དཀར་ཆག
ชื่อนี้มาจากชื่อไฟล์ของเล่มในต้นทาง
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๑๓ · หน้า 196a
དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པ་ཏོག་ཏུ་གྱུར་པའི་ཚེ་དགའ་ལྡན་གྱི་གནས་ནས་ཛམྦུའི་གླིང་དུ་འཕོ་བར་བརྩམས་པ་ན། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྟོད་ཅིང་སེམས་ཅན་གྱི་དོན་ལ་
བསྐུལ་བ་དང༌། རང་གི་ཅོད་པཎ་དམ་པ་རྗེ་བཙུན་མ་ཕམ་པའི་དབུར་བཅིངས་ཏེ། མ་འོངས་པ་ན་འཚང་རྒྱ་བར་ལུང་བསྟན་ཅིང་འཁོར་གྱི་ཚོགས་སུ་མངོན་པར་བསྟོད་དེ། ཐེག་པ་ཆེན་པོའི་དམ་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་དང༌། ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་པོ་དགེ་བ་
དཔལ་གྱི་སྲས་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་འཁོར་དགེ་སློང་འདུལ་བ་འཛིན་པ་བརྒྱ་དང་བརྒྱད། དགེ་ཚུལ་བཅུ་གསུམ། དགེ་སློང་ཆེན་པོ་བཞི་སྟེ་བརྒྱ་དང་ཉི་ཤུ་རྩ་ལྔས་ཡོངས་སུ་བསྐོར་ཏེ། བླ་མ་གསེར་གླིང་པའི་དྲུང་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། ཐེག་
པ་ཆེན་པོའི་བློ་སྦྱོང་ལ་སོགས་པ། ཐུགས་ལ་ཇི་ལྟར་མངའ་བའི་ཆོས་རྣམས་ཞུ་བའི་ཆེད་དུ་བྱོན་པ་ན། བླ་མ་གསེར་གླིང་པའི་འཁོར་དགེ་སློང་ཆོས་གོས་རྣམ་པ་གསུམ་སྐུ་ལ་གསོལ་བ་ཐམས་ཅད་ཀྱང་རིལ་བ་སྤྱི་བླུགས་དང༌། འཁར་གསིལ་ཕྱག་ན་ཐོགས་པས་མཛེས་
པ། སྔོན་དུས་སྟོན་པའི་འཁོར་གྱི་དགྲ་བཅོམ་པ་རྣམས་ལྟར་དྭང་བ་འདྲེན་པའི་དགེ་སློང་ལྔ་བརྒྱ་དང་སུམ་ཅུ་རྩ་ལྔ། རབ་ཏུ་བྱུང་བ་དྲུག་ཅུ་རྩ་གཅིག་སྟེ། མདོར་ན་རབ་ཏུ་བྱུང་བ་ལྔ་བརྒྱ་དང་དགུ་བཅུ་རྩ་བདུན་གྱི་སེར་སྦྲེང་གི་སྣ་བླ་མ་གསེར་གླིང་བ་ཉིད་ཀྱིས་དྲངས་ནས། རྒྱང་རིང་
པོ་ནས་བསུ་བ་མཛད་པ་ལ་སོགས་པ་སྔོན་གྱི་མཁས་གྲུབ་མང་པོའི་རྣམ་པར་ཐར་པ་རྣམས་ལ་ལེགས་པར་བལྟས་པས་རྟོག་པའི་ཚེར་མ་དེ་དག་ཡོངས་སུ་ཞི་བར་འགྱུར་རོ། །དེ་ནས་མི་རིང་བར་ཨེ་ཝཾ་བླ་བྲང་ཞེས་པ་དུས་རྟག་པར་དཔའ་བོ་དང་མཁའ་འགྲོའི་ཚོགས་ཐམས་ཅད་སྤྲིན་བཞིན་
དུ་འདུ་ཞིང༌། གསང་ཆེན་ཆོས་ཀྱི་ཕོ་བྲང་ཆེན་པོ་ཉིད་དུ་རྡོ་རྗེ་ཐེག་པས་མཚོན་པའི་ཆོས་ཀྱི་ཚུལ་དྲི་མ་མེད་པ་ཐམས་ཅད་བཤད་པ་དང་སྒྲུབ་པའི་སྒྲ་དབྱངས་ཆེན་པོ་རྒྱུན་མི་ཆད་པར་འབྱུང་བའི་ཕྲིན་ལས་རྒྱ་ཆེན་པོ་བསྒྲུབ་པ་དང༌། གནས་གཙང་མ་རིས་ཀྱི་ལྷའི་བུ་གཞོན་ནུ་གྲངས་
เล่ม ๒๑๓ · หน้า 196b
མེད་པའི་ཚོགས་ནི། དཔེར་ན་ཆུ་ལས་སྐྱེས་པའི་པདྨ་རྣམ་པ་སྣ་ཚོགས་པས་ཀུན་ནས་བརྒྱན་ཏེ་ཉམས་དགའ་དགའ་ལྟར་བྱས་པའི་རྫིང་བུ་གང་ལ་ངང་པ་དང་ངུར་པའི་ཚོགས་མང་པོ་མ་བསྡུས་པར་ཡང་ངང་གིས་འདུ་བར་འགྱུར་བ་དེ་བཞིན་དུ་ཉི་མ་རེ་རེ་བཞིན་དུ་ནམ་མཁའི་ངོས་
ཐམས་ཅད་དུ་སྤྲིན་གྱི་ཤིང་རྟ་དང༌། གླང་པོ་ཆེ་དང༌། མཁའ་ལྡིང་དང༌། རྟ་མཆོག་གི་རྣམ་པ་བསམ་གྱིས་མི་ཁྱབ་པ་དག་སྤྲུལ་ཏེ། དེ་དག་གི་རྒྱབ་ཏུ་ཞོན་ཏེ་མངོན་པར་ལྷགས་ནས་འོངས་པའི་ལྷའི་བུ་དེ་དག་གིས་ལྷའི་མེ་ཏོག་གི་སིལ་མས་གཏོར་བ་དང༌། བདུག་པའི་སྤྲིན་གྱིས་
དཀྲིགས་པ་དང༌། རིན་པོ་ཆེའི་སྒྲོན་མ་བཏེག་པ་དང༌། དྲི་ཞིམ་པོའི་ཆུས་ཟིལ་མ་འཐོར་བ་དང༌། བཟའ་བ་དང་བཅའ་བ་སྦྱར་བའི་ཞལ་ཟས་རྣམ་པ་སྣ་ཚོགས་པས་མཆོད་པ་དང༌། སིལ་སྙན་ལ་སོགས་པ་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་དག་གིས་མངོན་པར་མཆོད་པ་དང༌། གཞན་
ཡང་འཕན་དང༌། གདུགས་དང༌། རྒྱལ་མཚན་དང༌། རྔ་ཡབ་དང༌། ཁང་བཟང་ཉམས་དགའ་བ་ལ་སོགས་པ་དཔལ་འབྱོར་ཕུན་སུམ་ཚོགས་པ་དག་གིས་བཀུར་སྟིར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། སྙན་པའི་ཚིག་ཐམས་ཅད་ཀྱིས་བསྟོད་ཅིང་བཀུར་བར་བྱེད་པའི་གནས་
ཀྱི་དམ་པ་ག་ལ་བ་དེར། བསོད་ནམས་ཀྱི་མཐུ་ཆེན་པོས་མངོན་པར་མཐོ་བར་བྱས་པའི་ལྷ་སྲས་མིའི་དབང་ཕྱུག་ཆེན་པོ་རང་བཞིན་གྱིས་ཞི་ཞིང་དུལ་བའི་ཡོན་ཏན་གྱི་ཚོགས་མང་པོས་ཡོངས་སུ་བཟུང་བའི་རྒྱལ་བའི་མྱུ་གུའི་རིགས་མཆོག་རྨ་མེད་པ་དེ་ཉིད་དང༌། དེའི་བཀའི་ལས་བྱེད་
ཀྱི་གཙོ་བོ་འཕྲུལ་བློན་ཆེན་པོ་བསོད་ནམས་བཀྲ་ཤིས་ཞེས་བྱ་བ། ས་གཞི་སྐྱོང་བ་ཆེན་པོ་གང་དེའི་བཀའ་ལུང་གསེར་གྱི་འཁོར་ལོ་རྩིབས་སྟོང་གིས་མངོན་པར་མཛའ་བ་གང་དེ་གཟུ་བོར་གནས་པའི་བློ་གྲོས་ཀྱི་ལག་པས་ལེགས་པར་བཟུང་ནས། ཕྱོགས་དང་ཕྱོགས་བྲལ་གྱི་རྒྱལ་
ཕྲན་དང༌། བློན་པོ་དང༌། སྡེ་དཔོན་དང༌། མཁས་པ་དང༌། མཛངས་པ་དང༌། དཔའ་ཞིང་རྟུལ་ཕོད་པ་ཀུན་གྱི་སྤྱི་བོའི་སྟེགས་ལ་ངལ་བསོར་སྤྱོད་ཅིང༌། ལུགས་དང་མཐུན་པའི་བཀའ་མཆིད་ལྷའི་བདུད་རྩི་ལྟ་བུས་སྐྱེ་འགྲོ་ཐམས་ཅད་དགེ་བ་བཅུ་དང་རྗེས་སུ་མཐུན་པའི་སྤྱོད་ལམ་བཟང་པོ་ལ་
เล่ม ๒๑๓ · หน้า 197a
རྣལ་དུ་འགོད་པར་བྱེད་པ་དེ་ཉིད་དང༌། མདུན་ན་འདོན་གྱི་གཙོ་བོ་འཕྲུལ་བློན་ཆེན་པོ་ལྷ་བུ་ཚེ་རིང་ཞེས་བྱ་བ། བྱམས་ལྡན་ས་གཞི་སྐྱོང་བའི་དབང་ཕྱུག་དམ་པ་དེ་ཉིད་ཀྱི་ཆོས་དང་སྲིད་ཀྱི་གཙུག་ལག་ཉི་ཟླ་ཟུང་འབྲེལ་ལྟ་བུའི་བགྱི་བ་མཐའ་དག་གི་ཕྲིན་ལས་ཐུར་
མ་བརྒྱ་པའི་གདུགས་དཀར་པོ་གང་ཡིན་པ་དེ། བསྒྲུན་དུ་མེད་པའི་སྙིང་སྟོབས་ཀྱི་ཕྲག་པ་བརྟན་པོས་གོང་ནས་གོང་དུ་འདེགས་པའི་འགྲིབ་མ་བསིལ་པོས་ཡངས་པའི་ས་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་ཡོངས་སུ་སྐྱོབ་པ་ལ་བསྙེངས་པ་མི་མངའ་བའི་མཁྱེན་དཔྱོད་ཀྱི་རྩལ་
ཆེན་པོ་ཀུན་ནས་རྫོགས་པར་གྱུར་ཅིང༌། གཅིག་ཏུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པའི་སྙིང་ནས་ཕན་པའི་ཐུགས་བསྐྱེད་ཀྱི་ཁོ་ལག་ཀུན་ནས་བདོ་བ་དེ་ཉིད་དང༌། གཞན་ཡང་ས་བདག་ཆེན་པོའི་བཞེད་པ་ཐམས་ཅད་ཡིད་བཞིན་དུ་བསྒྲུབ་པ་ལ་ལུས་དང་ངག་དང་
ཡིད་ཀྱི་རྩལ་དགུ་ཡོངས་སུ་རྫོགས་པའི་ཕྱི་བློན་དང༌། ནང་བློན་དང༌། དཀོར་གཉེར་དང༌། མགོ་དཔོན་ལ་སོགས་པའི་འཁོར་གྱི་སྐྱེ་བོའི་ཚོགས་དང་ལྷན་ཅིག་ཏུ་འདྲེན་མཆོག་མཚུངས་པ་མེད་པའི་ཞལ་གྱི་དཀྱིལ་འཁོར་ལེགས་པར་མཇལ་བའི་ཕྱིར། ཐམས་ཅད་ཀྱང་སྔ་ན་མེད་པའི་
དགའ་བ་དང༌། སྤྲོ་བ་དང༌། གུས་པ་མཆོག་གི་བདུད་རྩིའི་འཛུམ་རླབས་སྟོང་གིས་བཞིན་གྱི་དཀྱིལ་འཁོར་མ་ལུས་པ་ལེགས་པར་བཀྲུས་པ་བཞིན་དུ་མངོན་པར་ཆས་ཏེ་གསང་ཆེན་ཆོས་ཀྱི་གནས་མཆོག་དམ་པ་དེ་ཉིད་དུ་ཉེ་བར་ཕྱིན་ཏོ། །ཇི་ཙམ་ཞིག་ན་གནས་དེར་སྡེ་སྣོད་རིན་པོ་ཆེ་རྣམ་པ་
གསུམ་དང༌། རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིས་བསྡུས་པའི་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་རྟག་ཏུ་སྒྲོགས་པ་ལ་འཇིགས་པ་དང་བག་ཚ་བ་མི་མངའ་བའི་བརྡར། གདོང་ལྔའི་དབང་པོ་བརྒྱད་ཀྱིས་མངོན་པར་བཏེག་པའི་ཆོས་ཀྱི་ཁྲི་ཆེན་པོ་ཞིག་ཏུ་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་ཆེན་
པོ་རྗེ་བཙུན་ཀུན་དགའ་བཟང་པོ་པའི་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བསྒྱུར་བའི་གདན་རབས་སོ་གསུམ་པ། མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་བ་ཞེས་བྱ་བ། ཕྱོགས་བཅུའི་འཇིག་རྟེན་གྱི་
เล่ม ๒๑๓ · หน้า 197b
ཁམས་རབ་འབྱམས་མཐའ་དང་མུར་ཐུག་པ་མེད་པའི་ཞིང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱོན་པ་དང༌། འབྱོན་པར་འགྱུར་བ་དང༌། ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་པ་ཐམས་ཅད་ཀྱི་སྐུ་དང་གསུང་
དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་མ་ལུས་པ་གཅིག་ཏུ་བསྡུས་པའི་སྒྱུ་འཕྲུལ་གྱི་རྣམ་པར་རོལ་པ་ཆེན་པོ་དེང་གི་དུས་ཀྱི་ལྷ་དང༌། མི་དང༌། ཀླུའི་འཇིག་རྟེན་གྱི་ཁམས་སུ་འཁོད་པའི་སྐྱེ་དགུ་མ་ལུས་པའི་ཡན་ལག་མཆོག་གིས་ལན་བརྒྱར་བཏུད་པར་བྱས་པའི་སྐྱབས་ཀྱི་དམ་པ་
མ་རྟོགས་པ་དང་ལོག་པར་རྟོགས་པ་དང༌། ཐེ་ཚོམ་གྱི་མུན་པ་མ་ལུས་པ་སེལ་བར་བྱེད་པ། ལྟ་བ་ངན་པའི་རབ་རིབ་ཀྱིས་ཁེབས་པ་ཐམས་ཅད་ཡེ་ཤེས་ཀྱི་ཐུར་མ་རྣོན་པོས་རྣམ་པར་སྣང་བར་བྱེད་པ། མངོན་པར་ཞེན་པའི་མེ་དཔུང་གི་ལྕེ་ཞགས་འཇིལ་བར་བྱེད་པ། ཁོང་ནས་
འཁྲུགས་པའི་མཚོན་ཆ་རྣོན་པོ་རྟུལ་བར་བྱེད་པ། རྗེས་སུ་གདམས་པའི་བདུད་རྩིའི་སྒོ་འཕར་བྱེ་བ་ཕྲག་བརྒྱར་ཕྱེ་བས་སེམས་ཅན་གྱི་རེ་བ་ཐམས་ཅད་རྫོགས་པར་བྱེད་པ། འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་པར་ངེས་པའི་ཐུགས་རྗེའི་ཕྱག་རིང་རྐྱོང་བ། མ་དད་པ་
རྣམས་ཀྱི་རྒྱུད་ལ་དད་པའི་ཞིང་ས་གཤིན་པར་བྱེད་པ། དད་པ་རྣམས་ཀྱི་རྒྱུད་ལ་དགེ་བའི་ལམ་གྱི་ས་བོན་མ་རྨས་པ་འདེབས་པར་བྱེད་པ། དེང་ནས་བཟུང་སྟེ་བྱང་ཆུབ་མཆོག་གི་གོ་འཕང་ལ་རེག་པར་མ་གྱུར་པ་དེ་སྲིད་དུ་བསྟེན་པར་འོས་པའི་མཚན་ཉིད་ཅན་གྱི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་
དེ་ཉིད་བསྐལ་པ་དཔག་ཏུ་མེད་པའི་བསོད་ནམས་ཀྱི་རྒྱུས་སམ། བླ་མ་བསུ་བ་ལ་སོགས་པ་ལེགས་བྱས་ཀྱི་མཐུ་ཆེན་པོས་མངོན་པར་བསྒྲུབས་པའི་འབྲས་བུ་བསླུ་བ་མིན་པའི་བདེན་དཔང་ཉིད་དུ། ཞབས་མཐིལ་པདྨ་རཱ་ག་བཞུ་བའི་ཚོན་གྱིས་ལན་བརྒྱར་བྱུགས་པ་སྙམ་བྱེད་པ་ལ། སླར་ཡང་
བཀྲ་ཤིས་པའི་རྟགས་ཀྱི་འཁོར་ལོ་རྩིབས་སྟོང་གི་གཟུགས་ཀྱིས་ཉེ་བར་སྤུད་པ་གང་དེ་ཆོས་ཀྱི་ཁྲི་མཐོན་པོ་ག་ལ་བ་དེར་མངོན་པར་བཀོད་དེ། མཐོང་ན་མི་མཐུན་པ་མེད་པའི་སྐུའི་དཀྱིལ་འཁོར་གང་ལས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་གཟི་བྱིན་རིང་པོའི་ལམ་
เล่ม ๒๑๓ · หน้า 198a
དུ་སྣང་བ་འབྱིན་པར་འབྱེད་དེ། དཔེར་ན། ཛམྦུ་གསེར་གྱི་རྡུལ་ཚོགས་མངོན་པར་བརྩེགས་པའི་ལྷུན་པོ་ཞིག་ལ་གུར་གུམ་གྱི་ཆར་བས་ལན་བརྒྱ་སྟོང་དུ་བཀྲུས་པ་ལ། འཆར་ཀའི་ཉི་འོད་ཀྱི་ཐིགས་པ་དག་གིས་ཀྱང་ཡོངས་སུ་བྲན་པ་བཞིན་དུ་ལྷམ་མེར་བཞུགས་པ་མཐོང་
ངོ༌། །མཐོང་ནས་ཀྱང་ལྷ་སྲས་ཆོས་ཀྱི་བག་ཆགས་རབ་ཏུ་བརྟས་པ་གང་གི་ཡིད་ལ་སྤྲོ་བ་གསར་དུ་སྐྱེས་པའི་ཆེད་དུ་བརྗོད་པ་འདི་ལྟ་སྟེ། ཨེ་མ་དེ་རིང་ཐོབ་པའི་འབྲས་བུ་འདི། །དངོས་སུ་ཡིན་གྱི་རྨི་ལམ་སྣང་བ་མིན། །རིང་ནས་གསོལ་བ་བཏབ་པའི་སྙིང་པོ་དེ། །དེ་རིང་སྨིན་པར་
གྱུར་གྱི་དོན་མེད་མིན། །ཨེ་མ་དགེ་བའི་ཟོང་གིས་བསྒྲུབས་པའི་རྟེན། །སྐལ་བ་བཟང་པོར་གྱུར་གྱི་དམན་པ་ཡིན། །ཇི་ལྟར་ཡིད་ལ་བྱ་བའི་དགོས་པ་དེ། །བླ་ན་མེད་པར་བྱུང་གི་གྱི་ན་མིན། །ཨེ་མ་དེ་རིང་ཀུན་དགའ་གསར་པ་འདི། །འདྲེན་པ་ཁྱེད་ལས་བྱུང་གི་གཞན་ལས་
མིན། །དེ་ཕྱིར་མི་ཡི་སྐྱེ་བ་བླངས་པ་ནི། །ངེས་པར་དོན་ཆེན་གྱུར་ལ་བདག་དགའོ། །ཞེས་ཆེད་དུ་བརྗོད་ཅིང་བ་སྤུ་རྣམ་པར་གཟིངས་པའི་སྙིམ་པའི་ཆུ་སྐྱེས་དམར་པོ་གཙུག་གི་རྒྱན་དུ་བཀོད་དེ། ཕྱག་གི་ཕྲེང་བ་བརྩེགས་པ་དང་ཆབ་ཅིག་ཏུ་བཀྲ་ཤིས་པའི་རེ་ཁཱ་མངོན་པར་གསལ་
བའི་དར་དཀར་གྱི་ཕྱག་རྟེན་འབུལ་བ་དང་བཅས་ཏེ་མདུན་དུ་འཁོད་དོ། །དེར་རྗེ་བཙུན་དེ་ཉིད་ནས་ལམ་གྱི་བར་ཆད་འདྲི་བའི་ཚིགས་སུ་བཅད་པ་སྩལ་བ། ལེགས་པར་བྱོན་ཏམ་མངོན་མཐོའི་རིགས་ཀྱི་བུ། །ལེགས་པར་བྱོན་ཏམ་བསོད་ནམས་སྨིན་པའི་ལྷ། །ལེགས་པར་བྱོན་ཏམ་
ཀུན་གྱི་མཉེས་གཤིན་པ། །ལེགས་པར་བྱོན་ཏམ་བྱམས་དང་བརྩེ་བའི་བདག །བཤུལ་རིང་ལམ་དུ་བགྲོད་པ་མང་པོ་ཡིས། །སྐུ་ཐང་རྣམ་པར་དུབ་པར་མ་བྱས་སམ། །ཉི་ལྷགས་གདུང་བའི་བཟའ་བ་དམན་པ་ཡིས། །པདྨའི་སྐུ་མདངས་ཕྲོགས་པར་མ་བྱས་སམ། །འབྱུང་
བ་ལྔ་ཚོགས་དལ་འབྱོར་ཆོས་ཀྱི་སྣོད། །གཅོང་ནད་ཕྲ་མོས་རྒུད་པར་མ་བྱས་སམ། །དགེ་བའི་ལས་ལ་སྡང་བའི་ཉེ་ཞོ་ཡིས། །ཐུགས་ལ་ཚེར་མའི་བྱ་བ་མ་བྱས་སམ། །ཞེས་བྱ་བ་ལ་སོགས་པའི་བཀའ་མཆིར་དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་ལྟ་བུ་རྣ་བའི་བཅུད་དུ་སྩལ་ཏེ། དེའི་ཚེ་ལན་
เล่ม ๒๑๓ · หน้า 198b
དུ་གསོལ་བ། ལེགས་པར་འོངས་སོ་མདོ་སྨད་སའི་ཐིག་ལེ། །སྡེ་བཞིའི་རྣམ་པར་རྒྱས་པའི་རྒྱལ་པོའི་ཁབ། །དགེ་བཅུར་རྟག་ཏུ་སྤྱོད་པའི་རྒྱལ་རིགས་ཀྱི། །ལྗོན་པའི་ཡལ་ག་རྣམ་པར་འཕྱང་བ་ང༌། །ཆོས་ཀྱི་རྒྱལ་པོའི་ཞལ་བཟང་བལྟ་ཕྱིར་འོང༌། །ཞབས་ཀྱི་པདྨ་གཙུག་ཏུ་ལེན་
ཕྱིར་འོང༌། །ལེགས་པར་གསུངས་པའི་བདུད་རྩི་འཐུང་ཕྱིར་འོང༌། །ཡེ་ཤེས་གཟིགས་པའི་བྱིན་རླབས་འབེབས་ཕྱིར་འོང༌། །ངན་འགྲོའི་སྐྱེ་སྒོ་འགོག་པའི་ཆེད་དུ་འོང༌། །འཁོར་བའི་འཇིགས་ལས་སྐྱོབ་པའི་ཆེད་དུ་འོང༌། །བསོད་ནམས་ས་བོན་འཇོག་པའི་ཆེད་དུ་འོང༌། །བསླབ་
གསུམ་ནོར་བུ་བསྒྲུབ་པའི་ཆེད་དུ་འོང༌། །ཐར་པའི་ཁང་བཟང་བསྟེན་པའི་ཆེད་དུ་འོང༌། །བྱང་ཆུབ་སྙིང་པོའི་ལམ་གྱི་ཆེད་དུ་འོང༌། །མཁྱེན་དང་བརྩེ་དང་ནུས་པའི་དབང་ཕྱུག་གི །སྔགས་སྲུང་རྡོ་རྗེའི་རྭ་བར་ཆུད་པའི་བརྡར། །ནད་དང་བར་དུ་གཅོད་པའི་ཁབ་ཀྱི་སོས། །མ་
རྨས་མ་བཏབ་པ་རུ་ལྷགས་འདིའོ། །ཞེས་བྱ་བ་ལ་སོགས་པའི་ཚིག་གི་ཕྲེང་བ་སྙན་སྒྲོན་དུ་འབུལ་བ་དང་བཅས་ཏེ། རྗེ་བཙུན་དམ་པ་བཀའ་དྲིན་མཚུངས་པ་མེད་པའི་བདག་ཉིད་ཅན་གྱི་ཞལ་གྱི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཆེན་པོས་ལན་བརྒྱར་བཀྲུས་པ་
སྙམ་བྱེད་པ། སུ་ཞིག་མཐོང་ན་དོན་གྱི་སྙིང་པོས་མངོན་པར་ལྕི་བ་གང་ཡིན་པ་དེ་ཉིད། ལྷ་སྲས་མིའི་དབང་ཕྱུག་དམ་པ་དེ་ཉིད་སྐུ་འཁོར་གྱི་ཚོགས་དང་བཅས་པའི་འདྲེན་བྱེད་ཀྱི་དབང་པོའི་དགའ་སྟོན་བླ་ན་མེད་པ་ཉིད་དུ་མཐོང་བར་གྱུར་ཏོ། །ཇི་ལྟར་མཐོང་བ་ལའང་དུས་དེ་ཉིད་ནས་བརྩམས་
ཏེ་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ལ་རྗེ་བཙུན་འཇམ་པའི་དབྱངས་དང་གཉིས་སུ་མེད་པའི་སྣང་བ་ཁོ་ན་ལ། འགྲོ་བ་ཕལ་དང་ཐུན་མོང་དུ་གྱུར་པའི་མ་དད་པ་ལ་སོགས་པ་སྐད་ཅིག་ཀྱང་མི་འབྱུང་བ་ནི་ཀུན་གྱིས་མངོན་དུ་གྱུར་པའོ། །ཚུལ་འདི་ལ་བསམས་ན་རྗེ་
བཙུན་དམ་པ་འདི་ཉིད་དང་སྐྱེ་བ་དཔག་ཏུ་མེད་པའི་རིང་ནས་བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བྱས་ཤིང་སྨོན་ལམ་གསེར་གྱི་སྐུད་པ་བཟང་པོས་ལུ་གུ་རྒྱུད་དུ་སྦྲེལ་བའི་སྐྱེས་བུ་དམ་པ་ཉིད་དུ་གདོན་མི་ཟ་བའོ། །ཅིའི་ཕྱིར་ན་གཞན་དུ་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་རྒྱལ་བ་ཀུན་
เล่ม ๒๑๓ · หน้า 199a
གྱི་ཕྲིན་ལས་ལས་སྤྲུལ་པའི་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ནས་སྐྱེ་བོ་མ་ལུས་པ་སྨིན་པར་བྱེད་པའི་བདག་ཉིད་ཅན་དང་ནམ་དུ་ཡང་མཇལ་བར་དཀའ་ཞིང༌། གལ་ཏེ་མཇལ་བར་གྱུར་ཀྱང་སེམས་ཅན་རང་རང་ལས་
ཀྱི་ཉེས་པས་བསྒྲིབས་ཏེ། ཚུལ་བཞིན་མ་ཡིན་པར་སྤྱོད་པ་དང༌། བློ་དྲི་མ་དང་བྲལ་བའི་རང་བཞིན་ཅན་མ་ཡིན་པ་དང༌། ཡང་དག་པར་མ་ཡིན་པར་སྨྲ་བ་དང༌། རང་དང་སྐལ་བ་མཉམ་པ་ཙམ་དུ་མཐོང་ངོ༌། །དེ་ལྟར་མཐོང་བ་ལ་བརྟེན་ནས་སེམས་ཀྱི་རྒྱུད་ལ་དད་པ་ཙམ་ཡང་སྐྱེ་བར་
མི་འགྱུར་བ་ཡིན་ནོ། །དེ་ལྟར་ཡིན་པའང་ཅིས་ཤེས་ན། བ་ཚ་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །ཅེས་སོ། །རྡོ་རྗེ་གུར་ལས། རྡོ་རྗེ་སེམས་དཔའ་ལྟ་བུ་ཡི། །
དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་དང༌། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་
པར་བྱ། །ཞེས་དང༌། གང་ཕྱིར་ཡེ་ཤེས་རྡོ་རྗེ་ནི། །བརྙེས་པས་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་སློབ་དཔོན་དྲུང་གཤེགས་ནས། །དེ་བཞིན་གཤེགས་རྣམས་ཕྱག་མཛད་དོ། །ཞེས་གསུངས་པ་བཞིན། ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཟུང་འཇུག་རྡོ་རྗེ་
འཛིན་པ་ཆེན་པོའི་གོ་འཕང་མངོན་དུ་མཛད་ཟིན་ཀྱང༌། སྲོག་ཆགས་ཀྱི་རྣམ་པ་སྣ་ཚོགས་པ་དག་གདུལ་བའི་ཐབས་ལ་བཞུགས་པ་ན། ལ་ལར་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བསྟན་ནས་དོན་མཛད། ལ་ལར་ནི་སངས་རྒྱས་ཀྱི་སྐུར་བསྟན་ནས་དོན་མཛད། དེ་བཞིན་དུ་བྱང་ཆུབ་
སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། པཎྜི་ཏ་དང༌། གྲུབ་པ་ཐོབ་པ་དང༌། རིག་པ་འཛིན་པའི་ས་ལ་གནས་པ་ལ་སོགས་པ་རྣམས་ཀྱི་ཚུལ་བཟུང་ནས་དོན་མཛད་དོ། །དེ་སྐད་དུའང༌། ས་སྐྱ་པཎྜི་ཏས། ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །
เล่ม ๒๑๓ · หน้า 199b
རབ་བྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་འགྱུར། །ཞེས་དང༌།
རྡོ་རྗེ་གུར་གྱི་རྒྱུད་ལས། གང་དུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །སོ་སོར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ལ་བསྐལ་
པའི་ཕྲེང་བའང་དེ་སྙེད་ཀྱི་གྲངས་དང་མཉམ་པར་བསྙེན་བཀུར་བ་ལས། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་ཁུང་བུ་གཅིག་ལ་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་ཆེས་ཁྱད་པར་དུ་འཕགས་པ་འཐོབ་པའི་ཚུལ་མང་དུ་གསུངས་ཤིང༌། བདེ་མཆོག་སྡོམ་པ་འབྱུང་བ་ལས། མཆོད་པ་ཐམས་
ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་
ཅི་ཞིག་ཡོད། །ཅེས་དང༌། སློབ་དཔོན་ཡོན་ཏན་གླེང་བྱ་ཡིས། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཞེས་སོ། །གལ་ཏེ་དེ་ལྟར་ཡིན་ན་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་དུ་བཞུགས་ནས་རྣམ་པ་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་སྲོག་ཆགས་མཐའ་དག་གི་དོན་ཇི་ལྟར་
མི་མཛད་ཅེ་ན། བཤད་པར་བྱ་སྟེ། དཔེར་ན་ལྷའི་རྒྱལ་པོ་རྣམས་ཀྱིས་ཆར་གྱི་རྒྱུན་ཆེན་པོ་རབ་ཏུ་ཕབ་ཀྱང༌། ཏིལ་དང་ནས་ལ་སོགས་པའི་ས་བོན་རུལ་བ་དང༌། མེས་ཚིག་པ་དང༌། ས་བོན་དུ་མི་རུང་བ་བཏབ་པ་དག་ལས་ནི་ནམ་ཡང་མྱུ་གུ་སྐྱེ་བར་མི་འགྱུར་བ་དེ་བཞིན་དུ། སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་རྣམས་ནི་འགྲོ་བ་མཐའ་དག་གི་ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ལ་མི་མཁས་པ་མེད་ཀྱང་སྐལ་བ་མེད་པ་རྣམས་ཀྱིས་དད་པའི་རྩ་བ་བརྟན་པ་དང༌། དམ་པའི་ཆོས་མཉན་པ་དང༌། ཡུལ་དེ་ལ་བརྟེན་ནས་ཚོགས་བསགས་པ་ལ་སོགས་པའི་
เล่ม ๒๑๓ · หน้า 200a
ལས་བཟང་པོ་མྱང་བར་མི་འགྱུར་ཏེ། ཇི་སྐད་དུ་ཡང༌། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ༌། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །
སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱང༌། །ཞེས་སོ། །དེ་ལ་སོགས་པ་རྒྱུ་མཚན་དུ་མས་ཡིད་ཡོངས་སུ་དྲངས་ནས་མི་རིང་བར་གཟའ་སྐར་དང་སྦྱོར་བྱེད་བཟང་པོ་འཛོམ་པའི་ཟླ་ཚེས་དགེ་བའི་ཉིན་འབུལ་ཆེན་གྱི་བཀོད་པ་ལེགས་པར་བཤམས་ཏེ། དེའང་འཕགས་
པའི་ཡུལ་གྱི་སྙན་དངགས་མཁན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟར་གྱུར་པ་དཔལ་ལྡན་དཎྜིའི་ཞབས་ཀྱི་སྙན་དངགས་ཀྱི་གཞུང་ལས་ལེགས་པར་འཕོས་པའི་མཆོད་པར་བརྗོད་པ་ཡན་ལག་བདུན་པ་དང་བཅས་པའི་ཚིགས་སུ་བཅད་པ་ཉམས་འགྱུར་སྟོང་གི་རོ་དང་ལྡན་པའི་དབྱངས་ཀྱིས་མདུན་
བསུ་ནས། ཐོག་མར་བཀྲ་ཤིས་པའི་ལྷ་དར་དང༌། རྒྱལ་བ་བདུད་ལས་རྣམ་པར་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་ཆེ་བ་རྣམས་ཀྱིས་ཐོག་དྲངས་པའི་འབུལ་བ་དངོས་པོ་བཟང་ཞིང་རྒྱ་དཔངས་མི་དམན་པ་ཚན་གྲངས་བརྒྱ་ཕྲག་བདུན་བརྩེགས་པ་མཎྜལ་དུ་ཕུལ་ལོ། །གཞན་ཡང་ཨེ་
ཝཾ་ཐར་པ་རྩེའི་མཁན་ཆེན་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་པ། ཤེས་རབ་ཀྱི་སྣང་བ་དམ་པས་སྒྲིབ་པའི་མུན་པ་མཐའ་དག་བསལ་བར་བྱས་པ། དཀའ་བ་བརྒྱ་སྟོང་གིས་བསྒྲུབས་པའི་ཡོན་ཏན་གྱི་ཚོགས་མང་པོ་ལ་
དབང་འབྱོར་པ། མངོན་པར་ཤེས་པའི་མིག་གྲུངས་པོར་གྱུར་པས་དུས་གསུམ་གྱི་ཤེས་པར་བྱ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ། འགྲོ་བ་ཐམས་ཅད་ལེགས་པའི་ལམ་དུ་འཁྲིད་པ་ལ་ཤ་ཐང་བ་མེད་པའི་མཐུ་ཆེན་པོ་དང་ལྡན་པ། ཆོས་ཐམས་ཅད་མ་ནོར་བ་ཡང་དག་པར་སྟོན་
པ་ལ་བསྙེངས་པ་མེད་པའི་མཁྱེན་རབ་ཀྱི་དབང་ཕྱུག་གྲུབ་པ་དེ་ཉིད་ཀྱི་ཞལ་གྱི་དཀྱིལ་འཁོར་མཐོང་བའི་སྐལ་བ་བཟང་པོའི་རོ་ལ་ལོངས་སུ་སྤྱོད་པའི་མཚོན་བྱེད་དུ་རྣམ་གྲངས་བརྒྱ་དང་ལྔ་བཅུ་ཕུལ་ལོ། །ཨེ་ཝཾ་ཀླུ་སྡིངས་བླ་བྲང་གི་ཤར་པ་རིན་ཆེན་རྒྱལ་མཚན་ཞེས་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་
เล่ม ๒๑๓ · หน้า 200b
པ་ལ་མ་འདྲིས་པ་མེད་པས་དམ་པའི་སྤྱོད་པ་ལ་དགའ་བ། སྐྱེ་བ་ནས་སྐྱེ་བར་སྦྱངས་པའི་བག་ཆགས་ཀྱི་མཐུ་བརྟས་པར་གྱུར་པས་ཚེ་འདིའི་གཙུག་ལག་མང་པོའི་གནད་ལ་མཁས་པ། ཟབ་ཅིང་ཡངས་པའི་ཆོས་ཐམས་ཅད་སྡེབ་ལེགས་ངག་གི་ཤིང་རྟ་ལ་བརྟེན་ནས། འགྲོ་བ་ཀུན་གྱི་ཐར་
པའི་གསོས་སུ་འདྲེན་པ། རྟག་ཏུ་མཁས་པའི་བྱ་བ་ཐམས་ཅད་ལྷུར་ལེན་པའི་བསྟན་འཛིན་གྱི་སྐྱེས་བུར་གྱུར་པ་དེ་ཉིད་ལ་འབུལ་བ་རྣམ་གྲངས་བརྒྱ་དང་ལྔ་བཅུ། ཨེ་ཝཾ་ཕུན་ཚོགས་གླིང་བླ་བྲང་གི་མཁན་ཆེན་འཇམ་པའི་དབྱངས་བསོད་ནམས་བཟང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་
བཟང་པོ་ཞེས་པ། ཕྱི་དང་ནང་གི་གྲུབ་པའི་མཐའི་གཞུང་ལུགས་མ་ལུས་པ་མཁྱེན་ཅིང་ལེགས་པར་སྨྲ་བའི་དབང་ཕྱུག་ཆེན་པོ། སྙིགས་མའི་དུས་འདིར་རྒྱལ་བ་གཉིས་པ་བཞིན་དུ་བསྟན་པ་ལ་ལྷག་པར་སྨན་པའི་བྱ་བ་བྱས་པ། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་
ལོའི་ཡོན་ཏན་གྱ་ནོམ་པའི་འབྱོར་པས་རྒྱས་པ། སྐྱེ་དགུ་མ་ལུས་པའི་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་པའི་དཔག་བསམ་དམ་པ་དེ་ཉིད་ལ་འབུལ་བ་རྣམ་གྲངས་བརྒྱ་དང་ལྔ་བཅུ། དེ་སྐབས་སུ་ཟུར་འཆད་པ་ཡིན་པ་ལ་ཕྱིས་སུ་གདན་རབས་ཀྱི་ཁྲིར་ཕེབས་པའི་མཁན་ཆེན་འཇམ་
པའི་དབྱངས་སངས་རྒྱས་དཔལ་བཟང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་པ། སྐྱེ་བ་དུ་མ་ནས་ལྷག་པའི་ལྷ་འཇམ་དཔལ་གཞོན་ནུས་རྗེས་སུ་བཟུང་བ། ཚེ་འདིར་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ཐུགས་སུ་ཆུད་པ་ཕྱི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་གྱུར་པ། ནང་
དུ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་ཇི་ལྟར་མངའ་བའི་ཡོན་ཏན་མ་ལུས་པ་རྫོགས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་ལྷག་པར་ཕན་པའི་བགྱི་བ་བགྱིས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དེར་ཡང་འབུལ་བ་དཔངས་མཐོར་བརྩེགས།
དཔོན་སློབ་དབུ་མཛད་སངས་རྒྱས་ཚུལ་ཁྲིམས་ཞེས་གཞུང་ལུགས་རབ་འབྱམས་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས་ཤིང༌། འཕགས་པའི་དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་ན་ཡོན་ཏན་གྱི་ཁྱད་པར་དུ་མས་མངོན་པར་འཕགས་པ་དེ་ཉིད་ལ་ཡང་འབུལ་བ་གཟབ་པར་བརྩེགས། གཞན་ཡང་
เล่ม ๒๑๓ · หน้า 201a
ཁང་ཚན་བཅོ་བརྒྱད་ཀྱི་དགེ་འདུན་རྣམས་ལ་མང་ཇ་རྟེན་བཞག་པ་ལ་སོགས་པ་མཛད་དོ། །ཁྱད་པར་དཔལ་ཨེ་ཝཾ་ཆོས་ལྡན་ལ་བསྔགས་པ་ཌཱ་ཀི་རྣམ་པར་བཞད་པའི་གླིང་བུ་ལས། ཆོས་ཀྱི་དུང་དང་རྔ་ཆེན་གཎྜཱིའི་སྒྲ། །སྤྲིན་ཆེན་འབྲུག་གི་གད་རྒྱངས་ལས་ལྷག་
པས། །ཚུལ་བཞིན་མགྲོན་གཉེར་ངུར་སྨྲིག་འཛིན་པའི་དཔུང༌། །ལི་ཁྲིའི་ཆུ་གཏེར་གཡོ་བའི་རྦ་ཀློང་བཞིན། །འདུས་པ་རྒྱ་མཚོའི་སྣམ་སྦྱར་འཕགས་པའི་གོས། །གུར་གུམ་གཞོན་ནུའི་ཚོན་གྱིས་ནམ་མཁའི་ཁམས། །སིནྡྷུ་ཝཱ་ར་ལི་ཁྲིའི་རྡུལ་ཚོགས་ལྟར། །དམར་
སེར་འོད་ཀྱི་དཀྱིལ་འཁོར་རྒྱ་ཆེའི་དབུས། །ཞེས་བསྔགས་པའི་དོན་དང་མཐུན་པར་ཨེ་ཝཾ་གཙུག་ལག་ཁང་ཆེན་པོ་ཉིད་དུ་སེམས་ཅན་རྒྱ་མཚོའི་ཚོགས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དུ་བཞུགས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་རྩ་ལག་ཏུ་གྱུར་པ། སུམ་
ལྡན་རྡོ་རྗེ་འཛིན་པའི་དགེ་སློང་གི་དགེ་འདུན་ངུར་སྨྲིག་གོས་ཀྱིས་མཛེས་པར་བྱས་པའི་ཚོགས་སྟོང་ཕྲག་ཕྱེད་གཉིས་སུ་ལྡང་བ་ཐམས་ཅད་ཟླ་བ་གཅིག་དང་ཞག་བཞིའི་བར་དུ་བསྙེན་བཀུར་ཡང་དག་པར་བགྱིས་ཏེ། རྣལ་འབྱོར་རྒྱུད་ཀྱི་ནང་གསེས་ཆ་མཐུན་གྱི་རྒྱུད་ཀྱི་ཁོངས་སུ་
གཏོགས་པ། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱིས་དངོས་སུ་བསྟན་པར་བྱ་བའི་གཙོ་བོ་ཀུན་རིག་རྩ་བའི་ལྷ་སུམ་ཅུ་རྩ་བདུན་མགྲོན་ཐབས་ཀྱི་ལྷ་དང་བཅས་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ། རྗེ་བཙུན་རྡོ་རྗེ་འཆང་གིས་མཛད་པའི་ཡིག་ཆ་སྒྲིབ་པ་རྣམ་སེལ་དང་
གཞན་ཕན་མཐའ་ཡས་ཇི་ལྟ་བ་བཞིན་གྱི་སྒྲུབ་མཆོད་དུ་བཙུགས་ཏེ། གླ་པ་རེ་ལ་གསེར་ཞོ་རེ་འགྱེད་པ་ཉིན་གཅིག་གོ །གྲྭ་པ་བཞི་རེ་ལ་དངུལ་ཞོ་ཕྱེད་དང་གཉིས་རེ་འགྱེད་པ་ཉིན་ཉི་ཤུ་རྩ་བཞིའོ། །གྲྭ་པ་བཞི་རེ་ལ་གཞུང་ཇ་བར་ཁག་རེ་འགྱེད་པ་ཉིན་གསུམ་མོ། །གྲྭ་པ་བཅུ་རེ་ལ་
ཇ་ནག་པོ་བར་ཁག་རེ་འགྱེད་པ་ཉིན་གཅིག་གོ །གྲྭ་པ་བཞི་རེ་ལ་མ་ཧཉྩི་ཡུག་རེ་འགྱེད་པ་ཉིན་བཞིའོ། །གྲྭ་པ་རེ་རེ་ལ་མཛོད་དར་ལེགས་པ་རེ་འགྱེད་པ་ཉིན་གཅིག་སྟེ། དེ་ལྟར་ཉིན་སུམ་ཅུ་རྩ་བཞི་རྫོགས་པ་དང༌། དེའི་མཚམས་ནས་འདིའི་མདུན་ན་འདོན་ལ་སོགས་པའི་སྐུ་འཁོར་དུ་
เล่ม ๒๑๓ · หน้า 201b
གཏོགས་པ་རྣམས་ཀྱིས་རིམ་པར་བཙུགས་པ་ལ་ཟླ་བ་གཅིག་སྟེ། མདོར་ན་ཟླ་བ་གཉིས་ཀྱི་བར་དུ་དགེ་འདུན་ཇི་སྙེད་མཆིས་པ་རྣམས་ལ་བསྙེན་བཀུར་དང་ཡོན་འབུལ་གཟབས་པར་བསྟབས་སོ། །གཞན་ཡང་དགེ་འདུན་ཉུང་བཏུས་ཀྱིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་
པའི་ཆོ་ག་དང༌། གཙུག་ཏོར་རྣམ་པར་རྒྱལ་མའི་སྟོང་མཆོད་དང༌། མགོན་ཁང་ཤར་ནུབ་རྣམས་སུ་བསྐང་གསོ་དང༌། ཀ་དྲུག་ཁང་དུ་འཇིགས་བྱེད་དྲུག་ཅུ་པའི་གཏོར་རྒྱབ་གསར་འཕར་བཙུགས་པ་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་གཏོར་ཆེན་གཏོང་བ་རྣམས་ལའང་ཡོན་འབུལ་དང་བསྙེན་
བཀུར་དཔངས་མཐོར་བྱས་སོ། །གཙུག་ལག་ཁང་དང༌། གཙང་ཁང་དང༌། ལམ་འབྲས་ལྷ་ཁང་དང༌། ལམ་ཟབ་ལྷ་ཁང་ལ་སོགས་པའི་ལྷ་ཁང་རྣམས་སུ་སྐྱེ་དགུ་མ་ལུས་པའི་ཕན་བདེའི་རྩ་ལག་ཏུ་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཤིན་ཏུ་དཀོན་
ཞིང་ངོ་མཚར་བ། བྱིན་རླབས་ཀྱི་གཟི་འོད་རབ་ཏུ་འཕྲོ་བ་རྣམས་ལ་སྤོས་དང༌། མར་མེ་དང༌། ཞལ་ཟས་དང༌། ཁ་དོག་སྣ་ཚོགས་པའི་དར་གྱི་སྙན་ཤལ་དང༌། གོས་བཟང་ཁྱད་པར་དུ་འཕགས་པ་མང་པོའི་རྒྱུ་ལས་བསྐྲུན་པའི་བླ་རེ་དང༌། རྒྱལ་མཚན་དང༌། འཕན་དང༌། ལྡ་ལྡི་
ལ་སོགས་པ་མཆོད་པའི་ཡོ་བྱད་ཕུལ་བའི་གཏོང་ཕོད་མི་དམན་པ་ངོ་མཚར་རྣ་བའི་དགའ་སྟོན་བླ་ན་མེད་པ་ཉིད་དུ་མཛད་དོ། །དེ་ནས་དཔལ་ས་སྐྱ་ཉིད་དུ་འབྱོན་པའི་ཕྱིར་མཐུན་པའི་ཡོ་བྱད་སྣ་ཚོགས་པའི་འབྱོར་པ་བསྣམས་པའི་འཁོར་གྱི་ཚོགས་མང་པོ་དང་བཅས་པ་གདན་བཏེག་སྟེ་བྱོན་པ་
ན། ནམ་ཞིག་ན་ཆོས་གྲྭ་ཆེན་པོ་དེ་ཉིད་ལ་བསྔགས་པ་དབང་པོའི་ཉེར་འཚོ་ཞེས་བྱ་བ་ལས། འཛམ་གླིང་འཛིན་མའི་ཁྱོན་གྱི་དབུས། །དབུས་ཀྱི་རྡོ་རྗེའི་རང་བཞིན་ཞིང༌། །ཞིང་ཁམས་རྒྱ་མཚོ་ཀུན་གྱི་མཆོག །མཆོག་འདི་ས་ཡི་སྙིང་པོ་སྟེ། །སྐྱེ་དགུ་ཀུན་ལ་རབ་དགའི་དཔལ་སྟེར་
བ། །གང་གིས་བྱང་ཆུབ་སྙིང་པོ་བརྙེས་པའི་གཞི། །རྡོ་རྗེའི་རང་བཞིན་རྡོ་རྗེ་གདན་འདི་ནི། །རྒྱལ་བ་རྒྱ་མཚོས་བྱང་ཆུབ་བརྙེས་པའི་གནས། །མ་ག་དྷཱ་ཡང་འདི་ལས་གཞན་དུ་ཅི། །ཞེས་དང༌། ལོངས་སྤྱོད་རྣམ་མང་ལྡན་པའི་གནས་མང་ཡང༌། །རིག་པའི་འབྱུང་གནས་འདི་
เล่ม ๒๑๓ · หน้า 202a
ལྟ་འགའ་ཡོད་མིན། །ཡིད་འཕྲོག་མཛེས་པའི་རིན་ཆེན་མང་ཡོད་ཀྱང༌། །འདོད་དགུ་འགྲུབ་པ་བསམ་འཕེལ་གཅིག་པོ་ཙམ། །ཞེས་དང༌། དེ་ཕྱིར་རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱིས་བསྟེན་ཅིང༌། །རིག་པའི་གནས་ལྔ་ཕུལ་བྱུང་རྣམས་ཀྱིས་བསྟི་བའི་
གནས། །ངུར་སྨྲིག་གོས་མཆོག་འཛིན་པ་རྣམས་ཀྱི་དགའ་ཚལ་ཏེ། །གདན་ས་ཆོག་འདི་བྱང་ཆུབ་སྙིང་པོ་ཡིན་ལགས་གྲང༌། །ཞེས་འབྱུང་བ་ལྟར། བསྐལ་པ་བཟང་པོའི་རྣམ་པར་འདྲེན་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་པའི་གནས། འཕགས་པའི་ཡུལ་གྱི་རྡོ་རྗེ་
གདན་ཆེན་པོའི་གནྡྷོ་ལ་དང༌། རིག་པའི་གནས་ལྔ་ལ་མཁས་པ་དང་གྲུབ་པའི་དབང་ཕྱུག་གི་འབྱུང་གནས་སུ་གྱུར་པ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་དམིགས་སུ་མེད་པ། འཕགས་པ་རིགས་གསུམ་མགོན་པོས་དགོངས་བཞིན་དུ་སྐྱེ་བའི་ཟློས་གར་གྲངས་མེད་པ་དེང་ནས་བཟུང་སྟེ་མ་འོངས་བསྐལ་པའི་
བར་དུ་ཡང་འབྱོན་པར་འགྱུར་བར་མངོན་པར་ཤེས་པ་དྲུག་གི་མིག་གྲུངས་པོར་གྱུར་པ་རྣམས་ཀྱིས་ལེགས་པར་གཟིགས་ཤིང་ལུང་བསྟན་གྱི་བདུད་རྩིའི་ཆུ་གཙང་མས་ལེགས་པར་ཆག་ཆག་བཏབ་པ། ཇི་ལྟར་ལུང་དུ་བསྟན་པ་དེ་ལྟར་བདེན་པའི་མཐས་ཀྱང་ཤིན་ཏུ་གསལ་བར་བྱས་པའི་གདན་ས་ཆེན་པོ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་བྱ
བ་དེའི་ཉེ་འདབས་སུ་བྱོན་ནོ། །དེར་བྱོན་པ་དང་གདན་ས་དེ་ཉིད་ནས་ཀྱང་བསུ་བ་སྔ་ཕྱི་མང་པོས་སོན་པ་རྣམས་ཀྱིས་མདུན་བསུ་བ་དང༌། ལྷ་བསངས་ཀྱི་དུད་པ་གནམ་སའི་དཀྱིལ་འཁོར་མ་ལུས་པར་ཁྱབ་པར་གཏུལ་བ་དང༌། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དང༌། བ་
དན་དང༌། འཕན་དང༌། གདུགས་ལ་སོགས་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་བསྒྲེང་བ་དང་བཅས་ཏེ། རིང་ནས་མངོན་པར་འདུན་པའི་རི་མོ་ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ་འདྲི་བའི་གནས་ག་ལ་བ་དེར་བདེ་བར་ཕེབས་སོ། །དེར་ཅུང་ཟད་ཅིག་ནས་སྐྱབས་གཅིག་རིན་
པོ་ཆེའི་བསྟན་སྲིད་ཟུང་གི་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བའི་མཁྱེན་རབ་ཀྱི་དབང་ཕྱུག་ཕྱག་མཛོད་རིན་པོ་ཆེའི་སྐུ་ཞབས་སུ་འཛམ་གླིང་བསྟན་པའི་བདག་པོའི་ཞལ་གྱི་དཀྱིལ་འཁོར་མཇལ་བའི་སྐབས་དབྱེ་བར་གསོལ་ལོ། །དེས་ཀྱང་ལེགས་པར་སྐབས་ཕྱེད་པ་དང༌། ཇི་ཙམ་ཞིག་
เล่ม ๒๑๓ · หน้า 202b
ན་ཛམྦུ་རྐང་འཐུང་གི་རྒྱལ་མཚན་གྱིས་ཉེ་བར་སྤུད་པའི་གླིང་དམ་པ་འདི་ཉིད་རྣམ་པ་ཐམས་ཅད་དུ་མཛེས་པར་བྱེད་པའི་རྒྱན་གྱི་མཆོག་ཏུ་གྱུར་པ། སྐྱབས་གཅིག་མཚུངས་ཟླ་མེད་པ། དཔལ་ས་སྐྱ་པ་སྔགས་འཆང་བླ་མ་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་
པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གྱི་རྔ་བོ་ཆེ་སྲིད་པ་གསུམ་གྱི་ཁོངས་སུ་ལྡིར་བ། དེ་ཉིད་སུ་ཞིག་གི་ཐོས་པ་འཛིན་པའི་བཅུད་དུ་ལེན་པར་བྱེད་པ་ཁོ་ནས་ཀྱང་སྲིད་ཞིའི་རྒུད་པ་ཐམས་ཅད་ལས་སྐྱོབ་པའི་ཐུགས་རྗེ་ཆེན་པོ་དང་ཡོན་ཏན་དཔག་ཏུ་མེད་པས་བཟུང་བའི་བདག་
ཉིད་ཅན། གང་གི་ཞབས་མཐིལ་བནྡྷུ་ཛཱི་ཝ་ཀའི་འདབ་མ་ལྟ་བུའི་ངོས་སུ་བསོད་ནམས་ཀྱི་བྱེད་པོས་ལེགས་པར་བྲིས་པའི་འཁོར་ལོ་རྩིབས་བརྒྱད་པའི་རྟགས་ཀྱིས་ཉེ་བར་སྤུད་པ་དེ་ནི། འཇིག་རྟེན་གྱི་ཁམས་ན་མཐུ་ཆེ་ཞིང་གཟི་བརྗིད་ཆེ་བར་རློམ་པ་རྣམས་ནི་འདི་ལྟ་སྟེ། ཚངས་
པ་དང༌། དབང་པོ་དང༌། དྲག་པོ་དང༌། སྲེད་མེད་ཀྱི་བུ་ལ་སོགས་པའི་ལྷའི་དབང་པོ་རྣམས་དང༌། དེ་བཞིན་དུ་མི་དང༌། ལྷ་མ་ཡིན་དང༌། ལྟོ་འཕྱེ་དང༌། གནོད་སྦྱིན་དང༌། མིའམ་ཅི་དང༌། གྲུལ་བུམ་སྟེ། དེ་དག་གི་བདག་པོར་གྱུར་པ་རྣམས་ཀྱང་མངོན་པར་ཁེངས་པ་བསྐྱུངས་
ཏེ། མུན་པའི་གཉེན་པོར་བྱེད་པའི་ནོར་བུ་རིན་པོ་ཆེའི་རྒྱན་གྱིས་ལེགས་པར་བརྒྱན་པའི་རལ་པའི་ཐོར་ཚུགས་རྣམས་ཀྱི་རྩེ་ན་ལེགས་པར་བཀོད་ཅིང༌། རི་མོར་བྱས་པ། བླ་མར་བྱས་པ། མཆོད་ཅིང་རྗེད་པར་བྱས་པ། འཇིག་རྟེན་ན་གྲགས་པའི་ཟླ་འོད་བཀར་པོས་ཡོངས་སུ་
བྲན་པའི་མཁས་པ་དང༌། གྲུབ་པ་དང༌། རིག་སྔགས་འཆང་བ་ཐམས་ཅད་ཀྱིས་རྗེད་པར་བྱེད། ཚིག་གི་བདོག་པ་ཕུན་སུམ་ཚོགས་པ་དག་གི་བསྟོད་པའི་མེ་ཏོག་ཇི་སྙེད་པས་མངོན་པར་གཏོར་ཡང་ཡོངས་སུ་གཏུགས་པ་མེད་པའི་ཡོན་ཏན་གྱི་ཕུང་པོར་གྱུར་པ། མཆོག་གི་སྤྲུལ་པའི་སྐུ་
དཔལ་ལྡན་སྟོབས་བཅུ་མངའ་བ་ཉིད་དང༌། དེའི་རྣམ་པར་འཕྲུལ་པ་བགྲང་ལས་འདས་པ་རྣམས་ཀྱིས་ལེགས་པར་བཤད་པའི་ཚོགས་ཇི་སྙེད་མཆིས་པ་དང༌། དེ་དག་གི་བརྗོད་བྱར་གྱུར་པ་གང་ཡིན་པའི་དམ་པའི་ཆོས་ཐམས་ཅད་ཀྱི་བདག་པོ། མཐའ་དྲུག་ཚུལ་བཞིའི་ལམ་
เล่ม ๒๑๓ · หน้า 203a
ནས་རྒྱལ་བའི་དགོངས་པ་མ་ལུས་པ་གཏན་ལ་འབེབས་པའི་མཁས་པ་རྣམས་ལ་འོས་པའི་ཕྲིན་ལས་གསུམ་གྱི་སྒོ་ནས། བསྟན་པའི་རྒྱལ་མཚན་དམ་པ་གོང་ནས་གོང་དུ་བསླང་བ་ལ་འཇིགས་པ་དང་བག་ཚ་བ་མེད་པའི་མཁྱེན་རབ་ཀྱི་དབང་ཕྱུག་ཆེན་པོ་སྟེ། གང་དེ་
མི་འཇིགས་བཞི་དང་ལྡན་པའི་གོ་འཕང་ཉེ་བར་བརྙེས་པའི་བརྡར། སེང་གེ་ཆེན་པོ་བརྒྱད་ཀྱིས་མངོན་པར་བཏེག་པའི་ཆོས་ཀྱི་ཁྲི་མཐོན་པོ་ཞིག་ཏུ་སྲིད་པ་གསུམ་གྱི་གཟི་བརྗིད་ཀྱི་ཕུང་པོ་མ་ལུས་པ་གཅིག་ཏུ་སྤུངས་པ་ལས་ལྷག་པའི་རང་བཞིན་ཉིད་དུ་འོད་དང་འོད་ཟེར་གྱི་ཚོགས་རབ་ཏུ་དཀྲིགས་
པའི་སྐུའི་དཀྱིལ་འཁོར་ནི། དཔེར་ན་འཆར་ཀའི་ཉིན་མོར་བྱེད་པའི་དཀྱིལ་འཁོར་སྒྲིབ་བྱེད་མེད་པ་ཞིག །ཐུན་མཚམས་སྤྲིན་གྱི་ལང་ཚོ་མངོན་པར་བདོ་བའི་རྩེ་ན་འདུག་པ་དང་འདྲ་བར་མཐོང་ན་མི་མཐུན་པ་མེད་པའི་སྐུ་ལས་མཚན་གྱི་སྣང་བ་རིང་པོའི་ལམ་དུ་འཕྲོ་བ་སྟེ། དེ་ནི་དགེ་སློང་གི་
དགེ་འདུན་སྤྱོད་ལམ་དུལ་ཞིང་མཛེས་པ་ཁོ་ནས་ཀྱང་སྐྱེ་འཕགས་ཐམས་ཅད་ཀྱི་ཡིད་འཕྲོག་པར་བཟོད་པའི་འཁོར་གྱིས་ཀུན་ནས་བསྐོར་ཞིང་མདུན་གྱིས་བལྟས་ཏེ་གནས་སོ། །དེ་དག་ཀྱང་ལ་ལ་ནི་ཨ་ག་རུ་དང༌། ཏུ་རུཥྐ་དང༌། ཙནྡན་ལ་སོགས་པ་ལྷན་ཅིག་སྐྱེས་པའི་སྤོས་
མཆོག་གི་སྡོང་བུ་དག་གཏུལ་བའི་དུད་སྤྲིན་བཻ་ཌཱུརྻ་སྔོན་པོའི་སྤྲིན་ཕུང་ལྟ་བུ་དག་གཏིབས་པར་བྱེད་དོ། །ལ་ལ་ནི་ཡི་གར་ཤིན་ཏུ་འོང་བའི་དྲི་ཞིམ་པོ་སྣ་ཚོགས་པ་དག་གཅིག་ཏུ་སྦྱར་བ་ལས་བྱུང་བའི་སྤོས་ཀྱི་རེངས་བུ་སྦར་བ་དག་ཐོགས་ཏེ། སྔོ་བསངས་དུད་པའི་སྤྲིན་གྱི་རི་མོ་ངོ་
མཚར་བ་དག་ནམ་མཁའི་ངོས་ལ་ཅི་ཡང་འདྲི་བར་བྱེད་དོ། །ཁ་ཅིག་ནི་མཐུན་པའི་རྐྱེན་དུ་གྱུར་པའི་ཡོ་བྱད་གཙང་ཞིང་བསོད་པ་ཕུན་སུམ་ཚོགས་པ་དག་གིས་སྐུའི་རིམ་གྲོ་དག་ལྷུར་བྱེད་དོ། །ཁ་ཅིག་ནི་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཉེ་བར་མཁོ་བའི་
ཉེར་བསྡོགས་ཀྱི་ཕྲེང་བ་མཚར་དུ་དངར་བ་ཅི་དང་ཅི་དགོས་པ་དག་མངོན་པར་བསྐྲུན་པར་བྱེད་དོ། །ཕལ་ཆེར་ནི་འདྲི་ཞིང་ལན་ལྡོན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་དྲང་བའི་དོན་དང་ངེས་པའི་དོན་གྱི་བྱེ་བྲག་ཕྲ་ཞིང་ཕྲ་བ་ཉིད་དུ་རྣམ་པར་འབྱེད་པའི་ལེགས་བཤད་ཀྱི་བདུད་རྩི་མང་པོ་
เล่ม ๒๑๓ · หน้า 203b
དག་ལེན་པར་བྱེད་དོ། །ཁ་ཅིག་ནི་ཇི་སྐད་ཐོས་པའི་གསུང་གི་བདུད་རྩི་མང་པོ་དག་བརྡ་དང་ཚིག་ལ་རྨོངས་པར་མ་གྱུར་པའི་སྐྱེས་བུའི་འདུ་བྱེད་ཀྱིས་ཡི་གེའི་ལམ་དུ་འགོད་པར་བྱེད་དོ། །ཁ་ཅིག་ནི་འགྲོ་བ་རྒྱ་མཚོའི་དད་པའི་དབའ་རླབས་ཀྱི་ཕྲེང་བ་རྣམ་པར་གཡོས་པའི་རྩེ་
མོ་ནས་འཁྲུངས་པར་དངོས་སུ་འབྱོར་པའི་ཡོ་བྱད་ཀྱི་མཎྜལ་གྱ་ནོམ་པ་དག་ཀྱང་སྟོབ་པར་བྱེད་པའི་དབུས་སུ། རྗེ་བཙུན་དམ་པ་དེ་ཉིད་འོད་དང་འོད་ཟེར་གྱི་སྣང་བ་ལྷམ་མེར་འབར་བ་དང་བཅས་ཏེ་བཞུགས་པ་དངོས་སུ་མཐོང་བར་གྱུར་ཏོ། །དེ་ལྟར་མཐོང་བར་གྱུར་པ་དང༌། སྡོམ་བརྩོན་
མིའི་དབང་ཕྱུག་དམ་པ་འཁོར་དང་བཅས་པ་ནི་འདི་སྙམ་དུ། ཨེ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ། དུས་གསུམ་མཉམ་པར་གཟིགས་པའི་དབང་ཕྱུག །འཇིག་རྟེན་གསུམ་གྱི་སྙིང་པོ་མཐའ་དག་གཅིག་ཏུ་སྤུངས་པ་ལྟ་བུའི་སྐྱབས་ཀྱི་མཆོག་འདི་ལྟ་བུ་དང་དངོས་སུ་མཇལ་
བའི་སྐལ་བ་བཟང་པོའི་རོ་ལ་ལོངས་སུ་སྤྱད་པར་གྱུར་པ་འདི་ནི་ངེས་པར་ངོ་མཚར་ཆེ་བ་ཞིག་གོ་སྙམ་དུ་ཐུགས་ལ་བྱེད་པ་དང་བཅས་ཏེ། རྗེ་བཙུན་དམ་པ་དེས་སྐྱེ་བ་དཔག་ཏུ་མེད་པ་ནས་བཟོད་པའི་རྒྱུ་ཕུན་སུམ་ཚོགས་པས་ཉེ་བར་བསྒྲུབས་པའི་ཞལ་བཟང་ཟླ་བ་རྒྱས་པའི་དཀྱིལ་འཁོར་
རྟག་ཏུ་གང་བའི་རང་བཞིན་ཅན་དེ་ཉིད། སྐལ་བར་ལྡན་པའི་མིག་གི་མེ་ལོང་དག་ཏུ་འགོག་པ་མེད་པའི་ཚུལ་གྱིས་འཆར་བ་དང༌། ལེགས་པར་གདམས་པའི་བདུད་རྩིའི་སྒོ་འཕར་ཕྱེ་བས་ཐར་པ་བླ་ན་མེད་པའི་ལང་ཚོའི་བཅུད་ལེན་དུ་འཐུང་བའི་སྐལ་བ་བཟང་པོ་ལ་སྦྱོར་བར་གསོལ་བའི་
མཚོན་བྱེད་དུ། ཐོག་མར་སྲིད་ཞིའི་སྐྱབས་མགོན་མཚུངས་པའི་ཟླ་ཐམས་ཅད་དང་བྲལ་བ། གང་གི་ཡོན་ཏན་འཛད་དུ་མེད་པའི་རང་བཞིན་རྒྱ་མཚོ་ལྟ་བུའི་ནང་ནས་ཕྱོགས་རེ་ཙམ་ཞིག་ཉམས་དང་འགྱུར་བའི་རོ་དང་ལྡན་པའི་སྙན་དངགས་དམ་པའི་གླུར་བླངས་པའི་མཆོད་པར་བརྗོད་པ་
དང༌། ཡན་ལག་བདུན་པ་ཚིགས་སུ་བཅད་པར་བསྡེབས་པའི་མེ་ཏོག་གི་སིལ་མས་མངོན་པར་གཏོར་ཞིང་རབ་ཏུ་གཏོར་རོ། །དེ་ནས་བཀྲ་ཤིས་པའི་རྟགས་ཀྱི་དགེ་མཚན་རྣམ་པར་བཀྲ་བའི་ལྷ་དར་དཀར་པོ་དང༌། བདེ་ལྡན་ཞིང་གི་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་བརྙན་
เล่ม ๒๑๓ · หน้า 204a
གྱིས་ཐོག་དྲངས་པའི་འབུལ་བ་དངོས་པོ་བཟང་ཞིང་གཏོས་ཆེ་བ་རྣམ་གྲངས་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གསུམ་གྱིས་ཉེ་བར་ལྷག་པའི་འབུལ་བ་ཕུལ་ལོ། །དེར་བཤུལ་ཐག་རིང་པོའི་ལམ་གྱི་བདེ་ལེགས་དང་ཁམས་འདྲི་བ་དང་ལན་ལྡོན་པ་ལས་
བརྩམས་པའི་བཀའ་མཆིད་ཨུཏྤལ་དཀར་པོའི་ཕྲེང་བ་ལྟ་བུ་ཀུན་གྱི་རྣ་བར་མཛེས་པའི་རྒྱན་དུ་ལེགས་པར་སྩལ་ཏོ། །དེ་ནས་རིམ་པར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་དགའ་སྟོན་ཐོབ་པ་ལ། ཐོག་མར་འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་ཆེན་པོ་ཛེ་ཏཱ་རི་ལས་རིམ་པར་བརྒྱུད་
དེ། བསྟན་པའི་བདག་པོ་དཔལ་ས་སྐྱ་པ་ལ་བཀའ་བབ་པའི་འཇམ་དཔལ་ཨ་ར་པ་ཙ་ནའི་རྗེས་སུ་གནང་བ་དང༌། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་པ་དགུང་ལོ་བརྒྱ་དང་ཉི་ཤུ་ལྔར་བཞུགས་ནས་སེམས་ཅན་གྱི་དོན་མཛད་པར་གྲགས་པ་དེ་ཉིད་ལས་བརྒྱུད་པ་བར་མ་ཆད་
པ་ལས་བྱུང་བའི་ཚེ་སྒྲུབ་ཟབ་གཏེར་དག་སྣང་ཆུ་བོ་ཉིས་འདྲེས་སུ་གྱུར་པའི་བླ་མ་ཞི་ཁྲོའི་ཚེ་དབང་ཟབ་མོ་དང༌། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་རས་བྲིས་ལ་བརྟེན་པའི་རྒྱུ་དུས་ཀྱི་དབང་བཞི་ཡོངས་སུ་རྫོགས་པ། རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་བའི་རྡོ་རྗེ་
ཕུར་པ་ས་ལུགས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་ཡོངས་སུ་རྫོགས་པ་དང༌། རྡོ་རྗེ་གུར་གྱི་རྒྱུད་ལེའུ་བཅོ་ལྔ་པ་ལས་བསྟན་པའི་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་བརྒྱད་ཀྱི་རྗེས་སུ་གནང་བ་དང༌། གཞན་ཡང་རྗེས་སུ་གནང་བ་དང་རྗེས་སུ་གདམས་
པ་དཔག་ཏུ་མེད་པ་སྩལ་ཏོ། །གཞན་ཡང་སྔོན་གྱི་དུས་ནས་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉེན་པོའི་རྡོ་རྗེ་བདུད་རྩི་སྙིང་ལ་སིམ་པ་དྲལ་དུ་མ་བཏུབ་པར་དུས་རྟག་ཏུ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ཐམས་ཅད་སྤྲིན་བཞིན་དུ་འདུ་ཞིང་བསྒོ་བ་ཐམས་
ཅད་བྲན་བཞིན་དུ་ཉན་པའི་བསྟི་གནས་སུ་གྱུར་པའི་མགོན་ཁང་ཆེན་པོ་རྣམས་སུ། ཧེ་རུ་ཀ་དཔལ་མིའི་སྲིད་པར་བཟུང་བའི་རྗེ་བཙུན་དམ་པ་དེ་ཉིད་དང༌། སྡོམ་བརྩོན་བླ་མ་ཆེན་པོ་འདི་ཉིད་ལྷན་ཅིག་ཏུ་བྱོན་ནས། ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མཆོད་གཏོར་རྒྱ་ཆེན་
เล่ม ๒๑๓ · หน้า 204b
པོས་མཉེས་པར་བྱས་ཏེ། སྔོན་དུས་བླ་མ་མལ་ལོ་ཙཱ་བས་ས་ཆེན་ཀུན་དགའ་སྙིང་པོ་ལ་ཇི་ལྟར་གཏད་པ་དེ་ལྟར་དུ། རྗེ་བཙུན་ཧེ་རུ་ཀ་དཔལ་ཆེན་པོ་ཉིད་ཀྱི་ཕྱག་ན་དམ་ཚིག་གི་རྡོ་རྗེ་འབར་བ་ཐོགས་ཏེ་ཆེད་དུ་བསྒོ་བ། ཆོས་སྐྱོང་བའི་སྲུང་མ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེན་པོ་དང་ལྡན་པ།
བཅོལ་བའི་ལས་ཐམས་ཅད་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་སྒྲུབ་པ། མངོན་པར་ཤེས་པའི་མིག་དང་ལྡན་པ་ཁྱེད་རྣམས་དམ་ཚིག་དང་ལྡན་པའི་རིགས་ཀྱི་བུ་འདིའི་ལུས་དང་གྲིབ་མ་བཞིན་དུ་འབྲལ་བ་མེད་པར་འགྲོགས་ལ། ཕྱི་དང་ནང་གི་བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་
ཐམས་ཅད་ཞི་བའི་ཕྲིན་ལས་སྒྲུབས་ཤིག །མཐུན་པའི་ཕྱོགས་ཐམས་ཅད་གོང་ནས་གོང་དུ་སྤེལ་བའི་ཕྲིན་ལས་སྒྲུབས་ཤིག གཞན་ཡང་རིགས་ཀྱི་བུ་འདིས་ཇི་ལྟར་འདོད་པའི་ཕྲིན་ལས་རྣམ་པ་བཞི་གང་དང་གང་བཅོལ་བ་ཐམས་ཅད་མྱུར་བ་ཉིད་དུ་སྒྲུབས་ཤིག་ཅེས་བྱ་བ་ལ་
སོགས་པའི་བཀའ་དང་དམ་ཚིག་གི་རྡོ་རྗེ་ཕྱེད་པར་དཀའ་བའི་ར་བ་དེ་ན་ལེགས་པར་བཅུག་སྟེ། མཐར་ཐུག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐད་ཅིག་ཀྱང་འབྲལ་བ་མེད་པར་ལུ་གུ་རྒྱུད་དུ་སྦྲེལ་ལོ། །གཞན་ཡང་ཆོས་དང་སྲིད་པའི་གཙུག་ལག་ཟུང་ལས་བརྩམས་པའི་བཀའ་མཆིད་ཉིན་
མོར་བྱེད་པའི་ནོར་བུའི་འོད་ཟེར་གྱི་དྲྭ་བ་མང་དུ་སྤྲོས་པས། བློ་གྲོས་ཀྱི་འདབ་བརྒྱ་རྣམ་པར་གྲོལ་བར་མཛད་པའི་བཀའ་དྲིན་བསམ་པའི་ཡུལ་ལས་འདས་པའི་ཚུལ་གྱིས་རྗེས་སུ་བཟུང་ཞིང་རྗེས་སུ་བསྐྱངས་ཏེ་ཉིན་ཞག་གི་འཁོར་ལོ་མང་པོ་ཡང་བརྒལ་བར་མཛད་དོ། །དེ་དག་གི་བར་
སྐབས་རྣམས་སུ། སྐྱེ་དགུ་མ་ལུས་པའི་ཕན་པ་དང་བདེ་སྐྱིད་འབྱུང་བའི་རྩ་ལག་ཏུ་བཞུགས་པའི་རྟེན་མཇལ་དང་མཆོད་འབུལ་མཛད་པ་ནི། གདན་ས་ཆེན་པོ་དེ་ཉིད་ཀྱི་གདགས་སྲིབ་ཏུ་བཞུགས་སོ་འཚལ་གྱི་ལྷ་ཁང་དང༌། གཙུག་ལག་ཁང་དང༌། མགོན་ཁང་དང༌།
སྒྲུབ་ཁང་ཁྱད་པར་དུ་འཕགས་པ་རྣམས་དང༌། སྤྲུལ་པའི་ལྷ་ཁང་ཆེན་པོ་ཞེས་བྱ་བ། གང་གི་ངོ་མཚར་སྒྱུ་མའི་བཀོད་པ་ལྟ་བུའི་ཁྱད་པར་གྱི་ལྟད་མོའི་ཆ་ཤས་རེ་ཡང་སྐལ་བར་ལྡན་པ་སུ་ཞིག་གི་མིག་གི་དབང་པོའི་ལོངས་སྤྱོད་ཉིད་དུ་ཐོབ་པར་གྱུར་པའི་མོད་ལ།
เล่ม ๒๑๓ · หน้า 205a
སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་རྣམ་པར་རྒྱལ་བའི་ཁང་བཟངས་ཞེས་བྱ་བ། སྤྲུལ་པའི་བཟོ་བོ་བི་ཤྭ་ཀརྨྨའི་འཕྲུལ་གྱིས་བཟོས་པ། ལྷའི་རིན་པོ་ཆེ་སྣ་བཞི་ལས་བསྒྲུབས་པ་ཞིག་སྟེ། དེའི་བཟོ་དབྱིབས་
ལྟ་ན་སྡུག་པའི་ངོ་མཚར་དང་གྲགས་པ་ཡང་འགོག་པར་ནུས་པའི་རང་བཞིན་ཅན་ཉིད་དོ། །དེ་ཡང་ཇི་ལྟར་ཞེ་ན། བསྐལ་པ་བཟང་པོའི་ལེགས་ལམ་ལས། གང་དུ་འཇུག་པའི་ཐེམ་སྐས་སུ་ཞིག་གིས། །འགོངས་པ་ཙམ་ན་ཐར་པའི་གྲོང་ཁྱེར་དུ། །བདེ་བར་སོན་པ་
སྲིད་ལས་འདས་པ་ཡི། །སྒོ་དེའི་ཁྱད་པར་ཅི་ཡིན་ཡོངས་མི་ཤེས། །རྟ་བབས་ནོར་བུ་རྒྱས་པའི་ལྗོན་པ་ཡི། །ཀ་བ་སྟོང་གིས་བཏེག་པའི་འོད་ཀུན་དུ། །འབར་བས་རང་གནས་ཕྲོགས་ཏེ་གནམ་སྔོན་པོ། །ས་ལ་ལྷུང་བ་མིན་ནམ་ཁྱམས་དེ་སྔོ། །དེ་ལ་ནོར་འཛིན་ཟླ་
བའི་མིག་མངས་རིས། །བཀྲ་བ་དེ་ནི་མཐིང་གི་རོལ་བའི་མཚོར། །སིནྡྷུ་ཝཱ་རའི་གེ་སར་ཕྱེ་མའི་ཕྲེང༌། །རླབས་ཀྱི་སོར་མོས་བྲིས་པ་བཞིན་དུ་མཛེས། །ཨིནྡྲ་ནཱི་ལའི་བ་གམ་འོད་ཚོགས་ཀྱིས། །རྩིག་ངོས་དག་པའི་ལོགས་ལ་ཡོངས་ཁྱབ་པ། །ཨུཏྤལ་སྔོན་པོ་རབ་
རྒྱས་ནགས་སུ་སེམས། །མེ་ཏོག་ཟས་ཅན་རྣམས་ལ་འཁྲུལ་པ་འཇུག ། མདའ་ཡབ་ཕྲེང་བ་ལས་འཕྱང་དྲྭ་ཕྱེད་ཚོགས། །ཕ་གུ་ཆུ་སྐྱེས་དཀར་པོའི་ངོས་རྩེ་ལ། །རེག་པ་རྣམ་པར་གསལ་ཏེ་བཅུ་དྲུག་ཆ། །སྙིང་ལས་བདུད་རྩིའི་ཐིག་ཕྲེང་བསྒྲེང་བ་བཞིན། །བྱ་འདབ་
མཁའ་དང་འདྲེས་པའི་འགྲམ་པ་ལ། །རྒྱ་ཕིབས་འཇིག་རྟེན་གསུམ་གྱི་མུན་འཕྲོག་པའི། །སྣང་བའི་རི་མོ་གློག་གི་གར་མཁན་མས། །གཞན་ཡིད་རྐུ་བའི་ཆོ་འཕྲུལ་མཛེས་ལས་ལྷག །ཟླ་བ་རླུང་གིས་བསྐྱོད་པའི་རྔ་ཡབ་རྩེར། །ཛམྦུ་ནཱ་དའི་གསེར་གྱི་དྲིལ་ཆུང་
གི །མགྲིན་ལ་ཟད་མི་ཤེས་པའི་སྒྲ་སྙན་མང༌། །རྣ་བའི་བཅུད་དུ་འགྲོ་བའི་དབྱངས་སུ་འབབ། །ཏོག་གི་ཁྱད་པར་ཉི་མའི་སྤྱི་བོ་ལ། །འོད་ཟེར་འབབ་སྟེགས་བྱེད་པའི་གཟི་བརྗིད་གཏེར། །མཛེས་པའི་གོས་ཅན་ལྷབ་ལྷུབ་རྟ་གདོང་མེར། །རིག་པས་མི་བརྫིའི་རྒྱལ་
เล่ม ๒๑๓ · หน้า 205b
མཚན་འབུམ་གྱིས་སྤུད། །ཅེས་པ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་གཞལ་མེད་ཁང་ཆེན་པོ་དེ་དང་བཅས་པ་སྟེ། རྟེན་དེ་དག་ཏུ་བཞུགས་པའི་བརྟེན་པ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ། རྒྱ་གར་གྱི་པཎྜི་ཏ་མང་པོ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་
རྣམས་དང༌། དཔལ་ས་སྐྱའི་གདུང་རབས་རིམ་པར་བྱོན་པ་རྣམས་ཀྱི་ཐུགས་དམ་རྟེན་དུ་མཛད་པས་ཡེ་ཤེས་ཀྱི་འཁོར་ལོ་དངོས་སུ་བཞུགས་པ། ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྤྱི་ལ་སྤོས་དང༌། མར་མེ་དང༌། ཞལ་ཟས་ཕུལ་ལོ། །བྱེ་བྲག་པ་རྣམས་ལ་
ལྷག་པར་འཕན་དང༌། བླ་རེ་དང༌། རྒྱལ་མཚན་འབུལ་བ་ལ་སོགས་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྲུན་པའི་ངོ་མཚར་བརྗོད་ཀྱིས་མི་ལྡང་བ་ཉིད་དོ། །དེ་ལྟར་གདན་ས་ཆེན་པོ་དེར་ཇི་ལྟར་བཞེད་པའི་དོན་ཐམས་ཅད་ལེགས་པར་གྲུབ་ནས། དཔལ་ཞྭ་ལུའི་ཆོས་སྡེར་བྱོན་ནས།
དེར་བཞུགས་པའི་དགེ་འདུན་རྣམས་ལ་མང་ཇ་དང་གྲལ་འགྱེད། གྲྭ་པ་རེར་དངུལ་དཀར་བལ་པོའི་དོང་ཙེ་རེའི་འགྱེད་པ་དང༌། གདན་ས་དེའི་བླ་མ་དང་ལས་ཚན་རྣམས་ལ་འབུལ་བ་ཚན་གྲངས་དང༌། རྟེན་གསུམ་རྣམས་ཀྱི་ཞལ་མཇལ་དང་མཆོད་འབུལ་མཛད་དོ། །སྐབས་དེར་
ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་དགོན་པར་གདན་འདྲེན་ཞུ་བའི་བསུ་བར། བླ་བྲང་རྒྱལ་མཚན་མཐོན་པོའི་མགྲོན་གཉེར་བ་དང༌། གཞིས་རྩེ་རྫོང་གི་དཔོན་པོ་དང༌། ཧགས་གདོང་གྲྭ་ཚང་དང༌། རྒྱ་ཁང་ཚན་གྱི་དགེ་བསྐོས་རྣམས་ཀྱིས་སྔོན་ནས་བསུ་སྟེ། དེ་ཕྱོགས་སུ་
ཆིབས་ཀྱི་གདོང་བསྒྱུར་བར་མཛད་པས་མི་རིང་བར་བླ་བྲང་ཆེན་པོ་རྒྱལ་མཚན་མཐོན་པོ་ཞེས་བྱ་བ། དེའི་ངོ་མཚར་གྱི་ཁྱད་པར་ནི། དཔེར་ན་བསྐལ་པ་བཟང་པོའི་རྒྱལ་བ་བཞི་པའི་རྒྱལ་ཚབས་ཆེན་པོ་མགོན་པོ་བྱམས་པས། སྐལ་བ་ལྡན་པའི་ལྷ་བུ་གྲངས་མེད་པའི་
དབུས་སུ། ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་གནས་དགའ་ལྡན་ཆོས་ཀྱི་གཞལ་མེད་ཁང་ཆེན་པོ་ཞེས་པ། དེ་ནི་ཕལ་ཆེར་སྦྱོང་བར་དཀའ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྒྱུ་ཚོགས་ཕུན་སུམ་ཚོགས་པ་མ་ཡིན་པས་འཐོབ་པར་དཀའ་བ་
เล่ม ๒๑๓ · หน้า 206a
ངོ་མཚར་གྱི་ཁྱད་པར་བརྗོད་མི་ནུས་པ་ཞིག་སྟེ། དེའི་བཀོད་པ་ལེགས་པ་དང་དཔལ་མ་ལུས་པ་སའི་སྟེང་ན་ཡོངས་སུ་འཕོས་པ་སྙམ་བྱེད་པའི་ངོ་མཚར་སྐྱེ་བོ་ཡོངས་ཀྱི་མིག་གི་བདུད་རྩིར་གྱུར་པ་ཞིག་གོ །དེའང་འདི་ལྟར་ལྷའི་རིན་པོ་ཆེ་སྣ་
བདུན་གྱི་ཕ་གུ་བརྩེགས་པ་ལྟ་བུའི་སྟེགས་བུ་དང༌། བ་གམ་དང༌། མདའ་ཡབ་དང༌། ལན་ཀན་རྣམས་ཀྱིས་མཛེས་པ། ཟུར་བཞི་དང་ལྡན་པ་ཆེས་མཐོ་ཞིང་བརླིང་བ། སྒོ་དང་རྟ་བབས་དང་སྐར་ཁུང་དང༌། རྒྱན་གྱི་རྣམ་པ་མང་པོ་དང་ལྡན་པ། བཙོ་མ་གསེར་གྱི་རྒྱ་
ཕིབས་མང་པོ་དག་ལ་ཉི་མ་བྱེ་བའི་དཔལ་བཞིན་དུ་འོད་ཟེར་གྱི་དྲྭ་བ་དཀྲིགས་པ། དེའི་ཕྱི་རོལ་ཀུན་དུ་གཙུག་ལག་ཁང་དང༌། ཁང་པ་དང༌། ཁང་ཕྲན་གྱི་ཚོགས་མང་པོ་དང༌། མེ་ཏོག་གི་ལྡུམ་ར་དང༌། སྐྱེད་མོས་ཚལ་ལ་སོགས་པས་བསྐོར་བས་ཡིད་དུ་འོང་བར་བྱས་པ། དེ་
ལྟ་བུའི་ངོ་མཚར་གྱི་ཕུང་པོར་གྱུར་པ་གང་ཡིན་པ་དེའི་ཉེ་འདབས་སུ་བྱོན་ནོ། །དེར་བྱོན་པ་དང་ཆོས་གྲྭ་ཆེན་པོ་དེ་ཉིད་ནས་ཀྱང༌། དྲི་ཞིམ་པོའི་སྨན་དང༌། སྤོས་དང༌། སིཧླ་དང༌། བདུད་རྩི་ཅན་གྱི་ཤིང་གི་ལྕུག་ཕྲན་གཞོན་ནུ་དག་བསྲེགས་པའི་ལྷ་བསང་གི་དུད་སྤྲིན་སྔོན་པོས་ནམ་མཁའི་
དབྱིངས་ཁྱབ་པར་གཏུལ་ལོ། །དེ་དང་ཆབ་ཅིག་པར་ལྷའི་རྒྱལ་མཚན་དང༌། ལྷའི་བ་དན་ལ་སོགས་པའི་དར་འཕྱར་གྱི་དགའ་སྤྲོ་དཔག་ཏུ་མེད་པ་བསྟར་བའི་བཀུར་སྟི་དང་བཅས་ཏེ་བླ་བྲང་ཆེན་པོར་སྤྱན་དྲངས་ཞུས་སོ། །དེ་ན་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡོན་གྱི་
གནས་དམ་པར་གྱུར་པ་ནི་པཎ་ཆེན་ཐམས་ཅད་གཟིགས་པ་བློ་བཟང་ཡེ་ཤེས་དབང་པོ་ཞེས་ཡོངས་སུ་གྲགས་པ་སྟེ། དེ་ནི་སྔོན་དུས་འཕགས་པའི་ཡུལ་དང་བསིལ་ལྡན་ཁ་བ་ཅན་གྱི་ལྗོངས་འདིར་ཉི་མ་དང་ཟླ་བ་ལྟར་རབ་ཏུ་གྲགས་པའི་མཁས་པ་ཆེན་པོ་དུ་མའི་སྐུའི་སྐྱེ་བ་ལུ་གུ་རྒྱུད་
དུ་བཞེས་པ། དེའི་དབང་གིས་དཔལ་སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་རིས་མེད་པ་ལ་སྐྱེ་བ་ནས་སྐྱེ་བར་ཕན་པའི་བྱ་བ་ཡང་དག་པར་བགྱིས་པ། སྐྱེ་བ་འདིར་ཡང་གསེར་མདངས་ཅོད་པཎ་འཆང་བ་ཐམས་ཅད་ཀྱི་བསྟན་པ་རྒྱལ་མཚན་མཛེས་པར་བྱེད་པའི་ཏོག་ཏུ་
เล่ม ๒๑๓ · หน้า 206b
གྱུར་པ། འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེ་ཆེ་ཞིང༌། རྣམ་པར་དཀར་བའི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་གོ །དེ་ལྟ་ནའང་སྐབས་དེར་སྐྱེ་འགྲོ་སྤྱིའི་ལེགས་བྱས་ཀྱི་ཐག་པ་ཕྲ་མོས་མ་ཟིན་པ་བཞིན་
དུ་རེ་ཞིག་དེ་ནས་མི་སྣང་བར་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་ནོ། །དེའི་སྐྱེ་བའི་ཟློས་གར་གྱི་སྤྲུལ་པའི་སྐུ་ཡང་བྱོན་མ་ཟིན་པའི་སྐབས་སུ་མཆིས་མོད། རྗེ་བཙུན་དམ་པ་དེས་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་སེང་གེའི་ཁྲི་མཐོན་པོ་དང༌།
དམ་པ་དེ་ཉིད་ཀྱི་སྐུ་བརྙན་ཕྱག་ནས་ཅན་གྱི་མདུན་ག་ལ་བར་རྣམ་གྲངས་བརྒྱ་ཕྲག་གཅིག་ལ་བརྒྱད་ཀྱིས་ཉེ་བར་ལྷག་པའི་མཆོད་འབུལ་མཛད་དོ། །ཆོས་གྲྭ་དེའི་གཙུག་ལག་ཁང་ཆེན་པོར་བསྟན་སྐྱོང་འཕགས་པའི་དགེ་འདུན་ཞི་ཞིང་དུལ་བ། སྐུ་ལས་ཧ་རི་ཙནྡ་ནའི་དྲི་བསུང་
མངར་པོ་ཁོ་ར་ཁོར་ཡུག་ཏུ་འཐུལ་བ། མཐའ་མེད་འཁོར་བའི་རིམས་ནད་ཀྱི་གཉེན་པོར་བྱེད་པའི་ཡོན་གནས་དམ་པ་སྟོང་ཕྲག་བཞིར་ལྡང་བར་བཞུགས་པ་རྣམས་ལ་མང་ཇ་གཉིས་དང༌། གྲྭ་པ་རེ་ལ་དངུལ་དཀར་བལ་པོའི་དོང་ཙེ་རེ་རེ་གྲལ་འགྱེད་དུ་ཕུལ་ལོ། །དེ་ན་བྱིན་
རླབས་དང་ཕན་བདེའི་དཔལ་གྱིས་མངོན་པར་གཏམས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཛམྦུའི་གླིང་ན་དཀོན་པ་ལྟར་གྱུར་པའི་གྲགས་ཆེ་ཞིང་གྲངས་མང་བར་བཞུགས་པ་རྣམས་ལའང་ཞལ་གསེར་གསོལ་བ་དང༌། སྤོས་རེང་གཏུལ་བ་དང༌། མར་མེ་སྦོར་བ་དང༌། སྙན་
ཤལ་དང་འཕན་ཚར་འདོགས་པ་ལ་སོགས་པ། སྔོན་གྱི་བྱང་ཆུབ་སེམས་དཔའ་གང་དག་བྱུང་བ་རྣམས་ཀྱིས། ཕྱོགས་བཅུའི་ཞིང་གི་རྒྱལ་བ་རྣམས་ལ་མཆོད་པའི་སྤྲིན་གྱི་ཕུང་པོ་དཔག་ཏུ་མེད་པས་མངོན་པར་མཆོད་ཅིང་རི་མོར་བྱས་པ་དེ་ལྟ་བུའི་རྣམ་པར་ཐར་པ་དག་གི་རྗེས་
སུ་འཇུག་པ་དང་རྗེས་སུ་སློབ་པར་འདོད་པའི་འདུན་པ་ལས་བྱུང་བའི་མཆོད་པའི་སྤྲིན་རྣམས་ཀྱིས་མངོན་པར་མཆོད་ཅིང་རྗེད་པར་མཛད་དོ། །དེ་ནས་འཕགས་པའི་གནས་བརྟན་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱི་རྣམ་པར་འཕྲུལ་པའི་རོལ་རྩེད་གདོན་མི་ཟ་བའི་མཁན་པོ་དགེ་བའི་
เล่ม ๒๑๓ · หน้า 207a
བཤེས་གཉེན་ཆེན་པོ་རིམ་པར་བྱོན་པ་རྣམས་ཀྱིས་བཀའ་གདམས་བསྟན་པའི་སྙིང་པོའི་ཆོས་ཚུལ་དྲི་མ་མེད་པའི་འཁོར་ལོ་བསྐོར་བའི་གདན་ས་ཆེན་པོ། །དཔལ་སྣར་ཐང་ཞེས་བྱ་བའི་ཆོས་གྲྭ་ཉིད་དུ་འབྱོན་པར་བརྩམ་པ་ན། དེ་ནས་ཀྱང་མདུན་བསུའི་
ཕྲེང་བ་སྔ་ཕྱིའི་རིམ་པར་བསྟར་བ་ནི་སྔ་མ་བཞིན་དུ་བྱུང་སྟེ། དེ་དག་དང་བསྟུན་ནས་དཔལ་སྣར་ཐང་གི་ཆོས་གྲྭར་བྱོན་ནོ། །དེ་ན་དཔལ་ལྡན་ཉི་མའི་གཉེན་གྱི་བསྟན་པ་དམ་པའི་རྩ་ལག་ཏུ་བཞུགས་པའི་བླ་མ་དང་མཁན་པོ་ཕྱི་དང་ནང་གི་ཡོན་ཏན་གྱི་ཚོགས་མང་པོས་འབྱོར་པ། སེམས་
ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པའི་ཕྱིར་ཞུགས་པ་རྣམས་ལ་འབུལ་བ་ཚན་གྲངས་བསྔོ་རྟེན་དང་བཅས་པ་ཕུལ་ལོ། །དེར་འཕགས་པའི་དགེ་འདུན་ཆོས་སྤྱོད་བཅུའི་རྒྱུན་དང་ཉམས་ལེན་ལྷུར་ལེན་པས་ཉིན་མཚན་གྱི་འཁོར་ལོའི་དུས་འདའ་བར་བྱེད་པའི་ཡོན་གནས་དམ་པ་ཇི་སྙེད་
མཆིས་པ་རྣམས་ལའང་མང་ཇའི་བསྙེན་བཀུར་དང་དངུལ་དཀར་གྱི་དོང་ཙེ་རེ་རེ་འགྱེད་དུ་བསྟབས་སོ། །དེ་བཞིན་གཤེགས་པ་སྲས་དང་བཅས་པའི་རྟེན་རྣམས་ཀྱི་སྤྱན་སྔར་ཉེ་བར་སྤྱོད་པ་རྣམས་དང་ཡོ་བྱད་འབུལ་བ་རྣམས་ནི་སྔ་མ་ཇི་ལྟ་བ་བཞིན་དུ་གཟབས་སོ། །དེ་ལྟར་ཇི་སྐད་
བཤད་པ་རྣམས་ཀྱང་དེ་དག་ལས་གང་གཙོར་གྱུར་པ་གང་ཡིན་པའམ་རགས་པ་གང་ཡིན་པ་ཁོ་ན་བཏུས་ནས་སྨོས་པ་ཡིན་གྱི་ཞིབ་ཏུ་ནི་མ་ཡིན་ནོ། །གཞན་དུ་ན་སྡོམ་བརྩོན་བསྟན་པའི་རྩ་ལག་ཆེན་པོ་འདིས་ཐུགས་བསྐྱེད་དང་སྙིང་སྟོབས་རྨད་དུ་བྱུང་བའི་གཏོང་བ་དམ་པའི་སྒོ་འཕར་ཡངས་
པོར་ཕྱེ་ནས། དུས་གཞན་དང་གནས་སྐབས་གཞན་དག་ཏུ་དགེ་བའི་རྩ་བ་བསྒྲུབ་པའི་ཚུལ་བརྗོད་པ་ལྟ་ཞོག དེང་གི་དུས་ཁོ་ནར་ཡང་དབུས་གཙང་གི་ཕྱོགས་ཀྱི་དགོན་སྡེ་ཕྱོགས་རིས་སུ་མེད་པ་ལ་མཆོད་ཅིང་བསྙེན་བཀུར་བགྱིས་པའི་ངོ་མཚར་གཏམ་གྱི་ཕུང་པོ་ཁོ་ན་བརྗོད་ཀྱང་འཛད་དུ་
མེད་པའི་རང་བཞིན་དུ་འགྱུར་བ་ནི་ངེས་པའོ། །དེའང་འདི་ལྟར་མདོ་རུ་བསྡུ་ན། ཡུལ་སྟག་ལུང་གི་དགོན་པ་ནས་བཟུང་སྟེ། དབུས་ཕྱོགས་ཀྱི་འཛིན་མའི་དཀྱིལ་འཁོར་མ་ལུས་པ་དང༌། གཙང་ཕྱོགས་ཀྱི་འཛིན་མའི་དཀྱིལ་འཁོར་མ་ལུས་པ་དང༌། སྟོད་ཀྱི་གཉའ་ནམ་གྲོད་པ་ཕུག་
เล่ม ๒๑๓ · หน้า 207b
མན་ཆད་ཀྱི་འཛིན་མའི་དཀྱིལ་འཁོར་མ་ལུས་པ་སྟེ། དེ་དག་ཏུ་གནས་པའི་གདན་ས་དང༌། གཙུག་ལག་ཁང་དང༌། དགོན་སྡེ་དང༌། སྒྲུབ་གནས་དང༌། རི་ཁྲོད་དབེན་པའི་བསྟི་གནས་ཇི་སྙེད་མཆིས་པ་སྟེ། དེ་དག་ལ་བརྟེན་པའི་དགེ་སློང་དང༌། དགེ་སློང་མ་དང༌། བར་
སློབ་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་ལ་སོགས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ་དེ་ཉིད་ཀྱི་བསྟན་པའི་རྗེས་སུ་ཞུགས་པའི་སྦྱིན་གནས་སུ་གྱུར་པ་ཇི་
སྙེད་མཆིས་པ་དང༌། གཤེན་རབས་བོན་གྱི་རྗེས་སུ་ཞུགས་པའི་སྦྱིན་གནས་སུ་གྱུར་པ་ཇི་སྙེད་མཆིས་པ་རྣམས་ཏེ། དེ་དག་ཐམས་ཅད་དུ་མ་ཁྱབ་པ་མེད་པའི་མང་ཇའི་བསྙེན་བཀུར་དང༌། གྲལ་འགྱེད་ཀྱི་འབུལ་བ་ཡང་དག་པར་བགྱིས་སོ། །དེའང་དགོན་སྡེ་གང་དང་གང་
ཡིན་པ་དེ་དང་དེའི་གྲྭ་པའི་ཚོགས་མང་ཉུང་གང་ཡོད་ཀྱི་གྲངས་དང་མཉམ་པར། དངུལ་བལ་པོའི་དོང་ཙེ་རེ་རེ་འགྱེད་པ་ནི་དགོན་སྡེ་ཕལ་ཆེ་བ་ལ་ཡོད་ཅིང༌། ཐ་ན་དགོན་པའི་མིང་ཐོགས་ཙམ་ཞིག་ལའང་མང་ཇ་རེ་དང་འགྱེད་སྐལ་མི་རེ་ལ་དངུལ་ཞོ་གང་ཕྱིན་ཆད་དུ་ལྷུང་
བ་ནི་གཅིག་ཀྱང་མེད་པའི་དགོངས་གཏད་ཀྱི་ཡོན་འབུལ་མཛད་དོ། །དགོན་སྡེ་དེ་དག་ཏུ་མཁས་པའི་ཕྲིན་ལས་བཟང་པོ་ལ་དབང་འབྱོར་པའི་བླ་མ་དང༌། མཁན་པོ་དང༌། སློབ་དཔོན་དང༌། ཟུར་འཆད་པར་བཞུགས་པ་ཐམས་ཅད་ལ་ཡང་དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་
ཡོངས་སུ་བསྔོ་བར་ཞུ་བའི་རྟེན་དང་ཡོན་འབུལ་གྱི་དངོས་པོས་མ་ཁྱབ་པ་མེད་པའི་དགོངས་གཏད་ཀྱི་བསྙེན་བཀུར་གཟབ། དེ་དག་གི་གཙུག་ལག་ཁང་དང་རྟེན་མཆོག་ཁྱད་པར་ཅན་གྱི་བཞུགས་གནས་རྣམས་སུ། ཇི་སྐད་དུ། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་སམ། །རྡོ་
ལས་བྱས་པའང་རུང་སྟེ་མཁས་པས་མཆོད། །ཅེས་དང༌། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར་སེམས་ཅན་རང་རང་གི་མོས་པའི་བྱེ་བྲག་ཙམ་མ་གཏོགས་པར་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེ་ཞིང་
เล่ม ๒๑๓ · หน้า 208a
སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྲིན་ལས་ཅན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་རྟེན་ཡིན་པའི་ཕྱིར། མཆོག་དམན་དང་བཟང་ངན་གྱི་ཁྱད་པར་དབྱེར་མི་བཏུབ་ཀྱང༌། ཀུན་རྫོབ་ཀྱི་རྗེས་སུ་འབྲང་སྟེ་རྟེན་གསུམ་གྱི་རྣམ་པ་བཞེང་བ་རྒྱུའི་ཁྱད་
པར་དང༌། བཞེད་པ་པོ་གང་ཟག་གི་ཁྱད་པར་དང༌། ཚད་དང་མཚན་ཉིད་རྫོགས་པའི་ཁྱད་པར་དང༌། འཕགས་པ་གསུམ་གྱི་སྐུ་གདུང་དང་རིང་བསྲེལ་བཞུགས་པའི་ཁྱད་པར་དང༌། ཐུན་མོང་དང་ཁྱད་པར་བའི་རབ་ཏུ་གནས་པའི་དུས་སུ་ཡེ་ཤེས་ཀྱི་འཁོར་ལོ་ཕེབས་པའི་ལྟས་དང་
མཚན་མ་མཐོང་བའི་ཁྱད་པར་ལ་སོགས་པའི་སྒོ་ནས་གྲགས་ཆེ་ཆུང་བྱེད་པ་ལྟར། འདིར་ཡང་དེའི་དབང་གིས་རྟེན་གསུམ་གྲགས་ཆེ་བ་རྣམས་སུ་འཕེན་དང༌། བླ་རེ་དང༌། རྒྱལ་མཚན་དང༌། སྙན་ཤལ་དང༌། ཉེ་བར་སྤྱོད་པའི་ཕྲེང་བ་མཚར་དུ་དངར་བ་བརྒྱ་ཕྲག་བརྩེགས་པའི་
མཆོད་པ་དང༌། སྟོང་ཕྲག་བརྩེགས་པའི་མཆོད་པ་འབུལ་བ་དང༌། གཞན་རྣམས་ལ་ཡང་དྲི་ཞིམ་པོའི་སྤོས་དང༌། མར་མེའི་མཆོད་པ་འབུལ་བ་ལ་སོགས་པས་རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་མཉེས་པར་མཛད་པའི་རྣམ་པར་ཐར་པ་འདི་ནི། སྔོན་གྱི་འཕགས་པ་བྱང་
ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་ཞུགས་པའི་དུས་ཀྱི་སྙིང་སྟོབས་ཇི་ལྟར་བསྐྱེད་པ་དེ་ཁོ་ན་དང་མཚུངས་པར་འགྱུར་གྱི། དེ་ལས་གཞན་པའི་སོ་སོ་སྐྱེ་བོ་གཏོང་ཕོད་ཆེ་བར་རློམ་པ་དང༌། སྙིང་སྟོབས་ཆེ་བར་རློམ་པ་བྱེ་བ་
བརྒྱ་སྟོང་མང་པོ་བསྡམས་ཀྱང་གང་གི་ཆ་ཤས་རེ་ཡང་བསྐྲུན་དུ་ཡོད་པའི་རེ་བ་ནི་སྟོན་ཀའི་དུས་ཀྱི་སྤྲིན་ལྟ་བུའོ་ཞེས་དགེ་བའི་ཕྱོགས་ལ་མངོན་པར་དགའ་བའི་སྐྱེས་བུ་གཟུ་བོར་གནས་པ་མཐའ་དག་མགྲིན་གཅིག་ཏུ་སྙན་དངགས་དམ་པའི་གླུ་བཞིན་དུ་ལེན་པར་བྱེད་པ་དག་ཡོད་དོ། །
དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དང་བསྟན་འཛིན་དགེ་བའི་བཤེས་གཉེན་རིས་སུ་མེད་པ་ལ་ཕན་པའི་རི་མོ་དང་བསྙེན་བཀུར་རྒྱ་ཆེན་པོ་སྟོབ་པ་དང་བཅས་ཏེ། སྙིང་པོ་མེད་པའི་ཟང་ཟིང་གི་དངོས་པོ་རྣམས་ལས་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་དུ་འགྱུར་བའི་སྙིང་པོ་
เล่ม ๒๑๓ · หน้า 208b
ཡང་དག་པར་བླངས་ཟིན་ནས། ད་ནི་ཐོབ་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་ཞེས་བྱ་བ་མི་རྟག་ཅིང་མི་བརྟན་ལ་ཆུ་བུར་བཞིན་དུ་སྙིང་པོ་མེད་པའི་ཆོས་ཅན་འདི་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་དུ་འགྱུར་བའི་དམ་པའི་ཆོས་ཀྱི་ཐོས་པའི་བག་ཆགས་འགའ་ཞིག་
ནི་སྔར་ཡང་བསགས་མོད། ད་དུང་ཡང་དམ་པའི་ཆོས་ཀྱི་ཐོས་པ་མང་པོའི་ཕ་རོལ་ཏུ་སོན་པར་བྱས་ཏེ། རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བགྱིའོ་སྙམ་དུ་དགོངས་པ་རྩེ་གཅིག་པས་ངོར་དུ་བཞུགས་ནས་ཆོས་གསན་པར་མཛད་དོ། །དེ་ལའང་སློབ་
དཔོན་དབྱིག་གཉེན་གྱིས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་འབྱུང་བ་ལྟར། ལེགས་པར་གསུངས་པའི་ཆོས་འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་སྡེ་སྣོད་དང༌། མངོན་པའི་སྡེ་སྣོད་དེ་གསུམ་མམ། ཡང་ན་དེ་
ལས་རིག་པ་འཛིན་པའི་སྡེ་སྣོད་ལོགས་སུ་ཕྱེ་ན་སྡེ་སྣོད་བཞིར་བཞེད་པ་སྟེ། གང་ལྟར་ཡང་དེ་དག་གིས་བརྗོད་པར་བྱ་བའི་སྙིང་པོར་གྱུར་པའི་ལམ་གྱི་གཙོ་བོ་ནི་སྡོམ་པ་རིན་པོ་ཆེ་རྣམ་པ་གསུམ་སྟེ། དེ་དང་རྗེས་སུ་འབྲེལ་པའི་ཆོས་ཀྱི་བདུད་རྩི་ཟབ་ཅིང་རྒྱ་ཆེ་བའི་རྣམ་གྲངས་
བསམ་གྱིས་མི་ཁྱབ་པ་ཞིག་གསན་ཏེ། དེའང་ཐོག་མར་རྒྱལ་བའི་བསྟན་པ་ཐམས་ཅད་ཀྱི་གཞི་མ་སོ་སོར་ཐར་པའི་སྡོམ་པ་སྟེ། དེ་རང་གི་རྒྱུད་ལ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབ་པའི་ཕྱིར། དེ་ཉིད་བཀའི་གནང་བ་ཞུ་བའི་མཁན་པོ་ནི། དགག་སྒྲུབ་
གནང་གསུམ་གྱི་སྒོ་ནས་བསླབ་པར་བྱ་བའི་གནས་རྣམས་ཉེ་བར་ལུང་འབོགས་པའམ་སྟོན་པ་ལ་ཤིན་ཏུ་མཁས་པ་དང༌། བསྒྲུབ་བྱ་ལ་ནད་པའམ་བུའི་འདུ་ཤེས་ཉེ་བར་བཞག་ནས་ཤིན་ཏུ་སྙིང་བརྩེ་བ་དང་ལྡན་པས་དམན་པའི་གནས་སུ་ལྟུང་བ་ལས་ཡོངས་སུ་འཛིན་པ་དང༌།
དངོས་སུ་ལེགས་པར་གསུངས་པ་དམ་པའི་ཆོས་འདུལ་བ་ལས་འབྱུང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར་ཞིང༌། བརྒྱུད་ནས་མྱ་ངན་ལས་འདས་པའི་གོ་འཕང་དམ་པ་ལ་སྦྱོར་བར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཐམས་
เล่ม ๒๑๓ · หน้า 209a
ཅད་མཁྱེན་པ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དང༌། ལས་ཀྱི་སློབ་དཔོན་ནི་བདེ་བར་གཤེགས་པའི་བསྟན་པ་འདུལ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་
དུ་སོན་ཅིང༌། དེའི་བསླབ་པའི་གནས་མ་ལུས་པ་ཚུལ་བཞིན་དུ་སྟོན་པ་ལ་མགྲིན་པ་རྣམ་པར་ཡངས་པ་དཔོན་སློབ་སངས་རྒྱས་ཚུལ་ཁྲིམས་པ་དང༌། གསང་སྟེ་སྟོན་པའི་སློབ་དཔོན་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཆོས་རྗེ་ཀུན་དགའ་རྒྱ་མཚོ་པ་དང༌། གཞན་ཡང་
དུས་བསྒོ་བ་དང༌། ཁ་སྐོང་གི་དགེ་འདུན་གྲངས་ཚང་བ་དང་བཅས་པའི་དབུས་སུ། མདོ་རྩ་བར་དགེ་བསྙེན་ཉིད་དང༌། དགེ་ཚུལ་ཉིད་དང༌། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ་ཞེས་གསུངས་པ་ལྟར་ཚིགས་གསུམ་རིམ་ནོས་ཀྱི་སྒོ་ནས་
ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་ལྡན་ཉིད་དུ་བསྒྲུབས་སོ། །དེ་ལྟར་བསྒྲུབས་པའི་མཚན་དུ་ཡང་བླ་མ་ཆེན་པོ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྡེ་ཞེས་བྱ་བར་བསྒྱུར་ཏེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་འགྲོ་བ་མ་ལུས་པའི་མཆོད་པའི་གནས་སུ་མངའ་གསོལ་བར་མཛད་དོ། །
དེ་ནས་བརྩམས་ཏེ་བཅས་པའི་ཉེས་པ་ཕྲ་རགས་རྣམས་ཀྱིས་ནམ་ཡང་ནོངས་པ་མེད་པའི་བསླབ་པ་རིན་པོ་ཆེ་ལ་ཤིན་ཏུ་གུས་པའི་སྒོ་ནས། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་
ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །ཅེས་གསུངས་པ་བཞིན་དུ་སྒོ་གསུམ་བག་ཡོད་ཀྱི་སྤྱོད་པ་ལ་ནམ་ཡང་མ་གཡོས་པར་མཛད་དོ། །སླར་ཡང་རང་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་སྒྲོལ་
བ་དང༌། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་ནི་ཐེག་པ་ཆེན་པོའི་ལམ་དང༌། དེའི་རྩ་བ་ཡང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྟེ། དེའང་བསླབ་བཏུས་ལས། སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་
เล่ม ๒๑๓ · หน้า 209b
མཐར་ནི་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་གསུངས་ཤིང༌། གལ་ཏེ་འདི་ཉིད་མེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་དུ་འབྱུང་བར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས།
དེ་བཞིན་འདི་ན་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་དུ་ག་ལ་འབྱུང༌། །ཞེས་དང༌། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །
རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་
སྟེ། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་བྱ་བ་ལ་སོགས་པའི་ཕན་ཡོན་དཔག་ཏུ་མེད་པར་ལུང་གིས་ཉེ་བར་བསྟན་པའི་དོན་ལ་རྗེས་སུ་འཇུག་པའི་ཕྱིར། སྔར་གྱི་མཁན་ཆེན་ཚད་མེད་པའི་ཐུགས་རྗེའི་བདག་ཉིད་ཅན། ཐུན་མོང་འགྲོ་བའི་བློ་དང་རྗེས་སུ་མཐུན་པར་
རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་རོལ་བ། སྙིགས་མའི་དུས་ཀྱི་སྐྱེ་བོ་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་བཀྲི་བའི་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཁྱད་པར་བྱང་ཆུབ་སེམས་དཔའི་སྤྱོད་པར་འཇུག་པ་ལས། རྟག་པར་དགེ་བའི་
བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ༌། །ཞེས་གསུངས་པའི་མཚན་ཉིད་དང་རྗེས་སུ་མཐུན་པ་དེ་ཉིད་ལ་གསུང་ངག་རིན་པོ་ཆེའི་སྣང་བ་གསུམ་གྱི་ཁྲིད་དང་བཅས་པའི་སེམས་བསྐྱེད་ཀྱི་
སྡོམ་པ་རིན་པོ་ཆེ་འབོགས་པའི་སྟོན་པར་གསོལ་བ་བཏབ་བོ། །ཇི་ལྟར་གསོལ་བ་དེ་བཞིན་དུ་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་ནས་ཞལ་གྱིས་བཞེས་ཏེ། རྒྱལ་གྱིས་ཡོངས་སུ་ཉ་བའི་དམར་ཕྱོགས་ཀྱི་རྫོགས་པ་གཉིས་པའི་ཚེས་ལ། དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་
เล่ม ๒๑๓ · หน้า 210a
ཆེན་པོར་བྱོན་ཏེ། དེའང་གང་དུ་བཞུགས་པའི་ཆོས་ཀྱི་ཁྲི་ནི། སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་མཚན་གྱི་སྙན་པ་ཚངས་པའི་བུ་མོའི་རྒྱུད་མངས་ཀྱི་དཔལ་ལས་ལེགས་པར་འཕོས་པ་སྙམ་བྱེད་པ་གང་དེ། ལྷ་དང་མི་
དང༌། ལྷ་མ་ཡིན་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། ལྟོ་འཕྱེ་ཆེན་པོ་དང༌། ནམ་མཁའ་ལྡིང་ལ་སོགས་པའི་སྐྱེ་དགུ་སྐལ་བ་མཆོག་དང་ལྡན་པ་གང་དག་གི་རྣ་བའི་སྣོད་དུ་ལྷུང་བར་གྱུར་པ་དེའི་མོད་ལ། གང་དག་དགེ་བའི་རྩ་བ་ལ་སྤྲོ་བ་མ་སྐྱེས་པ་རྣམས་ཀྱི་སྤྲོ་བ་གསར་དུ་བསྐྱེད་
པ་དང༌། སྐྱེས་པ་རྣམས་ཀྱི་སྤྲོ་བ་གོང་ནས་གོང་དུ་བོགས་དབྱུང་བར་བྱེད་དོ། །འགྲོ་བ་དེ་དག་གི་གནས་སུ་སྐྱེ་བ་དམན་པའི་རྟེན་ཅན་དུ་གྱུར་པ་གང་དག་གིས། གང་གི་མཚན་གྱི་སྒྲ་དབྱངས་སྙན་པ་དེ་ཉིད་ལན་ཅིག་ཙམ་དུ་ཐོས་པའམ། དད་པས་ངག་ཏུ་རྗོད་པར་བྱེད་པ་དེའི་མོད་ལ།
དམན་པའི་སྐྱེ་བ་ཡོངས་སུ་བོར་ཏེ། སྐྱེ་བ་དམ་པའི་མཚན་གྱི་འཁྲི་ཤིང་དང་ལྡན་པར་བྱེད་དོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་བྱ་དང་རི་དྭགས་ལ་སོགས་པའི་རྣ་ལམ་དུ་བསྒྲགས་པ་ཙམ་གྱིས་སྐྱེ་བ་དེ་ཉིད་ཀྱི་འཚོ་བའི་འདུ་བྱེད་ཡོངས་སུ་བཏང་བ་ནས་བརྩམས་ཏེ། ཡང་འབྱུང་
བའི་སྲིད་པ་ཐམས་ཅད་དུ་ངན་འགྲོ་དང་ངན་སོང་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བའི་སྒོ་འགེགས་པ་ལ་སོགས་པའི་ལུང་གི་ཚོགས་ཀྱིས་མངོན་པར་བསྔགས་སོ། །དེ་ལྟར་བསྔགས་པའི་ཡུལ་དུ་གྱུར་པ་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱི་ཆུ་སྐྱེས་རྙོག་པ་ཐམས་ཅད་
དང་བྲལ་བའི་རང་བཞིན་ཅན་གང་དུ་རྣམ་པར་བཀོད་དེ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་བཞིན་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་བ་དང་ཟབ་པའི་བདུད་རྩིའི་སྒོ་འཕར་བསམ་གྱིས་མི་ཁྱབ་པར་ཕྱེ་བས། ལེགས་བྲིས་དབང་པོའི་བཅུད་ཀྱིས་ལེན་པའི་བཏུང་བ་བྱེ་བ་བརྒྱ་སྟོང་གིས་ཀྱང༌།
གང་གི་ཟེགས་མ་རེར་ཡང་འགྲན་པར་བཟོད་པའི་སྐལ་བ་ཤིན་ཏུ་ཕྲ་བའི་རང་བཞིན་ཅན་གྱི་འབྱོར་པ་བླ་ན་མེད་པས། འཇིག་རྟེན་གྱི་ཁམས་མ་ལུས་པ་སྐལ་བ་བཟང་པོ་ལ་སྦྱར་བའི་དུས་ཀྱི་ཆོས་ཀྱི་ཁྲི་ཆེན་པོ་པདྨ་རཱ་གའི་ཁ་དོག་ཅན་གང་ལ། མཁན་ཆེན་འཇམ་པའི་དབྱངས་དེ་ཉིད་ཀྱི་
เล่ม ๒๑๓ · หน้า 210b
ཞབས་ཀྱི་པདྨ་ལེགས་པར་བཀོད་དེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བགྱིའོ་སྙམ་པའི་དགོངས་པ་མངོན་དུ་བཞག་སྟེ། ཉིན་མོར་བྱེད་པའི་དཀྱིལ་འཁོར་གྱི་དཔལ་བཞིན་དུ་གཟི་བརྗིད་ཀྱི་ཕུང་པོ་མངོན་པར་དཀྲིགས་ཏེ་ལྷམ་མེར་བཞུགས་སོ། །དེ་ལྟར་བཞུགས་
པ་དང༌། ཆོས་ཀྱི་གཎྜིའི་སྒྲ་ཆེན་པོ་བསྒྲགས་པའི་མོད་ལ། སྡོམ་བརྩོན་མིའི་དབང་ཕྱུག་ཆེན་པོ་རང་གི་མདུན་ན་འདོན་རྣམས་དང༌། རྒྱལ་པོའི་སྐུ་སྲུང་བ་དང༌། ཉེ་བའི་འཁོར་དང༌། ལས་གཉེར་བ་ལ་སོགས་པའི་འཁོར་གྱི་ཚོགས་མང་པོ་དང་ལྷན་ཅིག་ཏུ། སྟོད་མངའ་རིས་ནས་
བརྩམས་ཏེ། སྨད་དར་རྩེ་མདོ་ཡན་གྱི་ཕྱོགས་རིས་མཐའ་དག་ནས། དམ་པའི་ཆོས་ཀྱི་བདུད་རྩི་བཏུང་བའི་ཆེད་དུ་ཉེ་བར་ལྷགས་པའི་བུ་སློབ་ཀྱི་ཚོགས་གནམ་གྱི་སྐར་མ་བཀྲ་བ་ལྟ་བུའི་དབུས་སུ། དཔལ་གྱི་མགུར། དུང་གི་ཚེམས་བར་ནས། འཕྲུལ་གྱི་ལྗགས་བརྐྱང་སྟེ། མདོ་
སྡེ་དང་རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ། འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང༌། མཁས་པ་ཐམས་ཅད་ཀྱིས་བགྲོད་པར་བྱ་བའི་འཇུག་ངོགས། བསོད་ནམས་དང་མི་ལྡན་པ་རྣམས་ཀྱིས་རྟོགས་པར་དཀའ་བ། མྱ་ངན་ལས་འདས་པའི་གྲོང་ཁྱེར་
དུ་འགྲོ་བ་རྣམས་ཀྱི་ཐེམ་སྐས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྟོན་པར་བྱེད་པའི་ཏིང་ངེ་འཛིན་གྱི་རང་བཞིན། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་སུ་ལེགས་པར་སྩལ་བའི་ཐོག་མར། སྣང་བ་
གསུམ་གྱི་ཉམས་ཁྲིད་རྒྱས་པར་སྩལ་བ་སྔོན་དུ་བཏང་ནས། མཆུ་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཚེས་བཟང་པོ་ལ། རྗེ་བཙུན་དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་ཅན་དེ་ཉིད་ལ། ཐེག་པ་ཆེན་པོའི་རིགས་སུ་སྐྱེས་པའི་སློབ་མའི་ཚོགས་མི་དང་མི་མ་ཡིན་པས་
བསྡུས་པ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པས་ཀུན་ནས་བསྐོར་ཅིང་མདུན་གྱིས་བལྟས་ཏེ་གནས་པའི་དབུས་སུ། འཕགས་པ་བསྐལ་པ་བཟང་པོ་ལས། བདེ་གཤེགས་སྐྱེ་དབང་འཁོར་ལོས་སྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་ཀུན་དུ་འོད་ཟེར་ལ། །གླིང་བཞི་
เล่ม ๒๑๓ · หน้า 211a
དག་ནི་དབུལ་བར་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་བྱིན་འཛམ་གླིང་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ཏོག་དེ་ལ། །གཙུག་ལག་ཁང་ནི་བྱེ་བ་བྱས་ནས་ཀྱང༌། །དང་པོར་བྱང་ཆུབ་
མཆོག་ཏུ་སེམས་བསྐྱེད་དོ། །བདེ་གཤེགས་བཀོད་པའི་རྒྱལ་པོ་འཁོར་སྒྱུར་ཚེ། །དེ་བཞིན་གཤེགས་པ་སྣང་བའི་འོད་དེ་ལ། །བཻ་ཌཱུརྻ་ཡི་ཁང་བཟངས་ཕུལ་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྣང་མཛད་བསྲུང་བའི་ཚེ། །
དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ལ། །བཤོས་དག་བདག་ཉིད་བཙོང་སྟེ་སྦྱར་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྱ་ནོམ་རྒྱལ་པོ་ཡི། །ཕོ་ཉའི་ཚེ་ན་བདེ་གཤེགས་རྒྱལ་བ་ཡི། །བཤེས་གཉེན་དེ་ལ་ལན་ཅིག་
བསྐོར་བྱས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་དང༌། དེ་ལྟར་སངས་རྒྱས་རྣམས་ལ་ཆུང་ངུ་ཡི། །ཡོན་ཕུལ་རྣམ་པར་སྨིན་པ་འདི་དག་ཡིན། །འཁོར་ཚེ་དེ་ཡི་འབྲས་བུ་དེ་འདྲ་ན། །མཁས་པ་སུ་ཞིག་བྱང་ཆུབ་སེམས་མི་བསྐྱེད། །ཅེས་བྱ་བ་ལ་སོགས་པ་
སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་དང་པོར་བསྐྱེད་པའི་རྣམ་པར་ཐར་པ་ལུང་གི་ཕྲེང་བ་དྲི་མ་མེད་པའི་ཚོགས་ཀྱིས་ལེགས་པར་བསྟན་པ། ཐོས་པ་འཛིན་པའི་ལམ་དུ་ལྷུང་བ་དག་གི་དོན་ལ་རྗེས་སུ་སེམས་ཤིང༌། རྗེས་སུ་མོས་ནས། རྗེས་སུ་སློབ་པ་དང༌། རྗེས་སུ་
འཇུག་པ་ལ་སྤྲོ་བ་མཆོག་ཏུ་སྐྱེས་པའི་སྡོམ་བརྩོན་ལྷ་སྲས་ཆེན་པོ་ཉིད་ནས་བཀྲ་ཤིས་པའི་ཁ་དར་དང༌། གསེར་དང༌། དངུལ་དང༌། གོས་ཡུག་དང༌། རྟ་མཆོག་གི་བཞོན་པ་ལ་སོགས་པའི་འབུལ་ཚན་དང༌། སྐུ་འཁོར་རྣམས་ནས་ཀྱང་རང་རང་གི་བདོག་པའི་དངོས་པོ་གྱ་ནོམ་པ་དག་གི་
སེམས་བསྐྱེད་ཀྱི་ཕྱག་རྟེན་དུ་འབུལ་བ་དང་བཅས་ཏེ། གང་དག་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། རྒྱལ་བའི་མྱུ་གུ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་བླ་ན་མེད་པ་ཡང་དག་པར་རྫོགས་
เล่ม ๒๑๓ · หน้า 211b
པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་དམ་པར་མཛད་དོ། །དེ་ཡང་རིན་ཆེན་ཕྲེང་བ་ལས། དགེ་བའི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟན་ཡེ་ཤེས་ལགས། །ཞེས་གསུངས་པ་ལྟར་
སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ལའང་རགས་པ་བརྡ་ལས་ཐོབ་པ་དང༌། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་གཉིས་ལས། ཕྱི་མ་འདི་ནི་མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་
བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེད་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པ་ལྟ་བུ་ལས་སྐྱེ་བར་འགྱུར་བ་ཡིན་གྱི། དེ་ཉིད་འབོགས་པར་བྱེད་པ་ཆོ་གའི་སྒོ་ནས་བླང་དུ་མེད་པར་གསུངས་ཤིང༌། འོན་ཀྱང་དེ་ཉིད་རྒྱུད་ལ་སྐྱེད་པར་བྱེད་པ་ལ་སྔོན་དུ་ཀུན་
རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལེགས་པར་ཐོབ་ནས། གོང་གི་རྒྱུད་དེ་དག་ལ་འབད་པར་བྱ་དགོས་པ་ཡིན་ནོ། །དེ་བས་ན་འདིར་ཐོབ་པའི་སེམས་བསྐྱེད་ཀྱི་སྡོམ་པའང་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ཐོབ་པ་སྟེ། དེའི་ཆོ་ག་
ལ་ཡང་ཐེག་པ་ཆེན་པོ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་སུ་བཞུགས་པ་ལས། སྐབས་འདིར་ཐུན་མོང་མ་ཡིན་པ་བརྒྱུད་པའི་ཁྱད་པར་གཉིས་དང་ལྡན་པའི་ཆོ་ག་རྣམ་པར་དག་པའི་ལམ་གྱི་སྲོལ་ཆེན་པོ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་
དག་པ་ལེན་པར་མཛད་དོ། །དེ་ལྟར་འབོགས་བྱེད་རྣམ་པར་དག་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྡོམ་ལྡན་ཉིད་དུ་བསྐྲུན་ཏེ། དེ་ཕྱིན་ཆད་ནས་ཐམས་ཅད་ཀྱིས་རྒྱལ་བའི་སྲས་རྒྱལ་བའི་སྲས་ཞེས་མིང་དོན་གཉིས་ཀ་འཕོས་པའི་བྱང་ཆུབ་སེམས་དཔའ་ཉིད་དུ་ལེགས་
པར་བསྒྲུབས་ནས། འཇིག་རྟེན་གྱི་ཁམས་ན་སོ་སོ་སྐྱེ་བོ་དང༌། འཕགས་པའི་ཁོངས་སུ་གཏོགས་པ་འགའ་དང་བཅས་པས་ཀྱང་ཕྱག་བགྱི་བར་འོས་པའི་བསོད་ནམས་ཀྱི་ཞིང་ཆེན་པོ་ཞིག་ཏུ་བསྐྲུན་ཏོ། །དེ་ལྟར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། དེའི་
เล่ม ๒๑๓ · หน้า 212a
བསླབ་པའི་གནས་ནི། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ནི་གསུམ་པོ་འདི་དག་ཁོ་ནར་ཟད་དེ་ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་མདོར་བསྡུ་ན། བྱང་
ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བ་དང༌། བློན་པོ་ལ་འབྱུང་བ་དང༌། རྒྱལ་བློན་ཐུན་མོང་དུ་འབྱུང་བ་དང༌། ལས་དང་པོ་པ་ལ་འབྱུང་བ་སྟེ། ལྟུང་བ་དེ་དག་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་སྡོམ་པའི་ཚུལ་ཁྲིམས་དང༌། སྦྱིན་པ་རྣམ་པ་བཞི་ལ་སོགས་པ་ཕ་
རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་བའི་ཆོས་བསྒྲུབ་པར་འདོད་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་དོན་གྱི་ཕན་པ་དང་བདེ་བ་བསྒྲུབ་པར་འདོད་པའི་སེམས་པ་ས་བོན་དང་བཅས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་
ཁྲིམས་ཏེ། གསུམ་པོ་དེ་ཉིད་དུ་འདུ་བར་གསུངས་པ་ལས། དེའི་མི་མཐུན་པའི་ཕྱོགས་སྤོང་བ་དང༌། མཐུན་པའི་ཕྱོགས་སྒྲུབ་པ་སྟེ། དེ་དག་གི་སྤང་བླང་མཐའ་དག་པ་ནི། འདིར་རྒྱལ་སྲིད་ཀྱི་བྱ་བའི་ཁུར་ལྕི་བས་ཚུལ་བཞིན་དུ་འགྲུབ་པར་དཀའ་བ་ལྟར་མཆིས་ནའང༌།
གཞན་དོན་དཔག་ཏུ་མེད་པའི་འབྱུང་གནས་ཆེན་པོ་མི་གནས་པའི་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པ་སྟེ། དེའི་གོ་འཕང་དམ་པ་མངོན་པར་འདོད་པའི་སྨོན་པའི་སེམས་པ་མི་གཏོང་བའི་ཐབས་ལ་ཅི་ནུས་སུ་འབད་པ་ལྷུར་བྱེད་པ་ཉིད་དོ། །སླར་ཡང་དེའི་སྟེང་དུ་རྗེ་བཙུན་
དམ་པ་དེ་ཉིད་སྡོམ་པ་སུམ་ལྡན་གྱི་བླ་མར་གསོལ་བའི་ཕྱིར། རྗེ་བཙུན་རིན་པོ་ཆེས། དེ་ཙམ་གྱིས་ཀྱང་བློ་གྲོས་མ་ཁེངས་ཤིང༌། །བློ་ཆེན་སྦྱངས་པ་ཟབ་མོ་དག་ལ་མོས། །རྡོ་རྗེ་འཆང་ཆེན་མྱུར་དུ་ཐོབ་འདོད་པ། །དེ་ལ་རྡོ་རྗེ་ཐེག་པ་སྦྱིན་པར་བྱ། །ཞེས་གསུངས་
པ་ལྟར་སྤྱིར་ཟབ་མོ་སྔགས་ཀྱི་སྡོམ་པ་ལ་མཆོག་ཏུ་མོས་པ་དང༌། བྱེ་བྲག་ཏུ་རྗེ་བཙུན་ས་སྐྱ་པ་ལ་ཟབ་ཅིང་རྒྱ་ཆེ་བའི་གདམས་པ་རྒྱ་མཚོ་ཙམ་མངའ། དེའི་ནང་ནས་ཀྱང་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་དུ་གྱུར་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་
เล่ม ๒๑๓ · หน้า 212b
བཅས་པའི་གདམས་ངག་སྟེ། དེའི་རྩ་བར་གྱུར་པ་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཞེས་ཡོངས་སུ་གྲགས་པའི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་བ་དང༌། དེའི་མན་ངག་ཟབ་མོ་རྣམས་དང་བཅས་པ་བཞུགས་ཏེ། དེ་ཉིད་ལེགས་པར་ཞུས་ཏེ་བདག་དང་གཞན་གྱི་
རེ་བའི་སྙིང་པོ་གྲུབ་པར་བགྱིའོ། །མིར་སྐྱེས་པའང་དོན་དང་ལྡན་པར་བགྱིའོ། །ངན་འགྲོའི་སྒོ་དགག་པར་བགྱིའོ། །སྒྲིབ་པ་ཀུན་གྱི་དགྲ་ཚོགས་གཞོམ་པར་བགྱིའོ། །སྡོམ་པ་གསུམ་ལྡན་གྱི་རྒྱལ་པོར་བགྱིའོ། །ལམ་གྱི་རྒྱལ་སྲིད་ཆེན་པོ་ཡང་བསྐྱང་བར་བགྱིའོ། །
ཡན་ལག་བདུན་ལྡན་གྱི་ནོར་བུའི་འབྱོར་པ་ཐོབ་པར་བགྱིའོ། །ཕྲིན་ལས་རྣམ་པ་བཞིའི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བར་བགྱིའོ་ཞེས་རྩེ་གཅིག་ཏུ་ཡིད་ལ་བྱེད་པས་སྔར་གྱི་སྡོམ་པ་གཉིས་པོའི་བཀའ་དྲིན་ལེགས་པར་མནོས་པའི་དཔལ་ལྡན་བླ་མ་དམ་པ། འཕགས་
ཡུལ་གྱི་གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ། དཔལ་མཐུ་སྟོབས་ཀྱི་མགོན་པོ་བིརྺ་པ་ཉིད་དང༌། མཚན་དོན་གཉིས་ཀ་ལོགས་ན་དམིགས་སུ་མེད་པའི་བདག་ཉིད་ཆེན་པོ་དེ་ལ་གསོལ་བ་བཏབ་པ་དེ་བཞིན་དུ། རྡོ་རྗེ་སློབ་དཔོན་ཆེན་
པོའི་ལས་སུ་འོས་པའི་སློབ་མ་རྗེས་སུ་བཟུང་བ་དང༌། ཞག་བདུན་ཕྲག་གཅིག་ཏུ་ལྷག་པའི་ལྷའི་བསྙེན་པ་ཁ་གསོ་བ་དང་བཅས་པ་དགོས་པ་རྣམས་སྔོན་དུ་བཏང་ངོ༌། །དེ་ལས་གྲོལ་བ་ན་རྗེ་བཙུན་ཀུན་དགའ་བཟང་པོས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་
བའི་དུས་ནས་དཀྱིལ་འཁོར་གྱི་ས་གཞི་ལེགས་པར་བཟུང་ཞིང་བྱིན་གྱིས་བརླབས་པའི་དབང་གི་ཁང་པ་ཁྱད་པར་ཅན་དེར། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཔལ་ལྡན་དགེས་པའི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར། བཅོམ་ལྡན་འདས་ཀྱི་ཞལ་དང་འདྲ་བའི་ཆོ་གའི་གཞི་ཆེན་པོ་བརྒྱད་
དང་ལྡན་པར་དབང་བཞི་རྫོགས་པར་བསྐུར་ཏེ། སློབ་མའི་རྟེན་དཀྱིལ་འཁོར་བཞི། སྐུ་བཞི། ཡེ་ཤེས་ལྔ་ལྡན་གྱི་འབྲས་བུ་མྱུར་དུ་འགྲུབ་པའི་སྐལ་བ་ཅན་དུ་སྨིན་པར་མཛད་དོ། །སླར་ཡང་རྣལ་འབྱོར་དབང་ཕྱུག་གིས་རྡོ་རྗེའི་ཚིག་རྐང་ལས། ལམ་གྱི་ཐུན་བཞི་ལ་དབང་
เล่ม ๒๑๓ · หน้า 213a
བཞི་བླངས་པས་བདེ་ཆེན་གྱི་སྒྲིབ་པ་འགགས་ཏེ་འཚང་རྒྱ་བ་བཤད་རྒྱུད་ཅེས་གསུངས་པ་ལྟར་རྡོ་རྗེ་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་ལམ་དུས་ཀྱི་དབང་གི་ཆུ་བོ་ཆེན་པོ་མ་ནུབ་པར་བསྐུར་བ་དེ་དག་གི་སྐབས་སུ་རྩ་བའི་སྔགས་ཀྱི་བཟླས་ལུང་དང༌། ཡི་གེ་བརྒྱ་པའི་བཟླས་
ལུང་དང་བཅས་པ། གསང་དབང་གི་ལམ་གྱི་སྔོན་འགྲོར་རྗེ་བཙུན་རྡོ་རྗེ་བདག་མེད་མའི་སིནྡྷུ་རའི་དཀྱིལ་འཁོར་དང༌། བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བ་དང་བཅས་པ་ལེགས་པར་སྩལ་ཏོ། །དེ་དག་དང་རྗེས་སུ་འབྲེལ་པར། རྩ་བའི་རྒྱུད་
ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །དེ་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་པ་བཞིན་དུ་འཁོར་འདས་གཉིས་སུ་མེད་པའི་ལྟ་བ་ཟབ་མོའི་རྒྱ་དང་མ་བྲལ་བའི་ཕྱི་བསྐྱེད་པའི་རིམ་པ་དང་ནང་བསྐྱེད་པའི་རིམ་
པ་དང༌། ཟབ་མོ་རྫོགས་པའི་རིམ་པ་སྟེ། དབང་བཞི་པོ་གང་དང་གང་ཡིན་པ་དེ་དང་དེའི་ལམ་གང་ཡིན་པ་དང༌། ལྟ་བ་གང་ཡིན་པ་དང༌། གྲུབ་པའི་མཐའ་གང་ཡིན་པ་དང༌། འདའ་ཀ་མའི་གདམས་པ་གང་ཡིན་པ་དང༌། བར་དོའི་གདམས་པ་གང་ཡིན་པ་དང་བཅས་པའི་ཉམས་ཁྲིད་རྒྱས་པར་
མནོས་སོ། །དེ་དག་དང་འབྲེལ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་བྱིན་གྱིས་བརླབས་པ་དང་བཅས་པ་དང༌། ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར་གྱི་བྱིན་གྱིས་བརླབས་པ་དང༌། བླ་མ་རིན་ཆེན་འབྱུང་ལྡན་གྱི་བྱིན་གྱིས་བརླབས་པ་དང༌། ཕྱིའི་བར་ཆད་སྲུང་
བའི་ཐབས་སུ་རྣལ་འབྱོར་དབང་ཕྱུག་གི་སྲུང་བ་ཐུན་མོང་བའི་བྱིན་གྱིས་བརླབས་པ་དང༌། ནང་གི་བར་ཆད་སྲུང་བའི་ཐབས་སུ་དབང་བཞིའི་བརྡ་དོན་གྱི་མན་ངག་ཆིག་བརྒྱུད་མ་དང༌། ཐུན་མོང་གི་བར་ཆད་སྲུང་བ་ལ་ཕན་འདོགས་པ་རྡོ་རྗེ་རྣམ་པར་འཇོམས་པ་བིརྺ་པའི་ལུགས་ཀྱི་བྱིན་གྱིས་བརླབས་པ་དང༌། མཚན་པར་
བྱ་བ་གསུང་ངག་རིན་པོ་ཆེའི་ལམ་ཐམས་ཅད་མཚོན་པར་བྱེད་པ་བིརྺ་པའི་སྲུང་བ་ཐུན་མོང་མ་ཡིན་པའི་བྱིན་གྱིས་བརླབས་པ་དང༌། བླ་མའི་རྣལ་འབྱོར་གྱི་བྱེ་བྲག་ཏུ་གྱུར་པ་ཚར་གསུམ་ཁུག་པའི་བྱིན་གྱིས་བརླབས་པ་ཡན་ལག་དང་བཅས་པ་རྣམས་ལེགས་པར་མནོས་སོ། །དེ་རྣམས་ཀྱི་རྒྱབ་བརྟེན་ཚད་མ་
เล่ม ๒๑๓ · หน้า 213b
བཞི་དང་རྗེས་སུ་འབྲེལ་བའི་ཡི་གེ་རྣམས་ཀྱི་ལུང་གསན་པ་ལ། ཐོག་མར་བསྟན་བཅོས་རྡོ་རྗེའི་ཚིག་རྐང་ལ་རྗེ་བཙུན་ས་སྐྱ་པ་ཆེན་པོས་རྣམ་འགྲེལ་བཅུ་གཅིག་མཛད་པ་ལ། དེའི་ནང་ནས་ཚིག་ཉུང་ལ་དོན་རྒྱས་པ་རྣམ་འགྲེལ་གཉགས་མ་ཡིག་ཆུང་དང་བཅས་པ་ལ། དེང་སང་ལམ་འབྲས་གླེགས་
བམ་ཞེས་མཚན་དུ་གྲགས་པ་ཚང་རྒྱས་སུ་གསན་པའི་རྣམ་གྲངས་ནི། རྩ་བ་རྡོ་རྗེའི་ཚིག་རྐང༌། དེའི་བསྡུས་དོན། ཀུན་གཞི་རྒྱུ་རྒྱུད་གདན་སོགས། ལམ་ལ་སོགས་པ་ཆོས་ཉི་ཤུ་ལ། ལུས་ཀྱི་དཀྱིལ་འཁོར། བུམ་དབང་གི་འདའ་ཀ་མའི་སྐབས་སུ་འཆི་ལྟས་འཁྲུལ་འཁོར་འཆི་བསླུ་
དང་བཅས་པ། བུམ་དབང་གི་སྣང་བ་བསྒྱུར་བའི་འདའ་ཀ་མ། གསང་དབང་གི་སྐབས་སུ་ཐིག་ལེའི་རྣལ་འབྱོར་བཞི། ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད། དབང་བཞི་པའི་འདའ་ཀ་མ་བུམ་དབང་གི་ཐུན་མོང་དུ་ཡི་གེས་སྒོ་དགག་པ་དང་བཅས་པ། བར་དོ་བཞིའི་གདམས་ངག །ལམ་དུས་ཀྱི་
དབང༌། ཚད་མ་བཞི། གདམས་ངག་དྲུག །རྟེན་འབྲེལ་ལྔ། གྲིབ་སེལ་གྱི་སྦྱིན་སྲེག་བསྡུས་པ། གྲིབ་མ་ཁྲུས་ཀྱིས་སེལ་བ་དང༌། སཱཙྪས་སེལ་བ་དང༌། ཐིག་ལེ་བསྲུང་བ་དང༌། ཡི་གེ་བརྒྱ་པའི་འདོན་ཐབས། འཇིག་རྟེན་པའི་ལམ་གྱི་སྐབས་སུ་རླུང་གི་སྦྱོར་བ་བདུན་གྱི་ལམ་ཁྲིད་པ། བྷ་
གའི་ཡི་གེ་བཅུ་བཞི། འདས་པའི་ལམ་ལ་གསང་དབང་གི་སྐབས་སུ་འཁོར་བཞིའི་རྒྱ། བཞི་པའི་སྐབས་སུ་དབང་ཕྱུག་གི་དོན་བརྒྱད། ས་བཅུ་གསུམ་པའི་ཕྱེད་ཀྱི་མངོན་རྟོགས། དེ་ཐམས་ཅད་ཀྱི་དོན་བསྡུས་པའི་ཚིགས་སུ་བཅད་པ། དེ་དག་ལ་འཕྲོས་པ་ལས། ཀུན་གཞི་རྒྱུ་རྒྱུད་
ལ་འཕྲོས་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྩ་འགྲེལ་གཉིས། གདན་སོགས་ལ་འཕྲོས་ནས་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བ་སྟེ། དེ་ལའང་དབང་བཞིའི་ཆོ་ག་མཐའ་དག་མདོར་བསྡུས་པ་མན་ངག་གི་གནད།མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་བ། ལམ་སོགས་
ཉི་ཤུ་ལ་འཕྲོས་ནས་ཕྱི་བསྐྱེད་པའི་རིམ་པ་མདོར་བསྡུས་པ། དམ་ཚིག་ལ་འཕྲོས་ནས་བདུད་རྩི་རིལ་བུ་བསྒྲུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། སྲུང་བ་སུམ་ཅུ་དང་མན་ངག་གི་གནད་བདུན་ཅུ་ལ་འཕྲོས་ནས་གེགས་སེལ་ལོ། །དེ་ལ་ཡི་གེ་བཞི་སྟེ། བསམ་གཏན་འདོར་
เล่ม ๒๑๓ · หน้า 214a
བའི་འཕྲང་བདུན། བྱུང་རྒྱལ་དུ་མི་བཏང་བའི་གནད་བཞི། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་བསལ་བ། རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་དང༌། ལས་དང་པོ་པ་དང་ཐུན་མོང་གི་ཆོས་བདུན་ཏེ་ལམ་རྒྱས་པ་དང༌། རྩ་བ་མེད་པའི་ལམ་འབྲིང་པོ་དང༌།
རང་གི་གཞུང་ཅུང་ཟད་ཡོད་པ་བསྒྲུབ་པའི་ལུང་སྦྱིན་པ་ལམ་བསྡུས་པ་སྟེ། དེ་ལྟར་ན་ལམ་རྒྱས་འབྲིང་བསྡུས་གསུམ་དང༌། ལམ་དེ་དག་རྣལ་འབྱོར་པས་ཉམས་སུ་བླངས་པས་རྟོགས་ཚད་བསྐྱེད་པའི་ཕྱིར་ལམ་གྱི་གཞུང་ཤིང་བཞི་དང༌། རྟོགས་པ་བསྐྱེད་པའི་ཆོས་ལྔ་ཡོད་དོ། །གཞུང་
ཤིང་ཆེན་པོ་བཞི་ནི། གང་ཟག་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་གཞུང་ཤིང༌། མན་ངག་གི་གནད་དྲུག་གིས་བཀྲི་བའི་གཞུང་ཤིང༌། བརྩོན་འགྲུས་ཅན་མན་ངག་གི་གནད་བཅུ་གཅིག་གིས་བཀྲི་བའི་གཞུང་ཤིང༌། གང་ཟག་དབང་པོ་རབ་འབྲིང་གསུམ་དུ་བཀྲི་བའི་གཞུང་ཤིང་ངོ༌། །རྟོགས་པ་
བསྐྱེད་པའི་ཆོས་ལྔ་ནི། ལམ་འཇུག་ལྡོག ཕྱག་རྒྱ་འཇུག་ལྡོག ཤེས་པས་ཕན་འདོགས་པའི་མན་ངག་བདུན། ལམ་བསྲེ་བ་འགྲོས་བཞི་དང་བཅས་པ། ཕྱི་ནང་གི་མཛད་པ་བཅུ་གཉིས། རྟོགས་པ་བསྐྱེད་པའི་དཔེ་ཆུང་ལ། འཆི་ལྟས་ཀྱི་འཁྲུལ་འཁོར་གཉིས། རྩའི་དཔེ་ཆུང༌། བྷ་
གའི་ཡི་གེ་བཅུ་བཞིའི་དཔེ་ཆུང༌། གེགས་སེལ་གཞན་གྱི་དཔེ་ཆུང་རྣམས་ནི་གང་ཟག་ཐ་མའི་ལམ་གྱི་མན་ངག་ཡིན་ལ། འབྲིང་གི་ལམ་དམ་ཚིག་དང་སྡོམ་པ་ནི་དེ་དག་གི་གསེབ་ཚགས་སུ་འདུའོ། །གང་ཟག་རབ་ཀྱི་མན་ངག་བླ་མའི་རྣལ་འབྱོར་གྱི་ཡི་གེའོ། །དེ་ཐམས་ཅད་ཀྱི་རྒྱབ་བརྟེན་
ལུང་འདི་ཉིད་དང་མདོར་བསྡུས་ཏེ་སྦྱར་བ་དང༌། ཞིབ་ཏུ་སྦྱར་བ་དང༌། ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བ་དང༌། བླ་མ་རྒྱ་བོད་ཀྱི་ལོ་རྒྱུས་རྣམས་ལེགས་པར་གསན་ནོ། །མན་ངག་ཕྲ་མོའི་རྐང་གྲངས་རྣམས་རྗེ་བཙུན་ཀུན་དགའ་དབང་ཕྱུག་པས་ཕྱོགས་གཅིག་ཏུ་བསྒྲིགས་པ་པོ་སྟི་རྨར་
བཏུས་སམ་རྨར་ཆུང་དུ་གྲགས་པ་ཁ་སྐོང་དང་བཅས་པ་གསན་པའི་རྣམ་གྲངས་ལ། ཐོག་མར་བླ་མ་ཚད་མའི་སྐབས་སུ་བླ་མ་བརྒྱུད་པའི་གསོལ་འདེབས་རྗེ་པས་མཛད་པ། དེའི་ཁ་སྐོང་ཤར་པས་མཛད་པ། ས་བིར་མཇལ་བའི་ལོ་རྒྱུས་རྗེ་པས་རྒ་ཐེང་ལ་གནང་བ་རྣམས་སོ། །ཉམས་མྱོང་
เล่ม ๒๑๓ · หน้า 214b
ཚད་མའི་སྐབས་སུ་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་རྗེ་པས་བྲ་སྟོན་ལ་གནང་བ། སྨིན་བྱེད་ཀྱི་སྐབས་སུ་སངས་རྒྱས་སྤྱན་གྱི་རྣལ་འབྱོར་དང༌། ཨཥྚའི་བཟླས་ལུང་ས་ཆེན་གྱིས་མཛད་པ། ཨཥྚའི་གཞི་བཤད་ས་པཎ་གྱིས་མཛད་པ། བདུད་རྩི་རིལ་བུའི་སྒྲུབ་ཐབས་འཕགས་པས་
མཛད་པ། དབང་གི་རབ་དབྱེ་རྗེ་པའི་གསུང་ལས་ཞང་བཙུན་གྱིས་བྲིས་པ། རྗེ་པས་རྒ་སྟོན་ལ་སྤྲིངས་པ། ཕྱི་ནང་གསང་གསུམ་གྱི་མཎྜལ་ས་པཎ་གྱིས་མཛད་པ། དེའི་ཁ་སྐོང་ཤར་ཆེན་གྱིས་མཛད་པ། ལུས་སྦྱོང་ཉི་ཤུ་པ་ནོར་བཟང་གིས་མཛད་པ། ལུས་གནད་ཀྱི་མན་ངག་
དམར་གྱིས་མཛད་པ། བདག་མེད་མའི་བྱིན་རླབས་རྗེ་པས་མཛད་པ། གཏུམ་མོ་འཁོར་ལོ་བཞི་པ། གཏུམ་མོའི་དམིགས་པ་ཉི་ཤུ་རྩ་དགུ། གེགས་སེལ་གསང་བདུན་མ། བར་ཆད་གསུམ་སེལ། བཀའ་རྒྱ་མ། ཉམས་ཆེ་ཆུང༌། གླེང་གཞི་མ། རླུང་རེངས་ལྔ་བཅོས་པ་སོགས།
འབྱུང་བ་ལུས་འཁྲུགས་སོགས་སེལ་བ། གེགས་སེལ་གྱི་ཡི་གེ་བཞིའི་གསལ་བྱེད་རྣམས་ས་ཆེན་གྱི་གསུང་སྒྲོས་ཡི་གེ་རྙིང་པ། ཕྲིན་ལས་སོ་གཉིས་ཀྱི་སྡོམ་ཚིག་དང་དེའི་ཞལ་ཤེས་བུདྡྷ་ཤྲཱིས་མཛད་པ། དབང་བཞི་ངོ་སྤྲོད་རྩ་འགྲེལ་ས་ཆེན་གྱིས་མཛད་པ། བརྡ་དོན་གསལ་བ་
རྩ་འགྲེལ་ས་པཎ་གྱིས་མཛད་པ་ལ་ལྷོ་པས་ཟིན་བྲིས་བྱས་པ་རྣམས་སོ། །བསྟན་བཅོས་ཚད་མའི་སྐབས་སུ་གནད་དུ་ཆེ་བ་དྲུག་གི་ཡིག་རྙིང༌། རྟེན་འབྲེལ་ལྔ་ས་པཎ་གྱིས་མཛད་པ། ལམ་བསྡུས་པ་དམར་གྱིས་མཛད་པ། ཕྱག་ཆེན་གྱི་དབྱེ་བ་ས་པཎ་གྱིས་མཛད་པ། ཚོགས་
སྦྱོར་གྱི་མངོན་རྟོགས་འཕགས་པས་མཛད་པ། འཁོར་བཞིའི་རྒྱ་ས་པཎ་གྱིས་མཛད་པ། ལམ་བསྡུས་པའི་བཤད་པ་ས་ཆེན་གྱིས་མཛད་པ། སྒྲུབ་པ་ལུང་སྦྱིན་ས་པཎ་གྱིས་མཛད་པ། གསང་བ་བཅུའི་རྒྱས་གདབ་ས་ཆེན་གྱིས་མཛད་པ། ལུང་ཚད་མ་ལ། ལུང་འདི་
ཉིད་དང་ཞིབ་ཏུ་སྦྱར་བ་རྗེ་བཙུན་རྩེ་མོས་མཛད་པ། དེའི་གསལ་བྱེད་ཀྱི་ཡི་གེ་གཅིག་དང་བཅས་པ་རྣམས་སོ། །རྣལ་འབྱོར་དབང་ཕྱུག་གིས་ས་ཆེན་ལ་གནང་བའི་ཟབ་ཆོས་བཞིར་གྲགས་པ་ལ། ལམ་ཟབ་ཀྱི་ཁྲིད་ཡིག་ས་པཎ་གྱིས་མཛད་པ། བླ་མ་རིན་ཆེན་འབྱུང་
เล่ม ๒๑๓ · หน้า 215a
ལྡན་དམར་གྱིས་མཛད་པ། ལམ་སྦས་བཤད་ས་པཎ་གྱིས་མཛད་པ། ཕོ་བྲང་ལྔའི་སྦས་བཤད་ཡི་གེ་རྙིང་པ། སྦས་བཤད་ཀྱི་འཁྲུལ་འཁོར་རྩ་འགྲེལ་དཔལ་ལྡན་པས་མཛད་པ། གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་ཀྱི་རྩ་འགྲེལ་ས་པཎ་གྱིས་མཛད་
པ། གསལ་བྱེད་བུདྡྷ་ཤྲཱིས་མཛད་པ། བིར་སྲུང་གི་མན་ངག་རྙིང་པ་གསུམ། བིར་སྲུང་གི་མན་ངག་བྱིན་རླབས་བྱེད་ཚུལ་དང་བཅས་པ་འཕགས་པས་མཛད་པ། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་བྱེད་ཚུལ་གྱི་ཡི་གེ་རྙིང་པ། གཟུངས་ཀྱི་མཆན་དང་དེའི་གསལ་
བྱེད་ས་པཎ་གྱིས་མཛད་པ། དེའི་ལག་ལེན་རིགས་འཛིན་གྲགས་ཀྱིས་མཛད་པ་རྣམས་སོ། །མན་ངག་ཟུར་པ་ལ། ཚར་གསུམ་ཁུག་པ་རྗེ་པས་མཛད་པ། ཡི་གེ་བརྒྱ་པའི་གདམས་ངག་གི་ཡི་གེ་རྙིང་པ། སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་ལ། ཤཱནྟི་པའི་མདོ་རྒྱུད་
བསྲེ་བ། ཤེས་རབ་འབྱུང་གནས་སྦས་པ་དང༌། ཛྙཱ་ན་ཤྲཱི་དང༌། རིན་ཆེན་རྡོ་རྗེ་གསུམ་གྱི་བར་ཆད་གསུམ་སེལ། ངག་དབང་གྲགས་པའི་གཉུག་མ་དྲན་གསལ། ནཱ་རོ་པའི་སྡུག་བསྔལ་གསུམ་སེལ་རྣམས་སོ། །དེ་རྣམས་ཀྱི་ཁ་སྐོང་རྗེ་བླ་མ་ཡབ་སྲས་ཀྱིས་
མཛད་པ་ལ། བླ་མ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་མཛད་པའི་ལམ་འབྲས་བཤད་ཐབས་ཀྱི་མན་ངག་གསང་བའི་སྒོ་འབྱེད། ཁྲིད་ཡིག་ཚིགས་བཅད་མའི་ས་བཅད། ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར། རྒྱུ་དུས་ཀྱི་དབང་གིས་རྟོགས་པ་བསྐྱེད་པ། བིར་སྲུང་བར་ཆད་ཀུན་སེལ།
སྐུའི་རྣམ་འགྱུར་དྲུག་གི་ཟིན་བྲིས། བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ། དེ་ཉམས་སུ་བླང་ཚུལ། དེ་དང་ལམ་འབྲས་མཚོན་བྱ་མཚོན་བྱེད་དུ་སྦྱར་བ། བིར་སྲུང་གསར་པ་རྣམས་སོ། །བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ཐོར་བུ་བ་གསན་པའི་རྣམ་གྲངས་ནི། རྗེ་
ས་ཆེན་གྱི་རྣམ་ཐར་དང༌། རྗེ་བཙུན་རྩེ་མོའི་རྣམ་ཐར་བསྟོད་པ་མཆན་བུ་དང་བཅས་པ་རྗེ་བཙུན་གྱིས་མཛད་པ། རྗེ་བཙུན་པའི་རྣམ་ཐར་ཆོས་རྗེ་པས་མཛད་པ། རྣམ་ཐར་མནལ་ལམ་མ་སྦལ་སྟོན་གྱིས་བྲིས་པ། ཆོས་རྗེ་པའི་རྣམ་ཐར་ལྷོ་པ་ཀུན་མཁྱེན་གྱིས་མཛད་པ། རྣམ་ཐར་
เล่ม ๒๑๓ · หน้า 215b
གསུང་སྒྲོས་མ་བླ་མ་རྡོ་རྗེ་འཆང་གིས་མཛད་པ། འཕགས་པའི་རྣམ་ཐར་ཡེ་ཆེན་པོས་མཛད་པ། ཚོགས་ཉན་གཉིས་ཀྱི་རྣམ་ཐར་བར་སྟོན་གྱིས་མཛད་པའི་བརྒྱུད་པའི་ལོ་རྒྱུས་ལས་བཏུས་པ། ཉན་ཆེན་པའི་རྣམ་ཐར་དཀར་པོ་གྲགས་པས་མཛད་པ། ཞང་པའི་རྣམ་ཐར་དཔལ་ལྡན་པས་མཛད་པ།
བྲག་ཕུག་པའི་རྣམ་ཐར་རི་ཁྲོད་པས་མཛད་པ། ཆོས་རྗེ་བླ་མ་དང་རི་ཁྲོད་པའི་རྣམ་ཐར་དཔལ་ལྡན་པས་མཛད་པ། དཀར་པོ་བྲག་པའི་རྣམ་ཐར་རང་གིས་མཛད་པ། དཔལ་ལྡན་པའི་རྣམ་ཐར་མུས་ཆེན་པས་མཛད་པ། བུདྡྷ་བའི་རྣམ་ཐར་བླ་མ་རྡོ་རྗེ་འཆང་གིས་མཛད་པ། ཆོས་
རྗེ་ཤར་པའི་རྣམ་ཐར་དད་པ་རྒྱས་བྱེད་ངོར་ཆེན་གྱིས་མཛད་པ། རྡོ་རྗེ་འཆང་གི་རྣམ་ཐར་ཁ་སྐོང་དང་བཅས་པ་མུས་ཆེན་གྱིས་མཛད་པ། རྣམ་ཐར་དངོས་གྲུབ་དབང་གི་རྒྱལ་པོ་གུ་གེ་པཎ་ཆེན་གྱིས་མཛད་པ། དེ་གཉིས་ཀའི་དོན་བསྡུས་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་སངས་
རྒྱས་ཕུན་ཚོགས་ཀྱིས་མཛད་པ། མུས་ཆེན་གྱི་རྣམ་ཐར་གསུང་སྒྲོས་མ་གུང་རུས་མཛད་པ། རྣམ་ཐར་ངོ་མཚར་ཆུ་རྒྱུན་ཁ་སྐོང་དང་བཅས་པ་ཀུན་མཁྱེན་གྱིས་མཛད་པ། རྗེ་ཀུན་དབང་པའི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་མཁན་ཆེན་ལེགས་འབྱུང་གིས་མཛད་པ། མཁས་གྲུབ་དཔལ་
རྡོར་བའི་རྣམ་ཐར་མི་ཉག་པཎ་ཆེན་གྱིས་མཛད་པ། ཀུན་མཁྱེན་གྱི་རྣམ་ཐར་རྗེ་སངས་རྒྱས་རིན་ཆེན་པ་དང་གློ་བོ་མཁན་ཆེན་པ་དང་བྱ་བཏང་ཀུན་དགའ་མཆོག་ལྡན་པ་རྣམས་ཀྱིས་མཛད་པ། རྗེ་འདྲེན་མཆོག་གི་རྣམ་ཐར་ཡོན་ཏན་མཐའ་ཡས་པ་རྗེ་སངས་རྒྱས་རིན་ཆེན་པས་མཛད་པ།
རྣམ་ཐར་ངོ་མཚར་སྣང་བའི་ཉིན་བྱེད་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། རྗེ་སངས་རིན་པའི་རྣམ་ཐར་དགེ་ལེགས་རིན་པོ་ཆེའི་གཏེར་ཁ་སྐོང་དང་བཅས་པ་ས་སྐྱ་ལོ་ཙཱ་བས་མཛད་པ། དེའི་རྣམ་ཐར་འཇམ་པའི་དབྱངས་ཀྱི་ཡོན་ཏན་རྣམ་པར་བཀོད་པ་རྗེ་དཀོན་མཆོག་ལྷུན་གྲུབ་
པས་མཛད་པ། དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་ཐར་འདོད་དགུ་དཔལ་འབྱུང་གི་འགྲེལ་པ་དཀོན་མཆོག་དཔལ་ལྡན་གྱིས་མཛད་པ། སངས་རྒྱས་སེང་གེའི་རྣམ་ཐར་དད་པའི་མེ་ཏོག་གི་ཕྲེང་བ་ནམ་མཁའ་དཔལ་བཟང་གིས་མཛད་པ། བྲང་ཏི་ནམ་མཁའ་དཔལ་བཟང་གི་རྣམ་ཐར་ཁ་
เล่ม ๒๑๓ · หน้า 216a
སྐོང་དང་བཅས་པ། བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་ཡེ་ཤེས་གླུ་དབྱངས་ཞེས་བྱ་བ་དང༌། དཔལ་ལྡན་དོན་གྲུབ་ཀྱི་རྣམ་ཐར་དད་པའི་གསལ་འདེབས་ཞེས་བྱ་བ་གཉིས་ངག་དབང་བརྟན་པའི་རྡོ་རྗེས་མཛད་པ། ནམ་མཁའ་དཔལ་བཟང་གི་རྣམ་
ཐར་བྱིན་རླབས་ཆུ་རྒྱུན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཤེས་རབ་འབྱུང་གནས་ཀྱི་རྣམ་ཐར་དགེ་ལེགས་ངོ་མཚར་ལྷུན་པོ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། ངག་དབང་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། བསོད་
ནམས་རྒྱ་མཚོའི་རྣམ་ཐར་ཡོན་ཏན་རྒྱ་མཚོ་ལྷུན་གྲུབ་དཔལ་ལྡན་གྱིས་མཛད་པ། དཔལ་མཆོག་རྒྱལ་མཚན་གྱི་རྣམ་ཐར་དད་པའི་གསལ་འདེབས་དང་ལྷུན་གྲུབ་དཔལ་ལྡན་གྱི་རྣམ་ཐར་ལེགས་བྱས་དཔལ་གྱི་དགའ་སྟོན་གཉིས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། སངས་
རྒྱས་ཕུན་ཚོགས་ཀྱི་རྣམ་ཐར་ངེས་འབྱུང་གཏམ་གྱི་རོལ་མཚོ་རང་ཉིད་ཀྱིས་མཛད་པ་རྣམས་ཀྱི་ལུང་མནོས་སོ། །གཞན་ཡང་སྣང་བ་གསུམ་གྱི་སྐབས་སྔ་ཆོས་སུ། ཆོས་སྤྱོད་པུསྟི་དངོས་ཀྱི་རྐང་གྲངས་ནི། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ། ཉེ་བ་འཁོར་གྱིས་ཞུས་
པའི་མདོ་ལས་བྱུང་བའི་ཕུང་པོ་གསུམ་པའི་མདོ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ། སངས་རྒྱས་ཀྱི་བསྟོད་པ་མགོན་པོ་བྱམས་པས་མཛད་པ་མདོ་སྡེ་རྒྱན་ལས་བྱུང་བ། ཐུབ་དབང་དང་རྒྱན་
དྲུག་མཆོག་གཉིས་སོགས་ལ་བསྟོད་པ་འཕགས་པས་མཛད་པ་འདོགས་འབྲེལ་དང་བཅས་པ། མཁན་པོ་བོདྡྷི་སཏྭ་དང༌། ཆོས་རྒྱལ་མེས་དབོན། ལོ་པཎ་རྣམས་ལ་ཐུན་མོང་དུ་བསྟོད་པ་རྣམས་ཆོས་རྗེ་བླ་མ་དམ་པས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་གི་མཆོད་བརྗོད་
དུ་མཛད་པ་རྣམས་དང༌། ཇོ་བོ་ཡབ་སྲས་ཀྱི་བསྟོད་པ་ཤླཽ་ཀ་རེ་རེ། ཇོ་བོའི་བསྟོད་པ་ཕུན་ཚོགས་བྷངྒ་ལ་ནས་འབྱུང་བ། ས་ཆེན་གྱིས་རྣལ་འབྱོར་དབང་ཕྱུག་གཙོ་འཁོར་ལྔ་མངོན་སུམ་དུ་ཞལ་གཟིགས་པའི་དུས་སུ་མཛད་པའི་བསྟོད་པ་ཨ་ལ་ལ་སྟེ་ཞེས་བྱ་བ་ཡོད་པ། ས་པཎ་གྱིས་
เล่ม ๒๑๓ · หน้า 216b
མཛད་པའི་བིརྺ་པའི་བསྟོད་པ། རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་བསྟོད་པ་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པ་ནས་འབྱུང་སྟེ། མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་པའི་བར་གྱི་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་བླ་མ་བརྒྱུད་པ་རྣམས་ཀྱི་བསྟོད་པ་རྒྱས་བསྡུས་ཇི་སྙེད་
བཞུགས་པ་རྣམས་དང༌། གཞན་ཡང་རྒྱུད་གསུམ་མན་ངག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ཀུན་ཁྱབ་འཁོར་ལོ་མ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ཁ་སྐོང་དང་བཅས་པ། ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་རྗེ་རྡོ་རྗེ་འཆང་གིས་མཛད་པ་ཁ་སྐོང་དང་བཅས་པ། འཇམ་དཔལ་
མཚན་བརྗོད་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར། ཤེས་རབ་བློ་འཕེལ་གྱི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བམ་པོ་གཅིག་པ། རྣམ་རྒྱལ་གྱི་གཟུངས། བསྟོད་པ་འཆི་མེད་དཔལ་སྦྱིན་མ་རྗེ་རྡོ་རྗེ་འཆང་གིས་མཛད་པ། ལམ་འབྲས་ཕྱག་མཆོད་ཆེན་མོ་འཕགས་པས་མཛད་
པ། ཁ་སྐོང་ཤར་པ་དང་རྡོ་རྗེ་འཆང་སོགས་ཀྱིས་མཛད་པའི་ཚིགས་བཅད་ཐོར་བུ་བ་རྣམས་དང་བཅས་པ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། སྣང་བ་མཐའ་ཡས་ཀྱི་སྒོམ་དོན་ལ་བརྟེན་པའི་འཕོ་བ་ས་པཎ་གྱིས་མཛད་པ། དེའི་བསྡུས་དོན་ཚིགས་སུ་བཅད་པ་ས་པཎ་གྱིས་
མཛད་པ། བདེ་བ་ཅན་གྱི་སྨོན་ལམ་མི་མཇེད་ཞིང་མ་ཀུན་མཁྱེན་གྱིས་མཛད་པ། བྱམས་པའི་སྨོན་ལམ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྨོན་ལམ། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་ཕན་ཡོན་དང་བཅས་པ། ཡན་ལག་བདུན་པ་དགེ་སློང་མ་དཔལ་མོས་མཛད་པ། འདོད་དོན་
གསོལ་གདབ་རྗེ་བཙུན་གྱིས་མཛད་པ། ཉིན་ཞི་མཚན་ཁྲོའི་སྒོམ་བཟླས་གློ་བོ་མཁན་ཆེན་པས་མཛད་པ། ཡང་ཞི་ཁྲོའི་འདོན་ཐབས་གསལ་བ་གཅིག སྡུད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང༌། ཕུང་པོ་གསུམ་པ་འདོན་པའི་ཐབས་ས་པཎ་གྱིས་མཛད་པ།
འཇམ་དཔལ་མཚན་བརྗོད་འདོན་པའི་ཐབས་རྗེ་བཙུན་གྱིས་མཛད་པ། གསུང་ངག་བླ་མ་བརྒྱུད་པའི་མཆོད་ཆོག་གི་ཐོ་ཡིག་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། བླ་མ་དམ་པ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ་གང་དྲིན་མ་ས་པཎ་གྱིས་མཛད་པ།
เล่ม ๒๑๓ · หน้า 217a
ཐུན་མོང་བའི་སྒོ་ནས་གསོལ་བ་འདེབས་པ་སྐུའི་སྤྱོད་པ་མ་ས་པཎ་གྱིས་མཛད་པ། བླ་མ་དམ་པ་ལ་མཎྜལ་འབུལ་བའི་ཚུལ་དང༌། ཕྱོགས་བཅུ་དུས་གསུམ་མ་དང་ཐོས་པ་རྒྱ་མཚོ་མ་རྣམས་འཕགས་པས་མཛད་པ། མདོ་སྒྲུབ་མཆིམས་ཀྱིས་མཛད་པ།
བསྙེན་པར་རྫོགས་པའི་སྡོམ་བརྒྱུད་ཀྱི་གསོལ་འདེབས་བྲང་ཏི་པས་མཛད་པ། ཡོན་སྦྱོང་བའི་གཟུངས། རྗེ་ངོར་ཆེན་པས་མཛད་པའི་འགྲོ་ལ་ཕན་བདེ་སྐྱིད་མའི་བར་པཎ་ཆེན་གྱིས་ཐར་རྩེར་བསྒྲིགས་པ་ཁ་སྐོང་ཅུང་ཟད་དང་བཅས་པའི་ཕྱག་དཔེའི་སྟེང་ནས་སོ། །གཞན་ཡང་རྗེ་བཙུན་དམ་པ་དེ་
ཉིད་ཀྱི་དྲུང་ནས། སྐབས་འདི་དག་དང་གཞན་དུའང་རུང་སྟེ་དབང་བསྐུར་བ་དང༌། བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བ་རྣམས་ཇི་ལྟར་གསན་པའི་རྣམ་གྲངས་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བཀྲལ་བའི་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་
འཁོར་དུ་དབང་བསྐུར་བ། རྭ་ལོ་ཙཱ་བའི་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། སློབ་དཔོན་ཛེ་ཏཱ་རིས་བཀྲལ་བའི་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ། དཔལ་ལྡན་ནཱ་རོ་པའི་ཐུགས་བཅུད་ཀྱི་གདམས་པའི་
ཉིང་ཁུ་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབ་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ། རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་ལུགས་ཀྱི་ཕག་མོ་ཞལ་གཉིས་མའི་བྱིན་གྱིས་བརླབས་པ། གྲུབ་ཆེན་མཻ་ཏྲི་པའི་ལུགས་ཀྱི་ཕག་མོ་
རིག་པ་འཛིན་མ་རྩེན་མའི་བྱིན་གྱིས་བརླབས་པ་སྟེ། མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ལ་ཁྱད་པར་དུ་བསྔགས་པ་དམར་མོ་སྐོར་གསུམ་མོ། །ཀྱེ་རྡོ་རྗེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལ་བརྟེན་པ་རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་པ་ལ་རྗེ་བཙུན་མ་ཉིད་ཀྱིས་དངོས་སུ་བྱིན་
གྱིས་བརླབས་ཤིང་ལེགས་པར་གདམས་པ། རྗེ་བཙུན་ཀུ་རུ་ཀུལླེ་དཔའ་བོ་གཅིག་པའི་རྗེས་གནང་རང་བྱིན་རླབས་ཀྱི་མན་ངག་དང་བཅས་པ། ཀག་ཆོལ་འདོད་པའི་རྒྱལ་པོ་ཡབ་ཡུམ་གྱི་བྱིན་གྱིས་བརླབས་པ་ཟབ་མོ། དཔལ་ཚོགས་ཀྱི་བདག་པོའི་རྗེས་གནང་ཐུན་མོང་མ་ཡིན་པ་སྟེ་
เล่ม ๒๑๓ · หน้า 217b
ལས་རྒྱས་པའི་དངོས་གྲུབ་སྒྲུབ་པ་ལ་མཆོག་ཏུ་བསྔགས་པ་དམར་པོ་སྐོར་གསུམ་མོ། །གྲུབ་ཆེན་ཛེ་ཏཱ་རི་ནས་བ་རི་ལོ་ཙཱ་བ་སོགས་ལ་བརྒྱུད་པ། རྗེ་ས་སྐྱ་པ་ཆེན་པོ་སོགས་ལ་ཞལ་གཟིགས་ཁོ་ནར་བྱུང་བའི་འཇམ་དཔལ་ཨ་ར་པ་ཙ་ན་དམར་སེར་གྱི་རྗེས་སུ་གནང་བ། དཔལ་ཡེ་
ཤེས་ཡོན་ཏན་བཟང་པོའི་བསྟོད་སྒྲུབ་ཀྱི་རིག་པ་གཏད་པ། པཎྜི་ཏ་མ་ཏིའི་ལུགས་ཀྱི་འཇམ་དཔལ་དཀར་པོ། པཎྜི་ཏ་གསེར་གདུགས་ཅན་ནས་བརྒྱུད་པའི་འཇམ་དཔལ་དཀར་པོ། རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཀྱི་འཇམ་དཔལ་ནག་པོའི་བྱིན་རླབས་ཟབ་མོ། གྲུབ་ཆེན་མེ་ཏྲ་ཛོ་ཀི་
ནས་བརྒྱུད་པའི་ཚེ་དཔག་ཏུ་མེད་པ་དཀར་པོ། བ་རི་བའི་ལུགས་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་འཆི་བདག་བསླུ་བའི་རྟོག་པ་ལས་བྱུང་བའི་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ། མཉམ་མེད་ཇོ་བོ་རྗེ་ནས་བརྒྱུད་པའི་ཁྲོ་
བོ་སྨེ་བ་བརྩེགས་པ་ལྗང་ནག །རྗེ་བཙུན་ས་སྐྱ་པའི་ལུགས་ཀྱི་སྨེ་བརྩེགས་དུད་ཁ། ཁྲོ་མོ་སྨེ་བརྩེགས། ས་ལུགས་ཀྱི་སྤྱན་རས་གཟིགས་གཙོ་འཁོར་གསུམ་པ། དཔལ་མོ་ལུགས་ཀྱི་སྤྱན་རས་གཟིགས་བཅུ་གཅིག་ཞལ། འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ་པ། བཀའ་
གདམས་པའི་ལུགས་ཀྱི་ཐུབ་པ་དང༌། སྤྱན་རས་གཟིགས་དང༌། མི་གཡོ་བ་དང༌། རྗེ་བཙུན་སྒྲོལ་མ་སྟེ་ལྷ་བཞིར་གྲགས་པ། བླ་མ་གཉེན་གྱི་ཐུགས་དམ་སྒྲོལ་མ་ཡན་ལག་བཞི་པ་གཟུངས་ཀྱི་ལུང་བླང་བ་དང་བཅས་པ། ཇོ་བོ་རྗེའི་ལུགས་ཀྱི་སྒྲོལ་མ་ཉི་ཤུ་རྩ་གཅིག །ཡང་
སྒྲོལ་མ་ཉི་ཤུ་རྩ་གཅིག་སྟབས་གཅིག་ཏུ་འབྱུང་བའི་རྗེས་གནང༌། གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉི་ཤུ་རྩ་གཅིག །རྡོ་རྗེ་གུར་ལས་བརྟེན་པའི་དམ་པ་ཐམས་ཅད་འདྲེན་པ་འཇིག་རྟེན་གསུམ་གྱི་རྡོ་རྗེས་བཀྲལ་བའི་ཁྲོ་བོ་འབྱུང་པོ་འདུལ་བྱེད། བླ་ཆེན་ཤཱཀྱ་དཔལ་བའི་ལུགས་ཀྱི་འབྱུང་པོ་
འདུལ་བྱེད་མེ་དབང་ཅན། མཁས་པ་ཆེན་པོ་དོན་ཡོད་རྡོ་རྗེ་ནས་བརྒྱུད་པའི་གཤིན་རྗེ་གཤེད་དམར་པོ། རྭ་ལོ་ཙཱ་བའི་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ། མངའ་བདག་ཉང་རལ་ཆེན་པོའི་ལུགས་ཀྱི་གུ་རུ་དྲག་པོ་དམར་པོ་མེའི་ཕྲེང་བ་ཅན། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་
เล่ม ๒๑๓ · หน้า 218a
མཚན་པའི་ལུགས་ཀྱི་རྟ་མགྲིན་ནག་པོ་ལྕགས་རལ་ཅན། དབོན་སྟོན་སྐྱེར་སྒང་པ་ལ་རྨི་ལམ་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གནང་བ་དང་གཏེར་ནས་བརྒྱུད་པ་ཟུང་འབྲེལ་གྱི་རྟ་མགྲིན་དམར་པོ། ཀྲཱི་ཡ་ས་མུཙྪའི་དགོངས་པ་དང་མཐུན་པར་མཛད་པའི་གཟའ་
ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོ་གཙོ་འཁོར་བཅུ་བཞི་པ། རྡོ་རྗེ་གུར་གྱི་རྒྱུད་ལས་བརྟེན་པའི་ལྷ་མོ་ནོར་རྒྱུན་མ་གཙོ་རྐྱང༌། བ་རི་བའི་ལུགས་ཀྱི་རྡོ་རྗེ་རྣམ་པར་འཇོམས་པའི་རྗེས་གནང་བཀྲུ་བྱབ་བསྲུང་བ་དང་བཅས་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་ནས་བརྒྱུད་པའི་རི་ཁྲོད་ལོ་མ་
ཅན། རྗེ་བཙུན་མི་གཡོ་བ་སྔོན་པོ་དང་དཀར་པོ་གཉིས། རིགས་ལྡན་ཆོས་ཀྱི་རྒྱལ་པོ་ནས་བརྒྱུད་པའི་རྡོ་རྗེ་ཁྱུང་ཁྲ། ས་སྐྱ་པའི་ཐུགས་རྩིས་ཆེ་བའི་ཆོས་སྐོར་གྱི་ནང་ཚན་མཁའ་ལྡིང་གསེར་མིག་འཁྱིལ་པ། སློབ་དཔོན་ཆེན་པོ་པདྨ་ནས་བརྒྱུད་པའི་ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོ་
རྣམས་ཀྱི་རྗེས་སུ་གནང་བ་དང༌། མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་ཏུ་མེད་པའི་ཚེ་འཛབ་ལ་བརྟེན་པའི་ཚེ་དབང་ཟབ་མོ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཟབ་གཏེར་དག་སྣང་ཆུ་བོ་ཉིས་འདྲེས་ཀྱི་ཚེ་དབང་ཟབ་མོ། རིག་འཛིན་ཆེན་པོ་རྒོད་ལྡེམ་
པའི་ཟབ་གཏེར་ལུགས་ཀྱི་ཚེ་དབང་ལྕགས་ཀྱི་སྡོང་བུ་ཅན་རྣམས་དང༌། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ལུགས་ཀྱི་མགོན་པོ་དཀར་པོ་ཡིད་བཞིན་གྱི་ནོར་བུ་དང༌། ཇོ་བོ་རྗེའི་ལུགས་ཀྱི་ཛམྦྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔ་རྣམས་ཀྱི་རྗེས་སུ་གནང་བ་ལེགས་པར་གསན་ནོ། །ཆོས་སྐྱོང་
བའི་སྲུང་མ་རྣམས་ཀྱི་སྐོར་ལ།འཛམ་གླིང་བསྟན་པའི་བདག་པོ་དཔལ་ས་སྐྱ་པ་ལ་བཀའ་བབ་པའི་ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོ་ཙམ་གྱི་ནང་ནས། བསྟན་སྲུང་ཡོངས་ཀྱི་སྡེ་དཔོན་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་སྟེ། དེ་ལའང་བཀའ་བབ་རྣམ་པ་བཞི་བཞུགས་པ་ལས། དང་པོ་
པཎྜི་ཏ་ཆེན་པོ་ག་ཡ་དྷ་རའི་ལུགས་སྲོལ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡོངས་སུ་རྫོགས་པར་ཐོས་པ་ལས་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་ལམ་འབྲས་མགོན་རྐྱང་གི་རྗེས་གནང༌། གཉིས་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་ནས་བརྒྱུད་པའི་མགོན་པོ་ཕོ་རྐྱང༌། གསུམ་པ་ཤྲདྡྷཱ་ཀ་ར་
เล่ม ๒๑๓ · หน้า 218b
ཝརྨ་སོགས་ནས་བརྒྱུད་དེ་བླ་མ་མལ་ལོ་ཙཱ་བའི་ལུགས་སུ་གྲགས་པ་མགོན་པོ་ལྷ་བཅུ་གཉིས་མ་དང༌། ལྷ་བརྒྱད་པ་དང༌། ས་སྐྱ་པའི་ཞལ་ངོ་ནང་བརྒྱུད་ལས་བྱུང་བའི་ལྷ་བརྒྱད་ཐུན་མོང་མ་ཡིན་པ། ལྕམ་དྲལ་ལྷ་གསུམ་རྣམས་དང༌། ཁའུ་བྲག་རྫོང་པའི་ལུགས་ཀྱི་
མགོན་པོ་ཁྲོ་བོ་བཅུ་དང་བཅས་པ། བེར་ནག་ཟངས་གྲི་ཅན་བསྣན་པའི་གུར་གྱི་མགོན་པོ་ལྷ་དགུ། པུ་ཏྲ་མིང་སྲིང་རྣམས་ཀྱི་ཟུར་བཀའ་དང༌། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཤར་ལྷོ་འཇིགས་བྱེད་མུན་པ་ཚལ་གྱི་དུར་ཁྲོད་དུ་ཞལ་གཟིགས་པའི་གུར་གྱི་མགོན་པོ་སྤྲིན་
གསེབ་མ། རྒྱལ་བ་གཉིས་པ་ངོར་ཆེན་རྡོ་རྗེ་འཆང་གི་བཀའ་སྲུང་ཐུན་མོང་མ་ཡིན་པ་ཤིན་ཏུ་གཉེན་པ་ཞིང་སྐྱོང་སྟོབས་འཕྲོག་དབང་པོའི་སྒྲུབ་སྐོར་ལས་བསྙེན་དུས་ཀྱི་མགོན་པོ་ཞལ་བཞི་པ། སྒྲུབ་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན། དཀར་པོ་ཚེ་འཕེལ་བར་བྱེད་པ། སེར་
པོ་བསོད་ནམས་རྒྱས་པར་བྱེད་པ། དམར་པོ་སྐྱེ་འགྲོ་དབང་དུ་བྱེད་པ། སྔོན་པོ་དགྲ་བགེགས་འཇོམས་པར་བྱེད་པ་རྣམས་ཀྱི་རྗེས་སུ་གནང་བ་དང༌། དཔལ་འཁོར་ལོ་སྡོམ་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་ནོར་སྐྱོང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ། དཔལ་རྡོ་རྗེ་འཇིགས་
བྱེད་ཀྱི་བཀའ་སྡོད་ཐུན་མོང་མ་ཡིན་པ་འཆི་བདག་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་པ། ལས་ཀྱི་གཤིན་རྗེ་དཔའ་བོ་གཅིག་པ་ཡབ་ཡུམ། དམར་པོ་ཁྲག་གི་མདོག་ཅན་ཡབ་ཡུམ། མ་རུ་ཙེ་བཞིས་བསྐོར་བ་རྣམས་ཀྱི་རྗེས་སུ་གནང་བ་རྣམས་
གསན་ནོ། །གཞན་ཡང་མགོན་པོ་གསང་བ་མངོན་པར་འབྱུང་བའི་རྒྱུད་ལ་སོགས་པ་ནས་བསྟན་པ་རྒྱ་བོད་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ལེགས་པར་བཀྲལ་བའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐོར་ལ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བླ་མ་མཻ་ཏྲི་པ་དང་གྲུབ་
ཆེན་རཱ་ཧུ་ལ་གཉིས་ལས་ཞུས་པའི་སྐོར་གྱི་རྗེས་སུ་གནང་བ་རྣམས་བསྡོམས་པ་བཅུ་གསུམ་སྟེ། དེའང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ། རྗེས་གནང་བར་ཆད་ཀུན་སེལ། དབང་བཞི་བྱིན་གྱིས་བརླབས་པའི་ཚུལ་དུ་བསྐུར་བ། བླ་མ་མགོན་པོ་དབྱེར་
เล่ม ๒๑๓ · หน้า 219a
མེད་ཀྱི་སྐོར་ལ། ཞི་བ་གྲིབ་སེལ་བ། རྒྱས་པ་བླ་མ་མགོན་པོ་དབྱེར་མེད། མཁའ་འགྲོ་དབང་སྡུད་དང་གནད་དབབ་གཅིག་ཏུ་བྱས་པ། གསང་སྒྲུབ་ཀྱི་མགོན་པོ་མཚན་ཁ། ནང་སྒྲུབ་ཀྱི་མགོན་པོ་རྒྱན་ཅན། མགོན་པོ་དབང་གི་རྒྱལ་པོ། མགོན་པོ་ཚེ་བདག །ས་ར་ཧའི་
མགོན་པོ་ཁྲག་འཐུང༌། མགོན་པོ་ལྷ་བཞི་དྲིལ་ཏེ་སྒྲུབ་པ། མགོན་པོ་དཀར་པོ་ཡིད་བཞིན་གྱི་ནོར་བུ་སྟེ་བཀའ་བཅུ་གསུམ་མོ། །ཀླུ་སྒྲུབ་ལུགས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་མང༌། དཔལ་ལྡན་ལྷ་མོ་རེ་ཝ་ཏཱི་དམག་ཟོར་རྒྱལ་མོ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན། མགོན་པོ་སྟག་
ཞོན་ལྕམ་དྲལ་འཁོར་དང་བཅས་པ། གདོང་བཞི་པའི་བཀའ་འཁོར་བསམ་གྱིས་མི་ཁྱབ་པའི་ནང་ནས་གནོད་སྦྱིན་ཆེན་པོ་ཟངས་ཀྱི་བེག་རྩེ་ཅན་ལྕམ་དྲལ་དང་ལྷ་མང་གཉིས། པཎྜི་ཏ་དོན་ཡོད་རྡོ་རྗེ་ནས་བརྒྱུད་པའི་རྨུགས་འཛིན་སེར་ནག་གཉིས་རྣམས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་ཆོས་སྐོར་ལ་རྗེས་
སུ་གནང་བ་ལྔ་ཕྲག་ལྔ་ཙམ་བཞུགས་པའི་ཐོག་མར་གོང་གནོན་དུ་འགྲོ་བ་ཕྱག་ན་རྡོ་རྗེ་འགྲོ་བཟང་སྙིང་པོའི་ལུགས་ཀྱི་རྗེས་སུ་གནང་བ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དཀར་པོ་ཚེ་འཕེལ་བ། རྣམ་ཐོས་སྲས་སེར་ཆེན་ལྷ་དགུ་པ། དེ་དང་འབྲེལ་པའི་རྣམ་སྲས་དྲག་པོ། སློབ་དཔོན་ཤུ་རངྒ་ཝརྨའི་
ལུགས་ཀྱི་རྣམ་ཐོས་སྲས་སྐུ་མདོག་མཐིང་ག་ཞལ་གསུམ་ཕྱག་དྲུག་པ། གར་མཁན་མཆོག་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ་ལྷ་བརྒྱད་དང་ལྡན་པ། གར་མཁན་མཆོག་སྐུ་མདོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ། དྲེགས་བྱེད་སེང་གེའི་བཞོན་པ་ཅན་ཀླུ་བརྒྱད་
ཀྱིས་བསྐོར་བ། སེང་གེའི་བཞོན་པ་མེད་པའི་དྲེགས་བྱེད་ཀླུ་བརྒྱད་ཀྱིས་བསྐོར་བ། དྲག་པོ་ཡང་གསང་སྲིན་པོ་བཞིས་བསྐོར་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྲང་པོ་ཉི་མའི་དངོས་གྲུབ་བསྒྲལ་བའི་ལོ་རྒྱུས་ཅན་གྱི་རྒྱལ་པོ་ཆེན་པོ་རྟ་སྔོན་ཅན་སྐུ་མདོག་མཐིང་ནག་བདུད་མོ་བཞིས་བསྐོར་
བ། རྣམ་ཐོས་སྲས་ནང་མ་མོ་ལྟར་སྒྲུབ་པ་ལྷ་དགུ་པ། ཡང་གསང་མདུང་དམར་ཅན་ཕྱག་བཞི་པ། རྣམ་ཐོས་སྲས་དམར་པོ་ལས་མཁན་མདུང་དམར་ཅན། གསང་བ་གཤིན་རྗེ་ལྟར་སྒྲུབ་པ་ལྷ་བཅུ་གསུམ། རྣམ་ཐོས་སྲས་ལྗང་ཡུལ་མའམ་སྤྲིན་གསེབ་མར་གྲགས་པའི་སེར་
เล่ม ๒๑๓ · หน้า 219b
ཆེན་ལྷ་དགུ། རྣམ་ཐོས་སྲས་ལྗང་སེར་བེ་ཅོན་ཅན་དང་བཅས་པ་སྟེ་བཀའ་བཅོ་ལྔ་རྣམས་ཀྱི་རྗེས་སུ་གནང་བ་རྣམས་གསན་ནོ། །གཞན་ཡང་རྒྱལ་བ་གཉིས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱི་འཁོར་ལོས་བསྒྱུར་བ། ཁམས་གསུམ་གྱི་སྐྱེ་འགྲོ་མ་ལུས་པ་བདག་
གིར་མཛད་པའི་མཁན་ཆེན་འཇམ་པའི་དབྱངས་བསོད་ནམས་བཟང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་དང༌། མཁན་ཆེན་ཐམས་ཅད་གཟིགས་པ་ནམ་མཁའ་བསམ་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་སྟེ། ཡོངས་རྫོགས་ཆོས་ཀྱི་རྒྱལ་པོ་ཆེན་
པོ་རྣམ་པ་གཉིས་ལས་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དང༌། ཀུ་རུ་ཀུལླེ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། བཀའི་གནང་བ་ཤིན་ཏུ་ཟབ་པ་འགའ་ཞིག་མནོས་སོ། །དེ་ལྟར་ལེགས་པར་ཐོས་པའི་ཆོས་དོན་མངོན་དུ་བྱ་བའི་ཕྱིར། ཉིན་ཞག་ཕྲུགས་རེར་ངོར་པའི་ལུགས་
ཀྱི་རྣལ་འབྱོར་རྣམ་པ་བཞི་གཏོར་མ་དང་བཅས་པས་མཚོན་ཏེ། དངོས་གྲུབ་ཟུང་གི་འབྱུང་གནས་ལྷག་པའི་ལྷའི་བསྒོམ་བཟླས་མ་ཆག་པར་ཉམས་སུ་བསྟར་བར་མཛད་དོ། །དེ་ལྟར་ན་སྡོམ་བརྩོན་བླ་མ་ཆེན་པོ་འདིའི་དགོངས་བཞེད་ཀྱི་གཙོ་བོར་གྱུར་པའི་དཔལ་ལྡན་བླ་མ་དམ་པ་ཡང་དག་པའི་དགེ་བའི་བཤེས་
གཉེན་བདག་ཉིད་ཆེ་བ། མཐུ་ཆེ་བ། རྫུ་འཕྲུལ་ཆེ་བ། བརྟུལ་ཞུགས་གྲུབ་པ། མངོན་པར་ཤེས་པ་དང་ལྡན་པ། རིང་ནས་བསྒྲུབས་པའི་ཡོན་ཏན་གྱི་ཚོགས་མང་པོ་ལ་དབང་འབྱོར་བ་དམ་པའི་ཕ་རོལ་དུ་སོན་པ་རྣམས་ནི་ལེགས་པར་མཇལ་ལོ། །བསྟན་པ་དམ་པའི་སྙིང་པོ་སྡོམ་པ་གསུམ་གྱི་
འབྱོར་བ་ནི་རྒྱས་པར་ཐོབ་བོ། །སུ་ཞིག་གིས་ཐོས་ན་ཕན་ཡོན་ཆེ་བའི་ཆོས་ཀྱི་བག་ཆགས་བཟང་པོ་ཅི་རིགས་པ་ནི་རྒྱུད་ལ་བཞག་གོ །བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་རྨ་མེད་པ་ནི་ཅི་ཡང་བཟུང་ངོ༌། །ཟང་ཟིང་གི་དངོས་པོ་རྣམས་ནི་བར་མ་དོར་མ་ཡིན་པར་དཀོན་མཆོག་མཆོད་པ་དང་དགེ་འདུན་བསྙེན་བཀུར་
བགྱིས་པའི་ཆེད་དུ་ནི་ལེགས་པར་ཐོང་ངོ༌། །དྲིན་ལན་བླན་པར་དཀའ་བའི་ཕ་མེས་སུ་གཏོགས་པ་འདི་ནས་མི་སྣང་བར་གྱུར་པ་རྣམས་ཀྱི་ཐུགས་དགོངས་རྒྱ་ཆེན་པོ་ནི་ཡོངས་སུ་རྫོགས་པར་བགྱིས་སོ། །ད་ལྟར་ཞལ་བཞུགས་པ་རང་ཉིད་གཉེན་འདུན་དུ་འབྲེལ་བ་ལྟོས་དང་བཅས་པའི་རྒྱུད་ལའང་
เล่ม ๒๑๓ · หน้า 220a
དགེ་བའི་སྡོང་པོ་ནི་རབ་ཏུ་བརྟན་པར་བཙུགས་སོ། །འཁོར་དུ་འདུས་ཤིང་རྗེས་སུ་ལྷགས་པའི་སྐྱེ་བོའི་ཚོགས་ཆེན་པོ་རྣམས་ཀྱང་ལ་ལ་ནི་སྐྱབས་སུ་འགྲོ་བར་བསྐུལ། ལ་ལ་ནི་ཤཱཀྱ་སེང་གེའི་བསྟན་པ་ལ་རབ་ཏུ་འབྱུང་བར་བསྐུལ། ཕལ་ཆེར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བསྐུལ། ལ་ལ་ནི་གསང་སྔགས་དང་རིག་སྔགས་འཆང་བའི་སྐལ་ལྡན་དུ་བསྐུལ་ཏེ་བཞག་གོ །ཐུགས་རྗེར་ལྡན་པ་གང་གི་མངའ་འོག་ཏུ་འཁོད་ཅིང་བདེ་བའི་གྲིབ་མར་སྤྱོད་པ་རྣམས་ཀྱིས་མཚོན་ཏེ། ཡངས་པའི་རྒྱལ་ཁམས་ཀྱི་འགྲོ་བ་དཔྱ་དང་ཟང་ཟིང་གི་
འབུལ་བའི་འབྲེལ་པ་ཡོད་དགུ་ཐམས་ཅད་ཀྱང༌། ནམ་ཞིག་དགེ་བའི་རྒྱ་མཚོ་ཆེན་པོ་འདི་ཡོངས་སུ་གཏུགས་པར་མ་གྱུར་པ་དེ་སྲིད་དུ་དེ་དག་ཀྱང་གཞར་ཡང་འཛད་དུ་མེད་པའི་རང་བཞིན་དུ་བྱས་སོ། །ཆོས་དང་མཐུན་པར་སྤྱོད་པའི་དམ་པ་རྣམས་ཀྱི་དགེ་བའི་གྲགས་པ་དཀར་པོ་དག་
ཀྱང་མི་ནུབ་པར་རྟག་ཏུ་བརྟན་པ། སྐྱེ་དགུ་རྣམས་ཀྱི་ཐོས་པ་འཛིན་པའི་རྒྱན་དུ་བཀོད་དེ། མདོར་ན་ཇི་ལྟར་བཞེད་པའི་སྙིང་པོ་མ་ལུས་པ་ལེགས་པར་གྲུབ་ནས། སླར་ཡང་ཁམས་ཕྱོགས་སུ་འབྱོན་པའི་དགོངས་པ་གཏད་དེ། དེ་དག་གི་ཉེར་བསྡོགས་ཇི་ལྟར་འོས་པ་རྣམས་བརྩམས་སོ། །
དེ་ནས་སྣྲོན་གྱི་ཟླ་བའི་གཟའ་ཚེས་དགེ་བར་སྡོམ་བརྩོན་སྐྱེ་དགུའི་བདག་པོ་སྐུ་འཁོར་གྱི་ཚོགས་ཆེན་པོ་རྣམས་དང་བཅས་པའི་ཆིབས་ཀྱི་གདོང་བསྒྱུར་ཏེ། དཔེར་ན་ཉིན་མོར་བྱེད་པའི་དཀྱིལ་འཁོར་དྲི་མ་མེད་པ་དམར་སེར་མཚམས་ཀྱི་སྤྲིན་ཕུང་གཞོན་ནུ་རབ་ཏུ་འཁྲིགས་པ་དང་ལྷན་ཅིག་ཏུ་
འགྲོགས་པའམ། ཛམྦུ་གསེར་གྱི་རི་བོ་སིནྡྷུ་ཝཱ་རའི་ཆུ་གཏེར་ཆེན་པོ་དང་མཉམ་དུ་འགྲོགས་ནས་འགྲོ་ཤེས་པ་བཞིན་དུ་རིམ་གྱིས་བྱོན་ནས་ལྷ་སར་ཕེབས་སོ། །དེ་ན་གཞུང་ས་ཆེན་པོ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་ལྟ་བུར་བཞུགས་པ་ལ་ཞལ་གྱི་དཀྱིལ་འཁོར་མཇལ་བ་དང་སྟབས་སུ་ཇི་
ལྟར་ཡིད་ལ་བྱས་པའི་ཆོས་ཀྱི་ཚུལ་རྣམས་ལེགས་པར་ཐོས་པའི་ཚུལ་དང༌། བདོག་པའི་རྫས་ཀྱི་དངོས་པོ་རྣམས་ཀྱང་གེགས་མེད་པ་ཉིད་དུ་དགེ་བའི་རྩ་བར་ཡོངས་སུ་གཏོང་གྲུབ་པའི་ཚུལ་རྣམས་རྒྱས་པར་སྙན་དབང་དུ་གསོལ་ལོ། །དེ་དག་ནས་ཀྱང་ལེགས་བྱས་ཀྱི་རྗེས་སུ་ཡི་རང་བའི་ཚུལ་ལས་
เล่ม ๒๑๓ · หน้า 220b
བརྩམས་པའི་ལེགས་སོའི་མཆིད་ཀྱི་མེ་ཏོག་ཨུ་དུམྦཱ་རའི་ཕྲེང་བ་ལྟ་བུ་དག་སྤྱི་བོའི་རྒྱན་དུ་སྩལ་བ་དང༌། བསྔགས་བཀུར་མངོན་པར་མཐོ་བའི་ཁྲི་ལ་བཞག་སྟེ་དགའ་སྟོན་དང་གཏང་རག་གི་སྐྱེས་གནང་རྒྱ་ཆེ་ཞིང་དཔངས་མི་དམན་པ། སུམ་ཅུ་རྩ་གསུམ་པའི་དཔལ་དང་ལོངས་སྤྱོད་ཀྱི་
ངོ་མཚར་ལ་ཡང་ཅོ་འདྲིར་བྱེད་སྙམ་པ་དག་བརྩེགས་ཏེ། སྐྱེ་བོ་ཀུན་གྱི་མིག་དང་རྣ་བའི་དགའ་སྟོན་བླ་ན་མེད་པ་ཉིད་དུ་ལེགས་པར་སྩལ་ཏོ། །འདི་དག་གི་སྐབས་ཤིག་ཏུ་ཁམས་ནས་མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་དེ་ཉིད་ཞིང་ཁམས་
གཞན་གྱི་འགྲོ་དོན་ལ་གཤེགས་པའི་གཏམ་གྱི་ཚེར་མ་རྣོན་པོ་ཐོགས་པའི་ཕོ་ཉ་ཞིག་གིས་སླེབས་སོ། །དེ་སྐད་སྙན་དུ་གསོལ་བའི་མོད་ལ། སྡོམ་བརྩོན་ས་གཞི་སྐྱོང་བ་ཆེན་པོ་ཉིད་ནི་ཡོངས་འཛིན་ཆེན་པོ་དེ་དང་བྲལ་བའི་མྱ་ངན་གྱི་མེ་ཞགས་རེག་བྱ་ཤིན་ཏུ་ཚ་བའི་རང་བཞིན་ཅན་གྱིས། བློ་གྲོས་
ཀྱི་ཆུ་གཏེར་ནི་ཀུན་ནས་ཡོངས་སུ་བསྐོལ། འདྲེན་པ་མཆོག་གི་ཞལ་བཟང་དངོས་སུ་མཇལ་བའི་སྐལ་བ་ནི་ཉམས་སོ་ཞེས་གསུང་མཆིད་སྙན་པ་མ་ཡིན་པའི་ཆུ་རླབས་ཀྱི་ཕྲེང་བ་རྣམས་ནི་རང་འབྱུང་བར་གྱུར། མུ་ཏིག་གི་འོད་ཟེར་རིང་དུ་འཕྲོ་བའི་ཚེམས་ཀྱི་གེ་སར་རྣམས་ཀྱང་མཆུའི་སྒྲིབ་བྱེད་ཟུང་
གིས་འགེབས་པར་བྱེད། རྣམ་པར་དཔྱོད་པའི་སྐྱེས་བུ་གཞོན་ནུ་དེ་ཡང་ཅི་བྱ་གཏོལ་མེད་ཀྱི་ཐང་ལ་རིང་ཞིག་འཕྱན་པའི་ངལ་བ་ཅི་ཡང་སྟོན་པར་གྱུར་ཏོ། །དེར་ཅུང་ཟད་ཅིག་ནས་འདི་ལྟར་སེམས་པར་བྱེད་དེ། ཀྱེ་མ་འཇིག་རྟེན་གྱི་བྱ་བ་གཞན་གྱིས་ངལ་བ་ལ་སོགས་པའི་གདུང་བ་དག་ནི་ཡོངས་སུ་
བསལ་བར་བླའི། ཡོངས་འཛིན་དམ་པ་དང་བྲལ་བའི་གདུང་བ་ཤིན་ཏུ་ཚ་བའི་རང་བཞིན་ཅན་འདི་ནི། སྟོན་མཚན་ཟླ་བ་རྒྱས་པ་སྟོང་གི་འོད་ཀྱི་ཐིགས་པ་དག་གིས་ཡོངས་སུ་བྲན་ཀྱང་འགོག་ཏུ་མེད་ཅིང༌། མ་ལ་ཡའི་ནགས་ཚལ་སྟུག་པོ་བསྐྱོད་པ་ལས་ཉེ་བར་འཕོས་པའི་དྲི་ཁྱེར་དལ་བུ་དག་གིས་
ཀྱང་བཟློག་པར་བཟོད་པའི་གོ་སྐབས་དེ་ནི་ཅི་ཞིག །འོན་ཀྱང་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་ཀྱི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་པའི་ལུང་དང་མངོན་པར་རྟོགས་པའི་རྒྱལ་སྲིད་ཀྱི་འབྱོར་པ་བླ་ན་མེད་པ་ལ་མངའ་བསྒྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་བླའི་
เล่ม ๒๑๓ · หน้า 221a
མཆོད་གནས་སུ་ཐོབ་པར་གྱུར་ན་ཡོངས་སུ་བསལ་བར་ནུས་སོ། །དེའི་ནང་ནས་ཀྱང་ཁོ་བོ་ཅག་སྡོམ་པ་གསུམ་གྱི་བཀའ་དྲིན་གཞལ་དུ་མེད་པས་ལེགས་པར་བསྐྱངས་པའི་འདྲེན་མཆོག་མཚུངས་པའི་ཟླ་ཐམས་ཅད་དང་བྲལ་བ། ཆོས་ཀྱི་རྒྱལ་པོ་ཆེན་པོ། ཆོས་
ཀྱི་གྲུ་ཆེན་པོ། སྨྲ་བའི་དེད་དཔོན་ཆེན་པོ། སྦྱིན་པའི་གནས་ཆེན་པོ། སྲིད་པའི་ཆུ་གཏེར་སྐེམ་པར་མཛད་པ། རྨོངས་པའི་གཟེབས་དྲལ་བར་མཛད་པ། ཁྲོ་བའི་མེ་ལྕེ་འཇིལ་བར་མཛད་པ། ངན་འགྲོ་ལས་འཕོ་བར་མཛད་པ། ལམ་བཟང་པོ་སྟོན་པར་མཛད་པ། སེམས་ཅན་
ཐམས་ཅད་ཀྱི་སྙིང་པོ་དམ་པ། ཆོས་ཐམས་ཅད་མཁྱེན་པའི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་ཆུ་སྐྱེས་གང་ཡིན་པ་དེ། རྟག་པར་གཙུག་གི་རྒྱན་དུ་བཀོད་པའི་སྐལ་བ་བཟང་པོ་དེ་ཐོབ་པར་གྱུར་ན། བཟོད་པར་དཀའ་བའི་
གདུང་བ་འདི་ནི་ཡོངས་སུ་དབྲོག་པར་ནུས་སོ། །དེར་མ་ཟད་བོད་ཆེན་པོའི་ཕྱོགས་ཀྱི་ཡུལ་དང་ཡུལ་གྲུ་ཆེན་པོ་དང༌། གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་ལ་སོགས་པར་འཁོད་པའི་སྐྱེ་འགྲོ་ཐམས་ཅད་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བ་དང༌། སྤྱི་དང་བྱེ་བྲག་གི་རྒྱལ་བའི་བསྟན་པ་རིན་པོ་
ཆེའི་བཤད་སྒྲུབ་ཀྱི་ཕྲིན་ལས་ཡུན་རིང་དུ་གནས་པར་འགྱུར་བ་དང༌། ཞར་ལས་རང་གི་ཚེ་འདི་དང་ཚེ་རབས་གཏན་གྱི་འདུན་མ་བླ་ན་མེད་པ་དག་ཀྱང་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ནི་གདོན་མི་ཟའོ། །དེ་བས་ན་དོན་དེ་ཉིད་རིང་པོར་མ་ཡིན་པར་འགྲུབ་པར་བྱེད་པའི་ཐབས་ཤིག་བརྩམ་
པར་བྱའོ་སྙམ་དུ་ཡང་ནས་ཡང་དུ་ཡིད་ལ་བྱེད་པར་གྱུར་ཏོ། །ཇི་ཙམ་ཞིག་ན། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུར། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་
འགྱུར་རོ། །ཞེས་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། །འགྲོ་བ་ཐམས་ཅད་བརྙས་པའི་ང་རྒྱལ་ལྡན། །དམ་པ་ནོར་གྱི་འབྱོར་པ་ཐོབ་གྱུར་ཀྱང༌། །སཱ་ལུ་སྨིན་པ་ལྟ་བུར་ཤིན་ཏུ་འདུ། །རིགས་དམའ་བ་ཡི་སེམས་ཅན་དག །
เล่ม ๒๑๓ · หน้า 221b
ནོར་རམ་རག་པ་རྙེད་གྱུར་ན། །འགྲོ་བ་ཀུན་ལ་རྩྭ་སྙམ་སེམས། །པགས་པ་སྔོན་པོའི་ཝ་བཞིན་ནོ། །ནོར་རམ་རིག་པར་ལྡན་གྱུར་ན། །དམན་པ་རྣམས་ནི་དྲེགས་པར་འགྱུར། །གོ་འཕང་གཉིས་པོ་དེ་དག་གིས། །མཁས་པ་ཤིན་ཏུ་དུལ་བར་འགྱུར། །ཞེས་གསུངས་པ་ལྟར་
རང་ཉིད་སྟོབས་དང་རིག་པ་དང་ནོར་གྱི་འབྱོར་པ་ཕུན་སུམ་ཚོགས་པ་དག་གིས་ཀྱང་དྲེགས་པ་མི་མངའ་ཞིང༌། ཤིན་ཏུ་ཐུགས་སྒམ་པ། སྒྲིན་པོར་རློམ་པ་མང་པོ་དག་གིས་ཀྱང་ཐུགས་དགོངས་ཀྱི་བཞེད་པའི་གཏིང་ཕྱིན་པར་དཀའ་བ་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་ཀྱང་དངོས་དང་བརྒྱུད་པའི་
སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་ཕན་པའི་རྒྱུ་རུ་འགྱུར་བ། བླ་མ་དང་དཀོན་མཆོག་ལ་མཆོག་ཏུ་གུས་ཤིང་འདུད་པའི་བདག་ཉིད་ཅན་གྱི་ལས་ཁོ་ནས། ཇི་ལྟར་དམ་བཅས་པ་ཉིད་ནམ་ཡང་མི་འགྱུར་བར་བྱེད་དོ། །དེའང་ཐུགས་ལ་ཇི་ལྟར་བཞེད་པའི་དོན་དེ་འགྲུབ་པར་
བྱེད་པའི་ཐབས་ཀྱི་ཐོག་མར། གཞུང་ས་ཆེན་པོ་མཆོད་ཡོན་ཟུང་དང༌། དཔལ་ས་སྐྱ་གོང་རྣམས་ནས་དགོངས་ཁྲོལ་འོང་དགོས་པ་ལས། དེ་དག་ཏུ་ཇི་ལྟར་བརྣག་པའི་དོན་རྒྱས་པར་གསོལ་བའི་སྒོ་ནས་དགོངས་པ་ཞུས་པས། བསྟན་དོན་ལ་དམིགས་པའི་ཐུགས་རྒྱས་མཁན་ཆེན་
ཁྲི་ཐོག་པ་ཉིད་ཁམས་ཕྱོགས་སུ་སྤྱན་འདྲེན་ཞུ་ཆོག་པའི་བཀའ་ལུང་གི་གནང་བཀོད་ཡང་དག་པར་སྩལ་ཏོ། །དེ་ནས་རིམ་གྱིས་ངོར་དུ་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐུ་ཞབས་སུ། མཁན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་པ་ཞིང་ཁམས་གཞན་དུ་གཤེགས་པའི་སྙན་གསན་
འབུལ་བ་དང༌། དེའི་དགོངས་རྫོགས་སྔོན་མ་ཅུང་ཟད་དང་བཅས་ཏེ། ཁམས་ཕྱོགས་སུ་བསྟན་པ་དང་འགྲོ་བའི་དོན་ལ་དགོངས་པས་ཅིས་ཀྱང་འབྱོན་དགོས་པའི་གསོལ་བ་འདེབས་པའི་ནན་ཏན་གྱི་སྙིང་པོ་རྣམས་སྙན་དངགས་དམ་པའི་ལམ་ནས་དྲངས་པའི་གླིང་བུ་དང་བཅས་ཏེ་མི་སྣ་བརྫངས་
སོ། །དེར་རྗེ་བཙུན་ཐུགས་རྗེའི་བདག་ཉིད་ཅན་དེ་ཉིད། ཡོངས་རྫོགས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་རྣམ་པར་དཀར་བའི་ཕྲིན་ལས་རྣམ་པ་གསུམ་གྱི་སྒོ་ནས་མངའ་སྒྱུར་བའི་སྐབས་ཡིན་ནའང༌། དཔེར་ན་སྔོན་དུས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེ་ཉིད་འཁོར་དགེ་སློང་གི་དགེ་འདུན་དང་
เล่ม ๒๑๓ · หน้า 222a
བཅས་ཏེ་རྒྱལ་བྱེད་ཀྱི་ཚལ་ན་འཁོར་རྣམ་བཞི་ལ་ཆོས་སྟོན་ཅིང་བཞུགས་པ་ན། དེ་ནས་དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་བརྒལ་བ་ན་བུ་རམ་ཤིང་འཕེལ་ཞེས་བྱ་བ་ནས་མ་ག་དྷཱ་བཟང་མོས་མུ་སྟེགས་པ་རྣམས་དད་པར་བྱ་བའི་ཆེད་དུ་བུ་རམ་ཤིང་འཕེལ་གྱི་གྲོང་
ཁྱེར་ཆེན་པོའི་ཚོང་དཔོན་གྱི་བུ་ཁྱུ་མཆོག་བྱིན་གྱི་ཁང་པའི་ཡང་ཏོག་གི་སྟེང་དུ་མངོན་པར་འཛེགས་ནས། བཅོམ་ལྡན་འདས་བཞུགས་པའི་ཕྱོགས་ག་ལ་བ་དེར་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་མེ་ཏོག་རྣམས་གཏོར་ཞིང་སྤོས་གཏུལ་ནས། བཅོམ་ལྡན་
འདས་སྤྱན་དྲང་བའི་ཕྱིར་གསེར་གྱི་བུམ་པ་ལས་ཆུ་སྦྲེང་བ་དང་བཅས་ཏེ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། བདག་ནི་རི་དྭགས་དང་འདྲ་བར་གྱུར་ཅིང་མཐའ་འཁོབ་ན་མཆིས་ཏེ། དཀོན་མཆོག་གསུམ་དང་བྲལ་བར་གྱུར་པ་ལ་རྗེས་སུ་བཟུང་
བར་མཛད་ཅིང༌། དགེ་སློང་གི་དགེ་འདུན་དང་བཅས་པ་འདིར་གཤེགས་པར་མཛད་དུ་གསོལ་ཞེས་དང༌།ཡང་འདི་སྐད་སྨྲས་ཏེ། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་བཟུང་བའི། །དོན་
མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཞེས་གསོལ་བ་དང༌། མེ་ཏོག་དང༌། སྤོས་དང༌། བུམ་པའི་ཆུ་ཡང་ནམ་མཁའ་ལ་འཕགས་སོ། །ཇི་ཙམ་ན། མེ་ཏོག་དེ་བཅོམ་ལྡན་འདས་ཀྱི་སྟེང་གི་ནམ་མཁའ་ལ་ཁང་པ་བརྩེགས་པ་བཞིན་དུ་གནས་སོ། །
སྤོས་ཀྱི་དུད་པ་ཡང་སྤྲིན་བརྩེགས་པ་བཞིན་དུ་གནས་པར་གྱུར་ཏོ། །དེ་མཐོང་བ་དང༌། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་ལྟར་སྤྱན་འདྲེན་པ་འདི་ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་བོ་འདི་ནས་དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་ན་
བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་ཡོད་པ་ནས་འོངས་སོ། །ཀུན་དགའ་བོ་གྲོང་ཁྱེར་དེ་ནི་མུ་སྟེགས་པ་རྣམས་ཀྱིས་བཟུང་བ་ཡིན་པས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་འགྲོ་བར་བྱའོ། །དགེ་སློང་རྣམས་ལ་ཚུལ་ཤིང་བྲིམས་ཤིག་ཅེས་གསུངས་ནས་སང་གི་གདུགས་ཚོད་ལ་
เล่ม ๒๑๓ · หน้า 222b
གཤེགས་པར་གནང་བ་དེ་བཞིན་དུ། བསྐལ་པ་དཔག་ཏུ་མེད་པ་ནས་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་མཐུས་ཤིན་ཏུ་མཉེན་པར་བྱས་པའི་རྒྱལ་བའི་གདུང་འཚོབ་བླ་ན་མེད་པ་འདི་ནི། སེམས་ཅན་ཕྲ་མོ་ཞིག་གི་དོན་དུ་འགྱུར་ནའང་དཔག་
ཚད་བྱེ་བ་བརྒྱ་ཕྲག་མང་པོའི་ཕ་རོལ་ཏུ་ཡང་གཤེགས་པ་ལ་དཀའ་བའི་འདུ་ཤེས་སམ་མི་སྤྲོ་བ་མི་མངའ་ན། འདིར་སྐྱེ་བའི་ཕྲེང་བ་མང་པོའི་དུས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཕན་པའི་སྨོན་ལམ་གྱི་མཐུ་ཆེན་པོ་དང་ལྡན་པའི་སྡོམ་བརྩོན་མིའི་དབང་ཕྱུག་ཆེན་པོ་འདིས་
མཚོན་ཏེ་འགྲོ་བ་ཚད་མེད་ཅིང་གྲངས་མེད་པའི་དོན་དུ་འགྱུར་བ་ན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་དད་པའི་རྩ་བ་རབ་ཏུ་བརྟན་པའི་སྡོམ་བརྩོན་ས་བདག་ཆེན་པོའི་བརྟུལ་ཞུགས་བཟུང་བ་ཉིད་ནས་ཇི་ལྟར་གསོལ་བ་བཏབ་པའི་དོན་བཞིན། ཇི་སྐད་དུ། སངས་རྒྱས་ཉི་
མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། །ཅེས་བྱ་བ་དང༌། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་པ་ལྟར་རྒྱལ་བ་གཉིས་པ་རྡོ་རྗེ་
འཆང་གིས་བསྐལ་པ་མང་པོའི་གོང་ནས་སྨོན་ལམ་གྱི་ས་བོན་བཟང་པོ་ལེགས་པར་བཏབ་པའི་གདུལ་བྱའི་ཞིང་ས་ཐུན་མོང་མ་ཡིན་པ་ཡོད་པའི་གནས་ནི་ཁམས་ཕྱོགས་དང༌། དེའི་ནང་ནས་ཀྱང་ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་བསྐྱངས་ཤིང༌། ཕྱི་ནང་གི་ཉེར་འཚེ་མེད་པ་ཞེས་འབྱུང་
བ་བཞིན་དུ་རང་གི་གདུལ་ཞིང་གང་དུ་ཡོད་པ་དེ་དུས་གསུམ་གཟིགས་པ་རྣམས་ནི་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མི་ཆུད་པའམ། རྣམ་པར་མི་རིག་པ་ཅི་ཡང་མི་མངའ་བས་རྗེ་བཙུན་དམ་པ་དེ་ཉིད་ཀྱིས་སྡེ་དགེའི་ས་ཕྱོགས་འདི་ཉིད་དུ་བསྟན་པ་དར་
རྒྱས་ཆེ་བའི་གནས་སུ་གཟིགས་སོ། །གཟིགས་ནས་ཀྱང་རིང་ཞིག་ནས་དེར་འབྱོན་པར་ཞལ་གྱིས་བཞེས་པའི་བཀའ་འཕྲིན་གྱི་གླིང་བུ་སྙན་འགྱུར་འབུམ་གྱི་རོ་དང་ལྡན་པ་སྩལ་ཏོ། །ཇི་ཙམ་ན་མིའི་བདག་པོའི་མངགས་གཞུག་པ་དེས་ཀྱང་བཀའ་མཆིད་ཇི་ལྟར་ནོད་པ་
เล่ม ๒๑๓ · หน้า 223a
ཁྱེར་ཏེ་འོངས་ནས་སྡེ་དགེ་བླ་མ་ཞེས་པ་བསམ་པ་དགེ་བ། དད་པ་བརྟན་པ། སེམས་ཅན་ལ་ཕན་པའི་ཕྱིར་ཞུགས་པ་དེ་ཉིད་ཀྱི་མདུན་དུ་ཇི་ལྟར་ནོད་པ་དེ་ལྟར་ཕུལ་ལོ། །དེའི་མོད་ལ་ངེས་དགོངས་པ། ད་ནི་ཡོངས་འཛིན་དམ་པ་
དེ་ཉིད་མི་རིང་བར་རང་གི་སྐལ་བས་ཐོབ་པར་འགྱུར་བར་གདོན་མི་ཟའོ་སྙམ་པའི་ཐུགས་དགེས་པ་ལས་བྱུང་བའི་ངོ་མཚར་ནི། དཔེར་ན་ཡིད་འཕྲོག་པདྨའི་རྫིང་བུ་དག་ན་འཁྲུངས་པའི་འདབ་མ་བརྒྱ་པ་ཁ་ཟུམ་པ་ཞིག ཉི་མ་འཆར་ཀའི་འོད་ཟེར་གྱིས་ཡོངས་སུ་ཕོག་
པས་ཁ་བྱེ་བར་གྱུར་པ་ལ། སླར་ཡང་སྦྲང་རྩི་འཐུང་བའི་བུང་བ་གཞོན་ནུ་དག་གིས་སྙན་པའི་གླུ་དབྱངས་ལེན་པ་ལ་མི་སྤྲོ་བ་མེད་པ་དེ་བཞིན་དུ། ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་གསུང་གི་ཟེགས་མས་སྙིང་ལ་བྲན་པའི་མོད་ལ། མི་རྗེ་དམ་པའི་བཞིན་གྱི་དཀྱིལ་
འཁོར་དགའ་བ་བརྒྱ་ཕྲག་བརྩེགས་པའི་འཛུམ་གྱི་ཕྲེང་བ་གསར་པས་ཉེ་བར་ཕྱེ་བའི་ཞལ་སྒོ་ནས། སྙན་པའི་གདངས་སུ་དྲངས་པའི་ལེགས་སོའི་དགའ་སྟོན་གསར་པ་ཅི་ཡང་བྱུང་བར་གྱུར་ཏོ། །དེ་ནས་སླར་ཡང་ཁམས་ཀྱི་ཕྱོགས་སུ་བཏེག་པའི་དགོངས་པ་ཉེ་བར་བཞག་
སྟེ་འཁོར་གྱི་ཚོགས་ཆེན་པོ་དག་དང་ལྷན་ཅིག་ཏུ། མེ་ལྷའི་ཕྱོགས་སུ་ཆིབས་ཀྱི་གདོང་བསྒྱུར་ཏེ་རིམ་གྱིས་གྲོང་དང༌། གྲོང་ཁྱེར་དང༌། ཁང་ཁྱིམ་རྣམས་ཀྱིས་ཡོངས་སུ་དབེན་པའི་རི་ཀླུང་དང༌། གནམ་གྱི་དུམ་བུ་ས་ལ་ལྷུང་བ་ལྟ་བུའི་ཐང་ཆེན་པོ་མང་པོ་བདེ་བར་བརྒལ་
ཏེ་བྱོན་པས། ཇི་ཙམ་ན་བོད་ཆེན་པོར་གྲགས་པའི་ནོར་འཛིན་མའི་དཀྱིལ་འཁོར་ཆེན་པོ་མདོ་སྟོད་འོ་མའི་ཐང་ཞེས་བྱ་བ། སྡོམ་བརྩོན་བླ་མ་ཆེན་པོ་རང་གི་ཡབ་མེས་སུ་གྱུར་པ། དམན་པ་མིན་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ། སྡེ་དགེ་ས་སྤྱོད་ཆེན་པོ་པ།
བསོད་ནམས་ཀྱི་མཐུ་ཆེ་བ། དབང་ཆེ་བ། གཟི་བརྗིད་ཆེ་བ། སྡེ་དང་དཔུང་ཆེ་བ། དཔའ་ཞིང་རྟུལ་ཕོད་པ། མཐོན་པོར་འཕགས་ནས་དམན་པའི་མཐའ་རུ་ནམ་ཡང་མ་ལྷུང་བའི་གོང་མ་རིམ་པར་བྱོན་པ་རྣམས་ཀྱིས་དགེ་བ་བཅུ་དང་རྗེས་སུ་མཐུན་པའི་བཀའ་ཁྲིམས་
เล่ม ๒๑๓ · หน้า 223b
ཀྱི་འཁོར་ལོ་ནམ་མཁའི་ལམ་ན་མངོན་པར་རྒྱུ་བའི་གྲིབ་མ་སྣུམ་པོ་དང་ལྡན་པས་འབབ་སྟེགས་སུ་བྱས་ཤིང༌། ལེགས་པར་བསྲུངས་པའི་ས་གཞི་ག་ལ་བ་དེར་བདེ་བར་བྱོན་ནོ། །དེར་བྱོན་པ་དང་གང་གི་མཆེད་ཟླར་གྱུར་པའི་མིའི་བདག་པོ་བརྩེ་བའི་བདག་ཉིད་ཅན་རྣམ་པ་
གཉིས་དང༌། བཀའི་འཁོར་ལོས་སྒྱུར་བའི་འཕྲུལ་བློན་ཆེན་པོ་རྣམས་གཙོ་བོར་གྱུར་པའི་སྐྱེ་བོའི་ཚོགས་མང་པོ་དག་ཀྱང་བསུ་བ་ཉིད་དུ་མངོན་པར་ལྷགས་པར་གྱུར་ཏོ། །ཇི་ལྟར་ལྷགས་པ་དེ་རྣམས་ལ་ཡང་གཏམ་སྙན་གསར་པ་མེ་ཏོག་གི་ཕྲེང་བ་ལྟ་བུ་ཐོས་པ་འཛིན་པའི་རྒྱན་དུ་
རུང་བ་ཅི་ཡང་སྩལ་ཏོ། །སླར་ཡང་རིམ་གྱིས་བྱོན་པས་སྡེ་བཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གཏམས་ཤིང་དགེ་ལེགས་ཀྱི་མཚན་མ་མང་པོ་ཆེད་དུ་བཀྲམ་པ་ལྟར། ལྷུན་གྱིས་གྲུབ་པས་ཀུན་ནས་ཡོངས་སུ་བསྐོར་བའི་སའི་ཐིག་ལེ་གང་ཡིན་པ་སྟེ། དེ་
ཉིད་མཛེས་པར་བྱེད་པའི་རྒྱན་དམ་པར་གྱུར་པའི་རྒྱལ་ཁབ་ཆེན་པོ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེའི་ཉེ་འདབས་སུ་ཟླ་ཚེས་དགེ་བའི་ཉིན་མོར་བྱོན་པར་གྱུར་ཏོ། །དེ་ཙམ་ན་རྒྱལ་པོའི་ཁབ་ཀྱི་ཕོ་བྲང་དམ་པ་དེའི་ཕྱི་རོལ་དང༌། སྟེང་གི་ཕྱོགས་
མཚམས་ཀྱི་ཁོ་ར་ཁོར་ཡུག་རྣམས་སུ་རྒྱལ་པོ་ཆེན་པོ་མིག་སྐྱའི་གན་མཛོད་ལས་བླངས་མ་ཐག་པ་ལྟ་བུའི་གོས་བཟང་དང༌། རིན་པོ་ཆེའི་རིགས་ལས་ལེགས་པར་གྲུབ་པའི་རྒྱན་གྱི་རྣམ་པ་མང་པོ་རྣམས་ནི་འདི་ལྟ་སྟེ། ཁ་དོག་སྣ་ཚོགས་པའི་རྒྱལ་མཚན་དང༌། མཛེས་
པའི་གདུགས་དང༌། བ་དན་དཀར་པོ་དང༌། སྔོན་པོ་དང༌། དམར་པོ་དང༌། སེར་པོ་དང༌། ལྗང་གུ་དང༌། ལེ་བརྒན་དང་ལྡན་པའི་ཕྲེང་བ་དག་བསྒྲེང་བ་དང༌། འཕན་དང༌། གོས་ཀྱི་ཆུན་འཕང་དང༌། མེ་ཏོག་གི་ཕྲེང་བ་དང༌། རིན་པོ་ཆེའི་དོ་ཤལ་དང༌། དྲིལ་ཆུང་
དང༌། གཡེར་ཁའི་ཕྲེང་བ་དུ་མ་དཔྱངས་པས་ཀུན་ནས་མཛེས་པར་བརྒྱན་ཏེ་བཞག་གོ །གཞན་ཡང་དགེ་འདུན་གྱི་ཀུན་དགའ་རྭ་བ་དང༌། ཁང་བཟང་དང༌། ཁང་ཕྲན་དང༌། སྐྱེད་མོས་ཚལ་རྣམས་ཀྱང་ལེགས་པར་བརྒྱན་ཏེ། དེ་དག་གི་སྟེང་ནས་དྲི་ཞིམ་པོའི་སྤོས་དང༌།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด