོན་པར་འགྱུར་བ་དང༌།

ད་ལྟར་འཚོ་ཞིང་གཞེས་པ་ཇི་སྙེད་ཅིག་མཆིས་པ་རྣམས་ལ་དད་པ་གསུམ་གྱི་རྩ་བ་རབ་ཏུ་བརྟན་པས། དོན་ཡོད་རྣམ་པ་བཞིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་ཅིང་རྗེད་པར་བྱེད། དེ་དག་གི་རྣམ་པར་དཀར་བའི་ཕྲིན་ལས་ཀྱི་རྒྱུན་ཆེན་པོ་དག་རིང་དུ་གནས་

པའི་ཐབས་ཀྱང་བྱེད་དོ། །མི་བདག་ཆེན་པོ་རང་གི་རིགས་ཀྱི་ཅོད་པཎ་ཉིད་དུ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་ལུང་དང་རྟོགས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལེགས་པར་བཟུང་ནས་མདོ་སྡེ་དང་རྒྱུད་སྡེར་གཏོགས་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་པ་དག་འཆད་པ་དང༌།

เล่ม ๒๑๓ · หน้า 173a

རྩོད་པ་དང༌། རྩོམ་པའི་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ནི་འདི་ལྟ་སྟེ། ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་པ་དང༌། གཞུང་ལུགས་རབ་

འབྱམས་སྨྲ་བའི་དབང་པོ་འཇམ་མགོན་བཀྲ་ཤིས་དཔལ་ལྡན་པ་དང༌། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་ཐུབ་བསྟན་མཁན་རིན་པོ་ཆེ་བཟང་པོ་རྒྱལ་མཚན་དང༌། རྣམ་འདྲེན་བསྟན་པའི་རྩ་ལག་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་དང༌། གསང་ཆེན་རྒྱ་མཚོའི་མངའ་བདག་

མཚུངས་མེད་ཀུན་དགའ་ཆོས་འཕེལ་དང༌། ཤེས་པར་བྱ་བའི་གཞུང་ལུགས་རྒྱ་མཚོའི་མངའ་བདག་བཀྲ་ཤིས་དབང་ཕྱུག་དང༌། མཐུ་སྟོབས་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཛིན་པ་སངས་རྒྱས་རྒྱ་མཚོ་པ་ལ་སོགས་པའི་བསྟན་འཛིན་གྱི་དགེ་བའི་བཤེས་གཉེན་མང་པོ་དང༌།

ཁྱད་པར་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་པའི་ལུགས་བཟང་བདུད་རྩིའི་རྒྱུན་མ་ལུས་པ་བཟུང་ནས། སེམས་ཅན་གྱི་ཁམས་ཀྱི་ཉོན་མོངས་པའི་རིམས་ནད་མཐའ་དག་ཞི་བར་བྱེད་པའི་ཆོས་ཀྱི་སྨན་པ་ཆེན་པོ་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་གྲགས་

པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དང༌། ཡར་ལུང་བཀྲ་ཤིས་ཆོས་སྡེ་ནས། རྒྱལ་བ་ཀུན་གྱི་ཕྲིན་ལས་སྐྱོང་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་པ་སྟེ། རྗེ་བཙུན་དམ་པ་དེ་

དག་རང་གི་བླའི་མཆོད་གནས་ཀྱི་ཆེད་དང༌། མདོ་སྨད་ཕྱོགས་ཀྱི་སྐྱེ་དགུ་མ་ལུས་པ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གྲོང་དུ་འཁྲིད་པར་བྱེད་པའི་ལམ་མཁན་དམ་པ་ཉིད་དུ་སྤྱན་དྲངས་ཏེ། ཆབ་འོག་ཏུ་གཏོགས་པས་མཚོན་པའི་སེམས་ཅན་རྒྱ་མཚོ་ཆེན་

པོའི་རྡུལ་གྱི་གྲངས་དང་མཉམ་པ་རྣམས་ཀྱི་རྒྱུད་ལ་ཆོས་ཀྱི་ས་བོན་མ་རྨས་པར་བཏབ་སྟེ། ལ་ལ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་རབ་ཏུ་བཟུང་བ་ལ་བཀོད། ལ་ལ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དགེ་སློང་གི་དངོས་པོར་

เล่ม ๒๑๓ · หน้า 173b

བསྒྲུབས་ཏེ་འཁོར་བ་ལས་མངོན་པར་འཕགས་པའི་གནས་ལ་བཀོད། ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྩལ་ཏེ་ཐེག་པ་ཆེན་པོའི་རིགས་སུ་བཀོད། ལ་ལ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོར་སྨིན་པར་བྱས་ཏེ་

རིང་པོར་མི་ཐོགས་པར་རྣམ་པར་གྲོལ་བའི་སྐལ་བ་དང་ལྡན་པར་བྱས་ཏེ། མདོར་ན་འཁོར་བ་ཕལ་མོ་ཆེ་སངས་རྒྱས་ལ་གཞོལ་བ་དང༌། དམ་པའི་ཆོས་ལ་བབ་པ་དང༌། དགེ་འདུན་ལ་གཞག་པར་མཛད་དེ། དེ་དག་ཐམས་ཅད་ཀྱང་མི་བདག་ཆེན་པོ་འདིའི་སྐུ་དྲིན་ཁོ་ན་

ལས་བྱུང་བ་ཡིན་པས། ལེགས་པར་བསམས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཛམྦྷུ་གསེར་གྱི་ཕུང་པོས་ཡོངས་སུ་བཀང་སྟེ་བཅལ་བར་བྱས་ཀྱང་མི་བདག་ཆེན་པོ་འདི་ཉིད་ཀྱི་སྐུ་དྲིན་དང་གཞར་ཡང་མཉམ་པར་དཀའ་བའི་རང་བཞིན་

ཁོ་ནའོ། །དེ་ལྟར་ཇི་སྐད་སྨོས་པའི་འདྲེན་མཆོག་དམ་པ་དེ་དག་སྤྱི་བོའི་རྒྱན་དུ་བསྟེན་ཅིང་སྒོ་གསུམ་ལོངས་སྤྱོད་དང་བཅས་པས་མཉེས་པར་འགྱུར་བའི་ལས་གང་ཡིན་པ་དེ་རྟུན་པ་ལྷུར་བྱེད་ཅིང༌། དེ་དག་གི་ཞལ་སྒོ་ནས་བྱུང་བའི་གསུང་གི་བདུད་རྩི་ནི། རྒྱུ་སྡེ་ཆེན་པོ་རྣམས་

ལས་འབྱུང་བའི་དཀྱིལ་འཁོར་རྣམས་ཀྱི་དབང་བསྐུར་བ་དང༌། རྗེས་སུ་གནང་བ་དང༌། ལུང་འབོགས་པ་དང༌། མན་ངག་གི་ཉམས་ཁྲིད་ཟབ་མོ་དཔག་ཏུ་མེད་པ་རང་དང་གཞན་གྱི་ཐར་པའི་གསོས་སུ་རྟག་ཏུ་ལེན་པར་མཛད་ཅིང༌། ཇི་ལྟར་ཐོས་པའི་ཆོས་དེ་དག་ལས་ཀྱང་

ཕལ་ཆེར་གྱི་བསྒོམ་བཟླས་མ་ཆག་པའི་ཉམས་བཞེས་ཆུ་བོའི་རྒྱུན་བབས་པ་ལྟ་བུས་ཉིན་མཚན་གྱི་དུས་འདའ་བར་མཛད་དོ། །དེའང་ཐོག་མར་དཀར་ཆ་བཞི་དང་གཏོར་མ་བརྒྱ་རྩ་སྔོན་དུ་འགྲོ་བས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་

པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན། དཔལ་ཀྱེ་རྡོ་རྗེ་ལྷ་དགུ་མན་ངག་ལུགས་ཀྱི་མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག་པ་ལམ་དུས་ཀྱི་དབང་བཞི་ལེན་པ་དང་བཅས་པ། དཔལ་ནཱ་རོ་ཏ་པའི་ཐུགས་བཅུད་ཀྱི་གདམས་པ་ཟབ་མོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་

เล่ม ๒๑๓ · หน้า 174a

མའི་བསྒོམ་བཟླས། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་མངོན་པར་རྟོགས་པ། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་སྒྲུབ་ཐབས་མདོ་ཁམས་ཤར་ཕྱོགས་མར་གྲགས་པ། སྒྲོལ་མ་དཀར་མོ་ཡིད་བཞིན་གྱི་འཁོར་ལོའི་སྒྲུབ་

ཐབས། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཁྲོ་བོ་བཅུ་དང་བཅས་པའི་སྲུང་བའི་འཁོར་ལོ་རྡོ་རྗེའི་བྲག་རྫོང་མ་དང༌། གཞན་ཡང་རྗེ་བཙུན་ས་སྐྱ་པའི་མན་ངག་གསེར་ཆོས་ཀྱི་སྐོར་ལ་སོགས་པ་གསང་སྔགས་གསར་རྙིང་གི་ཡི་དམ་གྱི་ལྷ་དུ་མའི་བསྒོམ་བཟླས་མང་པོ་དང༌། དེ་དག་གི་

མཇུག་ཏུའང་གཏོར་མའི་རྣལ་འབྱོར་དང་བཅས་པ་རྣམས་རྒྱུན་པར་ཆག་ཉམས་མེད་པའི་དམ་བཅའ་ངེས་པ་ཅན་དུ་མཛད། ཐུན་མཚམས་རྣམས་སུ་ཡང་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དང༌། ཡན་ལག་བདུན་པ་དང༌། རྒྱ་བོད་ཀྱི་བླ་མ་བརྒྱུད་པ་དང་བཅས་པའི་སྐུ་

བསྟོད་དང་གསོལ་འདེབས་ཀྱི་རིགས་མང་པོ་དང༌། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཉི་མ་རེ་ལ་ཚར་བདུན་རེ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཚར་ཉི་ཤུ་རྩ་གཅིག་རེ། སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་པ་ཚར་ཉི་ཤུ་རྩ་གཅིག །

ཉི་མ་སྦས་པས་མཛད་པའི་སྒྲོལ་མའི་བསྟོད་པ་རྣམ་དག་གཙུག་ན་ཅན་ཚར་རེ། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཚར་རེ། ཤེས་རབ་སྙིང་པོ་ཚར་དགུ་རེ། གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་

པའི་གཟུངས། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་རྣམས་དང༌། ཕུང་པོ་གསུམ་པའི་མདོ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པའི་སྨོན་ལམ་གྱི་སྐོར་མང་པོ་རྣམས་ཞལ་འདོན་དུ་མཛད། གཞན་ཡང་དཀོན་མཆོག་གསུམ་གྱི་རྟེན་ལ་ཕྱག་འཚལ་

བ་དང་བསྐོར་བ་བྱེད་པ་དང༌། སཱཙྪ་འདེབས་པ་ལ་སོགས་པ་མདོར་ན་ས་བདག་ཆེན་པོ་འདི་ཉིད་ཀྱིས་ཉི་མ་རེ་ལ་དམ་བཅར་བགྱིས་པའི་དགེ་སྦྱོར་ཁོ་ན་ལ་ཡང༌། དགེ་སྦྱོར་བྱེད་པར་རློམ་པ་ཕལ་གྱིས་ཉི་མ་མང་པོ་འཕུལ་བའི་རྒྱུར་འགྲོ་བ་ལ་སོགས་པའི་ཡོན་ཏན་བརྗོད་ཀྱིས་

เล่ม ๒๑๓ · หน้า 174b

མི་ལྡང་བ་ནི་རྣམ་པར་འཕྲུལ་པ་མཆོག་གི་ལེགས་བྱས་གཅིག་པུའི་རྗེས་སུ་འགྲོ་བའི་རང་བཞིན་ནོ། །གསང་སྔགས་ཟབ་མོའི་བཟླས་བརྗོད་གྲངས་སུ་བགྱིས་པ་ཡང༌། རྡོ་རྗེ་འཇིགས་བྱེད་ཀྱི་སྙིང་པོ་ཡི་གེ་བཅུ་པ་དུང་ཕྱུར་གཅིག །ཐུགས་རྗེ་ཆེན་པོའི་སྙིང་པོ་ཡི་གེ་

དྲུག་པ་དུང་ཕྱུར་གཅིག །གུར་གྱི་མགོན་པོའི་སྙིང་པོ་ཡི་གེ་བདུན་པ་དུང་ཕྱུར་གཅིག །སེང་གེའི་གདོང་ཅན་མའི་བསྙེན་པ་དུང་ཕྱུར་གཅིག་རྣམས་རང་གི་ལྗགས་ཐོག་ནས་བསགས་པ་ལ་སོགས་པ་སྒོ་གསུམ་བག་མེད་ཀྱི་དབང་དུ་བཞུགས་པ་ནི་རྟག་ཏུ་ཞབས་འབྲིང་ན་འཁོད་

པ་རྣམས་ཀྱིས་ཀྱང་ཡེ་མ་མཐོང་ངོ་ཞེས་ཀུན་གྱིས་ཁ་མཐུན་པར་ལན་གཅིག་མ་ཡིན་པར་སྙན་དངགས་དམ་པའི་གླུ་བཞིན་དུ་ལེན་པར་བྱེད་དོ། །མདོར་ན་རིན་ཆེན་ཕྲེང་བ་ལས། དམ་པའི་ཆོས་དང་ཆོས་སྨྲ་ལ། །ཉིད་ཀྱིས་བཀུར་སྟི་མཆོག་དང་ནི། །གུས་པར་མཛད་དེ་

གནས་ལས་བཞེངས། །མེ་ཏོག་གཏོར་ནས་ཆོས་ཉན་ཅིང༌། །ཆོས་ཀྱི་སྦྱིན་པ་དག་ཀྱང་མཛོད། །འཇིག་རྟེན་གཏམ་ལ་དགའ་མ་མཛད། །འཇིག་རྟེན་འདས་ལ་དགྱེས་པར་མཛོད། །འཁོར་རྣམས་ཟིལ་གྱིས་མནན་པའི་ཕྱིར། །ལྷུན་སྟུག་བརྟན་ལ་ངེས་པར་མཛོད། །

ཅེས་གསུངས་པ་ལྟར་དང༌། དེ་དག་གི་བར་སྐབས་རྣམས་སུ་ཡང་གཟུ་བོར་གནས་པའི་བློ་གྲོས་ཀྱིས་ལེགས་པར་བརྟགས་པའི་བཀའ་ཁྲིམས་བཙན་པོས་རྒྱལ་ཁམས་ཐམས་ཅད་ཀྱང་བྱམས་པའི་ཆོས་དང་མཐུན་པའི་ཕྲིན་ལས་ཀྱིས་བདེ་བར་སྐྱོང་བ་ལ་བློ་སྒམ་ཞིང་གཏིང་

མི་རྟོགས་པ། བྱ་བ་གང་བརྩམས་ཀྱང་རང་གི་ངང་གིས་འགྲུབ་པ་ལ་སོགས་པ་ཡོན་ཏན་བསམ་ལས་འདས་པ་ཞིག་སྟེ། དེ་ཉིད་ལས། ཇི་ལྟར་རྒྱལ་སྲིད་བསྐྱང་བ་དང༌། །འབངས་ཀུན་བདེ་ལ་འཁོད་པ་དང༌། །བསྡོ་བའི་དགྲ་རྣམས་འདུལ་བ་དང༌། །རྒྱལ་

ཁམས་ཆོས་ཀྱིས་བསྐྱང་བགྱི་བ། །ཞིབ་ཏུ་དགོངས་ནས་གྲུབ་པར་མཛོད། །འགྲུབ་བམ་མི་འགྲུབ་མ་ངེས་པར། །དགོངས་མ་ཐག་ཏུ་མ་གསུངས་ཤིག །ཡུན་ཇི་སྲིད་ཅིག་ཆོས་སྒྲུབ་ཅིང༌། །སེར་སྣ་འཇུར་གེགས་མ་མཛད་པར། །བདོག་པ་ཐམས་

เล่ม ๒๑๓ · หน้า 175a

ཅད་གཏུགས་ཏེ་མཛོད། །ཁྱོད་ནི་བདོག་པ་ཀུན་བོར་ནས། །གཅིག་བུ་ག་ཤེད་གཤེགས་འཚལ་བས། །ཆོས་ཀྱི་སླད་དུ་སྤྱད་པ་ཀུན། །ཁྱོད་ཀྱི་མདུན་དུ་འོང་བ་ཉིད། །འབངས་ལ་རེ་བ་མ་འཇོག་པར། །ཞལ་བཞུགས་ཚེ་ན་མྱུར་བར་

མཛོད། །ཅེས་བྱ་བ་ལ་སོགས་པ་སྔོན་གྱི་དྲང་སྲོང་མཁས་པ་རྣམས་ཀྱིས་ཇི་ལྟར་གདམས་པའི་བདུད་རྩི་ལྟ་བུའི་ཆོས་རྣམས་ལ་ནམ་ཡང་མི་འདའ་བ་ལྷུར་བྱེད་པ་ཉིད་དོ། །དེར་མ་ཟད་རིན་ཆེན་ཕྲེང་བ་ལས། གཙུག་ལག་ཁང་དག་བརྩིག་པ་དང༌། །མཆོད་རྟེན་བརྩིག་

དང་ན་བཟའ་གསོལ། །ཞིག་རལ་བཅོས་དང་མཆོད་པ་གཟུགས། །ལྷ་ཁང་ལ་སོགས་གཞན་བགྱི་བ། །སྔ་ལུགས་བཞིན་དུ་རྒྱས་པར་མཛོད། །དམ་ཆོས་ཚུལ་བཞིན་སྤྱོད་པ་ཡི། །དགེ་སློང་དགེ་བསྙེན་ལ་སོགས་པ། །གཞན་གྱིས་གཙེ་བ་མེད་པ་

ཡི། །དཔུང་གཉེན་སྐྱབས་དང་ཁ་འཛིན་མཛོད། །འདི་ཀུན་ཡུན་དུ་བདེ་བ་ཡི། །མྱ་ངན་འདའ་བའི་དགེ་ཚོགས་ལགས། །ཞེས་གསུངས་པ་བཞིན་དུ་མི་བདག་འདི་ཉིད་ཀྱི་སྐུ་རིང་ལ་ལྷུན་གྲུབ་སྟེང་ལ་སོགས་པའི་སྟོད་སྨད་ཀྱི་དགོན་སྡེ་བཅུ་གསུམ་ཙམ་དུ་གཙུག་

ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་པར་མཛད་པའང༌། འདི་ལྟ་སྟེ། གཙང་ཨེ་ཝཾ་ཆོས་ལྡན་དུ་གླིང་པ་སྤྱི་ཁང་དང༌། ལྷུན་གྲུབ་སྟེང་གི་ལྷ་ཁང་གསར་པ་དང༌། མགོན་ཁང་ཤར་རྟེན་དང་བརྟེན་པར་བཅས་པ་དང༌། ལྕགས་རིའི་འདུ་ཁང་རྒྱལ་

མཚན་དང་བཅས་པ་དང༌།གཞན་ཡང་འཛོམ་ཐོག་དང༌། ཡེ་ན་དང༌། རབ་བརྟན་དང༌། དུམ་མདོ་དང༌། སྦམ་མཛངས་དང༌། དཔལ་སྤུངས་དང༌། རྒ་ལེན་སྟེང་དང༌། རྣམ་རྒྱལ་གླིང་དང༌། ལྡན་གྱི་དྲན་ཐང་རྣམས་སུ་གཙུག་ལག་ཁང་བཅུ་བདུན་ལྡེབས་རིས་དང་

བཅས་པ་དང༌། དེ་དག་གི་ནང་དུའང་དུས་གསུམ་གྱི་སངས་རྒྱས་ལ་སོགས་པའི་སྐུ་བརྙན་ལྡེར་བཟོ་དང༌། ལྷུན་གྲུབ་སྟེང་འདིར་གསེར་ཟངས་ལས་གྲུབ་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང༌། ཆོས་སྐྱོང་ནོར་ལྷ་རྣམས་ཀྱི་སྐུ་བརྙེན་བཟོ་བཀོད་ཤིན་ཏུ་ལེགས་

เล่ม ๒๑๓ · หน้า 175b

པ་སྔ་ཕྱིར་བཞེངས་པ་ཕྱེད་བཞི་བརྒྱ་ཙམ་དང༌། ཙནྡན་དཀར་དམར་ལས་གྲུབ་པའི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྐུ་བརྙན་ཆ་གཉིས་ཀྱིས་མཚོན་ཏེ་གཞན་མང་པོ་དང༌། བ་སོ་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག་གི་སྐུ་བརྙན་སློབ་དཔོན་ཉི་མ་སྦས་པའི་

ལུགས་དང༌། ཙནྡན་དཀར་དམར་སྤེལ་མ་ལས་གྲུབ་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་ཆེན་པོ་བརྒྱད་ཐོག་ཚད་དུ་ལངས་པ་བཟོ་དབྱིབས་ཁྱད་དུ་འཕགས་པ་ཅན་དང༌། རྒྱལ་བའི་བཀའ་འགྱུར་རོ་འཚལ་གསེར་བྲིས་སུ་བྱས་པ་གླེགས་བམ་བརྒྱ་ཕྲག་གཅིག་

ལ་བདུན་གྱིས་ལྷག་པ་དང༌། བསྟན་བཅོས་འགྱུར་རོ་འཚལ་དངུལ་བྲིས་སུ་བྱས་པ་གླེགས་བམ་བརྒྱ་ཕྲག་གཉིས་ལ་བརྒྱད་ཀྱིས་ཉེ་བར་ལྷག་པ་དང༌། དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་ཤོག་སྐྱར་བྲིས་པ་གླེགས་བམ་བཅུ་དྲུག་སྟེ་དེ་དག་ཐམས་ཅད་

ཀྱང་གླེགས་ཤིང་དང་གླེགས་ཐག་དང་ན་བཟའ་ཚུན་ཆད་ཁྱད་པར་དུ་འཕགས་པ་དང༌། དེ་དག་གིས་མཚོན་པའི་གླེགས་བམ་ཆེ་ཆུང་བགྲང་ལས་འདས་པ་བཞེངས་སོ། །ལྷ་ཁང་དང་མཆོད་རྟེན་རྣམས་ཀྱི་གན་འཇི་ར་དང་རྒྱལ་མཚན་མང་པོ་ཡང་གསེར་ཟངས་ལས་བགྱིས་པ་

དང༌། ལོ་བསྟར་དུ་གསང་སྔགས་ཟབ་མོའི་རྣལ་འབྱོར་དང་ལྡན་པའི་དགེ་སྦྱོང་རྣམས་ལ་ཆོས་དང་མཐུན་པའི་ཡོན་འབུལ་རྒྱ་ཆེན་པོ་སྟོབ་པ་དང་བཅས་ཏེ། ཡི་དམ་གྱི་ལྷ་མང་པོའི་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་བའི་སྙིང་པོ་རྣམས་ཀྱི་བཟླས་པ་དུང་ཕྱུར་ཕྲག་མང་པོ་

བསགས། སྔོན་གྱི་གོང་མ་རྣམས་ཀྱིས་ཇི་ལྟར་བཞག་པ་དང༌། རང་ཉིད་ཀྱིས་གསར་བཞག་བགྱིས་པ་ལའང་དཔལ་དུས་ཀྱི་འཁོར་ལོ་ལྷ་དྲུག་བརྒྱ་དང་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་མཆོད་མང་པོ་ལོ་དུས་ལྟར་བཙུགས་པ་ལ་དུས་ལས་ཡོལ་བ་མི་མངའ་

ཞིང༌། བར་སྐབས་རྣམས་སུ་ཡང་དགོན་སྡེ་རིས་སུ་མེད་པ་ལ་སྐུ་རིམ་གསར་བསྐྲུན་གྱི་ཆོ་གའི་རིགས་དང༌། མདོ་སྣ་མང་པོ་ཁྲི་འདོན་དང་འབུམ་ཐེར་མང་པོ་འདོན་པ་ལ་སོགས་པ་སྟེ། བསགས་པའི་དངོས་པོ་ཐམས་ཅད་ཀྱང་དགེ་བའི་རྩ་བ་ཁོ་ནའི་རྒྱུར་འགྲོ་བར་མཛད་དོ། །

เล่ม ๒๑๓ · หน้า 176a

སྐུ་ཚེའི་མཐར་ཡང་བསྟན་བཅོས་འགྱུར་རོ་འཚལ་གྱི་ཆོས་སྦྱིན་པར་དུ་བསྒྲུབ་པའི་དབུ་འཛུགས་པ་ལ་སོགས་པ་མདོར་ན་དུས་ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་ལྷག་པར་བྱ་བ་བྱས་པའི་བཀའ་དྲིན་འདི་དང་མཚུངས་པ་འགའ་ཡང་མ་བྱུང་ངོ་ཞེས་གཏམ་དུ་གླིང་

བར་ཡང་བྱེད་དོ། །དེ་ལྟར་ས་ལ་སྤྱོད་པའི་དབང་པོ་བསྟན་པ་ཚེ་རིང་ཞེས་ཡོངས་སུ་གྲགས་པ་དེ་ལ་སྔོན་གྱི་བསོད་ནམས་དཔག་ཏུ་མེད་པའི་བྱེད་པོས་ཡོངས་སུ་བྱིན་པའི་སྡེ་བཞིའི་འབྱོར་པ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་ལ་གཞར་ཡང་འཛད་དུ་མེད་པའི་ལོངས་སྤྱོད་ཀྱི་གཏེར་ཆེན་པོ་དང་ལྡན་

པར་གྱུར་ཏེ། དཔེར་ན་རྣམ་མང་ཐོས་ཀྱི་བུའི་དཔལ་དང་འབྱོར་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟ་ནའང་ཐོག་མར་རིགས་སྲས་ཀྱི་ཕྲེང་བ་ཅུང་ཟད་འབྱོན་དཀའ་བ་ལྟར་གྱུར་པར་བརྟེན། བདོག་པའི་དངོས་པོ་ཕལ་ཆེ་བ་དག་དཀོན་མཆོག་གི་ཕྱོགས་སུ་གཏོང་ཕོད་རྒྱ་ཆེན་པོའི་འབུལ་

བ་དང་ཆབ་ཅིག་ཏུ། མཐར་ཐུག་གི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཉིད་གཙོ་བོར་དམིགས་ཏེ། གནས་སྐབས་སུའང་མིའི་ལྷ་གང་གི་རིགས་སྲས་ཆུ་བོའི་རྒྱུན་ལྟར་འབྱོན་པའི་གསོལ་བ་འདེབས་པ་ལ་བརྩོན་པ་ལྟ་བུས། འཛམ་གླིང་བསྟན་པའི་མངའ་བདག་དཔལ་ས་སྐྱ་

པ་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་ལ་སོགས་པ་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ། གསང་སྔགས་དང་རིག་སྔགས་ཀྱི་ནུས་མཐུ་གྲུབ་པ་གང་དག་གི་བཀའ་ལུང་ཡིད་འཕྲོག་དགའ་མའི་མིག་གི་ཟུར་མདའ་གང་དུ་ལྷུང་བ་ཙམ་གྱིས།

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་བྱེད་མཐུ་ཆེ་ཞིང་གཟི་བརྗིད་ཆེ་བ་རྣམས་ཀྱང་རང་རང་གི་ཁེངས་པ་རིང་དུ་བསྐྱུངས་ནས། ཅི་བགྱི་ཞེས་བསྒོ་བའི་ཕྲིན་ལས་ཐམས་ཅད་གུས་པས་མཉན་ཅིང་འབད་པ་མེད་པར་ཚུལ་བཞིན་དུ་བསྒྲུབ་པ་ལ་མི་གུས་པ་མེད་པའི་རྡོ་རྗེ་འཆང་

མང་པོའི་བཀའ་ལུང་བཙན་པོས་སྲུང་མའི་དབང་པོ་གུར་མགོན་ལྕམ་དྲལ་དང༌། གདོང་བཞི་མགོན་པོ་ལ་སོགས་པ་སྲུང་མ་རྒྱ་མཚོའི་ཚོགས་རྣམས་ལ། བསིལ་ལྡན་ལྗོངས་ཀྱི་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་གདུགས་དཀར་ཐུར་མ་བརྒྱ་པ་ཁམས་གསུམ་གྱི་བླ་

เล่ม ๒๑๓ · หน้า 176b

མ་ནས་བླ་མར་འདེགས་པའི་སྙིང་སྟོབས་ཀྱི་ཡུ་བ་བརྟན་པའི་མིའི་ལྷ་གང་གི་རིགས་སྲས་གངྒཱའི་རྒྱུན་ལྟར་ཆད་པ་མི་མངའ་ཞིང་མྱུར་དུ་འབྱོན་པའི་ཕྲིན་ལས་སུ་བསྐུལ་བའི་རྔ་ཆེན་ཅི་ཡང་བརྡུང་བར་བརྩམས་སོ། །དུས་ཇི་ཙམ་ཞིག་ན་ཇི་ལྟར་བཅོལ་བའི་འབྲས་བུས་ནམ་ཡང་མི་བསླུ་

བ་ཉིད་དུ་འབྱུང་བ་ནི་དཀོན་མཆོག་གི་བདེན་པའི་མཐུའི་ཆོས་ཉིད་དོ། །དེའང་ས་གཞི་ཐམས་ཅད་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོ་དེ་ལ་རིགས་སྲས་ཀྱི་མཆོག་ཏུ་གྱུར་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་གསུམ་ཞིག་རིས་བྲལ་སྐྱེ་བོ་ཡོངས་ཀྱི་རྩ་ལག་ཏུ་བྱུང་བར་གྱུར་ཏོ། །དེའི་དང་པོ་ལ་ནི་

དཔལ་མིའི་དབང་ཕྱུག་བསོད་ནམས་མགོན་པོ་ཞེས་བྱ་བ་ཕྱོགས་རྣམས་ཀུན་དུ་རབ་ཏུ་གྲགས་པ་སྟེ། དེའི་རང་བཞིན་ནི་ཇི་ལྟ་བུ་ཞིག་གོ་སྙམ་ན། འདི་ནི་ཕལ་དང་ཐུན་མོང་དུ་མ་གྱུར་པ་ཞིག་སྟེ། དེའང་ཐོག་མ་ཉིད་ནས་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་གཟི་བརྗིད་ཀྱི་ཐིག་ལེ་

གཅིག་ཏུ་བསྡུས་ནས་ལེགས་པར་བསྐྱེད་ཅིང་ཀུན་དུ་ཡོངས་སུ་བསྐྱབ་པའི་སྐྱེས་བུ་ཉིད་དུ་གདོན་མི་ཟ་བའི་བདེན་དཔང་དུ་རྣམ་པར་དཔའ་ཞིང་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ས་ཆེན་པོ་སྐྱོང་བ་ལ་གནོད་པ་དང་སྡོ་བ་མེད་པ། གཟི་བརྗིད་ཆེ་ཞིང་

མཐུ་ཕུན་སུམ་ཚོགས་པ་དང་ལྡན་པས་གཞན་སྡེ་མི་སྲུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ། སྒྱུ་རྩལ་གྱི་རིགས་ཐམས་ཅད་ལ་མཁས་པར་གྱུར་པ་ནི་འདི་ལྟ་སྟེ། ཡི་གེ་དང༌། ལག་རྩིས་དང༌། གྲངས་དང༌། རྩིས་ཆེན་དང༌། ཐོར་ཚུགས་དང༌། གོམ་

སྟབས་དང༌། ལྕགས་ཀྱུའི་བསྒྱུར་ཐབས་དང༌། རལ་གྲིའི་ཐབས་དང༌། ཞགས་པས་གདབ་པ་དང༌། མདའ་བོ་ཆེ་འཕེན་པ་དང༌། མདུན་དུ་བསྣུར་བ་དང༌། ཕྱིར་བསྣུར་བ་དང༌། གཅད་པ་དང༌། དྲལ་བ་དང༌། དབུག་པ་དང༌། རྒྱང་ནས་འཕོག་པ་དང༌། སྒྲ་གྲག་པར་འཕོག་

པ་དང༌། གནད་དུ་འཕོག་པ་དང༌། མི་འཆོར་བར་འཕོག་པ་དང༌། ཚབས་ཆེ་བར་འཕོག་པ་དང༌། མཆོང་བ་དང༌། གྱད་ཀྱི་འཛིན་སྟངས་དང༌། བང་དང༌། རྐྱལ་གྱིས་བརྒལ་བ་དང༌། གླང་པོ་ཆེའི་གཉར་ཞོན་པ་དང༌། རྟ་ལ་ཞོན་པ་དང༌། ཤིང་རྟའི་ཐབས་དང༌། མདའ་དང༌།

เล่ม ๒๑๓ · หน้า 177a

གཞུ་དང༌། གྱད་སྟོབས་ཏེ་བཟོར་གཏོགས་པ་རྣམས་དང༌། གཞན་ཡང་གར་དང་བྲོ་དང༌། རྔ་བོ་ཆེ་དང༌། རྫ་རྔ་དང༌། རྔ་ཕྲན་དང༌། རྔ་ཆེན། འཁར་རྔ། པི་ཝང་རྒྱུད་གཅིག་པ་དང༌། རྫ་རྔ་ཁ་གཅིག་པ་དང༌། ལྕགས་ཀྱི་སིལ་ཁྲོལ་དང༌། འཁར་

བའི་སིལ་ཁྲོལ་དང༌། པི་ཝང་རྒྱུད་གསུམ་པ་དང༌། རྔ་མུ་ཀུནྡ་དང༌། སིལ་སྙན་གླུ་དབྱངས་དང་བསྟུན་པ་དང༌། ཕེག་རྡོ་བ་དང༌། རོལ་མོའི་སྒྲའི་རིགས་གཞན་དང༌། པི་ཝང་སྤྱིའི་རིགས་དང༌། གླིང་བུ་སྟེ་རོལ་མོའི་བྱེ་བྲག་རྣམས་དང༌། གཞན་ཡང་དབྱངས་ཀྱི་ངེས་པ་

བར་མ་དང༌། དྲང་སྲོང་དང༌། ས་འཛིན་དང༌། དྲུག་ལྡན་དང༌། ལྔ་པ་དང༌། བློ་གསལ་དང༌། འཁོར་ཉན་རྣམས་དང༌། གཞན་ཡང༌། སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་བཞད་གད་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །ཞེས་པའི་གར་གྱི་ཆ་བྱད་རྣམས་

ཏེ། སྒྱུ་རྩལ་གྱི་རིགས་རྣམ་པ་དྲུག་ཅུ་རྩ་བཞི་དང༌། གཞན་ཡང་ཕོ་རྩལ་སྣ་དགུ་ཞེས་བྱ་བ། མཐེབ་ཀྱིས་ཤ་ནོན་པ་དང༌། རྐྱལ་གྱིས་ཆུ་ཆེན་བརྒལ་བ་དང༌། ཡང་རྩལ་བྱ་ལྟ་བུ་སྟེ་ལུས་ཀྱི་རྩལ་གསུམ། ལོ་རྒྱུས་ཀྱིས་དགེ་འཐོན་པ་དང༌། གཏམ་གྱིས་བཞད་

གད་འཐོན་པ་དང༌། གཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ་དང༌། མཛངས་ལ་བློ་འགྱུ་བ་དང༌། དཔའ་ལ་བསྲན་ཚུགས་པ་དང༌། ཁ་གསལ་ཞིང་གཏིང་མི་རྟོགས་པ་སྟེ་ཡིད་ཀྱི་རྩལ་གསུམ་དང་བཅས་པ་དང༌། གཞན་ཡང་ཕོ་རྩེད་སྣ་དགུ་ཞེས་

བྱ་བ། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོངས་གསུམ། བང་རྐྱལ་ཤེད་གསུམ་དང་བཅས་པ་སྟེ་སྐྱེས་བུ་དམ་པ་ལ་འོས་པའི་ཡོན་ཏན་གྱི་ཚོགས་མ་ལུས་པ་རབ་ཏུ་རྫོགས་པར་གྱུར་ཏོ། །རྣམ་པ་གཅིག་ཏུ་ལས་འབྲས་སྟོན་པའི་མདོ་དང་བསྟན་བཅོས་ཀྱི་རིགས་ལ་

ཤིན་ཏུ་འདྲིས་པས་དགེ་བ་དང་དགེ་བ་མ་ཡིན་པའི་བླང་དོར་གྱི་གནས་རྣམས་ལ་འཛོལ་མེད་དུ་དཔྱོད་ཅིང་གཞན་ལ་ཡང་རྒྱ་ཆེར་འདོམས་པ་ལ་མཁྱེན་རབ་ཀྱི་འཇུག་པ་ཤིན་ཏུ་གཡེར་པོར་གྱུར་ཏེ། དབོན་པོ་སྟོད་ཀྱི་གདན་སའི་ཁུར་བཞེས་སོ། །དེར་ཆབ་འབངས་སུ་གཏོགས་པ་

เล่ม ๒๑๓ · หน้า 177b

ཐམས་ཅད་ཀྱང་ཕན་པའི་སེམས་དང་རྗེས་སུ་འབྲེལ་བའི་བཀའ་ཁྲིམས་བཟང་པོས་བདེ་བ་ལ་སྦྱོར་བའི་ཐབས་ལ་ཤིན་ཏུ་མཁས་ཤིང༌། སྐྱེ་བོ་མ་ལུས་པ་ཕྱོགས་སུ་ལྷུང་བ་མེད་པའི་ཐུགས་བརྩེས་གཏིང་ནས་མི་འདོར་ཞིང༌། ཉེས་པར་སྤྱོད་པ་རྣམས་ཀྱང་འཕྲལ་ལ་བསྡིགས་པའི་

ཚུལ་གྱིས་ལེགས་པའི་ལམ་དུ་འཆོས་པ་དང༌། ལེགས་པར་སྤྱོད་པ་རྣམས་ནི་གོང་ནས་གོང་དུ་བཀུར་བའི་སྒོ་ནས་བོགས་འབྱིན་པའི་ཚུལ་གྱིས་བདེ་བར་སྐྱོང་བའི་མཛད་པ་བཟང་པོ་ནམ་ཡང་མི་བསྐྱུད་པར་ལྷག་པའི་བསམ་པ་ལ་ཡང་དག་པར་གནས་པ་ཉིད་དོ། །གཞན་ཡང་

རྟག་ཏུ་སྒོ་གསུམ་བག་དང་བཅས་པ་ལ་ལེགས་པར་གནས་ནས། བགྱི་བ་དང་བགྱི་བར་བྱ་བ་མ་ཡིན་པ་དང༌། བཀུར་བ་དང་བཀུར་བར་བྱ་བ་མ་ཡིན་པ་དང༌། གཞོམ་པ་དང་གཞོམ་པར་བྱ་བ་མ་ཡིན་པའི་གནས་ཐམས་ཅད་ཡང་དང་ཡང་དུ་ལེགས་པར་བརྟགས་ནས་ཉམ་ང་

བ་མེད་པའི་ཚུལ་གྱིས་སྤྱོད་པ་སྟེ། འཕགས་མཆོག་ནཱ་གཱརྫུ་ནས། ཕན་སེམས་ཆེ་བ་སྒྲིན་པའི་ཚུལ། །དྲང་པོའི་ཚུལ་ནི་མི་བསླུ་བ། །བག་ཡོད་ཉམ་ང་མེད་པ་ནི། །དེ་ནི་རྒྱལ་པོའི་ཚུལ་དུ་གནས། །ཞེས་དང༌། མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་

ལས་ཀྱང༌། བརྟན་ཞིང་ཟབ་མོའི་བློ་དང་ལྡན། །མདངས་ལྡན་ཆོས་དང་བསྟན་བཅོས་རིག །དུལ་ཞིང་བདེན་པར་སྨྲ་བ་དང༌། །རྒྱལ་པོའི་འཁོར་ལ་ཕན་པར་སེམས། །རིགས་བཙུན་རྒྱུད་ནི་མཉིན་པ་དང༌། །བླ་མ་ལ་ནི་གུས་ཉན་དང༌། །སྐྱེ་དགུ་རྗེས་བརྩེར་ལྡན་པ་

ཡི། །རྒྱུད་བྱུང་དེ་ནི་རྒྱལ་སྲས་ཡིན། །ཞེས་བཤད་པ་ལྟ་བུའི་ཡོན་ཏན་རིན་པོ་ཆེའི་བང་མཛོད་ལེགས་པར་བཟུང་ནས། རང་གཞན་གྱི་འདོད་པའི་དངོས་པོ་མ་ལུས་པ་བསྒྲུབ་པའི་རང་བཞིན་ཅན་ནོ། །ཁྱད་པར་ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་

པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །ཡོན་གྱི་གནས་འགའ་ཡོད་མ་ཡིན། །ཞེས་དང༌། སངས་རྒྱས་ཕལ་པོ་ཆེ་ལས། རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ན། །དེ་དག་བདུད་བཞིའི་

เล่ม ๒๑๓ · หน้า 178a

ལམ་ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །ཞེས་གསུངས་པའི་ལུང་དོན་དང་མཐུན་པར་དཀོན་མཆོག་གསུམ་ལ་དད་པ་གསུམ་གྱི་རྩ་བ་རབ་ཏུ་བརྟན་པའི་སྒོ་ནས་བདོག་པའི་དངོས་པོ་ཕལ་ཆེ་བ་དག་གིས་བསྙེན་བཀུར་བ་ལ་སོགས་པ་

དགེ་བའི་རྩ་བ་ལྷུར་བྱེད་པ་གཞན་དང་ཐུན་མོང་དུ་མ་གྱུར་པ་ཞིག་སྟེ། དེ་ཡང་སྐྱེ་བོ་ཕལ་པ་ཁ་ཅིག་ནི། རང་གིས་བསགས་པའི་དངོས་པོ་བཟང་ཞིང་ཤིན་ཏུ་ཕངས་པར་གྱུར་པ་གང་ཡིན་པ་དེ་དག་བདག་གིར་བཟུང་ནས། དེའི་ལྷག་མར་གྱུར་པའི་དངོས་པོ་དམན་པའམ་ཡན་

འགར་དུ་ལུས་པ་དེ་ཉིད་མཆོད་སྦྱིན་གྱི་ཆེད་དུ་གཏོང་བ་དག་ཡོད་ཀྱང༌། ས་འཛིན་ཆེན་པོ་འདིས་ནི་རང་གི་བདོག་དགུ་ཐམས་ཅད་ཀྱི་ཕུལ་དུ་བྱུང་བའམ་མཆོག་ཏུ་གྱུར་པའམ། ཆེས་དཀོན་པའམ། གཅེས་པར་བཟུང་བ་གང་ཡིན་པ་དེ་དག་ནི་དཀོན་མཆོག་གི་ཕྱོགས་སུ་བཏང་བ་གཙོ་

བོར་བྱེད་ཅིང༌། ཁྱད་པར་འཛམ་གླིང་བསྟན་པའི་མངའ་བདག་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་པ་ཡབ་སྲས་རྣམས་དང༌། རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དམ་པ་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བསྒྱུར་བའི་མཁན་ཆེན་ཐམས་ཅད་

མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་པ་དང༌། རྒྱལ་བ་ཀུན་གྱི་རིགས་ཀྱི་བདག་པོ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཉིད་ངུར་སྨྲིག་གར་གྱིས་རྣམ་པར་རྩེན་པ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་བ་དང༌། མདོ་སྔགས་རྒྱ་མཚོ་སྨྲ་བའི་དབང་ཕྱུག་ཡར་ཀླུང་མཁན་པོ་ངག་དབང་ཀུན་

དགའ་ལེགས་པའི་འབྱུང་གནས་དང༌། ཕྱི་དང་ནང་གི་རིག་པའི་གཞུང་ལུགས་རབ་འབྱམས་སྨྲ་བ་སངས་རྒྱས་ཡེ་ཤེས་པ་དང༌། རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་གི་ནོར་བུ་སངས་རྒྱས་རྒྱ་མཚོ་པ་ལ་སོགས་པ་མཁས་པ་དང་བཙུན་པ་དང་གྲུབ་པའི་ཡོན་ཏན་མི་ཟད་ནམ་མཁའི་

མཛོད་དུ་གྱུར་པ་མང་པོའི་ཞབས་ཀྱི་པདྨ་རྣམས་ནི། ལྷ་དང་མིའི་ཡུལ་ན་རྙེད་པར་དཀའ་ཞིང་རིན་ཐང་གཞལ་དུ་མེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་ཟེར་སྟོང་གི་དྲྭ་བ་རིང་པོའི་ལམ་དུ་འཕྲོ་བ་གང་གིས་ཉེ་བར་སྤུད་པ་སྟེ། དེ་ལྟ་བུའི་རལ་པའི་ཐོར་ཚུགས་རིན་པོ་ཆེ་

เล่ม ๒๑๓ · หน้า 178b

ཨནྡ་རྙིལ་གྱི་ཁུ་བས་ལན་བརྒྱར་བྱུགས་པ་སྙམ་བྱེད་པའི་རྩེ་མོ་ན་མངོན་པར་བཀོད་ཅིང༌། དེ་དག་མཉེས་པའི་ཞལ་གྱི་འཛུམ་སྒྲོས་བནྡྷཱ་ཛི་བ་ཀ་ལྟར་རྣམ་པར་ཕྱེ་བ་ལས་ལེགས་པར་འོངས་པའི་མདོ་སྡེ་དང་རྒྱུད་སྡེ་རྣམས་ཀྱིས་རྗེས་སུ་བསྟན་པར་བྱ་བའི་གདམས་པ་ཟབ་མོའི་བདུད་

རྩིའི་བཅུད་ལེན་མཐའ་དག་ཡང་དང་ཡང་དུ་བཏུང་བས། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གྲོང་ཁྱེར་མཆོག་ཏུ་འཇུག་པར་བྱེད་པའི་ལམ་གྱི་ལུས་སྟོབས་ཡོངས་སུ་རྟས་པར་བྱེད་པའི་ཐབས་སུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་

གྲུབ་སྒྲུབ་པར་བྱེད་པའི་གནས་སུ་མཆོག་ཏུ་བསྔགས་པའི་ལྷག་པའི་ལྷ་མང་པོའི་བསྒོམ་བཟླས་ཀྱི་རིམ་པ་རྒྱུན་བར་ཉིད་དུ་མ་ཆག་པར་ཐུགས་ཉམས་སུ་བསྟར་རོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་དང༌། ཤེས་རབ་སྙིང་པོ་པ་དང༌། སྒྲོལ་བསྟོད་པ་དང༌། སློབ་

དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསོལ་འདེབས་ལེའུ་བདུན་པ་ལ་སོགས་པ་གསང་སྔགས་གསར་རྙིང་གི་བླ་མ་བརྒྱུད་པ་མང་པོའི་གསོལ་འདེབས་དང་སྨོན་ལམ་གྱི་རིགས་མང་པོ་ཞལ་ཏོན་དུ་མཛད་དོ། །ཁྱད་པར་རང་གི་ཡབ་རྗེ་ས་སྐྱོང་བསྟན་པ་ཚེ་རིང་གི་དགོངས་རྫོགས་

བསྒྲུབ་པ་དང༌། ས་བདག་རང་གི་དལ་འབྱོར་གྱི་རྟེན་བཟང་པོ་བརྙེས་པ་ཆོས་ཚུལ་དགེ་བ་བཅུ་དང་ལྡན་པར་བྱ་བ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་སྙིང་པོ་ཅན་དུ་བསྒྲུབ་པར་བྱ་བའི་ཕྱིར། ཆུ་ཕོ་ཁྱིའི་ལོར་གཙང་དབུས་ཀྱི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་

ཏེ་དབུས་གཙང་གི་སའི་ཆར་འཁོད་པའི་དགོན་སྡེ་རིས་སུ་མ་ཆད་པ་རྣམས་སུ། བསྟན་པ་རིན་པོ་ཆེའི་རྩ་ལག་ཏུ་བཞུགས་ཤིང་རྣམ་པར་དཀར་བའི་ཕྲིན་ལས་མུ་མེད་པར་སྤྲོ་བ་ལ་བཀའ་དྲིན་གཞལ་དུ་མེད་པར་གྱུར་པའི་བླ་མ་དང༌། མཁན་པོ་དང༌། ཟུར་འཆད་པ་མཐའ་དག་ལ་

དངོས་པོ་བཟང་ཞིང་རྒྱ་དཔངས་མི་དམན་པའི་མཆོད་འབུལ་དང༌། དགེ་སློང་གི་དགེ་འདུན་རྒྱ་མཚོ་ལྟ་བུ་ཇི་སྙེད་ཅིག་མཆིས་པ་རྣམས་ལ་འབུལ་བ་དང་བསྙེན་བཀུར་གྱ་ནོམ་པ་དག་གིས་མཉེས་པར་བགྱིས་སོ། །དེ་དག་ཏུ་བཞུགས་པའི་དཀོན་མཆོག་གསུམ་གྱི་རྟེན་བྱིན་རླབས་

เล่ม ๒๑๓ · หน้า 179a

ཀྱི་གཟི་འོད་མངོན་པར་འབར་བ་མཐའ་དག་ལ་ཡང༌། སྙན་ཤལ་དང༌། འཕན་དང༌། བ་དན་དང༌། བླ་རེ་དང༌། ལྡ་ལྡི་དང༌། རྒྱལ་མཚན་དང༌། སྤོས་དང༌། མར་མེ་དང༌། ཞལ་ཟས་ལ་སོགས་པའི་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དངོས་

པོ་བཟང་ཞིང་རྒྱ་ཆེ་བ་དག་གིས་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། རྗེད་པར་བྱས། ཕྱག་འཚལ་བར་བྱས་ཏེ། ས་བདག་ཆེན་པོ་རང་གི་ཡབ་མེས་གོང་མ་ཆོས་ཀྱི་དབྱིངས་སུ་ཐིམ་པ་རྣམས་ཀྱི་ཐུགས་ཀྱི་བཞེད་པ་མ་ལུས་པ་ཡོངས་སུ་བསྐང་བ་དང༌། རང་དང་རང་

ལ་ལྟོས་བཅས་ཀྱི་སྐྱེ་བོ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་བཅས་པ་རྣམས་ཀྱི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པའི་རྒྱ་མཚོ་རྒྱ་ཆེ་ཞིང་གཏིང་མི་དཔོག་པར་བསྐྱིལ་ཏེ། མདོར་ན་གཙུག་ལག་ཟུང་གི་ཕྲིན་ལས་ཀྱི་སྣང་བ་དཀར་པོས་ཕྱོགས་ཀྱི་ཁོ་ར་ཁོར་

ཡུག་མ་ལུས་པ་ཡོངས་སུ་བཀང་བ་དང་འགེངས་བཞིན་པའི་ངོ་མཚར་གཏམ་གྱི་ཟླ་འོད་གཞོན་ནུ་ཕྱོགས་ཀྱི་ལུས་ཕྲའི་རྣ་རྒྱན་དུ་འགོད་པ་འདི་ལྟར་ལགས་སོ། །ལྷ་སྲས་རིགས་ཀྱི་ཤིང་སཱ་ལ་ཆེན་པོ་ལྟ་བུ་གསུམ་པ་ནི་སྡེ་དགེ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་སྟེ། འདི་ནི་སྔོན་གྱི་

བསོད་ནམས་ཀྱི་རྒྱུ་དཔག་ཏུ་མེད་པས་བསྐྱེད་པས་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ལྷའི་རིགས་སུ་འཁྲུངས་པ། ཐོག་མ་ཉིད་ནས་དབང་པོ་དུལ་བར་གྱུར་པས་སྤྱོད་ཚུལ་མི་མཐུན་པ་མེད་པའི་ངང་ཚུལ་ཅན། རྟག་ཏུ་ཐོས་བསམ་ལ་གོམས་པ་ལྷུར་བྱས་པས་བློ་དྲི་མ་མེད་པར་

གྱུར་པ། རིག་བྱེད་གསུམ་དང་བརྟག་པ་བརྒྱད་ལ་སོགས་པ་རིག་པའི་གཙུག་ལག་མང་པོ་ལ་མཁས་པ། གཞན་ཡང་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས། གང་ལ་ཕ་དང་མ་དག་མཆོད་བྱེད་པའི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས།

དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང༌། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །ཞེས་པ་ལྟར་རང་གི་བླ་མ་དང་ཡབ་ཡུམ་དང་རྒན་རབས་ཞེ་སར་འོས་པ་རྣམས་ལ་བཀུར་སྟི་མཁས་པ། གང་གི་ཡོན་ཏན་གྱི་གྲགས་པ་དཀར་པོ་ལ་འཇིག་རྟེན་ཀུན་གྱིས་བསྔགས་

เล่ม ๒๑๓ · หน้า 179b

པའི་གནས་སུ་གྱུར་ཅིང༌། དེ་བཞིན་གཤེགས་པའི་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་སྙིང་སྟོབས་དང་དམ་བཅའི་ཡ་ལད་ཤིན་ཏུ་བཙན་པར་བགོས་པ་ཞིག་གོ །དེ་ཡང་འདི་ལྟར་ཡིད་ལ་བྱེད་དེ། བདག་གིས་བསྟན་འགྲོའི་དོན་བགྱིད་

པ་ལ་ནི་རིགས་པ་དང་མི་རིགས་པའི་འགལ་འབྲེལ་ཚུལ་བཞིན་དུ་དཔྱོད་པའི་བློ་གྲོས་ཕུན་སུམ་ཚོགས་པ་ཞིག་ལ་རག་ལས་སོ། །དེ་ཡང་བློ་དང་ལྡན་པ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་རིག་པའི་གཙུག་ལག་ལྔ་པོ་ལེགས་པར་རྟོགས་པ་ལས་འབྱུང་བར་དགོངས་ནས་དེ་དག་

གི་གཞུང་ཡན་ལག་དང་བཅས་པ་ཅི་རིགས་པ་ལ་མཁས་པར་སྦྱངས་སོ། །ཁྱད་པར་སྐྱེ་བོ་གཞན་དག་ཕན་པས་རྗེས་སུ་འཛིན་པའི་ཕྱིར། གསོ་བ་རིག་པའི་རྒྱུད་བཞི་འགྲེལ་པ་སྔ་ཕྱི་མང་པོ་དང་བཅས་པ་ལ་སྦྱངས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་གཡུ་ཐོག་ཡོན་ཏན་མགོན་

པོའི་དཔལ་ལ་འགྲན་པར་གྱུར་ཏེ། ནད་རླུང་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌།མཁྲིས་པ་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པའི་ནད་ཀྱི་རིགས་རྣམ་པ་སྣ་ཚོགས་པ་དག་གིས་ཉེན་པའི་སྐྱེ་བོ་གྲངས་མེད་པ་དུཿཁ་ལས་རྣམ་པར་བཀྲོལ་ཏེ་མི་ཤིགས་པའི་

སྲོག་གི་ཀ་བ་བརྟན་པོར་བཙུགས་པའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་ཏོ། །ནང་དོན་རིག་པའི་གནས་སྟོན་པར་བྱེད་པའི་བསྟན་བཅོས་ཆེན་པོ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་དང༌། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང༌། རྒྱུད་སྡེ་སྤྱིའི་རྣམ་པར་

གཞག་པ་དང༌། རྒྱུད་ཀྱི་མངོན་པར་རྟོགས་པ་དག་གི་དོན་མ་ལུས་པ་སྟོན་པའི་བསྟན་བཅོས་ཚུལ་དང་པོ་གསུམ་དང༌། མངོན་པར་རྟོགས་པ་ལྗོན་ཤིང་སྟེ་མཛེས་པར་བྱེད་པའི་རྒྱན་རྣམ་པ་གཉིས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། དབུ་མ་བཤེས་པའི་སྤྲིང་

ཡིག་དང༌། རྒྱལ་པོ་ལ་གདམས་པ་ལ་སོགས་པའི་གཞུང་མང་པོ་ཐུགས་སུ་ཆུད་པར་མཛད་པས་ལུང་དང་རིགས་པའི་བདག་པོར་གྱུར་ཏོ། །གཞན་ཡང་ཚོགས་འདོན་གྱི་རིགས་སུ་གཏོགས་པའི་ཆོས་སྤྱོད་རྣམས་དང༌། ཀྱེ་རྡོ་རྗེ་དང་རྡོ་རྗེ་ཕུར་པ་ལ་སོགས་པའི་དཀྱིལ་འཁོར་གྱི་སྒྲུབ་

เล่ม ๒๑๓ · หน้า 180a

མཆོད་ཆེན་པོ་མང་པོ་དང༌། དེ་དག་གི་ཕྱག་ལེན་ཕྲ་མོ་ཚུན་ཆད་ལའང་གཞན་དྲིང་མི་འཇོག་པར་མཛད་དོ། །ཁྱད་པར་དུ་ཡང་སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ། །ཡིད་

བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ། །ལམ་འདི་ལྷ་དང་ཀླུ་ཡིས་མི་རྙེད་གནོད་སྦྱིན་དང༌། །མཁའ་

ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་དང༌། བཤེས་སྤྲིང་ལས། རྒྱ་མཚོ་གཅིག་ནས་གཉའ་ཤིང་བུ་ག་དང༌། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་བདེ་འབྲས་མཆིས་པར་མཛོད། །

ཅེས་གསུངས་པ་ལྟར་དལ་འབྱོར་གྱི་རྟེན་བཟང་པོ་རྙེད་པ་འདི་དོན་ཡོད་པར་བྱ་བའི་ཕྱིར། དགེ་བ་དང་དགེ་བ་མ་ཡིན་པའི་ཚུལ་ལེགས་པར་དཔྱོད་ཅིང་བླང་དོར་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཛད་དོ། །ཁྱད་པར་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་འཇམ་མགོན་

བཀྲ་ཤིས་ལྷུན་གྲུབ་པ་ལ་སོགས་པ་གོང་དུ་སྨོས་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་མང་པོའི་ཞབས་ཀྱི་པདྨ་གཙུག་གི་རྒྱན་དུ་བརྟེན་ཅིང༌། ལེགས་པར་གསུངས་པའི་ཆོས་ཀྱི་བདུད་རྩིའི་ཆུ་རྒྱུན་མང་པོས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་གི་བདེ་བ་བླ་ན་མེད་པ་དེ་ཉིད་

ཐོབ་པར་བྱེད་པའི་གསོས་སུ་ཡང་ཡང་བཏུང་ནས། དེ་དག་གི་སྙིང་པོ་སྡོམ་པ་གསུམ་གྱི་བསླབ་པའི་གནས་ཐམས་ཅད་མིག་གིས་འབྲས་བུ་བཞིན་དུ་གཅེས་པར་བསྲུང་ཞིང༌། ངོར་པའི་ཆག་མེད་རྣམ་པ་བཞིས་ཐོག་དྲངས་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ལ་

མཆོག་ཏུ་གྱུར་པའི་ཡི་དམ་གྱི་ལྷའི་བསྒོམ་བཟླས་དང་ཉམས་ལེན་མང་པོ་ཐུགས་ཉམས་སུ་བསྟར་རོ། །འདི་ཡུམ་སྲས་ཀྱི་སྐམ་ཐོག་གི་ཕོ་བྲང་དུ་ལྷ་ཁང་དང་མགོན་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་ཏེ། དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་བརྙན་

เล่ม ๒๑๓ · หน้า 180b

གསེར་ཟངས་ལས་བྱས་པ་དང༌། ཙནྡན་དཀར་དམར་ལས་བྱས་པ་མང་པོ་བཞེངས། རྒྱལ་བའི་བཀའ་འགྱུར་རོ་འཚལ་དང་ས་སྐྱ་བཀའ་འབུམ་པར་མ་ལ་སོགས་པའི་གླེགས་བམ་མང་པོ་ཡོན་གྱིས་བསླུས་ཏེ། དེ་དག་གི་གླེགས་ཐག་དང་གླེགས་ཤིང་ཐམས་ཅད་ཀྱང་

བཟོ་བཀོད་ཁྱད་པར་འཕགས་པ་མཛད་དོ། །དེ་དག་གི་མདུན་དུའང་རྟག་པར་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་བཀུར་སྟི་དང་བཅས་ཏེ་བཞུགས་སུ་གསོལ་བ་ལ། དཔལ་ལྡན་རྡོ་རྗེ་འཆང་གི་རིག་སྔགས་གྲུབ་པ་ངོར་གྱི་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་

གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་དང༌། ཡར་ལུང་མཁན་པོ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་དང༌། མཁྱེན་རབ་ཀྱི་དབང་ཕྱུག་སློབ་དཔོན་སངས་རྒྱས་ཡེ་ཤེས་ལ་སོགས་པ་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས། དགེ་འདུན་འདུས་པའི་ཚོགས་ཀྱི་

དབུར་བཞུགས་སུ་གསོལ་བའི་རྟེན་དེ་དག་ལ་མངོན་པར་ཞེན་པའི་བགེགས་དང་དྲི་མ་སྦྱང་བ་དང༌། རྟེན་རང་རང་གི་རིགས་ཀྱི་ལྷར་བསྐྱེད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་ཡང་ཡང་འཇུག་པ་ལ་སོགས་པའི་རབ་ཏུ་གནས་པའི་ཆོ་ག་ཡང་དག་པར་བསྒྲུབས་ཏེ་བྱིན་གྱིས་བརླབས་པ་དང་ཕན་བདེའི་

གཟི་འོད་ཉི་མ་བྱེ་བའི་དཔལ་ལས་ལྷག་པར་འབར་བ་མཛད་དོ། །མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་དེ་དག་ལའང་སྔ་ཕྱིར་བདོག་པའི་དངོས་པོ་བཟང་དགུ་བརྒྱ་ཕྲག་མང་པོས་བསྙེན་བཀུར་བསྟབས་ཏེ་ལོངས་སྤྱོད་ཐམས་ཅད་སྙིང་པོ་ཅན་དུ་བྱས་སོ། །འཛོམ་ཐོག་དགོན་དུ་དགེ་

འདུན་གྱི་ཀུན་དགའ་རྭ་བ་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་ཏེ། དེར་དགེ་འདུན་གྱི་ཚོགས་ཆེན་པོ་བསྡུས་ནས་ངོར་པའི་དཀྱིལ་འཁོར་ཆེན་པོ་ལྔའི་སྒྲུབ་མཆོད་ཡོད་པ་ལ་བཅའ་སྒྲིགས་ཆོས་དང་མཐུན་པར་བསྡམས་ཤིང༌། གསར་དུའང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་

མའི་སིནྡྷུའི་དཀྱིལ་འཁོར་གྱི་སྒྲུབ་མཆོད་ཟླ་རེ་བཞིན་ཚེས་བཅུ་ལ་རྒྱུན་མི་ཆད་པར་འཛུགས་པ་དང༌། ས་ངོར་དང་ལྗོངས་འདིའི་དགོན་སྡེ་རིས་སུ་མེད་པར་ཡང་མཆོད་འབུལ་རྒྱ་ཆེན་པོ་བྱེད་པ་ལ་སོགས་པ་མདོར་ན་རྣམ་པར་དཀར་བའི་ཕྲིན་ལས་ཀྱི་བྱ་བ་རྒྱ་དང་དཔངས་མི་ཆུང་བར་བགྱིས་པ་དང་

เล่ม ๒๑๓ · หน้า 181a

བགྱིད་བཞིན་པའི་སྙིང་སྟོབས་དང་གཏོང་བ་ཆེན་པོའི་སྒོ་ནམ་ཡང་མི་བསྡམ་པ་འདི་ཉིད་དོ། །མཚུངས་པ་མེད་པའི་བསོད་ནམས་དང་སྟོབས་ཀྱིས་མངོན་པར་མཐོ་བའི་ལྷ་སྲས་ཀྱི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་གཉིས་པ་ནི། ཐ་གྲུ་རྣམ་པར་ཡངས་པའི་ས་ཆེན་པོ་ལ་

འཁོད་པའི་སྐྱེ་བོ་ཕལ་མོ་ཆེ་གཞལ་དུ་མེད་པའི་བྱམས་བརྩེ་དང་ཕྲིན་ལས་ཀྱི་གདུང་སྐྱོབ་དཀར་པོའི་གྲིབ་བསིལ་སྣུམ་པོ་གཅིག་གིས་ཡོངས་སུ་ཁྱབ་པར་བདེ་བར་སྐྱོང་བ་ལ་བརྫི་བ་མི་མངའ་ཞིང༌། སླར་ཡང་གནམ་གྱི་མཐོངས་ནས་བསྐོས་པའི་མི་བདག་གོང་མ་ཆེན་པོའི་ལས་ལུང་གི་

དབང་སྐལ་བཙན་པོས་ལན་གཅིག་མིན་པར་ཤིན་ཏུ་བརླིང་བར་བྱས་པའི་མིའི་ནོར་བུ་རིན་པོ་ཆེ། གཅིག་ཏུ་གངས་ལྡན་རི་བོའི་རྭ་བས་ཡོངས་སུ་བསྐོར་བའི་སྨན་ལྗོངས་ཆེན་པོ་འདི་ཉིད་དུ་བཞུགས་པའི་བསྟན་པ་རིན་པོ་ཆེ་རིས་སུ་མ་ཆད་པའི་དབུ་འཕང་བླ་ནས་བླར་འདེགས་པ་ལ་བསྙེངས་

པ་མེད་པའི་སྙིང་སྟོབས་ཀྱི་ཕྲག་པ་བརྟན་པ་གང་དེ། བསྐལ་པ་དཔག་ཏུ་མེད་པའི་ལེགས་བྱས་ཀྱི་མཐུ་ཆེན་པོ་དག་གིས་ཀུན་ཏུ་རབ་ཏུ་བརླིང་བར་བྱས་པའི་ས་འཛིན་གྱི་དབང་པོ། བསྟན་པའི་སྙིང་པོ་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་རྒྱུད་ཡོངས་སུ་གཏམས་པའི་

མཚན་ནི་སྡེ་དགེ་ས་སྐྱོང་བླ་མ་ཆེན་པོ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྡེ་ཞེས་ཡོངས་སུ་གྲགས་པའི་ཟླ་རིས་གསར་པའི་འཕྲིན་ཡིག་དམ་པ་གང་དེ། ཕྱོགས་དང་ཕྱོགས་བྲལ་གྱི་ཡིད་འཕྲོག་དགའ་མའི་འགྲམ་དཀྱུས་ཡངས་པར་ལེགས་པར་འདྲི་བ། ཁྱད་པར་དུ་ཡང་རྣམ་པར་

དཀར་བའི་བྱ་བ་རྒྱ་ཆེན་པོ་འདི་ཉིད་བསྒྲུབ་པའི་ཐོག་མཐའ་བར་གསུམ་གྱི་བདག་པོའི་རྐྱེན་བྱེད་པ་པོ་གང་ཡིན་པ་དེ་ཉིད་དོ། །གཉིས་པ་དེའི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་ལ། ཡང་དག་པའི་ལུང་ལ་བརྟེན་ནས་སྐྱེ་བའི་སྤྲུལ་སྐུར་གྲུབ་པའི་ཁྱད་པར། གཞོན་ནུའི་ས་ལ་གནས་ནས་ཡ་

རབས་ཀྱི་སྤྱོད་པ་བསྐྱངས་པའི་ཁྱད་པར། བསྟན་པའི་རྗེས་སུ་ཞུགས་ནས་ཐོས་པ་དང་ཚོགས་བསགས་ཀྱི་ཁྱད་པར། བསྟན་སྲིད་ཀྱི་ཁྲི་ལ་བཞུགས་ནས་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་ཁྱད་པར་བརྗོད་པ་སྟེ་བཞི་ལས། དང་པོ་ཡང་དག་པའི་ལུང་ལ་བརྟེན་ནས་སྐྱེ་བའི་སྤྲུལ་སྐུར་

เล่ม ๒๑๓ · หน้า 181b

གྲུབ་པའི་ཁྱད་པར་ནི། སྤྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་ཕྲིན་ལས་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་པོར་གནས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་མཁས་པའི་ཁྱད་པར་ལ་རྗེས་སུ་ཞུགས་པའི་ཚེ་ན། སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། འཇིག་རྟེན་ན་ཆེ་བའི་ཚངས་པ་དང༌། དབང་པོ་དང༌། འཇིག་རྟེན་སྐྱོང་བ་དང༌། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཁམས་ཀྱི་རྒྱལ་ཕྲན་དང༌། དམ་པའི་ཆོས་སྨྲ་བ་ལ་སོགས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་

པས་དོན་མཛད་པ་ཡིན་ཏེ། དེའང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོར། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང༌། །འཁོར་ལོས་སྒྱུར་དང་མི་ཡི་བདག་པོར་འགྱུར། །བདེ་དང་ཡིད་བདེའི་བྱང་ཆུབ་དེ་འཚང་རྒྱ། །དེ་བཞིན་གཤེགས་

པའི་དམ་པའི་ཆོས་འཛིན་པ། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང༌། །མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར། །དེ་ལ་བལྟ་བས་ངོམས་པར་ཡོངས་མི་འགྱུར། །ཞེས་དང༌། སངས་རྒྱས་ཀྱི་སྟོབས་བསྐྱེད་པ་ཆོ་འཕྲུལ་རྣམ་པར་བསྟན་པ་ཞེས་བྱ་བའི་མདོ་ལས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་བུ་དག་དེ་བཞིན་གཤེགས་པའི་ཐབས་མཁས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ༌། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུ་དང༌། ཇི་ལྟར་འདུལ་བ་དང༌། དགེ་བའི་རྩ་བ་ཇི་ལྟ་བུ་དང༌།

སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཁ་ཅིག་ནི་ཉན་ཐོས་ཀྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་

པས་འདུལ། ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་ཉན་པས་འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་

เล่ม ๒๑๓ · หน้า 182a

ནི་རིང་བསྲེལ་གྱིས་འདུལ། ཁ་ཅིག་ནི་མཆོད་རྟེན་བྱེད་དུ་འཇུག །གཙུག་ལག་ཁང་དང་སྐྱེད་མོས་ཚལ་བྱེད་དུ་གཞུག་པའི་དགེ་བའི་རྩ་བར་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང༌། རི་མོ་དང༌། གསེར་དང༌། དངུལ་དང༌། ར་གན་གྱིས་སྐུ་གཟུགས་བྱེད་དུ་

གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་བཀུར་སྟི་བྱ་བའི་དགེ་བའི་རྩ་བར་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མདོ་སྡེ་འདྲི་བ་དང༌། འདྲིར་གཞུག་པ་དང༌། བཀླག་པ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མར་མེ་དང༌། སྤོས་དང༌།

མེ་ཏོག་དང༌། དྲི་དང༌། ཕྲེང་བ་དང༌། དོ་ཤལ་ལ་སོགས་པས་བརྒྱན་པ་ལ་སྤྲོ་བ་བསྐྱེད་པས་འདུལ་བ་ཡིན་ཏེ། དོན་དམ་པ་མཁས་པའི་ཆོས་དང་ལྡན་པ་དང༌། མྱ་ངན་ལས་འདས་པའི་ཆོས་དང་ལྡན་པ་ནི་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་ཡང་དེ་བཞིན་གཤེགས་པས་ནི་མི་མཁྱེན་པ་དང༌། མི་

གཟིགས་པ་དང༌། མི་གསན་པ་དང༌། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་སྟེ། འོང་བ་ཡང་མཁྱེན། མ་འོངས་པ་ཡང་མཁྱེན། འདས་པ་ཡང་མཁྱེན། ད་ལྟར་བྱུང་བ་ཡང་མཁྱེན། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་ཡང་མཁྱེན། སྤྱོད་པ་ཡང་མཁྱེན། ཁམས་ཀྱང་མཁྱེན།

སྐྱེ་བ་ཡང་མཁྱེན། འབྱུང་བ་ཡང་མཁྱེན་ཏོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་སྨན་པ་ལེགས་པར་བསླབས་པ་ཚེའི་རིག་པ་ཡན་ལག་བརྒྱད་པ་ཐམས་ཅད་ལ་ཆེས་མཁས་ཤིང་ཁམས་ཐམས་ཅད་ལ་མཁས་པ། སྨན་དང་ཡོ་བྱད་སྦྱོར་བ་ལ་བརྩོན་པ་ནི། སེམས་ཅན་ནད་པ་

ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་རྣམས་ཀྱི་ཁམས་ཀྱང་ཤེས། དུས་ཀྱང་ཤེས། ཚོད་ཀྱང་ཤེས། སྨན་ཡང་ཤེས། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། མ་ཞུ་བ་ལས་གྱུར་པ་དང༌།

སྐྲན་དང༌། དམུ་རྫིང་དང༌། སྙིང་ནད་དང༌། མཛེ་དང༌། གཡན་པ་དང༌། ཤུ་བ་དང༌། འབྲས་ལ་སོགས་པ་དང༌། དུག་དང༌། མེ་དབལ་ལ་སོགས་པའང་ཤེས་སོ། །དེས་ཐམས་ཅད་ཤེས་ནས་སྨན་གྱི་རྫས་སྣ་ཚོགས་ཀྱི་ཕྱེ་མ་དང༌། སྣ་ནས་བླུགས་པའི་ལས་དང༌། གཏར་ག་གདབ་པ་དང༌། མར་

เล่ม ๒๑๓ · หน้า 182b

དང༌། འབྲུ་མར་བསྐོལ་བ་དང༌། སྨིན་པར་བྱ་བ་རྣམས་སྦྱོར་བའི་ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ནད་དེ་དག་ཐམས་ཅད་ཉེ་བར་ཞི་བར་བྱེད་ཅིང་ནད་སྣ་ཚོགས་ཀྱི་འཇིགས་པ་ལས་ཡོངས་སུ་ཐར་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་

སྣ་ཚོགས་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། ལྷའི་མིག་དང་རྣ་བ་རྣམས་ཀྱི་ཚེའི་རིག་པ་ཡན་ལག་བརྒྱད་དང་ལྡན་པས་སེམས་ཅན་གྱི་ཁམས་དང་བཅས་སྦྱོར་བ་སྣ་ཚོགས་ལ་མཁས་པས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ནད་

དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ནད་ཀྱིས་གཟིར་བའི་སེམས་ཅན་དང༌། ང་རྒྱལ་དང་རྒྱགས་པ་དང་དྲེགས་པས་བསྒྲིབས་པ་དང༌། ཆགས་པ་དང༌། མྱ་ངན་དང༌། འཇིགས་པ་དང༌། ཁྲོ་བས་བསྒྲིབས་པ་རྣམས་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། ཡི་

དྭགས་ཀྱི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་གནས་ནས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་ཐབས་མཁས་པ་སྣ་ཚོགས་དང༌། སྦྱོར་བ་སྣ་ཚོགས་དང༌། ཏིང་ངེ་འཛིན་སྣ་ཚོགས་དང༌། རྫུ་འཕྲུལ་གྱི་རྣམ་པར་རོལ་པས་སེམས་ཅན་རྣམས་ཡོངས་སུ་སྒྲོལ་བར་བྱས་ནས་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཀྱི་སར་བཀོད་པས་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པར་མཛད་དོ། །མི་དགེ་བའི་ཆོས་བརྒྱད་ལས་ཡོངས་སུ་ཐར་བར་མཛད་ཅིང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འགོད་པ་ནི། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཟླ་

བའི་དཀྱིལ་འཁོར་ནི་ཐབས་ལ་མཁས་པ་དང་ལྡན་པས་ཇི་ལྟར་ཁམས་ཀྱི་དགེ་བའི་རྩ་བ་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཉིད་མི་སྣང་བར་ཡང་སྟོན། ཟླ་བ་ཁམ་པ་ལྟ་བུའི་དཀྱིལ་འཁོར་ཀྱང་སྟོན། ཟླ་བ་མར་གྱི་ངོ་དང་ཡར་གྱི་ངོ་ཡང་སྟོན། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྒྱས་

པ་ཡང་སྟོན། མུན་ནག་ཐིབས་པོ་ཐམས་ཅད་ཀྱང་རྣམ་པར་བསལ། རྩྭ་དང་ཤིང་གེལ་པ་དང་སྨན་དང་འབྲུ་ལ་སོགས་པ་ཡང་བསིལ་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་བསྒྲིབས་པའི་སེམས་ཅན་རྣམས་དང་

เล่ม ๒๑๓ · หน้า 183a

ཁམས་སྣ་ཚོགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཀྱི་སྤྱོད་པ་མཁྱེན་ནས་ཡོངས་སུ་མྱ་ངན་ལས་འདའ་ཡང་སྐྱེ་བར་ཡང་སྟོན། འཁོར་ལོས་སྒྱུར་བའི་རྒྱལ་པོར་ཡང་སྟོན། རྩེ་བ་དང༌། དགའ་བ་དང༌། བུད་མེད་ཀྱི་བཞད་གད་དང༌། ཀུ་རེ་དང༌། དྲི་དང༌། ཕྲེང་བ་དང༌།

དགའ་ཞིང་རྩེ་བ་ཡང་སྟོན། ཁྱིམ་ནས་འབྱུང་བ་དང༌། རབ་ཏུ་བྱུང་བ་དང༌། དཀའ་བ་སྤྱོད་པ་རྣམས་ཀྱང་སྟོན། བདུད་བཏུལ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། ཆོས་ཀྱི་སྤྲིན་ཆེན་པོའི་ཆར་འབབ་པས་སེམས་ཅན་རྣམས་ཚིམ་པར་བྱེད་པའི་བར་ཡང་སྟོན། དེ་བཞིན་གཤེགས་

པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཀྱང་སྤྱོད་པ་སྣ་ཚོགས་ཀྱིས་རིང་བསྲེལ་མཆོད་པ་དང༌། མཆོད་རྟེན་དང༌། གཙུག་ལག་ཁང་དང་སྐུ་གཟུགས་བྱེད་དུ་གཞུག་པ་དང༌། རབ་ཏུ་བྱུང་བའི་ཕྱིར་ཁྱིམ་ནས་བྱུང་བ་དང༌། དགེ་སློང་གི་དགེ་འདུན་རྣམས་མཆོད་པ་དང༌། དམ་པའི་ཆོས་འདྲི་

བ་དང༌། བཀླག་པ་དང༌། ཁ་ཏོན་དུ་བྱ་བ་ལ་སྤྲོ་བ་བསྐྱེད་པ་དག་གིས་ཀྱང་སེམས་ཅན་ཐམས་ཅད་ཐར་བར་མཛད་པ་དང༌། འཛིན་པ་དང༌། བརྟུལ་ཞུགས་དང༌། སྡོམ་པ་དང༌། ཉེ་བར་གནས་པ་དང༌། དགེ་བསྙེན་གྱི་སྡོམ་པ་རྣམས་འཛིན་དུ་གཞུག་པའི་ཐབས་མཁས་པས་ཀྱང་སེམས་ཅན་རྣམས་ཐར་བར་

མཛད་དེ། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། མི་ཁོམ་པ་དང༌། ངན་སོང་དང༌། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་པར་མཛད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་དོ་ཞེས་དང༌། མདོ་སྡེ་ས་བཅུ་པ་ལས། ས་

དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཕལ་ཆེར་ཛམྦུའི་གླིང་གི་དབང་པོར་འགྱུར་ཞིང༌། དབང་ཕྱུག་ཆེན་པོ་ལ་དབང་རབ་ཏུ་ཐོབ་པ་དང༌། ཆོས་རྗེས་སུ་བསྲུང་བ་དང༌། གཏོང་བ་ཆེན་པོས་སེམས་ཅན་རྣམས་སྡུད་པའི་གཙོ་བོར་གྱུར་ཅིང༌། སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་

བཟློག་པ་ལ་མཁས་པ་ཡིན། གཏོང་བ་ཆེན་པོ་རྩོམ་པ་ལ་ཡོངས་སུ་དུབ་པར་མི་འགྱུར་བ་ཡིན་ནོ། །སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པས་ལས་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་སངས་རྒྱས་ཡིད་ལ་བྱ་བ་དང༌། ཆོས་ཡིད་ལ་བྱ་བ་དང༌། དགེ་

เล่ม ๒๑๓ · หน้า 183b

འདུན་ཡིད་ལ་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་ནས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཕུལ་དུ་འགྱུར་རོ་ཞེས་

དང༌། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོ་རྣམ་པ་བཅུར་ཁོང་དུ་ཆུད་པར་བྱ་སྟེ། གང་ཞེ་ན་འཁོར་ལོས་སྒྱུར་བར་འཕྲུལ་བ་དང༌། བརྒྱ་བྱིན་དུ་འཕྲུལ་བ་དང༌། ཚངས་པར་འཕྲུལ་བ་དང༌། ཉན་ཐོས་སུ་

འཕྲུལ་བ་དང༌། རང་སངས་རྒྱས་སུ་འཕྲུལ་བ་དང༌། བྱང་ཆུབ་སེམས་དཔར་འཕྲུལ་བ་དང༌། སངས་རྒྱས་སུ་འཕྲུལ་བ་དང༌། སངས་རྒྱས་ཀྱི་ཞིང་དུ་འཕྲུལ་བ་དང༌། བྱང་ཆུབ་ཀྱི་སྙིང་པོར་འཕྲུལ་བ་དང་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་བ་ཆེན་པོར་ཁོང་དུ་ཆུད་པར་བྱའོ། །དེ་

ལ་ནམ་འཇིག་རྟེན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཙོ་བོར་བྱེད་ཅིང་ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང༌། སྤྱོད་པ་གཙོ་བོ་བྱེད་པ་དེར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་ལོས་སྒྱུར་བའི་བཀོད་པ་རྣམ་པར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་དོ་ཞེས་སོགས་དང༌། དེ་ལ་སོགས་

པ་འཁོར་ལོས་སྒྱུར་བའི་རིན་པོ་ཆེ་བཀོད་པ་ཐམས་ཅད་སྤྲུལ་ནས། བྱང་ཆུབ་སེམས་དཔའ་སེམས་ལ་དབང་བ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ཅན། མི་རིན་པོ་ཆེ་ཁ་ན་མ་ཐོ་བ་མེད་པའི་ལས་ཟབ་པ། སྣུམ་པ། ཕན་པའི་ལྷག་པའི་བསམ་པ་དམ་པ་ཆོས་ཆེན་པོ་

ལ་གཞོལ་བ། འཁོར་ལོས་སྒྱུར་བ་ཆེན་པོ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྟེན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་འཁོར་ལོས་སྒྱུར་བར་འཕྲུལ་བ་ཆེན་པོ་ཞེས་བྱའོ་ཞེས་དང༌། ཐེག་པ་ཆེན་

པོའི་བསྟན་བཅོས་མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་དང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། དེ་དག་དང་པོར་རབ་དགའ་བ། །བྱང་ཆུབ་

เล่ม ๒๑๓ · หน้า 184a

སེམས་དཔའ་དགའ་བྱེད་ཕྱིར། །ཀུན་ཏུ་སྦྱོར་བ་གསུམ་སྤངས་ཤིང༌། །དེ་བཞིན་གཤེགས་པའི་རིགས་སྐྱེས་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །སྦྱིན་པའི་ཕ་རོལ་ཕྱིན་མཆོག་གྱུར། །འཇིག་རྟེན་ཁམས་ནི་བརྒྱ་གཡོ་ཞིང༌། །འཛམ་གླིང་དབང་ཕྱུག་ཆེན་པོར་གྱུར། །ཞེས་སོ། །དེས་ན་སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་གདུལ་བྱ་འདུལ་བའི་ཐབས་ཀྱི་རྣམ་པ་ཅིར་ཡང་སྟོན་པ་ལ་ཞུགས་པ་ན། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། འཁོར་ལོས་སྒྱུར་བ་དང༌། མིའི་རྒྱལ་པོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། དགྲ་བཅོམ་པ་དང༌། བྱང་ཆུབ་སེམས་དཔའ་ལ་སོགས་

པའི་ཚུལ་བཟུང་ནས། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་རྒྱུན་མི་ནུབ་པར་སྐྱོང་བར་བྱེད་དོ། །བྱེ་བྲག་ཏུ་དམ་པའི་ཆོས་ཡུན་དུ་གནས་པར་བྱེད་པ་དང༌། སེམས་ཅན་རྣམས་ཉེས་པར་བྱེད་པ་ལས་བཟློག་ནས་ལེགས་པར་བྱེད་པ་ལ་འགོད་པ་ལ་སོགས་པར་ཆོས་དང་ལྡན་པའི་མིའི་རྒྱལ་པོའི་སྐྱེ་བར་སྤྲུལ་པ་ནི་

ལྷ་དང་མིའི་ཡུལ་ན་གྲགས་པ་དགེ་བའི་གཞིར་གྱུར་པ་སྟེ། གསེར་འོད་དམ་པ་ལས། རྒྱལ་པོ་ཆོས་དང་ལྡན་པ་ཡི། །གྲགས་པ་འཇིག་རྟེན་གསུམ་གང་སྟེ། །སུམ་ཅུ་གསུམ་གྱི་གནས་རྣམས་ན། །ལྷ་ཡི་དབང་པོ་དགར་འགྱུར་ཏེ། །འཛམ་བུའི་གླིང་ན་ངེད་ཀྱི་བུ། །འདི་ལྟར་ཆོས་ལྡན་རྒྱལ་པོ་ཡིན། །

ཆོས་ཀྱི་ཡུལ་འཁོར་དེར་བརྟེན་ནས། །ལེགས་པར་བྱེད་ལ་སྐྱེ་བོ་བཀོད། །རྒྱལ་པོ་དེ་ནི་ལེགས་བྱེད་པས། །སྐྱེ་བོ་དག་ནི་འདིར་འགྱེད་དེ། །ལྷ་དང་ལྷ་ཡི་བུ་རྣམས་ཀྱིས། །ལྷ་གནས་གང་བར་བྱེད་སྙམ་མོ། །ཆོས་ཀྱི་ཡུལ་འཁོར་དེར་བསྟན་པས། །རྒྱལ་པོ་རྣམས་ནི་རབ་ཏུ་དགའ། །ལྷ་དབང་རབ་ཏུ་དང་གྱུར་

པས། །མི་ཡི་རྒྱལ་པོ་དེ་ལ་བསྲུང༌། །ཉི་ཟླ་དང་ནི་དེ་བཞིན་དུ། །རྒྱུ་སྐར་ལེགས་པར་རྒྱུ་བར་འགྱུར། །རླུང་ཡང་དུས་སུ་ལྡང་འགྱུར་ཞིང༌། །ཆར་པའང་དུས་སུ་འབབ་པར་འགྱུར། །ལྷ་གནས་རྣམས་དང་དེ་བཞིན་དུ། །ཡུལ་འཁོར་རྣམས་སུ་ལོ་ལེགས་བྱེད། །ལྷ་དང་ལྷ་ཡི་བུ་རྣམས་ཀྱིས། །ལྷ་ཡི་གནས་རྣམས་གང་

བར་བྱེད། །དེ་ལྟ་བས་ན་རྒྱལ་པོ་ཡི། །བདག་གིས་ཕངས་པའི་སྲོག་བཏང་གིས། །བདག་གིས་འཇིག་རྟེན་བདེར་འགྱུར་བའི། །དཀོན་མཆོག་ཆོས་ནི་མི་བཏང་སྟེ། །ཡོན་ཏན་རྣམས་ཀྱིས་གང་བརྒྱན་པ། །ཆོས་དང་ལྡན་པས་བསྟེན་པར་བྱ། །རང་གིས་སྐྱེ་བོ་རྟག་དགའ་བ། །རྟག་ཏུ་སྡིག་པ་རྣམ་པར་སྤང༌། །ཆོས་ཀྱིས་ཡུལ་འཁོར་

เล่ม ๒๑๓ · หน้า 184b

བསྐྱང་བར་བྱ། །ཆོས་ཀྱང་ཡང་དག་བསྟན་པར་བྱ། །ལེགས་པར་བྱེད་ལ་སེམས་ཅན་དགོད། །ཉེས་བྱེད་ལས་ནི་བཟློག་པར་བྱ། །གང་ཚེ་སྡིག་པ་བྱེད་པ་རྣམས། །ཚུལ་བཞིན་འདུལ་བར་བྱེད་པའི་ཚེ། །ཡུལ་འཁོར་དུ་ནི་ལོ་ལེགས་ཤིང༌། །རྒྱལ་པོ་གཟི་བརྗིད་ལྡན་པར་འགྱུར། །རྒྱལ་པོ་གྲགས་དང་ལྡན་འགྱུར་ཞིང༌། །སྐྱེ་དགུ་

རྣམས་ཀྱང་བདེ་བར་སྐྱོང༌། །ཞེས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སྡོམ་བརྩོན་མིའི་དབང་ཕྱུག་ཆེན་པོ་འདི་ནི། སྐྱེ་བ་ནས་སྐྱེ་བར་སྙིང་སྟོབས་དམན་པ་མིན་པའི་ཐུགས་བསྐྱེད་ཀྱི་ཁུར་ཆེན་པོ་ཡོངས་སུ་ཁྱེར་བས། དུས་སྙིགས་མ་ལྔའི་མུན་ཀློང་སྟུག་པོའི་ཁྲོད་དུ་རང་དབང་མེད་པར་ཆུད་པའི་འགྲོ་བ་རྣམས་གནས་

སྐབས་དང་མཐར་ཐུག་གི་བདེ་བ་ལ་ཅི་ནུས་སུ་དགོད་པའི་ཕྱིར་དང༌། དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དམ་པའི་ཆོས་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་པོར་གནས་པའི་ཆོ་ག་མཐའ་དག་བསྒྲུབ་པའི་གཡར་དམ་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ས་

གཞི་ཡངས་པ་ཆོས་བཞིན་དུ་སྐྱོང་བ་ལ་བསྙེངས་པ་དང་བྲལ་བའི་སྟོབས་དང་འབྱོར་པ་དང་གྲགས་པ་དཀར་པོས་མངོན་པར་མཐོ་བའི་མིའི་རྒྱལ་པོ་ཆེན་པོར་སྐྱེ་བའི་སྤྲུལ་སྐུའི་དཔག་བསམ་གྱི་ལྗོན་པ་ཡོངས་སུ་བཟུང་ནས། འགྲོ་བ་ཀུན་གྱི་ཉེར་འཚོའི་གཞིར་བྱེད་པ་གདོན་མི་ཟ་བ་ཞིག་གོ །གཉིས་པ་གཞོན་ནུའི་ས་

ལ་གནས་ནས་ཡ་རབས་ཀྱི་སྤྱོད་པ་བསྐྱངས་པའི་ཁྱད་པར་ནི། དེ་ལྟར་རིང་ནས་དགེ་ཚོགས་དཔག་ཏུ་མེད་པ་མངོན་པར་འདུ་བྱས་པའི་མཐུ་ལས་ལེགས་པར་འཁྲུངས་པའི་བསོད་ནམས་ཀྱི་སྐལ་བ་ཆེན་པོ་དང་ལྡན་པ། བསམ་པ་དགེ་བ། རང་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་དང་ལྡན་པ། བདག་ཉིད་

ཆེན་པོ་དམ་པའི་ཆོས་འདོད་པ། འགྲོ་བ་ཐམས་ཅད་ལ་མཉེས་གཤིན་པ་ལ་སོགས་པ་ཡ་རབས་དམ་པའི་ཁྱད་པར་དང་ལྡན་པ་ཞིག་སྟེ། དེའང་འཕགས་མཆོག་ཀླུ་སྒྲུབ་ཀྱིས། གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་

ངང༌། །ཇེ་མཐོར་ཕྱིན་ཡང་ང་རྒྱལ་དྲེགས་པ་མེད། །ཅེས་དང༌། སེར་སྣ་གཡོ་སྒྱུ་ཆགས་དང་སྙོམ་ལས་དང༌། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང༌། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང༌། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །ཞེས་གསུངས་པ་བཞིན་དུ་ལང་ཚོ་གཞོན་ནུའི་ས་

เล่ม ๒๑๓ · หน้า 185a

ལ་གནས་པའི་དུས་ནས། རང་གི་བླ་མར་གྱུར་པ་དང༌། སློབ་དཔོན་དང༌། མཁས་པ་ཡོན་ཏན་ཅན་དང༌། ཕ་མ་ལ་སོགས་པ་ཞེ་ས་བགྱི་བའི་འོས་སུ་གྱུར་པ་གང་ཡིན་པ་དག་ལ་ཞེ་སར་མཁས་པའི་སྲི་ཞུའི་སྒོ་ནས་མངོན་པར་མཆོད་ཅིང༌། རང་ཉིད་ནི་དཔའ་བ་དང༌། རྟུལ་ཕོད་པ་དང༌།

ཡན་ལག་མཆོག་གི་གཟུགས་དང་ལང་ཚོར་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་མིག་ཏུ་སྡུག་ཅིང་ཡིད་འཕྲོག་པར་བཟོད་པ། པདྨའི་རྫིང་བུར་འཁྲུངས་པའི་ཆུ་སྐྱེས་གཞོན་ནུ་ཁ་ཕྱེ་མ་ཐག་པ་ཇི་ལྟ་བ་བཞིན་དུ་ཁ་དོག་རྒྱས་ཤིང༌། གཏམ་གྱི་སྒོ་ནས་ལི་ཤི་གསར་པའི་དྲི་འབྱུང་བ་ལ་སོགས་པ་གཞོན་

ནུ་དམ་པའི་ཡོན་ཏན་གྱི་ཚོགས་མང་པོས་ལེགས་པར་བཟུང་བའོ། །དེར་མ་ཟད་བསླད་པ་མེད་པའི་རིགས་དང༌། བརྫི་བ་མེད་པའི་སྟོབས་དང༌། གཞོམ་དུ་མེད་པའི་དཔུང་པ་དང༌། བྲི་བ་མེད་པའི་མངའ་ཐང་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་དག་གིས་ཕྱུར་བུར་གཏམས་པར་གྱུར་མོད་

ཀྱི། བདག་ནི་འདི་ལྟར་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་ནོ་སྙམ་དུ་གཞན་ལ་ཇི་མི་སྙམ་བྱེད་པའི་མངོན་པར་ཁེངས་པ་ཡོངས་སུ་སྤངས་པ་དང༌། རང་གི་བདོག་པའི་དངོས་པོ་དབྱིག་གི་རྣམ་པའམ། འབྲུའི་བང་བའམ། བཟའ་བ་དང་བཅའ་བའི་རྣམ་པའམ། བགོ་བ་དང་རྒྱན་གྱི་བྱེ་

བྲག་གམ། རྟ་དང་བཞོན་པ་ལ་སོགས་པ་གང་ཅིའང་རུང་ལ་མངོན་པར་ཞེན་ཅིང༌། འདི་ནི་དཀོན་མཆོག་གི་ཕྱོགས་སུ་མཆོད་པར་ཕུལ་བའམ། བཀྲེན་པ་དང་ཕོངས་པ་དང༌། ཉམ་ཐག་པ་དང༌། མགོན་མེད་པ་དང༌། ནད་པ་དང༌། ཡུལ་གཞན་ནས་བསྐྲད་པ་ལ་སོགས་པ་སྙིང་རྗེའི་ཡུལ་

དུ་གྱུར་པའི་སྐྱེ་བོ་རྣམས་ལ་སྦྱིན་པར་བྱིན་ན། སླར་ཡང་འདི་དང་འདི་ལྟ་བུའི་འབྱོར་བ་དག་གིས་ཡོངས་སུ་དབེན་པར་འགྱུར་རོ་སྙམ་པ་ལ་སོགས་པ་སོག་སྲུང་གི་སྡུག་བསྔལ་དུ་འགྱུར་བའི་སེར་སྣའི་འཆིང་བ་ཐམས་ཅད་ལས་རང་བཞིན་གྱིས་གྲོལ་བ། སློང་བ་ཐམས་ཅད་ཀྱི་དཔག་

བསམ་ལྗོན་པ་ལྟ་བུའི་གཏོང་ཕོད་ཆེན་པོའི་ཕྱག་རིང་རབ་ཏུ་རྐྱོང་བ། དགེ་བའི་རྩ་བ་ལ་གཅིག་ཏུ་འདུན་ཅིང་སྤྲོ་བ་མཆོག་གི་རྩེར་འཛེགས་པ་ཞིག་གོ། །དེར་མ་ཟད། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་སྦྱོང་བར་མ་བྱས་ན། །འཕགས་མཆོག་ཅི་གསུང་ཐམས་ཅད་མཁྱེན་

เล่ม ๒๑๓ · หน้า 185b

ཉིད་མི་འགྱུར་ཏེ། །ཞེས་དང༌། ས་སྐྱ་པཎྜི་ཏས། མ་བསླབས་པ་ལ་ཀུན་མཁྱེན་དུ། །འགྱུར་ན་རྒྱུ་འབྲས་ག་ལ་བདེན། །རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །ཞེས་གསུངས་པ་དང༌། སྐྱེས་རབས་ལས་ཀྱང༌། །ཡོན་ཏན་ཡོད་ན་རྒྱལ་པོའི་གོ་འཕང་

དང༌། །སྐྱེ་དགུ་མངོན་པར་མཐོ་བ་ཐོབ་པར་འགྱུར། །ལྷ་དབང་དཔལ་ཡང་ཡོན་ཏན་ལ་ལྟོས་ཏེ། །ཡོན་ཏན་ཡོད་ན་ཕ་རོལ་མགུ་བར་འགྱུར། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའང་ཡོན་ཏན་ལྡན་ལས་འབྱུང༌། །ཟླ་འོད་ལས་ཀྱང་གསལ་བའི་ཡོན་ཏན་

གྱིས། །དགྲ་བོ་མི་ཟད་དྲེགས་ཤིང་སྡང་བ་དང༌། །འཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བ་ཡང༌། །ཡིད་ནི་རབ་ཏུ་དང་ཞིང་མགུ་བྱེད་དོ། །ཞེས་གསུངས་པ་ལྟར་གནས་སྐབས་སུ་སྐྱོན་ཡོན་གྱི་ཁྱད་པར་མ་འཁྲུལ་བར་རྣམ་པར་འབྱེད་ཅིང་བླང་དོར་གྱི་གནད་ལ་མཁས་པར་འགྱུར་བ་དང༌། དེ་

ལ་བརྟེན་ནས་མཛའ་བ་དང་མཛའ་བ་མ་ཡིན་པའི་སྐྱེ་བོ་ཐམས་ཅད་མ་བསྡུས་པར་ཡང་རང་དབང་དུ་འདུ་བར་འགྱུར་བ་དང༌། སྲིད་པ་ནས་སྲིད་པ་ཐམས་ཅད་དུ་ཡོན་ཏན་གྱི་གྲགས་པའི་ཟླ་འོད་དཀར་པོ་ཕྱོགས་བཅུའི་ཁོ་ར་ཁོར་ཡུག་ཐམས་ཅད་དུ་ཉུལ་བ་ཡང་ཡོན་ཏན་གྱི་དབང་

ལས་བྱུང་བར་རྗེས་སུ་རྟོགས་སོ། །དེ་ལྟར་རྟོགས་ནས་ཀྱང་ཐོག་མར་འཇིག་རྟེན་པའི་བཟོའི་གནས་དང༌། ལས་ཀྱི་གནས་དང༌། ཡི་གེ་དང༌། གྲངས་དང༌། རྩིས་དང༌། ལག་རྩིས་དང༌། རལ་གྲིའི་ཐབས་དང༌། འཕོང་དང༌། སྟོབས་དང༌། གྱད་ཀྱི་འཛིན་སྟངས་

རྣམས་ལ་སེམས་ཅན་གཞན་ལས་ཁྱད་པར་དུ་གྱུར་པའི་རིག་པ་མང་པོ་ལ་འདྲིས་པར་མཛད་དོ། །གཞན་ཡང་གཞི་བརྟག་པ་དང༌། གོས་བརྟག་པ་དང༌། རིན་པོ་ཆེ་བརྟག་པ་དང༌། ཤིང་རྟ་བརྟག་པ་དང༌། རྟ་དང་གླང་པོ་ཆེ་བརྟག་པ་ལ་སོགས་པ་དང༌། འབྱེད་པ་

དང༌། ཀློག་པ་རྣམས་ལ་གཡེར་པོར་གྱུར་ཏོ། །གསུམ་པ་བསྟན་པའི་རྗེས་སུ་ཞུགས་ནས་ཐོས་པ་དང་ཚོགས་བསགས་ཀྱི་ཁྱད་པར་ནི། དེ་ལྟ་བུའི་གཞོན་ནུ་དེ་ཉིད་སྲིད་པའི་དཔལ་འབྱོར་ཀུན་གྱི་དབུས་ན་མངོན་པར་མཐོ་ཡང༌། ཇི་ཙམ་ཞིག་ན་སྔོན་གྱི་བསྐལ་པ་

เล่ม ๒๑๓ · หน้า 186a

དཔག་ཏུ་མེད་པར་གོམས་པའི་ཆོས་ཀྱི་བག་ཆགས་བཟང་པོ་དམན་པ་མིན་པའི་གྲོགས་ཀྱིས་ཉེ་བར་བསྐུལ་ནས་འདི་ལྟར་ཡིད་ལ་བྱེད་པར་གྱུར་ཏོ། །ཀྱེ་མ་དེང་བདག་གི་བསོད་ནམས་ཀྱི་མཐུ་ཆེན་པོས་རྙེད་པར་དཀའ་བའི་ལུས་རྟེན་དལ་བ་བརྒྱད་དང་

འབྱོར་པ་བཅུའི་བདག་ཉིད་ཅན་གྱི་རྙེད་པ་འདི་ནི་ལེགས་པར་རྙེད་དོ། །ཚེ་འདིའི་མཐོ་འབྱོར་དང་གྲགས་པའི་ཟླ་རིས་དཀར་པོ་རིང་དུ་འཕྲོ་བའི་གོ་འཕང་དམ་པ་དེ་ཡང་ཐོབ་པར་གྱུར་ཏོ། །འོན་ཀྱང་འཁོར་བའི་ལྟར་སྣང་གི་བདེ་འབྱོར་གྱི་དཔལ་ནི་ཇི་ལྟར་བདོ་ཡང་རྣམ་པར་

དཔྱད་ན་མཐའ་བཞི་ལས་མི་འདའ་སྟེ། ཇི་སྐད་དུ། བསགས་པ་ཀུན་མཐར་འཛད་པ་སྟེ། །མཐོན་པོའི་མཐའ་ནི་དམའ་བ་ཡིན། །འདུས་པའི་མཐའ་ནི་འབྲལ་བ་སྟེ། །འཚོ་བའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས་པ་ལྟར་འཁོར་བ་མཐའ་བཞིའི་རང་བཞིན་ཅན་

ཏེ་མི་རྟག་ཅིང་མི་བརྟན་ལ་ཐེར་ཟུག་མེད་པའི་ཆོས་ཅན་ཁོ་ན་སྟེ། སྐྱེ་འཆིའི་ཕྲེང་བ་ནི་གར་མཁན་གྱི་ལག་པའི་ཟློས་གར་བསྒྱུར་བ་ལྟ་བུའོ། །འབྱོར་རྒུད་ཀྱི་རི་མོས་ནི་སྟོན་ཀའི་སྤྲིན་གྱི་འདུ་འགོད་བརྩམས་པ་ལྟ་བུའོ། །སྐྱེས་བུའི་འཚོ་བ་ནི་སྤྲིན་རུམ་སྟུག་པོའི་ཁྲོད་ན་གློག་གི་

ཐག་པ་འགྱུ་བ་ལྟ་བུའོ། །ཁྱད་པར་ཁྱིམ་ན་གནས་པའི་ལྟར་སྣང་གི་བདེ་བ་ནི་ཐར་པ་མེད་པའི་མེ་འོབས་སྟུག་པོའི་ནང་དུ་ལྷུང་བ་ལྟ་བུའོ་ཞེས་དང༌། གཞན་ཡང་བཅོམ་ལྡན་འདས་ཀྱིས་ཁྱིམ་ན་ཆགས་པའི་ཉེས་དམིགས་མང་པོ་བསྟན་པ་རྗེས་སུ་དྲན་པའི་ཡིད་འབྱུང་གི་

མཚོན་རྣོན་པོ་དག་གིས། འཁོར་བ་ལ་མངོན་པར་ཞེན་པའི་འཆིང་བ་དམ་པོ་ཡོངས་སུ་དྲལ་བ་ལ་སྤྲོ་བས་ཞུགས་པར་གྱུར་ཏོ། །དེའང་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པའི་ཚུལ་ཁྲིམས་གང༌། །བསྡོམས་པའི་མི་དེ་མཛེས་པའི་

གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས། །མི་དེ་ཉིད་མ་གཅིག་ལ་ཡང༌། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང༌། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །ཚུལ་

เล่ม ๒๑๓ · หน้า 186b

ཁྲིམས་འདི་ནི་ཐར་པའི་ལམ། །ཚུལ་ཁྲིམས་འདི་ནི་ཡོན་ཏན་གཞི། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་

ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་ཀྱི་བསླབ་པ་ཚུལ་བཞིན་དུ་བསྲུངས་པའི་ཕན་ཡོན་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རྗོད་བྱེད་ཀྱི་གླིང་བུ་དྲི་ཟའི་རོལ་མོ་བྱེ་བ་

ཕྲག་བརྒྱས་ཀྱང་གང་གི་དཔེ་ཟླར་མི་བཟོད་ཅིང་ཆར་ཡང་མི་ཕོད་པའི་སྙན་འགྱུར་ངག་གི་ལང་ཚོ་ཡོངས་སུ་རྫོགས་པའི་འཕྲིན་ཡིག་དམ་པས་ཡིད་ཀྱི་དབང་པོ་ཡོངས་སུ་ཕྲོགས་པར་གྱུར་ཏོ། །དེ་ལའང་ཐོག་མར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། བླ་མ་མཁས་པ་

རྣམས་ལ་རྟག་ཏུ་བརྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་

བགྱི་རྒྱལ་བ་ལ། །བརྟེན་པ་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་དང༌། དགེ་བ་དགེ་བའི་བཤེས་ལ་བརྟེན་ན་འཕེལ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། དེ་དག་ཀྱང་དགེ་བའི་བཤེས་གཉེན་ལ་རག་ལས་པར་རྗེས་སུ་རྟོགས་སོ། །དེ་ལྟར་རྗེས་སུ་རྟོགས་

ནས་ཀྱང་རྒྱལ་བ་གཉིས་པ་རྗེ་བཙུན་ཀུན་དགའ་བཟང་པོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མཁས་པའི་ཕྲིན་ལས་རྣམ་པ་གསུམ་གྱི་འཁོར་ལོས་སྒྱུར་བའི་གདན་རབས་སུམ་ཅུ་པ། ལེགས་པར་གསུངས་པ་དམ་པའི་ཆོས་འདུལ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་སྨྲ་བའི་དབང་

ཕྱུག་ཆེན་པོ། །དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཁན་པོ་དང༌། འདུལ་བ་སྨྲ་བའི་མཆོག་འཕགས་པ་ཨུ་པཱ་ལི་ལྟ་བུའི་ཐོས་པ་དང་ཡོན་ཏན་གྱི་ཕུང་པོ་འཛིན་ཅིང་

เล่ม ๒๑๓ · หน้า 187a

ལེགས་པར་སྨྲ་བའི་དབང་ཕྱུག་སངས་རྒྱས་བསྟན་པ་སློབ་དཔོན་དང༌། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བཀྲ་ཤིས་བཟང་པོ་པ་དུས་བསྒོ་བ་ལ་སོགས་པ་མཁས་ཤིང་བཙུན་པའི་དགེ་སློང་གི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་དང་པོ་གཉིས་རིམ་ནོས་ཀྱི་རབ་ཏུ་བྱུང་

བ་དགེ་ཚུལ་གྱི་དངོས་པོར་བསྒྲུབས་ཏེ། དེའི་མཚན་ལ་ཕུན་ཚོགས་བསྟན་པ་ཞེས་བྱ་བར་གསོལ་ཏོ། །དེ་ནས་བརྩམས་ཏེ་བསླབ་པར་བྱ་བའི་གནས་ཐམས་ཅད་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུང་བའི་སྒོ་ནས་སྔོན་གྱི་འཕགས་པ་རྟ་ཐུལ་ལ་སོགས་པའི་རྣམ་པར་ཐར་པའི་རྗེས་སུ་སློབ་ཅིང་

རྗེས་སུ་འགྲོ་བའི་འདུན་པ་ས་ལྟ་བུར་བརྟན་པར་མཛད་དོ། །དེ་ལྟར་ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་གཙང་མ་ལ་གནས་པ་དེས། མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པའི་དོན་དང་རྗེས་སུ་

མཐུན་པར་བསྟན་པའི་བྱ་བ་ཐོས་པ་དང་བསམ་པ་དང་བསྒོམ་པ་གསུམ་ལ་འཇུག་པའི་འདུན་པ་དྲག་པོས་ཀུན་ནས་བསླངས་ཏེ། དེའང་ཐོག་མར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་

པ་སྤོང༌། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་ཕྱི་དང་ནང་གི་གྲུབ་པའི་མཐའ་ཤེས་པས་བླང་དོར་གྱི་གནས་རྣམས་ལེགས་པར་ཤེས་པར་བྱས་ཏེ། ཉེས་པའི་སྤྱོད་པ་ལས་ལྡོག་པ་དང༌། དོན་མེད་པའི་འདོད་པ་ཡོངས་སུ་སྤོང་བ་དང༌། ཟག་པ་ཟད་

པ་ཡོངས་སུ་ཤེས་པ་ལ་སོགས་པ་མང་དུ་ཐོས་པའི་ཕན་ཡོན་རྣམས་ཐེག་པ་ཆེ་ཆུང་གི་གཞུང་མང་པོ་ནས་རྒྱ་ཆེར་བསྟན་པའི་དོན་ལ་རྗེས་སུ་སློབ་པའི་ཕྱིར་དང༌། བྱེ་བྲག་ཏུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཉེ་ལམ། གཞི་དང་ལམ་དང་འབྲས་

བུའི་གནས་སྐབས་ཐམས་ཅད་ནས་ཟབ་པའི་ཁྱད་པར་མང་པོས་བརྟུན་པ་རབ་འབྲིང་གི་དབང་ལས་ཚེ་འདིའམ། བར་དོའམ། སྐྱེ་བ་བདུན་ནམ་བཅུ་དྲུག་ཏུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་གདོན་མི་ཟ་བར་འགྲུབ་པའི་ལམ་ཟབ་མོ་གསང་སྔགས་རྡོ་རྗེ་ཐེག་པ་སྟེ། དེ་ལྟ་ནའང་ལམ་དེར་

เล่ม ๒๑๓ · หน้า 187b

འཇུག་པ་ལ་ནི་དབང་བསྐུར་བ་ལེགས་པར་ཐོབ་དགོས་ཀྱི། དབང་བསྐུར་བ་མ་ཐོབ་པར་སྔགས་ཀྱི་ལམ་ལ་འབད་པ་བྱས་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་ཞིང༌། བརྒྱ་ལམ་ན་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་ཙམ་ཐོབ་སྲིད་ཀྱང་ཕྱི་མར་ངན་སོང་དུ་འགྲོ་བར་གསུངས་ཏེ། དམ་པ་དང་པོའི་རྒྱུད་

ལས། དབང་བསྐུར་མེད་པར་རྒྱུད་འཆད་དང༌། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང༌། །དམྱལ་བར་འགྱུར་གྱི་གྲོལ་བ་མིན། །ཞེས་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་མེད་ན་ནི་དངོས་གྲུབ་མེད། །ཕྱེ་མ་བཙིར་ཡང་མར་མེད་བཞིན། །

གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ། །ཞེས་དང༌། དབང་བསྐུར་མ་ཐོབ་པར་སྔགས་པ་ཉིད་དུ་ཁས་ལེན་པ་

སྙིང་པོ་མེད་ཅིང་སྨིག་རྒྱུའི་ཆུ་ལ་བཏུང་བར་འདོད་པ་དང་མཚུངས་ཏེ། བདེ་མཆོག་རྩ་རྒྱུད་ལས། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པར་འདོད་པ། །མཁའ་ལ་ཁུ་ཚུར་གྱིས་རྡེག་དང༌། །སྨིག་རྒྱུའི་ཆུ་ནི་འཐུང་དང༌། །ཞེས་དང༌། རྡོ་རྗེ་ཐོད་པའི་

རྒྱུད་ལས་ཀྱང༌། །དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་བར་འགྱུར། །དེ་བཞིན་དབང་དང་བྲལ་བ་ཡི། །ཡེ་ཤེས་ཀུན་གྱི་སྟོང་པ་ཉིད། །དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བཟུང་མི་རུང༌། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་

འགྲུབ་མི་འགྱུར། །རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་བྱ་བ་ལ་སོགས་པ་དབང་བསྐུར་བ་མ་ཐོབ་པར་སྔགས་ཀྱི་ལམ་ལ་འཇུག་པའི་ཉེས་པ་དཔག་ཏུ་མེད་པ་

གསུངས་ཤིང་དབང་བསྐུར་བ་ཚུལ་བཞིན་དུ་ཐོབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང༌། མདོར་བསྡུ་ན། གང་ཟག་དབང་པོ་ཡང་རབ་དབང་གི་རྗེས་དེ་མ་ཐག་པར་གྲོལ་བར་གསུངས་ཏེ། འགྲེལ་ཆེན་སྒྲོན་མ་གསལ་བ་ལས། དངོས་གྲུབ་ཐམས་ཅད་ནི་དཀྱིལ་འཁོར་དུ་དབང་བསྐུར་བ་ལས་

เล่ม ๒๑๓ · หน้า 188a

འབྱུང་བར་འགྱུར་རོ་ཞེས་དང༌། ས་སྐྱ་པཎྜི་ཏས་ཀྱང༌། དེས་ན་གང་ཟག་དབང་པོ་རབ། །དབང་བསྐུར་ཉིད་ཀྱིས་གྲོལ་བར་གསུངས། །ཞེས་སོ། །གང་ཟག་རབ་ཏུ་གྱུར་པ་མ་ཡིན་ནའང་དབང་ལེན་པ་ལ་རྟག་ཏུ་གོམས་པར་བྱས་པས་སྐྱེ་བ་བདུན་ནས་འགྲུབ་སྟེ།

གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ནས་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་སོ། །དབང་ཐོབ་ནས་རྩ་བའི་ལྟུང་བས་མ་གོས་ན་སྐྱེ་བ་བཅུ་དྲུག་ནས་འགྲུབ་པ་ཡང༌། དམ་ཚིག་ལྔ་པ་

ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཅེས་གསུངས་ཤིང༌། གྲོལ་བྱེད་ཀྱི་ལམ་སྟོན་པའི་སྣོད་རུང་དུ་བྱེད་པའི་ཐབས་ཀྱང་དབང་བསྐུར་བ་ཉིད་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། དང་པོར་རེ་ཞིག་སློབ་མ་ལ། །དབང་རྣམས་ལན་ཅིག་བསྐུར་བ་

ཡིས། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་འགྱུར་བའོ། །ཞེས་བྱ་བ་ལ་སོགས་པའི་ཕན་ཡོན་བརྗོད་ཀྱིས་མི་ལྡང་བར་ཡིད་ཆེས་པའི་ལུང་དང་མན་ངག་གི་ཚོགས་ཀྱིས་ཉེ་བར་བསྟན་པའི་ཡི་གེ་དམ་པ་གསུབ་ཏུ་མེད་པ་གང་དག་ཡིད་ཀྱི་ངོས་སུ་ལེགས་པར་འདྲི་བཞིན་པའི་སྡོམ་

བརྩོན་མིའི་དབང་ཕྱུག་འདིས་གོང་དུ་སྨོས་པའི་བླ་མ་དེ་ཉིད་ཀྱི་དྲུང་ནས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་པོ་ཡོངས་སུ་རྫོགས་པར་མནོས་ཏེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་ཞིང་ས་གཤིན་པར་སངས་རྒྱས་ཀྱི་སྐུ་བཞིའི་བདག་ཉིད་ཅན་གྱི་ས་བོན་ལེགས་

པར་བཏབ་སྟེ། རིག་པ་འཛིན་པ་སྔགས་ཀྱི་སྡོམ་པའི་མྱུ་གུ་རྨ་མེད་པ་ཉིད་དུ་ཡོངས་སུ་འཛིན་པའི་སྐལ་བ་ཅན་དུ་བགྱིས་སོ། །དེ་ནས་བརྩམས་ཏེ་ངོར་ལུགས་ཀྱི་དཀྱིལ་འཁོར་ཆེན་པོ་བདུན་དུ་གྲགས་པའི་དབང་བསྐུར་བ་དང༌། རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་བསྐུར་བ་

དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ནས་བསྟན་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་བ་རྣམས་དང༌། གཞན་ཡང་ཀུན་རིག་རྩ་བའི་དཀྱིལ་འཁོར་དང༌། འཆི་བདག་འཇོམས་པ་ལྷ་བཅུ་གསུམ་དང༌། ཚེ་དཔག་ཏུ་མེད་པ་ལྷ་དགུ་དང༌། མི་འཁྲུགས་པ་ལྷ་དགུ་དང༌།

เล่ม ๒๑๓ · หน้า 188b

མགོན་པོའི་བཀའ་བབ་བཞིར་གྲགས་པ་བྲམ་ཟེ་ཆེན་པོའི་བཞེད་པའི་མགོན་པོ་གྲི་གུག་ལྷ་ལྔ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། བླ་མ་ལོ་ཙཱ་བའི་བཞེད་པའི་མགོན་པོ་ལྷ་བརྒྱད་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། བླ་མ་བྲག་སྟེང་པའི་བཞེད་པའི་གུར་གྱི་མགོན་པོ་ལྷ་བཅུ་

གཉིས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གྱི་ལྗང་ལུགས་ཀྱི་མགོན་པོ་ལྷ་བཅུ་བདུན་པ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། མགོན་པོ་གྲི་གུག་ལྷ་ལྔ་སྙན་བརྒྱུད་ལུགས་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ་རྣམས་ཀྱི་དབང་བསྐུར་བ་ལ་སོགས་པའི་དབང་བསྐུར་གྱི་རིགས་

མང་པོ་མནོས་སོ། །གཞན་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཡི་དམ་གྱི་ལྷ་བསམ་གྱིས་མི་ཁྱབ་པའི་དབང་བསྐུར་བ་དང༌། བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བ་དང༌། རྗེས་སུ་གདམས་པ་མང་པོ་བུམ་པ་གང་འབྱོའི་ཚུལ་དུ་གསན་ནོ། །ཡར་ལུང་མཁན་པོ་ངག་གི་

དབང་ཕྱུག་ཀུན་དགའ་ལེགས་པའི་འབྱུང་གནས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་པའི་དྲུང་ནས། རྡོ་རྗེ་ཕྲེང་བ་དང་ཀྲཱྀ་ཡ་ས་མུཙྪ་གཉིས་ཀའི་དབང་གི་ཆུ་བོ་ཆིག་འདྲེས་སུ་གྱུར་པའི་དཀྱིལ་འཁོར་ཆེན་པོ་བཞི་བཅུ་རྩ་ལྔ་རས་བྲིས་ལ་བརྟེན་པ། ཀྲཱྀ་ཡ་ས་མུཙྪའི་སྒོས་ཆོས་བསབས་པ་དང་བཅས་པའི་

ཕྱག་ལེན་རྒྱས་པའི་ལུགས་ཀྱི་དབང་བསྐུར་བ་ཐོབ་པ་ལ། དཔལ་གསང་བ་འདུས་པའི་རྒྱུད་ལས་གསུངས་པའི་མི་བསྐྱོད་པའི་རིགས་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས། རྣམ་སྣང་སྒྱུ་དྲའི་རྒྱུད་ལ་བརྟེན་པའི་འཇམ་དཔལ་རྡོ་རྗེ་

ལྷ་ཞེ་གསུམ། རྩ་བའི་རྒྱུད་གཤིན་རྗེ་དགྲ་ནག་གི་རྒྱུད་ལ་བརྟེན་པའི་རྣམ་སྣང་གི་རིགས་དཔལ་གཤིན་རྗེ་གཤེད་ལྷ་བཅུ་གསུམ་སྟེ་ཕ་རྒྱུད་བཞི། བརྟག་པ་གཉིས་པ་ནས་གསུངས་པའི་ཧེ་རུ་ཀའི་རིགས་ཀྱི་དཔལ་དགྱེས་པ་རྡོ་རྗེ་ཐོད་པ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུ། ཐུགས་རྡོ་རྗེ་ཞལ་གསུམ་

ཕྱག་དྲུག་པ་ལྷ་དགུ། གསུང་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་དགུ། སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་མཁའ་འགྲོ་ལྔ་རིགས་བསྡུས་པ་ལྷ་ལྔ་བཅུ་རྩ་གསུམ། སམྤུ་ཊའི་རྒྱུད་ལས་གསུངས་པའི་བདག་མེད་ལྷ་མོ་ཉེར་གསུམ།

เล่ม ๒๑๓ · หน้า 189a

བརྟག་གཉིས་ནས་གསུངས་པའི་བདག་མེད་ལྷ་མོ་བཅོ་ལྔ། ཡང་རྒྱུད་སྡེ་དེ་ཉིད་ནས་གསུངས་པའི་ཀུ་རུ་ཀུལླེ་ལྷ་བཅོ་ལྔ། མཁའ་འགྲོ་མ་རྡོ་རྗེ་གུར་ནས་བཤད་པའི་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གསུམ། སམྤུ་ཊ་ནས་གསུངས་པའི་སྙིང་པོ་ཀྱེ་རྡོ་རྗེ་མཚོན་ཆ་ཅན་ཞལ་བརྒྱད་ཕྱག་

བཅུ་དྲུག་པ་ལྷ་བཅུ་བདུན། ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅུ་བདུན། གསུང་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་དགུ། སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན་རྣམས་གཉིས་མེད་ཀྱི་རྒྱུད། སམྤུ་ཊ་ནས་གསུངས་པའི་བདེ་མཆོག་རྡོ་རྗེ་སེམས་དཔའ་ལྷ་སོ་བདུན། བདེ་

མཆོག་རྩ་བའི་རྒྱུད་ནས་གསུངས་པའི་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། བདེ་མཆོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ལྷ་དྲུག་ཅུ་རྩ་གཉིས། ཕག་མོ་དམར་མོ་ལྷ་སུམ་ཅུ་སོ་

བདུན། ཕག་མོ་སྔོན་མོ་ལྷ་སོ་བདུན། ཕག་མོ་སེར་མོ་ལྷ་སོ་བདུན། ཨ་བྷི་དྷ་ན་ལས་གསུངས་པའི་ཧཱུྃ་མཛད་ཁྲོ་བོ་ལྷ་བཅུ་གཅིག་པ། ཡང་རྒྱུད་དེ་ཉིད་ལས་གསུངས་པའི་བདེ་མཆོག་འཁོར་ལོས་སྒྱུར་དྲུག་ལྷ་བདུན་ཅུ་རྩ་གཉིས། རྡོ་རྗེ་བདུད་རྩིའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཉི་མའི་རིགས་

ཀྱི་རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག །བདུད་རྩི་ཧཱུྃ་མཛད་ལྷ་ཉེར་དགུ། བདུད་རྩི་ཁྲོ་བོ་ལྷ་ཉེར་གཅིག །བདུད་རྩི་འཁྱིལ་པ་ལྷ་བཅུ་གསུམ། ཧེ་རུ་ཀའི་རིགས་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔ། སངས་རྒྱས་ཐོད་པ་ལྷ་དགུ། མ་ཧཱ་མཱ་ཡའི་རྒྱུད་ཆུང་ལ་བརྟེན་པའི་མ་ཧཱ་མཱ་ཡ་ལྷ་ལྔ། གདན་

བཞིའམ་རྒྱུད་གསེར་གྱི་ཆར་པ་ནས་བཤད་པའི་རྣམ་སྣང་གི་རིགས་རྣལ་འབྱོར་ནམ་མཁའ་ལྷ་ལྔ་བཅུ་རྩ་བརྒྱད། དེའི་ཡུམ་བཀའ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་རྣམས་བདེ་མཆོག་གི་ཕྱོགས་སུ་གཏོགས་པའམ་རྣལ་འབྱོར་མ་རྒྱུད། སྔོན་བྱུང་དྲང་སྲོང་ཉི་མའི་ཤིང་རྟ་སོགས་དྲང་སྲོང་བྱེ་བ་

ཕྲག་ཕྱེད་དང་བཞི་འདུལ་བའི་དོན་དུ་གསུངས་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་ལྷ་དྲུག་བརྒྱ་སུམ་ཅུ་རྩ་བཞི། ཕ་རྒྱུད་མ་རྒྱུད་གཉིས་སུ་ཕྱེ་ན་དགྱེས་རྡོར་ནས་འདིའི་བར་མ་རྒྱུད་དུ་བསྡུས་ཀྱང་འཐད་དོ། །དེ་ཉིད་འདུས་པའི་རྒྱུད་ལས་གསུངས་པའི་

เล่ม ๒๑๓ · หน้า 189b

ཐབས་གཙོ་བོར་སྟོན་པ་རྡོ་རྗེ་དབྱིངས་ལྷ་ལྔ་བཅུ་རྩ་གསུམ། ངན་སོང་སྦྱོང་རྒྱུད་དང་བརྟག་པ་ཕྱོགས་གཅིག་པ་གཙུག་དགུ་ལྷ་སུམ་ཅུ་རྩ་བདུན། སྒྱུ་དྲྭའི་རྒྱུད་དང་འཇམ་དཔལ་གྲགས་པའི་མཚན་བརྗོད་ཀྱི་འགྲེལ་པ་ལ་བརྟེན་ནས་ཤེས་རབ་གཙོ་བོར་སྟོན་པ་ཆོས་དབྱིངས་གསུང་དབང་ལྷ་ཉིས་

བརྒྱ་ཉེར་གཅིག་སྟེ་རྣལ་འབྱོར་རྒྱུད། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལ་བརྟེན་པའི་རྡོ་རྗེའི་རིགས་འབྱུང་པོ་འདུལ་བྱེད་ལྷ་སོ་གསུམ་པ་སྤྱོད་རྒྱུད། དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་འོད་ཟེར་ཅན་མ་ལྷ་ཉི་ཤུ་རྩ་ལྔ། གཟུངས་གྲྭ་ལྔ་ལྷ་བཅུ་གསུམ་འདི་ཡན་གྱིས་འཕྲེང་རྐྱང་གི་དཀྱིལ་འཁོར་ཞེ་

གཉིས་ཚང་ངོ༌། །ཀྲཱྀ་ཡ་ནས་གསུངས་པའི་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ཞེས་པ་ནོར་རྒྱུན་མའི་རྟོག་ཆུང་ལ་བརྟེན་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་གནས་གཙང་མའི་ལྷ་ནོར་རྒྱུན་མ་ལྷ་བཅུ་དགུ། གཟའ་ཡུམ་གྱི་རྟོག་པ་ལས་གསུངས་པའི་རིགས་བྱེད་མ་ནུབ་བྱང་གི་གྲྭར་བཞུགས་པ་

དཀྱིལ་འཁོར་གྱི་གཙོ་བོར་བྱས་པའི་གཟའ་ཡུམ་ལྷ་ཞེ་དྲུག་གམ་ལྔ་བཅུ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་རྣམ་རྒྱལ་མ་ལྷ་སུམ་ཅུ་རྩ་གསུམ་སྟེ་བྱ་རྒྱུད་ཀྱི་དཀྱིལ་འཁོར་ལྔ་དང་བཅས་པ་རྣམས་སོ། །གཞན་ཡང་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་

ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བདུན། མཆོག་དབང་གོང་མ་རྡོ་རྗེ་སློབ་དཔོན་ཆེན་པོ་བདག་པོའི་དབང་དང་བཅས་པ་དང༌། དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་ལ་བརྒྱུད་པའི་བཀའ་བབས་བཞིར་བཞུགས་པའི་དབང་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་དང༌། རྭ་

ཆེན་རྡོ་རྗེ་གྲགས་པའི་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་བསྐུར་བ་དང༌། གཞན་ཡང་བྱིན་རླབས་དང་རྗེས་སུ་གནང་བ་དང༌། ཁྲིད་ཀྱི་སྐོར་ལ་སོགས་པའི་གདམས་པ་དཔག་ཏུ་མེད་པ་གསན་ནོ། །རྡོ་རྗེ་འཛིན་པའི་དབང་ཕྱུག་སངས་རྒྱས་རྒྱ་མཚོའི་དྲུང་དུ་སྔ་ཕྱིར་གདམས་པའི་བདུད་རྩི་

དཔག་ཏུ་མེད་པ་གསན་པ་རྣམས་འདིར་ཕྱོགས་སུ་བསྡོམས་ཏེ་རགས་པ་ཙམ་སྨོས་ན། ཐོག་མར་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཀྱི་ནང་ཚན་དུ་གྱུར་པའི་ཚེ་དཔག་ཏུ་མེད་པ་སྤྲུལ་སྐུའི་བྱིན་གྱིས་བརླབས་པ་དང༌།འཇམ་དཔལ་ནག་པོ་སྐྱིལ་ཀྲུང་ཅན་གྱི་བྱིན་གྱིས་བརླབས་པ་དང༌། རྡོ་རྗེ་ཁྱུང་ཁྲའི་རྗེས་གནང་

เล่ม ๒๑๓ · หน้า 190a

དང༌། པཎྜི་ཏ་ཟླ་འབྱུང་ནས་བརྒྱུད་པའི་འཇམ་དཔལ་ཤེས་རབ་འཁོར་ལོའི་བྱིན་གྱིས་བརླབས་པ་དང༌། ཆག་ལོ་ཙཱ་བ་དགྲ་བཅོམ་པ་ནས་བརྒྱུད་པའི་ཁྲོ་བོ་གཙུག་ཏོར་འབར་བའི་རྗེས་སུ་གནང་བ། དེའི་མན་ངག་ཟབ་མོ་དང་བཅས་པ་དང༌། པཎྜི་ཏ་དཱ་ན་ཤཱི་ལ་ནས་

བརྒྱུད་པའི་དབྱངས་ཅན་མ་དམར་མོ་དང༌། གྲྭ་པ་མངོན་ཤེས་ལས་བརྒྱུད་པའི་སྨན་སྐྱོང་ཆེན་པོ་ཞང་བློན་རྡོ་རྗེ་བདུད་འདུལ་དང༌། མཉམ་མེད་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་རྟ་མགྲིན་ཤྭ་ན་བཞིས་བསྐོར་དང༌། ཐུབ་པ་དང་སྤྱན་རས་གཟིགས་དང་མི་གཡོ་བ་དང་སྒྲོལ་མ་སྟེ་བཀའ་གདམས་ལྷ་བཞིར་

གྲགས་པ་དང༌། མ་གཅིག་གྲུབ་པའི་རྒྱལ་མོ་ལུགས་ཀྱི་རྟ་མགྲིན་དབྱུག་ཐོ་ཅན་དང༌། ཀྲཱྀ་ཡ་ས་མུཙྪའི་བཞེད་པ་དང་རྗེས་སུ་མཐུན་པའི་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་མ་རིག་པ་ཆེན་མོ་ལྷ་བཅུ་བཞི་དང༌། དཔལ་མོ་ལུགས་ཀྱི་འཕགས་པ་བཅུ་གཅིག་ཞལ་ལྷ་ལྔ་དང༌། གཞན་ཡང་ལྷ་

མོ་ནམ་མཁའི་གོས་ཅན་མ་དང༌། ཕྱག་ན་རྡོ་རྗེ་ཁང་བུ་བརྩེགས་པ་དང༌། འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ་དང༌། རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་དང༌། ལྷ་མོ་འོད་ཟེར་ཅན་གཙོ་རྐྱང་རྣམས་ཀྱི་རྗེས་སུ་གནང་བ་དང༌། སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་ཚེ་ཁྲིད་

དང་བཅས། གསེར་ཆོས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མའི་རྗེས་སུ་གནང་བ་མན་ངག་གི་སྐོར་དང་བཅས་པ། རས་ཆུང་རྡོ་རྗེ་གྲགས་པ་ནས་བརྒྱུད་པའི་ཚེ་དཔག་ཏུ་མེད་པའི་ཚེའི་དབང་བསྐུར་བ་དང་དེའི་གདམས་པ་ཟབ་མོའི་ཁྲིད་ཀྱི་རིམ་པ་དང་བཅས་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་

ལུགས་ཀྱི་བླ་མ་ཞི་ཁྲོའི་ཚེའི་དབང་བསྐུར་བ། རྫོང་བྱུང་བའི་ལུགས་ཀྱི་ཚེའི་དབང་བསྐུར་བ་ཟབ་མོ་རྣམས་ལེགས་པར་མནོས་ཤིང༌། གྲུབ་ཆེན་ལ་བ་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བསྐུར་བ་དང༌། བདེ་མཆོག་སྒྱུ་མ་ཆེན་པོ་ལྷ་ལྔའི་དཀྱིལ་འཁོར་

དུ་དབང་བསྐུར་བ་དང༌། འཁོར་ལོ་བདེ་མཆོག་གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་བྱིན་རླབས་ཟབ་མོ་དང༌། གཞན་ཡང་དམར་པོ་སྐོར་གསུམ་དང༌། དམར་མོ་སྐོར་གསུམ་ལ་སོགས་པ་གསེར་ཆོས་དང་ཟབ་ཆོས་ཀྱི་སྐོར་མང་པོའི་བྱིན་གྱིས་བརླབས་པ་དང་རྗེས་སུ་གདམས་པའི་

เล่ม ๒๑๓ · หน้า 190b

བདུད་རྩི་བསམ་གྱིས་མི་ཁྱབ་པ་གསན་ཅིང༌། ཁྱད་པར་དུ་ཡང་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བསྟན་པ་སྲུང་བའི་མཚོན་ཆར་ཆོས་སྐྱོང་བའི་སྲུང་མའི་རིགས་རྣོ་ཞིང་མྱུར་མགྱོགས་ཆེ་བ་མང་པོའི་གདམས་ངག་གི་བཀའ་བབ་པའི་ནང་ནས་གཙོ་བོར་གྱུར་པ་ནི་ཆོས་སྐྱོང་

བའི་སྲུང་མ་ཆེ་ཆུང་གཉིས་སུ་གྲགས་པ་ལས། ཆོས་སྲུང་ཆེ་བ་ནི་འཕགས་ཡུལ་རྡོ་རྗེའི་གདན་གྱི་སྒོ་སྐྱོང་དུ་བཞུགས་པའི་སྲུང་མའི་དབང་པོ་རྡོ་རྗེ་ནག་པོ་ཆེན་པོ་འདི་ཉིད་ནི། མཁའ་འགྲོའི་དབང་ཕྱུག་རྡོ་རྗེ་གུར་གྱི་རྒྱུད་ལེའུ་བཅོ་ལྔ་པ་ལས་བསྟན་པས་གུར་གྱི་མགོན་པོ་ཞེས་བྱ་སྟེ། འདི་

ལ་བཀའ་བབས་རྣམ་བཞིའི་གདམས་ངག་ཆུ་བོའི་རྒྱུན་བཞིན་དུ་མ་ནུབ་པར་བཞུགས་པ་ལས། བརྒྱུད་པའི་བཀའ་བབས་དང་པོ་དཔལ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལས་བརྒྱུད་པའི་མགོན་པོ་དཔའ་བོ་གཅིག་པ་ལམ་འབྲས་པའི་མགོན་རྐྱང་དུ་གྲགས་པའི་རྗེས་སུ་གནང་བ་ལས་ཚོགས་ཀྱི་

ལུང་དང་བཅས་པ་དང༌། བཀའ་བབས་གཉིས་པ་བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་མགོན་པོ་དཔའ་བོ་གཅིག་པའི་རྗེས་སུ་གནང་བ་དང༌། བཀའ་བབས་བཞི་པ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་སྤུ་གྲི་སྐོར་གསུམ་གྱི་ལུང་དང་བཅས་པ་རྣམས་མནོས་སོ། །བརྒྱུད་པའི་བཀའ་བབས་གསུམ་

པ་བླ་མ་མལ་ལོ་ཙཱ་བ་ནས་བརྒྱུད་པའི་བྱིན་གྱིས་བརླབས་པའི་བཀའ་མ་ནུབ་པ་ལ་ལོ་ཆེན་གྱི་བཞེད་པ་གཙོ་བོར་གྱུར་པ་ནག་པོ་ཆེན་པོ་ལྕམ་དྲལ་ལྷ་གསུམ་སྦགས་ཏེ་སྒྲུབ་པ་དང༌། ལྷ་བརྒྱད་མཁའ་འགྲོ་སྦགས་ཏེ་སྒྲུབ་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་དང༌། ལྷ་བཅུ་གཉིས་པ་ཐུན་མོང་བ་དང་

ཐུན་མོང་མ་ཡིན་པ་གཉིས་དང༌། མགོན་པོ་ཁྲོ་བོ་བཅུ་དང་བཅས་པ་གཙོ་འཁོར་སྦགས་ཏེ་སྒྲུབ་པའི་རྗེས་སུ་གནང་བ་བཀའ་རྒྱ་ཤིན་ཏུ་དམ་པ་ཅན་དང༌། ཤིན་ཏུ་ཟབ་པ་གསང་ཁྲིད་ཀྱི་སྔོན་དུ་འགྲོ་བའི་ནག་པོ་ཆེན་པོ་ལྷ་བརྒྱད་ལ་བེར་ནག་ཟངས་གྲི་ཅན་བསྣན་པའི་ལྷ་དགུ་པ་རྣམས་ཀྱི་རྗེས་གནང་དང༌། དཔལ་ལྡན་

ལྷ་མོ་དུད་པའི་སོལ་བ་ཅན་ཕྱི་སྒྲུབ་ཐུན་མོང་བ་དང༌། གསང་སྒྲུབ་ཐུན་མོང་མ་ཡིན་པ་གཉིས་དང༌། ལས་ཀྱི་མགོན་པོ་པུ་ཏྲ་མི་སྲིང་དང༌། ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་དང༌། ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་དང༌། རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་

เล่ม ๒๑๓ · หน้า 191a

རྗེ་ནག་པོ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ལུགས་ཏེ་དེ་དག་གི་རྗེས་སུ་གནང་བ་རྣམས་ལེགས་པར་མནོས་སོ། །ཆོས་སྐྱོང་ཆུང་བར་གྲགས་པ་ནི། དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་དང༌། འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད་ལ་བརྟེན་པའི་

ཞིང་སྐྱོང་སྟོབས་འཕྲོགས་ནག་པོ་གདོང་བཞི་པའམ་དྲག་པོ་གཟི་ལྡན་དབང་ཕྱུག་ཏུ་གྲགས་པ་སྟེ། དེའི་རྗེས་སུ་གནང་བའི་སྐོར་ལ། བསྟེན་དུས་ཀྱི་མགོན་པོ་ཞལ་བཞི་པ་དང༌། སྒྲུབ་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན་གྱི་རྗེས་སུ་གནང་བ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས། ལས་སྦྱོར་གྱི་

མགོན་པོ་གདོང་བརྙན་ཅན་དང༌། ནང་ཞིང་སྐྱོང་ལྟར་སྒྲུབ་པའམ་གསང་སྒྲུབ་ཅེས་གྲགས་པ་དང༌། ལས་བཞིའི་རྗེས་སུ་གནང་བ་ལ། དཀར་པོ་ཚེ་འཕེལ་བར་བྱེད་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་དང༌། སེར་པོ་བསོད་ནམས་རྒྱས་པར་བྱེད་པ་ལྷ་དགུ་པ་དང་ལྷ་ལྔ་པ་གཉིས་

དང༌། དམར་པོ་སྐྱེ་འགྲོ་དབང་དུ་སྡུད་པར་བྱེད་པ་དང༌། སྔོན་པོ་དགྲ་བགེགས་སྒྲོལ་བར་བྱེད་པ་དང་ཤི་ས་བསྟེན་པ་དང༌། གཤིན་རྗེ་ལྟར་སྒྲུབ་པ་དང༌། དམག་དཔོན་གྱི་མགོན་པོ་ཁྱུང་ཞལ་ཅན་རྣམས་ཀྱི་རྗེས་སུ་གནང་བ་རྣམས་དང༌། གཞན་ཡང་ཞིང་སྐྱོང་སྟོབས་འཕྲོགས་དབང་པོའི་བཀའ་སྡོད་ཀྱི་

གཙོ་བོ་བླ་མ་གཉན་ལོ་ཙཱ་བའི་སྲུང་མ་མཐུ་རྩལ་ཤིན་ཏུ་ཆེ་བར་གྲགས་པ་བེག་རྩེ་ལྕམ་དྲལ་གཉིས་དང་ལྷ་མང་གཉིས་ཀའི་རྗེས་སུ་གནང་བ་རྣམས་གསན་པར་མཛད་དོ། །གཞན་ཡང་གུར་གྱི་མགོན་པོ་སྤྲིན་གསེབ་མ་དང༌། དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མ་ལ་སོགས་པའི་རྗེས་སུ་གནང་

བ་མང་པོ་དང༌། དེ་དག་གི་སྒྲུབ་སྐོར་དང༌། ལས་ཚོགས་ཟབ་ཅིང་ཆེས་ཟབ་པ་གསང་སྔགས་འཛིན་པ་ཕལ་གྱི་རྣ་བའི་སྣོད་དུ་ལྷུང་བར་མ་གྱུར་པའི་ཟབ་ཆོས་ཀྱི་གསན་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པར་མཛད་དོ། །གཞན་ཡང་གསང་སྔགས་གསར་རྙིང་གི་བསྟན་པའི་སྲོལ་འཛིན་ཆེན་པོར་

གྱུར་པའི་བླ་མ་མཁས་གྲུབ་ཀྱི་ཡོན་ཏན་མངའ་བ། གཞན་མང་པོ་པས་ཀྱང་སྔ་ཕྱིར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་གསན་པའི་རྣམ་གྲངས་མང་དུ་ཡོད་ཀྱང་འདིར་མ་སྤྲོས་སོ། །དེས་ན་རྒྱལ་རིགས་དང་མི་དཔོན་གཞན་པ་འགའ་ཞིག་ནི་རིགས་དང་སྟོབས་དང་འབྱོར་པ་ལ་སོགས་པ་ཅུང་ཟད་རེས་

เล่ม ๒๑๓ · หน้า 191b

ཁེངས་ཏེ་འཇིག་རྟེན་ཕ་རོལ་གྱི་ལྟད་མོ་འབྱུང་སྙམ་ཡིད་ལ་མི་བྱེད། དེ་ལ་བརྟེན་ནས་བླ་མ་དང་དཀོན་མཆོག་ལ་མོས་གུས་ཙམ་ཡང་མི་སྐྱེ་ཞིང༌། གལ་ཏེ་གུས་པ་བྱས་ན་རང་གི་ཆེ་བ་ཉམས་ཀྱིས་དོགས་པས་བདེ་འགྲོའི་ལུས་རྟེན་ཐོབ་པར་གྱུར་ཀྱང་དམ་པའི་ཆོས་ཉན་པ་ལ་སོགས་པའི་སྐལ་བ་

བཟང་པོ་མྱོང་བའི་སྐབས་ཡོད་པ་མ་ཡིན་ནོ། །དེར་མ་ཟད་དགྲ་བསད་པ་དང༌། དབལ་འཕྲོག་པ་དང༌། གཡོ་སྒྱུ་བརྩམས་པའི་ལོ་རྒྱུས་རྣམས་ཀྱང་ཆོས་དང་ཡོན་ཏན་བཞིན་དུ་བསམས་ནས་དབྱངས་སུ་ལེན་པར་བྱེད་པ་དང༌། རྒྱུ་དེས་མངའ་རིས་རྣམས་ཀྱང་སྡིག་པ་དང་སྡུག་བསྔལ་ལ་སྦྱོར་བར་བྱེད་

དོ། །འདིར་ནི་དེ་དག་དང་ཐུན་མོང་དུ་མ་གྱུར་པ་སྟེ་རྒྱལ་རིགས་མཐོ་བའི་གནས་སུ་སྐྱེས་ཀྱང་ཁེངས་པ་ལ་སོགས་པ་རིང་དུ་བསྐྱུངས་ནས་ཡང་དག་པའི་དགེ་བའི་བཤེས་གཉེན་ཆེན་པོའི་སྤྱོད་པ་སྐྱོང་བ་འདི་ནི་བློ་ལྡན་ཀུན་གྱི་སྙན་དངགས་དམ་པའི་མེ་ཏོག་གིས་མངོན་པར་འཐོར་བའི་ཡུལ་དུ་གྱུར་

པ་ཉིད་དོ། །ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ལ་བསམ་པས་སྒྲོ་འདོགས་གཅོད་པའི་ཕྱིར་ཡང་དག་པའི་བློ་གྲོས་ཀྱི་སྣང་བ་བསྐྱེད་པ་ལ་མཐུན་པ་མིན་པའི་ཕྱོགས་སུ་གྱུར་པ་ནི་མི་ཤེས་པའི་མུན་པ་སྟེ། དེའི་གཉེན་པོར་རྗེ་བཙུན་འཇམ་དཔལ་དབྱངས་དང༌། དུས་མ་ཡིན་པའི་འཆི་བ་

བཟློག་པ་ལ་རབ་ཏུ་བསྔགས་པའི་ཚེ་སྒྲུབ་ཀྱི་རིགས་འགའ་ཞིག་གི་བཟླས་བསྒོམ་གྱི་རྒྱུན་མ་ཆག་པར་མཛད་དོ། །དེ་ནས་བརྩམས་ཏེ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་ཆེན་པོའི་ཚོགས་འདོན་གྱི་རིམ་པ་ཇི་ལྟར་སྲིད་པ་རྣམས་དང༌། དཔལ་ཀྱེ་རྡོ་རྗེ་དང་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་

པོ་རྣམས་ཀྱི་སྒྲུབ་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་ཡན་ལག་དང་བཅས་པའི་ཐུགས་འཛིན་བྱང་ཆུབ་པར་མཛད་ནས། དེ་དག་ལག་ཏུ་བླང་བའི་རིམ་པ་ཆོ་གའི་ཆིངས་དང༌། འདོན་འགྲིགས་དང༌། གདངས་དབྱངས་དང༌། གར་འཆམ་དང༌། རོལ་མོའི་རིགས་ཀྱི་འབུད་དཀྲོལ་ལ་སོགས་པ་

ལ་ཤིན་ཏུ་འདྲིས་པར་མཛད་དེ། ལོ་གྲངས་ཁ་ཡར་དུ་དགེ་འདུན་གྱི་ཚོགས་ཆེན་པོའི་དབུར་བཞུགས་ནས་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བླང་བ་རྣམས་ལ་བྱང་ཆུབ་པར་མཛད་དོ། །དེར་མ་ཟད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་

เล่ม ๒๑๓ · หน้า 192a

བརྟག་པ་གཉིས་པ་དང༌། དེ་ཉིད་གཙོ་བོར་གྱུར་པའི་རྒྱུད་སྡེ་མང་པོའི་རྣམ་གཞག་དང༌། མཚན་གྱི་དོན་དང༌། བཤད་པའི་ཐབས་ཀྱི་མན་ངག་དང༌། མངོན་པར་རྟོགས་པ་རྣམས་སྟོན་པར་བྱེད་པའི་བསྟན་བཅོས་ཆེན་པོ་ཚུལ་གསུམ་མཛེས་པར་བྱེད་པའི་རྒྱན་དང༌།

མངོན་པར་རྟོགས་པ་མཛེས་པར་བྱེད་པའི་རྒྱན་དང༌། ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ཆེའི་དགོངས་དོན་མཐའ་དག་དཔྱད་པ་གསུམ་གྱི་སྒོ་ནས་ལེགས་པར་འདོམས་ཤིང༌། ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་ཆེན་པོ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་

ལ་སོགས་པ་ནང་དོན་རིག་པའི་གཞུང་ལུགས་རྣམས་ཀྱང་སྦྱངས་པ་ལ་རྩོལ་བས་ཁོང་དུ་ཆུད་པར་བྱས་ནས་དེ་དག་གི་ཚོགས་འདོན་རྣམས་ལ་ཡང་བྱོན་ནོ། །གཞན་ཡང་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིག་པ་དང༌། ཤེས་རབ་བརྒྱ་པ་དང༌། ཙ་ན་ཀའི་རྒྱལ་པོའི་ལུགས་

ཀྱི་བསྟན་བཅོས་དང༌། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལ་སོགས་པ་དང༌། ཕྱི་རོལ་རིག་པའི་གཙུག་ལག་གི་གཞུང་དུ་གཏོགས་པ་མང་པོ་དང༌། འཕྲིན་ཡིག་དང་ཆབ་ཤོག་གི་སྙན་དངགས་ཡན་ཆད་ཀྱི་ཐ་སྙད་རིག་པའི་བསྟན་བཅོས་ཕལ་ཆེ་བ་རྣམས་དང༌། འཁོར་བ་ལས་

ཡིད་འབྱུང་སྐྱེད་པར་བྱེད་པའི་རྟོགས་པ་བརྗོད་པ་དང༌། རྣམ་པར་ཐར་པ་མང་པོའི་ཚིག་དོན་ལ་ལེགས་པར་དཔྱད་པའི་གཟིགས་རྟོགས་ཀྱི་སྒོ་ནས་ཚར་ཕྱིན་པར་བགྱིས་སོ། །མདོར་ན་ཇི་སྐད་དུ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། མི་གང་སྐྱེ་བོ་དམ་པ་དང༌། །དམན་པའི་ཁྱད་

པར་ལེགས་ཤེས་ནས། །དེ་ཡི་བྱ་བ་བསྒྲུབ་ཤེས་པ། །ཕུན་སུམ་ཚོགས་པའི་གཞི་ཚན་ཡིན། །ཞེས་པ་ལྟར་རང་གཞན་གྱི་སྤྱོད་པའི་ཆ་ལ་ལེགས་པར་བརྟགས་ནས་དམ་པ་དང་དམ་པ་མ་ཡིན་པའི་ཁྱད་པར་དཔྱོད་པ་ལ་མ་རྨོངས་པ་ཉིད་དུ་གྱུར་ཏོ། །དེ་ནས་བསྟན་པའི་གཞི་

མ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབ་པའི་ཕྱིར་དང༌། དབུས་གཙང་ཕྱོགས་ཀྱི་དགོན་སྡེ་རིས་སུ་མ་ཆད་པ་རྣམས་སུ་ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པའི་རྩ་ལག་ཏུ་བཞུགས་པའི་བླ་མ་དམ་པ་རྣམས་དང་དགེ་སློང་གི་དགེ་འདུན་གྱི་ཚོགས་ཇི་སྙེད་ཅིག་མཆིས་པ་དག་ལ་འབུལ་འགྱེད་

เล่ม ๒๑๓ · หน้า 192b

དང་བསྙེན་བཀུར་སྟོབ་པའི་ཕྱིར་དང༌། དེ་དག་གི་གཙུག་ལག་ཁང་ཆེན་པོ་རྣམས་སུ་འགྲོ་བ་མ་ལུས་པའི་མགོན་སྐྱབས་དང་དཔུང་གཉེན་དུ་བཞུགས་པའི་རྟེན་གསུམ་ངོ་མཚར་ཅན་བགྲང་གིས་མི་ལང་བ་ཇི་སྙེད་བཞུགས་པ་རྣམས་ཀྱི་ཞལ་མཇལ་ཞིང་མཆོད་པ་དབུལ་བའི་སྒོ་ནས་བསོད་

ནམས་ཀྱི་ཚོགས་གསོག་པའི་ཕྱིར་དབུས་གཙང་གི་ཕྱོགས་སུ་ཆིབས་ཀྱི་གདོང་བསྒྱུར་བ་ལ་མཆོག་ཏུ་དགའ་བའི་འཛུམ་གྱི་ཕྲེང་བ་མང་པོས་བསུ་བའི་གདོང་གི་པདྨ་རྣམ་པར་རྒྱས་པ་དང་སྤྲོ་བ་མཆོག་གི་ཤིང་རྟ་དམ་པའི་ཁར་མངོན་པར་འཛེགས་པར་གྱུར་ཏོ། །ཇི་ལྟར་བཞེད་པའི་དོན་དེ་དག་གི་རྐྱེན་སེལ་ལ་

ཡང་དངུལ་མདའ་ལྷུན་གྲུབ་སྟེང་གཙོ་བོར་སྨོས་པའི་མངའ་འོག་ཏུ་གཏོགས་པའི་དགོན་སྡེ་མཐའ་དག་ལ་སྐུ་ཚེ་རིང་དུ་འཚོ་བའི་ཆོ་ག་མང་པོ་དང༌། བསྲུང་བཟློག་གི་རིམ་གྲོ་རྒྱ་ཆེན་པོ་དང༌། མགོན་ཁང་རྣམས་སུ་བསྐང་གསོ་རྒྱུན་འདོན་བྱེད་པའི་གྲྭ་པ་གསར་འཕར་མང་པོ་ཡང་བཞག་གོ། །ཁྱད་པར་མཁན་ཆེན་

ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་གྲུབ་པ་དང༌། ཡར་ལུང་མཁན་པོ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་པ་དང༌། མཐུ་སྟོབས་གྲུབ་པའི་དབང་ཕྱུག་སངས་རྒྱས་རྒྱ་མཚོ་སྟེ། རྡོ་རྗེ་འཛིན་པའི་དེད་དཔོན་ཆེན་པོ་དེ་དག་ནི་མགོན་ཁང་གསར་རྙིང་རྣམས་སུ་རིམ་པ་བཞིན་དུ་གདན་དྲངས་ཞུས་

ཏེ། བསྟན་སྲུང་ཡོངས་ཀྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་གུར་གྱི་མགོན་པོ་ལྕམ་དྲལ་དང༌། གདོང་བཞི་གཉན་གྱི་མགོན་པོ་ལ་སོགས་པའི་སྲུང་མ་རྒྱ་མཚོའི་ཚོགས་རྣམས་སྔགས་དང་ཏིང་ངེ་འཛིན་གྱི་ནུས་པས་བྲན་བཞིན་དུ་བཀོལ་ཏེ། མདུན་དུ་ཅི་བགྱི་ཞེས་བཀའ་ནོད་པའི་ཚུལ་གྱིས་འཁོད་པ་ལ་ཁྱེད་

རྣམས་ཀྱིས་རིགས་ཀྱི་བུ་འདིའི་ལུས་དང་གྲིབ་མ་བཞིན་དུ་རྟག་པར་འགྲོགས་ལ། དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་ལ་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་མི་འབྱུང་བ་དང༌། མཐུན་རྐྱེན་བཞེད་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཚུལ་བཞིན་དུ་སྒྲུབ་པའི་ཕྲིན་ལས་དང་སྟོང་

གྲོགས་གྱིས་ཤིག་ཅེས་བྱ་བ་ལ་སོགས་པའི་ཕྲིན་ལས་རྣམ་པ་བཞིའི་བཀའ་བསྒོ་ཡང་དག་པ་མཛད་དོ། །དེ་ནས་རིམ་གྱིས་བཏེག་སྟེ་ལམ་བར་དུ་འཁོད་པའི་དགོན་སྡེ་རྣམས་ལ་ཡང་དགེ་གཏོང་གི་མཆོད་སྦྱིན་རྒྱ་ཆེན་པོ་བསྟར་བ་དང་བཅས་ཏེ། ཡུལ་དབུས་འགྱུར་འཆང་གི་ལྟེ་བ་ལྷ་ལྡན་སྤྲུལ་པའི་

เล่ม ๒๑๓ · หน้า 193a

གཙུག་ལག་ཁང་ཆེན་པོ་དང་ཉེ་བའི་ཆར་ཕེབས་སོ། །དེའི་ཚེ་གཞུང་ས་ཆེན་པོ་མཆོད་ཡོན་ཉི་ཟླ་ཟུང་དུ་འབྲེལ་བ་ལྟ་བུ་དག་ནས་ཐུགས་ཤིན་ཏུ་དགེས་པའི་རོལ་མོར་མདུན་བསུའི་བཀོད་པ་སྔ་ཕྱིའི་རིམ་པ་མང་པོ་སྩལ་བ་ལ་སོགས་པ་གཞན་ལས་ཁྱད་པར་དུ་འཕགས་པའི་

བསྔགས་བཀུར་རྒྱ་ཆེན་པོ་དང་བཅས་ཏེ་ལྷ་ལྡན་དུ་བདེ་བར་ཕེབས་སོ། །དེར་ཕེབས་པ་དང་ཐོག་མར་བསིལ་ལྡན་ལྗོངས་ཀྱི་བོད་འབངས་སྤྱིའི་བསོད་ནམས་ཀྱི་རྭ་བ་གཞལ་དུ་མེད་ཅིང་རྣམ་པར་ཡངས་པ་དག་ཏུ་འགྱུར་ཁུག་སྙན་པའི་མགྲིན་པ་མཐའ་དག་ལྷན་ཅིག་ཏུ་བསྒྲིགས་པའི་སྨོན་ལམ་གྱི་རྒྱང་

གླུ་ཤིན་ཏུ་སྙན་པའི་གདངས་སུ་བསྒྱུར་ཏེ། དུས་རིང་མོ་ཞིག་ནས་ལན་བརྒྱ་འམ་སྟོང་གི་བར་དུ་བོས་པ་དང་འདྲ་བར་ཉེ་བར་ལྷགས་པའི་མགྲོན་གྱི་དམ་པ། སྡེ་སྲིད་མིའི་དབང་པོ་ཕོ་ལྷ་ཐཱ་ཇི་ཞེས་བྱ་བ་ལེགས་བྱས་ཀྱི་མཁུར་ཚོས་ཡངས་པའི་ངོས་སུ་རྒྱ་ཆེན་དབང་གི་ཕྲིན་ལས་ཀྱི་དམར་མདངས་

ཕུན་སུམ་ཚོགས་པས་མངོན་པར་འཕོས་པ་དེ་ཉིད་ཀྱི་ཞལ་བཟང་ཟླ་བ་གཞོན་ནུ་ཡོངས་སུ་མཇལ་བར་ཞུ་བའི་རྟེན་དང༌། དེང་གི་དུས་ན་སངས་རྒྱས་ཀྱི་བསྟན་པ་རིས་སུ་མ་ཆད་པ་ལ་ཕན་པའི་རི་མོ་ལྷག་པར་བགྱི་བའི་སྒོ་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་

བཀོད་པའི་དྲིན་གཟོར་དམིགས་ནས་འབུལ་ཚན་བརྒྱ་ཕྲག་གཅིག་དང་གསུམ་གྱིས་ལྷག་པ་ཕུལ་ལོ། །དེར་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་མཐུན་པའི་གསུང་མཆིད་ཀྱི་བདུད་རྩིའི་ཟེར་ཕྲེང་ཅི་ཡང་སྩལ་བའི་དགའ་སྟོན་བཟང་པོ་མྱང་ངོ༌། །དེ་ཉིད་ནས་མཚམས་སྦྱར་ཏེ་མི་རིང་

བར་དཔལ་ལྡན་གྲུ་འཛིན་ཞིང་གི་མགོན་པོའི་ཕོ་བྲང་གཉིས་པ་པོ་ཏ་ལ་ཞེས་བྱ་བ་སྤྲུལ་པའི་ལྷ་བཟོ་བི་ཤྭ་ཀརྨའི་ལག་གི་འདུ་བྱེད་ལས་བྱུང་བ་ལྟ་བུའི་བསྟི་གནས་དེ་ཉིད་དུ་འཕགས་པ་ཕྱག་ན་པདྨའི་རྣམ་པར་འཕྲུལ་པ་གདོན་མི་ཟ་བའི་ཐུགས་རྗེ་དང་ལྡན་པ། རྒྱལ་བའི་དབང་པོ་ཐམས་ཅད་

མཁྱེན་པ་བསྐལ་བཟང་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དེ་ཉིད་ཞལ་མཇལ་གྱི་ཆེད་དུ་བྱོན་པ་ན། ནམ་ཞིག་གི་ཚེ་ན་སྐྱབས་མགོན་ཆེན་པོ་དེ་ནི་འཇིགས་མེད་གདོང་ལྔའི་དབང་པོ་དྲེགས་པས་བསྒྱིངས་པའི་ཁྲི་མཐོན་པོ་ག་ལ་བར་ཞབས་ཀྱི་པདྨ་རྣམ་པར་བཀོད་དེ།

เล่ม ๒๑๓ · หน้า 193b

ལྷམ་མེ། ལྷང་ངེ༌། ལྷན་ནེར་བཞུགས་པ་མཐོང་ངོ༌། །མཐོང་ནས་ཀྱང་གནས་སྐབས་སུ་སྐལ་བ་བཟང་པོ་འདི་ལྟ་བུ་དང་ཕྲད་པར་གྱུར་ཏོ་སྙམ་པའི་དགའ་བ་དང་སྤྲོ་བ་དཔག་ཏུ་མེད་པ་དང་ཆབ་ཅིག་པར། དེ་ཉིད་ཀྱི་སྤྱན་ལམ་དུ་བཀྲ་ཤིས་པའི་ཁ་དར་དང༌། དེ་བཞིན་གཤེགས་པའི་

རྟེན་གསུམ་ངོ་མཚར་ཅན་གྱིས་ཐོག་དྲངས་པའི་འབུལ་བ་དངོས་པོ་བཟང་ཞིང་གཏོས་ཆེ་བ་ཚན་གྲངས་སྟོང་ཕྲག་ལས་ཀྱང་ལྷག་པའི་ཚོགས་རྫོགས་རྒྱ་དཔངས་མི་ཆུང་ཙམ་ཕུལ་ཏེ། ཞལ་གྱི་དཀྱིལ་འཁོར་དངོས་སུ་མཇལ་བའི་དགའ་བ་གྱ་ནོམ་པ་བརྙེས་སོ། །དེ་ནས་རིམ་གྱིས་དཔལ་

འབྲས་སྤུངས་དང་སེ་ར་ལ་སོགས་པ་དེ་ཕྱོགས་ཀྱི་དགོན་སྡེ་ཆེ་ཕྲ་རྣམས་སུ་དགེ་སློང་གི་དགེ་འདུན་ཇི་སྙེད་བཞུགས་པ་དག་ལའང་གྲལ་འགྱེད་དང་བསྙེན་བཀུར་གཟབས་པར་བསྟབས་སོ། །ཁྱད་པར་མེ་ཏོག་བརྩེགས་པའི་གཟུངས་ལས། སེང་གེ་རྣམ་པར་རྩེ་བ་གང་གིས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལོ་གཅིག་གམ། ལོ་བརྒྱའམ། ལོ་སྟོང་དུ་ཡང་རུང་སྟེ་བདེ་བའི་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་དང༌། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་རྟེན་རྣམས་ལ་མེ་

ཏོག་འབུལ་ལམ། ཆུ་སྙིམ་པ་གང་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། གདུག་པ་འབུལ་ལམ། མར་མེ་འབུལ་ཞིང་ཕུལ་ན་དགའ་བའི་སེམས་ཀྱིས་གོམ་པའི་སྟབས་འགའ་བོར་ཏེ་སངས་

རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི་སེང་གེ་རྣམ་པར་རྩེ་བ་བསྐལ་པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་དུའམ། བསྐལ་པ་བརྒྱ་སྟོང་དུ་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འགྲོ་བར་འགྱུར་བ་དེའི་གནས་མེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་

པའི་ཕན་ཡོན་གྱི་འཕྲིན་ཡིག་བསླུ་བ་མིན་པའི་ལུང་གི་ཕྲེང་བ་མང་པོ་ཡིད་ཀྱི་ཁང་བཟངས་ཡངས་པ་དག་ཏུ་རྗེས་སུ་སེམས་ཤིང་རྗེས་སུ་དྲན་པའི་བྱེད་པོས་ལེགས་པར་འདྲི་བཞིན་པས་འཇིག་རྟེན་ཀུན་གྱི་མཆོད་སྡོང་བླ་ན་མེད་པར་བཞུགས་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་དང་གཟུགས་

เล่ม ๒๑๓ · หน้า 194a

ཀྱི་ཁམས་ན་གནས་པའི་ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང༌། གདེངས་ཅན་དབང་པོ་ལ་སོགས་པ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཚོགས་བྱེ་བ་ཁྲག་ཁྲིག་མང་པོས་མདུན་གྱིས་བལྟས་ཏེ། ཉི་

མ་རེ་རེ་བཞིན་དུ་མཆོད་པའི་སྤྲིན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་རྗེད་པར་བྱེད་པའི་བསོད་ནམས་ཀྱི་རྟེན་བླ་ན་མེད་པ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་རྣམ་པ་གཉིས་ལ་སོགས་པའི་རྟེན་གསུམ་གྱི་རྣམ་པ་ཇི་སྙེད་བཞུགས་པ་རྣམས་ཏེ། དེ་དག་ལ་ཞལ་གསེར་གསོལ་

བ་དང༌། བདུག་པ་དང༌། མར་མེ་དང༌། ཞལ་ཟས་སོགས་ཉེ་བར་སྤྱོད་པ་རྣམས་དང༌། སྟོང་འཁུན་གྱི་ཡུལ་ལས་འཐོན་པའི་དར་གོས་ཀྱི་ཁྱད་པར་སྣ་ཚོགས་པ་ལས་གྲུབ་པའི་སྙན་ཤལ་དང༌། འཕན་དང༌། གསེར་ལས་བརྡུངས་པའི་མཆོད་ཀོང་ལ་སོགས་པ་མཆོད་པའི་ཡོ་བྱད་གྱ་ནོམ་པ་རྣམས་ཀྱིས་

མཆོད་པ་འབུལ་བ་དང་བཅས་ཏེ། མདོར་ན་བསགས་པའི་དངོས་པོ་སྙིང་པོས་དབེན་པ་རྣམས་ཀྱང་འདིའི་དོན་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོ་བའི་སྙིང་པོ་ཤིན་ཏུ་ལྕི་བའི་རང་བཞིན་ཅན་དུ་མཛད་དོ། །དེ་ནས་མཐར་གྱིས་གཙང་ཕྱོགས་སུ་བཏེག་སྟེ་ལམ་བར་གྱི་དགོན་སྡེ་རིས་སུ་མ་ཆད་

པ་རྣམས་སུ་བཞུགས་པའི་དགེ་འདུན་རྣམས་ལ་བསྙེན་བཀུར་རྒྱ་ཆེན་པོ་བསྲིང་བ་དང་བཅས་ཏེ། རིམ་གྱིས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཁམས་སུ་ཕན་བདེ་མ་ལུས་པའི་འབྱུང་གནས་གཅིག་པུར་གྱུར་པའི་དཔལ་སྟོབས་བཅུ་མངའ་བའི་ལུང་རྟོགས་ཀྱི་བསྟན་པ་དྲི་མ་མེད་པའི་ཆུ་ཀླུང་བྱེ་བ་

ཕྲག་བརྒྱ་ཡོངས་སུ་བཟུང་བ། བཤད་པ་དང་སྒྲུབ་པའི་ཕྲིན་ལས་ཀྱི་རྒྱུན་ཆེན་པོས་ཕྱོགས་དང་ཕྱོགས་བྲལ་གྱི་ཁོ་ར་ཁོར་ཡུག་མ་ལུས་པ་ཁྱབ་པར་རྟག་ཏུ་འབེབས་པའི་གནས། ཉེ་བར་བསྟེན་ན་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རིན་པོ་ཆེ་ཟད་མི་ཤེས་པའི་འབྱུང་གནས་དམ་པར་

གྱུར་པ། དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོ་ཞེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཆེན་པོ་ཉིད་སའི་སྟེང་ན་འཕོས་པ་སྙམ་བྱེད་པ་སྟེ། དེའང་ཨེ་ཝཾ་ཞེས་པ་ནི་མདོ་སྡེ་དང་རྒྱུད་སྡེ་ཕལ་ཆེ་བ་དག་གི་ཐོག་མར་གླེང་སློང་བའི་གཞི་ཐམས་ཅད་ནི་ཡི་གེ་དམ་པ་དེ་གཉིས་ལས་རྣམ་པར་འཕྲོས་

เล่ม ๒๑๓ · หน้า 194b

ཏེ། ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་བར་དུ་འབྱུང་བའི་སྒོར་གྱུར་པ་ལྟར། འདིར་ཡང་དེ་ལྟ་བུའི་སྒྲ་དོན་དང་ལྡན་པའི་ཕྱིར་ཏེ། གདན་ས་དེ་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་མང་པོ་ཡིད་ལ་རྗེས་སུ་བྱེད་ཅིང༌། རྗེས་སུ་མཐོང་བ་ལྷུར་བྱེད་པ་དང་བཅས་ཏེ། དཔེར་ན་སྐོམ་པས་གདུང་

བའི་སྐྱེས་བུ་གང་ལ་ལ་ཞིག་ཤིན་ཏུ་བསིལ་བའི་ཆུ་རྒྱུན་གཙང་མ་ཡིད་དུ་འོང་བའི་ཆབ་སྒྲ་སྙན་པར་སྒྲོགས་བཞིན་དུ་འབབ་པ་གང་ཞིག་ཡིད་ལ་བྱེད་ཀྱིན་རིངས་པ་རིངས་པར་འགྲོ་བ་དེ་བཞིན་དུ་མཆོག་ཏུ་སྤྲོ་བའི་ཤིང་རྟ་དམ་པ་ལ་མངོན་པར་འཛེགས་ཏེ་བྱོན་ནོ། །ཇི་སྐད་ཡིད་ལ་བྱ་བའི་གནས་དེའི་

ཡོན་ཏན་གྱི་ཁྱད་པར་ཡང་ཇི་ལྟ་བུ་ཞེ་ན། རྒྱས་པར་ན་བརྗོད་ཀྱིས་མི་ལྡང་བ་ཉིད་ཀྱང་འདིར་མདོ་ཙམ་ཞིག་ནི། རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་པའི་དངོས་སློབ་ཤར་དྭགས་པོའི་པཎྜི་ཏ་རྗེ་བཙུན་ཕྲིན་ལས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེ།

ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་མཁས་པ་ཆེན་པོ་དེས་མཛད་པའི་བསྟོད་པ་ཌཱ་ཀི་རྣམ་པར་བཞད་པའི་གླུ་དབྱངས་ཞེས་བྱ་བ་ལས། ཀུན་དཀྲིས་ཉེས་བརྒྱས་གཟིངས་པའི་གྲོང་ཁྱིམ་ལས། །ལམ་རིང་བགྲོད་དཀས་ཕྱིན་པ་ཉེར་ཞིའི་གནས། །ངན་འགྲོའི་འཇིགས་

ལས་རྒྱལ་བྱེད་ཚལ་དང་ནི། །མྱང་འདས་ཐར་པ་མཆོག་གི་གཞལ་མེད་ཁང༌། །འདུ་འཛིའི་ཀླུང་བརྒྱ་བརྒལ་བ་རི་བོའི་ཕབ། །བྱ་དང་རི་དྭགས་རྩེ་བའི་དོ་ར་མཆོག །གྲུབ་པ་རིག་འཛིན་དྲང་སྲོང་དགའ་བའི་ཚལ། །འབྲོག་དགོན་ཤིན་ཏུ་དབེན་པའི་བསྟི་གནས་གང༌། །

ཏིང་འཛིན་ངང་གིས་འཕེལ་བ་སྲིད་ཉོན་གྱི། །གདུང་སྐྱོབ་དཔལ་གྱི་དུམ་བུའི་ལྡིང་ཁང་ཉིད། །ལྷོ་ཕྱོགས་མ་ལ་ཡ་ཡི་ནགས་ཀླུངས་ལས། །བྱང་ཕྱོགས་དཔལ་མོའི་རྒྱན་དུ་འཕོས་པ་སྙམ། །སྲིད་པའི་འདམ་རྫབ་ནཱ་རིའི་བགྲོད་པ་དང༌། །མཚན་རྒྱུ་སྲེད་བྱེད་ཁ་ཟས་མཾ་སའི་དུམ། །

མྱོས་འགྱུར་དུག་གི་ཁུ་བའི་ཐིགས་པ་སྟེ། །ཉེས་བརྒྱའི་བསྐྱེད་རྩ་བདུད་ཀྱི་ལོངས་སྤྱོད་དག །རྟག་པར་རིང་དུ་སྤང་བ་བཅའ་ཁྲིམས་ཀྱི། །ར་བ་བརྩེགས་པའི་གོ་སྐབས་མི་ཕྱེད་པ། །ཞོ་འཐུང་རུས་པའི་དུམ་བུ་གོ་བིནྡའི། །མཚོན་གྱི་འཁོར་ལོ་ཡིས་ཀྱང་གཞིག་ནུས་མིན། །

เล่ม ๒๑๓ · หน้า 195a

དཀར་གསུམ་མངར་གསུམ་འཕགས་པ་དགེས་པའི་ཟས། །ཟླ་བའི་དུམ་བུ་བདུད་རྩིའི་ཟིལ་མངར་དང༌། །བཟའ་ཤིང་འཕུར་མ་མང་པོ་བགྲུངས་པའི་ཆབ། །ལྷ་ཡི་ཞལ་སྐྱེམས་བཏུང་བས་ཉེར་འཚོ་བའི། །གཙང་སྤྱོད་ས་ཧ་ཀ་རའི་སྙེ་མ་དག །ཡོངས་

སུ་སྨིན་པའི་ཚུལ་ཁྲིམས་དྲི་བཟང་པོ། །ཕྱོགས་བརྒྱར་འཐུལ་བས་ལྷ་རྫས་སྤོས་ངད་ཀྱིས། །སྲིད་ལམ་དུབ་པའི་མགྲོན་པོ་དབུགས་འབྱིན་བཞིན། །གུས་པའི་ཕོ་ཉས་མགྲོན་གཉེར་ལམ་རིང་གིས། །ངལ་བརྒྱའི་ཁུར་བཅས་ལམ་དུ་བགྲོད་མ་ཐག །ཐོས་བསམ་སྒོམ་པའི་བྱ་

བ་ལྷུར་བྱེད་ལས། །ཚེ་འདིའི་ཟང་ཟིང་གཡེངས་པ་ངང་གིས་སྤོང༌། །བུད་ཤིང་ལ་སོགས་ཉེར་སྤྱད་བཙལ་དཀའ་བས། །བཟའ་བཏུང་རྙེད་བཀུར་ལྷུར་བྱེད་མི་འདུ་ཞིང༌། །དབང་ལུང་མན་ངག་ཆོས་ཀྱི་ཆར་འབབ་པས། །ཐར་འདོད་སྐལ་ལྡན་སྐྱེ་བོ་ངང་གིས་འདུ། །ཞེས་བྱ་བ་

ལ་སོགས་པའི་ཡོན་ཏན་གྱི་རྣམ་པ་མང་པོ་དང་ལྡན་པའི་གནས་དེ་ཉིད་དང་ཉེ་བའི་ས་ཕྱོགས་སུ་བདེ་བར་སོན་ནོ། །དེའི་ཚེ་ངོར་གྱི་བླ་བྲང་ཁག་རྣམས་དང་ཁང་ཚན་རྣམས་ཀྱིས་བསུ་བ་སྔ་ཕྱི་མང་པོས་རིམ་པར་སོན་ཅིང༌། ཁྱད་པར་སིནྡྷཱུ་ཝཱ་རའི་རྒྱ་མཚོ་ཆེན་པོ་ཤིན་ཏུ་རངས་པའི་རྦ་རླབས་

ཀྱི་ལྕེ་ཞགས་ནམ་མཁའི་མཐོངས་སུ་འཕྱོ་བ་ལ། ཁ་དོག་ལྔ་པའི་གཞའ་རིས་གསར་པས་སླར་ཡང་ཀུན་ནས་མཛེས་པར་བྱས་པ་ལྟ་བུའི་དགེ་སློང་གི་དགེ་འདུན་གྱི་ཚོགས་ཆེན་པོ་ཕྲེང་དུ་བསྟར་བའི་སེར་སྦྲེང་གི་བཀོད་པ་སྐྱེ་བོ་ཀུན་གྱི་མིག་གི་ལོངས་སྤྱོད་དུ་བསྐྲུན་པའི་ངོ་མཚར་གྱི་ལྟད་མོ་མཐོང་

བ་ནི་འདི་ལྟ་སྟེ། ཐོག་མར་དགེ་ཞིང་བཀྲ་ཤིས་པར་བྱ་བ་དང་སྙན་པའི་གྲགས་པས་ཕྱོགས་ཀྱི་དཀྱིལ་འཁོར་ཀུན་ཏུ་དགང་བར་བྱ་བའི་རྟེན་འབྲེལ་གྱི་དང་པོར་སྐྱེ་བ་སྔ་པའི་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་འབུད་པའི་སྒྲ་དང༌། དེ་ནས་རིམ་བཞིན་དུ་གླིང་བུའི་སྒྲ་དང༌། སིལ་སྙན་གྱི་སྒྲ་

དང༌། རྔ་བོ་ཆེའི་སྒྲ་དང༌། རྔ་ཟླུམ་གྱི་སྒྲ་དང༌། རྫ་རྔའི་སྒྲ་དང༌། པི་ཝང་གི་སྒྲ་སྟེ་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང༌། གཞན་ཡང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང༌། གདུགས་དང༌། བ་དན་དང༌། ཕྱེ་མ་ཕུར་མ་དང༌། འཕན་རྩེ་གསུམ་པ་དང༌།

เล่ม ๒๑๓ · หน้า 195b

རིན་པོ་ཆེའི་རྔ་ཡབ་དང༌། བསིལ་ཡབ་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བསུ་བའི་དགའ་སྟོན་རྒྱ་ཆེན་པོ་དང་བཅས་ཏེ་རིང་ནས་བསམ་པའི་ཡུལ་དུ་ལན་བརྒྱར་བྱས་པའི་ཆོས་གྲྭ་ཆེན་པོ་དེ་ཉིད་དུ་སྐུ་དང་གསུང་དང་ཐུགས་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་

ལས་རྣམ་པར་རྒྱལ་བའི་ངོ་མཚར་གཏམ་གྱི་གླིང་བུ་བྱེ་བ་ཕྲག་བརྒྱས་མདུན་བདར་བ་དང་བཅས་ཏེ་ཉེ་བར་བྱོན་ནོ། །དེ་ལའང་འདི་ལྟར་དོགས་པ་སེམས་ཏེ། མཚུངས་པ་མེད་པའི་བསྟན་པའི་རྩ་ལག་དམ་པར་གྱུར་པའི་བླ་མ་དང་མཁན་པོ་གང་དུ་བཞུགས་བཞིན་དུ། རང་གི་སློབ་མ་ལ་

བསུ་བ་འདི་ལྟ་བུའི་བཀོད་པ་བཤམས་པ་མི་རིགས་སོ་སྙམ་ན། ཤིན་ཏུའང་རིགས་ཏེ། གང་དག་གནས་སྐབས་དང་མཐར་ཐུག་གི་རྣམ་པ་ཐམས་ཅད་དུ་དགེ་ལེགས་སུ་བྱེད་པའི་རྟེན་འབྲེལ་ཐམས་ཅད་ཀྱི་ཐོག་མ་ནི་རང་གི་མཁན་པོར་གྱུར་པའམ། བླ་མར་གྱུར་པའམ། སློབ་དཔོན་

དུ་གྱུར་པ་གང་ཡིན་པ་དེ་ཉིད་ཀྱིས་བསྒྲིགས་དགོས་པ་ནི། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་གནད་ལ་མཁས་པ་ཀུན་གྱི་ཆོས་ལུགས་ཡིན་ནོ། །དེའང་དཔེར་ན་བདག་ཅག་གི་སྟོན་པ་འདི་ཉིད་སྔོན་གྱི་དུས་ན་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན། དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྙིང་པོའི་སྤྱན་སྔར་བླ་ན་མེད་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ནས་བདེན་པའི་སྟོབས་བརྗོད་པ་ན། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་ཞལ་ནས། ཁྱོད་ནི་པདྨ་དཀར་པོ་ལྟ་བུའི་

བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་བསྔགས་པ་དང༌། དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང༌། བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དག་སྐྱེས་སུ་སྩལ་བ་དང་བཅས་ཏེ།

སངས་རྒྱས་རྣམས་ཀྱི་གསུང་དབྱངས་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལས་འཕོས་པའི་བསྟོད་པའི་ཚོགས་རྣམས་ཀྱིས་མངོན་པར་བསྟོད་པ་དང༌། བྲམ་ཟེའི་ཁྱེའུར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ལུང་བསྟན་ཅིང་འཁོར་གྱི་དབུས་སུ་མངོན་པར་བསྟོད་པ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด