རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སུ་བི་ནི་ཥྭ་ད་སཾ་པུ་ཊ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕ · หน้า 56a
ཀྱི་རིམ་པར་ཕྱེ་བའོ། །སྐུ་གསུང་ཐུགས་ཀྱིས་སྔགས་ཀྱི་རིམ་པར་ཕྱེ་བའོ། །དགྱེས་པའི་རྡོ་རྗེས་ལྷའི་རིམ་པར་ཕྱེ་བའོ། །དེ་ཁོ་ན་ཉིད་ཀྱིས་དབང་བསྐུར་བའི་རིམ་པར་ཕྱེ་བའོ། །ལྔ་པ་ཞེས་པ་དེ་ཁོ་ན་ཉིད་བཞིའི་བདག་ཉིད་ཀྱི་རིམ་པར་ཕྱེ་བའོ། །དཔལ་དགྱེས་པའི་རྡོ་རྗེའི་
རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས། དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་སྟེ་ལེའུ་ལྔ་པའོ།། །།ད་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། དམ་ཚིག་གི་དཀྱིལ་འཁོར་གྱི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་བཞི་རིམ་པར་ཕྱེ་བ་བཞི་དང་། དེ་ཁོ་ན་ཉིད་བཞིའི་བདག་ཉིད་ཡང་དག་པའི་
ཡེ་ཤེས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་བསྟན་ནས། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་ཇི་ལྟར་འཁྱམ་ཞིང་འཁྱམས་པའི་དེ་ཁོ་ན་ཉིད་ཀྱི་འབྲས་བུ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་གཞན་ཡང་རབ་བཤད་བྱ། །སྤྱོད་པ་ཕ་རོལ་ཕྱིན་མཆོག་རྣམས། །གང་
གིས་དངོས་གྲུབ་མཐར་འགྲོ་བ། །ཀྱེ་ཡི་རྡོ་རྗེ་དངོས་གྲུབ་རྒྱུས། །འདི་ཡི་དོན་ནི་འདི་ཡིན་ཏེ། །སྤྱོད་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་འཁྱམ་པའོ། །དེ་བཤད་བྱ་ནི། གསུང་རབ་ཀྱིས་བསྟན་པར་བྱ་བའོ། །གསུང་རབ་ཅེས་བྱ་བ་ནི། གང་འདི་ཉིད་བྱ་བ་མེད་པས་བྱ་བ་བསྟན་
པའོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། ཕ་རོལ་ཕྱིན་ཞེས་པ་སྟེ་རབ་ཏུ་གསལ་བའི་མཐར་ཐུག་པ་ཐོབ་པའོ། །དེ་ཉིད་མཆོག་སྟེ་དམ་པའོ། །དམན་པ་ལ་མོས་པའི་ཉོན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཅིའི་དོན་དུ་སྤྱད་པ་ཉིད་བྱ་བ་ཡིན་པར་གསུངས་པ། གང་
གི་དངོས་གྲུབ་མཐར་འགྲོ་བ། །ཞེས་པ་སྟེ་སྤྱོད་པ་གང་བྱས་པས་དངོས་གྲུབ་མཐར་འགྲོ་བ་ནི་རྟོགས་པ་སྟེ་དངོས་གྲུབ་ཀྱི་མཐར་ཐུག་པའི་རང་བཞིན་རྟོགས་པའོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། དེ་ནས་གཞན་ཡང་ཞེས་པ་སྟེ། དེ་ནས་གཞན་ཡང་ནི་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་
བ་བསྟན་པ་འདི་ལས་འདི་རྒྱུར་གྱུར་པས། མཐུར་ཐུག་གི་དངོས་གྲུབ་ཀྱི་འབྲས་བུ་འབྱུང་བའི་ཕྱིར། མཆོག་ཁྱད་པར་དུ་འཕགས་པར་འགྱུར་རོ། །གང་དུ་ཞེ་ན། ཀྱེའི་རྡོ་རྗེ་ཞེས་པ་སྟེ། དགྱེས་པའི་རྡོ་རྗེའི་རྒྱུ་འདིར་རོ། །རྒྱུ་གང་གིས་ཤེ་ན། དངོས་གྲུབ་རྒྱུས་ཏེ་ཕྱག་རྒྱ་ཆེན་པོའི་
เล่ม ๕ · หน้า 56b
དངོས་གྲུབ་ཀྱི་རྒྱུས་སོ། །ཡང་ན་སྤྱོད་པ་བཤད་པར་བྱ། །ཞེས་པ་ནི་བསྟན་པའི་དོན་ཉིད་དོ། །དངོས་གྲུབ་མཐར་འགྲོ་བ་ཞེས་པ་ནི། དངོས་གྲུབ་ནི་རྡོ་རྗེ་འཛིན་པའོ། །དེའི་མཐར་ནི་རང་བཞིན་ནོ། །ཅེས་ཁྱད་པར་དུ་འཕགས་ཤེ་ན། མཆོག་སྟེ་གཙོ་བོའོ། །གང་ལས་ཤེ་ན། མཐའ་བདག་
མེད་མ་སྟེ། རྡོ་རྗེ་འཛིན་པ་དང་བདག་མེད་མ་དག་ཐ་མི་དད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དགྱེས་པའི་རྡོ་རྗེ་ཞེས་པ་སྟེ། གཉིས་སུ་མེད་པར་རྟོགས་པ་ལས་སོ། །དེ་ཉིད་ཅིའི་དོན་དུ་རྟོགས་པ་ཡིན་པར་གསུངས་པ་དངོས་གྲུབ་རྒྱུས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་ཡིན་གྱི་གཞན་
དུ་ནི་མ་ཡིན་པ་ཉིད་དོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་མཚན་ཉིད་བསྟན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཀྱི་རང་བཞིན་གྱི་རྒྱན་འཆང་བའི་ཕྱིར་གསུངས་པ། སྒོམ་པ་པོ་ཡིས་རྣམ་འཛིན་པ། །རྣ་བ་དག་ལ་རྣ་ཆ་བཟང་། །ཞེས་པ་སྨོས་ཏེ། རྣལ་
འབྱོར་པས་རྒྱན་བྱ་བའོ། །དེ་ཅི་ཞེ་ན། རྣ་ཆ་བཟང་ཞེས་པ་སྟེ། ལྷའི་བདག་ཉིད་ཀྱི་ལྷའི་རྣ་རྒྱན་ལ་སོགས་པའི་ལྷའི་རྣམ་པར་དག་པའི་ཕྱིར་རོ། །འདིས་ནི་རྣ་རྒྱན་ཕྱག་རྒྱ་རྣམ་པར་དག་པས་ལྷ་གང་ཡིན་པའི་ལྷ་དེ་ཉིད་ཀྱི་མཚན་མ་ཉིད་དུ་དེ་ལ་དམིགས་ནས་རབ་ཏུ་གནས་པ་ལ་སོགས་
པ་བྱས་ནས་རྣ་བ་དག་ལ་ཡོངས་སུ་གདགས་པར་བྱའོ། །མཛེས་པའི་སྒྲ་ནི་ཀུན་ལ་གཞུག་པར་བྱའོ། །འཁོར་ལོ་ལག་གདུབ་ལ་སོགས་པ་རྣམས་ལ་འདིར་ཡང་སྔ་མ་བཞིན་དུ་བྱའོ། །ཡང་རྐང་གདུབ་རྡོ་རྗེ་ཐོད་པའི་ཕྱག་རྒྱ་བྱའོ། །དཔུང་རྒྱན་སླར་རྡོ་རྗེ་འཛིན་པ་ཉིད་ཀྱི་ཕྱག་རྒྱའོ། །
སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་གཉིས། །ལག་སྐོར་གཉིས་སོ། །རྐེད་པ་ལ་ཡང་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་པོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །ཞེས་པ་ལ་མགྲིན་པར་ནི་རཾ་ཤུའི་
མགུལ་རྒྱན་བྱའོ། །འདིས་ཅི་བསྟན་ན། རྣ་ཆ་ལ་སོགས་པ་གང་ཅི་བསྟན་པ་དེ། ཐམས་ཅད་རུས་པ་ཁོ་ནས་བྱ་སྟེ། རུས་པ་ཡང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་མེད་པའི་རང་བཞིན་ཉིད་ཡིན་ནོ། །རྒྱན་རྣམས་ཐམས་ཅད་ཉིད་
เล่ม ๕ · หน้า 57a
ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་བཅང་བར་བྱའོ། །ཡང་ན་སྒོམ་པ་པོ་ཡིས་ནི། དེ་ཁོ་ན་ཉིད་དང་ལྡན་པས་མཛེས་པའི་རྣ་རྒྱན་ཏེ། རྣ་ཆ་འོད་དཔག་མེད་ཀྱི་བདག །ཅེས་པའི་ཚིག་གིས་སོ། །དེ་ཡང་རྣ་རྒྱན་མཛེས་པ་
སྟེ། །དེ་ཡང་འོད་དཔག་མེད་ལྷ་ཐམས་ཅད་ཀྱི་རང་བཞིན་ནོ། །ཇི་ལྟར་ཞེ་ན། རྣ་བ་དག་ལ་ཨཱ་ལི་ཀཱ་ལི་གཉིས་ཀྱི་ནཱ་ད་གཉིས་རྫོགས་པའི་ཕྱིར་རོ། །དེ་ཉིད་རྣམ་པར་སྣ་ཚོགས་པའི་ཚུལ་གྱིས་དེ་འཆང་བ་སྟེ་དབྱེར་མེད་པ་བྱས་ནས། རྣམ་པར་འཆང་བ་གསུང་རྡོ་རྗེའི་རང་བཞིན་ལོངས་
སྤྱོད་རྫོགས་པའི་སྐུས་སོ། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ཞེས་པ་ནི་དཀྱིལ་འཁོར་བའི་བདག་པོ་ཡིས་ན་འཁོར་ལོ་མི་བསྐྱོད་པའོ། །དེ་ཡང་སྤྱི་བོར་ནི། གང་ཞིག་བདེ་བ་ཆེན་པོའི་གནས། །ཞེས་པའི་ཚིག་གིས་སོ། །རྣམ་པར་འཛིན་ཅེས་པ་ནི། དེ་ཉིད་འཁོར་ལོ་མི་བསྐྱོད་པ་
གཟུགས་སྣ་ཚོགས་པ་བཏགས་ནས་འཆང་ཞིང་དབྱེར་མེད་པར་འཛིན་པ་དེ་བྱ་བའི་ཚུལ་དེས་བཅང་བར་བྱའོ། །ཨ་བདག་མེད་མ་ཡིན་ལ་བདག་མེད་མ་དང་ཐ་མི་དད་པ་ཉིད་མི་བསྐྱོད་པ་ཐུགས་རྡོ་རྗེའི་རང་བཞིན་ཆོས་ཀྱི་སྐུའོ། །ལག་པ་དག་ལ་ལག་གདུབ་གཉིས། །ཞེས་པ་ནི། ལྔ་
པོ་གཉིས་ཀྱི་བདག་ཉིད་དེ་ཡུལ་དང་དབང་པོའི་རང་བཞིན་གཉིས་དག་གོ། །ལག་གདུབ་ཀྱི་སྒྲ་ནི། རྣམ་པར་སྣང་མཛད་ཀུན་དུ་སྣང་བའི་མཚན་ཉིད་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྟེ། ལག་གདུབ་རྣམ་པར་སྣང་མཛད་ཡིན། །ཞེས་པའི་ཚིག་གིས་སོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་བདག་
ཉིད་དུ་བརྗོད་པས་ཡང་དག་པར་རིག་པ་ཀུན་དུ་སྣང་བ་རབ་ཏུ་གསལ་བའི་བདག་ཉིད་སྐུ་གསུམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་བྱའོ། །རྒྱན་ནི་རྒྱན་ཏེ་དེ་ལྟར་ཡང་དག་པར་བརྒྱན་པ་ཡིན་ནོ། །འདི་རྣམས་ཉིད་ཐབས་དང་དབྱེར་མི་ཕྱེད་པར་བསྟན་པའི་ཕྱིར་གསུངས་པ། རྐེད་པ་ལ་
ཡང་སྐ་རགས་ཉིད། །ཅེས་པ་སྟེ། ཀ་ནི་བདེ་བ་ཆགས་པའི་མཚན་ཉིད་དོ། །དེར་འགྲོ་ཞིང་ཤིན་ཏུ་འདའ་བར་བྱེད་པས་རྐེད་པ་སྟེ། བདག་མེད་མའོ། །དེ་ཡང་རྟེན་དང་བརྟེན་པ་དེ་ཡིས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་རང་བཞིན་གྱི་ཕྱིར། སྐ་རགས་དོན་ཡོད་གྲུབ་པ་སྟེ་སྐུ་རྡོ་
เล่ม ๕ · หน้า 57b
རྗེའོ། །འོད་དཔག་ལ་ནི་དོན་ཡོད་བཞུགས། །ཞེས་བྱ་བའི་ཚིག་གིས་སོ། །ཀུན་རྫོབ་དང་དོན་དམ་པ་དབྱེར་མི་ཕྱེད་པའི་སྐུ་རྡོ་རྗེ་ཡིན་ནོ། །རྐང་པར་དེ་བཞིན་རྐང་གདུབ་བོ། །ཞེས་པ་ནི་གཉི་གའི་ཡེ་ཤེས་ཉིད་དབྱེར་མེད་པ་རྐང་གདུབ་སྟེ་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་སོ། །དེ་
བཞིན་ཞེས་པ་ནི་གཉི་ག་དབྱེར་མེད་པ་ཉིད་གསུང་རྡོ་རྗེ་ཡིན་ནོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །ཅེས་པ་ནི་བྱང་ཆུབ་སེམས་སོ། །ཨ་བདག་མེད་མའོ། །དེའི་རང་བཞིན་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པས་པའོ། །ཧ་ནི་རྡོ་རྗེ་འཛིན་པའོ། །དེ་ཡང་ཨུ་རྡོ་རྗེ་མཁའ་འགྲོ་མས་བརྒྱན་
པའོ། །དེ་ལྟར་ཧཱུཾ་རྡོ་རྗེ་འཛིན་པའི་རང་བཞིན་ཉིད་བྱང་ཆུབ་ཀྱི་སེམས་ཡིན་ཏེ་གཉི་ག་དབྱེར་མེད་པའི་གཉི་གའི་བདག་ཉིད་གང་དེ་ནི་ཕུང་པོའི་སྒྲའོ། །དེ་ཉིད་རྩ་བ་ཡིན་ཏེ་དང་པོ་གཙོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འབྱུང་བ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སོ། །ཨུ་སྦོས་མོ་སའོ། །སྦོས་
མོ་ས་ཡི་ཁམས་སུ་བཤད། །ཅེས་བྱ་བའི་ཚིག་གིས་སོ། །ཀ་ཆུའི་ཁམས་སོ། །ཡ་རླུང་གི་ཁམས་སོ། །ར་མེའི་ཁམས་སོ། །ཨེ་ཆོས་འབྱུང་ནམ་མཁའི་ཁམས་ཡིན་ཏེ། དཔུང་རྒྱན་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་བྱེད་པའོ། །གཉི་ག་དབྱེར་མེད་པ་ཉིད་ཐུགས་
རྡོ་རྗེ་ཡིན་ནོ། །མགྲིན་པར་རུས་པའི་ཕྲེང་བ་ཉིད། །ཅེས་པ་ནི་མགྲིན་པའི་སྒྲས་མགྲིན་པ་སྟེ། དེ་ཡང་ལོངས་སྤྱོད་ཀྱི་འཁོར་ལོ་དེ་འདྲ་མ་བཅུ་དྲུག་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་པའོ། །དེ་ལ་རྟེན་དང་བརྟེན་པའི་དངོས་པོས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དེས་རུས་པ་ནི་རཾ་ཤུ་
ཆོས་ཀྱི་དབྱིངས་རང་བཞིན་ཡིན་པའི་ཕྱིར་མཁའ་འགྲོ་མ་རྣམས་ཏེ་དེ་ཉིད་རྒྱན་ནོ། །མེ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་སྤྲོ་བའི་ཚུལ་ཉིད་ཀྱིས་ཡིན་ནོ། །དང་པོ་ཐ་མའི་རྣ་རྒྱན་དང་མགུལ་རྒྱན་དག་འོད་དཔག་མེད་དང་རིན་ཆེན་འབྱུང་ལྡན་ཁུ་བ་དང་ཁྲག་གི་ཚུལ་རྡོ་རྗེ་འཛིན་པ་
དང་། །བདག་མེད་མ་གཉིས་སྐྱེ་བ་དང་འཇིག་པའི་རང་བཞིན་ཟླ་བ་དང་ཉི་མའི་ངོ་བོ་དག་གོ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་འདི། མགུལ་གྱི་ཕྲེང་བ་རིན་ཆེན་གཙོ། །ཞེས་པའི་ཚིག་གིས་སོ། །ཀཱ་ལིའི་ནཱ་ད་དང་ཨཱ་ལིའི་ནཱ་ད་དབྱེར་མེད་པ་དག་རྡོ་རྗེ་གསུམ་དང་ཡེ་ཤེས་ལྔའི་
เล่ม ๕ · หน้า 58a
བདག་ཉིད་བཞི་པ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དང་ལྡན་པའི་རྒྱན་བསྟན་ཟིན་པའི་དོན་ཏོ། །གཞན་ཡང་གསུངས་པ། དེའི། བགོ་བ་སྟག་གི་པགས་པ་ཉིད། །བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཞེས་པ་ནི། བདུད་
རྩི་ལྔའོ་མ་ལ་སོགས་པའོ། །བདུད་རྩི་ཡང་ཇི་ལྟ་བ་བཞིན་དུ་ལོངས་སྤྱོད་དེ། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཡང་ངོ་། །ཡང་ན་བགོ་ཞེས་པ་ཡོངས་སུ་ནི་ཐམས་ཅད་ལས་སོ། །བགོ་བ་ནི་དམིགས་པ་སྟེ་ཡོངས་སུ་བགོ་བའོ། །དེ་གང་ཞེ་ན། སྟག་གི་པགས་པ་ཞེས་པ་སྟེ་སྣ་
ཚོགས་པའི་གཟུགས་ཀྱིས་སྤྲོ་བའི་ང་དག་ཉིད་ཀྱི་དེས་སོ། །དེ་ཉིད་བཟའ་བ་སྟེ་འཁྲིལ་བའོ། །བདུད་རྩི་བཅུ་ཕྱེད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་བསྡུ་བའི་རང་བཞིན་ཡིན་ནོ། །དེ་ལྟར་རྡོ་རྗེ་གསུམ་དབྱེར་མེད་པའི་སྐུ་རྡོ་རྗེའི་རིགས་ཀྱི་རིམ་པར་ཕྱེ་བ་མདོ་དང་རྒྱས་པར་
བསྟན་ཏོ། །འདིར་ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད་ནི་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་རིགས་ལྔ་རྣམས་སུ་འཁྱམ་པར་བྱ་སྟེ། བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་དང་མཐར་སྐྱེས་དང་ལྔ་པོ་རྣམས་སུའོ། །ཡང་ན། རྡོ་རྗེའི་རིགས་དང་། པདྨའི་
རིགས་དང་། ལས་ཀྱི་རིགས་དང་། རིན་པོ་ཆེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་རྣམས་སུའོ། །དེ་ཇི་ལྟར་ཡིན་པ་གསུངས་པ། རིགས་ལྔ་དག་དང་ཡང་དག་ལྡན། །རིགས་གཅིག་ཏུ་ནི་རྣམ་པར་བརྟགས། །ཞེས་པ་ལ། རིགས་ལྔ་འདྲེས་པར་གྱུར་པ་གང་དེ་ཉིད་
རིགས་གཅིག་སྟེ་རིགས་གཅིག་པ་ཉིད་དོ། །དེ་ཡང་སླར་བརྟགས་པ་སྟེ་གཅིག་ཏུ་གྱུར་པ་ཡང་བག་ཆགས་ཀྱིས་བརྟགས་པ་ཡིན་ནོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། དུ་མའི་རིགས་ནི་གཅིག་པས་ན། །གང་ཕྱིར་དབྱེ་བ་མཚོན་མི་བྱ། །ཞེས་པ་ལ། གཅིག་ཀྱང་ནི་
རྒྱུ་གང་གི་ཕྱིར་དབྱེ་བ་ཐ་མི་དད་པའོ། །མཚོན་མི་བྱ་ཞེས་པ་ནི་མ་གཏོགས་པའོ། །ཡང་ན། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །ཅེས་པ་ནི་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་སྐྱེས་བུའོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་འཁྱམས་པ་སྤྲོ་བའོ། །གང་དུ་ཞེ་ན། རིགས་ལྔ་ལས་ཏེ།
เล่ม ๕ · หน้า 58b
མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་ལའོ། །གང་ལས་ཤེ་ན། རིགས་ལྔ་དག་དང་མཉམ་ལྡན་པ་སྟེ། ཡེ་ཤེས་ལྔ་ལ་མཉམ་པའི་ཚུལ་གྱིས་དེ་འཇུག་གོ། །རིགས་ནི་གཅིག་ཏུ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཡང་རྣམ་པར་བརྟགས་པ་ནི་ངེས་པའོ། །ཇི་ལྟར་
ཞེ་ན། གང་གི་ཕྱིར་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱིས་དུ་མར་སྤྲོས་ལ། དོན་དམ་པའི་བདེན་པའི་བདག་ཉིད་ཀྱིས་རིགས་གཅིག་ཏུ་བསྡུས་པས་སོ། །དབྱེ་བ་ནི་སོ་སོར་རོ། །མཚོན་མི་བྱ་བ་ནི་མ་གཏོགས་པའོ། །ཡང་ན་རིགས་ལྔ་ཞེས་པ་ནི་ཡི་གེ་ལྔ་རྣམས་ཏེ། ཀ་ཁ་ག་གྷ་ང་།
རྣམས་སུ་འཁྱམས་པའོ། །རྣམ་པ་སྣ་ཚོགས་པའི་རང་བཞིན་སྤྲོས་པར་གྱུར་པའོ། །ཇི་ལྟར་ཞེ་ན། རིགས་ལྔ་དག་ཀྱང་མཉམ་ལྡན་པ། །ཞེས་པའི་ཀྱང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། ཕན་ཚུན་དུ་རིགས་ལྔ་རྣམས་ཀྱིས་དེ་ཡང་དག་པར་བསྡུས་སོ། །རིགས་གཅིག་ཏུ་ནི་གང་
བརྟགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཉིད་ཀྱིས་གང་ངེས་པ་དེ་ཉིད་ཡེ་ཤེས་ལྔའོ། །གང་ཧེ་རུ་ཀའི་རྣལ་འབྱོར་ནི་ཧེ་རུ་ཀས་སྦྱོར་བ་སྟེ། ཧེ་རུ་ཀའི་རྣལ་འབྱོར་རོ། །དེའི་སྐྱེས་བུའི་རྣལ་འབྱོར་པའོ། །དེ་ཉིད་ཇི་ལྟར་གྱུར་པ་དེ་གསུངས་པ། རིགས་
ནི་དུ་མ་གཅིག་གིས་ཀྱང་གང་གི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ནི་དབྱེ་བ་སྣ་ཚོགས་སུ་རྟོགས་པ་མ་ཡིན་ནོ། །རིགས་དུ་མས་ཀྱང་གང་གི་ཕྱིར་དབྱེ་བ་མཚོན་མི་བྱ་སྟེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་གང་གི་ཕྱིར་ཁྱད་པར་ཉིད་མེད་དོ། །
དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པས་གང་དུ་འཁྱམ་པར་བྱ་བ་ཡིན་པ་དེ་གསུངས་པ། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའམ་བས་མཐའ་རུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་བྱ་བ་ལ། ཤིང་གཅིག་ཅེས་བྱ་བ་ནི་ཤིང་
གཞན་གྱི་གྲིབ་མས་གང་ལ་མ་ཕོག་པ་དེ་ནི་ཤིང་གཅིག་ལ་གདོན་མི་ཟ་བར་གནོད་སྦྱིན་ཆགས་པ་ཡིན་ཏེ། དེའི་བྱིན་རླབས་ཀྱིས་ཏེ་དོགས་པ་མེད་པ་དེའི་ཚེ་དེ་ཁོ་ན་ཉིད་སྤྱོད་ལ་དེ་འབྲས་བུར་འགྱུར་རོ། །དུར་ཁྲོད་དང་ཞེས་པ་ནི། དུར་ཁྲོད་ཀྱི་ས་གཞིར་ཡང་ཡི་དགས་ལ་སོགས་པས་བྱིན་
เล่ม ๕ · หน้า 59a
གྱིས་རློབ་སྟེ། དེར་ཡང་འདི་དོགས་པ་དང་བྲལ་ནའོ། །མ་མོའི་ཁྱིམ་ཞེས་པ་ནི། བསེ་མོ་ལ་སོགས་པ་རབ་ཏུ་གཏུམ་པའི་ལྷས་བྱིན་གྱིས་བརླབས་པ་འདིར་འཇིགས་པ་མེད་ནའོ། །བཞི་མདོར་ཞེས་པ་ནི་གང་དུ་ལམ་བཞི་གཅིག་པ་དེར་ལྷ་ཚོགས་པ་ཡིན་ཏེ། འདིར་
ཡང་བརྩོན་འགྲུས་དམན་པས་གནས་པར་མི་ནུས་སོ། །དེ་བཞིན་དུ་མཚན་ཕྱེད་དང་ཞེས་པ་ནི་སྐྱེས་བུ་ཀུན་གཉིད་ལོག་པའི་དུས་ནི་མཚན་མོ་སྟེ་ལྷ་མ་ཡིན་ལ་སོགས་པ་རྒྱུའོ། །དེར་ཡང་དེ་ནི་དོགས་པ་མེད་པ་ཡིན་ནོ། །ཡང་ན་དབེན་པ་ནི། རི་བོ་ཚང་ཚིང་ལ་སོགས་པ་རྒྱུ་བའི་གནས་
ཡིན་པའི་ཕྱིར་རོ། །དེ་ཡང་འཇིགས་པ་མེད་པར་གནས་པར་བྱའོ། །བས་མཐའ་ཞེས་པ་ནི། བར་ཐག་ཤིན་ཏུ་རིང་བས་ཆོད་པའི་ཕྱོགས་རྒྱ་མཚོའི་ནང་གི་གླིང་མ་ལ་སོགས་པའོ། །དེར་ཡང་ཀླུ་ལ་སོགས་པས་བྱིན་གྱིས་བརླབས་པས་འཇིགས་པ་མེད་པར་དེར་ཡང་རྟོག་པ་མེད་པར་
བྱའོ། །འདི་ལྟ་བུའི་གལ་ཏེ་སྤྱོད་པ་བྱེད་པར་འདོད་པས་བྱ་བའི་སྒོ་ནས་སོ། །ཅུང་ཟད་དྲོད་ནི་ཐོབ་ན་བྱ། །ཞེས་པ་ལ། ཅུང་ཟད་ཀྱི་དྲོད་ཀྱི་སྒྲས་ལྟ་སྟངས་བཞིའི་དེ་ཁོ་ན་ཉིད་གྲུབ་པ་ནའོ། །འདི་མེད་ན་དོགས་པ་མེད་པར་མི་འགྱུར་རོ། །གལ་ཏེ་འདི་ལྟ་བུའི་སྤྱོད་པ་དཀའ་བས་དེས་ཅིའི་
ཕྱིར་འདི་བྱེད་པ་ཡིན་ཞེ་ན་གསུངས་པ། གལ་ཏེ་འདོད་ཡོན་དངོས་གྲུབ་བའང་འགྱུར། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་པ་ལ་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །འགྱུར་བ་ནི་ཐོབ་པའོ། །གལ་ཏེ་ནི། གང་གི་ཕྱིར་གྱི་དོན་ཏོ། །འདོད་ཡོན་ནི་ཡོད་པའོ། །འང་གི་སྒྲ་ནི་
དེའི་ཕྱིར་གྱི་དོན་ཏོ། །འདིས་ནི་སྤྱོད་པ་ཞེས་པ་ནི་འདིས་གནས་པའོ། །སྤྱོད་པ་ནི་རྒྱུ་བའོ། །ཡང་ན་ཤིང་གཅིག་ཅེས་བྱ་བ་ནི་ཤིང་དང་འདྲ་བས་ན་ཤིང་སྟེ། སྤྲོ་བའི་ཚུལ་གྱིས་ཡལ་ག་དང་ཟར་བུ་བའི་བདག་ཉིད་ཅན་ནོ། །གཅིག་ནི་ཟླ་མེད་པ་སྟེ་སྐུ་རྡོ་རྗེའོ། །དུར་ཁྲོད་དང་ཞེས་པ་ནི། ཆོས་ཀྱི་
དབྱིངས་ཀྱི་གནས་དེ་ནཱ་ད་ཕྲེང་གཉིས་ཀྱི་རང་བཞིན་གསུང་རྡོ་རྗེའོ། །མ་མོའི་ཁྱིམ་ཞེས་པ་ནི་མ་མོ་མཁའ་འགྲོ་མ་སྟེ་ཉེ་བར་མཚོན་པའི་ཕྱིར། དེ་དག་ཐ་མི་དད་པའི་དེ་བཞིན་གཤེགས་པ་དང་དེ་རྣམས་ཀྱིའོ། །ཁྱིམ་ནི་གནས་ཏེ་ཐུགས་རྡོ་རྗེ་སྟེ་དེ་རུའོ། །བཞི་མདོ་ཞེས་པ་ནི། རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་
เล่ม ๕ · หน้า 59b
འཛིན་པའོ། །མཚན་ཕྱེད་ཅེས་པ་ནི་མཚན་མོ་ཕྱེད་དེ་གང་གིས་མཚན་མོ་སོ་སོར་བྱས་པ་དེ་ནི་ཉིན་མོ་སྟེ་ཉིན་མཚན་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་དམ་ཚིག་གི་དཀྱིལ་འཁོར་གྱི་བདག་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་མཚན་ཕྱེད་པ་ཞེས་པ་འདིའི་དོན་ཏོ། །མངོན་པར་
གསལ་བར་བྱས་པའོ། །ཡང་ན་དབེན་པའམ་བས་མཐའ་རུ། །ཞེས་པ་ནི་སྐྱེ་བོ་སྣ་ཚོགས་པ་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དུའོ། །བས་མཐའ་ཞེས་པ་ནི་མི་སྣང་བས་ཏེ་སྤྱོད་ཡུལ་དུ་མ་གྱུར་པ་དེར་རོ། །གཉི་ག་ལ་ཡང་གཉི་ག་ཡོད་པ་མ་ཡིན་ནོ། །ཤིང་གཅིག་
གིས་སྐུ་རྡོ་རྗེ་བསྟན་པའི་ཕྱིར་རོ། །རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བའོ། །དུར་ཁྲོད་ཀྱིས་ཀྱང་གསུང་རྡོ་རྗེ་བསྟན་པའི་ཕྱིར་སྔགས་ཀྱི་རིམ་པར་ཕྱེ་བའོ། །མ་མོའི་ཁྱིམ་གྱིས་ཐུགས་རྡོ་རྗེ་བསྟན་པའི་ཕྱིར་ལྷའི་རིམ་པར་ཕྱེ་བའོ། །བཞི་མདོ་ཞེས་པས་རྡོ་རྗེ་དབྱེར་མེད་པའི་རྡོ་རྗེ་འཛིན་པ་སྟེ་
སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བའི་རིམ་པ་ཕྱེ་བའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དབྱེར་མེད་པས་མཚན་ཕྱེད་ཡིན་ཏེ། དེ་ཉིད་གཉི་གའི་བདག་ཉིད་ཀྱི་དཀྱིལ་འཁོར་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་
དཀྱིལ་འཁོར་གཉིས་ཀྱི་རང་བཞིན་ཡིན་པས་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བའོ། །དེ་བས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་སྤྱོད་པ་བྱེད་པར་ནུས་པ་ཡིན་ནོ། །དེ་བས་ན་རྣལ་འབྱོར་པ་འདིས་སྤྱོད་པ་བྱེད་འདོད་པ་སྟེ་བྱ་བའི་སྒོ་ནས་སོ། །དེ་བས་ན་ཅུང་ཟད་དྲོད་ནི་ཐོབ་པ་ན། །ཞེས་པ་ནི། ལྟ་
སྟངས་བཞི་ལ་སོགས་པའི་ནུས་པ་སྣ་ཚོགས་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་ན་གང་སྤྱོད་པ་བྱེད་པར་འདོད་པ་དེ་སྦྱར་བར་བྱ་བ་ཉིད་ཡིན་ནོ། །སྤྱོད་པ་ཉིད་ཅིའི་དོན་དུ་ཡིན་པ་གསུངས་པ། དངོས་གྲུབ་འགྱུར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་རོ། །
གང་འདི་འདོད་པར་གྱུར་པ་དེས་སྤྱོད་པ་འདི་སྤྱད་དེ་འཁྱམ་མོ། །འདི་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བརྗོད་དོ། །འདི་མེད་པར་ཡང་དག་པའི་དངོས་གྲུབ་ཐོབ་པ་མ་ཡིན་ནོ། །རྡོ་རྗེ་གསུམ་དབྱེར་མེད་པའི་གསུང་རྡོ་རྗེ་སྔགས་ཀྱི་རིམ་པར་ཕྱེ་བས་མདོར་བསྟན་ནས་རྒྱས་པར་བསྟན་པ་
เล่ม ๕ · หน้า 60a
ཡིན་ནོ། །འདིས་ནི་སྤྱོད་པ་ཞེས་བསྟན་པ་དེའི་དོན་ནི་འདི་ཡིན་ཏེ། འདིས་ནི་ཞེས་བསྟན་ཟིན་པས་སམ། འཆད་པར་འགྱུར་བས་རིགས་ལྔ་ལ་སོགས་པ་དབྱེར་མེད་དུ་རྟོགས་པས་ཤིང་གཅིག་ལ་སོགས་པ་རྣམས་སུ་རྒྱུ་བར་ནུས་པ་ཡིན་ནོ། །དེ་ནས་ཡང་དྲོད་ཐོབ་པར་
འགྱུར་ཏེ། དེ་ནས་ཡང་ཀུན་དུ་བཟང་པོའི་སྤྱོད་པ་ནུས་སོ། །དེས་ན་དངོས་གྲུབ་དོགས་པ་མེད་པར་འབྱུང་བའོ། །དངོས་གྲུབ་ཀྱང་ཕྱག་རྒྱ་ཆེན་པོའི་སྔོན་དུ་འགྲོ་བ་ཉིད་ཀྱིས་བདེན་པ་གཉིས་ཁྱད་པར་འཕགས་པའི་ཕྱག་རྒྱ་རྙེད་པ་དེ་ཁྱེར་ནས་སྤྱོད་པ་སྤྱད་པར་བྱའོ། །ཤིན་ཏུ་བཞིན་བཟངས་
མིག་ཡངས་མ། །རང་གིས་དབང་བསྐུར་རྡོ་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བྱ་བར་རྟོགས་པར་བྱ། །རང་གིས་དབང་བསྐུར་ཞེས་པ་ནི་བདག་ཉིད་ཀྱིས་དཀྱིལ་འཁོར་ལ་སོགས་པའི་བྱ་བ་གང་ཆུ་ལ་སོགས་པའི་ཆོ་གས་དབང་བསྐུར་ནས་ཤིན་ཏུ་རྣམ་པར་དག་པར་བྱས་
པའོ། །ཡང་ན། རང་གི་ཆུང་མ་སྙིང་རྗེ་ཅན། །ཞེས་པ་ནི་གཞན་གྱི་དོན་ལ་འཇུག་པའོ། །སྙིང་རྗེ་མནན་འགྲུབ་མི་འགྱུར་ཞེས་པའི་ཚིག་གིས་སོ། །རྡོ་རྗེ་བུ་མོ་ཞེས་པ་ནི་རྡོ་རྗེའི་རིགས་དང་ལྡན་པ་ལོ་བཅུ་དྲུག་མའོ། །འདི་ཞེས་པ་ནི་འདི་ལྟ་བུའོ། །ཁྱེར་ནས་ནི་བླངས་ནས་སྤྱོད་པ་བྱ་བའོ། །
འང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ་སྤྱོད་པ་དམ་པ་བྱེད་དོ་ཞེས་རྟོགས་པར་བྱའོ། །རྡོ་རྗེ་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་གཟུགས་ཀྱིས་བྱ། །ཞེས་པ་ལ། །རང་འདོད་ལྷ་ཞེས་པ་ནི་བདག་གི་འདོད་པའི་ལྷ་གང་ཡིན་པ་དེའི་རིགས་ཀྱིས་སོ། །རྣལ་འབྱོར་པ་གང་དཀར་པོ་ཆེ། །དེའི་ལྷ་ནི་
རྣམ་སྣང་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །རིགས་དེས་ཀྱང་ཡིན་ནོ། །དེ་ཡང་གལ་ཏེ་མ་རྙེད་ན་དེའི་ཚེ་ཡང་ན་ཞེས་པ་སྟེ་ཕྱོགས་གཞན་ནོ། །གཞན་གྱི་རིགས་ལས་བྱུང་བ་ཞེས་པ་ནི་རིགས་ཐ་དད་པ་ལས་སོ། །བྱང་ཆུབ་ས་བོན་བཅུག་པས་སྦྱངས་ཏེ་ཞེས་པ་ལ། བྱང་ཆུབ་
ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ས་བོན་ཏེ་ཡང་དག་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཅུག་པ་ནི་དམིགས་པར་བྱས་པས་སོ། །སྦྱངས་ཏེ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཁྱེར་ནས་ནི་བླངས་ནས། སྤྱོད་པ་བྱ་བར་
เล่ม ๕ · หน้า 60b
རྟོགས་པར་བྱ། །ཞེས་ཡང་སླར་བརྗོད་དོ། །ཡང་ན་བཞིན་བཟངས་ནི་བརྗོད་པ་ཡིན་པས་ཁའོ། །དེ་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་སོ། །བཞིན་བཟངས་ནི་ཡིད་འཕྲོག་པའོ། །གང་ལ་དེ་ཡོད་པ་དེ་ནི་བཞིན་བཟངས་མ་སྟེ་གསུང་རྡོ་རྗེ་མའོ། །མིག་ཡངས་མ་ཞེས་པ་ནི་ཡངས་པ་ནི་རྒྱ་
ཆེ་བ་སྟེ་ཁམས་གསུམ་ལ་ཁྱབ་པའོ། །མིག་ནི་ལྟ་བའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་གང་དེ་ནི་མིག་ཡངས་མ་ཐུགས་རྡོ་རྗེ་མ་སྟེ་དེའོ། །རང་གིས་དབང་བསྐུར་ནི་དབང་བསྐུར་བ་ལ་ཐུག་པས་སྐུ་རྫོགས་པའི་སྐུ་རྡོ་རྗེ་མ་སྟེ་དེའོ། །སྙིང་རྗེ་ཅན་ཞེས་པ་ནི་འགྲོ་བའི་དོན་གྱི་བྱ་བ་ལ་འཇུག་
པའི་ཕྱིར་བདེན་པ་གཉིས་ཀྱི་རང་བཞིན་ཏེ་དེ་ཡང་ངོ་། །དེ་བས་ན་རྡོ་རྗེ་བུ་མོ་ནི་རྡོ་རྗེ་མི་ཕྱེད་པའི་ཕྱིར་རོ། །བུ་མོ་ནི་འོད་གསལ་གྱི་ཕྱིར་སྤྲོ་བའི་རང་བཞིན་ཉིད་རབ་ཏུ་གསལ་བའི་བདག་ཉིད་ཡིན་པས་རྡོ་རྗེའི་བུ་མོ་སྟེ་དེའོ། །འདི་ཞེས་པ་ནི་འདི་ལྟ་བུ་ཁྱེར་ནས་དངོས་སུ་འཁྱམ་པར་བྱ་བར་རིགས་
པ་ཡིན་ནོ། །རྡོ་རྗེ་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷའི་རིགས་ཀྱིས་བྱའོ། །ཞེས་པ་ལ་རྡོ་རྗེ་ནི་མི་ཕྱེད་པའོ། །འདིའི་རང་བཞིན་གྱིས་ན་རིགས་ནི་བགྲངས་ནས་ཡོངས་སུ་གཅོད་པས་ན་རྡོ་རྗེའི་རིགས་སོ། །ཚུལ་འདིས་མེད་པ་ནི་དངོས་མེད་པའོ། །དེའི་ཕྱིར་རྡོ་རྗེ་རིགས་ཀྱི་དངོས་མེད་པ་
བདག་མེད་པ་རྟོགས་པའོ། །རང་འདོད་ལྷའི་རིགས་ཀྱིས་བྱའོ། །ཞེས་པ་ནི། རང་གི་སྒྲ་ནི་རྣམ་པར་ཤེས་པའོ། །འདོད་ལྷ་ཞེས་པ་ནི་རྣམ་པར་ཤེས་པ་དེས་འདོད་པ་བཙལ་བས་ཁྱབ་པ་གང་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ཡོངས་སུ་བཅད་པས་ཀྱང་ངོ་། །རྣམ་པ་གཉིས་ཀ་
ཡང་དབྱེར་མེད་པར་བྱས་པ་ཀུན་དུ་བཟང་པོའི་སྤྱོད་པ་ལ་འཇུག་པ་ཡིན་པར་དགོངས་སོ། །ཡང་ན་ཞེས་པ་ནི་ཕྱོགས་གཞན་ནོ། །གཞན་གྱི་རིགས་ལས་བྱུང་ཞེས་པ་ལ། གཞན་ནི་ཟླ་མེད་པ་གཅིག་གོ། །དེས་གང་གི་རིགས་ཡོངས་སུ་གཅད་པ་དེ་ནི་གཞན་རྡོ་རྗེ་འཛིན་ནའོ། །དེ་ལས་བྱུང་
བ་ནི་དེར་གྱུར་པར་བྱུང་བ་རབ་ཏུ་གསལ་ཏེ། འཁོར་བ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་གང་བདག་མེད་པ་དེ་ནི་དོན་དམ་པའི་བདེན་པའི་རང་བཞིན་ནོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། བྱང་ཆུབ་ཀྱི་ས་བོན་བཅུག་པ་ནི་བྱང་ཆུབ་ཀྱི་ས་བོན་བཅུག་པ་སྟེ་བྱང་ཆུབ་རྣམ་པར་མི་རྟོག་པའི་ཡེ་
เล่ม ๕ · หน้า 61a
ཤེས་སོ། །དེ་ཉིད་ས་བོན་ནོ། །དེར་གཞུག་པ་ནི་དམིགས་པའོ། །དེས་སྦྱངས་པ་ནི་འདུས་བྱས་པའི་ཚུལ་ཅན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །འདིས་ནི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱིས་དོན་དམ་པའི་བདེན་པའི་རང་བཞིན་ཉིད་དེ། དོན་དམ་པའི་བདེན་པའི་
ཚུལ་གྱིས་ཀྱང་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཉིད་ཡིན་ནོ། །གཉི་ག་དབྱེར་མེད་པ་བདག་མེད་རྣལ་འབྱོར་མ་རྡོ་རྗེ་གསུམ་དབྱེར་མེད་པ་ཐུགས་རྡོ་རྗེ་ལྷའི་རིམ་པར་ཕྱེ་བ་མདོ་དང་རྒྱས་པར་བསྟན་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་དང་ལྡན་པའི་རྣལ་འབྱོར་པས་སྤྱོད་པ་བྱ་བར་རིགས་
པ་ཡིན་ཏེ། དེ་གལ་ཏེ་དགའ་བའི་དབང་གིས་གླུ་ལེན་པར་བྱེད་ན། དེའི་ཚེ་དེ་ཇི་ལྟ་བུ་ཡིན་པ་གསུངས་པ། གལ་ཏེ་དགའ་བས་གླུ་བླངས་ཏེ། །འོན་ཀྱང་དགའ་བ་རྡོ་རྗེ་མཆོག་དང་ལྡན་པའི་རྡོ་རྗེའི་གླུ་དེས་བླངས་ཏེ་འདི་ཉིད་ཐར་པའི་རྒྱུ་ཡིན་ནོ། །གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་
པའི་རྒྱུས་ནི་གར་བྱས་ཏེ། །འོ་ན་རྡོ་རྗེའི་རྐང་པས་གར། །ཡོ་གིའི་མཉམ་པར་བཞག་པས་བྱེད། །ཅེས་བྱ་བ་ནི་གལ་ཏེ་དགའ་བ་སྐྱེས་ནས་རྣལ་འབྱོར་པ་གར་རྩོམ་པ་ལ་འཇུག་པར་འགྱུར་བ་དེའི་ཚེ་གར་དང་བྲོའོ། །གང་གིས་ཤེ་ན། རྡོ་རྗེ་རྐང་པས་ཏེ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་
ཀྱི་རོ་མནན་པ་ཇི་ལྟ་བ་བཞིན་གྱི་རྐང་པས་དཔལ་ཧེ་རུ་ཀ་གནས་པ་དེ་བཞིན་དུ་རྡོ་རྗེའི་རྐང་པས་ཏེ། གཡས་བརྐྱང་བ་ལ་སོགས་པ་རྐང་སྟབས་བརྒྱད་ཀྱིས་མཉམ་པར་བཞག་པས་དེ་ཁོ་ན་ཉིད་ལ་སེམས་ཞེན་པས་སོ། །ཡང་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་གླུ་ནི། ཨཱ་ལི་ཀཱ་ལིའི་བདག་
ཉིད་ཀྱི་སྒྲ་བླངས་ནས་སྒྲ་ཡུལ་དུ་བྱེད་པ་སྟེ་སྒྲ་ལ་སྒྲ་ཐིམ་པས་ཆ་མེད་པ་ཉིད་ཀྱིས་དགའ་བའོ། །རྒྱུ་དེའི་ཕྱིར་འོན་ཀྱང་རྡོ་རྗེ་རྐང་པ་དང་ལྡན་པ་གཉིས་སུ་མེད་པའི་ཡེ་ཤེས་རྙེད་པ་ཉིད་དོ། །མཆོག་ནི་ཁྱད་པར་དུ་འཕགས་པ་རྣམ་པར་དགའ་བ་ལ་ཐུག་པའི་ཐ་ཚིག་གོ། །རྡོ་རྗེ་གསུམ་
དབྱེར་མེད་པས་དབང་བསྐུར་བའི་རིམ་པར་ཕྱེ་བ་མདོ་དང་རྒྱས་པར་བསྟན་པའི་དོན་ཏོ། །གལ་ཏེ་ནི་དེའི་ཕྱིར་རོ། །དགའ་བ་ནི་རྣམ་པར་དགའ་བའོ། །སྐྱེས་པ་ནི་གར་སྒྱུར་བའོ། །ཇི་ལྟར་ཞེ་ན། ཐར་བའི་རྒྱུས་ཏེ་ཐར་པའི་དོན་དུའོ། །འོ་ན་ནི་དེའི་ཚེའོ། །རྡོ་རྗེ་རྐང་པས་ཏེ། དབྱེར་
เล่ม ๕ · หน้า 61b
མེད་པའི་ཡེ་ཤེས་ཀྱི་དགའ་བ་ལ་སོགས་པས་སོ། །གར་བྱེད་པ་ནི་གར་ངེས་པར་གནས་པར་འབྱུང་ངོ་། །དེ་བས་ན་རྣལ་འབྱོར་པ་གཉི་ག་དབྱེར་མེད་པའོ། །དེ་ཉིད་མཉམ་གཞག་སྟེ་མི་མཐུན་པ་མེད་པར་གནས་པའི་དོན་ཏོ། །འདིས་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དེས་
དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་མདོར་བསྟན་པའི་རྒྱས་པར་བསྟན་པ་ཡིན་ནོ། །ད་ནི་རུས་པའི་རྒྱན་ལ་སོགས་པ་གང་རྣལ་འབྱོར་པས་བརྒྱན་པ་དེ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ་ན། སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ཞེས་མདོར་བསྟན་པའི་
རྒྱས་པར་བཤད་པའོ། །རྣ་ཆའི་བདག་ཉིད་འོད་དཔག་མེད་ནི། །རྣ་བ་དག་ལ་རྣ་ཆ་བཟང་། །ཞེས་མདོར་བསྟན་པའི་རྒྱས་པར་བཤད་པའོ། །མགུལ་གྱི་ཕྲེང་བ་རིན་ཆེན་གཙོ། །ཞེས་པ་སྟེ། མགྲིན་པར་རུས་པའི་ཕྲེང་བ་སྟེ། །ཞེས་བསྟན་པའིའོ། །ལག་པར་རྣམ་པར་སྣང་མཛད་བརྗོད་
པ་ནི། ལག་པ་དག་ལ་ལག་གདུབ་གཉིས། །ཞེས་པ་གང་ངོ་། །སྐ་རགས་ལ་ནི་དོན་ཡོད་གནས། །ཞེས་པ་ནི། །རྐེད་པ་ལ་ཡང་སྐ་རགས་ཉིད། །ཅེས་པ་གང་གིའོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པ་ཕྱག་རྒྱ་ལྔའི་རིམ་པར་ཕྱེ་བ་བསྟན་པ་ཡིན་ཏེ། འཁོར་
ལོ་རྣ་ཆ་མགུལ་གདུབ་དང་། །ལག་གདུབ་དང་ནི་སྐེ་རགས་ཉིད། །སངས་རྒྱས་ལྔ་ཡི་རྣམ་དག་པ། །འདི་རྣམས་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པས་སོ། །འདི་ནི་མཁའ་འགྲོ་མའི་རྣམ་པར་དག་པ་དེ་རྣམས་ཀྱང་རུས་པའི་ཕྲེང་བའི་རྒྱན་དུ་འདོད་པ་ཡིན་ནོ། །རྐང་པར་དེ་བཞིན་རྐང་
གདུབ་པོ་ནི་རྐང་པ་དག་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཨཱ་ལི་ཀཱ་ལིའི་ནཱ་དའི་བདག་ཉིད་རྐང་གདུབ་རྣམ་པར་དག་པའོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །ཅེས་པ་ནི་གཉི་ག་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་རྣམ་པར་དག་པའི་རྒྱན་རྣམས་ཉིད་སྤྲོ་བ་དང་བསྡུ་བའི་བདག་ཉིད་དོ། །
བགོ་བ་སྟག་གི་པགས་པ་ཉིད། །ཅེས་པ་ནི་དེ་རྣམས་སྤྲོ་བའི་རང་བཞིན་ཉིད་ཀྱིས་སོ། །བཟའ་བ་མི་འཆི་བཅུ་ཕྱེད་བཅས། །ཞེས་པ་ནི་འདི་རྣམས་བསྡུ་བའི་བདག་ཉིད་ཡིན་ནོ། །ཡང་ན་མི་བསྐྱོད་པ་ནི་མི་འཁྲུགས་ཤིང་མི་གཡོ་བས་ན་མི་བསྐྱོད་པ་སྟེ། མི་རྒྱུ་བའི་རང་བཞིན་
เล่ม ๕ · หน้า 62a
འཁོར་ལོའི་གཟུགས་ཀྱིས་མི་ཤེས་པ་གཅོད་པར་བྱེད་པའི་རྣམ་པ་དེས་སོ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །ཅེས་པ་ནི་དཔག་མེད་ནི་དཔག་ཏུ་མེད་པའོ། །འོད་ནི་འོད་ཟེར་རོ། །སྤྲོ་བའི་རང་བཞིན་རྣམས་ཀྱི་བྱ་བ་གང་ལ་ཡོད་པ་ནི་འོད་དཔག་མེད་དོ། །ཇི་ལྟར་
ཞེ་ན། རྣ་ཆའི་བསྐོར་བའི་རང་བཞིན་ཁྱབ་པའི་རང་བཞིན་ཞེས་པའི་དོན་ཏོ། །དགའ་བ་བསྐྱེད་པས་ན་རིན་ཆེན་ཏེ་ཐུགས་སོ། །དེའི་གཙོ་བོ་ནི་མངའ་བདག་གོ། །དེ་ནི་མགྲིན་པའི་ཕྲེང་བ་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ནོ། །ལག་པར་རྣམ་པར་སྣང་མཛད་བརྗོད། །ཅེས་པ་ནི། དབང་པོ་
ལྔ་པོ་གཉི་གའི་བདག་ཉིད་ཀྱི་ཡུལ་ཏེ་རྣམ་པར་ནི་ངེས་པར་རོ། །སྣང་མཛད་ནི་རབ་ཏུ་གསལ་བའི་རྣམ་པར་གནས་པས་རྣམ་པར་སྣང་མཛད་དོ། །སྐ་རགས་ནི་ཆོས་འབྱུང་དུ་གནས་པ་དབྱེར་མེད་པའོ། །དོན་ཡོད་ནི་འབྲས་བུ་མེད་པ་མ་ཡིན་པས་འགྲོ་བའི་དོན་བྱེད་པར་ནུས་པའི་དོན་
ཏོ། །ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཞེས་པས་རྡོ་རྗེའི་བུ་མོ་རང་འདོད་ལྷའི་གཟུགས་ཀྱིས་བྱ། ཡང་ན་གཞན་གྱི་རིགས་ལས་བྱུང་བ་ཁྱེར་ལ། སྤྱོད་པ་བྱ་བར་རྟོགས་པར་བྱ། །ཞེས་གང་གསུངས་པ་དེའི་རྣམ་པར་དག་པ་བསྟན་ཏོ། །ཤེས་རབ་ཁ་ཊྭཱཾ་ག་ཡི་སྐུ། །ཞེས་པ་ནི།
གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག །ཞེས་ཀྱང་གསུངས་པ་དེ་ཡང་ཤེས་རབ་ཀྱི་རང་བཞིན་ནོ། །འདིས་ནི་རྣལ་འབྱོར་པས་ཁ་ཊྭཱཾ་ག་ཡང་བཅང་བར་བྱ་བ་ཡིན་ནོ། །ཡང་ན་ཁ་ཊྭཱཾ་ག་གཟུགས་ཤེས་རབ་ཅན་ཏེ་ཞེས་པ་ནི་ནམ་མཁའ་ལ་འགྲོ་བས་ན་ཁ་ཊྭཱཾ་ག་སྟེ་མཁའ་སྤྱོད་དོ། །དེ་ཉིད་ཨཾ་ག་གཟུགས་
ཅན་ཏེ། འོངས་ནས་རྟོགས་པས་ན་ཨཾ་ག་ལ་འདིའི་རང་བཞིན་གང་ལ་ཡོད་པ་དེ་ལའོ། །ཤེས་རབ་ནི་ཤེས་རབ་ཀྱི་སྒྲས་ཡི་གེ་ཨ་ལ་སོགས་པ་དབྱངས་བཅུ་བཞིའི་རྗེས་སུ་སོང་བའོ། །འདིས་ནི་མཁའ་འགྲོ་མ་བཅོ་ལྔ་ཨཱ་ལིའི་ནཱ་ད་ཡིན་པར་བསྟན་ཏོ། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་
ཉིད། །ཅེས་པ་ནི། ཅང་ཏེའུ་དེ་ཡང་བཅང་བར་བྱའོ། །དེ་ཡང་ཐབས་ཀྱི་གཟུགས་ཀྱིས་ཐབས་རྣམ་པར་དག་པས་སོ། །ཡང་ན། ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་ཉིད། །ཅེས་པ་ནི། །རིགས་ལྔ་རྣམས་སུ་འཁྱམ་པར་བྱ། །ཞེས་གང་གསུངས་པ་དེའི་རྒྱས་པར་བཤད་པའོ། །ཅང་
เล่ม ๕ · หน้า 62b
ཏེའུ་ནི་སྒྲའི་རང་བཞིན་ཡིན་པའི་ཕྱིར་ནཱ་དའི་བདག་ཉིད་དོ། །དེ་ཡང་ཐབས་ཀྱི་རང་བཞིན་ཨཱ་ལིའི་ནཱ་ད་ཡིན་ནོ་ཞེས་པའི་དོན་ཏོ། །འདིས་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་གཉིས་ཀྱི་བདག་ཉིད་དེས་རྣལ་འབྱོར་པར་འགྱུར་རོ། །ཇི་ལྟར་ཞེ་ན། ཞེ་སྡང་རྣམ་པར་དག་པས་ཏེ་མི་བསྐྱོད་པའི་རྣམ་པར་དག་
པའོ། །ཡང་ན། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །ཞེས་པ་ནི། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །ཅེས་གང་གསུངས་པ་དེའི་རྒྱས་པར་བཤད་པའོ། །ཡང་ན། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །ཞེས་པ་ནི་གཉི་ག་དབྱེར་མི་ཕྱེད་པ་ཉིད་ཀྱིས་རྣལ་འབྱོར་པའོ། །དེ་ཉིད་ཞེ་སྡང་ངོ་། །
དེ་ཡང་རྣམ་པ་སྣ་ཚོགས་པ་འོད་དཔག་ཏུ་མེད་པ་ལ་སོགས་པའི་རང་བཞིན་ཉིད་དོ། །དེ་ནི། དུ་མ་རིགས་ནི་གཅིག་པས་ན། །གང་ཕྱིར་དབྱེ་བ་མཚོན་མི་བྱ། །ཞེས་ཏེ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱའི་རྣམ་པར་དག་པ་མི་བསྐྱོད་པ་ལ་སོགས་པའོ། །ནཱ་ད་གཉིས་ཀྱི་བདག་ཉིད་
ཐབས་དང་ཤེས་རབ་ཀྱི་རང་བཞིན་རྣམས་རྣམ་པར་དག་པར་གྱུར་པ་ཡིན་པས་ཞེ་སྡང་རྣམ་དག་རྣལ་འབྱོར་པ་རྡོ་རྗེ་འཛིན་པའི་རང་བཞིན་དུ་གྱུར་པ་ཡིན་ནོ། །འདིས་ནི་རྣལ་འབྱོར་པའི་ཕྱག་རྒྱ་ལྔ་རྣམས་བསྟན་པ་དེ་རྣམ་པར་དག་པ་མི་བསྐྱོད་པ་ལ་སོགས་པའོ། །རྐང་གདུབ་ནི་ཐབས་
དང་ཤེས་རབ་རྣམ་པར་དག་པའི་རྣམ་པའོ། །དཔུང་རྒྱན་ཐབས་དང་ཤེས་རབ་རྣམ་པར་དག་པའོ། །སྟག་གི་པགས་པ་ཐབས་ཀྱི་རྣམ་པར་དག་པའོ། །བཟའ་བ་མི་འཆི་བཅུ་ཕྱེད་ནི་ཤེས་རབ་རྣམ་པར་དག་པའོ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད་ནི་དེས་རྣལ་འབྱོར་བ་རྣམ་པར་དག་པའོ། །
རིགས་ལྔ་རྣམས་སུ་འཁྱམ་པར་བྱ་བ་ལ་སོགས་པ་གང་ཕྱིར་ཕྱེ་བ་མཚོན་མི་བྱའི་མཐར་ཞེ་སྡང་རྣམ་པར་དག་པས་རྣམ་པར་དག་པའོ། །ཤིང་གཅིག་ལ་སོགས་པ་ནི་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དོ། །དབེན་པའམ་བས་མཐའ་ནི་ཐབས་དང་ཤེས་རབ་ཀྱི་
རྣམ་པར་དག་པའོ། །སྤྱོད་པའི་དངོས་གྲུབ་ཀྱང་རྒྱུ་དང་འབྲས་བུར་གྱུར་པ་ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པའོ། །རྡོ་རྗེའི་བུ་མོ་ལ་སོགས་པ་ཡང་གཉིས་སུ་མེད་པར་རྣམ་པར་དག་པའོ། །གླུ་དང་གར་གྱི་རྣམ་པར་དག་པ་ཡང་ད་ནི་བསྟན་པར་བྱ་སྟེ། གླུ་ནི་རྣམ་དག་སྔགས་
เล่ม ๕ · หน้า 63a
སུ་གནས། །ཞེས་པ་ནི་སྒྲ་ཉིད་སྔགས་ཀྱི་རང་བཞིན་ནོ། །ཡང་ན་ཡེ་ཤེས་ཀྱི་རང་བཞིན་ཉིད་ནཱ་ད་ཡིན་ཏེ། འདིས་ནི་གལ་ཏེ་གླུ་ལེན་པར་བྱེད་ན་དེ་ཚེ་རྡོ་རྗེ་མཆོག་དང་ལྡན་ནོ་ཞེས་པ་དེའི་རྣམ་པར་དག་པ་བསྟན་ཏོ། །གར་ནི་བསྒོམ་པར་བྱ་བ་ཉིད། །ཅེས་པ་ནི་
གར་ནི་གཡོ་བ་སྟེ་སྣ་ཚོགས་པའི་གཟུགས་སུ་སྤྲོ་བ་གང་དེ་བསྒོམ་པ་བསམ་གཏན་དང་ལྷའི་རྣམ་པར་དཀྱིལ་འཁོར་བསྐྱོད་པའོ། །ཡང་ན་གར་ནི་སྤྲོ་བའོ། །དེའི་བསྒོམ་པ་ནི་སྙོམས་པར་འཇུག་པར་བསྡུ་བ་སྟེ་སྤྲོ་བ་དང་བསྡུ་བར་དབྱེར་མེད་པ་འདི་ཉིད་ཡིན་ནོ། །འདིས་ནི་གལ་ཏེ་དགའ་
བ་སྐྱེས་པ་ན་ཐར་པའི་རྒྱུས་ནི་གར་བྱའོ། །དེ་ཚེ་རྡོ་རྗེ་རྐང་པས་གར་བྱ་ཞེས་བྱ་བ་འདིའི་རྣམ་པར་དག་པའོ། །དེའི་ཕྱིར་ན་གླུ་དང་གར། ཡོ་གི་རྟག་ཏུ་བྱེད་ཅེས་པ་ནི་རྒྱུ་དེའི་ཕྱིར་ན་གླུ་ནི་སྔགས་སོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་གར་རོ། །བསྒོམ་པ་དམ་ཚིག་གི་དཀྱིལ་འཁོར་རོ། །
གཉི་ག་ཡང་གཉི་གའི་བདག་ཉིད་དོ། །བྱེད་པ་ནི་རྫོགས་པའོ། །དེ་བས་ན། ཡོ་གི་རྟག་པར་རྒྱུན་དུ་བྱེད། །ཅེས་པ་ནི་རྒྱུན་མ་ཆད་པ་ཉིད་ཀྱིས་ཡིན་ནོ། །ཡང་ན་གླུ་ནི་གསུང་རྡོ་རྗེའོ། །གར་སྐུ་རྡོ་རྗེའོ། །གཉི་ག་ཡང་རྣལ་འབྱོར་པ་རྣལ་འབྱོར་གྱི་བདག་ཉིད་དབྱེར་མེད་པར་རྟོགས་
པས་རྣམ་པར་གནས་སོ། །གཉི་ག་ཡང་སེམས་ལ་རག་ལས་པ་ཡིན་པའི་ཕྱིར། རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་དོ། །དེ་ཉིད་རྟག་པར་རྒྱུན་མི་འཆད་པ་ཉིད་ཀྱིས་རྡོ་རྗེ་གསུམ་དབྱེར་མེད་པའི་རྣལ་འབྱོར་བའོ། །དེ་ཡིས་སྐུ་གསུང་ཐུགས་ཇི་སྲིད་དུ་བྱེད་པ་དེ་སྲིད་དུ་བྱེད་དེ་ཁོ་ན་ཉིད་དུ་
འཇུག་པ་ཡིན་ནོ། །འདི་ནི་ཀུན་དུ་བཟང་པོའི་སྤྱོད་པ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་ཡིན་ནོ། །བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཞེས་གང་གསུངས་པ་དེའི་འབྲས་བུ་གསུངས་པ། སྨན་ནི་རྣམ་པར་བཟའ་བ་སྟེ། །ཆུ་ནི་རྣམ་པར་བཏུང་བ་ཉིད། །རྒ་ཤིས་ཟིལ་གྱིས་མི་ནོན་ཅིང་། །རྟག་ཏུ་
སྲུང་བར་འགྱུར་བ་ཡིན། སྨན་ནི་བདུད་རྩི་ལྔ་པོ་དེ་བཟའ་བར་བྱ་བའོ། །ཆུ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་བཏུང་བར་བྱ་བའོ། །དེ་ལྟར་དམ་ཚིག་གཉི་ག་ཡང་འདི་ཉིད་ཀྱིས་བསྐྱང་བར་བྱའོ། །དེ་ནས་རྒས་པ་ནི་འཁོགས་པའོ། །འཆི་བ་ནི་འཆི་བའོ། །འདི་གཉིས་ཀྱིས་ཟིལ་གྱིས་མི་
เล่ม ๕ · หน้า 63b
ནོན་པ་ནི་ན་ཚ་འབྱུང་བར་མི་འགྱུར་རོ། །གང་ལས་ཤེ་ན། གང་ལས་རྟག་ཏུ་སྲུང་བར་འགྱུར་བ་ཡིན་པའོ། །ཡང་ན། སྨན་ནི་རྣམ་པར་བཟའ་བ་སྟེ། །ཞེས་པ་ནི། རང་བཞིན་མེད་པར་བྱས་པ་བདུད་རྩི་ལྔ་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའོ། །འདིའི་ཕྱིར་ན་བཏུང་བའི་ཆུ་བྱང་ཆུབ་
ཀྱི་སེམས་སོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་བསྲུང་བར་བྱའོ། །རྟག་ཏུ་ནི་རྟག་པར་རྒྱུན་མ་ཆད་པ་ཉིད་ཀྱིས་སོ། །དེ་ནས་རྒ་ཤིས་ཟིལ་གྱིས་མི་ནོན་ཅིང་ནི་རྒས་པ་དང་འཆི་བ་ཞེས་བྱ་བ་འདི་རྟོག་པར་གནས་པ་སྟེ། ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་
ཉིད་དེ་ནི་ནད་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་གནོད་པ་གཉི་ག་ཡང་རྣམ་པ་ཐམས་ཅད་ཉིད་དུ་མེད་དོ། །དེ་ཉིད་རྒས་པ་དང་འཆི་བ་དེའི་བསྲུང་བར་གྱུར་པ་རྟག་པར་རྒྱུན་མི་འཆད་པར་འགྱུར་རོ། །ཡང་ན། སྨན་ནི་རྣམ་པར་བཟའ་བ་སྟེ། །ཞེས་པ་ནི་བསྟན་ཟིན་པའི་དོན་ཉིད་དོ། །དེའི་
ཕྱིར་བཏུང་བར་བྱ་བ་ནི་བཱ་རི་སྟེ། བཱ་རྣམ་པར་རྟོག་པའོ། །རི་ནི་རྟག་པ་སྟེ་དགྲའི་རང་བཞིན་ཡང་རྟག་པའོ། །སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ་ཞེས་མདོར་བསྟན་པའི་དོན་རྒྱས་པར་འཆད་དེ། རྐུན་མའི་སྐྲ་ལ་ཅོད་པན་བྱས། །ཞེས་པ་ལ་རྐུན་མའི་སྐྲ་ནི་དཔྱངས་པའི་
རོའི་སྐྲ་དེས་ཅོད་པན་བྱའོ། །དེ་ལ་ཧཱུཾ་བྱུང་སྦྱར་བར་བྱ། །ཞེས་པ་ནི་ཧཱུཾ་ལས་བྱུང་བ་མི་བསྐྱོད་པ་དེ་དེར་ལྡན་པར་འགྱུར་རོ། །ཡང་ན་རྐུན་མའི་སྒྲས་རྐུན་མ་རྣམས་ཀྱི་དངོས་པོ་ནི་རྐུན་མ་སྟེ། ཇི་ལྟར་རྐུན་མ་རྐུ་བ་ཉིད་ཀྱིས་དེ་རྣམས་ཀྱི་རྐུ་བར་བྱེད་པ་འབྱུང་བ་ཡིན་ནོ། །དེ་བཞིན་དུ་
དབང་པོ་དང་ཡུལ་དག་ཀྱང་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་འཇུག་པས་ན་ཡང་དག་པའི་ཡེ་ཤེས་འདི་རྣམས་བརྐུས་ནས་ཡོད་པ་ཡིན་ནོ། །རྐུན་མའི་སྒྲས་ཡུལ་དང་དབང་པོ་རྣམས་སོ། །སྐྲ་ནི་སེམས་སོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདི་རྣམས་
ཀྱིས་བྱས་པ་ནི་རྫོགས་པའོ། །ཅོད་པན་ནི་མཱ་མ་ཀཱི་མི་བསྐྱོད་པའོ། །དེའི་བརྩེགས་མ་ནི་ཆོས་འབྱུང་དེ་གཞིར་གྱུར་པའི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དེས་སོ། །དེ་ལ་ཧཱུཾ་བྱུང་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་རྡོ་རྗེ་འཛིན་པ་སྦྱར་ཏེ། འབྱུང་བ་འདུས་པ་ལས་དེ་བཞིན་
เล่ม ๕ · หน้า 64a
གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་སྐྱེད་པ་ཡིན་ནོ། །དེ་བས་ན་དེ་ཉིད་ལ་ཅོད་པན་ནོ། །སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །ཞེས་པ་ནི། དེ་བཞིན་གཤེགས་པ་ལྔ་རྣམས་རྣམ་པར་དག་པའི་ཐོད་པ་ལྔའོ། །ཡང་ན་དེ་ཉིད་ཧཱུཾ་བྱུང་སྟེ་སངས་རྒྱས་ལྔའི་ཐོད་
པ་རྣམས་ནི་ལྔ་ནི་རྒྱས་པར་ཏེ། སངས་རྒྱས་པ་དེ་རྣམས་ཀྱི་རིགས་མཐའ་ཡས་པའི་ཕྱིར་དེ་ཉིད་ཐོད་པ་རྣམས་སོ། །ཀ་བདེ་བའི་ཡེ་ཤེས་སྐྱོང་བར་བྱེད་པས་ན་ཡང་དག་པའི་ཡེ་ཤེས་སངས་རྒྱས་ལྔའི་ཐོད་པ་རྣམས་མཐའ་ཡས་མུ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཧཱུཾ་བྱུང་
ལ་ནི་རྣམ་པར་དབྱེ་བ་མེད་དོ། །གཅིག་དང་དུ་མར་གྱུར་པ་དབྱེར་མེད་པ་དེས་ངེས་པར་གཟུང་བ་མེད་པའི་རང་བཞིན་གྱི་ཕྱིར་རོ། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། ཐོད་པ་སོར་ལྔ་པའི་ཆར་བྱས་པས་ཅོད་པན་ཞེས་པ་ལ། དེ་ལ་ཐོད་པའི་དུམ་བུ་རྡོ་རྗེ་ཐོད་པའི་ཕྱག་རྒྱ་སྦྱིན་
པར་བྱ་སྟེ། དེ་ལས་ཧཱུཾ་བྱུང་སྦྱར་བར་བྱ། །ཞེས་བྱ་བའི་ཚིག་གིས་སོ། །ཡང་ན་འཛིན་པར་བྱེད་ནི་མི་གཡོ་བར་བྱ་བའོ། །དེ་ཅི་ཞེ་ན། ཐོད་པ་སོར་ལྔ་པ་ཡི་ཆར། །ཞེས་པའོ། །ལྔ་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་སོ། །དེ་རྣམས་ཀྱིའང་སོར་མོ་ནི།
ཨཱཾ་མཁའ་སྤྱོད་མ་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་བཅོ་ལྔ་ཡོངས་སུ་བཅད་པ་ཅན་ནོ། །དེ་རྣམས་བསྐོར་ཞིང་དཀྲིས་པར་གྱུར་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་རང་བཞིན་གྱིས་གནས་པས་སོར་མོ་ལྔ་རྣམས་དཀྱིལ་འཁོར་གཉིས་དབྱེར་མེད་མེའི་དཀྱིལ་
འཁོར་རོ། །དེ་ཉིད་ཐོད་པ་ཡིན་ཏེ་ཡང་དག་པའི་ཡེ་ཤེས་སོ། །དེས་ཆར་ནི་ཡོངས་སུ་བཅད་པ་ལ་ཐུག་པ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ཐོད་པ་སོར་ལྔ་པའི་དུམ་བུ་བྱས་ནས་རྫོགས་པར་བྱའོ། །གང་དུ་ཞེ་ན་ཅོད་པན་ནོ། །ཆོས་འབྱུང་ཁྱབ་པར་བྱ་བ་དང་ཁྱད་པར་བྱེད་པའི་ཚུལ་
གྱིས་དབྱེར་མེད་པ་ཉིད་རྡོ་རྗེ་འཛིན་པ་ཡིན་པ་ནི་ཚིག་གི་ལྷག་མའོ། །གཞན་ཡང་རྣལ་འབྱོར་པ་དེས་བཅད་པར་བྱ་བ་ནི། སྐྲ་ཡི་སྐེ་རགས་ཉིས་སྐོར་ཉིད། །ཅེས་པ་སྟེ་ཉིས་སྐོར་རོ། །གང་ལས་ཤེ་ན། དེའི་དོན་གསུངས་པ། །ཐབས་དང་ཤེས་རབ་རང་བཞིན་ལས་སོ། །ཡང་ན་
เล่ม ๕ · หน้า 64b
སྐྲའི་སྒྲ་ནི་སྐྲའི་རྣམ་གྲངས་ཏེ། དེ་ལ་སྐྲ་ནི་བྱང་ཆུབ་ཀྱི་སེམས་སོ། །སྐེ་རགས་ནི་ཨ་བ་དྷཱུ་ཏཱི་བདག་མེད་མ་ཕན་ཚུན་དུ་འབྲེལ་བའི་ཕྱིར་སྐོར་གཉིས་སོ། །ཡང་ན་ཨ་བ་དྷཱུ་ཏཱི་དང་འབྲེལ་བ་ཉིད་བྱང་ཆུབ་ཀྱི་སེམས་སོ། །སྐེ་རགས་ནི་ཨ་བ་དྷཱུ་ཏཱི་བདག་མེད་མ་ཕན་ཚུན་དུ་འབྲེལ་བའི་
ཕྱིར་སྐོར་གཉིས་སོ། །ཡང་ན་ཨ་བ་དྷཱུ་ཏཱི་དང་འབྲེལ་བ་ཉིད་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་སྐྲའི་སྐེ་རགས་ཡིན་ལ། ཐབས་དང་ཤེས་རབ་རང་བཞིན་གྱིས་ཉིས་སྐོར་རོ། །གཉི་ག་བསྐོར་བ་ཉིད་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་གཉིས་དབྱེར་མེད་པ་ཉིད་དོ། །འཛིན་པ་ནི་གཡོ་བ་མེད་པར་
བྱས་པའོ། །གཞན་ཡང་ཕྱག་རྒྱའི་རྒྱན་རྣམ་པར་དག་པ་གསུངས་པ། ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །རྣལ་འབྱོར་པ་ཡི་སྤྱོད་པས་འཛིན། །ཞེས་པ་སྨོས་སོ། །ཐལ་བ་ནི་རོ་འདུས་བྱས་པའི་ཐལ་བའམ། ཡང་ན་རོ་འདུས་པའི་རུས་པའི་ཕྱེ་མའོ། །སྐྲའི་མཆོད་
ཕྱིར་ཐོགས་ཞེས་པ་ནི། རྐུན་མ་དཔྱངས་སྐྲ་ལས་བྱས་པའི་རྣལ་འབྱོར་པའི་མཆོད་ཕྱིར་ཐོགས་སོ། །སྤྱོད་པས་འཛིན་ནི་འཁྱམས་པས་སོ། །ཡང་ན་ཐལ་བའི་སྒྲས་རུས་པ་ཡིན་པའི་ཕྱིར་བདག་མེད་མའོ། །སྐྲའི་སྒྲས་རྡོ་རྗེ་འཛིན་པ་སྟེ་ཐལ་བ་དང་སྐྲ་དག་གོ། །མཆོད་ཕྱིར་
ཐོགས་ནི་དྲི་མ་མེད་པར་བྱས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ཉིད་རྣལ་འབྱོར་པ་སྟེ་རྣལ་འབྱོར་དང་ལྡན་པས་སོ། །འཛིན་པ་ནི་གཡོ་བ་མེད་པར་འགྱུར་བའོ། །སྤྱོད་པ་ནི་འཁྱམ་པའི་བྱ་བའོ། །ཁ་ཊྭཱཾ་ག་གཟུགས་ཤེས་རབ་ཏེ། །ཞེས་གསུངས་
པ་དང་། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་ཉིད། །ཅེས་པའི་རྣམ་པར་དག་པ་ལུགས་ལས་བཟློག་པས་གསུངས་པ། ཅང་ཏེའུའི་སྒྲས་ནི་བཟླས་པ་སྟེ། ཁ་ཊྭཱཾ་ག་བསྒོམ་ཤེས་རབ་ཉིད། །ཅེས་པའི་དོན་ནི་གསལ་བ་ཉིད་དོ། །ཡང་ན་ཅང་ཏེའུའི་སྒྲས་ཨཱ་ལི་ཀཱ་ལིའི་ནཱ་དའི་བདག་ཉིད་
གཞོམ་དུ་མེད་པའི་རྡོ་རྗེ་འཛིན་པའོ། །དེ་ཡང་བཟླས་པ་ནི་རྒྱུན་མི་འཆད་པར་བཟླས་པའི་རང་བཞིན་ཡིན་པས་བར་མ་ཆད་པའི་རང་བཞིན་དམ་ཚིག་གི་དཀྱིལ་འཁོར་རོ། །ཁ་ཊྭཱཾ་ག་བསྒོམ་ཤེས་རབ་ཉིད། །ཅེས་པ་ནི་མཆོག་ཏུ་བྱུང་བའི་ཡེ་ཤེས་ནི་ཤེས་རབ་པོ། །ཅི་ཞེ་ན། ཁ་ཊྭཱཾ་ག་
เล่ม ๕ · หน้า 65a
བསྒོམ་པའོ། །ཁ་ཊྭཱཾ་གའི་སྒྲས་མཁའ་འགྲོ་མ་བཅོ་ལྔ་མཁའ་སྤྱོད་མ་ལ་མཐར་ཐུག་གོ། །དེ་རྣམས་ཀྱི་བསྒོམ་པ་ཞེས་པ་ནི་སྙོམས་པར་འཇུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །འདི་གཉི་ག་ཡང་། འདི་དག་བཟླས་དང་བསྒོམ་པ་ཡིན། །ཇི་ལྟར་ཞེ་ན།
རྡོ་རྗེ་ཐོད་པའི་སྤྱོད་པ་ཡིས། །ཞེས་པ་སྟེ་དེ་ཁོ་ན་ཉིད་དུ་འཁྱམས་པས་སོ། །ཡང་ན་བཟླས་དང་བསྒོམ་པ་ཞེས་པ་ལ་བཟླས་པ་ནི་རྟག་ཏུ་འབྱུང་བའི་བདག་ཉིད་ཀྱི་དམ་ཚིག་གི་དཀྱིལ་འཁོར་ཅན་གྱི་བདག་ཉིད་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །བསྒོམ་པ་ནི་དམ་ཚིག་གི་དཀྱིལ་འཁོར་
དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱེར་མེད་པ་ཡིན་པར་སྙོམས་པར་འཇུག་པར་བྱེད་པའོ། །ཡང་ན་བཟླས་དང་བསྒོམ་པ་ཡིན། །ཞེས་པས་ནི་བསྒོམ་བྱ་ནི་གཉིས་སུ་མེད་པ་རྟོགས་པས་བསྒོམ་པར་བྱ་བའོ། །དེ་ཡང་བཟླས་པ་ཡིན་ཏེ། རྒྱུན་མི་འཆད་པར་འཇུག་ཅིང་རྟག་ཏུ་འབྱུང་
བའི་རང་བཞིན་ཡིན་པས་སོ། །འདི་ཉིད་ཇི་ལྟར་ཡིན་པ་གསུངས་པ། རྡོ་རྗེ་ཐོད་པའི་སྤྱོད་པ་ཡིས། །ཞེས་པ་སྨོས་ཏེ། རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །ཐོད་པ་ནི་ཐོད་པ་དང་འདྲ་བ་སྟེ་ཤེས་རབ་བདག་མེད་མ་རྡོ་རྗེ་ཐོད་པ་ཐབས་དང་ཤེས་རབ་དབྱེར་མེད་པའོ། །རང་བཞིན་འདིས་སྤྱོད་པ་
ནི་འཁྱམས་པ་ཡིན་ནོ། །བརྐམ་དང་རྨོངས་དང་འཇིགས་དང་ཁྲོ། །ངོ་ཚའི་བྱ་བ་རྣམ་པར་སྤངས། །ཞེས་པ་ལ་འདོད་ཆགས་དང་གཏི་མུག་ལ་སོགས་པའི་སྒྲིབ་པའི་རྒྱུ་རྣམས་རྣམ་པར་སྤང་བར་བྱའོ། །ཡང་ན་བརྐམ་པའི་སྒྲ་ནི་འོད་དཔག་ཏུ་མེད་པའོ། །གཏི་མུག་རྣམ་
པར་སྣང་མཛད་དོ། །འཇིགས་དང་རིན་ཆེན་འབྱུང་ལྡན་ནོ། །ཁྲོ་བ་མི་བསྐྱོད་པའོ། །ངོ་ཚ་དོན་ཡོད་གྲུབ་པ་སྟེ་འདི་ལྟ་བུའི་རང་བཞིན་ནོ། །བྱ་བ་ནི་ཡོངས་སུ་གཅོད་པའོ། །དེ་ནས་སྤང་བ་ནི་ཡེ་ཤེས་ལྔ་ཉིད་དོ། །འདི་རྣམས་ཀྱི་རྣམ་པར་དག་པ་འདིས་སྤངས་པར་གྱུར་པ་ནི་
སྤངས་པའོ། །དེ་བས་ན། བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱད་པར་བྱ། །ཞེས་པ་ལ་གཉིད་ཅེས་པ་ནི་གཉིད་བསྡུས་པ་ཡུལ་དང་དབང་པོ་འདོད་པའི་བྱ་བ་ཉིད་ཀྱིས། བདག་མེད་མ་དེའི་རྣམ་པར་དག་པས་དེ་ཡོངས་སུ་སྤངས་པའི་ཕྱིར་ཤིན་ཏུ་རྣམ་པར་
เล่ม ๕ · หน้า 65b
དག་པ་རྟོགས་པའོ། །དེ་ཉིད་བདག་ལས་བྱུང་བའི་ཕྱིར་བདག་ཏུ་ལྟ་བ་ཆད་ནས་གང་ཟག་གི་བདག་མེད་པ་དོན་དུ་བྱས་ནས། སྤྲོ་བ་མེད་པའི་སྤྱོད་པ་བྱ། །ཞེས་དགོངས་པའོ། །ལུས་ཀྱི་སྦྱིན་ནས་ནི། ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་པ་ལ། དང་པོ་བདག་ལས་བྱུང་བའི་
གང་ཟག་གི་བདག་མེད་མ་མངོན་དུ་བྱས་ནས་ཆོས་ཀྱི་བདག་མེད་པ་ཡང་མངོན་དུ་བྱ་བར་འདོད་པས་ཕྱི་ནས་ཞེས་པའོ། །དེའི་རྗེས་སུ་ལུས་ནི་ཞེས་པ་ནི་ཆོས་ཐམས་ཅད་དོ། །དེ་སྦྱིན་པ་ནི་རྣམ་པར་བྱང་བ་རྣམ་པར་དག་པའོ། །སྦྱིན་ནས་ཞེས་པ་ནི་གཏོང་བ་རྣམ་པར་དག་པ་སྟེ་དེ་
རྣམས་ཀྱི་མངོན་པར་ཞེན་པ་ཡང་སྤངས་ནས། གང་སྤྱོད་པ་དེ་ཡང་དག་པར་བརྩམ་ཞིང་འདི་ཉིད་ཡང་དག་པར་བསྒྲུབས་ཏེ། སེམས་ཅན་ཐམས་ཅད་ལ་བདག་ཉིད་དབུལ་བར་བགྱིའོ་ཞེས་སེམས་འདི་ལྟར་བསྐྱེད་དོ། །དེའི་རྗེས་སུ་སེམས་ཅན་ཐམས་ཅད་ལ་སེམས་ཅན་ཐམས་
ཅད་ཀྱི་ཕྱིར་ལུས་བྱིན་ནས་སྤྱོད་པ་འཁྱམ་པ་བརྩམ་སྟེ་ཡང་དག་པར་བརྩམ་པར་བྱའོ། །སྐལ་དང་སྐལ་མིན་རྣམ་དཔྱད་ནས། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །ཞེས་པ་ལ། སྐལ་བ་ནི་བྱ་བར་འགྱུར་བའོ། །སྐལ་མེད་རྣམ་དཔྱད་ནས་ནི་སེམས་ཅན་ཐམས་ཅད་མཐའ་ཡས་མུ་མེད་པ་
གངྒཱའི་གླུང་གི་བྱེ་མ་སྙེད་དེ་རྣམས་ལ་ལུས་སྦྱིན་པར་གཏོང་བ་ན་ལུས་ཀྱི་ཆ་ཤས་ཀྱི་བྱ་བ་བྱས་པར་གྱུར་ན། སྐལ་པ་མེད་དེ་འདི་ནི་ཆུང་བའི་ཕྱིར་སྐལ་བ་མི་རྙེད་པ་ཡིན་པས་སྐལ་བ་མེད་པར་དཔྱད་པར་བྱའོ། །རྒྱུ་དེས་ན་སྦྱིན་པ་སྦྱིན་ན་གཏང་བར་མི་བྱ་བའི་རྒྱུ་དེའི་ཕྱིར་ན་སྦྱིན་པ་རྒྱུ་
གང་གི་ཕྱིར་སྦྱིན་པར་མི་བྱ་སྟེ་མི་གཏོང་བའོ། །རྡུལ་ཕྲ་རབ་བསགས་པ་དཔྱད་པས་མི་བཟོད་པའི་ཕྱིར་རང་བཞིན་གྱིས་བཏང་བ་ཡིན། ཡང་ན། བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པར་བྱ། །ཞེས་པ་ལ། བདག་ཉིད་ཅེས་པ་ནི་རྣམ་པར་ཤེས་
པ་ལས་ཤིན་ཏུ་འདས་པའི་ཕྱིར་རྡོ་རྗེ་འཛིན་པ་སྟེ། བདག་ཉིད་སྤངས་ནས་སོ། །སྤྱོད་པ་ནི་འཁྱམ་པའོ། །ཐེ་ཚོམ་མེད་པས་ཐམས་ཅད་དུ་དོགས་པ་མེད་པ་དེས་བསྐྱེད་པར་བྱ་བ་ཡིན་ནོ། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་པ་ལ་ལུས་
เล่ม ๕ · หน้า 66a
ཀྱི་སྒྲས་ལུས་བརྗོད་དོ། །དེའི་སྦྱིན་པ་ནི་ཡོངས་སུ་གཏོང་བས་དེའི་མངོན་པར་ཞེན་པ་སྤངས་པའོ། །དེ་སྦྱིན་པ་ནི་དེ་ཡང་སྤངས་པའོ། །འདིས་ནི་མངོན་པར་ཞེན་པའི་ཡོངས་སུ་སྤངས་པ་ཡང་མངོན་པར་ཞེན་པ་ཉིད་དེ། དེའི་མངོན་པར་ཞེན་པ་དེ་ཡང་མེད་
པ་ཡིན། སྤྱོད་པ་ནི་འཁྱམ་པའོ། །སྤྱད་པ་ནི་ཡང་དག་པར་སྒྲུབ་པ་ལ་སྙོམས་པར་ཞུགས་ཏེ་མཐར་ཐུག་ཐོབ་པ་ཡིན་ནོ། །སྐལ་དང་སྐལ་མེད་རྣམ་དཔྱད་ནས། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །ཞེས་པ་ལ་སྐལ་བ་ནི་ཆ་ཤས་ཞེས་པའི་ཐ་ཚིག་གོ། །དེ་ཡང་ཐབས་ཀཱ་ལིའི་ཚུལ་
གྱིས་ནཱ་དའི་ཕྲེང་བའི་ཆ་མེད་པའི་ཆ་ཡིན་ནོ། །སྐལ་མེད་ནི་ཆ་མེད་པ་སྟེ་ཨཱ་ལིའི་ཚུལ་གྱིས་ནཱ་དའི་ཕྲེང་བ་ཡིན་ནོ། །ཡང་ན་སྐལ་བ་ནི་ཆ་ཤས་ཡན་ལག་གི་རང་བཞིན་སྐྱེ་བའི་རང་བཞིན་དེས་བྱང་ཆུབ་ཀྱི་སེམས་ཟླ་བ་ཨཱ་ལིའི་ཕྲེང་བ་ཉིད་དོ། །སྐལ་མེད་ནི་ཆ་མེད་པ་བདག་མེད་པའི་
རང་བཞིན་ཉི་མ་ཀཱ་ལིའི་ཚུལ་གྱིས་ནཱ་དའི་ཕྲེང་བའོ། །དེ་ལྟར་སྐལ་དང་སྐལ་མེད་ཀྱི་སྒྲས་ནཱ་དའི་ཕྲེང་བ་གསུང་རྡོ་རྗེའོ། །དེའི་དཔྱད་པ་ནི་དཔྱད་པ་དང་བྲལ་བས་དཔྱད་པ་སྟེ། ཆ་མེད་པ་ཉིད་དེས་དཔྱད་པས་ཆ་མེད་པས་སྦྱིན་པ་ཡོངས་སུ་བཏང་ངོ་། །དེའི་ཕྱིར་ནི་རྒྱུ་དེའི་ཕྱིར་རོ། །སྦྱིན་
མི་བྱ་ནི་སྦྱིན་པར་མི་བྱའོ། །བཏང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཞེས་པའི་དོན་ཏོ། །འདིས་ནི་བདག་ལས་བྱུང་བའི་རྣམ་པར་ཤེས་པའི་འཛིན་པ་ལྡོག་གོ། །ལུས་ཀྱི་སྦྱིན་པས་ལུས་ཀྱི་མངོན་པར་ཞེན་པ་ཡང་ངོ་། །སྐལ་དང་སྐལ་མེད་རྣམ་དཔྱད་ནས། །ཞེས་པ་ནི། མཚན་མ་ལ་
ཆགས་པ་ཡང་ཆགས་པ་གསུམ་ལས་གྲོལ་བས་ཆགས་པ་ཐམས་ཅད་སྤངས་པའི་རང་བཞིན་ཉིད་རྡོ་རྗེ་འཛིན་པ་ཡིན་ནོ། །འདི་ཉིད་དེ་ཁོ་ན་ཉིད་དང་ལྡན་པའི་དཔྱོད་པའོ། །བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པ་དེ་བཞིན་བཟའ་བ་ནི་ཟན་དྲོན་ལ་སོགས་པའོ། །བཅའ་བ་ནི་
འབྲས་ཆན་ལ་སོགས་པའོ། །བཏུང་བ་ནི་འོ་མ་ལ་སོགས་པའོ། །དེ་ཐམས་ཅད་གང་ཇི་ལྟ་བ་བཞིན་གྱི་རྣམ་པས་བཟའ་བའམ་འགལ་བ་ཡང་རུང་བའོ། །རྙེད་པ་བཟའ་ནི་ཉེ་བར་ལོངས་སྤྱོད་པའོ། །དེ་བས་ན་ཞེན་པ་ཙམ་དུ་མི་བྱའོ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེས་པ་ལ་ཞེན་
เล่ม ๕ · หน้า 66b
པའི་མངོན་པར་ཞེན་པ་དེ་མི་བྱའོ། །ཇི་ལྟར་ཞེ་ན། ཡིད་འོང་ནི་འདོད་པའོ། །མི་འོང་བ་ནི་འདོད་པའོ། །རྣམ་པ་གཉི་ག་བརྟག་པ་ཉིད་རྣམ་པར་རྟོག་པའི་རྒྱུ་ཉིད་ཡིན་ནོ། །དེ་བས་ན། བཟའ་དང་བཅའ་མིན་དཔྱད་པ་དང་། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །བགྲོད་དང་བགྲོད་མིན་
སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་པའི་དོན་ནི་གསལ་བ་ཉིད་དོ། །ཡང་ན་བཟའ་བ་དང་བཟའ་བར་མི་བྱ་བ་ནི་ལུས་ཀྱི་མངོན་པར་ཞེན་པའོ། །བཅའ་བ་དང་བཅའ་བར་མི་བྱ་བ་ནི་ངག་གི་མངོན་པར་ཞེན་པའོ། །བཏུང་བར་བྱ་བ་དང་བཏུང་བར་བྱ་བ་མ་ཡིན་པ་ནི་སེམས་
ཀྱི་མངོན་པར་ཞེན་པའོ། །དེ་ལྟར་འདི་གསུམ་ཇི་ལྟར་རིམ་པ་གང་གིས་སོ། །རྙེད་པ་ནི་རྙེད་པའོ། །བཟའ་བ་ནི་མངོན་པར་ཞེན་པ་མེད་པའི་རང་བཞིན་དུ་གྱུར་པ་ཡིན་ནོ། །དེ་བས་ན་འདིར་རྡོ་རྗེ་གསུམ་དབྱེར་མེད་པའི་མངོན་པར་ཞེན་པ་རྣམས་ལའོ། །ཞེན་པ་ནི་མངོན་པར་ཞེན་པའོ། །
མི་བྱ་བ་ནི་བྱ་བའི་ཚུལ་གྱིས་བསྐྱེད་པར་བྱ་བ་མ་ཡིན་པའོ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར་ནི་ཡིད་འོང་མངོན་པར་ཞེན་པའོ། །མི་འོང་མངོན་པར་ཞེན་པ་མེད་པ་སྟེ་བྱ་བའི་སྒོ་ནས་མངོན་པར་ཞེན་པ་གང་ཡོངས་སུ་སྤངས་པར་གྱུར་པའོ། །དེ་ཡང་མངོན་པར་ཞེན་པ་ཉིད་ཀྱིས་རྣམ་
པར་རྟོག་པ་ཉིད་དེ། དེ་བས་ན་ཞེན་པར་མི་བྱའོ་ནི་མངོན་པར་ཞེན་པ་མེད་པ་ཡང་མི་བྱའོ། །དེ་ལྟར་ན་བཟའ་བ་དང་བཟའ་མིན་ཞེན་པ་ནི། བཟའ་ནི་ལུས་ཀྱི་མངོན་ཞེན་ནོ། །བཟའ་མིན་དེའི་མངོན་པར་ཞེན་པ་སྤངས་པའོ། །དེ་ལྟར་གཉི་ག་དཔྱད་པ་ཙམ་ཡང་དེ་ཁོ་ན་ཉིད་དང་ལྡན་
པའི་རྣལ་འབྱོར་པས་མི་བྱ་སྟེ། བྱ་བའི་སྒོ་ནས་བསྐྱེད་པར་མི་བྱའོ། །བཏུང་དང་བཏུང་མིན་ཞེན་པ་ནི། བཏུང་བ་ཆུའི་ཁམས་གསུང་རྡོ་རྗེ་དེ་ལ་མངོན་པར་ཞེན་པའོ། །བཏུང་མིན་ནི་མངོན་པར་ཞེན་པ་དེ་མེད་པའོ། །འདི་གཉི་ག་ཡང་བགྲོད་དང་བགྲོད་མིན་ཞེས་པ་ལ། བགྲོད་
པ་ནི་སེམས་ཀྱི་མངོན་པར་ཞེན་པའོ། །བགྲོད་མིན་ནི་མངོན་པར་ཞེན་པ་དེ་མེད་པའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་མངོན་པར་ཞེན་པ་དང་། ཡིད་ཀྱི་མངོན་པར་ཞེན་པ་དང་། རྣམ་པར་རྟོག་པ་འདི་གཉིས་ཀ་ཡང་མི་བྱ་སྟེ། བྱ་བའི་སྒོ་ནས་རྟོག་པའི་ཡུལ་དུ་མི་བྱའོ་ཞེས་པའི་དོན་ཏོ། །དེ་
เล่ม ๕ · หน้า 67a
ལྟར་གང་རྟོག་པ་ཐམས་ཅད་སྤངས་པ་ཉིད་ཀྱིས་དེའི་བྱ་བ་ཡང་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པས་བླ་མར་རྟོག་པ་དང་དེ་ལ་ཕྱག་འཚལ་བའི་རྟོག་པ་ཡང་ཀུན་དུ་ཡོད་པ་མ་ཡིན་པར་དོགས་པ་བསུས་ནས་གསུངས་པ། དངོས་གྲུབ་རྙེད་པའི་སློབ་མ་གང་།
ཡང་དག་ཡེ་ཤེས་སྣང་བའོ། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། གྲུབ་པས་བླ་མ་མངོན་ཕྱག་འཚལ། །ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། གཞན་ལྟ་ཞོག་གི་སྤྱོད་པའི་བྱ་བ་ལ་ཞུགས་པ་རྣམ་པར་མི་རྟོག་པས་སྦྱངས་པས། བདེ་བར་དངོས་གྲུབ་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་
ལྟ་བུར་གྱུར་པའི་སློབ་མ་དེ་ཡང་བླ་མ་སྟོན་པ་ལ་ཕྱག་འཚལ་ཏེ། རྣམ་པ་ཐམས་ཅད་ཀྱིས་འདུད་དེ་བྱ་བ་བྱེད་དོ། །ཅིའི་ཕྱིར་ཞེ་ན། མནར་མེད་སྤང་བའི་རྒྱུའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡང་མནར་མེད་པའི་དམྱལ་བ་ཆེན་པོར་ལྟུང་བའི་དོན་ཏོ། །ཡང་ན་དངོས་གྲུབ་རྙེད་པ་ནི། དེ་ཕྱག་
རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡང་ངོ་། །བདག་དང་བདག་གིར་འཛིན་པ་ལ་སོགས་པ་སྣ་ཚོགས་པའི་རྟོག་པ་ལས་རྣམ་པར་གྲོལ་བར་གྱུར་པས་ཉིད་བདག་མེད་པའི་རང་བཞིན་དེ་ལྟ་བུར་གྱུར་པའི་སློབ་མས་རྣལ་འབྱོར་པས་ཀྱང་ངོ་། །མངོན་ཕྱག་འཚལ་ནི་བླ་མ་ལ་མངོན་པར་བཏུད་
པ་སྟེ། མཆོད་པའི་རང་བཞིན་གྱིས་བལྟ་བར་བྱའོ། །བླ་མ་ཞེས་པ་ནི་རྡོ་རྗེ་འཛིན་ནོ། །འདིས་ནི་བླ་མ་ཉིད་རྡོ་རྗེ་འཛིན་པ་སྟེ་རང་ཉིད་བདག་མེད་མའོ། །དེ་བས་ན་གཉི་ག་དབྱེར་མེད་པ་རྟོགས་པའི་ཕྱིར་རོ། །དངོས་གྲུབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཡང་དག་ཡེ་ཤེས་སྣང་བའོ། །
ཞེས་པ་ནི་ཡང་དག་པའི་ཡེ་ཤེས་སྤྲོ་བའི་རང་བཞིན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མནར་མེད་སྤང་བའི་རྒྱུའི་ཕྱིར་ཏེ། མནར་མེད་པའི་རྦ་རླབས་མེད་པ་ཡིན་པས་མནར་མེད་པ་ནི་བདག་མེད་མའོ། །དེའི་སྤང་བ་ནི་ཡོངས་སུ་སྤངས་པ་སྟེ་རྒྱུ་དེས་ནི་རྒྱུ་དེས་ནའོ། །འདིས་ཅི་བསྟན་ཅེ་ན་དངོས་གྲུབ་རྙེད་པའི་སློབ་མ་ཞེས་པ་
ནི་བདག་མེད་མའོ། །གཅིག་ཏུ་ངེས་པའི་སྟོང་པའི་གསོབ་སླར་ཕུག་ནས། རྟོག་པར་གནས་པར་གྱུར་པ་དེའི་ཚེ་འདིའི་རང་བཞིན་གྱི་དོན་དམན་པར་འགྱུར་རོ། །དེ་བས་ན་སྟོན་པ་རྡོ་རྗེ་འཆང་གི་རང་བཞིན་དམིགས་པས་དེའི་ཚེ་དེ་ལས་གཞན་ཅི་ཡང་མེད་པ་ཡིན་ནོ། །དེ་དབྱེར་མེད་
เล่ม ๕ · หน้า 67b
པར་ཡོངས་སུ་ཤེས་པ་ལས་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་གཉི་ག་དབྱེར་མེད་པ་ཉིད་ཀྱིས་ཡིད་དག་པའི་ཡེ་ཤེས་སྣང་བའོ་ནི། འགྲོ་བའི་དོན་བྱེད་པར་ནུས་པའི་དངོས་གྲུབ་ཐམས་ཅད་མཁྱེན་པ་འབྱུང་ངོ་། །མནར་མེད་སྤང་བའི་རྒྱུ་ཡི་ཕྱིར། །ཞེས་པ་ནི། མེད་ནི་བདག་མེད་
མའོ། །མནར་བ་ནི་སྤྲོ་བའི་ཚུལ་དེས་བླ་མ་རྡོ་རྗེ་འཛིན་ནའོ། །གཉི་ག་ཡང་དབྱེར་མེད་པས་མནར་མེད་པ་ཞེས་གཅིག་གི་ཚིག་སྟེ། དེ་དབྱེར་མེད་པར་རྟོགས་པ་ཡང་དེའི་རྟོག་པ་ཡིན་ཏེ། དེ་རྒྱུ་སྤང་བའི་རྒྱུས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་རྣམ་པ་
ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་འདི་ནི་འཐོབ་བོ། །བདག་ཉིད་བདག་མེད་མ་བླ་མ་རྡོ་རྗེ་འཛིན་གཉི་ག་དབྱེར་མེད་པ་ཉིད་དངོས་གྲུབ་ཡིན་གྱི་གཞན་ནི་མ་ཡིན་ནོ། །སྤྱོད་པའི་རྣལ་འབྱོར་པས་དངོས་གྲུབ་ཏུ་ཡང་ཤེས་པར་བྱའོ། །འདི་ཉིད་དངོས་གྲུབ་གྲུབ་པ་ཡང་འདི་ཁོ་
ན་ཉིད་ཡིན་ནོ། །བླ་མའི་ཕྱག་བཙལ་བ་མ་གཏོགས་པ་དགོས་པ་གཞན་དེ་ཁོ་ན་ཉིད་དང་ལྡན་པ་དེ་ལ་ཡོད་པ་མ་ཡིན་པར་གསུངས་པ། བསླབ་དང་ཆ་བྱད་རྣམ་པར་གྲོལ། །ངོ་ཚའི་བྱ་བ་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་གྱི། །ཡོ་གིས་རྣམ་དཔྱད་སྙིང་རྗེ་ཆེ། །ཞེས་པ་ལ། བསླབ་
པ་ཞེས་པ་ནི་མི་དགེ་བ་ལ་སོགས་པ་ཡོངས་སུ་སྤང་བའོ། །ཆ་བྱད་ནི་སྐྲ་བྲེགས་པ་ལ་སོགས་པའི་བརྟུལ་ཞུགས་སོ། །དེ་ལས་རྣམ་པར་གྲོལ་ནི་ཡོངས་སུ་བཏང་བའོ། །ངོ་ཚའི་བྱ་བ་རྣམ་པར་སྤངས་ནི་ངོ་ཚ་བ་ཡང་ཡིན་ལ་བྱ་བ་ཡང་ཡིན་པས་ངོ་ཚའི་བྱ་བ་སྟེ། དེ་སྤངས་ཤིང་ངོ་ཚའི་བྱ་བ་
དང་དཔྱད་པ་ལས་ཕྱི་རོལ་དུ་གྱུར་པ་ཞེས་པའི་དོན་ཏོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས་ནི་རྒྱུ་གང་གི་ཕྱིར་རོ། །རྣམ་དཔྱད་ནི་རྣམ་པར་འཁྱམས་པའོ། །དེ་བས་ན་རྣལ་འབྱོར་པའོ། །འོ་ན་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར། བསླབ་པ་ལ་སོགས་པ་ཡང་སྤངས་པ་ཡིན་
པ་འདིས་དེ་མི་དགེ་བ་ལ་སོགས་པ་ཡང་བྱ་བ་ཡིན་སྙམ་པའི་དོགས་པ་བསུ་ནས་གསུངས་པ། སྙིང་རྗེ་ཆེ་ཞེས་པ་སྨོས་ཏེ། གང་གི་སྙིང་རྗེ་ཆེན་པོ་འདི་ནི་སྙིང་རྗེ་ཆེན་པོ་སྟེ། འགྲོ་བའི་སྤྱོད་པས་འཇུག་པའི་ཕྱིར་མི་དགེ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་འདི་ཉིད་ཀྱི་བློ་མི་འཇུག་པ་
เล่ม ๕ · หน้า 68a
ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་ཇི་སྲིད་དུ་མྱ་ངན་ལས་འདས་པར་འཛིན་པ་ཡང་ཉེ་བར་ཞི་བར་འགྱུར་བ་ཡིན་ནོ་ཞེས་གསུངས་སོ། །ཡང་ན་བསླབ་དང་ཞེས་པ་ནི་
རིག་མ་བདག་མེད་མའོ། །དེ་ཡང་ཆ་བྱད་ནི་གཟུགས་སྣ་ཚོགས་པ་ཅན་ནོ། །དེ་རྣམ་པར་གྲོལ་བ་ནི། གང་གིས་བསླབ་དང་ཆ་བྱད་ལ་སོགས་པ་དེ་ལས་རྣམ་པར་གྲོལ་བའི་བདག་ལ་སླར་རྟོག་པའི་རྟོག་པ་དེ་ཡང་ཡོད་པ་མ་ཡིན་པར་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པ་ཉིད་ཀྱང་དེ་བཞིན་ནོ། །
ངོ་ཚའི་བྱ་བ་རྣམ་པར་སྤངས། །ཞེས་པ་ནི། ངོ་ཚ་ནི་མི་གསལ་བའི་ཚུལ་གྱིས་བདག་མེད་མའོ། །བྱ་བ་ཞེས་པ་ནི་རབ་ཏུ་གསལ་བའི་ཚུལ་ཉིད་ཀྱིས་རྡོ་རྗེ་འཛིན་པའོ། །དེ་ལྟར་ངོ་ཚ་དང་བྱ་བ་གཉི་ག་དེས་སྤངས་པ་ནི་ཡོངས་སུ་སྤངས་པའོ། །གཉི་གའི་རྣམ་པར་རྟོག་པ་ཡང་འདི་འདིའི་
ཡོད་པ་མ་ཡིན་ནོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཞེས་པ་ནི། རང་གི་དངོས་པོའི་རང་བཞིན་རྣམ་པར་ཤེས་པའི་རང་གི་ངོ་བོ་རྟོགས་པའོ། །དེ་ཅིས་ཁྱད་པར་འཕགས་ཤེ་ན། འདི་ཐམས་ཅད་ཀྱི་དབང་པོ་དང་ཡུལ་རྣམས་ཀྱི་དངོས་པོའི་སྐྱེ་བ་གང་གི་ཕྱིར་དེ་ནི་དངོས་པོ་ཀུན་ཏེ།
ཐམས་ཅད་ཀྱི་དངོས་པོ་ཡང་འདི་ཡིན་ལ་རང་བཞིན་ཡང་ཡིན་པས་དངོས་པོ་ཀུན་གྱི་རང་བཞིན་ནོ། །དེས་རྣམ་དཔྱད་ནི་སྤྱོད་པ་དང་བྲལ་བའོ། །དེ་བས་ན་རྣལ་འབྱོར་པ་ནི་བསྡུ་བ་ལས་དེའི་རང་བཞིན་གྱིས་སོ། །དེ་ཁོ་ན་ཉིད་དང་ལྡན་པས་སྤྲོས་པའི་ཚུལ་གྱི་རང་བཞིན་གྱིས་སོ། །སྙིང་རྗེ་
ཆེ་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པས་སོ། །བསླབ་དང་ཆ་བྱད་རྣམ་པར་གྲོལ། །ཞེས་པ་འདིས་ནི། གཉིས་སུ་མེད་པར་རྟོགས་པ་རང་བྱུང་བ་རྣམ་པར་གནས་པའོ། །ངོ་ཚའི་བྱ་བ་རྣམ་པར་སྤངས་པ་ཉིད་ཀྱིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས་
ནི། །རྡོ་རྗེ་གསུམ་དབྱེར་མེད་པའི་རང་བཞིན་ཡང་ངོ་། །ཡོ་གིས་ཞེས་པ་འདིས་ནི་བཞི་པའི་དོན་ཡིན་ནོ། །སྙིང་རྗེ་ཆེ་ཉིད་ཀྱིས་ནི་ཡེ་ཤེས་ལྔ་དབྱེར་མེད་པ་ཉིད་ཀྱི་རྡོ་རྗེ་འཛིན་ནོ་ཞེས་པའི་དོན་ཏེ། འདི་ཉིད་དྲུག་པར་བརྗོད་དོ། །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །སྔགས་
เล่ม ๕ · หน้า 68b
དང་བསམ་གཏན་རྣམ་པར་སྤངས། །ཞེས་པ་ལ། སྦྱིན་སྲེག་གི་སྒྲ་ནི་མེ་ཚིམ་པར་བྱེད་པའོ། །མཆོད་སྦྱིན་གྱི་སྒྲ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་མཆོད་པའོ། །དཀའ་ཐུབ་ཀྱི་སྒྲ་ནི་གསོ་སྦྱོང་ལ་སོགས་པ་བྱེད་པའོ། །འདི་རྣམས་ལས་འདས་པའོ། །སྔགས་ཀྱི་སྒྲ་ནི་བཟླས་
པ་བྱེད་པའོ། །བསམ་གཏན་གྱི་སྒྲ་ནི་ལྷ་ལྷག་པར་དམིགས་པར་བྱེད་པ་སྟེ། གཉི་གའི་བྱ་བ་རྣམ་པར་སྤངས་ཞེས་པའི་དོན་ཏོ། །ཡང་ན། སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །ཞེས་པ་ལ། ཧ་རྡོ་རྗེ་འཛིན་པ་སྤྱི་བོར་རོ། །མགྲིན་པར་ཨོཾ་མོ། །ཨཱཿསྙིང་གར་རོ། །ཡ་ལྟེ་
བར་རོ། །དེ་ལྟར་སྦྱིན་སྲེག་འཁོར་ལོ་བཞིར་སོང་ནས་འཁོར་ལོ་བཞི་བསྒྱུར་བ་དེ་རྣམས་སུ་དབྱེར་མེད་པར་སོན་པའི་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་འཐུང་བར་བྱེད་པ་ཡིན་པས་སྦྱིན་སྲེག་གིས་སོན་པའོ། །དེ་ཅིས་ཁྱད་པར་དུ་འཕགས་ཤེ་ན། འདས་ཞེས་པ་སྟེ། ཨཱ་ཏི་
ནི་མནན་པའོ། །ཨི་དཾ་ནི་གང་གིས་ཡེ་ཤེས་དེ་འདས་པའོ། །ཡེ་ཤེས་ཀྱི་ཡང་དག་པར་རྟོག་པ་ཡང་འདི་ལ་ཡོད་པ་མ་ཡིན་ནོ། །དེ་བས་ན་སྔགས་དང་བསམ་གཏན་རྣམ་པར་སྤངས་ཏེ་སྔགས་ནི་ཡེ་ཤེས་སོ། །དེའི་བསམ་གཏན་ནི་བསམ་པ་སྟེ་ཡེ་ཤེས་བསམ་པ་ལས་ཤིན་ཏུ་
འདས་སོ་ཞེས་པའི་དོན་ཏོ། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །རྣལ་འབྱོར་བཟང་ལྡན་སྦྱོང་བ་བྱེད། །ཅེས་པ་ལ། དམ་ཚིག་གི་སྒྲ་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །འདིའི་སྡོམ་པ་ནི་ཡོངས་སུ་སྐྱོང་བའོ། །དེ་རྣམ་པར་སྤངས་ནི་སྤངས་པའོ། །སྤྱོད་པ་བྱེད་ནི་འཁྱམས་པར་
བརྗོད་དོ། །དེ་ཉིད་རྣལ་འབྱོར་བཟང་ལྡན་ཏེ། །མཛེས་པའི་རྣལ་འབྱོར་དང་ལྡན་པ། །ཞེས་པའི་དོན་ཏོ། །ཡང་ན་དམ་ཚིག་སྡོམ་པའི་སྒྲས་དམ་ཚིག་སྤྲོ་བའོ། །སྡོམ་པ་ནི་སྡུད་པ་སྟེ། དམ་ཚིག་སྡོམ་པས་སྤྲོ་བ་དང་བསྡུས་པས་སོ། །མ་ལུས་པར་རྣམ་པར་གྲོལ་བ་ནི་རྣམ་པར་སྤངས་
པའོ། །གཉི་གའི་རྟོག་པ་ཡང་འདི་ལ་མེད་པ་ཡིན་ནོ། །དེ་ལྟ་བུར་གྱུར་ཀྱང་སྤྱོད་པ་ནི་འཁྱམས་པའོ། །བྱེད་པ་ནི་རྫོགས་པར་བྱེད་པའོ། །དེ་ཉིད་རྣལ་འབྱོར་བཟང་ལྡན་ཏེ། མཛེས་པའི་རྣལ་འབྱོར་དང་ལྡན་ཞིང་གཉི་ག་དབྱེར་མེད་པའི་རྟོག་པ་ལས་ཀྱང་བྲལ་བའི་ཕྱིར་རོ། །དེ་བས་ན་དེའི་
เล่ม ๕ · หน้า 69a
ཐམས་ཅད་ལས་དོགས་པ་མེད་པའི་ཕྱིར་རོ། །བརྒྱ་བྱིན་ལྟ་བུའི་ལྷ་མིན་ནི། །ངེས་པས་མདུན་ན་གནས་གྱུར་ཀྱང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་པའི་དོན་ནི་གོ་སླ་བ་ཉིད་དོ། །ཡང་ན་བརྒྱ་བྱིན་གྱི་སྒྲ་ནི་བརྒྱ་བྱིན་
ཐུགས་རྡོ་རྗེ་མཆོག་གི་དབང་ཕྱུག་གི་རྣལ་འབྱོར་ལས་སོ། །དེ་ལྟ་བུ་ནི་མཉམ་པ་སྟེ་ཡུལ་དང་དབང་པོ་དབྱེར་མེད་པའོ། །དེ་ལྟ་བུར་གྱུར་པ་ཡང་གང་དེ་ལྷ་མིན་ནི་ལྷ་མ་ཡིན་ནོ། །དབང་ཕྱུག་མེད་ཅིང་དབྱེར་མེད་པ་ཉིད་ཀྱིས་བསྡུ་བའི་རང་བཞིན་ནོ། །དེ་ཡང་མདུན་ནི་དང་པོ་སྟེ། དང་པོར་
སྟོང་བའི་བྱང་ཆུབ་སྟེ། །ཞེས་པའི་ཚིག་གིས་སོ། །དེ་ཉིད་ངེས་པར་ནི་དེ་ཕུང་པོ་མ་ལུས་པར་གྱུར་པའོ། །བརྒྱ་བྱིན་ལྟ་བུ་ནི་སྤྲོ་བར་བྱེད་པའི་བདག་ཉིད་སྲིད་པར་གྱུར་པའོ། །དེ་ལ་ཞེས་པ་ནི་དེ་ལྟ་བུར་གྱུར་ནའོ། །འཇིགས་པར་མི་བྱ་བ་ནི་སྒྲ་བསྒྲག་པར་མི་བྱ་བའོ། །སེང་གེའི་གཟུགས་
ཀྱིས་ནི་ཇི་ལྟར་སེང་གེ་འཇིགས་པ་མེད་པར་རྒྱུ་བ་དེ་བཞིན་དུ་ཡང་ཀུན་ལ་དོགས་པ་དང་བྲལ་བར་རྒྱུ་ཞིང་ཀུན་ལ་ཁྱབ་པར་གྱུར་པའོ། །ཀུན་ལ་དོགས་པ་མེད་པ་དེས་གཞན་གྱི་དོན་གྱི་སྤྱོད་པ་ཉམས་པའི་རྟོག་པར་གྱུར་པ་དེ་གསུངས་པ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེས་
བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པ། །གཞན་གྱི་བཏུང་བས་བཟི་བ་མེད། །ཅེས་པ་སྨོས་ཏེ། སྙིང་རྗེས་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་གདོན་པར་འདོད་པའི་རྣལ་འབྱོར་པ་དེས་སོ། །བཏུང་བ་ནི་བསྲུང་བའོ། །རྟག་ཏུ་ནི་རྒྱུན་མ་ཆད་པར་སེམས་
ཅན་ཀུན་གྱི་དོན་དུའོ། །དེ་ཉིད་འདི་ནི་རྣལ་འབྱོར་བཏུང་དགའ་སྟེ། རྣལ་འབྱོར་ནི་བསྲུང་བའི་རྗེས་སུ་ཆགས་པའོ། །དེ་ཉིད་རྣལ་འབྱོར་པ་ཞེས་བརྗོད་དོ། །དེའི་ཕྱིར་གཞན་གྱི་བཏུང་བས་ནི་གཞན་གྱི་རོའི་རྗེས་སུ་འགྱུར་བའོ། །དེའི་བཟི་བ་མེད་ནི་དགའ་བ་མེད་པའོ། །ཡང་ན་སྙིང་རྗེ་ནི་
ཀུན་རྫོབ་ཀྱི་བདེན་པའོ། །དེ་འཐུང་བ་ནི་གཉིས་སུ་མེད་པའི་རྟོག་པས་དོན་དམ་པའི་བདེན་པ་དེ་ཐོབ་པའོ། །རྟག་ཏུ་ནི་རྒྱུན་མ་ཆད་པར་རོ། །ཇི་ལྟར་ཞེ་ན་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་རོ། །སེམས་ཅན་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་སེམས་ཅན་ཐམས་ཅད་དེ་གཟུགས་ལ་སོགས་
เล่ม ๕ · หน้า 69b
པའི་ཕུང་པོའི་རང་བཞིན་ནོ། །དེ་ཉིད་ཀྱི་དོན་ནི་དོན་དམ་པའོ། །རྒྱུ་འདིས་ནི་རྒྱུ་འདི་ནའོ། །དེ་ཉིད་རྣལ་འབྱོར་བཏུང་དགའ་སྟེ་གཉི་ག་དབྱེར་མེད་པར་རྟོག་པ་བསྡུ་བའི་རྗེས་སུ་ཆགས་པའོ། །དེ་ལྟ་བུར་གྱུར་པའི་དེ་རྣལ་འབྱོར་པ་དེ་ཁོ་ན་ཉིད་དང་ལྡན་པར་གྱུར་པའོ། །དེ་ཉིད་འདིའི་གཞན་
གྱི་བཏུང་བས་ནི་གཞན་ནི་ཟླ་བོ་མེད་པའི་གཅིག་གོ། །དེའི་བཏུང་བ་ནི་འཁྲིལ་ཞིང་གཉིས་སུ་མེད་པར་རྟོགས་པས་རྣམ་པར་རྟོག་པ་མེད་པའོ། །བཟི་བ་མེད་ནི་དགའ་བ་མེད་པའོ། །ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་
མངོན་པར་བྱང་ཆུབ་པར་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དགྱེས་པའི་རྡོ་རྗེ་ལས། སྤྱོད་པའི་རིམ་པར་ཕྱེ་བ་དྲུག་པའོ། །ཐམས་ཅད་ནི་ཀུན་ལ་ཁྱབ་པའི་ཕྱིར་རོ། །དྲུག་པ་ནི་རྡོ་རྗེ་འཛིན་པའོ། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་
པ་ལྔའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ་མོ། །དགྱེས་པའི་རྡོ་རྗེ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དགྱེས་པའི་རྡོ་རྗེ་གཉི་ག་དབྱེར་མེད་པ་དགུའི་དཀྱིལ་འཁོར་རོ། །སྤྱོད་པ་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པ་
དབྱེར་མེད་པར་རྒྱུ་བའོ། །དེའི་རིམ་པར་ཕྱེ་བ་ནི། གསང་བ་རབ་ཏུ་གསལ་བར་སྟོན་པའོ། །དེ་ཉིད་དྲུག་པ་སྟེ། དྲུག་པ་རྫོགས་པའོ། །དགྱེས་པ་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་ལས། སྤྱོད་པའི་རིམ་པར་ཕྱེ་བ་སྟེ་ལེའུ་དྲུག་པའོ།། །།ལྟ་སྟངས་དགུག་
དང་བརྡ་ཆེན་དང་། །ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པ་དེ་ལས་བརྡ་ཆེན་པོ་རྒྱས་པར་བཤད་པ་སྤྱོད་པའི་རིམ་པར་ཕྱེ་བའི་རྗེས་ཐོགས་སུ་སྤྱོད་པའི་རྣལ་འབྱོར་པ་ངེས་མེད་དག་ཏུ་གནས་པའི་ཕྱིར། དེ་ནི་གནས་དང་ཉེ་བའི་གནས་ལ་སོགས་པར་འཕྱན་པ་ན་སྦས་པའི་སྤྱོད་པ་ལ་གནས་
པའི་ལྷའི་རྣལ་འབྱོར་མས་ཡང་དག་པར་བསྟན་ནས་བརྡ་མི་ཤེས་པས་མཚོན་པར་མི་ནུས་སོ། །དེ་ནས་འདི་དེ་དང་ལྷན་ཅིག་ཏུ་ཚོགས་པ་མེད་པས་འཁྲུགས་པར་འགྱུར་རོ། །དེ་འཁྲུགས་པ་ལས་དངོས་གྲུབ་ཉམས་པ་ཡིན་ནོ། །གང་གི་ཚེ་ཡང་རང་དམ་ཚིག་གི་བརྡ་ཤེས་པར་གྱུར་
เล่ม ๕ · หน้า 70a
པ་དེའི་ཚེ། འདི་ནི་མཉེས་པར་འགྱུར་རོ། དེ་ནས་དེ་དང་ལྷན་ཅིག་ཏུ་ཚོགས་པས་དངོས་གྲུབ་ངེས་པར་ཐོབ་པ་ཡིན་པ་དེ་གསུངས་པ། དེ་ནས་ཙྪོ་མའི་ལེའུ་བཤད་པར་བྱའོ་ཞེས་པ་སྟེ། དེ་ནས་ཞེས་པ་ནི་སྤྱོད་པའི་རིམ་པར་ཕྱེ་བའི་རྗེས་ཐོགས་ཉིད་དུ་རྣལ་འབྱོར་
པ་དང་། རྣལ་འབྱོར་མའི་བརྡ་བསྟན་པར་རིགས་པ་ཡིན་ནོ། །ཙྪོ་མའི་སྒྲས་ཙྪོ་མ་ནི་བརྡའོ། །དེའི་རིམ་པར་ཕྱེ་བ་བཤད་པར་བྱའོ། །གང་གིས་སྤུན་དང་སྲིང་མོར་ཡང་། །ཐེ་ཚོམ་མེད་པར་ཤེས་པར་བྱ། །ཞེས་པ་ལ། གང་གིས་ན་བརྡ་ཡིས་སོ། །སྤུན་ནི་རིགས་གཅིག་པར་འབྲེལ་པ་སྟེ་
གཉི་ག་ཡང་དམ་ཚིག་ཐ་མི་དད་པའི་ཕྱིར་རོ། །སྲིང་མོ་ཡང་དེ་བཞིན་དུའོ། །ཡང་ན་སྤུན་དང་སྲིང་མོ་ནི་ཐབས་དང་ཤེས་རབ་བོ། །གང་གིས་ཤེས་ཞེས་པ་ནི་རླུང་གིས་ཏེ། ཨཱ་ལི་ཀཱ་ལིའི་ནཱ་དའི་བདག་ཉིད་ཀྱི་ཕྱིར་རོ། །ཤེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་ཤེས་པར་བྱེད་པ་སྟེ། གཉིས་
པོ་གཉི་ག་ཡང་དབྱེར་མེད་པར་རྟོགས་པའི་ཕྱིར་རོ། །ཡང་གིས་ནི་སྤུན་ལྟ་བུར་སྲིང་མོ་ལ། ཐབས་ལྟར་ཤེས་རབ་བོ། །འང་གིས་ནི་འབའ་ཞིག་ནི་མ་ཡིན་ནོ། །ཐབས་བཞིན་དུ་ཤེས་རབ་ལ་སྲིང་མོ་ཡང་སྤུན་ཟླའོ། །ཤེས་རབ་ཉིད་ཀྱང་འདིར་ཐབས་སོ། །ཐེ་ཚོམ་མེད་པར་ནི་སོམ་
ཉི་མེད་པ་ཉིད་རྣམ་པར་རྟོག་པ་མེད་པའི་དགྱེས་པའི་རྡོ་རྗེ་ཡིན་ནོ། །བརྡ་ཉིད་གསུངས་པ། གང་ཞིག་སོར་མོ་གཅིག་སྟོན་པ། །ཞེས་པ་སྨོས་ཏེ། རྣལ་འབྱོར་མ་གང་སུ་ཡང་རུང་བས་ལག་པ་གཡོན་པའི་སོར་མོ་གལ་ཏེ་སྟོན་པར་བྱེད་པ་དེའི་ཚེ། དེས་ཁྱོད་ལེགས་པར་འོངས་སམ་ཞེས་བསྟན་
པར་འགྱུར་རོ། །ཡང་ན་གཅིག་ནི་རྡོ་རྗེ་འཛིན་པའོ། །སོར་མོའི་སྒྲས་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔའོ། །གཅིག་ཀྱང་ཡིན་ལ་སོར་མོ་ཡང་ཡིན་པས་སོར་མོ་གཅིག་གོ། །ཐབས་དང་ཤེས་རབ་དབྱེར་མེད་པའི་སྐུ་རྡོ་རྗེ་ཀུན་དུ་སྣང་བའི་མཚན་ཉིད་དེ་སྟོན་དང་ཞེས་པའི་ཚིག་
གིས་སོ། །གཉིས་ཀྱིས་ལེགས་པར་འོངས་པ་ཡིན། །ཞེས་པ་ལ་གཉིས་ཀྱིས་ཞེས་པ་ནི་ལག་པ་གཡས་པའི་སོར་མོ་གཉིས་རྣལ་འབྱོར་པས་བསྟན་པ་དེས་སོ། །ལེགས་པར་འོངས་པ་ཡིན་ཞེས་པ་ནི། ཁོ་བོ་ཤིན་ཏུ་ལེགས་པར་འོངས་སོ་ཞེས་བསྟན་པར་འགྱུར་རོ། །ཁོ་བོས་ཤིན་ཏུ་
เล่ม ๕ · หน้า 70b
ལེགས་པར་འོངས་པ་ནི་ཤིན་ཏུ་ནི་ཡང་དག་པར་རེག་པའི་ཐུགས་རྡོ་རྗེའོ། །བསྟན་པ་ནི་གསུང་རྡོ་རྗེའོ། །འདིས་ནི་གང་ཡང་ཡིན་ནོ། །གང་ཡང་རླུང་ནཱ་དའི་ཕྲེང་བ་གཉིས་སོ། །ཨ་ཨ་ཝ་དྷཱུ་ཏཱིའོ། །དེ་ལྟར་གང་རྡོ་རྗེ་གསུམ་དབྱེར་མེད་པའོ། །ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། ཁྱད་པར་
དུ་འཕགས་པ་ཉིད་ཀྱི་བཞི་པར་འགྱུར་བ་ཡིན་པས་ནི་ལེགས་པར་འོངས་པས་རང་རིག་པའི་ཡེ་ཤེས་ཡིན་ནོ། །ཡང་ན་གཉིས་ཀྱིས་ཞེས་པ་ནི། རྡོ་རྗེ་དང་པདྨ་དག་སྙོམས་པར་ཞུགས་པའོ། །ལེགས་པ་ནི་ཁུ་བ་བྱང་ཆུབ་ཀྱི་སེམས་སོ། །དེའི་ཕྱིར་ན་ལེགས་པར་འོངས་པ་ནི་རང་རིག་པའི་ཡེ་
ཤེས་ཡིན་ནོ། །གཡོན་གྱི་མཐེ་བོང་བཅངས་པ་ལས། བསྙུན་གྱི་ཕྱག་རྒྱར་རྣམ་པར་ཤེས། །ཞེས་པ་ལ། དགེ་བའི་མཚན་ཉིད་ཀྱང་དེར་ཤེས་པར་བྱའོ། །ཇི་ལྟར་ཞེ་ན། གཡོན་གྱི་མཐེ་བོང་བཅངས་པ་ལས། །ཞེས་པ་ནི་གཡོན་པའི་མཐེ་བོང་ནང་དུ་བཅུག་ནས། སོར་མོ་བཞིས་ཁུ་ཚུར་
བཅིང་ངོ་ཞེས་པའི་དོན་ཏོ། །ཡང་ན་གུང་མོ་དང་མཛུབ་མོའི་བར་དུ་གཡོན་པའི་མཐེ་བོང་བཅུག་ནས་བཅང་བར་བྱའོ། །ཡང་ན་སྙན་གྱི་ཕྱག་རྒྱ་ནི་ཕྱག་རྒྱའི་དངོས་གྲུབ་བོ། །དེ་རྣམ་པར་ཤེས་པ་ལས་སོ། །གཡོན་པའི་མཐེ་བོའི་སྒྲས་ནི་གཡོན་པ་བདག་མེད་མའོ། །མཐེ་བོང་རྡོ་རྗེ་འཛིན་པའོ། །
གཉིས་ཀ་བཅངས་པ་ནི། གཉི་ག་དབྱེར་མེད་པར་རྟོགས་པའི་རྒྱུ་དེའི་ཕྱིར་ནའོ། །གང་ཞིག་སྲིན་ལག་སྟོན་པ་ལ། །དེ་ཡི་མཐེའུ་ཆུང་རྣམ་པར་སྦྱིན། རྣལ་འབྱོར་པ་གང་སྲིན་ལག་དང་མཐེའུ་ཆུང་ཉེ་བར་སོར་མོ་སྟེར་ན་དེའི་མཐེའུ་ཆུང་རྣམ་པར་སྦྱིན་ནོ། །ཡང་ན་སྲིན་ལག་ནི་བདག་མེད་མའོ། །
གང་སྟེར་བ་ནི་སྤོང་བའོ། །ཆ་མེད་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེའི་ནི་རང་བཞིན་མེད་པར་རྟོག་པ་གནས་པ་དེའིའོ། །མཐེའུ་ཆུང་ནི་རྡོ་རྗེ་འཛིན་པ་མཐར་ཐུག་པའོ། །སྦྱིན་ནི་སྤངས་པའོ། །འདིས་ནི་གཉི་ག་དབྱེར་མེད་པར་རྟོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ནོ། །གང་ཡང་
གུང་མོ་སྟོན་པ་ལ། དེ་ཡི་མཛུབ་མོ་རྣམ་པར་སྦྱིན། གང་སོར་མོ་གུང་མོ་སྟོན་པ་ལ། དེའི་མཛུབ་མོ་དང་མཐེ་བོ་དག་གིས་མཐོ་ཚད་ཀྱི་ཚུལ་དུ་བྱས་ནས་བསྟན་ཏེ་བྱིན་པའོ། །ཡང་ན་གུང་མོ་ཞེས་པ་ནི་མཐའ་བཞི་ལས་རྣམ་པར་གྲོལ་བའི་ཕྱིར་དབུ་མ་སྟེ། དམིགས་སུ་མེད་པའི་རང་བཞིན་
เล่ม ๕ · หน้า 71a
ཉིད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་འདིས་སོ། །བསྟན་པར་བྱའོ་ནི་མངོན་སུམ་དུ་བྱ་བའོ། །ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། དེ་སླར་ཡང་ཡེ་ཤེས་གང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རླུང་ནཱ་ད་ཕྲེང་གཉིས་དེ་ཡང་དབྱེར་མེད་པའི་ཕྱིར་རོ། །ཨ་
བདག་མེད་མའོ། །དེ་ལྟར་གཉི་ག་དབྱེར་མེད་པ་ལས་གང་རྡོ་རྗེ་གསུམ་དབྱེར་མེད་པའོ། །འདི་ཉིད་མཛུབ་མོ་སྟེ། ཡུལ་གཅིག་པའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་འདི་ལ་ཡོད་པས་ཡུལ་གཅིག་པ་དེ་སྐུ་ཡིན་པས་ཡུལ་གཅིག་པ་ཅན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་
ཡེ་ཤེས་ཡིན་ནོ། །གཅིག་དང་གཉིས་དང་གསུམ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ལྔའི་བདག་ཉིད་དེ། མཐེ་བོ་ནི་མི་བསྐྱོད་པའོ། །སྲིན་ལག་འོད་དཔག་ཏུ་མེད་པའོ། །མཐེའུ་ཆུང་དོན་ཡོད་གྲུབ་པའོ། །གུང་མོ་རིན་ཆེན་གཙོ་བོའོ། །མཛུབ་མོ་ནི་རྣམ་པར་སྣང་མཛད་དེ་དེ་
བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ལག་པ་གཡོན་པས་གཡས་པ་ཉིད་ཀྱིས་སྤུན་དང་སྲིང་མོའི་ལག་པའོ། །གང་ཞིག་སྲིན་ལག་སྟོན་པ་ལ། །དེ་ཡི་མགྲིན་པ་རབ་ཏུ་བསྟན། སྔར། གང་ཞིག་སྲིན་ལག་སྟོན་པ་ལ། །ཞེས་པ་ནི། རྣལ་འབྱོར་མའི་ཕྱག་རྒྱ་བསྟན་ཏོ། །ད་ནི། གང་ཞིག་སྲིན་
ལག་སྟོན་པ་ལ། །དེ་ཡི་མགྲིན་པ་རབ་ཏུ་བསྟན། །ཞེས་པ་ལ་གལ་ཏེ་རྣལ་འབྱོར་མ་སྲིན་ལག་སྟོན་པ་དེའི་ཚེ་རྣལ་འབྱོར་པས་མགྲིན་པ་བསྟན་པར་བྱའོ། །འདིས་ནི་སྔར་བསྟན་པའི་བརྡ་རྣམས་ལ་རྣལ་འབྱོར་མའི་ལག་པ་གཡོན་པའི་བརྡའོ། །རྣལ་འབྱོར་པའི་སླར་ལག་པ་གཡས་པས་
བརྡ་བྱའོ། །ཡང་ན་སྲིན་ལག་ཅེས་པ་ནི་འོད་དཔག་མེད་བྱང་ཆུབ་ཀྱི་སེམས་སོ། །དེ་སྟོན་པ་ལ་ནི་ཀུན་དུ་སྣང་བའི་རྣམ་པར་དག་པར་བྱ་བའོ། །མགྲིན་པ་ཞེས་པ་ནི་མགྲིན་པ་འདབ་མ་བཅུ་དྲུག་པ་ཉིད་ཀྱིས་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་རྣམས་དང་། ཀུན་དུ་སྣང་བའི་ཀུན་རྫོབ་ཀྱི་བདེན་
པ་ཉིད་ཀྱིས་སྙིང་རྗེའི་རང་བཞིན་ཉིད་དོ། །ཡང་དག་པར་རིག་པའི་རང་བཞིན་ཆ་ཤས་དང་བྲལ་བ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་བས་ན་ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། དེ་ལྟར་ཁྱད་པར་དུ་འཕགས་པར་གྱུར་པ་ལས་རྡོ་རྗེ་གསུམ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་
เล่ม ๕ · หน้า 71b
སྙིང་རྗེ་དབྱེར་མེད་པའི་ཕྱིར་རོ། །དེ་བས་དེའི་དེ་ཉིད་བསྟན་པར་བྱའོ། །དེའི་ཞེས་པ་བྱང་ཆུབ་ཀྱི་སེམས་སོ། །བསྟན་པ་ནི་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཡིན་ནོ། །འདིས་ནི་གཉི་ག་དབྱེར་མེད་པའི་ཡང་དག་པའི་ཡེ་ཤེས་བསྟན་པ་ཡིན་ནོ། །གང་ཡང་གོས་ནི་སྟོན་པ་ལ། །དེ་ཡི་
རྩེ་གསུམ་རབ་ཏུ་བསྟན། །གོས་ཞེས་པ་ནི་གོས་ཀྱིས་མགོ་གཡོགས་པའི་བརྡ་རྣལ་འབྱོར་མ་གང་སྟོན་པའི་རྣལ་འབྱོར་མ་དེ་ལ་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་པར་བྱའོ། །རྩེ་གསུམ་ཞེས་པ་ནི། མཐེ་བོ་དང་མཐེའུ་ཆུང་དག་གི་རྩེ་མོས་རེག་པར་བྱས་ལ་ཕྲལ་བའི་སོར་མོ་གསུམ་བསྟན་པར་
བྱའོ། །ཡང་ན་གོས་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །གང་ཞེས་པ་ནི་བདག་མེད་མ་དོན་དམ་པའི་བདེན་པའོ། །དེ་ཡང་སྟོན་པ་ནི་ཡང་དག་པའི་ལྟ་བ་མཐོང་བའི་ཡེ་ཤེས་གཉི་ག་དབྱེར་མེད་པ་ཡང་དག་པའི་ཡེ་ཤེས་བསྐྱེད་པའོ། །འདིས་ནི་ཡེ་ཤེས་ལྔ་དབྱེར་མེད་པར་གྱུར་
པའི་ཡེ་ཤེས་ལྔ་རྣམས་བསྟན་པ་ཡིན་ནོ། །གང་ཡང་ནུ་མ་སྟོན་པ་ལ། །དེ་ཡི་མཐའ་མཚམས་རབ་ཏུ་བསྟན། །ཞེས་པའི་དོན་ནི་རབ་ཏུ་གསལ་བ་ཉིད་དོ། །ཡང་ན་ནུ་མ་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སོ། །དེ་ལྟ་བུར་གྱུར་པ་མཐོང་བའི་ཡེ་ཤེས་དེ་ནི་མཐའ་མཚམས་ཏེ། ཡོངས་
སུ་གཅོད་པའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། ཡང་གི་སྒྲས་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་རྡོ་རྗེ་གསུམ་དབྱེར་མེད་པའོ། །དེ་ཉིད་ཇི་ལྟར་ཞེ་ན། གང་ཐབས་དང་ཤེས་རབ་དེ་མཐོང་བ་ནི། མཐོང་བའི་ལྟ་བའི་ཡེ་ཤེས་ཉིད་ཀྱིས་རྫོགས་པར་དབྱེར་མེད་པར་རྟོག་པ་རྣམ་པར་གཞག་
པར་བྱ་བའི་དོན་ཏོ། །གང་ཡང་ས་ནི་སྟོན་པ་ལ། །དེ་ཡི་འཁོར་ལོ་རབ་ཏུ་བསྟན། །ཞེས་པ་ལ། འཁོར་ལོ་ཞེས་པ་ནི་མཐེ་བོང་དང་མཛུབ་མོའི་རྩེ་མོ་དག་ཕན་ཚུན་དུ་རེག་སྟེ་གཅིག་ཏུ་བྱས་ནས་ཟླུམ་པོའི་རྣམ་པར་བསྟན་པའོ། །ཡང་ན་ས་ནི་ས་གཞི་ཆོས་འབྱུང་ངོ་། །དེ་བསྟན་པ་ནི་མཐོང་བ་
ཉིད་ཀྱིས་རྣམ་པར་གཞག་ཅིང་ཡེ་ཤེས་ཉིད་ཀྱིས་ངེས་པར་བྱའོ། །དེ་ཉིད་འཁོར་ལོའི་དཀྱིལ་འཁོར་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ནོ། །དེ་ཡང་གོང་རྡོ་རྗེ་གསུམ་དབྱེར་མེད་པའོ། །གང་ལས་ཤེ་ན། དེའི་ཞེས་པ་སྟེ་ཆོས་འབྱུང་རྣམས་ཀྱི་དཀྱིལ་འཁོར་མཐོང་བ་ཁྱད་པར་དུ་
เล่ม ๕ · หน้า 72a
འཕགས་པའི་ཡེ་ཤེས་རྣམ་པར་བཞག་པས་གཉིས་སུ་མེད་པ་རྟོགས་པ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ཡང་ཁྲོ་གཉེར་སྟོན་པ་ལ། གཙུག་ཕུད་དགྲོལ་བར་བརྗོད་པར་བྱ། །གཙུག་ཕུད་དགྲོལ་བའི་སྒྲས་སྐྲ་དགྲོལ་བའི་ཕྱག་རྒྱ་སྟེ་སྐྲ་དགྲོལ་བ་ཉིད་དུ་བྱའོ། །ཡང་ན་
ཁྲོ་གཉེར་ནི་ཁྲོ་བ་སྐུ་རྡོ་རྗེའོ། །དེའི་གཉེར་ནི་ཆོས་འབྱུང་ངོ་། །དེ་ནི་མེ་དང་འདྲ་བར་མི་ཤེས་པ་ཐམས་ཅད་སྲེག་པར་བྱེད་པའི་བདག་ཉིད་དེས་སོ། །བརྗོད་པ་ནི་ཁྱད་པར་དུ་འཕགས་པའི་མཆོག་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་ངེས་པའོ། །གང་ཡང་དཔྲལ་
བ་སྟོན་པ་ལ། །དེ་ཡི་རྒྱབ་ནི་རབ་ཏུ་བསྟན། འདིའི་དོན་ནི་གསལ་བ་ཉིད་དོ། །ཡང་ན་ལ་ནི་ཆོས་འབྱུང་ས་གཞིའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ལ་ལ་བྱང་ཆུབ་ཀྱི་སེམས་སོ། །དེར་འགྲོ་བར་བྱེད་པས་ན་དཔྲལ་བ་བཞི་པའི་ཡེ་ཤེས་སོ། །དེའི་རྒྱབ་ནི་དེའི་རྗེས་ཐོགས་སུ་དེ་མེད་ན་མི་འབྱུང་
བའོ། །དེ་རབ་ཏུ་བསྟན་ཞེས་པ་ནི་རབ་ཏུ་གསལ་བའི་ཡེ་ཤེས་སུ་གྱུར་པས་ཤེས་པའོ། །གང་ཡང་སྟོན་ཞེས་པ་ནི་སྔར་བསྟན་པའི་དོན་ཉིད་ཡིན་ནོ། །གང་ཡང་རྐང་མཐིལ་སྟོན་པ་ལ། རྡོ་ཡིས་རྣམ་པར་རྩེ་བར་བྱ། རྡོ་རྩེ་བར་མངོན་པའི་ཚུལ་དུ་ལག་པ་བསྟན་པར་བྱའོ། །ཡང་ན་རྐང་
པ་ནི་བཞི་པ་ལྷན་ཅིག་སྐྱེས་པའོ། །དེའི་མཐིལ་ནི་རང་བཞིན་ནོ། །ཡང་ན་རྐང་པ་ནི་ཡེ་ཤེས་སོ། །དེ་ཉིད་ཀྱི་རང་བཞིན་ནི་ཡེ་ཤེས་ཀྱི་བདག་ཉིད་ཀུན་ཡིན་ནོ། །དེ་བས་ན་རྩེ་བ་ནི་རྒྱུ་བར་བྱེད་པའོ། །རྡོ་ཡིས་ཞེས་པ་ནི་ཇི་ལྟར་རྡོ་བ་རྩེ་བ་ན་ལག་པ་ན་ཡོད་པའི་དངོས་པོ་འཕངས་ཤིང་ལེན་
པའི་བྱ་བ་རྣམ་པར་གཞག་པ་དེ་བཞིན་དུ་སྤྲོ་བ་དང་བསྡུས་པ་དེའི་རྒྱུ་བ་ཡིན་ནོ། །ཡང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་ཡང་སྟོན་པ་ལ་ཞེས་པ་ནི་སྔར་བསྟན་པའི་དོན་ཉིད་ཡིན་ནོ། །ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །དམ་ཚིག་གིས་ནི་རྣམ་པར་དབྱེ། །དེ་ལྟར་སོར་མོ་གཅིག་བསྟན་པ་
དང་། སོར་མོ་གཉིས་ལ་སོགས་པ་བྱིན་པའི་བརྡར་འགྱུར་རོ། །དེ་ལ་དང་པོ་ནི་སྟོན་པའི་ཕྱག་རྒྱའོ། །ཕྱག་རྒྱ་གཉིས་པ་བསྟན་པ་ནི་ལན་ནོ། །འདིར་རྣམ་པར་དབྱེ་ཞེས་པ་ནི་བདག་ཉིད་འཇུག་པར་རྟོགས་པར་བྱའོ། །ཡང་ན་དབྱེ་བ་ནི་སོ་སོར་བྱ་བ་སྟེ། རྣལ་འབྱོར་མ་ཁྱེད་ཀྱི་བརྡ་ནི་
เล่ม ๕ · หน้า 72b
འདིའོ། །ཁོ་བོའི་ཡང་འདིའོ། །ཡང་ན་དབྱེ་ཞེས་པ་ནི། གསལ་བ་སྟེ་ཕྱག་རྒྱའི་ལན་གྱིས་ཕྱག་རྒྱའི་བྱེད་པ་ལས་མངོན་པ་ཉིད་འདི་དག་དམ་ཚིག་གི་བརྡ་ཡིན་ནོ། །དེ་བས་ན་དམ་ཚིག་བསྟན་པ་ཙམ་གྱིས་འདུ་བ་ཡིན་ནོ། །ཀྱང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། འདི་ནི་དམ་ཚིག་གི་ཁྱད་པར་
ཡིན་ནོ། །ཡང་ན་ཕྱག་རྒྱ་ནི་བདག་མེད་མའོ། །ཕྱག་རྒྱའི་ལན་ནི་རྡོ་རྗེ་འཛིན་པ་འབྱེད་པའོ། །དེ་ཡང་ཇི་ལྟར་ཞེ་ན་དམ་ཚིག་གིས་འདུ་བའོ། །ཀྱང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་གཉི་ག་ཡང་དབྱེར་མེད་པ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཡང་ན། ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་
ནི། །ཞེས་པ་ལ་ཕྱག་རྒྱ་ནི་ཤེས་རབ་བོ། །ཕྱག་རྒྱའི་ལན་ནི་ཐབས་སོ། །དབྱེ་བ་ནི་དབྱེར་མེད་པར་བྱ་བའོ། །དམ་ཚིག་གིས་ཞེས་པ་ནི་ལྷ་རྣམས་འདུས་པས་སོ། །ཀྱང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། དེ་ཡང་ཐུགས་ཀ་ན་གནས་པ་ཡིན་པས་གདམས་ངག་ལས་ཤེས་པར་བྱའོ། །དེ་
ཡང་གདམས་ངག་ཇི་ལྟ་བུ་ཡིན་བསྟན་པར་བྱ་སྟེ། སོར་མོ་གཅིག་སྟོན་དང་ཞེས་པ་གསུངས་པ་དང་། རྗེས་ཐོགས་སུ་ཡང་གཉིས་ཀྱིས་ཞེས་པ་དང་། གཡོན་གྱི་མཐེ་བོ་ཞེས་གསུངས་པ་དང་། དེ་ནས་ཡང་སྲིན་ལག་ཅེས་པ་དང་། གུང་མོ་ཞེས་གང་གསུངས་པ་དང་། སླར་ཡང་སྲིན་ལག་
ཅེས་པ་དང་། གོས་ཞེས་གང་གསུངས་པ་དང་། ནུ་མ་ཞེས་ཀྱང་རྗེས་ཐོགས་སུ་དང་། ས་ཞེས་གང་གསུངས་པ་དང་། ཁྲོ་གཉེར་ཞེས་པ་གཞན་དང་། དཔྲལ་བ་ཞེས་གང་གསུངས་པ་དང་། དེ་ནས་ཡང་རྐང་མཐིལ་དང་། དེ་ལྟར་ཕྱག་རྒྱ་བཅུ་གཉིས་བསྟན་པ་གནས་ལ་སོགས་
པའི་གྲངས་ཀྱིས་ཐབས་དང་ཤེས་རབ་བསྡུས་པ་ལས་ས་ཉི་ཤུ་རྩ་བཞིའོ། །ཐབས་དང་ཤེས་རབ་རྣམ་པར་དག་པ་སྔར་གསུངས་པའི་རྩ་རྣམས་མི་ཕྱེད་མ་ལ་སོགས་པའི་ཕྱག་རྒྱ་ཉི་ཤུ་རྩ་བཞིའི་བརྡ་ཡིན་པར་ངེས་སོ། །དེ་ལ་ནི་དེ་ལྟ་བུའི་རིམ་པས་སྤྱོད་པ་ལ་ཞུགས་པ་དམ་ཚིག་དང་བརྡ་
ཤེས་པ་བསྟན་ནས་དགྱེས་པའོ། །རྣལ་འབྱོར་མས་ནི་རྣལ་འབྱོར་དང་ལྡན་པས་སོ། །སྨྲས་པ་ནི་སྙིང་གིས་མནོས་པའོ། །ཨེ་མའོ་ནི་ཁྱོད་ངོ་མཚར་བའོ། །ཁོ་བོའི་བུ་འདི་ཁོ་བོས་བསྐྱེད་པ་དེ་ཇི་ལྟར་འདིར་བྱ་བས་ཡང་ཤེས་པ་ཡིན་ནོ། །དེ་ལ་རྣལ་འབྱོར་མས་སྨྲས་པ། ཨེ་མ་བུ་
เล่ม ๕ · หน้า 73a
ནི་སྙིང་རྗེ་ཆེ། །ཞེས་པའོ། །ཡ་ན་དེ་ལ་ཞེས་པ་ནི་དེ་ལྟར་རྣམ་པར་གཞག་པའོ། །སྨྲས་པ་ནི་སྒྲ་དང་ལྡན་པར་འགྱུར་བའོ། །རྣལ་འབྱོར་མ་ནི་རྩ་ཀུན་ཉིད་དོ། །གང་ལས་ཤེ་ན། ཨ་ཤེས་རབ་ཨཱ་ལིའོ། །ཧོ་ཐབས་ཀཱ་ལིའོ། །དེ་ལྟར་ཨེ་མའོ་ཐབས་དང་ཤེས་རབ་དབྱེར་
མེད་པའི་དྲི་མ་དང་བྲལ་བའོ། །དེའི་བུ་ནི་དེ་ལས་བྱུང་བ་སྟེ་མཚན་མ་ཀུན་མེད་པའི་རང་བཞིན་ནོ། །དེ་ཉིད་བྱ་བ་གཞན་མཚན་མར་རྣམ་པར་གནས་པ་ཀུན་རྫོབ་དང་དོན་དམ་པ་གཉི་གའི་བདེན་པའི་བདག་ཉིད་ཀྱི་དོན་ཏོ། །སྟོན་པའི་བརྡ་བསྟན་ནས་འདུ་བའི་བརྡ་གསུངས་པ། ཕྲེང་བའི་ལག་
ཅེས་པ་ནི། མེ་ཏོག་གི་ཕྲེང་བ་འཛིན་པའི་ཚུལ་དུ་ལག་པ་གཉི་གའི་མཐེ་བོ་དང་མཛུབ་མོ་སྦྱར་ནས་ལག་པ་གཅིག་སྟེང་དུ་བཟུང་སྟེ། ཕྱི་མ་འོག་ཏུ་བྱས་ལ་གཉིས་ཀྱི་བར་ནི་ཁྲུ་ཚད་གང་ངམ་ལྷག་པར་རོ། །སྟོན་ན་ཞེས་པ་ནི་གང་འདི་འདྲ་བར་མངོན་པའི་ཚུལ་དུ་སྟོན་ན་དེའི་ཚེ་རྣལ་འབྱོར་མ་
འདུ་བར་བྱ་ཞེས་སྨྲ་བ་ཡིན་ཏེ། གལ་ཏེ་མེ་ཏོག་གི་ཕྲེང་བ་ལག་པས་སྟོན་པ་དེའི་ཚེ་འདུ་བར་བྱ་ཞེས་སྟོན་པ་ཡིན་ནོ། །འདིས་ནི་ཇི་ལྟར་མེ་ཏོག་གི་ཕྲེང་བ་ནི་མེ་ཏོག་ཁ་དོག་སྣ་ཚོགས་པ་གཅིག་ཏུ་བརྒྱུས་ནས་འདུས་པ་དེ་ལྟར་དེ་རྣམས་ཀྱང་འདུ་བ་ཡིན་ནོ། །ཡང་ན་གལ་ཏེ་ནི་གང་གི་ཕྱིར་རོ། །ཕྲེང་བ་ནི་མ་ནི་མཱ་མ་
ཀཱིའི་ཆུའི་ཁམས་སོ། །ཨ་བདག་མེད་མའོ། །གཉི་ག་དབྱེར་མེད་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དེ་ལེན་ཅིང་འཛིན་པས་ན། མེ་ཏོག་གི་ཕྲེང་བ་མཁའ་འགྲོ་མ་བཅོ་ལྔའི་དཀྱིལ་འཁོར་ཏེ། བཅོ་ལྔའི་ཆའི་བདག་ཉིད་ཡིན་པའི་ཕྱིར་ལག་པ་གཉིས་ཀ་ལྔ་ལྔའི་བདག་ཉིད་ཅན་ཡུལ་
དང་དབང་པོ་དབྱེར་མེད་པའོ། །སྟོན་ན་ནི་ཡེ་ཤེས་ཉིད་ཀྱིས་རྟོགས་པར་བྱེད་དོ། །དེའི་ཚེ་དེའི་ཕྱིར་འདུས་ཤིང་ཚོགས་ནས་འཕྲད་པའི་བྱ་བས་དེ་ཟད་པར་སྡོམ་ཞིང་མི་དམིགས་པ་ཉིད་ཀྱིས་རྣམ་པར་གཞག་པ་ཡིན་པས་འདུ་བའོ། །སྨྲ་བ་ནི་ཞེས་པ་ནི་སྨྲ་བ་རྩའི་རྒྱུན་ནོ། །དེ་འགྲོ་ཞིང་འདུ་བ་ཡིན་
ནོ་ཞེས་པའི་དོན་ཏོ། །ཕྲེང་བ་མངོན་པར་བཏང་བྱས་ནས། །དམ་ཚིག་ལ་གནས་བརྟུལ་ཞུགས་བཟང་། །ཕྲེང་བ་མངོན་པར་བཏང་ཞེས་པ་ནི་མེ་ཏོག་གི་ཕྲེང་བ་ཀུན་ལས་སོ། །བཏང་བ་ནི་གཏོང་བའོ། །ཇི་ལྟར་བྱེད་པ་དེ་ལྟར་མངོན་པ་འི་ཚུལ་གྱིས་སོ། །འདིས་ནི་མེ་ཏོག་གི་ཕྲེང་བ་ཐོགས་པའི་
เล่ม ๕ · หน้า 73b
ཚུལ་གྱིས་ཕྱག་རྒྱ་ཉིད་རབ་ཏུ་འཇུག་པར་མངོན་པའི་ཚུལ་དུ་བྱས་ནས་སོ། །དམ་ཚིག་ནི་འདིའི་ཕྱིར་དམ་ཚིག་ལ་འདུ་བའོ། །གནས་པ་ནི་གནས་པར་འགྱུར་བའོ། །ཀྱེ་བརྟུལ་ཞུགས་བཟང་པོ་འདིའི་ཕྱིར་ན་དམ་ཚིག་དང་བརྡ་ཤེས་པར་བྱའོ། །ཡང་ན་ཕྲེང་བ་ནི་རྡོ་རྗེ་འཛིན་པ་དང་ཐ་མི་དད་པའི་
བདག་མེད་མ་དོན་དམ་པའི་བདེན་པའི་རང་བཞིན་ནོ། །དེ་མངོན་པར་བཏང་བ་ནི་ཀུན་ལ་གཏོང་བ་སྟེ་སྤྲོ་བའི་ཚུལ་གྱིས་རྣམ་པར་གནས་ཏེ། ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་དེས་སོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པར་དབྱེར་མེད་པར་བྱས་པས་རྟོགས་པར་བྱེད་པའོ། །མེ་ཏོག་གི་ཕྲེང་བ་
མངོན་པར་བཏང་ནས་དམ་ཚིག་ལ་འདུ་བ་སྟེ། དབྱེར་མེད་ཀྱིས་བྱང་ཆུབ་རྟོགས་པས་སོ། །གནས་པ་ནི་གནས་པར་འབྱུང་བ་གཡོ་བ་མེད་པ་དེ་ཡང་དག་པར་བསྐྱེད་པའོ། །དེ་བས་ན་བརྟུལ་ཞུགས་བཟང་པོ་དམ་བཅའ་བ་བརྟན་པའོ། །དེ་ལྟ་བུའི་རྣམ་པར་རྟོགས་པས་ན། སུས་ཀྱང་བསྐྱོད་པར་མི་
ནུས་ཏེ་བོད་པའི་ཚིག་ཡིན་ནོ། །དེ་ལ་ཕྱི་རོལ་ཞེས་འདུ་བ། །བཟང་པོའི་སྤྱོད་པ་ལ་གནས་པ། །དེ་ལ་འདུ་བར་རྣལ་འབྱོར་མས། །གང་སྨྲས་དེ་དག་ཐམས་ཅད་བྱ། །ཞེས་པ་ལ་མེ་ཏོག་གི་ཕྲེང་བ་བཏང་བར་མངོན་པའི་ཚུལ་གྱིས་འདུ་བའི་བརྡ་བསྟན་ཏོ། །ད་ནི་འདུ་བ་བསྟན་པ་ཀྱེ་
བརྟུལ་ཞུགས་བཟང་པོ་འགྲོ་ཞིང་སོང་། དེ་ལ་འདུ་བར་ནི་དེའི་ཕྱིར་འདུ་བའི་གནས་སུའོ། །ཅི་ཞེ་ན་དེར་འདི་སོང་། གང་དུ་ཞེ་ན། བཟང་བའི་སྤྱོད་ཡུལ་ལ་གནས་པར་རོ། །ལྷའི་རྣལ་འབྱོར་མ་དེར་འདུས་ནས། འདུས་པའི་རྣལ་འབྱོར་མ་རྣམས་ཀྱིས་གང་སྨྲས་པ་འཇིག་རྟེན་པ་དང་
འགལ་བ་དེ་ཐམས་ཅད་ཀྱང་བྱའོ། །བྱ་བ་ཁོ་ན་ཡིན་གྱི་བྱ་བ་མ་ཡིན་པ་ནི་ཅི་ཡང་མེད་དོ། །གྲུབ་པའི་རྣལ་འབྱོར་མ་དང་ཕྲད་པས་ཐམས་ཅད་ཉིད་དུ་དངོས་གྲུབ་སྐྱེ་བར་བྱེད་པ་ཡིན་ནོ། །ཡང་ན་སོང་བ་ནི་ཤེས་པའོ། །ཡེ་ཤེས་ཉིད་ཀྱིས་ངེས་པར་གང་དང་དེ་རུའོ། །དེ་ལྟར་རྣམ་པར་གནས་
པའི་འདུ་བ་བསྡུ་བའོ། །བཟང་པོའི་སྤྱོད་ཡུལ་ཞེས་པ་ནི་བཟང་པོ་མིག་ལ་སོགས་པ་དབང་པོའི་སྤྱོད་ཡུལ་རྣམས་སོ། །མ་བྱང་ཆུབ་ཀྱི་སེམས་རྣམ་པར་ཤེས་པའོ། །ཨ་བདག་མེད་མ་འདི་ཐམས་ཅད་དོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་ཚུལ་བདག་མེད་མ་དང་འབྲེལ་བ་དེ་རྟེན་
เล่ม ๕ · หน้า 74a
པའོ། །འདི་ཐམས་ཅད་རྟེན་དུ་གྱུར་པས་གང་སྒྲིབ་པ་མེད་པའི་རང་བཞིན་ཅན་དེ་འདིར་ཤེས་ཤིང་རིག་པར་གནས་པར་འགྱུར་རོ། །དེའི་ཕྱིར་གཉི་ག་དབྱེར་མེད་པའི་ཡེ་ཤེས་སོ། །འདུ་བ་ནི། མེ་ནི་ཆོས་འབྱུང་དང་ཐ་མི་དད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལེན་ཅིང་
འཛིན་པར་བྱེད་པས་ན། འདུ་བའོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་འདི་དེ་ཐམས་ཅད་འདུ་བ་ཨཾ་ཡིན་ཏེ། ཨ་ཨཾ་ཨཾ་བཅོ་ལྔའི་ཆའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་མ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དེས་དབྱངས་ཡིག་བཅུ་
དྲུག་ཉིས་འགྱུར་རྩ་སུམ་ཅུ་རྩ་གཉིས་དེ་ཉིད་དོ། །གང་ནི་གང་གི་ཕྱིར་རོ། །སྨྲས་པ་ནི་ངག་གི་བྱ་བ་རྫོགས་པར་བྱེད་པའོ། །ནཱ་དའི་བདག་ཉིད་གང་གི་ཕྱིར་རོ། །དེ་ལྟར་རྡོ་རྗེ་དབྱེར་མེད་པའི་རང་བཞིན་ཉིད་ཀྱིས་ཡེ་ཤེས་དེའོ། །ཐམས་ཅད་ནི་ཀུན་གྱི་བདག་ཉིད་དོ། །བྱ་བ་ནི་བྱ་བའི་རང་བཞིན་
གྱིས་དོན་དམ་པ་དང་དབྱེར་མེད་པ་ཉིད་ཀྱིས་ཀུན་རྫོབ་ཁོང་དུ་ཆུད་པར་བྱ་བའོ། །འོ་ན་གལ་ཏེ་དེར་འདུ་བ་རྣལ་འབྱོར་མ་བཟང་མོ་འདུ་བ་དེའི་ཚེ་འདུ་བ་ཉིད་གྲུབ་པ་ཉིད་ཡིན་ན་ཡང་ཅི་འདུ་བའི་གནས་ཉིད་མི་ཤེས་པ་ཡིན་པ་དེ་གསུངས་པ། ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས།
འདུ་བའི་ས་དེ་དུ་ལགས་ཞེས་ཞུས་པའོ། །ཡང་ན་ཧེ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་དབྱེར་མེད་པའི་རང་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཀྱེ་བཅོམ་ལྡན་འདས་ཞེས་པ་འདི་ནི་བོད་པ་ཡིན་ཏེ། ཡང་དག་པའི་ཡེ་ཤེས་
འདིའོ། །དུ་ལགས་ཏེ། ཀ་བདེ་བའི་ཡེ་ཤེས་དེའི་ཕྱིར་འདི་རྟོགས་ཤིང་ཤེས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཡེ་ཤེས་གཉིས་མི་སྲིད་པ་ལས་རྟོག་པ་ཡང་མེད་པའི་དོན་ཏོ། །དེས་ན་འདུ་བའི་གནས་རྣམས་སུ་འདུ་བས་ན་འདུ་བ་སྟེ། བསྡུ་བའི་རང་བཞིན་གྱི་རྣལ་འབྱོར་མ་བདག་མེད་མ་
དེ་ཐོབ་ཅིང་ཁྱབ་པ་ཡིན་པས་འདུ་བ་རྡོ་རྗེ་འཛིན་པའོ། །དེའི་ཕྱིར་གནས་དང་གནས་སུ་གང་དང་གང་རྣམས་སམ་དེ་འདུ་བའི་གནས་རྣམས་སོ། །འདིས་ནི་གང་དེ་ཡང་དག་པའི་ཡེ་ཤེས་ཏེ། བདག་མེད་མ་དང་དབྱེར་མེད་པ་གཉི་གའི་དཀྱིལ་འཁོར་གྱི་བདག་ཉིད་ཡིན་ནོ། །དེ་
เล่ม ๕ · หน้า 74b
ལྟ་བུར་གྱུར་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། ཞུས་པའི་རྗེས་ཐོགས་སུའོ། །ཐུགས་ཀར་གནས་པར་སྦྱར་བ་འདུ་བའི་བདག་ཉིད་འཆད་དེ། གནས་དང་ཉེ་བའི་གནས་ཉིད་དང་། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཙྪནྡོ་ཉེ་བའི་ཙྪནྡོ་དང་། །དེ་བཞིན་འདུ་བ་ཉེ་འདུ་
བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །འདུ་བའི་གནས་ཉིད་འདི་རྣམས་ཐ་དད་བཅུ་གཉིས་སུ་ཕྱེ་བས་རྣལ་འབྱོར་པ་དང་། རྣལ་འབྱོར་མ་རྣམས་དྲུག་པོ་འདི་གཉིས་ཀ་ཀུན་དབང་པོ་དྲུག་དང་། ཡུལ་
དྲུག་གི་རང་བཞིན་ཉིད་ཀྱིས་གཉི་ག་དབྱེར་མེད་པར་བསྐྱེད་པའི་ཡེ་ཤེས་དྲུག་པོ་དེ་རྣམས་ཀྱང་རེ་རེ་ཞིང་ཡང་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་དྲུག་སྟེ། དེ་ལྟར་མི་ཕྱེད་པ་ལ་སོགས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ཐབས་དང་ཤེས་རབ་ཀྱི་རང་བཞིན་དབྱེར་མེད་པས་ས་བཅུ་གཉིས་
རྣམས་སུ་འདུས་ནས་གཉིས་སུ་མེད་པར་འགྱུར་རོ། །གཞན་མཁའ་འགྲོ་མ་བརྒྱད་ནི་གནས་དང་ཉེ་བའི་གནས་དག་གི་དབྱེ་བས་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་དེས་རྐྱང་མ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་གནས་བརྒྱད་རྣམས་སུ་འདུ་བ་ཡིན་ནོ། །མཁའ་འགྲོ་མ་
སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ཉིད་ཀྱི་སྐུ་རྡོ་རྗེ་ཉིད་དེ་བཞིན་གཤེགས་པ་ཡིན་པར་མདོར་བསྟན་པ་དང་རྒྱས་པར་བསྟན་པའོ། །དེ་ཉིད་སོར་མོའི་བརྡས་སུ་དང་ཐ་མི་དད་པའི་ནཱ་ད་རྟོགས་པ་སྐུ་དང་གསུང་དང་ཐུགས་དབྱེར་མེད་པ་ཉིད་ཀྱི་དེ་བཞིན་གཤེགས་པ་དང་མཁའ་འགྲོ་མའི་
བདག་ཉིད་ཀྱི་སྐུའི་ཡེ་ཤེས་ཡིན་ནོ། །ས་བཅུ་གཉིས་སུམ་ཅུ་རྩ་གཉིས་སུ་ཐ་དད་དུ་ཕྱེ་བས་རྟོགས་ནས་འདུ་བས་འདུ་བར་བསྟན་ཏོ། །ཡང་ན་གནས་དང་ཉེ་བའི་གནས་ཞེས་པ་ནི། དེ་བཞིན་གཤེགས་པ་དང་མཁའ་འགྲོ་མའི་གདན་དང་གནས་སོ། །ཞིང་དང་ཉེ་བའི་ཞིང་
ཞེས་པ་ནི། སྐྱེ་བའི་ས་དང་སྐྱེ་བའི་དོན་ཏོ། །དེ་ཉིད་ཀྱང་ཆོས་འབྱུང་དང་ཐ་མི་དད་པའི་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་པའི་དོན་ཏོ། །ཙྪནྡོ་ཉེ་བའི་ཙྪནྡོ་ཧ། །ཞེས་པ་ནི། ཙྪནྡོ་རྣམ་པར་སྦས་པ་དང་སྦས་པ་སྟེ། དངོས་པོ་མེད་པའི་རང་བཞིན་དུ་གྱུར་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །
เล่ม ๕ · หน้า 75a
དེའི་རྟོག་པ་ནི་རྟོག་ཅིང་རྣམ་པར་དཔྱོད་པ་རྟོག་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །འདིས་ནི་འཇིག་པ་བསྟན་པ་ཡིན་ནོ། །འདུ་བ་ཉེ་བར་འདུ་བ་ཞེས་པ་ནི། སྐྱེ་བ་དང་གནས་པ་དང་འཇིག་པ་ཐ་མི་དད་པ་ཉིད་ཀྱིས་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་བཞི་པ་ལྷན་ཅིག་སྐྱེས་
པའོ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །ཅེས་པ་ནི། འཐུང་གཅོད་གྲོང་གི་མཐར་གནས་པ། །ཞེས་བྱ་བ་ལ་སོགས་པའོ། །ཉེ་བའི་འཐུང་གཅོད་ནི་དེ་དང་ཉེ་བའི་མཐའ་སྟེ་བདུན་དུ་དབྱེ་བས་སོ། །བདུན་པ་དེ་རྣམས་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་གཉིས་པོ་
དེ་གཉི་ག་ཡང་དབྱེར་མེད་པའི་ཡེ་ཤེས་ཉིད་ཀྱིས་གཞན་ཡང་ལྔ་སྟེ་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་ཡིན་པ་གང་དེ་བཞི་པ་ལྷན་ཅིག་སྐྱེས་པའི་དེ་གཉི་ག་ཡང་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཡེ་ཤེས་ལྔའི་རང་བཞིན་ནོ། །ཉིད་ཀྱི་སྒྲས་ངེས་པ་ཉིད་ཡིན་ནོ། །དུར་ཁྲོད་ཉེ་
བའི་དུར་ཁྲོད་ཉིད། །ཅེས་པ་ནི། དེ་ཡང་ཨཱ་ལི་ཀཱ་ལིའི་ནཱ་དའི་བདག་ཉིད་དེས་སྤྲོ་བ་དང་བསྡུ་བའི་རང་བཞིན་གྱིས་བདེན་པ་གཉིས་ཀྱི་བདག་ཉིད་འཇུག་པའོ། །འཆད་པར་འགྱུར་བ་ཡང་། དུར་ཁྲོད་ཡི་དགས་འདུས་པ་དང་། །ཞེས་པའོ། །ཡི་དགས་རྡོ་རྗེ་འཛིན་པའོ། །དེ་ཡང་
འདུས་པ་ནི་ཚོགས་པའི་བདག་ཉིད་དོ། །དེ་ལྟར་ས་བཅུ་གཉིས་པོ་གནས་བཅུ་གཉིས་པོ་འདི་རྣམས་སོ། །ཡང་ན་འདི་རྣམས་ནི་ཡེ་ཤེས་འདི་དེ་འདི་རྣམས་ལ་ཡོད་པས་འདི་རྣམས་ནི་དེ་བཞིན་གཤེགས་པའོ། །ས་ནི་ཆོས་འབྱུང་གི་རང་བཞིན་ནང་རིམ་ལ་གནས་པའི་མཁའ་
འགྲོ་མ་ལྔ་ཡིན་ནོ། །དེ་བཞིན་གཤེགས་པ་དང་མཁའ་འགྲོ་མའི་རང་བཞིན་གྱི་ཕུང་པོ་ལྔའོ། །དེ་ཉིད་བཅུ་གཉིས་སོ། །དེ་བས་ན། ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདིས་ནི་གཞན་གྱི་བརྗོད་མི་བྱ། །ཞེས་པ་ལ། །འདི་ཉིད་ཀྱིས་ཕུང་པོ་ལྔའི་བདག་ཉིད་ཀྱི་དེ་བཞིན་
གཤེགས་པ་དང་མཁའ་འགྲོ་མ་རྣམ་པར་དག་པས་ས་བཅུའི་དབང་ཕྱུག་གོ། །དེ་ཉིད་མགོན་པོ་སྟེ། འཇིག་རྟེན་གསུམ་གྱི་བླ་མའི་རང་བཞིན་གཉིས་སུ་མེད་པའི་ཕྱིར་མ་ནིང་དུ་ཡང་བསྟན་ཏོ། །ནཱད་དང་འབྲེལ་པའི་རང་བཞིན་གྱི་བྱ་བས་ཟུང་དུ་འཇུག་པ་ཐོབ་པ་ཡིན་ནོ། །སླར་ཡང་
เล่ม ๕ · หน้า 75b
གཞན་ཐ་དད་པའི་རང་བཞིན་གྱིས་མ་ཡིན་པར་དབྱེར་མེད་པའི་རང་བཞིན་འདིས་མཁའ་འགྲོ་མ་དང་དེ་བཞིན་གཤེགས་པ་ཡིན་ནོ། །ཡང་ན་ས་བཅུའི་དབང་ཕྱུག་ནི། མིག་ལ་སོགས་པའི་རྣམ་པར་དག་པ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་རང་བཞིན་འདི་རྣམས་ཉིད་ཀྱིས་
གནས་དང་ཉེ་བའི་གནས་ལ་སོགས་པ་བསྟན་ཏོ། །གཞན་ནི་མ་ཡིན་ནོ། །མགོན་པོ་ནི་སླར་ཡང་འགྲོ་བའི་བླ་མ་སངས་རྒྱས་སོ། །གཞན་གྱིས་བཅུ་གཅིག་པ་བསྟན་ཏོ། །མགོན་པོ་ནི་རྡོ་རྗེ་འཛིན་པའོ། །གཞན་གྱིས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་འབྲེལ་པས་བཅུ་གཉིས་པ་
བསྟན་ཏོ། །འདིས་ནི་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་དང་ས་བཅུ་གཅིག་གི་དབང་ཕྱུག་སངས་རྒྱས་དང་། ས་བཅུ་གཉིས་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པ་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་ལྔ་དང་གཟུགས་ལ་སོགས་པ་ཡུལ་ལྔ་རྣམ་པར་དག་པས་བཅུ་ཐམ་
པ་དང་། གཉི་གས་བསྐྱེད་པའི་ཡེ་ཤེས་བཅུ་གཅིག་དང་། ཡེ་ཤེས་མྱོང་བའི་མཚན་ཉིད་བཅུ་གཉིས་པ་དེ་བསྣན་པ་རྡོ་རྗེ་འཛིན་པ་ཡིན་ནོ། །ཡང་ན། ས་བཅུ་དབང་ཕྱུག་མགོན་པོ་ཉིད། །ཅེས་པ་ལ་མགོན་པོ་ནི་རྡོ་རྗེ་འཛིན་པ་ཧེ་རུ་ཀའི་རྣམ་པའོ། །ས་བཅུའི་དབང་ཕྱུག་ནི། འདི་
རྣམས་ཉིད་ཀྱིས་གནས་ལ་སོགས་པའི་གནས་ས་བཅུའི་རང་བཞིན་བསྟན་ཏོ། །ཅིས་ཁྱད་པར་འཕགས་ཤེ་ན། གནས་གཞན་ཐ་དད་པ་མ་ཡིན་པས་ས་བཅུར་བཞུགས་པ་ཁོ་ནའི་གནས་གཉིས་ཡིན་ནོ། །ས་བཅུ་གཉིས་པ་ཐ་མི་དད་པས་གནས་དང་ཉེ་བའི་གནས་ལ་སོགས་
པའི་གནས་བཅུ་གཉིས་པོ་རྣམས་ཀྱི་བཅུ་གཉིས་ཉིད་ས་བཅུའོ། །དེ་ལ་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་འཕྲོ་བ་དང་། འོད་བྱེད་པ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་
ཀྱི་སྤྲིན་ནོ། །ས་དང་པོ་རབ་ཏུ་དགའ་བ་ཞེས་ཇི་ལྟར་འདི་ལ་བརྗོད་ཅེ་ན། འགྲོ་བའི་དོན་བྱེད་པ་དང་། རྗེས་སུ་འབྲེལ་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བརྙེས་ནས་ཕྱག་རྒྱ་ཆེན་པོའི་དགའ་བ་དང་བདེ་བ་ཐོབ་པས་ན་རབ་ཏུ་དགའ་བ་ཞེས་བརྗོད་དོ། །ཆགས་པ་ལ་སོགས་
เล่ม ๕ · หน้า 76a
པའི་ཚུལ་ཁྲིམས་འཆལ་བའི་དྲི་མ་ཀུན་དང་བྲལ་ནས་དྲི་མ་མེད་པ་ཐོབ་པས་དྲི་མ་མེད་པ་ཞེས་བརྗོད་དོ། །ཡེ་ཤེས་ཀྱི་སྣང་བ་ཚད་མི་ཤེས་པའི་བུད་ཤིང་བསྲེག་པའི་རང་བཞིན་དེས་འོད་འཕྲོ་བ་ཞེས་བརྗོད་དོ། །དེ་རྣམས་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་
བསྒོམ་པས་ཉོན་མོངས་པ་དང་བྲལ་བའི་དབང་བསྒྱུར་བ་ཐོབ་པས་སྦྱང་དཀའ་བ་ཞེས་བརྗོད་དོ། །རྗེས་སུ་འཇུག་པའི་འདུ་བྱེད་མངོན་དུ་བྱེད་པ་བསྒོམ་ཞིང་མཚན་མ་སྣ་ཚོགས་ཡིད་ལ་བྱེད་པ་མེད་པར་ས་མངོན་དུ་གྱུར་པ་ཐོབ་པས་མངོན་དུ་གྱུར་པ་ཞེས་བརྗོད་དོ། །རྟག་ཏུ་མཚན་མ་ཡིད་ལ་
བྱེད་པ་ལས་རིང་དུ་ཞུགས་པར་དབང་ཐོབ་པས་ན་རིང་དུ་སོང་བ་ཞེས་བརྗོད་དོ། །མཚན་མ་དང་མཚན་མ་མེད་པ་དག་དང་ལྷུན་གྱིས་གྲུབ་པ་དང་ལྷུན་གྱིས་མ་གྲུབ་པ་ཀུན་ནས་ཉོན་མོངས་པ་ལ་དབང་བས་ལས་ཀྱི་རླུང་ལ་སོགས་པ་རྣམས་ཀྱིས་ཀྱང་གཡོ་བར་མི་ནུས་པས་ན་མི་གཡོ་བ་ཞེས་བརྗོད་དོ། །
རྣམ་པ་ཐམས་ཅད་ཀྱི་ཆོས་སྟོན་པ་ལ་དབང་བས་ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་རྒྱ་ཆེན་པོ་བརྙེས་པ་ཐོབ་པས་ན་ལེགས་པའི་བློ་གྲོས་ཞེས་བརྗོད་དོ། །སྤྲིན་རུམ་མཐུག་པོ་ལྟ་བུའི་ཆོས་ཀྱི་མཛོད་ཀྱིས་ཁམས་གསུམ་ཀུན་དུ་སོན་པ་ནམ་མཁའ་ལྟ་བུའི་སེམས་ཅན་གྱི་ཁམས་རྣམས་ལ་ཆོས་ཀྱི་ཆར་གྱིས་
ཚིམ་པར་བྱེད་པས་ཆོས་ཀྱི་སྤྲིན་ཞེས་བརྗོད་དོ། །ཤིན་ཏུ་ཕྲ་མོའི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ལས་ཆགས་པ་མེད་ཅིང་མི་ཤིགས་པའི་ཤེས་བྱ་རྟོགས་པ་ཐོབ་པས་ན་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཞེས་བརྗོད་དོ། །ཉོན་མོངས་པའི་བག་ཆགས་མ་ལུས་པ་སྤངས་པ་ལས་རྣམ་པ་ཐམས་
ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་ཐོབ་པས་ན་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་ས་ཞེས་བརྗོད་དོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རྣམས་ནི་མོས་པ་སྤྱོད་པའི་རང་བཞིན་ཡིན་ལ། མོས་པ་སྤྱོད་པ་རྣམས་ཀྱང་རྒྱུར་གྱུར་པས་འབྲས་བུར་གྱུར་པའི་སངས་རྒྱས་ཀྱི་ས་ལ་བཞུགས་པ་ལས་
སོ་སོ་མ་ཡིན་པས་སོ། །འབྲས་བུར་གྱུར་པའི་སངས་རྒྱས་ཀྱི་ས་ཡང་འབྲས་བུར་གྱུར་པ་རྡོ་རྗེ་འཛིན་པའི་སའི་རྒྱུར་གྱུར་པས་དབྱེར་མེད་པའི་ཕྱིར་མོས་པ་སྤྱོད་པའི་ས་དང་། སངས་རྒྱས་ཀྱི་ས་དང་། རྡོ་རྗེ་འཛིན་པའི་ས་ས་བཅུ་དང་དབྱེར་མེད་པ་ཉིད་ཡིན་ནོ། །ས་བཅུ་དང་དུར་ཁྲོད་དང་ཉེ་བའི་དུར་
เล่ม ๕ · หน้า 76b
ཁྲོད་ནི་དབྱེར་མེད་པ་སྟེ། གནས་དང་ཉེ་བའི་གནས་ལ་སོགས་པ་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུའི་རིམ་པ་ཇི་ལྟ་བར་སྦྱར་བར་བྱའོ། །ས་བཅུ་དབང་ཕྱུག་མགོན་པོ་ཉིད། །མགོན་པོ་རྡོ་རྗེ་འཛིན་པ་དང་གཉི་ག་ཡང་བསྟན་ཏོ། །གཞན་གྱིས་ཐ་དད་པར་སངས་རྒྱས་རྡོ་རྗེ་འཛིན་
པའི་ས་ལས་ཐ་དད་པ་ཉིད་ནི་ས་བཅུ་གཅིག་པ་མ་ཡིན་ནོ། །གནས་དང་ཉེ་བའི་གནས་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའི་དབང་པོ་དང་ཡུལ་རྣམ་པར་དག་པར་བལྟ་བར་བྱའོ། །དུར་ཁྲོད་སངས་རྒྱས་ཀྱིས་ནི། རྣམ་པར་ཤེས་པ་རྣམ་པར་དག་པར་བལྟའོ། །ཉེ་བའི་དུར་ཁྲོད་ནི། རྡོ་
རྗེ་འཛིན་པའི་ས་སྟེ་བདེ་བ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བ་ལས་འདས་པར་ཁོང་དུ་ཆུད་པར་བྱའོ། །འདིར་རྡོ་རྗེ་གསུམ་དང་ཐ་མི་དད་པ་ཉིད་ཀྱིས་སོ། །བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་དང་། རྡོ་རྗེ་འཛིན་པ་རྣམ་ཀུན་ཉིད་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་དང་སངས་
རྒྱས་དང་རྡོ་རྗེ་འཛིན་པ་རྣམས་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་ལ་ཁྱད་པར་ཅི་ཡང་མེད་པ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཛིན་པའོ། །སེམས་དཔའ་ཆེན་པོ་ནི་སངས་རྒྱས་སོ། །དམ་ཚིག་སེམས་དཔའ་ནི་གང་བྱང་ཆུབ་སེམས་དཔའོ། །རྡོ་རྗེ་རིགས་ཀྱི་
རིམ་པར་ཕྱེ་བ་མདོར་བསྟན་པ་དང་རྒྱས་པར་བསྟན་ཟིན་ཏོ། །གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་ནི་དབང་པོ་དང་ཡུལ་རྣམས་སོ། །དུར་ཁྲོད་ནི་ནཱ་དའི་བདག་ཉིད་ཀྱི་ཐུགས་སོ། །ཉེ་བའི་དུར་ཁྲོད་ནི་དེ་ལས་འདས་པའོ། །ཀྱེ་བཅོམ་ལྡན་འདས་གནས་ལ་སོགས་པ་དུ་ལགས་ཞེས་
པ་ནི། གནས་དང་ཉེ་བའི་གནས་ལ་སོགས་པ་བཅུ་གཉིས་བཤད་པ་དེ་དབྱེ་ན་དུ་ལགས་ཞེས་རྡོ་རྗེ་སྙིང་པོས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ནི་ཛཱ་ལནྡྷ་རར་བཤད། །དེ་བཞིན་དུ་ནི་ཨུ་ཌྱན་ཉིད། །གནས་ནི་ཀོ་ལཱ་གི་རི་ཉིད། །དེ་བཞིན་དུ་ཡང་ཀཱ་མ་རཱུ། །འདི་ཉིད་
གནས་ཀྱི་དབྱེ་བ་བཞིའོ། །ཉེ་གནས་མ་ལ་ཝ་ཞེས་བརྗོད། །སིནྡྷུ་ན་ག་ར་ཉིད་དོ། །དེ་ལྟར་ཉེ་བའི་གནས་ཀྱི་དབྱེ་བ་གསུམ་མོ། །ཞིང་ནི་མུ་མཱུ་ནིར་བཤད་དོ། །ཞིང་ནི་བྱེད་པའི་གྲོང་ཁྱེར་རོ། །དེ་བཞིན་དེ་ཝཱི་ཀོ་ཊི་ཞིང་། །ཞིང་ནི་ལྕགས་པའི་བྲང་ཉིད་དོ། །འདི་ནི་ཞིང་གི་དབྱེ་བ་བཞིའོ། །ཉེ་
เล่ม ๕ · หน้า 77a
ཞིང་ཀུ་ལ་ཏ་ཞེས་བརྗོད། །དེ་བཞིན་ཨར་བུ་ཉིད་དང་ནི། བ་ཡི་མཆོད་སྦྱིན་ཁ་བའི་རི། །ཉེ་བའི་ཞིང་ནི་མདོར་བསྡུས་པའོ། །འདི་ནི་ཉེ་བའི་ཞིང་བཞིའི་དབྱེ་བའོ། །ཙྪནྡོ་ཧ་རི་ཀེ་ལ་དང་། །ལན་ཚྭ་རྒྱ་མཚོའི་ནང་སྐྱེས་དང་། །ཞེས་པ་ནི་ཧ་རི་ཀེ་ལ་ཁྱད་པར་དུ་བྱེད་པའོ། །
ལཾ་བཱ་ཀ་དང་ཀཱཉྩི་ཉིད། དེ་བཞིན་སཽ་རཱཥྚ་ཉིད། །འདི་ན་ཙྪནྡོ་ཧའི་དབྱེ་བ་བཞིའོ། །ཉེ་བའི་ཙྪནྡོ་ཀ་ལིངྒ། །གསེར་དང་ལྡན་པའི་གླིང་དང་ནི། །གསེར་གླིང་ཞེས་གང་གྲགས་པ་དེ་ཡིན་ནོ། །ཉེ་བའི་ཙྪནྡོ་ཀཾ་ཀ་ན། །དེ་ལྟར་ཉེ་བའི་ཙྪནྡོ་ཧའི་དབྱེ་བ་གསུམ་མོ། །འཐུང་གཅོད་གྲོང་གི་མཐར་གནས་པ། །
གྲོང་གི་བས་མཐའི་སའོ། །འཐུང་གཅོད་གྲོང་ཁྱེར་གྱི་དང་། ཡང་གྲོང་ཁྱེར་གྱི་བས་མཐའི་སའོ། །ཙ་རི་ཏྲ་དང་ཀོ་ས་ལ། འབིགས་བྱེད་གཞོན་ནུའི་གྲོང་ཁྱེར་རོ། །ཉེ་བའི་འཐུང་གཅོད་དེ་དང་ཉེ་བ་སྟེ་ཙ་རི་ཏྲ་ལ་སོགས་པ་དེ་དང་ཉེ་བར་གྱུར་པའི་ས་ཡང་ཡིན་ནོ། །དེ་ལྟར་འཐུང་གཅོད་དང་
ཉེ་བའི་འཐུང་གཅོད་ཀྱི་རབ་ཏུ་དབྱེ་བ་རྣམས་གང་ཡང་བདུན་དང་དེ་བཞིན་དུ་ཡང་དྲུག་ཉིད་དེ་གྲོང་དང་གྲོང་ཁྱེར་དག་དབྱེར་མེད་པས་དེ་ན་བས་མཐའི་སར་གཅིག་པ་ཉིད་དེ་གང་ལས་ཤེ་ན། མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་པའི་ཚིག་གིས་སོ། །ཀྱེ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དུར་ཁྲོད་ཡི་
དགས་འདུས་པ་དང་། །ཞེས་པ་ནི་དུར་ཁྲོད་ཀྱི་སའོ། །དུར་ཁྲོད་རྒྱ་མཚོའི་འགྲམ་ཉིད་དང་། །སྐྱེད་ཚལ་རབ་ནི་རྫིང་བུའི་འགྲམ། །ཞེས་པ་ནི། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་དབྱེ་བ་བཞིའོ། །ཡང་ན་དུར་ཁྲོད་ཡི་དགས་འདུས་པ་ཞེས་པ་ལ། ཡི་དགས་ནི་རྡོ་རྗེ་འཛིན་པའོ། །དེའི་
འདུས་པ་ནི་ཚོགས་ནས་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པ་ཡིན་པར་མ་ནིང་དུ་བསྟན་ཏོ། །རྒྱ་མཚོའི་འགྲམ་ནི་དེ་ཉིད་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ཆུ་བྱང་ཆུབ་ཀྱི་སེམས་སོ། །དེ་སྟེར་བས་ན་རྒྱ་མཚོའོ། །མཚོ་ནི་ཕྱག་རྒྱ་དང་ལྡན་པའི་རྡོ་རྗེ་འཛིན་ནོ། །དེའི་འགྲམ་ནི་ཕ་མཐའ་
འདི་ཚུན་ཆད་ཉིད་རྡོ་རྗེ་འཛིན་པའོ་ཞེས་པའི་དོན་ཏོ། །དེ་ཡང་སྐྱེད་མོས་ཚལ་ནི་དེ་ལས་བྱུང་བ་སྟེ་སྤྲོ་བའི་རང་བཞིན་ནོ། །དེ་ཉིད་རྫིང་བུའི་འགྲམ་སྟེ། པ་ནི་བྱང་ཆུབ་ཀྱི་སེམས་སོ། །ཨ་ནི་བདག་མེད་མའོ། །དེ་རྙེད་ནས་ཐོབ་པར་བྱེད་པས་ན། རྫིང་བུ་སྟེ་རྡོ་རྗེ་འཛིན་པ་དང་དབྱེར་
เล่ม ๕ · หน้า 77b
མེད་པའི་བདག་མེད་མས་སྡོམ་པའི་རང་བཞིན་ཅན་ནོ། །དེའི་འགྲམ་ནི། ཕ་རོལ་འདི་ཚུན་ཆད་ཉིད་བདག་མེད་མ་ཡིན་ནོ། །བརྗོད་པར་བྱ་བ་ནི། གསལ་བར་བྱེད་པའོ། །དེ་ལྟར་དུར་ཁྲོད་ཀྱི་ས་བདག་མེད་མ་དང་ཐ་མི་དད་པའི་རྡོ་རྗེ་འཛིན་ནོ། །ཉེ་བའི་དུར་ཁྲོད་ནི་རྡོ་རྗེ་འཛིན་པ་དང་དབྱེར་མེད་
པའི་བདག་མེད་མའོ། །གཉི་གའི་བདག་ཉིད་གཉིས་ནཱ་ད་ཕྲེང་གཉིས་ཡིན་ནོ། །དེ་ལྟར་གནས་དང་ཉེ་བའི་གནས་དག་གི་དབྱེ་བ་རྣམ་པ་བདུན་དང་། ཞིང་དང་ཉེ་བའི་ཞིང་དག་རྣམ་པ་བརྒྱད་དང་། ཙྪནྡོ་དང་ཙྪནྡོ་ཧ་དག་ཀྱང་རྣམ་པ་བདུན་དང་། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དྲུག་
དང་། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དག་རྣམ་པ་བཞི་ཡིན་ནོ། །གནས་ལ་སོགས་པ་རྩ་སུམ་ཅུ་རྩ་གཉིས་རྣམ་པར་དག་པས་སུམ་ཅུ་རྩ་གཉིས་ཀྱི་དབྱེ་བས་ཐ་དད་དུ་འགྱུར་རོ། །དེ་ནས་རྐྱང་མ་དང་རོ་མ་དང་། ཀུན་འདར་མ་གསུམ་འོག་དང་སྟེང་དང་བར་ཛཱ་ལནྡྷ་ར་ལ་སོགས་པའི་གནས་
གསུམ་དུ་སོན་པའོ། །མི་ཕྱེད་མ་ལ་སོགས་པ་གསུམ་སྐོར་མ་ལ་ཐུག་པའི་རྩ་ཉི་ཤུ་རྩ་བཞི་མགོ་ནས་གཟུང་བ་མདོམས་ལ་ཐུག་པའི་གནས་ཉི་ཤུ་རྩ་བཞི་རྣམ་པར་དག་པ་ཀཱ་མ་རཱུ་པ་ལ་སོགས་པ་གཞོན་ནུའི་གྲོང་ཁྱེར་ལ་ཐུག་པར་རོ། །འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་དང་། འདོད་
མ་དང་། ཁྱེའུ་དང་། རྩ་ལྔ་ནི་སྙིང་གའི་པདྨར་གནས་པ་བདུད་རྩི་ལྔ་འབབ་པའོ། །དེ་དང་ཉེ་བ་ཞེས་བྱ་བ་ལ་སོགས་པ་རྫིང་བུའི་འགྲམ་གྱི་མཐར་གནས་ལྔ་རྣམས་སོ། །དེ་ལྟར་ས་བཅུ་གཉིས་ཐ་དད་དུ་ཕྱེ་བས་སུམ་ཅུ་རྩ་གཉིས་ཏེ། གནས་སུམ་ཅུ་རྩ་གཉིས་རྣམས་སུ་ཐབས་དང་ཤེས་རབ་
ཀྱི་རང་བཞིན་རྩ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོའི་རང་བཞིན་གྱིས་རྡོ་རྗེ་མཁའ་འགྲོ་མའོ། །སྲིད་གསུམ་ཡོངས་སུ་གྱུར་ནས། སྤྲོ་བ་དང་བསྡུ་བ་ལ་འཇུག་པས་རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བས་མདོར་བསྟན་ནས་རྩའི་འཁོར་ལོའི་རང་བཞིན་རྡོ་རྗེ་རྣལ་འབྱོར་མའི་འདུ་བས་རྒྱས་པར་བསྟན་ཏོ། །
འདིས་ནི་ཕྱི་རོལ་དང་ནང་དག་དོན་དམ་པར་ཐ་དད་པ་རྣམ་ཀུན་དུ་མེད་པར་བསྟན་པ་ཡིན་ནོ། །གནས་འདི་རྣམས་སུ་རྣལ་འབྱོར་མ་འདུ་བ་དེ་སྲིད་དུ་འདུ་བའི་གནས་སུ་བསྟན་པ་ཡིན་ནོ། །དེ་ནས་ལྷ་ཐམས་ཅད་དང་རྣལ་འབྱོར་མ་རྣམས་འདུ་སྟེ་འོན་ཀྱང་ཉི་མ་གང་ལ་དེ་རྣམས་ལེགས་པར་འདུ་བ་
เล่ม ๕ · หน้า 78a
ཡིན་པའི་ཉི་མ་བསྟན་པ། རྣལ་འབྱོར་མ་ཡི་ལེགས་འདུ་བའི། །ཉིན་པར་ཉིད་ཀྱང་རབ་བཤད་བྱ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྣལ་འབྱོར་མ་རྒྱུད་དགྱེས་རྡོ་རྗེ། །ཀྱེ་བཅོམ་ལྡན་འདས་ཞེས་རྡོ་རྗེ་སྙིང་པོ་སྡུད་པ་པོ་ཡིན་པའི་ཕྱིར། རྡོ་རྗེ་སྙིང་པོས་བཅོམ་ལྡན་
འདས་ཉིད་ལ་མངོན་པར་བཏུད་ནས། ཉི་མ་བསྟན་པར་བྱ་བའི་ཕྱིར་ཞུས་པ། ཀྱེ་བཅོམ་ལྡན་འདས་ཉི་མ་ཡང་ཁོ་བོ་ལ་བཀའ་སྩལ་དུ་གསོལ། ཅིས་ཁྱད་པར་དུ་འཕགས་ཤེ་ན། རྣལ་འབྱོར་མའི་ལེགས་འདུ་བའོ། །གང་དུ་ཞེ་ན། དགྱེས་པའི་རྡོ་རྗེར་རོ། །ཅིས་ཁྱད་པར་འཕགས་ཤེ་ན།
རྣལ་འབྱོར་མ་རྒྱུད་དོ། །ཅིའི་དོན་དུ་ཞེ་ན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་རོ། །འགྲོ་བའི་དོན་ཞེས་བསྟན་པའོ། །ཉི་མ་གང་ལགས། ཡི་དགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། །རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །ལན་བདུན་པ་ཡང་བཟའ་བར་བྱ། །ཉི་མ་ཉི་མ་
དུ་ཡིན། གང་ལ་རྒྱལ་མཚན་ཏེ་དཔྱངས་པའོ། །མཚོན་བསྣུན་ཏེ་གཡུལ་ངོར་བསད་པའོ། །ཅིར་འགྱུར་ཞེ་ན་ལན་བདུན་པའོ། །སྐྱེ་བ་བདུན་པ་གང་གི་གྲིབ་མའང་བདུན་དུ་གྱུར་པའོ། །དེ་ལྟ་བུར་གྱུར་པའི་སྐྱེས་བུ་ཉི་མ་གང་ལ་བཟའ་བ་དེའི་ཉི་མ་ནི་ཡི་དགས་ཟླ་ཕྱེད་བཅུ་བཞི་དང་ངོ་། །དེ་ལ་
ནི་ཟླ་ཕྱེད་དེ་ལའམ་ཚེས་བརྒྱད་དེ་ལའོ། །ཡང་ན། ཉིན་པར་ཉིད་ཀྱང་རབ་བཤད་བྱ། །ཞེས་པ་ནི་ཉི་མ་ནི་རྡོ་རྗེ་འཛིན་པའོ། །དེ་ཉིད་བཤད་པར་བྱ་ནི་ཤིན་ཏུ་གསལ་བར་བྱེད་པའོ། །རྣལ་འབྱོར་མ་ཡི་ལེགས་འདུ་བ། །ཞེས་པ་ནི། རྣལ་འབྱོར་པ་བཅོ་ལྔ་སྟེ། བདག་མེད་མ་ལ་སོགས་
པའི་མཁའ་འགྲོ་མ་དེ་རྣམས་དང་བདེ་བར་སེམས་ཁྲལ་མེད་པར་བདག་ཉིད་གང་དེ་རུའོ། །འདིའི་ཕྱིར་ན་རྡོ་རྗེ་འཛིན་པ་དང་མཁའ་འགྲོ་མ་ཐ་དད་པ་མེད་དོ། །གང་དུ་དེ་ལས་ཤེ་ན་དགྱེས་པའི་རྡོ་རྗེ་སྟེ་གཉིས་མེད་དུ་རྟོགས་པའོ། །དེ་ཉིད་ཇི་ལྟར་ཡིན་པ་གསུངས་པ། རྣལ་འབྱོར་མ་རྒྱུད་དུའོ། །
འདི་ལ་རྣལ་འབྱོར་ཡོད་པས་ན་རྣལ་འབྱོར་མ་སྟེ། དེ་རྣམས་བྱེ་བྲག་ཏུ་བཤད་པའི་དགྱེས་པའི་རྡོ་རྗེ་གཉི་ག་དབྱེར་མེད་པ་ཉིད་ཀྱིས་བྱེ་བྲག་ཏུ་བཤད་པའི་ཕྱིར་རོ། །ཅིའི་དོན་དུ་ཡིན་པ་གསུངས་པ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཀུན་ནི་རྡོ་རྗེ་འཛིན་པ་སྟེ་ཀུན་ལ་ཁྱབ་པའི་ཕྱིར་གཉིས་སུ་
เล่ม ๕ · หน้า 78b
མེད་པའོ། །སེམས་ཅན་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་དོ། །སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སེམས་ཅན་ཀུན་ཏེ་དོན་དེ་ཉིད་དོ། །དོན་དམ་པའི་རྡོ་རྗེ་འཛིན་ནོ། །དེ་ཉིད་ཀྱི་ཕྱིར་ནི་རྒྱུ་དེ་ཉིད་ཀྱི་ཕྱིར་རོ། །ཀྱེ་བཅོམ་ལྡན་འདས་ཞེས་པ་ནི་བོད་པའི་
ཚིག་སྟེ་ཡང་དག་པའི་ཡེ་ཤེས་སོ། །གང་ལས་དུ་ཞེ་ན། ཀ་ནི་བདེ་བ་ཆགས་པའི་མཚན་ཉིད་དོ། །ཨི་དེ་ནི་འདས་ཏེ་ཆགས་པ་མེད་པ་ཐོབ་པའོ། །དེ་ཡང་ཉི་མ་ནི་ཉི་མ་རྡོ་རྗེ་འཛིན་ནོ། །ཨ་བདག་མེད་མའོ། །གཉི་གའི་མཐའ་མ་ཚེག་དྲག་ཨ་དེ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་ཞེས་པའི་དོན་ཏོ། །
ཡི་དགས་ཟླ་ཕྱེད་ནི་ཕྱོགས་ལས་འདས་པའོ། །བཅུ་བཞི་ནི་ཨ་ཨཾ་ཨཾ་སྟེ། ཨ་ནས་བཟུང་བའི་ཨཾ་གྱི་བར་གྱི་བཅུ་བཞིའོ། །ལུགས་ལས་བཟློག་པས་ཨ་ནས་བཟུང་ནས་ཨཾ་ལ་ཐུག་པ་བཅུ་བཞིའོ། །ཐོག་མ་དང་ཐ་མ་གཉི་གའི་དབྱེ་བས་ཨ་བཅུ་བཞི་སྟེ། དེ་རྣམས་བཅོ་ལྔ་ཉིད་མཁའ་
འགྲོ་མ་ཡིན་ནོ། །བཅུ་བཞི་ཡང་ཡིན་ལ་ཨཾ་ཡིན་པས་ན་བཅུ་བཞི་སྟེ། མཁའ་འགྲོ་མ་བཅོ་ལྔ་འདུས་པ་ཉིད་ཕྱོགས་ལས་འདས་པའི་རྡོ་རྗེ་འཛིན་པ་ཞེས་པའི་དོན་ཏོ། །དེ་ལྟ་བུར་གྱུར་པས་བརྒྱད་དེ། མ་བྱང་ཆུབ་གྱི་སེམས་སོ། །ཡ་རླུང་ངོ་། །ཨཾ་རྡོ་རྗེ་མཁའ་འགྲོ་མ་ཡིན་པས་པ་རྡོ་རྗེ་གསུམ་
མོ། །བརྒྱད་ཁྱབ་པའོ། །པ་རྡོ་རྗེ་གསུམ་མོ། །གང་དེས་ན་བརྒྱད་པ་རྡོ་རྗེ་འཛིན་པའོ། །འདིར་དེ་ལ་སོགས་པའི་ཕྱོགས་སྤངས་པ་མཁའ་འགྲོ་མའི་རང་བཞིན་ཁྱབ་པའི་རྡོ་རྗེ་གསུམ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་འཛིན་པ་གཞན་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་ན་ཡི་དགས་ཟླ་ཕྱེད་ནི་བདག་
མེད་མའོ། །བཅུ་བཞི་ནི་མཁའ་འགྲོ་མ་བཅུ་བཞིའོ། །དེ་ནི་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་རོ། །བརྒྱད་པ་ཡང་དེ་བཞིན་དུའོ། །ཡང་ན་ཡི་དགས་ཟླ་ཕྱེད་ནི་རྡོ་རྗེ་འཛིན་པའི་ཕྱོགས་མཁའ་འགྲོ་མ་བརྒྱད་པོ་དེའི་རང་བཞིན་གྱི་དཀྱིལ་འཁོར་ཏེ་རྡོ་རྗེ་འཛིན་པ་དང་བདག་མེད་
མ་དབྱེར་མེད་པའི་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །རྒྱལ་མཚན་ནི་མཚན་མ་སྟེ་ཆགས་པའི་མཚན་ཉིད་དོ། །དེའི་མཚོན་ཆ་ནི་ཆ་མེད་པར་བྱས་པ་དེའོ། །བསྣུན་པ་ནི་ཅི་ཡང་མེད་པའོ། །དེ་བཟའ་བར་བྱ་བ་ནི་ཆ་མེད་པར་རྟོག་པ་ཡང་དེ་ལ་མེད་པའོ། །གང་ལས་ཤེ་ན། ལན་བདུན་པ་
เล่ม ๕ · หน้า 79a
ཉིད་གང་སྟེ། དྲུག་པ་རྡོ་རྗེ་འཛིན་པ་ལས་འདས་པའི་ལན་བདུན་པ་ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་པའི་དོན་ཏོ། །འོ་ན་ཆགས་པ་དང་བྲལ་ཞིང་ཀུན་དུ་རྟོག་པ་ཀུན་ཡོངས་སུ་སྤངས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཡང་མེད་པར་འགྱུར་བ་ཡིན་
པ་དེ་གསུངས་པ། འབད་པས་སྙིང་རྗེ་བསྐྱེད་ནས་ནི། །མཁས་པས་གསད་པར་བྱ་བ་ཡིན། །ཞེས་པ་སྨོས་ཏེ། སྙིང་རྗེ་ཞེས་པ་ནི། ཆགས་པའི་མཚན་ཉིད་རྣམ་པར་དག་པའོ། །འབད་པས་བསྐྱེད་པ་ནི། འབད་པས་བླ་མའི་དུས་ཚིགས་ཀྱི་རིམ་པས་སོ། །མཁས་པས་གསད་པར་བྱ་བ་
ཡིན། །ཞེས་པ་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བྱེད་པས་སོ། །རིག་པས་ཞེས་པ་དཀྱུས་གཞན་ན་ཡོད་ཀྱང་དེའི་དོན་ཡང་འདི་ཡིན་ཏེ། རིག་ཅིང་ཤེས་ཞེས་པའོ། །དེ་ཉིད་ཤེས་པར་གྱུར་པས་ངེས་པ་དང་ལྡན་པ་ཡིན་པའི་དོན་ཏོ། །ཡང་ན་འབད་པས་སྙིང་རྗེ་བསྐྱེད་པའི་མཁས་པས་
གསད་པར་བྱ་བ་ཡིན་ཞེས་པའི་དོན་ནི་འདི་ཡིན་ཏེ། དཔྱངས་པའི་རོའམ་གཡུལ་ངོར་བསད་པ་ཁ་ན་མ་ཐོ་བ་མེད་པར་གྱུར་པ་བསྒྲུབ་པའི་དོན་དུ་བཟའ་བར་བྱའོ། །གལ་ཏེ་སྐྱེ་བ་བདུན་པ་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དེ་ཅི་གྲུབ་པའི་དོན་དུ་བསད་ནས་མི་ཟའམ་ཞེ་ན། དེའི་དོན་གསུངས་པ། ཁ་ན་
མ་ཐོའི་སྐྱོན་མེད་ཉིད། །བསད་ནས་ཀྱང་ནི་བཟའ་བར་བྱ། །གང་ལས་ཤེ་ན། འབད་པས་སྙིང་རྗེ་བསྐྱེད་པ་ཡིས་སོ། །འབད་པ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་ལྷའི་རང་བཞིན་གྱིས་མི་བསྐྱོད་པ་ལ་སོགས་པའི་རིགས་སུ་དེའི་ཤེས་པ་ཁྱེར་ནས་མི་བསྐྱོད་པའི་རང་བཞིན་དུ་རྫོགས་པས་ན།
སེམས་ཅན་དེའི་ཁ་ན་མ་ཐོ་བའི་སྐྱོན་མེད་པ་ཡིན་ཏེ་འབད་པས་སོ། །སྙིང་རྗེའི་ཐབས་དང་ལྡན་པའི་རྣལ་འབྱོར་པ་ལ་གསོད་པ་ཞེས་པའི་སྐྱོན་མེད་པའི་དོན་ཏོ། །འོ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བ་ལ་མཁའ་སྤྱོད་ཀྱི་དངོས་གྲུབ་དེ་ལ་དགོས་པ་ཅི་ཡོད་ཅེས་པའི་དོགས་པ་གལ་ཏེ་ཡོད་
ན། །དེ་ལྟ་ན་ཡང་སྙིང་རྗེའི་དབང་གིས་གསད་པར་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། གང་དེར་རྣལ་འབྱོར་པ་འདུ་བ་དང་གང་རྣལ་འབྱོར་མ་རྣམས་འདུ་བ་དེ་རྣམས་ཅི་གདོན་མི་ཟ་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ལྷག་པར་མོས་པར་གྱུར་པ་ཡིན་ནམ། ཅི་ཡིན་དུ་ཆུག་ཀྱང་སེམས་ཅན་མོས་པ་སྣ་
เล่ม ๕ · หน้า 79b
ཚོགས་པའི་ཕྱིར། མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ལ་མོས་པའི་སེམས་ཅན་ཀྱང་དེར་འདུའོ། །དེ་བས་ན་དེའི་དོན་དུ་ཡང་སྐྱེ་བ་བདུན་བ་བསྒྲུབ་པའི་ཟས་ཀྱང་ཉེ་བར་དགོས་པ་ཡིན་ནོ། །དེ་ཡང་སྙིང་རྗེའི་བདག་ཉིད་ཀྱིས་བསད་ནས་ཀྱང་བཟའ་བར་རིགས་པ་ཡིན་ནོ། །ཡང་ན་འདི་ནི་ལྟ་བ་
གཞན་ལ་རྣམ་པར་གནས་པ་རྣམས་ཀྱི་གཞུག་པའི་ཚིག་ཡིན་ཏེ། གང་ལས་ཤེ་ན། འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །མཁས་པས་གསད་པར་བྱ་བ་ཡིན། །བདག་ཉིད་སྡུག་བསྔལ་ལས་བསྒྲལ་བར་འདོད་པ་དང་། བདག་ཉིད་བདེ་བ་འདོད་པས་འཇུག་པའོ། །འབད་པས་ནི་རྣམ་པ་སྣ་
ཚོགས་ལ་བརྟེན་ནས་སོ། །གང་གིས་གསོད་པར་བྱེད་པ་དེ་ཅི་མཁས་པ་མ་ཡིན་ཏེ། མཁས་པའི་མངོན་པའི་ང་རྒྱལ་མི་ཤེས་པ་ཉིད་ཡིན་ཏེ། རང་གི་བདེ་བ་ཙམ་ལ་གཞོལ་བའི་ཕྱིར་རོ། །ཁྱོད་ཅག་དེ་རྣམས་ཀྱིའོ། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ། །སྙིང་རྗེ་མེད་
ན་ཞེས་པ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བསྒྲལ་བར་འདོད་པ་དེ་རྣམས་ལ་མེད་པས་ན་སྙིང་རྗེ་མེད་པ་ཞེས་བརྗོད་དོ། །དེ་མི་འགྲུབ་པ་ནི་དེ་རྣམས་ཕྱག་རྒྱའི་དངོས་གྲུབ་མི་འགྲུབ་པའོ། །དེ་བས་ན་སྙིང་རྗེ་བརྩེ་བ་བསྐྱེད་པར་བྱའོ། །ཉེ་བའི་སྒྲས་ཉེ་བའི་དོན་ཡིན་པའི་
ཕྱིར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་གཟུང་བར་བྱ་བའི་ཆོས་ལ་དམིགས་པ་ནི་མ་ཡིན་ནོ། །ཡང་ན་སྙིང་རྗེ་ཞེས་པ་ནི་དམིགས་པ་མེད་པའི་རང་བཞིན་དེ་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེའོ། །དེ་མེད་པ་ནི་སྙིང་རྗེ་མེད་པའོ། །མི་འགྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་མི་འགྱུར་
བའོ། །དེའི་ཕྱིར་སྙིང་རྗེ་བསྐྱེད་པར་བྱ་བ་ནི་རྒྱུ་དེ་ཉིད་ཀྱིས་ན་རྡོ་རྗེ་འཛིན་པ་བསྐྱེད་པར་བྱའོ། །གདུག་པ་ཐམས་ཅད་གཞུག་བྱ་སྟེ། །ཆོ་གའི་གཙོ་བོས་རབ་ཏུ་བསྒྲུབ། །གདུག་པ་ཅན་ཞེས་པ་ནི་མི་དགེ་བའི་སྡུག་བསྔལ་དེ་དང་ལྡན་པས་ན་གདུག་པ་ཅན་ནོ། །དེ་རྣམས་ཉིད་གཞུག་པར་བྱ་བའི་ཕྱིར།
འདིར་དགེ་བ་ལ་འཇུག་པའི་ཕྱིར་གསད་པ་ལ་སོགས་པ་འདི་ཀུན་བྱའོ། །དེ་ཡང་ཆོ་ག་ཉིད་དོ། །གཙོ་བོ་ནི་གཙོ་བོར་རོ། །དེའི་རྒྱུ་ཉིད་ཀྱིས་འགྲུབ་བོ། །རབ་ཏུ་བསྒྲུབ་པ་གསད་པ་ལ་སོགས་པར་འགྱུར་བའོ། །དེ་ལ་འདི་ལྟར་བལྟ་བར་བྱ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་
เล่ม ๕ · หน้า 80a
རབ་བརྟག་པར་བྱ། །དེ་བས་ན་ཐབས་ལ་མཁས་པ་རྣམས་ཀྱིས་འཇིག་རྟེན་པ་དང་འགལ་བ་ཡང་གང་། དེ་འཇིག་རྟེན་ལས་འདས་པ་སྐྱེད་པ་ཡིན་ནོ། །འཇིག་རྟེན་ལས་འདས་པ་ཡང་གང་དེ་འཇིག་རྟེན་པ་ཉིད་དུ་འཁོར་བར་འཇུག་པ་ཡིན་ནོ། །ཉིན་མོ་རབ་ཏུ་གསལ་
བའི་མཚན་ཉིད་ཀྱི་ཡོན་ཏན་ནོ། །དེ་རྡོ་རྗེ་ཅན་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་ནོ། །མཚན་མོ་ནི་ནུབ་མོ་སྟེ་མུན་པའི་རང་བཞིན་ཅན་གྱི་སྐྱོན་ནོ། །དེ་ནི་ཤེས་རབ་པོ། །སྐྱོན་དང་། ཡོན་ཏན་རྡོ་རྗེ་འཛིན་པ་དང་། བདག་མེད་མའི་རང་བཞིན་དག་ཡིན་ཏེ། དེའི་ཕྱིར་ཡོན་ཏན་ཉིད་སྐྱོན་ལ་སྐྱོན་ཉིད་
ཡོན་ཏན་ཏེ་གཉི་ག་དབྱེར་མེད་པ་ཡིན་ནོ། །འདིས་ཅི་བསྟན་ན། ཐབས་ལ་མི་མཁས་པའི་མུ་སྟེགས་པ་རྣམས་ཀྱི་ཡོན་ཏན་དགེ་བ་ཉིད་སྐྱོན་དུ་འགྱུར་བ་ཡིན་ནོ། །ཐབས་ལ་མཁས་པ་རྣམས་ཀྱི་ཡང་སྐྱོན་ཉིད་ཡོན་ཏན་དུ་འགྱུར་བའོ། །འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །མཁས་པས་
གསད་པར་བྱ་བ་ཡིན། །ཞེས་གང་བསྟན་པ་དེ་ཐམས་ཅད་ཤིན་ཏུ་དག་པ་ཡིན་ནོ། །ཡང་ན་དེ་ལ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་གཞག་པའོ། །འདི་ལྟར་བལྟ་བའི་འདི་ལྟར་ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་སོ། །ཤེས་པར་བྱ་བ་ནི་ཡེ་ཤེས་ཀྱི་རྣམ་པས་འདི་རྣམ་པར་གཞག་
གོ། །སྙིང་རྗེ་བསྐྱེད་པ་ལས་གཞན་གྱི་དོན་ལ་དབང་བས་གང་གསད་པ་དེ་གཉི་ག་ཡང་དབྱེར་མེད་པ་ཉིད་དུ་བལྟ་བར་བྱའོ། །ཉི་མ་གང་ལགས་ཞེས་གང་གསུངས་པ་དེ་རྒྱས་པར་འཆད་པ་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན་ནི་སྤོ་བའི་བདག་ཉིད་དོ། །མཚན་མོ་ནི་ནུབ་མོ་སྟེ་དེ་ནི་ཤེས་རབ་བོ། །བསྡུ་བའི་
བདག་ཉིད་དོ། །གཉི་གའི་རྟོག་པ་ཡང་རབ་ཏུ་གསལ་བར་བསྟན་པས་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པ་དང་བདག་མེད་མ་དབྱེར་མེད་པའི་ཀུན་དུ་རྟོག་པ་ཡང་མེད་པ་ཡིན་ནོ། །དེ་བས་ན། མི་བྱ་ཅུང་ཟད་ཡོད་མ་ཡིན། །བྱ་བ་ནི་བྱ་བ་ཡིན་པར་འགྱུར་རོ། །བྱ་བ་མེད་པས་བྱ་བ་མ་
ཡིན་པ་ཡང་མེད་དོ། །རྡོ་རྗེ་འཛིན་པ་ནི་རྟོག་པ་ཀུན་ལས་འདས་པའི་ཕྱིར་རོ། །ཡང་ན་དེ་ལ་འདུ་བར་རྣལ་འབྱོར་མས་གང་སྨྲས་དེ་དག་ཐམས་ཅད་བྱ་ཞེས་གང་མདོར་བསྟན་པ་དེའི་རྒྱས་པར་བཤད་པ་འདི་ཡིན་ཏེ། ཅུང་ཟད་ཡོད་མ་ཡིན་ཞེས་པ་འདིས་སོ། །དེ་བས་ན་འཇིག་རྟེན་པ་དང་
เล่ม ๕ · หน้า 80b
འཇིག་རྟེན་ལས་འདས་པའི་འགལ་བ་དང་མི་འགལ་བ་དེ་ལ་ཤེས་པ་མེད་དོ། །ཡིད་ཀྱི་དབང་དུ་གྱུར་པ་དེ་རྣམས་སམ་དེ་རྣམས་ཀྱིའོ། །རྟག་ཏུ་མི་བཟའ་ཡོད་མ་ཡིན། །ཞེས་པ་ནི་དེར་འདུས་པ་རྣམས་ཀྱི་བཟའ་བར་བྱ་བ་མ་ཡིན་པ་ཡང་བཟའ་བར་བྱ་བ་ཡིན་ཏེ། སྐྱེ་བ་བདུན་པའི་སེམས་
ཅན་བཟའ་བ་ཡིན་པ་ན་སྐྱེ་བ་བདུན་པ་ཡང་སྤྱད་པར་བྱའོ། །ཡང་གི་སྒྲས་སེམས་ཅན་གཞན་ཡང་བཟའ་བར་བྱ་བ་ཡིན་ནོ། །གང་སྨྲས་དེ་ཀུན་བཟའ་བར་བྱ་སྟེ། ཀུན་དུ་སྣང་བའི་རང་བཞིན་དེས་སྐུའི་སྐུ་རྡོ་རྗེ་བཟའ་བར་བྱའོ། །དེ་གདོད་མ་ནས་མ་སྐྱེས་པའི་ཕྱིར་མི་བཟའ་བ་མ་ཡིན་ནོ། །དེ་
ལྟར་ལུས་ཀྱི་ཀུན་ཏུ་རྟོག་པ་མེད་པས་དེ་མེད་པའི་རྟོག་པ་ཡང་ཡོད་པ་མ་ཡིན་ནོ། །མི་བཟའ་མིན་ཞེས་པ་མ་ནིང་གི་བསྟན་པའོ། །དེ་བས་ན་རྟག་ཏུ་ནི་དེ་ཡོད་པར་གནས་པའོ། །ཨ་རྡོ་རྗེ་མཁའ་འགྲོ་མའོ། །བདག་མེད་མའི་རང་བཞིན་ཏེ། ལུས་ཀྱི་མངོན་པར་ཞེན་པའི་མངོན་ཞེན་མེད་པ་
ཡིན་ནོ། །འདི་ལ་མི་བསམ་ཡོད་མ་ཡིན། །གང་སྨྲས་པ་དེ་ཐམས་ཅད་བྱ་བ་ཡིན་ཏེ། དེའི་ཕྱིར་འདིར་བསམ་པའམ་མི་བསམ་པ་ཡོད་པ་མ་ཡིན་ནོ། །ཡང་ན་བསམ་དུ་མེད་པ་མ་ཡིན་པ་ནི་བསམ་པར་བྱ་བ་ཡིན་པས་བསམ་པའོ། །སེམས་ཀྱི་ཡུལ་ལོ། །སེམས་དེ་ཉིད་ནི་སེམས་མེད་
པའི་རང་བཞིན་ཡིན་པའི་ཕྱིར་དེའི་ཡུལ་ཡང་མེད་པས་བསམ་པར་བྱ་བ་ཡོད་པ་མ་ཡིན་ནོ། །དེ་མེད་པས་མི་བསམ་པར་བྱ་བ་ཡང་མེད་དོ། །གཉི་ག་དབྱེར་མེད་པའི་ཕྱིར་ན། ཡེ་ཤེས་ཉིད་ཡོད་པས་དེ་ཉིད་རྣམ་པར་གཞག་པར་བྱའོ། །ཇི་ལྟར་ཞེ་ན། འདི་ལྟར་འདིར་ནི་དགྱེས་པའི་རྡོ་རྗེར་
རོ། །བཟང་ངན་མི་སྨྲ་གང་ཡང་མེད། །བརྗོད་པར་བྱ་བ་ནི་བརྗོད་པ་ཚིག་གི་སྤྱོད་ཡུལ་དུ་བྱས་པའོ། །དེ་ནི་ཡང་སེམས་ཀྱི་ཡུལ་ཡིན་པའི་ཕྱིར་སེམས་དེ་ཡང་སེམས་མ་ཡིན་ནོ། །ཚིག་ཉིད་ཀྱང་མེད་དེ། དེའི་དངོས་པོ་མེད་པ་ལས་ཚིག་ཀྱང་མེད་དོ། །དེ་བས་ན་བརྗོད་པ་དང་བརྗོད་པ་མ་ཡིན་
པའི་ཀུན་དུ་རྟོག་པ་མེད་པའི་ཕྱིར་དགེ་བ་དང་མི་དགེ་བ་དང་། མཚན་མ་དང་། མཚན་མ་མེད་པའི་ཀུན་དུ་རྟོག་པ་ཟད་པ་ཉིད་ཡིན་ནོ། །དེ་སྐད་དུ་ཡང་། བྱང་ཆུབ་སེམས་དཔའི་ཀུན་རྟོག་ལ། །གང་ཚེ་དགེ་བའམ་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་རྣམས་ཡིད་དབང་
เล่ม ๕ · หน้า 81a
ཡིན། །དེ་ལྟ་བས་ན་གང་སྨྲས་པ་དེ་ཀུན་བྱ་བ་ཡིན་ཏེ། དེ་ཐམས་ཅད་རྡོ་རྗེ་གསུམ་དབྱེར་མེད་པའི་ཀུན་དུ་རྟོག་པ་ལས་འདས་པ་ཉིད་ཡིན་ནོ། །བཟའ་བ་དང་མི་བཟའ་བའི་ཀུན་ཏུ་རྟོག་པ་ཡོངས་སུ་སྤངས་པས་ལུས་ཀྱི་ཀུན་དུ་རྟོག་པ་ཡོངས་སུ་ཟད་ནས། ལུས་ཀྱི་རྟོག་པ་ཡོངས་སུ་
སྤངས་པའི་བཅོམ་ལྡན་འདས་སོ། །བསམ་པ་དང་མི་བསམ་པའི་རྟོག་པ་ལས་འདས་པའི་ཕྱིར། སེམས་ཀྱི་ཀུན་དུ་རྟོག་པ་ལས་འདས་པའོ། །བརྗོད་པ་དང་མི་སྨྲ་བའི་རྟོག་པ་ཡོངས་སུ་སྤངས་པའི་ཕྱིར། ངག་གི་ཀུན་དུ་རྟོག་པ་དང་བྲལ་བའོ། །དེ་བས་ན་ཀུན་དུ་རྟོག་པ་གསུམ་
ཡོངས་སུ་སྤངས་པའི་ཕྱིར་དེ་ནི་བཅོམ་ལྡན་འདས་སོ། །བདག་དང་གཞན་དུ་ཤེས་པའི་རྣམ་པར་རྟོག་པ་ཡང་མི་བདེན་པ་ཉིད་ཡིན་པར་གསུངས་པ། ཇི་ལྟར་བདག་ཉིད་དེ་བཞིན་གཞན། །ཇི་ལྟར་བདག་ཉིད་ང་དང་གཞན། །ཇི་ལྟར་བདག་ང་ཞེས་པ་ནི་རབ་ཏུ་རྟོགས་པའོ། །དེ་བཞིན་གཞན་
ནི་འགྲོ་བ་རིས་དྲུག་ཀྱང་རབ་ཏུ་ཤེས་པར་བྱའོ། །ཇི་ལྟར་སེམས་ཅན་གཞན་ཞེས་པ་ནི་གཞན་དུ་ཤེས་པའོ། །དེ་བཞིན་དུ་བདག་ཀྱང་གཞན་དུ་ཤེས་པར་བྱའོ། །དེ་ལྟར་རང་དང་གཞན་གཉི་ག་གཞན་དུ་བརྗེས་ནས་གཉི་ག་དབྱེར་མེད་པ་ཉིད་རང་དང་གཞན་གྱི་རྟོག་པ་མེད་པ་ཡིན་ནོ། །ཡང་ན་
ཇི་ལྟར་བདག་ནི་ཡོད་དོ། །ང་ཞེས་པ་ནི། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ང་རྒྱལ་ལོ། །ཇི་ལྟར་སེམས་ཅན་གཞན་ནི་མཆོག་སྟེ་དེ་ཉིད་ཡང་དག་པའི་ཡེ་ཤེས་ཡིན་གྱི་གཞན་མ་ཡིན་པས་ངར་འཛིན་པའོ། །དེ་བཞིན་གཞན་ནི་རྣམ་པར་ཤེས་པ་ཡང་ངོ་། །དེ་ལྟར་ཡུལ་དང་
དབང་པོ་དང་རྣམ་པར་ཤེས་པ་རྣམ་པར་རིག་པར་རྟོགས་པས་ན་ང་སྟེ། ཡི་གེ་ཨ་དང་ཧཾ་གི་རང་བཞིན་གྱི་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ཡེ་ཤེས་དེ་ཉིད་མཆོག་ཡང་དག་པའི་དོན་ཏོ། །འདི་ལྟར་སེམས་པའི་རྣལ་འབྱོར་བདག །བཟའ་དང་བཏུང་བ་ལས་སོགས་བརྩམ། །
ཞེས་བྱ་བའི་རྒྱུ་འདིས་ན། ང་ཉིད་གཞན་ལ་གཞན་ཉིད་ངའོ་ཞེས་བསམ་མོ། །དེ་བས་ན་རྣལ་འབྱོར་བདག་ནི་ཡང་དག་པའི་རྣལ་འབྱོར་ཤེས་པའོ། །བཟའ་དང་བཏུང་བ་ལ་སོགས་ནི། བཟའ་བ་དང་བཏུང་བ་དང་སྟོན་མོ་ལ་སོགས་པ་སྤྱད་པར་བྱའོ། །ཡང་ན་བཟའ་བ་དང་བཏུང་བ་ལ་
เล่ม ๕ · หน้า 81b
སོགས་ནི་བཟའ་བ་ནི་བཟའ་བའོ། །དེའི་བཏུང་བ་ནི་བསྲུང་བའོ། །དེ་ཉིད་ཐོག་མ་དང་པོའི་རྒྱུའོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་སོ། །སྤྱད་པ་ནི་དམིགས་པ་གསད་པས་ཀྱང་བྱའོ། །འབད་པས་སྙིང་རྗེ་བསྐྱེད་པ་ཡིས། བསད་ནས་ཀྱང་སྐྱེ་བ་བདུན་པ་བཟའ་བར་རིགས་པ་ཡིན་ནོ། །གཞན་
གྱི་དོན་དུ་སྤྱོད་པ་ཉིད་ཀྱི་རྣལ་འབྱོར་པ་དེས་བྱ་བ་ཡིན་ནོ་ཞེས་པ་ནི་ལྷག་མའོ། །འཆད་པར་འགྱུར་བ་ཡང་། དེ་ཡི་གྲིབ་མའང་བདུན་དུ་འགྱུར། །དེ་ཡི་ཟོས་པ་ཙམ་གྱིས་ཀྱང་། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་པའོ། །ཡང་ན་རྣལ་འབྱོར་བདག་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་
མེད་པའི་རྡོ་རྗེ་འཛིན་པའོ། །བཟའ་དང་བཏུང་བ་ལ་སོགས་སྤྱད། ཁ་ནི་དབང་བའོ། །ཨཱ་ནཾ་ནི་སེམས་སོ། །དེ་ལྟར་བཟའ་བ་ནི་དབང་པོ་དང་ཤེས་པའོ། །དབང་པོ་དང་ཤེས་པ་ཡང་ཡུལ་ལ་ལྟོས་པའི་ཕྱིར་ཡུལ་དབང་པོ་དང་ཤེས་པ་ཉིད་བཟའ་བ་ཡིན་ནོ། །དེ་བཟའ་བ་དང་བཏུང་བ་གཉི་ག་
ཡང་དབྱེར་མེད་པས་རྣམ་པར་གཞག་པའོ། །བཟའ་བ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །དེའི་དང་པོ་མེད་པ་ནི་སྐྱེ་བ་དང་འཇིག་པ་ལས་རྣམ་པར་གྲོལ་བའོ། །གང་གི་ཕྱིར་མ་ནི་བྱང་ཆུབ་ཀྱི་སེམས་སོ། །ཨ་བདག་མེད་མའོ། །གཉི་ག་དབྱེར་མེད་པའོ། །བརྩམ་པ་ནི་ཐོབ་པ་
སྟེ་གང་བརྙེས་པའོ། །ཡང་དག་པ་རྟོགས་པས་རྡོ་རྗེ་འཛིན་པའི་གོ་འཕང་དུ་རྣམ་པར་གཞག་པར་བྱ་བའི་དོན་ཏོ། །དེ་བས་ན། ཡན་ལག་ཇི་སྙེད་བསྒྱུར་བ་དང་། །ཚིག་རྣམས་རབ་ཏུ་རྒྱས་པ་ཉིད། །ཧེ་རུ་ཀ་དཔལ་གནས་བཞུགས་པས། །དེ་སྙེད་སྔགས་དང་ཕྱག་རྒྱར་བཤད། །དོན་
ནི་འདི་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་ཞེས་བསྟན་པ་དེ་ལུས་དང་ངག་དང་ཡིད་ཀྱིས་བྱེད་དོ། །འདིར་ཡང་བསད་པས་ཀྱང་བྱ་བ་ཡོད་པར་བསྟན་པའི་གསད་པ་གང་ཡང་ལུས་ཀྱིས་སྲོག་གཅོད་པའི་ཕྱིར་ལུས་དང་ངག་དང་ཡིད་ཉིད་ཀྱིས་འགྱུར་ཏེ། ཡང་དག་པའི་ཡེ་ཤེས་ཅན་
གྱི་ཡང་ཐབས་ལ་མཁས་པས་སྲོག་གཅོད་པ་ལ་སོགས་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་བྱ་བ་ཡིན་ནོ། །ཡན་ལག་ཇི་སྙེད་བསྒྱུར་བ་དང་། །ཇི་སྙེད་ནི་རྒྱུན་མ་ཆད་པར་རོ། །ཡན་ལག་བསྒྱུར་བ་ནི་ལུས་ཀྱི་བྱ་བ་དང་འགལ་བ་སྲོག་གཅོད་པ་ལ་སོགས་པའོ། །ཚིག་
เล่ม ๕ · หน้า 82a
རྣམས་རབ་ཏུ་རྒྱས་པར་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་ངག་འཁྱལ་པ་རྣམས་སོ། །དེ་སྙེད་ཅེས་པ་ནི་མཐའ་མེད་པའོ། །སྔགས་དང་ཕྱག་རྒྱར་བཤད་ནི་ཚིག་གི་བརྗོད་པ་སྔགས་དང་ལུས་ཀྱི་བསྒྱུར་བ་ཕྱག་རྒྱར་གང་བསྟན་པ། ཡན་ལག་ཉེད་པ་ཕྱག་རྒྱ་ཡིན། །ཞེས་
བྱ་བ་ལ་སོགས་པའོ། །འདི་ཇི་ལྟར་ཡིན་པ་གསུངས་པ། ཧེ་རུ་ཀ་དཔལ་གནས་བཞུགས་པས་སོ། །དཔལ་ཧེ་རུ་ཀའི་ཡེ་ཤེས་ལ་གནས་པས་སོ། །དེ་ལྟར་མིན་ན་ཐམས་ཅད་ཉིད་མི་དགེ་བསྐྱེད་པ་ཡིན་ནོ། །འོ་ན་དཔལ་ཧེ་རུ་ཀ་ཉིད་ཀྱིས་ཁྱད་པར་དུ་འཕགས་ནས་ཡེ་ཤེས་གང་ལ་
ཐམས་ཅད་ཉིད་དགེ་བར་འགྱུར་བ་ཡིན་པ་དེ་གསུངས་པ། ཤྲཱི་གཉིས་མེད་ཡེ་ཤེས་ཏེ། ཤྲཱིའི་སྒྲའི་དོན་ཏོ། །ཧེ་ཞེས་པ་ནི་ཨི་ཕྱིས་པས་ཧ་ཞེས་པ་རྒྱུ་ལ་སོགས་པ་སྟོང་པའོ། །ཞེས་པའི་སྒྲས་ནི་གང་གི་ཕྱིར་གྱི་དོན་ཏོ། །རྒྱུ་གང་གི་ཕྱིར། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་ནི་གཟོད་མ་ཉིད་ཀྱི་རང་བཞིན་
གྱིས་གང་དེ་ལ་སོགས་པ་སྟོང་པ་ཉིད་དོ། །རུ་ནི་ཚོགས་དང་བྲལ་བ་ཉིད་ནི། རུའི་སྒྲས་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་ཀུན་དུ་སྣང་བའི་མཚན་ཉིད་དོ། །དེ་ཡང་ཚོགས་པ་ནི་རྟོག་པ་དང་དཔྱོད་པ་དང་བྲལ་བའི་ཡེ་ཤེས་གང་ལ་དེའི་ཚོགས་པ་དང་རྣམ་པར་རྟོག་པ་ལས་འདས་
པའོ། །གང་རུ་དང་བྲལ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང་བྲལ་ཞིང་དངོས་པོ་མཐའ་དག་གི་རྟོག་པ་དང་བྲལ་བ་ཞེས་པའི་དོན་ཏོ། །ཀ་ནི་གང་དུ་ཡང་མི་གནས་པའོ། །ཀུན་ལ་ཁྱབ་པས་གནས་ཀྱི་ངེས་པ་མེད་པའི་ཕྱིར་ཡེ་ཤེས་དེ་གང་ན་ཡང་མི་གནས་སོ། །འདིས་ཅི་བསྟན་ན།
སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་རྡོ་རྗེ་གསུམ་དང་དབྱེར་མེད་པ་གང་དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཡེ་ཤེས་ཀྱི་ཡི་གེ་ཤྲཱི་ཡིན་ཏེ། གཉིས་ཀ་ཡང་བསྡུ་བའི་བདག་ཉིད་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་གང་གི་ཡེ་ཤེས་ཉིད་
དཔལ་ཧེ་རུ་ཀ་ཡིན་པས་མ་ནིང་དུ་བསྟན་ཏོ། །གང་དུ་མི་གནས་པའོ་ཞེས་པ་འདིས་ནི་སྟོང་པ་ཉིད་ཀྱི་བྱང་ཆུབ་བོ། །རྒྱུ་སོགས་སྟོང་པ་ཉིད་ཅེས་པ་མཚན་མ་མེད་པའོ། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཅེས་པ་སྨོན་པ་མེད་པའོ། །འདིས་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་ཉིད་ཀྱི་
เล่ม ๕ · หน้า 82b
བཅོམ་ལྡན་འདས་གྲུབ་པ་ཡིན་ནོ། །ཡང་ན། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཅིས་ཁྱད་པར་འཕགས་ཤེ་ན་གཉིས་མེད་དོ། །གཉིས་ཀྱི་ཆ་གཉིས་པོ་འདི་ཡོད་པ་དེ་གང་ལ་མེད་པ་དེ་ནི་གཉིས་སུ་མེད་པའོ། །གཉི་ག་འདྲེས་པས་ངེས་པར་གཟུང་བ་ནི་ནུས་
པ་མ་ཡིན་ནོ། །དེ་བས་ན་ཡི་གེ་ཤྲཱི་ནི་རི་བོང་ཅན་ཁུ་བའོ། །ར་ནི་རིན་ཆེན་འབྱུང་ལྡན་ཉི་མའོ། །ཨི་ནི་ཆུའི་རྣལ་འབྱོར་མའོ། །དེ་ཡང་འདུ་ཤེས་ཀྱི་ཕུང་པོའི་ཚུལ་ཅན་ནཱ་ད་ཕྲེང་གཉིས་ཀྱི་བདག་ཉིད་དོ། །དེ་ལྟར་ནཱ་ད་ཕྲེང་གཉིས་ཀྱི་བདག་ཉིད་ཟླ་བ་དང་ཉི་མ་ཐ་མི་དད་པའི་ཐབས་དང་ཤེས་རབ་
ཀྱི་རང་བཞིན་ནི་ཤྲཱིའོ། །དེའི་ཡེ་ཤེས་ཀྱི་བྱེད་པའི་བྱ་བ་དེ་འདིར་ཡོད་པ་ཡིན་པས་ཤྲཱི་ནི་གཉིས་མེད་ཡེ་ཤེས་སོ། །ཧེ་ཞེས་པ་ནི། ཧ་ནི་རྡོ་རྗེ་འཆང་ངོ་། །ཨ་བདག་མེད་མའོ། །གཉི་ག་དབྱེར་མེད་པས་ཧ་སྟེ། ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་སོ་ཞེས་པ་ནི། གང་གི་ཕྱིར་ཏེ། དེའི་
ཕྱིར་རྒྱུ་ལ་སོགས་པ་སྤྲོ་བའི་རང་བཞིན་ཧ་རྡོ་རྗེ་འཛིན་པའོ། །སྟོང་པ་ཉིད་ཅེས་པ་ནི་བསྡུ་བའི་བདག་ཉིད་དོ། །ཨ་བདག་མེད་མའོ། །དེ་ལྟར་སྤྲོ་བ་དང་བསྡུ་བ་གཉི་ག་དབྱེར་མེད་པ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་གྱི་བདག་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཛིན་ཞེས་པའི་དོན་ཏོ། །རུ་
ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའི་དོན་ནི་བཤད་ཟིན་ཏོ། །གང་ཡང་སྐྱེ་བ་བདུན་པ་མཁའ་སྤྱོད་གྲུབ་པར་བྱ་བའི་ཕྱིར་བཟའ་ཞིང་བླང་བྱ་ཡིན་ནོ། །དང་གི་སྒྲས་གོ་ཀུ་ད་ཧ་ན་ལ་སོགས་པ་ཡང་བཟའོ། །དེ་རྣམས་ཀྱི་དགོངས་པ་ཅི་ཡིན་པ་དེ་གསུངས་པ།
སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བྱ་བ། །སེམས་ཅན་དེ་དེ་དབང་དུ་འགྱུར། །རྡོ་རྗེ་ཐོད་པའི་རྣལ་འབྱོར་ལས། །ཇི་ལྟར་དེ་ཡང་འགྱུར་ཞེ་ན། །རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །ཐོད་པ་དང་འདྲ་བས་ཐོད་པ་སྟེ། ཆོས་འབྱུང་བདག་མེད་མའོ། །
རྡོ་རྗེ་ཡང་ཡིན་ལ་ཐོད་པ་ཡང་ཡིན་པས་རྡོ་རྗེ་ཐོད་པའོ། །དེ་དག་སྦྱོར་བ་ནི་འདུ་བ་སྟེ། གཉིས་མེད་དུ་རྣམ་པར་གནས་པའོ། །དེ་བས་ན་བདག་མེད་མ་དང་ཐ་མི་དད་པའི་རྡོ་རྗེ་འཛིན་པའི་རང་བཞིན་དེས་རྟོག་པ་སྤངས་པའི་ཕྱིར་དེ་དང་དེ་ནི་སྲོག་ཆགས་དབང་དུ་འགྱུར་བའི་དོན་ཏོ། །ཡང་ན། འགྱུར་ནི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด