རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) སུ་བི་ནི་ཥྭ་ད་སཾ་པུ་ཊ་ཊཱི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๕ · หน้า 83a

སྐྱེ་བོ་སྲོག་ཆགས་དབང་པོ་རྣམས་ཏེ། རྣམ་པར་ཤེས་པས་སྐྱེད་པའི་ཕྱིར་རོ། །གང་དང་གང་རྣམས་ཀྱི་ནི་མིག་དང་རྣ་བ་ལ་སོགས་པའོ། །ཤ་ཞེས་པ་ནི། ཤ་དང་ཆོས་མཐུན་པར་ཤ་དང་འདྲ་བས་ན་ཤ་སྟེ། མིག་ལ་སོགས་པའི་དབང་པོ་རྣམས་གཟུགས་ལ་སོགས་

པའི་ཡུལ་རྣམས་ལ་རྟག་ཏུ་མངོན་ཞེན་འཇུག་པའི་ཕྱིར་རོ། །ཟང་ཟིང་གཞན་ལ་ཡང་མཁས་པས་མངོན་པར་ཞེན་པ་འབྱུང་སྟེ། དེ་གཟུགས་ལ་སོགས་པའི་ཡུལ་གང་དང་གང་གི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་འབྲེལ་བ་ཅན་གང་གཟུགས་ལ་སོགས་པའི་ཡུལ་དེ་དང་དེ་མཁས་པ་

དེ་ཁོ་ན་ཉིད་དང་ལྡན་པས་སོ། །བཟའ་བར་བྱ་ནི་འཁྲིལ་བར་བྱ་བ་སྟེ། དེའི་བདག་ཉིད་ཀྱི་བདག་ཉིད་དུ་རྣམ་པར་གཞག་པའོ། །སེམས་ཅན་དེ་དེ་ནི། སྲིད་པ་གསུམ་གཅིག་པར་གྱུར་པ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དབྱེར་མེད་དུ་ཡོད་པའོ། །དབང་ནི་བདག་པོར་འགྱུར་ཞིང་

ཐོབ་པ་སྟེ། མངོན་པར་ཤེས་པ་ཐོབ་པར་འགྱུར་བའོ། །འདི་ཇི་ལྟར་ཡིན་ཞེ་ན། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། ཀ་ནི་ཀཱ་ལིའོ། །ཀ་ནི་གཉི་ག་ཡང་ནཱ་ད་ཕྲེང་གཉིས་སོ། །དེ་རྡོ་རྗེ་ནི་དབྱེར་མེད་པས་རྡོ་རྗེ་ཀའོ། །དེ་སྐྱོང་བར་བྱེད་པས་ན་རྡོ་རྗེ་ཐོད་པའོ། །དེར་སྦྱོར་བ་ནི། འདུ་བ་ཡིན་པ་སྟེ། རྣམ་

པ་ཐམས་ཅད་མཁྱེན་པའི་མངོན་པར་རྫོགས་པར་སངས་རྒྱས་པའི་རྡོ་རྗེ་འཛིན་རྣམ་པ་ཐམས་ཅད་ཀྱི་མངོན་པར་སངས་རྒྱས་པ་ཀུན་ལ་ཁྱབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དགྱེས་པའི་རྡོ་རྗེ་ལས་བརྡ་དང་གནས་ཀྱི་དངོས་གྲུབ་གཏན་ལ་དབབ་པར་ཕྱེ་བའི་རིམ་པ་

སྟེ་བདུན་པའོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། གཟུགས་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་ནི། རྡོ་རྗེ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་ཡིན་པ་དང་བདག་མེད་མའི་དཀྱིལ་འཁོར་རོ། །དེ་

ལྟ་བུར་གྱུར་པའི་དགྱེས་པའི་རྡོ་རྗེ་དེ་ལའོ། །བརྡ་ནི་བརྡ་སྟེ། རྣལ་འབྱོར་དང་རྣལ་འབྱོར་མའི་བརྡའོ། །གནས་ཀྱི་སྒྲས་གནས་དང་ཉེ་བའི་གནས་རྣམས་སོ། །དངོས་གྲུབ་ཀྱི་སྒྲས་མཁའ་སྤྱོད་ལ་སོགས་པའོ། །དེ་ལྟར་བརྡ་དང་གནས་དང་དངོས་གྲུབ་གཏན་ལ་དབབ་པར་ངེས་པའོ། །དེ་ཡང་

เล่ม ๕ · หน้า 83b

གོས་ནི་འགེབས་པའོ། །དེ་ལེན་ཅིང་འཛིན་པས་ནི་རིམ་པར་ཕྱེ་བའོ། །དེ་ཡང་བདེན་པ་སྟེ། དེ་ཁོ་ན་ཉིད་ལ་ཐུགས་པ་ལྔ་དང་། སྤྱོད་པ་དང་། བྱ་བ་དང་གཉིས་སོ། །དེ་ལྟར་སྤྱོད་པ་དང་བྱ་བའི་བདག་ཉིད་ཡེ་ཤེས་ལྔ་ལྔའི་རང་བཞིན་དྲུག་པ་རྡོ་རྗེ་འཛིན་པ་ལས་འདས་པ་ཡང་དག་པའི་ཡེ་ཤེས་

ཀྱི་རང་བཞིན་བདུན་པ་རྡོ་རྗེ་འཛིན་པའོ། །འདིས་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་མཚན་མའི་བརྡ་དང་གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་རྣམས་དང་། བཅུ་བཞི་པ་ལ་སོགས་པས་འདུ་བ་དང་། སྐྱེ་བ་བདུན་པ་ལ་སོགས་པའི་བཟའ་བས་མཁའ་སྤྱོད་ལ་སོགས་པའི་

དངོས་གྲུབ་དང་། དབང་པོ་དང་ཡུལ་ལས་བཟློག་པ་དང་། བཟའ་བ་དང་བཟའ་བ་མ་ཡིན་པ་ལ་སོགས་པ་དང་། །བསམ་པ་དང་མི་བསམ་པ་ལ་སོགས་པ་དང་། སྨྲ་བ་དང་མི་སྨྲ་བ་ལ་སོགས་པ་དང་། རྡོ་རྗེ་གསུམ་དབྱེར་མེད་པ་སེམས་ཅན་དང་རང་ཉིད་མཉམ་པ་དེས་རང་དང་གཞན་དུ་རྟོག་པ་

དང་བྲལ་བ་དང་། ཡི་གེ་ཤྲཱི་ལ་སོགས་པས་རྡོ་རྗེ་འཛིན་པ་ཡོངས་སུ་རྫོགས་པ་དང་། སྐྱེ་བོ་རྣམས་ཀྱི་ཤ་ཟོས་པས་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཛིན་ནོ། །རྫོགས་སོ་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་ཀྱིས་མཐར་ཐུག་པ་རྫོགས་པའོ། །

དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་བརྡའི་རིམ་པར་ཕྱེ་བ་སྟེ་ལེའུ་བདུན་པའོ།། །།ད་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་བརྡ་དང་འདུ་བ་དང་གནས་དང་ཉེ་བའི་གནས་ལ་སོགས་པའི་དངོས་གྲུབ་བསྟན་ནས། རྣལ་འབྱོར་མ་

ཉིད་གང་ཡིན་པ་དང་དེ་རྣམས་ཀྱང་གང་ལས་བསྐྱེད་པ་དང་། དེ་རྣམས་ཀྱི་རང་བཞིན་ཅི་ཡིན་པ་དེ་བསྟན་པ་ལ་ཉེ་བར་བརྩམ་སྟེ། དེ་ནས་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའོ་ཞེས་པ་སྨོས་ཏེ། དེ་ནས་ནི་རྗེས་ཐོགས་སུ་སྟེ་མཆོད་པ་ཉིད་ཀྱི་སྐབས་སུ་བབ་པ་ཉིད་བཤད་པར་བྱའོ། །དེ་ནས་

རྒྱུ་འདིའི་ཕྱིར་རོ། །རྣལ་འབྱོར་མའི་འཁོར་ལོ་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་འདུ་བའོ། །བཤད་པར་བྱའོ་ཞེས་པ་ནི་ཁྱད་པར་དུ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པས་རྡོ་རྗེ་འཛིན་པ་དང་བདག་མེད་མ་ཐ་དད་པ་མེད་པའི་ཕྱིར་དཀྱིལ་འཁོར་གཉི་ག་དབྱེར་མེད་པའོ། །བཤད་པར་བྱ་བ་ནི་

เล่ม ๕ · หน้า 84a

བསྟན་པར་བྱ་བའོ། །ཡང་ན་དེ་ནས་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའོ་ཞེས་པ་ནི། དེ་ནས་ཨ་བདག་མེད་མའོ། །ཐ་མི་བསྐྱོད་པའོ། །གཉི་ག་དབྱེར་མེད་པས་དེ་ནས་དགྱེས་པའི་རྡོ་རྗེ་ཞེས་བྱའོ། །དེ་ཡང་དེ་ནས་བདག་མེད་མ་སྟེ། བདག་མེད་མའི་རྒྱུའི་ཕྱིར་

རོ། །ཡ་རྣལ་འབྱོར་མའོ། །དེ་རྣམས་ཀྱི་འཁོར་ལོ་དང་འདྲ་བར་གཅོད་པའི་ཕྱིར་ཏེ། ཇི་ལྟར་འཁོར་ལོ་ནི་གཅོད་པར་བྱེད་པ་དེ་བཞིན་དུ་ཡང་མི་ཤེས་པ་གཅོད་པར་བྱེད་པས་རྣལ་འབྱོར་མའི་འཁོར་ལོའོ། །ཡང་ན་ཚིམ་པར་བྱེད་པའི་ཕྱིར་འཁོར་ལོའོ། །བཤད་པར་བྱའོ་ནི་བ་བྱང་ཆུབ་ཀྱི་

སེམས་རྡོ་རྗེ་འཛིན་པའོ། །ཡ་རླུང་ངོ་། །ཨ་ཨ་བ་དྷཱུ་ཏཱི་བདག་མེད་མའོ། །རྐྱང་མ་དང་། རོ་མ་དང་། ཀུན་འདར་མ་དང་རྡོ་རྗེ་གསུམ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ། རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་འཛིན་ནོ། །ཁ་ནི་ཆོས་འབྱུང་ངོ་། །ཡ་ནི་རླུང་ངོ་། །ཨ་བདག་མེད་མའོ། །ཀུན་

འདར་མ་དང་། རོ་མ་དང་། རྐྱང་མ་དང་། རྡོ་རྗེ་གསུམ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སྱཱ་རྡོ་རྗེ་གསུམ་དབྱེར་མེད་པའི་བདག་མེད་མའོ། །ས་ནི་ཁུ་བའོ། །བདེ་བ་ཡང་རྡོ་རྗེ་འཛིན་པ་དང་། བདག་མེད་མ་གཉིས་མེད་པས་ན། ས་ནི་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་ནོ། །

དེ་ཡང་ཡ་རླུང་ངོ་། །ཨ་བདག་མེད་མའོ། །རོ་མ་དང་ཀུན་འདར་མ་དང་། རྐྱང་མ་རྣམས་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡེ་ཤེས་ལྔའི་རང་བཞིན་སྱཱའོ། །དེ་ནས་མ་ནི་ཚེག་དྲག་གི་མཐའ་ཀུན་དུ་བཟང་པོ་ཞེས་པའི་དོན་ཏོ། །འདིར་ནི་བཤད་པར་བྱའོ་

ཞེས་པ་འདིས་ནི་རྡོ་རྗེ་གསུམ་དབྱེར་མེད་པ་གསུམ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་གང་དེ་ནི་མའོ། །དཀྱིལ་འཁོར་གཉིས་དབྱེར་མེད་པ་ཚེག་དྲག་གི་རང་བཞིན་རྡོ་རྗེ་འཛིན་པ་ཡིན་ནོ། །དགྱེས་པའི་རྡོ་རྗེ་ནི་ཁ་སྦྱོར་ཉིད་དུ་རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བ་ལས། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །

བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་མདོར་བསྟན་པ་དེ་ཉིད་ཀྱི་རྗེས་སུ་འབྲང་བས་འདིར་འཆད་པར་འགྱུར་ཏེ། བསྐྱེད་པ་ཡི་ནི་རིམ་ཉིད་དང་། །རྫོགས་པ་ཡི་ནི་རིམ་པ་ཉིད། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་བསྟན་ཏོ། །ཞེས་པ་དང་། གཞན་ཡང་། ནམ་

เล่ม ๕ · หน้า 84b

མཁའི་ཁམས་ཀྱི་པདྨ་ལ། །བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །ཅེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་བདག་ཉིད་ཀྱིས་འཆད་པར་བྱེད་དོ། །དེའི་ཕྱིར་འདི་ཐམས་ཅད་ཉིད་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའོ། །འཆད་པར་འགྱུར་བ་ཡང་། ཆོས་འབྱུང་ལས་སྐྱེས་འཁོར་ལོ་

ནི། །འཕར་མ་གཉིས་དག་ཅེས་པས་ཀྱང་ངོ་། །དེའི་ཕྱིར་འདིར་ཐམས་ཅད་ཉིད་དུ་ཕྱི་རོལ་དང་ནང་དག་གི་རིམ་པར་སྦྱར་བར་བྱའོ། །དེ་ནས་འཁོར་ལོ་བཤད་པར་བྱ་སྟེ། །ནམ་མཁའི་ཁམས་སུ་བྷ་ག་བསམ། །དབུས་སུ་བསྒོམ་པར་བྱ་བ་ནི། །ཞེས་པ་ལ་ནམ་མཁའི་ཁམས་ནི་

སྟོང་པ་ཉིད་དོ། །བྷ་ག་ཞེས་པ་ནི་ཆོས་འབྱུང་ཟུར་གསུམ་གྱེན་དུ་གནས་པ་ནང་ནམ་མཁའ་སྟོང་པ་སྟོན་ཀའི་རི་བོང་ཅན་ལྟར་དཀར་བ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེས་བརྒྱན་པའོ། །བསམ་པ་ནི་བསམས་ནས་སོ། །དབུས་སུ་བསྒོམ་པ་ནི་སྙོམས་པར་འཇུག་པའོ། །བྱ་བ་ནི་

ཞེས་པ་ནི་བསྒོམ་པ་པོས་བྱ་བའོ། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །འཁོར་ལོ་ཞེས་པ་ནི་དཀྱིལ་འཁོར་རོ། །སྔོན་དུ་ཞེས་པ་ནི་དང་པོ་ཉིད་དུའོ། །ཅི་རིགས་པར་ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྟེ། རིམ་པ་དང་རིམ་པ་ལས་བཟློག་པས་

སོ། །དེ་ཉིད་གསུངས་པ། ལྷ་རྣམས་ཇི་ལྟར་འབྱུང་བ་ནི་ལྷ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བསྐྱེད་པའོ། །འཁོར་ལོ་ཉིད་གསུངས་པ། ས་དང་ཞེས་པ་སྨོས་ཏེ། ས་ནི་དཀྱིལ་འཁོར་རོ། །ལམ་ལས་བྱུང་བ་མདོག་སེར་པོ་གྲུ་བཞི་པའོ། །ཆུ་ནི་ཆུ་སྟེ་བཾ་ལས་བྱུང་བ་དཀར་པོ་ཟླུམ་པོའོ། །

རེ་ཞིག་འདི་གཉིས་སྔོན་ཏེ་དང་པོར་རོ། །ཇི་ལྟར་རིགས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུའོ། །ས་བལྟས་ནས་དེའི་སྟེང་དུ་ཆུ་བསམ་པར་བྱའོ། །དེའི་རྗེས་སུ་བྱིན་ཟ་རཾ་ལས་བྱུང་བ་མདོག་དམར་པོ་གྲུ་གསུམ་པའོ། །དེ་ལྟར་ས་དང་ཆུ་དང་མེའི་རང་བཞིན་འབྱུང་བ་ཆེན་པོ་གསུམ་གྱི་རང་བཞིན་

རྡོ་རྗེ་གསུམ་གྱི་ངོ་བོའོ། །ལྷ་རྣམས་ནི་སྟེང་དུའོ། །རླུང་ཆེན་ནི་ཀུན་གྱི་སྲོག་ཏུ་གྱུར་པའི་ཕྱིར་རོ། །ཡི་གེ་ཡཾ་ལས་བྱུང་བ་གཞུའི་དབྱིབས་ཅན་དུ་བའི་མདོག་གོ། །དེའི་སྟེང་དུ་སྒོམ་པ་པོ་སེམས་ཙམ་ཅིག་གི་རང་བཞིན་ནོ། །འང་གི་སྒྲ་ནི་འོའི་དོན་ཏེ། དེ་ལྟར་རིམ་པ་འདིས་ཇི་

เล่ม ๕ · หน้า 85a

ལྟར་འབྱུང་ཞིང་རིམ་པ་ཇི་ལྟ་བ་བཞིན་དུ་བསྐྱེད་པའོ། །ཡང་ན་ནམ་མཁའི་ཁམས་ཞེས་པ་ནི། །དང་པོ་སྟོང་པའི་བྱང་ཆུབ་སྟེ། །ཞེས་བསྟན་པའོ། །དེ་ལ་བྷ་ག་བསམ་ཞེས་པ་ནི། གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་གང་དེ་ཡིན་ཏེ། ཡི་གེ་ཨེའི་ས་བོན་

ཡོངས་སུ་གྱུར་པ་ལས་ཆོས་འབྱུང་དུ་སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེས་བརྒྱན་པའོ། །སྔར་བསྟན་པའི་རང་བཞིན་ནི། གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པ་སྟེ། ནང་དུ་བཅོམ་ལྡན་འདས་བསམ་པར་བྱའོ། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་

འབྱུང་བ་ཉིད། །ཅེས་པའི་མཐར་གཟུགས་བརྙན་རྫོགས་པའི་རྒྱུ་ཡང་རྫོགས་པ་ཡིན་ནོ་ཞེས་བཏགས་པའི་ཕྱིར། བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པས་སོ། །འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་བྱིན་ཟ་དང་། །ལྷ་རྣམས་དང་ནི་རླུང་ཆེན་དང་། །ཇི་ལྟར་སྒོམ་པ་པོ་

འབྱུང་བའང་། །ཞེས་པའི་མཐར་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཡིན་པས་ཡི་གེ་དགོད་པའོ། །ཡང་ན་འཁོར་ལོ་གང་དེས་སྔོན་དུ་གང་དེ་ཆུའི་སྔོན་དུ་སྟེ། དང་པོར་གྱུར་པའི་ཕྱིར་འདི་ཐམས་

ཅད་ཀྱིའོ། །ཇི་ལྟར་རིགས་པར་ཞེས་པ་ནི། གང་དེ་བྱིན་ཟ་སྲུབ་པ་དང་། བསྲུབ་པའི་སྦྱོར་བའི་རིམ་པས་དེའི་འབྱུང་བ་གང་ངོ་། །ལྷ་རྣམས་དང་ནི་ཞེས་པ་ནི་གང་དེ་རླུང་ཆེན་གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ལྷའི་རང་བཞིན་ཏེ་སྲོག་

ཏུ་གྱུར་པའི་ཕྱིར་རོ། །རླུང་ཆེན་ནི་ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །ཇི་ལྟར་འབྱུང་བ་ཞེས་པ་ནི་གང་དེ་སྒོམ་པ་པོ་སྟེ། འདི་ལྟར་འབྱུང་བ་ནི། ཇི་ལྟར་འབྱུང་བ་ས་དང་ཆུ་ལ་སོགས་པའི་འབྱུང་བ་རྣམས་རྣམ་པར་ཤེས་པ་ལ་རག་ལས་པའི་ཕྱིར་རོ། །དེ་ཡང་འང་གི་སྒྲས་ནམ་མཁའི་རང་

བཞིན་གྱིས་ནམ་མཁའི་ཁམས་ཡེ་ཤེས་ལྔ་དང་། སྐུ་གསུམ་དང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་འཁོར་ལོ་ཡིན་ནོ། །ཡང་ན་འཁོར་ལོ་ནི་མི་ཤེས་པ་གཅོད་པའི་ཕྱིར་རོ། །ས་ནི་ཆོས་འབྱུང་བདག་མེད་མའོ། །ཆུ་ནི་སྔོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་ནོ། །ཇི་ལྟར་

เล่ม ๕ · หน้า 85b

རིགས་པ་ཞེས་པ་ནི་རིམ་པ་ཇི་ལྟ་བར་རོ། །གཉི་ག་དབྱེར་མེད་པའི་ཕྱིར་བྱིན་ཟ་ནི་གཉི་ག་དབྱེར་མེད་པའི་རང་བཞིན་ནོ། །ལྷ་རྣམས་དང་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་ནོ། །རླུང་ཆེན་ནི་ཡེ་ཤེས་ཆེན་པོ་བསྡུ་བའི་བདག་ཉིད་ཀྱི་སྤྲོ་བའི་རང་

བཞིན་ནོ། །ཡང་ན་ས་ནི་ས་སྐུ་རྡོ་རྗེའོ། །ཆུ་ནི་བྱང་ཆུབ་ཀྱི་སེམས་ནཱ་དའི་བདག་ཉིད་གསུང་རྡོ་རྗེའོ། །བྱིན་ཟ་ཞེས་པ་ནི་རང་བཞིན་མེད་པར་བྱེད་པའི་ཕྱིར་ཐུགས་རྡོ་རྗེའོ། །ལྷ་ནི་རྡོ་རྗེ་གསུམ་དབྱེར་མེད་པའོ། །རླུང་ཆེན་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཡང་སྒོམ་པ་པོ་ནི་བདག་མེད་མ་དང་དབྱེར་མེད་

པའི་རྡོ་རྗེ་འཛིན་ནོ། །ཇི་ལྟར་ནི་རིམ་པར་འབྱུང་བའོ། །ཡང་ན་ས་དང་ཆུ་དང་བྱིན་ཟ་རྣམས་ཀྱིས་དགའ་བ་དང་པོར་བྱས་པའི་རྣམ་པར་དགའ་བའི་བར་གྱི་དགའ་བ་གསུམ་མོ། །རླུང་ཆེན་གྱིས་ལྷན་ཅིག་སྐྱེས་པའི་དགའ་བའོ། །སྒོམ་པ་པོ་ཞེས་པ་འདིས་བཞི་པའི་རང་བཞིན་ཡོངས་སུ་རྫོགས་

པའི་རྡོ་རྗེ་འཛིན་ནོ། །དེ་ཉིད། ཆོས་འབྱུང་ལས་སྐྱེས་འཁོར་ལོ་ཉིད། །འཕར་མ་གཉིས་དག་སྐྱོན་མེད་པ། །ཆོས་འབྱུང་གི་སྒྲས་གཞལ་ཡས་ཁང་བསྟན་ཏེ། །ཆོས་འབྱུང་ལས་བྱུང་བའི་གང་འཁོར་ལོ་དེ་ནི་འཁོར་ལོ་ཆོས་འབྱུང་ལས་བྱུང་བའོ། །དེ་ཅིས་ཁྱད་པར་དུ་འཕགས་པ་

གསུངས་པ། འཕར་མ་གཉིས་སོ། །འཕར་མ་གཉིས་ཀྱི་བདག་ཉིད་དོ། །དག་པ་ནི་ཡོངས་སུ་དག་པ་སྟེ་རང་བཞིན་གྱིས་དག་པའི་ཕྱིར་ནང་གི་རིམ་པ་དང་ཕྱིའི་རིམ་པའོ། །སྐྱོན་མེད་པ་ནི་སྐྱོན་ནད་མེད་པའོ། །དེས་ཇི་ལྟར་སྡུག་བསྔལ་བསྐྱེད་པ་ལྟར་ཕྱི་རོལ་གྱི་ཡུལ་ཡང་ཉོན་མོངས་པ་

ལ་སོགས་པ་སྡུག་བསྔལ་བསྐྱེད་པ་ཡིན་པས་སྐྱོན་དང་འདྲ་བའོ། །དེ་བཏང་ནས་སྐྱོན་མེད་པ་ལྷའི་བདག་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཟེའུ་འབྲུ་ལས་ནི་གཅིག་ཡིན་ཏེ། །གྲུ་གསུམ་གྱིས་ནི་ཕྱི་མ་བརྗོད། །ཅེས་པ་ནི་རིམ་པ་གཅིག་གོ། །ཟེའུ་འབྲུ་ཞེས་པ་

ནི་ཟེའུ་འབྲུ་ནི་པདྨ་ལ་རག་པའི་ཕྱིར་པདྨ་འདབ་མ་བཞི་པར་མན་ངག་གིས་ཤེས་པར་བྱའོ། །གྲུ་གསུམ་གྱིས་ནི་ཕྱི་མ་ཞེས་པའི་ཆོས་འབྱུང་གང་ཁྱབ་པའི་པདྨ་འདབ་མ་བརྒྱད་པ་གཞན་ནོ། །དེ་དབུས་ཤི་བ་བཅོ་ལྔ་ཡི། །གདན་གྱི་བདག་ཉིད་རྣམ་པར་བསམ། །ཞེས་པ་གང་པདྨ་གཉིས་པོ་དེས་

เล่ม ๕ · หน้า 86a

རིམ་པ་གཉིས་སོ། །དེ་ལ་ནང་གི་རིམ་པའི་ལྟེ་བ་ལ་བདག་མེད་མའོ། །འདབ་མ་བཞི་ལ་མཁའ་འགྲོ་མ་བཞིའོ། །ཕྱི་རོལ་གྱི་འདབ་མ་བརྒྱད་ལ་མཁའ་འགྲོ་མ་བརྒྱད་དོ། །པདྨའི་འདབ་མ་གཉི་གའི་རྩེ་མོ་དང་རྩ་བའི་བར་གྱི་སྟེང་འོག་དག་ཏུ་མཁའ་འགྲོ་མ་གཉིས་

སོ། །འདིས་ནི་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་འཁོར་ལོ་རྫོགས་པར་བྱའོ། །དེ་ནས་གདན་བཅོ་ལྔའི་བདག་ཉིད་དོ། །བསམ་པ་ནི་བསྒོམ་པའོ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོའི་གདན་བཅོ་ལྔའོ། །དེའི་སྟེང་དུ་ཟླ་བའོ། །ཟླ་བའི་སྟེང་དུ་ས་བོན་ཡིན། །

ཞེས་པ་ནི་ལྷ་གང་བསྒོམ་པར་བྱ་བ་དེའི་ས་བོན་ཉིད་ས་བོན་ནོ། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལ་བདེ་ཆེན་པོ། །ཕྱི་ནས་ནི་རྗེས་ཐོགས་ཏེ་དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །དེས་ས་བོན་ཅན་ནོ། །མནན་པ་ནི་ཉི་མའི་དཀྱིལ་འཁོར་གྱིས་མནན་པའོ། །དེ་ལྟར་རིམ་

པ་འདིས་ཉི་མ་དང་ཟླ་བ་གཉིས་སོ། །གང་འདུས་པ་ནི་དེ་འདུས་པའོ། །དེའི་བདེ་ཆེན་ནི་ཡེ་ཤེས་ཆེན་པོའོ། །འོ་ན་ཟླ་བ་ཉིད་ས་བོན་གང་ལས་ཡིན་ཞེ་ན། ཟླ་བའི་ས་བོན་བསྟན་པ། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཡི་གེ་ཨ་ལ་སོགས་པ་བཅུ་དྲུག་པོ་དེ་ཡོངས་སུ་གྱུར་པ་ལས་ཟླ་བའོ། །

ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཞེས་པ་ནི་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་བཞིའི་ནཱ་དའི་ཕྲེང་བ་ཉི་མའི་གཟུགས་ཀྱིས་དེ་ཡོངས་སུ་གྱུར་པ་ལས་ཉི་མའོ། །རིམ་པ་འདིས་ཡོངས་སུ་རྫོགས་པའི་ཟླ་བ་ཉི་མ་འདུས་པ་ལས། དཀར་མོ་ལ་སོགས་རབ་ཏུ་གྲུབ། །ཅེས་པ་ནི་ཟླ་བ་ཉི་མ་

འདུས་པ་ལས་ནི་གང་དེ་འདུས་པ་ལས་སོ། །དཀར་མོ་ལ་སོགས་ནི་ཕྱི་རོལ་གྱི་རིམ་པར་འདུ་བྱེད་ནས་བདག་མེད་མ་ལ་ཐུག་པའི་མཁའ་འགྲོ་མ་རྣམས་བསྡུ་བས་སོ། །གྲུབ་ཅེས་པ་ནི་ཡོངས་སུ་རྫོགས་པའོ། །དེ་ལྟར་གཉི་གའི་ནཱ་དའི་ཕྲེང་བ་གཉིས་འདུས་ནས་ཡོངས་སུ་གྱུར་པ་ལས་བྱུང་

བའི་ཉི་ཟླ་གཉིས་ཀྱི་ནང་དུ་སོན་པའི་ས་བོན་ལས་བྱུང་བའི་མཁའ་འགྲོ་མ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པར་བསྟན་པའི་ཕྱིར་གསུངས་པ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་པ་སྟེ་གང་འདི་ཨཱ་ལིའི་ནཱ་དའི་ཕྲེང་བ་ཡོངས་སུ་གྱུར་པ་ལས་ཟླ་བའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་

เล่ม ๕ · หน้า 86b

རྣམ་པར་སྣང་མཛད་ཀུན་དུ་སྣང་བའི་མཚན་ཉིད་སྐུ་རྡོ་རྗེ་སྤྲུལ་པའི་སྐུའོ། །བདུན་པའི་བདུན་པ་མཉམ་ཉིད་ལྡན། །མཉམ་པ་ཉིད་གཉིས་སུ་མེད་པ་ཉིད་དུ་རྟོག་པ་ཡོད་པ་འདིའི་ཕྱིར་ན། མཉམ་པ་ཉིད་ལྡན་པ་རིན་ཆེན་འབྱུང་ལྡན་ཡང་དག་པར་རིག་པའི་རང་བཞིན་ཐུགས་རྡོ་རྗེ་རང་

བཞིན་མེད་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐུའོ། །རང་ལྷའི་ས་བོན་ཕྱག་མཚན་ནི། །གང་དང་གང་གི་ས་བོན་གང་ཡིན་པ་དེ་དང་དེའི་ས་བོན་ཡིན་པས་ས་བོན་དང་ལྷའི་ཕྱག་མཚན་གང་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དངོས་པོ་མཐའ་དག་ཕྱིན་ཅི་མ་ལོག་པར་རྟོགས་པའི་ས་བོན་ནཱ་དའི་

རང་བཞིན་གྱིས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཉིད་བརྗོད་པར་བྱ་བ་ནི་བསྟན་པར་བྱའོ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་ཉིད་དག་པ་སྟེ། ཐམས་ཅད་ཅེས་པ་ནི་རྡོ་རྗེ་གསུམ་མོ། །གཅིག་གྱུར་ནི་གཅིག་ཅིང་ཐ་མི་དད་པར་གྱུར་པ་གང་དེའོ། །ཆོས་ཉིད་

དག་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ཡིན་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཉིད་དོ། །དེའི་ནན་ཏན་ནི་རྗེས་སུ་འདྲ་བར་མཉམ་པ་ཉིད་ཀྱིས་གནས་པར་རོ། །ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་ཟླ་བ་དང་ཉི་མ་གཉིས་ཐབས་དང་

ཤེས་རབ་དག་གོ། །དེའི་ནང་དུ་ས་བོན་དང་ལྷན་ཅིག་དབྱེར་མེད་པའི་རྡོ་རྗེ་གསུམ་གཟུགས་བརྙན་རྫོགས་པའི་བཞི་པ་ལྷན་ཅིག་སྐྱེས་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཉིད་དུ་རྣམ་པར་གཞག་པ་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའོ། །ཡང་ན་ཆོས་འབྱུང་ནི་བདག་མེད་མ་དོན་དམ་པའི་

བདེན་པའོ། །དེ་ལས་སྐྱེས་ནི་རབ་ཏུ་གསལ་བར་བྱུང་བ་ཀུན་རྫོབ་ཀྱི་བདེན་པའོ། །གཉི་ག་དབྱེར་མེད་པ་གང་དེ་ནི་ཆོས་འབྱུང་ལས་སྐྱེས་པའོ། །ཇི་ལྟར་ཞེ་ན། དེ་འཁོར་ལོ་ཉིད་དེ་མི་ཤེས་པ་མཐའ་དག་གཅོད་པའི་ཕྱིར། བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །

དེ་ཉིད་འཕར་མ་གཉིས་ཏེ་གཉི་ག་ཡང་དག་པར་སྦྱོར་བའོ། །དག་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །སྐྱོན་མེད་པ་ནི་མ་རིག་པ་གདུག་པའི་སེམས་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་ཡུན་རིང་པོར་གོམས་པར་བྱས་པས་དེར་འཛིན་པ་ལོག་པའི་རྟོག་པས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་

เล่ม ๕ · หน้า 87a

པར་དག་པའི་རང་བཞིན་ཉིད་དུ་བརྟགས་ནས། ཉོན་མོངས་པའི་བག་ཆགས་མ་ལུས་པར་ཉམས་སུ་མྱོང་བའི་སྡུག་བསྔལ་སྐྱེད་པར་བྱེད་པས་ན་སྐྱོན་དང་འདྲ་བས་ན་སྐྱོན་ནོ། །དེ་ནས་ལྷའི་རྣམ་པར་དག་པས་སྤངས་ནས་སེམས་པས་ན་སྐྱོན་མེད་པའོ། །འདིས་ནི་ནང་རིམ་

གྱིས་དག་པའོ། །ཕྱི་རོལ་གྱི་སྐྱོན་མེད་པ་དང་ཕྱི་དང་ནང་དབྱེར་མེད་པ་ཉིད་དེ་ཡེ་ཤེས་ཡིན་ནོ། །དེ་ལ་གཅིག་ནི་གཉིས་མེད་པའོ། །ཟེའུ་འབྲུ་ལས་ནི་མཐའ་ཡས་པ་མུ་མེད་པའི་རྡུལ་ཕྲ་རབ་བསགས་པའི་རང་བཞིན་གྱིས་ཆོས་ཐམས་ཅད་ནི་གཅིག་ཅིང་དབྱེར་མེད་པར་རྟོགས་པའི་ཕྱིར་ཨ་ཤེས་

རབ་པོ། །ཀ་བདེ་བ་ཐབས་སོ། །རེ་རེ་ཡང་ཐབས་དང་ཤེས་རབ་དབྱེར་མེད་པར་འབྱུང་ངོ་། །དེ་ཉིད་ཟུར་གསུམ་སྟེ་ཟུར་གསུམ་ནི་རྡོ་རྗེ་ཟུར་གསུམ་སྟེ། ཟུར་གསུམ་པོ་དེས་ན་རྡོ་རྗེ་གསུམ་མོ། །ཕྱི་མ་ནི་བཞི་པ་ལྷན་ཅིག་སྐྱེས་པའོ། །དེ་ཡང་བརྗོད་ནི་ཡང་དག་པའི་ཡེ་ཤེས་ཉིད་ཡིན་ནོ། །དེ་

དབུས་རོ་ནི་བསམ་བྱ་བ། །ཞེས་པ་ནི་དེ་ནི་ཡེ་ཤེས་སོ། །དབུས་ནི་དབུ་མའི་མཐའོ། །བསམ་བྱ་བ་ནི་རྟོག་པའི་རྣམ་པ་ཉིད་ཀྱིས་རྣམ་པར་གཞག་པའོ། །དེ་ཡང་རོ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་བདག་མེད་མ་དང་ཐ་མི་དད་པའི་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །

ཡུལ་དང་དབང་པོ་དེས་བསྐྱེད་པའི་ཤེས་པས་བཅོ་ལྔའོ། །དེ་རྣམས་ཀྱི་གདན་ནི་ཐ་མལ་པ་སྤོང་བ་སྟེ་བསྡུ་བའོ། །དེའི་བདག་ཉིད་ནི་དེའི་རང་བཞིན་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མའི་ཡེ་ཤེས་སོ། །དེའི་སྟེང་དུ་ནི་ཏ་དོན་ཡོད་པ་སྐུ་རྡོ་རྗེའོ། །ས་བྱང་ཆུབ་ཀྱི་སེམས་ཐུགས་རྡོ་རྗེའོ། །

ཡོ་རླུང་གསུང་རྡོ་རྗེ་སྟེ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ལྟར་དེའི་སྟེང་དུའོ། །དེ་ཡོངས་སུ་གྱུར་པས་ཅིར་འགྱུར་ཞེ་ན། ཟླ་བ་སྟེ་བཅོ་ལྔའི་ཆའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་སོ། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པ་ཉིད་ཁམས་

གསུམ་གྱི་ས་བོན་གྱི་རང་བཞིན་ཅན་ཡང་དག་པའི་ཡེ་ཤེས་སོ། །འདིས་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་དགའ་བ་ཞེས་བྱ་བའི་ཡེ་ཤེས་ཏེ་རྣམ་པར་ནི་ངེས་པའོ། །སྣང་མཛད་ནི་བདེ་བའི་ཡེ་ཤེས་གསལ་བར་བྱེད་པ་འདིས་ནའོ། །དེ་བས་ན་དགའ་བ་ལྷག་པ་མཆོག་ཏུ་དགའ་བའི་རང་

เล่ม ๕ · หน้า 87b

བཞིན་དེ་རྒྱས་པར་བྱེད་པས་རིན་ཆེན་ནོ། །དེའི་གཙོ་བོ་ནི་མངའ་བདག་གོ། །རྒྱུ་དེའི་ཕྱིར་བཟོད་པར་ནུས་པའི་ཕྱིར་འོད་དཔག་མེད་དེ། དཔག་མེད་ནི་དཔག་ཏུ་མེད་པ་ཡིན་ལ། འོད་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་མ་རིག་པ་ལས་ལྡོག་པ་གང་ལ་ཡོད་པ་དེ་ནི་འོད་དཔག་ཏུ་མེད་

པ་རྣམ་པར་དགའ་བའི་རང་བཞིན་ནོ། །དེ་ལྟར་རྡོ་རྗེ་གསུམ་དབྱེར་མེད་པ་དེ་ཡོངས་སུ་གྱུར་པའི་གང་བྱང་ཆུབ་ཀྱི་སེམས་དེ་དབྱེར་མེད་པའི་ཡེ་ཤེས་ཉིད་ཡང་དག་པའི་ཡེ་ཤེས་ཡིན་ནོ། །དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཅེས་པའོ། །ཕྱི་ནས་ཞེས་པ་ནི་རྗེས་ཐོགས་ཉིད་དུ་

སྟེ་བར་མ་ཆོད་པ་ཉིད་ཀྱིས་དེའི་བདག་ཉིད་ཀྱིས་སོ། །ཉི་མས་ནི་ཆགས་པ་ཀུན་སྤངས་པའི་རང་བཞིན་ལྷན་ཅིག་སྐྱེས་པའོ། །ཀུན་དུ་མནན་ནི་དེ་རྟོགས་པའོ། །གཉིས་འདུས་པ་ནི་ཁུ་བ་དང་ལྷན་ཅིག་སྐྱེས་པ་དག་དབྱེར་མེད་དུ་རྟོགས་པའོ། །བདེ་ཆེན་པོ་ནི་ཡེ་ཤེས་ཆེན་པོའོ། །དེ་ཉིད་ཨཱ་ལི་གནས་ནི་བདེ་

ཆེན་ཨཱ་ལི་མཁའ་འགྲོ་མ་བཅོ་ལྔའོ། །དེ་གནས་པ་ནི་མི་གཡོ་བར་གྱུར་པའོ། །ཅི་ཞེ་ན་ཟླ་བའི་གཟུགས་ཀྱིས་ཏེ་ཁུ་བའི་རང་བཞིན་གྱིས་སོ། །ཀཱ་ལིའི་གཟུགས་ཀྱིས་ནི་ཀ་ནི་བདེ་བའོ། །དེའི་ཨཱ་ལིའི་ཕྲེང་བ་དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བར་དུ་ཀཱ་ལིའོ། །དེའི་གཟུགས་

ཀྱིས་ནི་དེའི་རང་བཞིན་གྱིས་སོ། །སྣང་བྱེད་ནི་འོད་གསལ་ཞེས་བྱ་བའི་དོན་ཏོ། །འདིར་ཟླ་བ་དང་ཉི་མ་གཉིས་ཁུ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དག་གོ། །གང་འདུས་པ་ནི་དབྱེར་མེད་པའོ། །དེ་ནི། དཀར་མོ་ལ་སོགས་རབ་ཏུ་གྲུབ། །དེ་ལྟར་དཀྱིལ་འཁོར་གཉིས་

དབྱེར་མེད་པ་ཉིད་ཀྱི་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་ཡེ་ཤེས་ཡིན་པར་གསུངས་པ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་པ་སྨོས་ཏེ། འོད་གསལ་གྱི་ཡེ་ཤེས་དང་དབྱེར་མེད་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །མཉམ་པ་ཉིད་ནི་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དང་འོད་གསལ་བ་དག་དབྱེར་མེད་

དུ་རྟོགས་པའོ། །བདུན་པའི་བདུན་པ་ནི། ཉི་མ་སྟེ་རིན་ཆེན་གཙོ་བོའོ། །འདིར་དེ་སྙེད་ཀྱི་ལྷན་ཅིག་སྐྱེས་པ་དང་དབྱེར་མེད་པ་ཉིད་ཀྱི་ཁུ་བའོ། །དེ་བས་ན་ས་བོན་ནི་དགའ་བ་ལ་སོགས་པ་རྣམས་ཀྱིས་སོ། །རང་ལྷའི་ནི་རང་རིག་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་སོ། །ཕྱག་མཚན་ནི་མཚན་

เล่ม ๕ · หน้า 88a

མའོ། །དེ་ཉིད་སོ་སོར་རྟོག་པ་སྟེ། སོ་སོ་རེ་རེ་ཞིང་རྟོག་པ་མེད་པར་ཉམས་སུ་མྱོང་བའི་མཚན་ཉིད་དོ། །རྗོད་པར་བྱེད་པ་ནི་གསལ་བར་བྱ་བའོ། །དེ་ནས་ཡང་ཐམས་ཅད་ནི་དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པ་ལ་ཐུག་པར་རོ། །གཅིག་གྱུར་ནི་གཅིག་ཅིང་དབྱེར་

མེད་པར་གྱུར་པ་གང་ངོ་། །དེ་ནི་ནན་ཏན་ཏེ་འདྲ་བ་ཉིད་དུ་གནས་པའོ། །འདི་ཉིད་རྫོགས་པ་སྟེ། རྡོ་རྗེ་འཛིན་པ་དང་བདག་མེད་མ་ཐ་མི་དད་པའི་ཡེ་ཤེས་སོ། །ཆོས་ཉིད་དག་པ་ནི་ཆོས་རྣམས་ཤིན་ཏུ་དག་པའོ། །འདི་ཉིད། མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །

ཟླ་བ་དང་ཉི་མ་དང་ས་བོན་དེ་གཅིག་པ་ཉིད་དེ་ཡང་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཉིད་ཡིན་པར་ཆོ་ག་འདིས་སོ། །བསྒོམ་པ་ཉིད་ནི་བསྒོམ་པར་བྱ་བའོ། །མཁས་པས་རྟོགས་པའི་བདག་ཉིད་དོ། །ཡང་ན་རྣམ་པ་ནི་རྡོ་རྗེ་འཛིན་པའོ། །ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པའོ། །བསྒོམ་

པ་ཉིད་ནི་ཐབས་དང་ཤེས་རབ་དབྱེར་མེད་པ་སྙོམས་པར་ཞུགས་པ་རྣམ་པར་གཞག་པའོ། །ཆོ་ག་ལྔ་ནི་ཡེ་ཤེས་རྣམ་པ་ལྔའི་ཆོ་ག་འདིས་རྣམ་པ་སྣ་ཚོགས་པའི་ཡེ་ཤེས་ཀྱིས་སོ། །མཁས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདིས་ནི་ཡེ་ཤེས་ལྔའི་མེ་ལོང་ལ་སོགས་པ་བདག་ཉིད་དེ་

དང་མཁའ་འགྲོ་མ་རྣམས་གཉི་ག་ཁ་སྦྱོར་བ་ཉིད་ཀྱི་རྡོ་རྗེ་འཛིན་པ་རབ་ཏུ་གསལ་བར་བྱེད་པ་ཡིན་པ་གསུངས་པ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཞེས་པ་སྨོས་ཏེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་པ་ནི། སེམས་ཅན་དབང་བསྐུར་བའི་དཀྱིལ་འཁོར་བསྟན་

པ་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དང་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་ཁུ་བའི་དབང་བསྐུར་བ་ཐོབ་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བསྟན་ཏེ། ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་

པའི་ཐུགས་ཀའི་བ་སྤུའི་ཁུང་བུ་རེ་རེ་ནས་སྤྲོས་ནས་སླར་ཡང་ཚུར་འདུས་ཏེ་བ་སྤུའི་ཁུང་ནས་ཞུགས་ནས་རྡོ་རྗེའི་ལམ་ནས་བྱུང་བས་ལྷ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་དབང་བསྐུར་བ་ཡིན་ནོ། །མཉམ་སྦྱོར་ཞེས་པ་ལ་མཉམ་པ་ནི་ཨཱ་ལི་ཀཱ་ལི་དག་ནི་དབྱེར་མེད་པར་གང་དེ་འཇུག་པས་སོ། །སྤྲོ་བ་

เล่ม ๕ · หน้า 88b

དང་བསྡུ་བ་དག་གིས་དེ་རྣལ་འབྱོར་ཡིན་ནོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན་ནི་གདན་དེའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པ་བཞུགས་པ་ཡིན་པའི་དོན་ཏོ། །ཡང་ན་ཨཱ་ལི་ཀཱ་ལི་མཉམ་པ་ནི་ཉིས་འགྱུར་དུ་བལྟབ་པའོ། །མཉམ་སྦྱོར་ནི་འདུས་པ་སྟེ། དེ་ཡང་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་གསུམ་

གྱི་རང་བཞིན་ནོ། །གདན་ནི་གནས་སོ། །ཨཱ་ལི་ཞེས་པ་ནི་ཡི་གེ་ཨ་ལ་སོགས་པ་བཅུ་དྲུག་རྣམས་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་ཉིས་འགྱུར་དུ་སུམ་ཅུ་རྩ་གཉིས་སོ། །ཀཱ་ལི་ཞེས་པ་ནི་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་རྣམས་ཌ་ཌྷ་ད་ངྷ་ཡ་ལ་དང་བཅས་པ་བཞི་བཅུ་ཉིས་འགྱུར་

ལས་ནི་ཡི་གེ་བརྒྱད་ཅུའོ། །དེ་ལྟར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་རྣམ་པར་དག་པ་ཡི་གེ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་རྣམ་པར་དག་པས་བརྒྱད་ཅུའོ། །འདི་ནི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དཔེ་བྱད་བཟང་པོ་བརྒྱད་ཅུ་མངའ་བའི་རྡོ་རྗེ་སེམས་

དཔའ་ཡིན་པའི་དོན་ཏོ། །ཡང་ན་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔ་རྣམས་ཆོས་ཀྱི་དབྱིངས་སུ་སོན་པ་ཟླ་བ་དང་ཉི་མ་དང་ས་བོན་དང་དེ་ཁོ་ན་ཉིད་གསུམ་དབྱེར་མེད་པ་དེ་ལས་བྱུང་བ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མེ་ལོང་ལ་སོགས་པ་ཡེ་ཤེས་

ལྔའི་བདག་ཉིད་ཀྱིས་རྡོ་རྗེ་འཛིན་པ་དང་ཐ་མི་དད་པའི་བདག་མེད་མ་ཡིན་ནོ། །དེ་ཉིད་གསུངས་པ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཞེས་པ་སྟེ། ཨཱ་ལི་ཤེས་རབ་པོ། །ཀཱ་ལི་ཐབས་སོ། །གཉི་ག་གང་མཉམ་པ་ནི་མཉམ་པའི་ཡེ་ཤེས་དབྱེར་མེད་

དུ་རྟོགས་པའོ། །དེ་ལ་གོ་རྡོ་རྗེ་སེམས་དཔའ་སྟེ། གོའི་སྒྲས་དབང་པོ་སྟེ། དབང་པོ་རྣམས་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་སྤྲོ་བའི་རང་བཞིན་རྡོ་རྗེ་འཛིན་པའོ། །རྡོ་རྗེ་ཞེས་པ་ནི་མི་ཕྱེད་པར་གྱུར་པས་ན་བསྡུ་བའི་རང་བཞིན་གྱི་བདག་མེད་མའོ། །འདིས་ནི་རྡོ་རྗེ་གོ་

ཐབས་དང་ཤེས་རབ་དབྱེར་མེད་པ་གང་སེམས་དཔའ་སྲིད་པ་གསུམ་གཅིག་པ་ཉིད་དེ་གོ་རྡོ་རྗེ་སེམས་དཔའོ། །དེའི་གདན་ནི་གདན་ནོ། །འདི་རྣམས་གདན་དུ་གྱུར་པས་ཁྱབ་པའི་རྡོ་རྗེ་སེམས་དཔའོ། །དེ་ཉིད། ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་ཡི་གེ་དགོད་མི་བྱ། །ཡི་གེའི་

เล่ม ๕ · หน้า 89a

སྒྲས་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་སོ། །དེ་ལས་བྱུང་བ་ནི་དེ་ལས་བྱུང་བ་དེའི་རང་བཞིན་ནོ། །གོང་བུ་ནི་གང་གི་ལུས་དེའོ། །ཡི་གེ་ལས་བྱུང་གོང་བུ་ནི་ཡི་གེ་ཧཱུཾ་ཉིད་དེ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པ་ཉིད་དོ། །ཡི་གེ་ཕཊ་འབྱེད་པར་བྱེད་པ་མི་འདོད་པ་

ཉིད་དོ། །ཡི་གེ་ཧཱུཾ་གི་ས་བོན་ཉིད་ལས་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ཕྱག་མཚན་རྡོ་རྗེ་འདི་ནི་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མའོ། །གཉི་གའི་བདག་ཉིད་དབྱེར་མེད་པ་ཉིད་ཀྱི་ས་བོན་ནོ། །ཡང་ན་ཡི་གེའི་སྒྲས་ནི་མི་འགྱུར་ཞིང་མི་གཡོ་བས་ན་ཡི་གེའོ། །དེ་

ལས་བྱུང་ནི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་ནོ། །དེའི་གོང་བུ་ནི་སྐུ་ཀུན་རྫོབ་ཀྱི་བདེན་པ་ཉིད་བསྡུས་པའི་དོན་དམ་པའི་བདེན་པའི་རང་བཞིན་ཡིན་ནོ། །ཅི་འདྲ་བ་ཡིན་པ་གསུངས་པ། ཧཱུཾ་ཞེས་པའི་ཧ་ནི་ཐབས་སོ། །ཨུ་ཤེས་རབ་པོ། །གཉི་ག་དབྱེར་མེད་པའི་བྱང་ཆུབ་

སེམས་ཟླ་བའོ། །དེ་ཡང་ཐིག་ལེ་སྟོང་པ་རང་བཞིན་མེད་པས་བརྒྱན་པའོ། །ཕཊ་ཤེས་རབ་བདག་མེད་མའོ། །དེའི་ཡི་གེ་ནི་རྟོག་པའི་བྱ་བའོ། །འདོད་མི་བྱ་ནི་མི་འདོད་པ་སྟེ་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འཇུག་པ་ཡིན་ནོ། །ཡང་ན། ཡི་གེ་ལས་བྱུང་གོང་

བུ་ལ། གཡོ་བ་མེད་པར་རང་བཞིན་དུ་བྱུང་བའི་གོང་བུའོ། །ཡི་གེ་ནི་བྱེད་པ་སྟེ། རྡོ་རྗེ་ལྟེ་བའི་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་གཡོ་བ་མེད་པས་སོ། །རྒྱུ་གང་ཞེ་ན། ཧཱུཾ་སྟེ་ཡི་གེ་ཧཱུཾ་ངོ་། །དེ་ཡང་དེའི་ཕཊ་ཀྱིས་འབྱེད་པ་མི་འདོད་དོ། །འང་གི་སྒྲ་ནི་དོན་འདི་ཉིད་གཏང་བར་མི་བྱ་བ་

ཡིན་ནོ། །ཡང་ན་དབང་པོ་དེ་རྣམས་དགའ་བ་མི་འདོར་བས་ན་ཡི་གེ་སྟེ་དེ་ལྟ་བུར་གྱུར་པའོ། །ལས་བྱུང་བ་ནི་ཆགས་པའི་མཚན་ཉིད་ཀྱི་འདོད་ཆགས་ཆེན་པོས་དབང་པོ་ཐམས་ཅད་ལ་སོགས་པ་གཉིས་སུ་མེད་པའི་དངོས་པོའི་ཕྱིར་རོ། །གོང་བུ་དང་འདྲ་བས་ན་གོང་བུ་སྟེ། དེའི་འདོད་

ཆགས་ཆེན་པོའོ། །ཕཊ་ཀྱིས་འབྱེད་པ་ནི་ཆགས་པ་དང་བྲལ་བའོ། །བདེན་པ་དེ་ལ་ནི་འདོད་མི་བྱ་སྟེ། འདོད་པའི་བྱེད་པ་མེད་པ་ཉིད་དོ། །རྟོག་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཡི་གེ་ཧཱུཾ་དགའ་བ་ལ་སོགས་པ་ལྷན་ཅིག་སྐྱེས་པ་ལ་

เล่ม ๕ · หน้า 89b

ཐུག་པའི་བཞི་པའོ། །ཡང་ན་ཨ་ནི་ཟླ་བའོ། །དེའི་ཕྱིར་ཡི་གེ་ལས་བྱུང་ནི་ཧཱུཾ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའོ། །དེ་ཉིད་ཕཊ་ཀྱི་ཡི་གེའོ། །འདོད་མི་བྱ་བ་ཉིད་ཡིན་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དག་དབྱེར་མེད་པར་མདོར་བསྟན་

པ་དེ་རྒྱས་པར་བཤད་པས་རབ་ཏུ་གསལ་བར་བྱེད་པའོ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཞེས་པ་ལ། སེམས་དཔའི་སྒྲས་ཨཱ་ལི་ཀཱ་ལིའི་ནཱ་ད་ཚར་གཉིས་ཀྱི་བདག་ཉིད་ཀྱི་ཟླ་བ་དང་ཉི་མའི་ནང་དུ་སོན་པའི་ས་བོན་ཏེ། སྲིད་

གསུམ་གཅིག་པ་སེམས་པ་ཉིད་ཀྱིས་ན་སེམས་པའོ། །དེ་བས་ན་དེའི་བདག་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཟུགས་བརྙན་ལྟ་བུར་གྱུར་པ་ཆུའི་ཟླ་བ་ལྟ་བུ་བདེན་པ་དང་མི་བདེན་པ་རྣམ་པར་བཅད་ནས། འདས་པ་སེམས་དཔའི་གཟུགས་བརྙན་དེ་ལས་བྱུང་

བའོ། །དེ་ཉིད་དཀྱིལ་འཁོར་བདག་པོ་སྟེ་དཀྱིལ་འཁོར་གྱི་གཙོ་བོའོ། །རྣམ་པར་བསྒོམ་ནི་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་སྙོམས་པར་འཇུག་པ་བསྐྱེད་པར་བྱའོ། །ཡང་ན་སེམས་དཔའི་གཟུགས་བརྙན་ལས་བྱུང་བ་གང་དེ་ཉིད་དཀྱིལ་འཁོར་གྱི་བདག་པོ་ཡེ་ཤེས་ཐ་མི་དད་པའི་སྙིང་པོ་ལེན་

པའོ། །དེ་རྣམ་པར་བསྒོམ་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བར་རྣམ་པར་བསྒོམ་ཞིང་། གསལ་པོར་བསྒོམ་པར་བྱ་བ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །དཀྱིལ་འཁོར་གྱི་བདག་པོ་དེ་ཅིས་ཁྱད་པར་དུ་འཕགས་པ་ཡིན་པ་གསུངས་པ། ཕྱག་

མཚན་ལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །སྔར་གྱི་རྣམས་དང་འདྲ་བས་ན་སྔར་གྱི་བཞིན་ཏེ་ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། བཅུ་དྲུག་པ་རྣམས་ཀྱི་རིམ་པར་ཕྱེ་བ་གཉིས་པར་ཞབས་བཞི་པ། ཞལ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་གང་བསྟན་པ་དང་། རིམ་པར་

ཕྱེ་བ་གསུམ་པར་ཕྱག་བཞི་པ་བདུད་བཞིའི་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཕྱག་དྲུག་པ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་གང་དེ་ཉིད་དོ། །དེ་ལྟ་བུར་གྱུར་པའི་ཞལ་དང་ཕྱག་མཚན་ལ་སོགས་པ་གར་མཁན་ལ་སོགས་པས་མཚན་པའོ། །འོན་ཀྱང་། ཟླ་བ་ཆུ་ཤེལ་

เล่ม ๕ · หน้า 90a

ནོར་བུའི་འོད། །སེམས་དཔའི་གཟུགས་བརྙན་ལས་བྱུང་བའི་རྒྱུ་རྡོ་རྗེ་འཆང་ཉིད་ཀྱི་ཕྱིར་རྒྱུའི་རྡོ་རྗེ་འཆང་རྩ་བའི་ཞལ་དང་སྐུ་མདོག་དཀར་པོའོ། །འབྲས་བུ་རྡོ་རྗེ་འཆང་ནི་སྐུ་མདོག་ནག་པོ་ཡིན་ནོ། །ཡང་ན་གོང་མ་བཞིན་ནི་ཇི་ལྟར་སྔར་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོའི་སྟེང་དུ་ཟླ་

བ་དང་ཉི་མའི་ནང་དུ་སོན་པའི་ས་བོན་ནོ། །དེ་བཞིན་དུ་ཞལ་བརྗོད་པ་ཡིན་ཏེ། བརྗོད་པ་ནི་ནཱ་ད་ཚར་གཉིས་ཕྱག་མཚན་དང་ས་བོན་ཡིན་པས་ཞལ་མཚོན་པའོ། །འདི་གསུམ་ཀ་དང་པོ་གཟོད་མ་ནས་རྒྱུ་མེད་པ་དེའི་རྒྱུ་རྣམས་ཀྱིས་སོ། །གང་ཟླ་བ་བྱང་ཆུབ་ཀྱི་སེམས་སོ། །ཀ་བདེ་བའོ། །གཉི་ག་

དབྱེར་མེད་པས་ན་ཟླ་བ་ཆུ་ཤེལ་ལོ། །ནོར་བུའི་འོད་ནི་ནོར་བུ་དང་འདྲ་བར་སྣ་ཚོགས་གཟུགས་ཅན་གྱི་ནོར་བུ་ཇི་ལྟ་བར་འོད་འབར་ཞིང་འོད་གསལ་བ་ཉིད་གང་དེ་ནི་ཟླ་བ་ཆུ་ཤེལ་ནོར་བུའི་འོད་དོ། །ད་ནི་ཁ་སྦྱོར་དུ་བསྡུ་བ་གསུངས་པ། འདི་ལྟར་ཐམས་ཅད་རྫོགས་པ་ཉིད། །འདི་ལྟ་བུའི་རིམ་པས་

མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་དང་མཁའ་འགྲོ་ཐམས་ཅད་ཉིད་རྫོགས་པ་ཡིན་ནོ། །ཡང་ན་དེ་ལྟར་མཁའ་འགྲོ་མ་ཐམས་ཅད་ཉིད་རྫོགས་པ་རྣམས་དེ་ལྟར་ཡིན་ནོ། །དོན་འདི་ཉིད་རྒྱས་པར་བཤད་པ། ཐབས་དང་ཤེས་རབ་རང་བཞིན་ལས། །ཞེས་པ་

སྟེ། །ཡི་གེ་ཨེ་ཤེས་རབ་ལ། ཡི་གེ་ཝཾ་གྱིས་ཐབས་ཏེ་རང་བཞིན་འདིས་སོ། །དེ་ཉིད་ཤེས་རབ་ཨཱ་ལི་ཞེས་བརྗོད་དོ། །དེ་ཉིད་ཀཱ་ལི་ཐབས་ཡིན་ནོ། །ཨཱ་ལི་ཟླ་བ་ལ་ཀཱ་ལི་ཉི་མ་འདི་དབྱེར་མེད་པའི་ཕྱིར་ཡི་གེ་ཨེ་དང་ཡི་གེ་ཝཾ་ཐབས་དང་ཤེས་རབ་དེ་དག་ལས་ཀྱང་ཨཱ་ལི་ཀཱ་ལི་ཟླ་བ་དང་ཉི་མ་

དག་འདིར་ཁྱད་པར་དུ་དབྱེ་བ། རབ་ཏུ་གསལ་བའི་ཤིན་ཏུ་གསལ་བའི་ཁྱད་པར་དེའི་ཕྱིར་རོ། །ཡང་ན་འདི་ལྟར་ཐམས་ཅད་རྫོགས་པ་ཉིད་ཀྱི། འདི་ལྟར་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་གང་དེའོ། །ཐམས་ཅད་ནི་ཐམས་ཅད་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་

མའོ། །དེ་ལྟར་ཐམས་ཅད་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མའོ། །དེ་ཉིད་རྫོགས་པ་ནི་མ་ལུས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ནོ། །གང་ལས་ཤེ་ན། གང་གི་ཕྱིར་ཨ་ཚེག་དྲག་གི་མཐའ་ཅན་ནོ། །དེ་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་ཏེ་ཤེས་རབ་ཅེས་པ་ནི་བདག་མེད་

เล่ม ๕ · หน้า 90b

མའོ། །ཐབས་ནི་རྡོ་རྗེ་འཛིན་པའོ། །གཉི་གའི་རང་བཞིན་ལས་ནི་གཉི་གའི་ངོ་བོ་ཉིད་ལས་སོ། །གཉི་ག་ཡང་ཨཱ་ལི་ཀཱ་ལིའི་ནཱ་ད་ཚར་གཉིས་པོ་དེ་དབྱེར་མེད་པའི་ཕྱིར་ཆ་མེད་པ་ཡིན་ནོ། །དེ་ནས་ཡང་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཉི་མ་ནི་ཉི་མ་སྟེ་ཆ་ཤས་མེད་པའི་བདེ་བ་ཆེན་པོའི་

ཡེ་ཤེས་སོ། །གཉི་ག་རབ་དབྱེ་བས་ནི་གཞན་དུ་ན་མེད་པས་ཏེ། རབ་ཏུ་གསལ་བར་རང་བཞིན་མེད་པར་བྱས་པའི་ཕྱིར་བཞི་པ་རྡོ་རྗེ་འཆང་ངོ་། །འདི་ལྟར་ཞེས་པ་ནི་དགའ་བའོ། །ཐབས་དང་ཤེས་རབ་ཅེས་པ་ནི་མཆོག་དགའོ། །ཨཱ་ལི་ཀཱ་ལི་ཞེས་པ་ནི་རྣམ་པར་དག་པའོ། །ཟླ་བ་

ཉི་མའི་རབ་དབྱེ་བས། །ཞེས་པ་ནི་བཞི་པ་ལྷན་ཅིག་སྐྱེས་པའོ། །འདི་ལྟར་དཀར་མོ་སོགས་འདིའི་ཕྱིར་ཁ་དོག་དབྱེ་བ་སོ་སོ་ཡིན། འདིའི་ཕྱིར་ནི་རྒྱུ་འདིའི་ཕྱིར་རོ། །གཽ་རཱི་ལ་སོགས་པ་ཕྱི་རོལ་གྱི་རིམ་པར་གནས་པ་གཟུགས་ལ་སོགས་པའི་ཡུལ་རྣམ་པར་དག་པས་མཁའ་འགྲོ་མའོ། །

དཀར་མོ་ལ་སོགས་པ་རྣམས་ཀྱི་མདོག་ནི་ནག་པོ་ལ་སོགས་པའོ། །དབྱེ་བ་ནི་རབ་ཏུ་དབྱེ་བ་ཉིད་དོ། །སོ་སོ་ནི་སྣ་ཚོགས་ཏེ་སྣ་ཚོགས་པའི་མདོག་གང་དེ་མཁའ་འགྲོ་མའོ། །ཁ་དོག་དབྱེ་བ་ཞེས་པ་ནི་ས་བོན་གྱི་བྱེ་བྲག་གོ། །གནས་སོ་སོ་ཞེས་པ་ནི། སོ་སོ་སོ་སོའི་ས་བོན་ལས་གང་མཁའ་

འགྲོ་མ་ལ་སོགས་པ་རྣམས་བསྐྱེད་པའོ། །ཡང་ན་དཀར་མོ་ལ་སོགས་པ་ནི། དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་རྣམས་དབྱེར་མེད་པ་འབྱུང་བའོ། །གཞན་ནི་མཆོག་གོ། །འདི་ཉིད་ཁ་དོག་རྣམས་ཀྱི་དབྱེ་བ་དངོས་པོ་མེད་པར་བསྡུ་བའོ། །སོ་སོ་ནི་དེ་ཉིད་སྤྲོ་བའོ། །སྤྲོ་བ་དང་

བསྡུ་བའི་བདག་ཉིད་དེས་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གཉིས་དབྱེར་མེད་པ་ཡིན་ནོ། །དེ་ཉིད་རབ་ཏུ་གསལ་བར་བྱེད་པ་ནི། རེ་ཞིག་ནང་གི་འཕར་མ་ལ། རྣལ་འབྱོར་མ་ལྔ་ངེས་གནས་པ། །ནང་གི་སྒྲས་བདག་ཉིད་གང་གི་དབང་དུ་བྱས་པའི་གང་གི་རིམ་པ་དེ་ནི་ནང་རིམ་པ་དེ་ནི་རིམ་མོ། །

དེ་ལ་རེ་ཞིག་གི་སྒྲ་ནི་རིམ་པ་སྟེ། ཕྱི་ནས་ཕྱི་རོལ་གྱི་རིམ་པ་འཆད་པར་འགྱུར་བའི་ཕྱིར་རོ། །གནས་པ་ཞེས་པ་ནི་དབྱེར་མེད་པའི་ཕྱིར་གཅིག་གི་ཚིག་གོ། །ངེས་པ་ནི་ངེས་པའི་དོན་ཏོ། །རྣལ་འབྱོར་མ་ལྔ་ནི་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྣལ་འབྱོར་དང་ལྡན་པའོ། །དེ་

เล่ม ๕ · หน้า 91a

ཇི་ལྟར་བསྒོམ་པ་ཡིན་པ་གསུངས་པ། ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་གྱིས་སྙོམས་པར་འཇུག་པར་བྱའོ། །དེ་གང་ཞེ་ན།

རྣལ་འབྱོར་རིག་པ་སྟེ། གཉིས་སུ་མེད་པ་ཁོང་དུ་ཆུད་ཅིང་རྟོགས་པའོ། །རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པ་ཉིད་ཀྱིས་སོ། །ཡང་ན་ནང་གི་འཕར་མ་ཞེས་པ་ནི་བདག་ཉིད་ལྷག་པར་གནས་པ་སྟེ། བདག་ཉིད་གནས་པ་གང་གི་འཕར་མ་དེ་ནི་འཕར་མའོ། །དེ་ལ་རེ་ཞིག་གནས་པ་ནི། རྦ་རླབས་

མེད་པའི་ཚུལ་ཅན་ནོ། །ངེས་པ་ནི་ངེས་པའོ། །ཅིས་ཁྱད་པར་འཕགས་ཤེ་ན། རྣལ་འབྱོར་མ་ལྔ་པོ་ཞེས་པ་ནི་མེ་ལོང་ལ་སོགས་པའི་རྣལ་འབྱོར་ལྔ་དང་ལྡན་པའོ། །འདིས་ནི་གཉི་གའི་བདག་ཉིད་དོ། །བདག་མེད་མ་དང་མཁའ་འགྲོ་མ་དེ་ཉིད་ཕུང་པོ་ལྔ་ནི་གཟུགས་ལ་སོགས་པའོ། །དེ་རྣམས་

ཀྱི་རང་བཞིན་གྱིས་ནི་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་པོ་དེའི་རང་བཞིན་གྱིས་སོ། །བསྒོམ་པ་ནི་སྙོམས་པར་འཇུག་པར་བྱ་བའོ། །རྣལ་འབྱོར་རིག་ནི་གཉི་ག་དབྱེར་མེད་པར་རྟོགས་ཤིང་ཁོང་དུ་ཆུད་པའོ། །རྟག་ཏུ་ཞེས་

པ་ནི་རྒྱུན་མི་འཆད་པ་ཉིད་ཀྱིས་སོ། །ནང་གི་འཕར་མ་ལ་གནས་པའི་མཁའ་འགྲོ་མ་ལྔ་བསྟན་པ་ནི། དབང་པོར་རྡོ་རྗེ་ནི། ཤར་གྱི་འདབ་མ་ལ་རྡོ་རྗེ་མཁའ་འགྲོ་མའོ། །གཤིན་རྗེ་ནི་ལྷོའི་འདབ་མ་ལ་དཀར་མོའོ། །ཆུ་བདག་ནི་ནུབ་ཀྱི་འདབ་མ་ལ་ཆུའི་རྣལ་འབྱོར་མའོ། །ལུས་ངན་ནི་བྱང་གི་

འདབ་མ་ལ་རྡོ་རྗེ་མཁའ་འགྲོ་མའོ། །དབུས་སུ་ནི་དབུས་ཀྱི་ལྟེ་བ་ལ་རྣལ་འབྱོར་མ་བདག་མེད་མའོ། །ཡང་ན་དབང་པོར་རྡོ་རྗེ་ཞེས་པ་ནི། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་པའི་ཚིག་གིས་ཏེ་ཀུན་དུ་སྣང་བའི་མཚན་ཉིད་སྐུ་རྡོ་རྗེའོ། །གཤིན་རྗེ་དཀར་ནི་ཚོར་བའི་རང་བཞིན་གྱིས་དཀར་མོ་སྟེ།

ཚོར་བ་ལ་ནི་དཀར་མོར་བཤད། །ཅེས་པས་སོ། །རང་རིག་པའི་རང་བཞིན་ཐུགས་རྡོ་རྗེའོ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནི། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །ཞེས་པའི་ཚིག་གིས་སོ། །མངོན་པར་བརྗོད་པའི་རང་བཞིན་ཡིན་པས་གསུང་རྡོ་རྗེའོ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །ཞེས་

เล่ม ๕ · หน้า 91b

པ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་འདུ་བྱེད་ཀྱི་ཕུང་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེས། རྡོ་རྗེ་ཡང་དེ་མཁའ་འགྲོ་མ་ཡང་ཡིན་པས་རྡོ་རྗེ་མཁའ་འགྲོ་མ་མི་ཕྱེད་པའི་རང་བཞིན་ནོ། །ཌཱ་ནམ་མཁའི་ཁམས་སོ། །དེའི་སྐུ་ཡིན་པས་ན་ངེས་པར་བསྟན་པས་མཁའ་འགྲོ་མ་རྡོ་རྗེ་གསུམ་དབྱེར་མེད་

པའི་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །དབུས་སུ་བདག་མེད་རྣལ་འབྱོར་མ། །ཞེས་པ་ནི། བདེ་བ་ལ་སོགས་པའི་རྣམ་པར་རྟོག་པ་ལས་འདས་པ་ཉིད་ཀྱིས་རྣམ་པར་མི་རྟོག་པས་དབུ་མ་སྟེ་བར་མའོ། །དེ་ལ་བདག་དང་བདག་གིར་འཛིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་རྣལ་འབྱོར་མ་བདེན་པ་གཉིས་

དབྱེར་མེད་པ་ཞེས་པའི་དོན་ཏོ། །རེ་ཞིག་གི་སྨྲ། རིམ་པ་ལ་ལྟོས་པ་ཉིད་ཀྱིས་ཕྱི་རོལ་གྱི་འཕར་མ་ལ་གནས་པའི་མཁའ་འགྲོ་མ་བརྒྱད་བསྟན་པ་ནི། ཕྱི་རོལ་གྱི་ནི་འཕར་མ་ལ། །དཀར་མོ་ཆོམ་རྐུན་རོ་ལངས་མ། །གྷསྨ་རཱི་དང་པུཀྐ་སཱི། རི་ཁྲོད་མ་དང་གདོལ་བ་མ། །བརྒྱད་པ་ཌོམྦི་ནཱི་རུ་

བརྗོད། །ཕྱི་རོལ་གྱི་འཕར་མ་ལ་ནི་ཤར་གྱི་འདབ་མར་དཀར་མོ། ལྷོའི་འདབ་མ་ལ་ཆོམ་རྐུན་མ། ནུབ་ཀྱི་འདབ་མ་ལ་རོ་ལངས་མ། བྱང་གི་འདབ་མ་ལ་ཟ་ཕོད་མ། དབང་ལྡན་གྱི་འདབ་མ་ལ་པུཀྐ་སཱི། མེའི་འདབ་མ་ལ་རི་ཁྲོད་མ། བདེན་བྲལ་གྱི་འདབ་མ་ལ་གཏུམ་མོ། རླུང་གི་

ཕྱོགས་ཀྱི་འདབ་མ་ལ་གཡུང་མོའོ། །འོག་ལྡན་མ་དང་སྟེང་ལྡན་ཉིད། །མཁའ་སྤྱོད་མ་དང་ས་སྤྱོད་འདོད། །འོག་གི་སྒྲས་པདྨ་གཉི་གའི་རྩེ་མོ་དང་། །རྩ་བ་དག་ཏུ་འོག་གི་ས་སྤྱོད་མའོ། །དེ་བཞིན་དུ་མཁའ་སྤྱོད་མའོ། །སྲིད་དང་ཞི་བའི་རང་བཞིན་གྱིས། །སྙིང་རྗེ་ཆེན་པོ་འདི་དག་གནས། །

ས་སྤྱོད་མ་དང་མཁའ་སྤྱོད་མའི་རྣམ་པ་མཁའ་འགྲོ་མ་གཉིས་འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་གྱིས་གནས་པའོ། །སྲིད་པ་དང་མྱ་ངན་ལས་འདས་པའི་རང་བཞིན་འདི་དག་ཀྱང་ཡེ་ཤེས་ཀྱི་རྣམ་པས་རྣམ་པར་གནས་སོ། །སྙིང་རྗེ་ཆེ་ཞེས་པ་ནི་བོད་པའོ། །ཕྱི་རོལ་གྱི་ནི་འཕར་མ་ལ། །

དཀར་མོ་ཞེས་པ་ནི། གཟུགས་ལ་གཽ་རཱིར་རྟག་ཏུ་བཤད། །ཅེས་པས་གཟུགས་ནི་ཀུན་དུ་སྣང་བའི་མཚན་ཉིད་ཡིན་པའི་ཕྱིར་སྐུ་རྡོ་རྗེ་དགའ་བ་དང་པོའོ། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །ཞེས་པ་ནི་གསུང་རྡོ་རྗེ་མཆོག་དགའོ། །དྲི་ཡི་ཡུལ་ལ་རོ་ལངས་མ། །ཞེས་པ་ནི་དྲི་ནི་རིག་པ་སྟེ་

เล่ม ๕ · หน้า 92a

ཐུགས་རྡོ་རྗེ་རྣམ་པར་དགའ་བའོ། །རོ་ནི་ཟ་ཕོད་མ་རུ་གྲགས། །ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་རོ་ནི་ཉམས་སུ་མྱོང་བའི་མཚན་ཉིད་དོ། །རནི་རིན་ཆེན་གཙོ་བོའོ། །ས་ནི་བྱང་ཆུབ་ཀྱི་སེམས་འོད་དཔག་ཏུ་མེད་པའོ། །གཉི་ག་དབྱེར་མེད་པ་རྡོ་རྗེ་འཛིན་པ་བཞི་པ་

ལྷན་ཅིག་སྐྱེས་པའོ། །ས་ནི་པུཀྐ་སཱི་ཞེས་བཤད། །ཅེས་པ་ནི། གཏི་མུག་རྡོ་རྗེའི་རྣམ་པར་དག་པས་ཀུན་དུ་སྣང་བའི་མཚན་ཉིད་ཀྱིས་སྐུ་རྡོ་རྗེའོ། །ཆུ་ཁམས་རྔོན་པ་མ་རུ་འདོད། །ཅེས་པ་ནི་ཆུ་ནི་འོད་དཔག་ཏུ་མེད་པ་ཉིད་ཀྱིས་གསུང་རྡོ་རྗེའོ། །མེ་ནི་གཏུམ་མོར་ཤེས་པར་བྱ། །ཞེས་པ་ནི་མེ་ནི་རང་

བཞིན་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་ཙཎྜ་ཉི་མའོ། །ཨཱ་ལི་ཟླ་བའོ། །གཉི་ག་འདི་ལ་ཡོད་པས་གཏུམ་མོ་སྟེ་ཐུགས་རྡོ་རྗེའོ། །གཡུང་མོ་ནི་གང་ལ་རེག་ཏུ་མི་རུང་བ་དེ་ནི་གཡུང་མོའོ། །གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་དང་ལྡན་པའོ། །བརྒྱད་པ་ནི་བརྒྱད་

རྫོགས་པའོ། །ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པའི་ཕྱིར་བཞི་པོ་གཉིས་ཏེ། དགའ་བ་ལ་སོགས་པའོ། །དེ་བས་ན་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །མཁའ་འགྲོ་མ་ལྔས་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་བདག་མེད་མའོ། །དེ་ལྟ་བས་ན་བཅོམ་

ལྡན་འདས་སྲིད་པ་དང་ཞི་བའི་རང་བཞིན་གྱི་གནས་ཏེ་དབྱེར་མེད་ཅིང་མི་གཡོ་བ་འདི་དག་ཡེ་ཤེས་ཀྱི་རྣམ་པའོ། །མཁའ་སྤྱོད་དང་ས་སྤྱོད་ཀྱི་སྒྲས་བདག་མེད་མའི་རང་བཞིན་བསྟན་པ་ལས་རྡོ་རྗེ་འཛིན་པ་ནི་མ་བསྟན་ཏོ། །རྣམ་དག་བསྟན་པའི་ལྷག་མས་ཕོ་རྟགས་ཀྱིས་བསྟན་ཏོ། །དེ་བས་ན་

རྡོ་རྗེ་འཛིན་པ་བོད་པ་སྟེ། སྙིང་རྗེ་ཆེན་པོ་ཞེས་པས་གཉི་ག་དབྱེར་མེད་པའི་ལམ་ཤེས་ཀྱི་གཞན་དུ་མ་ཡིན་པ་ཉིད་དོ། །གང་དུ་ཁམས་གསུམ་རང་བཞིན་མེད་པར་རྟོག་པ་རྣམ་པར་གནས་པས་འགྲོ་བའི་དོན་བྱེད་པས་ན་སྙིང་རྗེ་ཆེན་པོ་ཉིད་ཡིན་ནོ། །འདི་རྣམས་ཀྱི་ས་བོན་ནི། ཨཱཾ་ཨིཾ་ཨཱིཾ་ཨུཾ་ཨཾ།

རྡོ་རྗེ་དཀར་མོ་ཆུ་མ་དང་། །རྡོ་རྗེ་མཁའ་འགྲོ་བདག་མེད་མ། །ཞེས་པའི་མཁའ་འགྲོ་མ་ལྔའི་ས་བོན་རིམ་པས་ཤེས་པར་བྱའོ། །ལྀཾ་ཨེཾ་ཨཻཾ་ཨཽཾ་དཀར་མོ་དང་། ཆོམ་ཀུན་མ་དང་། རོ་ལངས་མ་དང་། ཟ་ཕོད་མ་རྣམས་ཀྱིའོ། །ཨཱུཾ་རྀཾ་རཱྀཾ་ལྀཾ། སྦོས་མོ་དང་། རྔོན་པ་མ་དང་། གཏུམ་མོ་དང་། ཌོམྦི་

เล่ม ๕ · หน้า 92b

ནཱི་རྣམས་ཀྱིའོ། །ཨོཾ་ཨཾ་ས་སྤྱོད་མ་དང་མཁའ་སྤྱོད་མའི་ཡིན་ནོ། །འདིས་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པས་མཁའ་འགྲོ་མ་ལྔའོ། །གཟུགས་ལ་སོགས་པའི་ཡུལ་བཞི་ཡོངས་སུ་དག་པ་དཀར་མོ་ལ་སོགས་པའི་མཁའ་འགྲོ་མ་བཞིའོ། །ས་དང་ཆུ་དང་མེ་དང་

རླུང་གི་འབྱུང་བ་བཞི་རྣམ་པར་དག་པ་སྦོས་མོ་ལ་སོགས་པའི་མཁའ་འགྲོ་མ་བཞིའོ། །ཡིད་ཀྱི་དམ་པའི་བདེ་བ་འཛག །ཅེས་པའི་ཚིག་གིས་སོ། །ས་སྤྱོད་མའི་རྣམ་པར་དག་པ་རེག་བྱའི་ཡུལ་ལ། བདེ་བ་ཡང་ནི་ནམ་མཁའི་ཁམས། །ཞེས་པས་ནམ་མཁའི་ཁམས་རྣམ་པར་དག་པའི་

ཕྱིར་མཁའ་སྤྱོད་མའི་རྣམ་པར་དག་པ་ནམ་མཁའི་ཁམས་ཡིན་ནོ། །འདིས་ནི་དབང་པོ་ལྔ་དང་འབྱུང་བ་ལྔའི་བདག་ཉིད་ཀྱི་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་འཁོར་ལོའོ། །མཁའ་སྤྱོད་མ་དང་ས་སྤྱོད་མ་འདི་དག་སྲིད་པ་དང་མྱ་ངན་ལས་འདས་པའི་རྣམ་པར་དག་པས་ཐབས་དང་ཤེས་

རབ་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་མ་ལ་སོགས་པའི་མཁའ་འགྲོ་མ་ལྔ་པོ་རྣམས་ཀྱིས་ཕུང་པོ་ལྔའི་བདག་ཉིད་དོ། །དཀར་མོ་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་བཞི་དང་ས་ལ་སོགས་པའི་འབྱུང་བ་ཆེན་པོ་བཞིའི་རྣམ་པར་དག་པས་རྣལ་

འབྱོར་མ་བརྒྱད་ཀྱི་རང་བཞིན་དགུའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པ་ཡིན་ནོ། །གཉི་གའི་དཀྱིལ་འཁོར་དབྱེར་མེད་པའི་དཀྱིལ་འཁོར་གཉིས་ཡིན་ཏེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་ཡི་གེའང་འདོད་མི་བྱ། །སེམས་

དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་སྔ་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཐབས་དང་ཤེས་རབ་རང་བཞིན་ལས། །འདི་རྣམས་ཐམས་ཅད་རྫོགས་པ་ཉིད། །ཟླ་བ་ཉི་མའི་རབ་དབྱེ་བས། །ཨཱ་ལི་ཤེས་

རབ་ཀཱ་ལི་ཐབས། །འདི་ལྟར་དཀར་མོ་སོགས་འདིའི་ཕྱིར། །ཁ་དོག་དབྱེ་བ་སོ་སོ་གཞན། །ཞེས་པས་དཀྱིལ་འཁོར་གཉིས་ཀ་དབྱེར་མེད་པ་ཉིད་ཀྱིས་ཁ་སྦྱོར་ཉིད་དོ། །འཕར་མ་གཉིས་ཞེས་བྱ་བ་གང་གསུངས་པ་དེ་གསལ་བར་བྱས་པ་ཡིན་ནོ། །རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད། །སྐུ་མདོག་

เล่ม ๕ · หน้า 93a

ནག་མོ་དྲག་ཆེན་མོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞལ་གཅིག་སྤྱན་ནི་དམར་པོ་རྣམས། །ལག་པར་གྲི་གུག་ཐོད་པས་བྲེལ། །དོན་ནི་གསལ་བ་ཉིད་དོ། །ཡང་ན་ཐམས་ཅད་ནི་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་མའོ། །གཉི་ག་དབྱེར་མེད་པའི་ཡེ་ཤེས་ཐམས་

ཅད་དོ། །དེ་ཉིད་རྡོ་རྗེ་མཁའ་འགྲོ་མ་སྟེ། རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །མཁའ་འགྲོ་མ་ནི་བདག་མེད་མ་ལ་སོགས་པའོ། །འདིས་ནི་རྡོ་རྗེ་མཁའ་འགྲོ་མ་ཡེ་ཤེས་དང་དབྱེར་མེད་པའི་དོན་ཏོ། །སྐུ་མདོག་ཅེས་པ་ནི་འདིར་ནག་པོ་བསྲབས་པས་ཡི་གེ་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་ཀྱིས་དེ་རྣམས་

ཁ་དོག་གནག་པའི་ཆ་མེད་པའི་རང་བཞིན་གྱི་དོན་ཏོ། །འདིས་ནི་ནཱ་ད་དང་དབྱེར་མེད་པ་ཉིད་ཡེ་ཤེས་ཡིན་ནོ། །དྲག་མོ་ཞེས་པ་ནི་མཱ་མ་ཀཱི་བྱང་ཆུབ་ཀྱི་སེམས་སོ། །ཧ་ནི་རྡོ་རྗེ་འཛིན་པའོ། །གཉི་ག་དབྱེར་མེད་པའི་དྲག་ཆེན་མོ་གཏུམ་མོ་ཉི་མའོ། །དྲག་པོ་ཉི་མ་དེ་བཞིན་དུ་ཡིན་ལ་མ་ནི་ཨཱ་ལིའི་

ཚུལ་ཟླ་བའོ། །ཆེན་པོའི་རང་བཞིན་ཡང་ཡིན་ལ་དྲག་མོ་ཡང་ཡིན་པས་དྲག་ཆེན་མོ་སྟེ། སྣང་བ་སྣང་བ་མེད་པའི་རང་བཞིན་ཉིད་སྐུ་དང་དབྱེར་མེད་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ། རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་སེམས་དཔའི་གཟུགས་བརྙན་གྱི་རང་བཞིན་གྱིས་སྐུ་གསུམ་དང་དབྱེར་མེད་པའི་ཡེ་ཤེས་

ཉིད་ཡིན་ནོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞེས་པ་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་ཉིད་ཀྱིས་སྣ་ཚོགས་པའི་གཟུགས་སུ་བརྒྱན་ཅིང་སྤྲོ་བའི་ཚུལ་གྱིས་རྣམ་པར་གནས་སོ། །སྤྲོ་བ་དང་བསྡུ་བའི་བདག་ཉིད་ཁོ་ན་ཡེ་ཤེས་ཡིན་ནོ། །ཞལ་གཅིག་ཅེས་པ་ནི་བརྗོད་པ་ཡིན་པས་ན་ཞལ་

ལོ། །གཅིག་ནི་དབྱེར་མེད་པ་ལ་ཡོད་པ་དེ་ནི་ཞལ་གཅིག་པ་སྟེ་ཆ་མེད་པའི་རང་བཞིན་ནོ། །སྤྱན་ནི་དམར་ཞེས་པ་ནི་དམར་པོ་ནི་འདོད་ཆགས་ཆགས་པའི་མཚན་ཉིད་དོ། །སྤྱན་ནི་དབང་པོ་རྣམས་གང་ལ་ཡོད་པ་དེ་སྤྱན་དམར་བའོ། །ཞལ་གཅིག་པས་ནི་ཆ་མེད་པ་ཡིན་ལ་སྤྱན་དམར་བས་ཆ་དང་

བཅས་པ་ཡིན་ནོ། །གཉི་གའི་བདག་ཉིད་ཡིན་པས་འདི་བདེན་པ་གཉིས་ཀྱི་བདག་ཉིད་ཡིན་ནོ། །གྲི་གུག་ནི་བདག་མེད་མའོ། །ཐོད་པ་ནི་རྡོ་རྗེ་འཛིན་ནོ། །བདེན་པ་གཉིས་ཀྱི་བདག་ཉིད་ཀྱིས་བདེན་པ་གཉིས་བདག་མེད་མ་དང་རྡོ་རྗེ་འཛིན་པ་ཡིན་ནོ། །དེ་ཉིད་ཕྱག་སྟེ། ཀ་རྡོ་རྗེ་འཛིན་པའོ། །ར་བདག་

เล่ม ๕ · หน้า 93b

མེད་མའོ། །གཉི་ག་དབྱེར་མེད་པའི་ཕྱིར་ཕྱག་ཡིན་ནོ། །ཕྱག་རྒྱ་ལྔ་ཉིད་བསྟན་པ། འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་པར་ལག་གདུབ་སྐྱེ་རགས་ནི། །སངས་རྒྱས་ལྔ་ཡི་རྣམ་དག་པའོ། །འདི་ལྔ་ཕྱག་རྒྱ་དག་པའོ། །ཞེས་པས་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཡིན་པར་གང་

གསུངས་པ་དེའི་རྒྱས་པར་བཤད་པའོ། །འདི་ཐམས་ཅད་ཉིད་དབྱེར་མེད་པའི་ཡེ་ཤེས་ཡིན་པར་གསུངས་པ། ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །ཐམས་ཅད་ཉིད་ནི་མཁའ་འགྲོ་མའོ། །དེ་ལྟར་རྣམ་པར་ནི་དེ་ལྟ་བུའི་རྣམ་པར་རོ། །འདི་ལྟར་བདག་མེད་

རྣལ་འབྱོར་མ་ནི། བདག་མེད་མཁའ་འགྲོ་མ་དང་འདྲ་བ་ཉིད་དུ་མཁའ་འགྲོ་མ་ཡིན་ནོ། །ལག་པ་གཅིག་ནི་ཐོད་པས་བྲེལ། །ཕྱག་གཡོན་པ་ཐོད་པས་བྲེལ་བའོ། །གཡས་པ་ན་ནི་གྲི་གུག་འཛིན། །ཞེས་པའི་ཚིག་གིས་དང་། གཡོན་པ་ཁ་ཊྭཱཾ་ག་ཉིད་དོ། །ཞེས་པ་ནི་གཡོན་པའི་ངོས་སུའོ། །

སྟག་གི་པགས་པས་རྣམ་དཀྲིས་ཤིང་། །ཞེས་པ་ནི་སྟག་གི་པགས་པའི་ཤམ་ཐབས་སོ། །རོ་ལ་ཞོན་ཞིང་གཟི་བརྗིད་འབར། །ཕྱག་གཉིས་གྱེན་དུ་དབུ་སྐྱེས་སེར། །ཞེས་པ་ནི་གསལ་བ་ཉིད་དོ། །ཡང་ན་ཐམས་ཅད་ནི་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་མའོ། །གཉི་ག་དབྱེར་མེད་པ་ཉིད་ཀྱིས་ཐམས་

ཅད་དོ། །དེ་ལྟར་ཞེས་པ་ཡང་ཨེའི་ཆ་བྱད་བཟང་པོ་ལ། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པའི་ཚིག་གིས་སོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །དེ་ལྟ་བུའི་རྣམ་པ་གང་

ལ་ཡོད་པ་དེ་ནི་གཉི་ག་དབྱེར་མེད་པའི་རྡོ་རྗེ་འཛིན་པ་ཞེས་པའི་དོན་ཏོ། །བཤད་ཅེས་པ་ནི་ཁ་ཐུགས་སོ། །ཡ་རླུང་གསུང་ངོ་། །ཨ་གཟུགས་ཀྱི་ཕུང་པོའི་རང་བཞིན་གྱི་སྐུ་རྡོ་རྗེའོ། །དེ་ལྟར་སྐུ་གསུང་ཐུགས་དབྱེར་མེད་པའི་ཡེ་ཤེས་ནི་བྱའོ། །འདི་ལྟར་གྱུར་པས་ན་ཏའོ། །ཇི་ལྟར་བདག་མེད་རྣལ་

འབྱོར་མ། །དེ་ལྟ་བུའི་རྣམ་པས་ཇི་ལྟར་བདག་མེད་མའི་རྣལ་འབྱོར་མ་དེ་བཞིན་དུ་མཁའ་འགྲོ་མ་ཐམས་ཅད་ཅེས་པའི་དོན་ཏོ། །ལག་པ་གཅིག་ནི་ཐོད་པས་བྲེལ། །ཀ་བདེ་བ་སྐྱོང་བར་བྱེད་པས་ན་ཐོད་པ་སྟེ། ཆོས་འབྱུང་བདག་མེད་མའོ། །གཅིག་ནི་རྡོ་རྗེ་འཛིན་པའོ། །དེ་ལྟར་ན་ཐོད་པ་

เล่ม ๕ · หน้า 94a

གཅིག་གི་བདག་ཉིད་དོ། །ལག་པ་ནི་གཉི་ག་ལྔའི་བདག་ཉིད་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་འདི་ནི་ཐོད་པ་གཅིག་གི་ཕྱག་གོ། །འདིས་ནི་གཉི་ག་དབྱེར་མེད་པའི་ཡེ་ཤེས་བྲེལ་བ་དང་པོ་དང་བྲལ་བས་བྲེལ་བ་སྟེ། དང་པོ་དང་བྲལ་བའི་ཕྱིར་དེ་ཡང་ཡེ་ཤེས་སོ། །ཨ་

བདག་མེད་མ་དེ་དང་དབྱེར་མེད་པས་ལག་པ་གཅིག་ནི་ཐོད་པས་བྲེལ་ལོ། །གཡས་པ་ན་ནི་གྲི་གུག་འཛིན། །ཉི་མ་རིན་ཆེན་གཙོ་བོའོ། །རྒྱུ་དེའི་ཕྱིར་ན་གྲི་གུག་འཛིན་ནི་ཇི་ལྟར་གྲི་གུག་གི་སོས་གཅོད་པར་བྱེད་པ་དེ་བཞིན་དུ་རིན་ཆེན་གཙོ་ཡང་མི་ཤེས་པ་གཅོད་པ་ཡིན་པས། ལག་པ་གཡས་

ན་གྲི་གུག་འཛིན་ནོ། །འདིས་ནི་བདག་མེད་མ་དང་དབྱེར་མེད་པ་ཉིད་ཀྱི་རྡོ་རྗེ་འཛིན་ནོ། །གཡོན་ན་ཁ་ཊྭཱཾ་ག་ཉིད་དོ། །ཞེས་པ་ནི་གཡོན་ན་ནི་ཟླ་བའོ། །ཁ་ཊྭཱཾ་ག་ནི་སྟོང་པ་ཉིད་བཅུ་དྲུག་བདག་མེད་མ་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ཡིན་པའི་དོན་ཏོ། །སྟག་གི་པགས་པས་རྣམ་དཀྲིས་ཤིང་། །

སྟག་གི་པགས་པའི་སྒྲ་ནི་སྣ་ཚོགས་སུ་སྤྲོ་བའི་བདག་ཉིད་ཀྱིས་སོ། །དཀྲིས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཨ་བདག་མེད་མ་དོན་དམ་པའི་བདེན་པའོ། །གཉི་ག་དབྱེར་མེད་པར་འགྲོ་བས་ན་དཀྲིས་པའོ། །འདིས་ནི་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་གསལ་བར་བྱས་པ་ཡིན་པའི་དོན་

ཏོ། །རོ་ལ་ཞོན་པ་ཞེས་པ་ནི་རོ་ཆོས་ཀྱི་དབྱིངས་སོ། །དེ་ལ་ཞོན་པ་ནི་ཆོས་ཀྱི་དབྱིངས་ཁྱབ་པའོ། །གཟི་བརྗིད་འབར་ཞེས་པ་ནི་རང་བཞིན་མེད་པར་འོད་གསལ་བའོ། །ཕྱག་གཉིས་ཞེས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་དོ། །སེར་སྐྱ་ནི་ཉི་མའོ། །སྟེང་དུ་འགྲོ་བའི་ཕྱིར་སྟེང་སྟེ། སེར་པོ་

ཡང་ཡིན་ལ་སྟེང་ཡང་ཡིན་པས་གྱེན་དུ་ཡང་སེར་རོ། །མགོ་སྐྱེས་ནི་མགོ་སྐྱེས་ཏེ་ཟླ་བའོ། །གྱེན་དུ་སེར་ཡང་ཡིན་ལ་མགོ་སྐྱེས་ཀྱང་ཡིན་པས་གྱེན་དུ་དབུ་སྐྱེས་སེར་རོ། །འདི་གཉི་གའི་བདག་ཉིད་ཡི་གེ་ཨ་སྟེ། ཨཱ་ལི་བསྡུ་བའོ། །ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་བསྡུ་བའི་བདག་ཉིད་

བདག་མེད་མའི་འཁོར་རོ། །དེ་བཞིན་དུ་ཇི་ལྟར་བདག་མེད་མའི་དཀྱིལ་འཁོར་དེ་བཞིན་དུ་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཡང་ཡིན་ནོ། །གྲི་གུག་གི་རྣམ་པར་དག་པ་བསྟན་པ། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་གནས། །ཞེས་པ་ནི། ང་རྒྱལ་དང་། གཏི་

เล่ม ๕ · หน้า 94b

མུག་དང་། འདོད་ཆགས་དང་། ཞེ་སྡང་དང་། ཕྲག་དོག་དང་། ཕྲ་མ་དང་ཉེས་པ་དྲུག་གོ། །དེ་རྣམས་གཅད་པར་བྱ་བའི་ཕྱིར་གྲི་གུག་གནས་པའོ། །འདི་ནི་སྐྱོན་དྲུག་རྣམ་པར་དག་པ་སྟེ། སྐྱོན་དྲུག་རྣམ་པར་དག་པ་ཡང་དེ་བཞིན་གཤེགས་པ་ལྔ་དང་། རྡོ་རྗེ་སེམས་དཔའི་རྣམ་པར་དག་པ་ཉིད་

གཉིས་སུ་མེད་པའི་ཡེ་ཤེས་ཡིན་ནོ། །དངོས་དང་དངོས་མེད་རྣམ་རྟོག་གི། །མགོ་བོའི་པདྨའི་སྣོད་དུ་ནི། དངོས་པོ་ནི་འཁོར་བའོ། །དངོས་པོ་མེད་པ་ནི་མྱ་ངན་ལས་འདས་པའོ། །གཉི་གའི་རྣམ་པར་རྟོག་པ་དང་བྲལ་བའོ། །མགོ་ནི་དེ་དང་པོ་ཉིད་ཡིན་པས་སོ། །པདྨའི་སྣོད་ནི་ཐོད་པའི་

སྣོད་དེ་གཉིས་སུ་མེད་པར་རྣམ་པར་དག་པའི་ཐོད་པའོ། །ཡང་ན་དངོས་པོ་ནི་འབྱུང་བ་སྐྱེད་པའོ། །དངོས་མེད་ནི་མི་འབྱུང་ཞིང་མི་སྐྱེ་བའོ། །སྐྱེ་བ་ཉིད་མི་སྐྱེ་བའོ། །དེ་བས་ན་རྣམ་པར་རྟོག་པ་དང་བྲལ་བའི་ཡང་དག་པར་རྟོགས་པའོ། །དེའི་མགོ་ནི་དེའི་རྩ་བའོ། །པདྨའི་སྣོད་ནི་ཡེ་ཤེས་ཀྱི་

གནས་སོ། །དེ་ཉིད་ཡང་དག་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །བདུད་རྣམས་ཀྱི་ནི་བཞི་ཡི་ཁྲག །དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། །ཐོད་པ་ཁྲག་གིས་བཀང་བ་སྟེ། །དེ་ལ་ཐོད་པའི་ཁྲག་འབྱུང་བའོ། །བདུད་རྣམས་ཀྱི་ནི་ཞེས་པ་ནི་བདུད་རྣམ་པ་བཞི་སྟེ་བདུད་རྣམ་པ་བཞི་བཏུལ་བའི་

ཕྱིར་རོ། །དངོས་གྲུབ་ཕྱིར་ནི་དངོས་གྲུབ་ཏུ་འགྱུར་བ་ཡིན་པས་དངོས་གྲུབ་ཀྱི་རྒྱུར་འཐུང་བའོ། །ཡང་ན། སེམས་ཅན་དགའ་བར་མི་བྱེད་པས་ན་བདུད་དེ་སེམས་ཅན་ནི་དབང་པོ་རྣམས་སོ། །དེ་རྣམས་ཡུལ་ལ་ཆགས་པ་ལས་དགའ་བར་འགྱུར་རོ། །དེ་བཟློག་ནས་ཀྱང་དགའ་བ་མེད་ཅིང་

དགའ་བ་བཞི་ལ་སོགས་པ་རྣམས་ཀྱིས་དབང་པོ་རྣམས་ཡུལ་ལ་བཟློག་པ་འདིས་ན་བདུད་བཞིའོ། །དེ་རྣམས་ཀྱི་དེ་དང་འབྲེལ་པའི་ཁྲག་ཆགས་པའི་མཚན་ཉིད་དོ། །འཐུང་བ་ནི་ཆགས་པ་མེད་པར་བྱེད་དེ། ཆགས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར། ལྷན་ཅིག་སྐྱེས་པ་ལ་ལྷན་ཅིག་

པར་ཆགས་པ་ཡང་མེད་པ་ཡིན་ནོ། །དངོས་གྲུབ་ཕྱིར་ནི་ཞེས་པ་ལ་དངོས་གྲུབ་ནི་འབྲས་བུའོ། །ཕྱིར་ནི་རྒྱུའོ། །འབྲས་བུ་ཉིད་རྒྱུ་ཡིན་པས་རྒྱུ་དང་འབྲས་བུ་དབྱེར་མེད་པ་ཡིན་ནོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པ་ལ་ཐུག་པས་རྒྱུའི་ཕྱིར་འབྲས་བུ་ཉིད་ཀྱང་ལྷན་ཅིག་སྐྱེས་པ་ཡིན་ནོ། །སྟོང་པའི་རྣམ་

เล่ม ๕ · หน้า 95a

བས་ཁ་ཊྭཱཾ་ག །ཞེས་པ་ནི་ཁ་ཊྭཱཾ་གའི་རྣམ་པར་དག་པ་བསྟན་ཏེ། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཁ་ཊྭཱཾ་ག་ཡིན་ནོ། །ཡང་ན་ཨཾ་ག་འགྲོ་བ་ཡིན་པས་ན་ལུས་ཏེ། དེ་ཡང་ཁ་ཊྭཱཾ་ནི་ནམ་མཁའ་ལ་འགྲོ་བ་ཡིན་པས་མཁའ་སྤྱོད་མའོ། །དེ་ཡང་སྟོང་པ་ཉིད་དོ། །ཇི་ལྟར་

ཡིན་པ་གསུངས་པ། རྣམ་པས་ཞེས་པ་སྟེ། ཀ་ཀཱ་ལིའོ། །ཨ་ཨཱ་ལིའོ། །དེ་ལྟར་ཨཱ་ལི་ཀཱ་ལི་གཉིས་ཀྱི་ནཱ་ད་ཕྲེང་གཉིས་པོ་དེ་ཡོངས་སུ་སྤངས་ནས། ཨཱ་ལི་ཀཱ་ལི་གཉི་ག་ཁ་སྦྱོར་བས་གཉི་ག་དབྱེར་མེད་དུ་རྟོགས་པའི་ཕྱིར་བདག་མེད་མ་དང་དབྱེར་མེད་པ་ཉིད་ཀྱི་རྡོ་རྗེ་འཛིན་པ་ཡིན་ནོ། །ཐབས་

ཀྱི་རོ་ནི་རྣམ་པར་བརྟག །ཅེས་པ་ནི། རོའི་རྣམ་པར་དག་པ་བསྟན་པ་གང་རོ་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཐབས་ཉིད་ཀྱིས་རྣམ་པར་བརྟག་ནི་ཡོངས་སུ་དཔྱད་པའོ། །ཐབས་ཀྱི་རང་བཞིན་ཉིད་རོའི་རྣམ་པར་དག་པ་ཡིན་ནོ། །ཡང་ན་ཆོས་ཀྱི་དབྱིངས་ཐུགས་སོ། །ཐབས་འདི་ནི་རྣམ་པར་ཤེས་

པའོ། །ཉེ་བ་ནི་དྲུང་ན་ཉེ་བར་བསྒྱུར་བའི་ཡེ་ཤེས་སོ། །ཐབས་དབང་པོ་དང་ཡུལ་ལ་རག་ལས་པའི་ཕྱིར་དབང་པོའི་ཡུལ་དང་། དབང་པོ་དང་ཤེས་པ་བརྟགས་པ་དེས་ཡོངས་སུ་དཔྱད་པ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ཡང་དག་པ་ཡིན་ནོ། །འདིས་ནི་འཁོར་ལོ་རྣམ་བསྒོམས་ན། །དངོས་

གྲུབ་མྱུར་དུ་ཐོབ་པར་འགྱུར། །འདིས་ནི་ཞེས་པ་ནི་རིམ་པ་འདིས་སོ། །འཁོར་ལོ་ནི་རྣལ་འབྱོར་མའི་འཁོར་ལོའོ། །རྣམ་བསྒོམས་ན་ནི་སྙོམས་པར་འཇུག་པར་བྱ་བའོ། །བདེན་པ་གཉིས་ཀྱི་བདག་ཉིད་དཀྱིལ་འཁོར་གཉིས་དབྱེར་མེད་པ་དེས་སོ། །མྱུར་བ་ནི་མྱུར་བར་རོ། །དངོས་གྲུབ་ནི་ཕྱག་

རྒྱ་ཆེན་པོའི་དངོས་གྲུབ་བོ། །ཐོབ་པར་འགྱུར་ནི་རྣལ་འབྱོར་བས་ཐོབ་པར་རོ། །ཡང་ན་འདིས་ནི་ཡེ་ཤེས་ཀྱིས་སོ། །འཁོར་ལོ་ནི་དབང་པོ་ལྔ་དང་ཡུལ་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་ནོ། །བསྒོམས་ནི་སྙོམས་པར་འཇུག་པར་བྱ་བའོ། །ཡེ་ཤེས་དང་ཐ་མི་དད་པ་

ཉིད་དེ་ཡང་འཁོར་ལོ་ཡིན་ནོ། །དེ་ནས་མྱུར་དུ་ནི་དངོས་གྲུབ་མྱུར་དུའོ། །ཨ་བདག་མེད་མའོ། །བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་ནོ། །དེ་ལྟར་གཉི་ག་ནི་ཨ་བའོ། །ཐོབ་པར་འགྱུར་ནི་གཉི་ག་དབྱེར་མེད་པས་ཁྱབ་པ་རྣམ་པར་གཞག་པར་བྱའོ། །དེ་ལྟར་གཉི་ག་དབྱེར་མེད་པའི་ཡེ་ཤེས་ཉིད་ཕྱག་རྒྱ་

เล่ม ๕ · หน้า 95b

ཆེན་པོའི་དངོས་གྲུབ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་མངོན་པར་ཤེས་པ་དྲུག་འབྱུང་བ་ཡིན་པས་དེ་གསུངས་པ། དང་པོ་ནག་པོ་རབ་ཏུ་བསྒོམ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །

དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །འཁོར་ལོ་བསྒོམས་པར་གྱུར་པ་དེ་ལ་དང་པོ་ཁ་དོག་ནག་པོའི་འོད་ཟེར་རོ། །དེའི་རྗེས་སུ་དམར་པོའོ། །དེའི་རྗེས་སུ་སེར་པོའོ། །དེའི་རྗེས་སུ་ལྗང་གུའོ། །དེའི་རྗེས་ལ་

སྔོན་པོའོ། །དེའི་འོག་ཏུ་དཀར་པོའོ། །འོད་ཟེར་དྲུག་སྤྲོས་པས་མངོན་པར་ཤེས་པ་དྲུག་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་མཚན་མ་ཡིན་ནོ། །ཡན་ལག་དྲུག་བསྒོམ་ནི་ཡན་ལག་དྲུག་སྙོམས་པར་འཇུག་པའོ། །དེ་ཉིད་ནི་རྣལ་འབྱོར་པ་སྟེ། གཉི་ག་དབྱེར་མེད་པར་རྟོགས་པར་གནས་

པའོ། །དེ་ཡང་ནི་ཡན་ལག་དྲུག་གོ། །དེ་བཞིན་ནི་ཇི་ལྟ་བ་བཞིན་དུའོ། །རྣམ་པར་དགའ་བའི་མཐར་ནི་ལྷན་ཅིག་སྐྱེས་པ་སྟེ། ཇི་ལྟར་འོད་གསལ་གྱི་ཡེ་ཤེས་ཉིད་ཡིན་ནོ། །ཡང་ན། །ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་པས་གྲི་གུག་རྣམ་པར་གནས། །ཞེས་པས་ང་རྒྱལ་

ལ་སོགས་པའི་ཤེས་པ་དྲུག་རྣམ་པར་དག་པས་གྲི་གུག་གོ། །གང་མདོར་བསྟན་པ་དེ་ཉིད་རྒྱས་པར་བཤད་པ་ཡིན་ཏེ། དང་པོ་ནག་པོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནས། དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པའི་བར་གྱིས་ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་རྣམ་པར་དག་

པས་མཚན་མ་དྲུག་འབྱུང་བ་ཡིན་ནོ། །ཡང་ན་ང་རྒྱལ་ལ་སོགས་པའི་རྣམ་པར་དག་པས་གྲི་གུག་གོ། །དངོས་དང་དངོས་མེད་རྣམ་རྟོག་གི །མགོ་བོ་ཡི་ནི་པདྨའི་སྣོད། །ཅེས་གང་བསྟན་པ་པདྨའི་སྣོད་རྣམ་པར་དག་པའོ། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་ཕྱིར་ནི་བཏུང་

བར་བྱ། །ཞེས་པ་གང་ཡང་ཁྲག་གི་རྣམ་པར་དག་པའོ། །སྟོང་པའི་རྣམ་པས་ཁ་ཊྭཱཾ་ག །ཞེས་པ་ནི་ཁ་ཊྭཱཾ་གའི་རྣམ་པར་དག་པའོ། །ཐབས་ཀྱིས་རོ་ནི་རྣམ་པར་བརྟག །ཅེས་པས་གང་རོའི་རྣམ་པར་དག་པའོ། །འདིས་ནི་འཁོར་ལོ་རྣམ་བསྒོམས་ན། །ཞེས་པ་རྣམ་པར་དག་པ་

เล่ม ๕ · หน้า 96a

ལྔའི་བདག་ཉིད་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གང་དྲུག་པའི་རང་བཞིན་གྱི་འཁོར་ལོ་དེའོ། །ཡན་ལག་དྲུག་ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་རྣམ་པར་དག་པའི་ཕྱིར། གྲི་གུག་གང་ནག་པོའོ། །གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཡིན་པས་ན་དང་པོའོ། །དངོས་

དང་དངོས་མེད་ལ་སོགས་པ་རྣམ་པར་དག་པ་ལས། ཐབས་དང་ཤེས་རབ་ཀྱི་རང་བཞིན་གཉིས་པ་ཉིད་ཀྱིས་ཆགས་པའི་མཚན་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཀྱི་ཆགས་པའི་མཚན་ཉིད་ལས་རྣམ་པར་གྲོལ་བས་དམར་བའོ། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་ཕྱིར་ནི་བཏུང་

བར་བྱ། །ཞེས་པས་གསུམ་པ་རྣམ་པར་དགའ་བའི་ངོ་བོའི་སྐད་ཅིག་ལ་ཡུལ་དང་དབང་པོའི་ཆགས་པའི་བཏུང་བ་འཐུང་བའི་ཕྱིར་སེར་པོའོ། །སྟོང་པའི་རྣམ་པ་ཁ་ཊྭཱཾ་ག །ཞེས་པ་བཞི་པ་ལྗང་གུ་སྟེ། བཞི་པ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དུས་སུ་ལྗང་གུ་སྟེ། ཧ་བྱང་ཆུབ་ཀྱི་

སེམས་སོ། །བྱང་ཆུབ་ཀྱི་སེམས་གསོག་གསོབ་ཀྱི་རང་བཞིན་ཏེ་གསོག་དང་འདྲ་བས་ན་གསོག་སྟེ། ངེས་པའི་ཚིག་གིས་ལྗང་གུ་ཉིད་དོ། །ཐབས་ཀྱི་རོ་ནི་རྣམ་པར་བརྟག །ཅེས་པས་དེ་ཉིད་བཞི་པ་ལྷན་ཅིག་སྐྱེས་པ་ལ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དེ་ལ་ཡོད་པས་ལྔ་པར་ཁ་

དོག་སྔོན་པོ་དང་ཞེས་པ་སྟེ། དཀར་པོ་དང་ནག་པོ་གཉི་ག་དབྱེར་མེད་པའི་རང་བཞིན་ཡིན་པས་སྔོན་པོ་ཉིད་དོ། །འདིས་ནི་འཁོར་ལོ་རྣམ་བསྒོམས་ན། །ཞེས་བྱ་བ་ལ་སོགས་པས་དྲུག་པ་སྟེ་དྲུག་པ་རྡོ་རྗེ་འཛིན་པའི་རྒྱུས་དཀར་པོ་ཉིད་འོད་གསལ་བ་ཉིད་དོ། །ལུས་ནི་བསགས་པའི་མཚན་

ཉིད་ཀྱི་རྣལ་འབྱོར་མ་བཅོ་ལྔའི་བདག་ཉིད་ཀྱི་ལུས་དེ་འདི་ལ་ཡོད་པས་དཀར་པོའི་ལུས་ཅན་དེའི་འཁོར་ལོ་ཡང་དག་པའི་ཡེ་ཤེས་དེའི་སྐུ་དཀར་པོའི་ལུས་ཅན་ནོ། །དེ་ཅི་འདྲ་བ་ཅིག་ཡིན་པ་གསུངས་པ། ཨཱཾ་སྟེ་ཡི་གེ་ཨ་ལ་སོགས་པ་ཨཱཾ་གི་བར་དུ་ནཱ་ད་བཅོ་ལྔ་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་

བཅོ་ལྔའི་རང་བཞིན་ནོ། །ཡན་ལག་དྲུག་བསྒོམ་ནི་བདེན་པ་གཉིས་ཀྱི་བདག་ཉིད་དུ་སྙོམས་པར་འཇུག་པའོ། །རྣལ་འབྱོར་པ་དེ་ཉིད་ཟུང་འཇུག་པ་ལ་རྣམ་པར་གནས་པའོ། །དེ་ལྟ་བུར་གྱུར་པ་གང་ཡན་ལག་དྲུག་པོ་དེ་སླར་ཅི་འདྲ་བ་ཅིག་ཡིན་པར་བཞི་པ་ཉིད་ཀྱི་ཕྱག་རྒྱ་གསུངས་པ། རྣམ་དགའ་

เล่ม ๕ · หน้า 96b

མཐར་ཡང་དེ་བཞིན་ནོ། །ཞེས་པ་ནི་ཇི་ལྟར་བཞི་པ་ལྷན་ཅིག་སྐྱེས་པ་དེ་བཞིན་དུ་ཡན་ལག་དྲུག་གི་ཡེ་ཤེས་ཡིན་ནོ། །ལྷན་ཅིག་སྐྱེས་པ་དང་དབྱེར་མེད་པ་ཉིད་མེ་ལོང་ལྟ་བུ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟར་ཁ་སྦྱོར་ཉིད་དུ་སྟོན་པར་བྱེད་པ། འཕར་མ་གཉིས་དག་སྐྱོན་

མེད་པ། །ཞེས་གང་གསུངས་པ་དེ་ཐམས་ཅད་ཉིད་འཁོར་ལོ་གཉིས་སུ་མེད་པའི་བདག་ཉིད་ཡིན་གྱི་གཞན་ནི་ཅི་ཡང་མེད་དོ། །དེ་གསུངས་པ། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ནི་རིམ་པ་ཉིད། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་བཤད་དོ། །ཞེས་པ་སྨོས་ཏེ།

རིམ་པར་བྱ་བར་གྲགས་པས་ན་རིམ་པའོ། །དེ་ནི་བསྐྱེད་པའི་འོ། །བསྐྱེད་པ་ནི་བསྐྱེད་པ་སྟེ། །དེ་སྟོན་ཅིང་འཆད་པས་བསྐྱེད་པས་སྐུ་མདོག་དང་ཕྱག་མཚན་དང་དབྱིབས་ཀྱི་བདག་ཉིད་ལྷའི་རྣམ་པར་ཡོངས་སུ་རྫོགས་པའི་འཁོར་ལོའི་རང་བཞིན་ནོ། །རྫོགས་པའི་རིམ་པ་ཉིད་རྫོགས་པའི་སྒྲས་

ཡོངས་སུ་རྫོགས་པའི་ལྷའི་རྣམ་པ་གྲི་གུག་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱིས་གང་གྲགས་པ་དེའི་རིམ་པའོ། །འདིར་རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་ཅན་གྱིས་ནི་དབྱེར་མེད་པའི་ཡེ་ཤེས་ཅན་ནོ། །ཆོས་བཤད་དོ་ནི་ཆོས་

ཡང་དག་པར་བསྟན་པའོ། །ཡང་ན་རིམ་པ་ནི་རྟོག་པའི་ཡེ་ཤེས་སོ། །དེ་བསྐྱེད་པ་ནི་བསྐྱེད་པའི་སྒྲས་ཀུན་རྫོབ་ཀྱི་བདེན་པ་ཡང་དག་པའི་ཡེ་ཤེས་སོ། །ཙའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་གི་ཕྱིར་རོ། །ཨེའི་སྒྲ་ཆོས་འབྱུང་བདག་མེད་མའོ། །བ་བྱང་ཆུབ་ཀྱི་སེམས་སོ། །གཉི་ག་དབྱེར་

མེད་པ་ཡིན་ཏེ། དོན་དམ་པའི་བདེན་པ་དང་ཐ་མི་དད་པ་ཉིད་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །རྫོགས་པ་ཡི་ཡང་རིམ་པ་ཉིད། །ཅེས་པ་ལ་རྫོགས་པའི་རིམ་པའི་སྒྲ་ནི་དོན་དམ་པའི་བདེན་པ་ཡང་དག་པའི་ཡེ་ཤེས་སོ། །དེ་ཡང་འང་ཉིད་ནི་འང་གི་སྒྲ་ཉིད་ཀྱི་དོན་ཏེ། བདེན་པ་གཉིས་དབྱེར་མེད་པ་

ཉིད་ཀྱི་ཡེ་ཤེས་ཡིན་ནོ། །དེ་ལྟ་བུའི་རིམ་པས་གང་རིམ་གཉིས་ནི་ཡེ་ཤེས་གཉིས་སོ། །དེ་ལ་བརྟེན་ནས་ནི་མཉམ་པ་ཉིད་དུ་ངེས་པའི་རྡོ་རྗེ་ཅན་དབྱེར་མེད་པའི་ཡེ་ཤེས་ཅན་ནོ། །ཆོས་བཤད་དོ་ནི་ཆོས་བསྟན་པའོ། །འདི་འདྲ་བ་ཉིད་ཀྱིས་བཅོམ་ལྡན་འདས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་

เล่ม ๕ · หน้า 97a

ཆོས་ཀྱི་སྐུ་ཡིན་ནོ། །བསྐྱེད་པ་ཡི་ནི་ཆ་བཤད་དོ། །ཞེས་པ་ནི་ལུང་ཡིན་པས་རྟགས་ཀྱི་ཚིག་རང་དགའ་བ་མེད་པར་མ་ནིང་གིས་བསྟན་ཏོ། །ནམ་མཁའི་ཁམས་སུ་བྷ་ག་བསམ། །ཞེས་བྱ་བ་ལ་སོགས་པ་ནས། རྣམ་དགའ་མཐར་ཡང་དེ་བཞིན་ནོ། །ཞེས་པའི་བར་གྱིས་

བསྐྱེད་པའི་ཆ་བསྟན་ཏོ། །ཡང་ན་བསྐྱེད་པའི་ཆ་ཞེས་པ་ནི་བསྐྱེད་པའི་སྒྲ་ནི་ཁྱད་པར་དུ་གྱུར་པ་འཇུག་ཅིང་བསྐྱེད་པའི་ཡེ་ཤེས་གསལ་བ་བདག་མེད་མའོ། །ཆ་ནི་བགོ་སྐལ་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ན་དེའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་ནོ། །བསྐྱེད་པ་ཡང་ཡིན་

ལ་ཆ་ཡང་ཡིན་པས་བསྐྱེད་པའི་ཆ་སྟེ། གཉིས་སུ་མེད་པའི་ཕྱིར་ན་མ་ནིང་ངོ་། །དེ་འཆད་ནི་སྟོན་པའོ། །བཤད་ཟིན་པའི་བསྐྱེད་པའི་རིམ་པའི་ཆ་ཉིད་ཀྱི་རྫོགས་པའི་རིམ་པ་ཉིད་ཀྱང་བསྟན་པ་ཡིན་པ་གསུངས་པ། ནམ་མཁའི་ཁམས་ཀྱི་པདྨ་ལ། །བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །ཅེས་པས་

རྫོགས་པའི་རིམ་པ་བསྟན་ཏེ། ནམ་མཁའི་ཁམས་ཀྱི་པདྨ་ལ་ནི་ཆོས་འབྱུང་ས་གཞིའོ། །བརྟེན་པར་གྱུར་པ་ནི་བྷ་ག་ཞེས་བྱ་ཡེ་ཤེས་བརྗོད་དེ་ཡེ་ཤེས་སོ། །སྒོམ་པ་ཞེས་བྱ་སྙོམས་འཇུག་སྟེ། མཚུངས་པ་ཉིད་དུ་འཇུག་པའི་ཡེ་ཤེས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའོ། །དེའི་བདེ་བ་

ནི་སྙོམས་པར་ཞུགས་པའི་ཡེ་ཤེས་ནི་འཁོར་ལོ་བརྗེད་དོ། །ཇི་ལྟར་རིགས་པ་རང་རིག་ཉིད་ནི་སྙོམས་པར་ཞུགས་པ་གང་གི་དགའ་བ་ལ་སོགས་པའི་ཡེ་ཤེས་སོ། །དེའི་རང་རིག་ཉིད་ནི་བདག་ཉིད་རིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །ཞེས་པ་ནི་དེ་ཉིད་སྟོང་

པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་གང་དེ་ཉིད་ལྷ་ཡིན་ནོ། །ཇི་ལྟར་འབྱུང་བ་ཁུ་བ་ཡིན་ནོ། །ལྷན་ཅིག་སྐྱེས་པ་རྣམ་གཉིས་ཏེ། ཇི་ལྟར་འབྱུང་བའི་སྒྲ་ནི་ཁུ་བར་བཤད་དེ། ཁུ་བ་དེ་ཉིད་ལྷན་ཅིག་སྐྱེས་པའོ། །དེ་ནི་རྒྱུ་དེའི་ཕྱིར་ནའོ། །རྣམ་པ་གཉིས་ནི་ལྷན་ཅིག་སྐྱེས་པ་

རྣམ་པ་གཉིས་སོ། །རེ་ཞིག་བཙུན་མོ་ཤེས་རབ་ཡིན། །ཞེས་པ་ནི་གང་བུད་མེད་ཀྱི་གཟུགས་དེ་རེ་ཞིག་གོ། །ཤེས་རབ་ནི་ལྷན་ཅིག་སྐྱེས་པ་ཡིན་ནོ། །སྐྱེས་བུ་ཐབས་སུ་བརྗོད་པ་ཡིན། །ཞེས་པ་ནི་ཁུ་བའི་ཚུལ་དེ་གང་སྐྱེས་བུ་ཡིན་ནོ། །འདིའི་ཁུ་བ་དང་ལྷན་ཅིག་སྐྱེས་པ་དག་ཐབས་དང་ཤེས་

เล่ม ๕ · หน้า 97b

རབ་ཉིད་ཡིན་ནོ། །ཕྱི་ནས་འདིས་ནི་རྣམ་པ་གཉིས། །འདིས་ཞེས་པ་ནི་ཐབས་དང་ཤེས་རབ་རེ་རེ་ཞིང་ཡང་རྣམ་པ་གཉིས་ཉིད་དོ། །ཀུན་རྫོབ་དོན་དམ་དབྱེ་བ་ལས། །རྣམ་པར་ནུབ་པ་དོན་དམ་པའི་བདེན་པ་ལྷན་ཅིག་སྐྱེས་པའོ། །ཀུན་རྫོབ་ནི་ཀུན་རྫོབ་ཀྱི་བདེན་པ་ཁུ་བའོ། །རེ་ཞིག་སྐྱེས་

བུའི་རྣམ་པ་གཉིས་ཁུ་བ་འམ་དེའི་བདེ་བའོ། །ཁུ་བ་དང་འབྲེལ་བའི་བདེ་བ་གང་ངོ་། །སྐྱེས་བུ་ཇི་བཞིན་ཤེས་རབ་ལའང་། དེ་ཡི་ཁུ་བའམ་བདེ་བ་ཉིད། །དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡི་རབ་ཏུ་དབྱེ་བ་ཡིན། །བཞིའི་ཞེས་པ་ནི། ནམ་མཁའི་ཁམས་ཞེས་པ་གཅིག་གི་ཐ་ཚིག་གོ། །

པདྨ་ལ་ཞེས་པ་ནི་མང་པོའི་ཚིག་གང་དེ་དགའ་བའི་རང་བཞིན་གྱིས་སོ། །དགའ་བ་རྣམས་ཀྱང་ཤེས་རབ་ཀྱི་རང་བཞིན་ཡིན་པས་ན། བཞིའི་ཞེས་མོ་རྟགས་ཀྱིས་བསྟན་ཏོ། །གང་ཕྱིར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་པ་ནི་རྒྱུ་གང་གི་ཕྱིར་ལྷན་ཅིག་སྐྱེས་པ་ནི་རྣམ་པ་བཞིའོ། །རྫོགས་པའི་

རིམ་པའི་ཕྱོགས་ལས་ན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་རྣལ་འབྱོར་མའི་འཁོར་ལོ་རྟོགས་པས་སོ། །དགའ་བ་དང་པོ་དཔའ་བོ་ཉིད་ནི་དཔའ་བོ་རྡོ་རྗེ་འཛིན་པ་གཉི་ག་དབྱེར་མེད་པའི་མ་ནིང་ངོ་། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རྣལ་འབྱོར་མ་བདག་

མེད་མའོ། །ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །མཛེས་པའི་དགའ་བ་ནི་ཤིན་ཏུ་དགའ་བའོ། །ངེས་པ་ནི་ངེས་པའོ། །གང་མཐའ་དག་ནི་དུས་མཉམ་པ་ཉིད་དུ་དབང་པོ་ལྔ་དང་ཡུལ་རྣམས་གང་དུ་དེར་ནུབ་པ་ཡིན་པས་ཤིན་ཏུ་བདེ་བ་ཡང་ཡིན་ལ་དགའ་བ་ཡང་ཡིན་པས་ཤིན་ཏུ་བདེ་

དགའ་སྟེ་རྣམ་པར་དགའ་བའོ། །དེ་ཡང་ཀུན་རྡོ་རྗེ་འཛིན་པ་དང་བདག་མེད་མ་གཉིས་དབྱེར་མེད་པའོ། །དེ་བདེ་ཐབས་ལ་ཐམས་ཅད་རིག །དེའི་ཕྱིར་རྗེས་སུའོ། །གང་བདེ་བ་གང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ཐབས་བྱང་ཆུབ་ཀྱི་སེམས་ཁུ་བའོ། །དེ་གཉི་ག་ཉིད་ཐམས་

ཅད་རིག་པས་ཐམས་ཅད་རིག་པའོ། །དགའ་བ་བདེ་བ་ཅུང་ཟད་དེ། །ཞེས་པ་ནི། དགའ་བ་དང་པོར་ཉིད་ཅེས་པ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་རྡོ་རྗེ་འཆང་ངོ་། །དེ་ཅིར་འགྱུར་བ་ཡིན་པ་རྒྱས་པར་བཤད་པ་ནི། བདེ་བ་ཡེ་ཤེས་རྣམས་ཅུང་ཟད། །ཅེས་པས་ཤིན་ཏུ་རྣམ་པར་དག་པའི་ཆོས་

เล่ม ๕ · หน้า 98a

ཀྱི་དབྱིངས་ཀྱི་རང་བཞིན་དབང་པོ་དང་ཡུལ་དུ་རྟོགས་པའི་ངོ་བོ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་ཡེ་ཤེས་སོ། །མཆོག་ཏུ་དགའ་བ་དེ་ལས་ལྷག །ཅེས་པ་ནི། མཆོག་ཏུ་དགའ་བ་རྣལ་འབྱོར་མ་ཞེས་པ་ནི་གང་དེའི་རྒྱས་བཤད་དོ། །མཆོག་ནི་ཁྱད་པར་དུ་འཕགས་པའོ། །

དགའ་བ་ནི་ལྷན་ཅིག་སྐྱེས་པའོ། །དེ་ལས་ལྷག་ནི་ལྷག་པ་ལྟ་བུར་ལྷག་པ་སྟེ། དེ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་ཡེ་ཤེས་ལས་ལྷག་པ་དོན་དམ་པའི་བདེན་པའི་བདག་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་སོ། །ཡང་ན་ལྷག་པ་ནི། ལྷག་པར་མནན་པས་ནི་ལྷག་པ་བདེ་བའོ། །དེ་ཉིད་ལྷག་པ་སྟེ་

འདི་ནི་ལྷན་ཅིག་སྐྱེས་པའི་ལྷག་པར་གནས་པའི་ཡེ་ཤེས་སོ། །རྣམ་པར་དགའ་བ་རྣམ་ཆགས་ཡིན། །ཞེས་པ་ནི། །ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །ཞེས་པ་གང་དེའི་རྒྱས་པར་བཤད་པའོ། །ཁྱད་པར་འཕགས་པའི་དགའ་བ་ནི་རྣམ་པར་དགའ་བའོ། །རྣམ་པ་ཡང་དེ་ཡིན་ལ་དགའ་

བ་ཡང་ཡིན་པས་རྣམ་པར་དགའ་བ་སྟེ། དགའ་བ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་ཆགས་ནི་ཁྱད་པར་དུ་འཕགས་པའི་ཆགས་པའི་དགའ་བ་ཡིན་པས་མང་པོའི་ཚིག་གོ། །ཁྱད་པར་དུ་འཕགས་པར་དགའ་བས་ན་ཁྱད་པར་དུ་འཕགས་པར་དགའ་བའོ། །ཡང་ན་རྣམ་པར་

དགའ་བ་ཞེས་པ་ནི། དགའ་བ་དང་མཆོག་ཏུ་དགའ་བ་དག་རྡོ་རྗེ་འཛིན་པ་དང་བདག་མེད་མའི་རང་བཞིན་གྱིས་ལྷན་ཅིག་སྐྱེས་པ་གཉིས་སོ། །དེ་ཡང་དབང་པོ་དང་ཡུལ་གྱི་རང་བཞིན་ཏེ་གཉི་ག་དབྱེར་མེད་པའི་བདག་ཉིད་ཀྱིས་རྣམ་པར་ཤེས་པ་ཡང་བདེ་བའི་རྣམ་པའི་རང་བཞིན་དུ་རྟོགས་པའི་

ཕྱིར་དང་། རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་རྣམ་པར་དགའ་བའོ། །རྣམ་ཆགས་ཡིན་ནི་ཆགས་པ་དང་བྲལ་བས་ཆགས་བྲལ་ཏེ། འདོད་ཆགས་ཀྱིས་ཆགས་པའི་མཚན་ཉིད་དབང་པོ་དང་ཡུལ་གྱིས་ཆགས་པའི་མཚན་ཉིད་ལས་རྣམ་པར་གྲོལ་བའི་རང་བཞིན་གཅིག་ཏུ་ཡོད་པ་རྣམ་པར་ཤེས་པ་ཡོངས་

སུ་མཐར་ཕྱིན་པ་གང་ངོ་། །དེ་ཡིན་པ་ནི་འགྱུར་བ་སྟེ། དེ་ཡང་ཆགས་པའི་རང་བཞིན་ཉིད་ཡིན་ནོ། །འོ་ན་གལ་ཏེ་འདི་ལྟ་བུའི་ལྷན་ཅིག་སྐྱེས་པའི་དགའ་བ་ཅི་འདྲ་བ་ཅིག་ཅེ་ན། ལྷན་ཅིག་སྐྱེས་དགའ་ལྷག་མ་ཉིད། །ལྷག་མ་ཞེས་པ་ནི་བདེ་བའི་རྣམ་པར་ཉེ་བར་དམིགས་པ་ཉམས་པ་དབང་པོ་ཡུལ་དབྱེར་མེད་པར་བདེ་བའི་

เล่ม ๕ · หน้า 98b

རྣམ་པར་ཡོངས་སུ་གྱུར་པ་ཆགས་པའི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བའོ། །ལྷན་ཅིག་སྐྱེས་དགའ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། བདེ་བ་སྤངས་ནས་དེ་མ་ཡིན། །ཞེས་པའི་ཚིག་གིས་སོ། །ཁུ་བ་དང་བདེ་བ་དག་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པ་བྱེ་བྲག་མེད་པས་

ན་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་འདྲེས་པར་གྱུར་པའི་འདོད་ཆགས་དང་བྲལ་བ་རྣམ་པར་སྤངས་པའི་ཡང་དག་པའི་ཡེ་ཤེས་ཡིན་ནོ། །ཐབས་ཀྱི་བདེ་བ་དེ་ཀུན་རིག །ཅེས་པ་གང་དེའི་རྒྱས་པར་བཤད་པ་ཡིན་ནོ། །དང་པོར་རེག་པ་འདོད་པ་དང་། རེག་པར་འདོད་པས་འཇུག་པའི་

ཡེ་ཤེས་དང་པོའོ། །དགའ་བ་བདེ་བ་ཅུང་ཟད་དེ། །ཞེས་པ་གང་དེ་རྒྱས་པར་བཤད་པའོ། །གཉིས་པ་བདེ་བར་འདོད་པ་ཡིན། །ཞེས་པ་ནི་རེག་པ་དེ་ལ་བདེ་བར་འདོད་པས་སོ། །མཆོག་ཏུ་དགའ་བ་དེ་ལས་ལྷག །ཅེས་པ་གང་དེ་རྒྱས་པར་བཤད་པའོ། །གསུམ་པ་འདོད་ཆགས་འཇིག་པའི་

ཕྱིར། །དབང་པོ་དང་ཡུལ་དབྱེར་མེད་པ་ཐབས་དང་ཤེས་རབ་ཐ་མི་དད་པའི་ཡུལ་དང་དབང་པོའི་ཆགས་པ་དང་བྲལ་བས་འདོད་ཆགས་འཇིག་པའོ། །དེའི་ཕྱིར་དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ཞེས་པ་དེ་རྒྱས་པར་བསྟན་པ་ཡིན་ནོ། །དེས་ན་བཞི་པ་བསྒོམ་པར་བྱ། །དེས་ན་ཞེས་པ་ནི་

འདོད་ཆགས་འཇིག་པ་ན་སྟེ་བདེ་བའི་རྣམ་པར་ཡོངས་སུ་གྱུར་པའི་རྣམ་པར་ཤེས་པ་ཡང་ཡལ་བར་འདོར་བའི་ཕྱིར་འདོད་ཆགས་ཉམས་པའི་རྒྱུ་མཚན་དེའི་ཕྱིར་ནའོ། །བསྒོམ་པར་བྱ་ནི་སྙོམས་པར་འཇུག་པར་བྱ་བ་སྟེ། ཁུ་བ་དང་ལྷན་ཅིག་སྐྱེས་པ་དག་དབྱེར་མེད་པ་ཉིད་རྡོ་རྗེ་འཛིན་པའི་ཡེ་

ཤེས་ཡིན་པས་ལྷན་ཅིག་སྐྱེས་པའི་དགའ་བ་ངེས་པར་བྱའོ། །ལྷན་ཅིག་སྐྱེས་དགའ་ལྷག་མ་ཉིད། །ཅེས་གང་དེ་རྒྱས་པར་བཤད་པའོ། །ད་ནི་བདག་མེད་མ་དང་དབྱེར་མེད་པ་ཉིད་ཀྱི་རྡོ་རྗེ་འཛིན་ཡེ་ཤེས་ཡིན་པར་རབ་ཏུ་གསལ་བར་བྱེད་པ་ནི། མཆོག་ཏུ་དགའ་བ་སྲིད་པར་བརྗོད། །མཆོག་

ཏུ་དགའ་བ་གང་དེ་ལས་བྱུང་བ་ཀུན་རྫོབ་ཀྱི་བདེན་པ་རྡོ་རྗེ་འཆང་གི་ཡེ་ཤེས་ཏེ། མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་དེ་ཉིད་རྡོ་རྗེ་འཛིན་པའི་ཡེ་ཤེས་སུ་གྱུར་པ་ལས་དབྱེར་མེད་པ་འདི་གཉི་གའི་བདག་ཉིད་ཀྱི་ཡེ་ཤེས་ཐབས་དང་ཤེས་རབ་ཀྱི་རང་བཞིན་

เล่ม ๕ · หน้า 99a

གྱིས་དགའ་བ་བཞིའི་རབ་ཏུ་དབྱེ་བས་ཐབས་དང་ཤེས་རབ་དག་ཀྱང་དབྱེར་མེད་པའི་ཕྱིར་རོ། །དགའ་བ་བཞི་ཡིན་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་དབྱེར་མེད་པ་ཉིད་ཡིན་པ་དེ་གསུངས། རྣམ་པར་དགའ་ལས་མྱ་ངན་འདས། །ཁྱད་པར་དུ་འཕགས་པར་ཆགས་

པའི་མཚན་ཉིད་དོན་དམ་པའི་བདེན་པས་བདག་མེད་པའི་ཡེ་ཤེས་སྲིད་པ་དང་མྱ་ངན་ལས་འདས་པ་དབྱེར་མེད་པ་གང་ངོ་། །དབུ་མ་དགའ་བ་ཙམ་ཉིད་དེ། །འདིས་ནི་ལྷན་ཅིག་སྐྱེས་པ་སྤངས། །ཞེས་པ་ནི། གང་དེ་བར་མ་བར་མ་ན་དགའ་བ་ཙམ་དེ་འབའ་ཞིག་བདེ་བའི་ཡེ་ཤེས་དེའི་རྒྱུ་ཉིད་

ལས་མཆོག་ཏུ་དགའ་བ་ལ་སོགས་པ་རྣམས་སྐྱེས་པ་ཀུན་ཐུན་མོང་པ་ཉིད་དོ། །དེའི་ལྷན་ཅིག་སྐྱེས་པ་ནི་གང་བཞི་པ་དེ་ཡང་ངོ་། །འདི་རྣམས་ཀྱིས་ནི་གསུམ་པོ་རྣམས་ཀྱིས་སྤངས་པ་སྟེ། གསུམ་པོ་འདི་ཡང་དེ་རུ་དེའི་བདག་ཉིད་ཀྱིས་དེ་རུ་ཞུགས་པ་ལས་མི་དམིགས་པས་ན་རྣམ་པ་སྣ་ཚོགས་

འདི་རྣམས་ཀྱིས་སྤངས་ནས་ཡོངས་སུ་བཏང་སྟེ། དགའ་བ་གསུམ་པོ་ལྷན་ཅིག་སྐྱེས་པ་ལ་རག་ལས་པ་ཡིན་ཏེ། དེ་ཉིད་ཀྱི་ཁོངས་སུ་འདི་ཐམས་ཅད་འདུས་པའི་ཕྱིར་རོ། །ཡང་ན་མཆོག་ཏུ་དགའ་བ་སྲིད་པ་ཞེས་པ་ནི་ཡང་དག་པར་ཆགས་པའི་མཚན་ཉིད་གང་དེ་སྲིད་པ་རྟག་པའི་ཡེ་ཤེས་

སོ། །དགའ་བྲལ་ཆགས་པ་མེད་པའི་མཚན་ཉིད་གང་དེ་ཡང་དགའ་བ་དང་བྲལ་བའི་ཆད་པའོ། །སྲིད་པ་དང་མྱ་ངན་ལས་འདས་པ་རྟག་པ་དང་ཆད་པ་དག་གཉི་ག་དང་གང་བྲལ་བའོ། །བར་མ་ནི་བར་མ་སྟེ། དེ་ཡང་དགའ་བ་ཙམ་ཡེ་ཤེས་འབའ་ཞིག་གོ། །དེ་ལ་ཡང་མཚན་མ་ལ་སྤྱོད་

པ་ཉིད་དུ་འབྱུང་ངོ་། །ལྷན་ཅིག་སྐྱེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་གང་དེའོ། །འདི་རྣམས་ཀྱིས་སྤངས་ནི། རྟག་པ་དང་ཆད་པ་དང་བྲལ་བའི་ལྷན་ཅིག་སྐྱེས་པ་གང་དེ་གསུམ་པོ་འདི་རྣམས་ཀྱིས་སོ། །ཇི་ལྟར་ཞེ་ན་སྤངས་པ་སྟེ་ཁྱད་པར་དུ་ཡོངས་སུ་སྤངས་པའོ། །འདིས་

ནི་ལྷན་ཅིག་སྐྱེས་པ་ཉིད་དགའ་བ་བཞིན་དུ་འབྱུང་སྟེ། ཐིག་ལེ་བཞིའི་བདག་ཉིད་ཡིན་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ནོ། །དགའ་བ་དང་པོ་དཔའ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་བཞིས་མདོར་བསྟན་པའོ། །དགའ་བ་བདེ་བ་ཅུང་ཟད་དེ། །ཞེས་

เล่ม ๕ · หน้า 99b

བྱ་བ་ལ་སོགས་པ་བཞིས་རྒྱས་པར་བཤད་དོ། །དང་པོ་རེག་པར་འདོད་པ་དང་། །ཞེས་བྱ་བ་ལ་སོགས་པ་བཞིས་ཤིན་ཏུ་རྒྱས་པར་བཤད་པའོ། །མཆོག་ཏུ་དགའ་བ་སྲིད་པར་བརྗོད། །ཅེས་བྱ་བ་ལ་སོགས་པ་བཞིས་འཇུག་བསྡུ་བ་སྟེ། སྟོང་པ་ཉིད་བཅུ་དྲུག་གི་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་

ཤེས་སོ། །དེའི་ཕྱིར་བསྟན་པའི་དགའ་བ་ལ་སོགས་པའི་དགའ་བ་གསུམ་ནི། ལྷན་ཅིག་སྐྱེས་པ་ལ་རག་ལས་པ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པ་དང་དབྱེར་མེད་པའི་རང་བཞིན་དེས་ན་མཚན་མའི་ཡུལ་མ་ཡིན་པ་གཟུང་བ་དང་འཛིན་པ་མེད་པའི་རང་བཞིན་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་

པར་དེ་གསུངས་པ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཉེར་བསྟེན་པ་ཡིས། །བདག་གིས་བསོད་ནམས་ལས་ཤེས་བྱ། །ལྷན་ཅིག་སྐྱེས་པ་གཞན་སུ་ཡིས་ཀྱང་སྨྲ་བར་མི་ནུས་ཏེ་ངག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །གང་དུ་ཡང་དངོས་

པོ་མི་རྙེད་དེ། གཟུང་བ་དང་འཛིན་པའི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །བདག་གིས་ཤེས་བྱ་ནི་རང་ཉིད་ཀྱིས་རྟོགས་པའོ། །ཇི་ལྟར་ཞེ་ན། བསོད་ནམས་ལས་བསོད་ནམས་ཀྱི་ཚོགས་ལས་སོ། །རྒྱུ་དེ་ཉིད་ཀྱི་ཕྱིར། བླ་མའི་དུས་ཚིགས་བསྟེན་པ་ལས་འགྱུར་ཏེ། བླ་མ་བརྒྱུད་པ་བསྟེན་

པ་ལས་ཡིན་ནོ། །དེ་ནས་དེས་བསྟན་པ་ལ་ཡང་བླ་མའི་བཀའ་དྲིན་ལས་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བསོད་ནམས་ཀྱི་ཚོགས་ལས་ཡེ་ཤེས་ཀྱི་ཚོགས་བསྟན་པའོ། །ཡང་ན་རང་གིས་ཤེས་བྱ་ནི་བདག་ཉིད་ཀྱིས་ཉམས་སུ་མྱོང་བའོ། །རང་གིས་ཉམས་སུ་མྱོང་བའི་མཚན་ཉིད་དེ་ནི་ལྷན་

ཅིག་སྐྱེས་པའོ། །བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རང་རིག་པ་ཡང་སྟོང་པ་ཡིན་ནོ། །ལྷན་ཅིག་སྐྱེས་པ་དེ་རྣམ་པར་ཤེས་པའི་ཡང་སྤྱོད་ཡུལ་མ་ཡིན་ནོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་ལས་ཤིན་ཏུ་འདས་པ་ཉིད་དོ། །འོ་ན་ཇི་ལྟར་ཞེ་ན། བསོད་ནམས་ནི་བསོད་ནམས་ཀྱི་ཚོགས་ལས་བླ་མའི་

དུས་ཉེ་བར་བསྟེན་པས། བླ་མའི་རིམ་པ་གོམས་པ་ཉིད་དེས་ན་རིམ་པ་ལྔའི་མངོན་པར་བྱང་ཆུབ་པ་དང་བྲལ་ན་ཡང་དག་པའི་དེ་ཁོ་ན་ཉིད་འབྱུང་བར་མི་འགྱུར་བས། དང་པོར་གནང་བ་དེ་ཡང་འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་བའོ། །དེ་ནས་ཡང་གནས་པ་ནི་དེ་ལས་ལྡོག་པའོ། །དེ་ཇི་ལྟར་ཞེ་

เล่ม ๕ · หน้า 100a

ན། །འདི་ལྟ་བུའི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཡེ་ཤེས་འབྱུང་བའོ། །རིམ་པ་ནི་རིམ་པ་འདིས་ནི་བསྐྱེད་པར་བྱའོ། །དེ་ནས་མན་ངག་ནི། གང་དེ་བསྐྱེད་པར་བྱ་བའི་ཡེ་ཤེས་དེ་ཉིད་ཡིན་ནོ། །འདི་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཐབས་དག་ཁྱད་ལ་གཏད་

པ་ཡིན་ནོ། །ཁྱོད་ཀྱིས་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་འགྲོ་བའི་དོན་བསྐྱེད་པའི་ཕྱིར་དད་པའི་སྟོབས་དང་། །དྲན་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་རྣམས་མི་སྤང་བར་བྱ་བ་ནི་ཡང་དག་པར་བླངས་པའོ། །དེ་ལྟར་

གནང་བ་དང་གནས་པ་དང་། རིམ་པ་དང་། གདམས་ངག་དང་། ཡང་དག་པར་བླངས་པ་དང་། རིམ་པ་ལྔ་རྣམས་ནི་བསྟན་བཅོས་ཀྱི་བཀའ་དྲིན་ལས་མཆོག་ཏུ་བསྟན་པ་ཡིན་ཏེ། །བསྟན་བཅོས་ཀྱི་བཀའ་དྲིན་ཉིད་ལས་ཡང་དག་པའི་ཡེ་ཤེས་མཆོག་གི་རྒྱུ་གཞན་བསྟན་པ་ཡོད་པ་མ་ཡིན་ནོ། །

ལྷན་ཅིག་སྐྱེས་པའི་རང་བཞིན་ཁོ་ན་སོ་སོའི་སྡེབ་སྦྱོར་གྱིས་འབྱུང་བ་ཡིན་ནོ། །དམན་དང་འབྲིང་དང་མཆོག་རྣམས་དང་། །གཞན་དང་གང་རྣམས་དེ་རྣམས་ཀྱང་། །རོ་མཉམ་དེ་ཉིད་བསྒོམས་པ་ཡིས། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །དམན་པ་གནས་ནི་ཕྲ་བའི་དོན། །མཆོག་ནི་དངོས་པོར་

བརྗོད་པར་བྱ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །གཞན་རྣམས་ཞེས་བྱ་དབང་པོ་དྲུག །གང་རྣམས་དེ་རྣམས་བརྟན་གཡོ་བས། །འདི་ཀུན་ཞེས་བྱ་ང་ཉིད་མེད། །དམན་པ་ལ་སོགས་པ་མདོར་བསྟན་པའི་རྒྱས་པར་བཤད་པ་ཡིན་ནོ། །དམན་པ་གནས་ནི་ཕྲ་བའི་དོན། །ཞེས་པ་ནི་ཤེས་

རབ་བོ། །དངོས་པོར་བརྗོད་པར་བྱ་ཞེས་པ་ནི་ཐབས་སོ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཡེ་ཤེས་སོ། །དབང་པོ་དྲུག་ཅེས་པ་ནི་དྲུག་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །གང་རྣམས་དེ་རྣམས་བརྟན་དང་གཡོ་ནི་བསྡུ་བ་དང་སྤྲོ་བའི་

བདག་ཉིད་དེ་ཡིན་ནོ། །འདི་ཀུན་ཞེས་པ་ནི་ཐམས་ཅད་ཉིད་ཡེ་ཤེས་ཀྱི་རང་བཞིན་ཅན་ནོ། །ང་ཉིད་མེད་ནི་ང་མེད་པ་ཉིད་ང་ཉིད་མེད་པ་སྟེ། མཐའ་དག་བསྡུ་པའི་བདག་ཉིད་ཀྱི་ཡེ་ཤེས་སོ། །ཡང་ན། དམན་པ་གནས་ནི་ཕྲ་བའི་དོན། །ཞེས་པ་ནི་དགའ་བའི་ཡེ་ཤེས་སོ། །མཆོག་ནི་དངོས་

เล่ม ๕ · หน้า 100b

པོར་བརྗོད་པར་བྱ་ནི་མཆོག་དགའ་ཡེ་ཤེས་སོ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །ཅེས་པ་ནི་རྣམ་པར་དགའ་བའི་ཡེ་ཤེས་སོ། །གཞན་རྣམས་ཞེས་བྱ་དབང་པོ་དྲུག །ཅེས་པ་ནི་གཞན་འདི་རྣམས་ཡིན་ཏེ། འདི་རྣམས་ཀྱིས་ཐམས་ཅད་དབྱེར་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །

དྲུག་པོ་རྡོ་རྗེ་འཛིན་པའི་རང་བཞིན་གྱི་ཡེ་ཤེས་ལྔའི་བདག་ཉིད་དེ་ཉིད་སྤྲོ་བ་དང་བསྡུ་བའི་རང་བཞིན་ནོ། །གང་རྣམས་དེ་རྣམས་བརྟན་དང་གཡོ། །འདི་ཀུན་ཞེས་པ་ནི་དགའ་བ་ལ་སོགས་པ་ཐམས་ཅད་ཉིད་ཀྱི་ཡེ་ཤེས་སོ། །ང་ཉིད་མེད་ནི་ཡི་གེ་ཧཾ་གི་ཚུལ་ཡང་མེད་པ་ཡིན་ཏེ་རྡོ་རྗེ་འཛིན་པའི་རང་

བཞིན་གྱི་རྣམ་པར་རྟོག་པ་ཡང་དེ་ལ་མེད་པ་ཡིན་ནོ། །མཉམ་ཉིད་མཚུངས་པར་འདོད་པ་ཡིན། །དགའ་བ་ལ་སོགས་པ་ཐམས་ཅད་རྣམས་མཚུངས་པར་བྱ་བ་ཉིད་ཀྱིས་སོ། །ཇི་ལྟར་ཞེ་ན། རོ་མཉམ་དེ་ཉིད་བསྒོམས་པས་ནི། །མཉམ་པ་ཞེས་བྱ་མཚུངས་པར་བརྗོད། །ཅེས་དབྱེར་མེད་

པར་བཤད་དོ། །དེ་ཡི་འཁོར་ལོ་རོ་ཞེས་བརྗོད། །དེའི་ཉམས་སུ་མྱོང་བའི་རོའོ། །རོ་གཅིག་ཏུ་མཉམ་པ་ཉིད་འགྱུར་བའོ། །ཇི་ལྟར་ཞེ་ན། བརྗོད་པར་བྱའོ། །འདིས་ནི་དོན་གྱིས་བརྗོད་པར་བྱ། །དེ་ཉིད་ཀྱི་དོན་གསུངས་པ། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་

ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །གཞན་གྱི་རང་བཞིན་ནི་ཐ་དད་དུ་བྱས་པ་ཅི་ཡང་སྣང་བ་མེད་དོ། །གང་གི་ཕྱིར་འགྲོ་བ་ཐམས་ཅད་ང་ལས་བྱུང་ནི་དབང་པོ་དང་ཡུལ་གང་དག་རྣམ་པར་ཤེས་པ་ལས་འདས་པའི་ཕྱིར་མེད་དོ། །འཇིག་རྟེན་གསུམ་

ནི་སྐུ་གསུང་ཐུགས་ཏེ་གང་རྣམ་པར་ཤེས་པ་ལས་གཞན་མེད་དོ། །ང་ཡིས་འདི་ཀུན་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་ང་རྣམ་པར་ཤེས་པས་ཁྱབ་པའོ། །དེ་བས་ན་དེའི་ཕྱིར་ཤེས་པའི་རང་བཞིན་ལས་གཞན་གྱི་རང་བཞིན་འགྲོ་བ་ཅི་ཡང་མ་མཐོང་ངོ་། །འགྲོ་བ་ཀུན་ཡེ་ཤེས་གཅིག་

གི་རང་བཞིན་ཡིན་པ་དེས་ན་རྣམ་པར་ཤེས་པའི་རྟོག་པ་ཡང་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་། རྟོགས་བྱ་རྟོགས་པའི་རྣམ་པ་མེད། །དེ་བཞིན་གཤེགས་པའི་ཐུགས་ཀྱིས་གཟིགས། །གང་ལ་རྟོགས་བྱ་རྟོགས་བྱེད་པ། །དེ་ལ་བྱང་ཆུབ་ཡོད་མ་ཡིན། །ཞེས་གསུངས་སོ། །གཞན་ཡང་སེམས་

เล่ม ๕ · หน้า 101a

ཀྱིས་སེམས་མི་མཐོང་ངོ་། །ཡང་ན། སེམས་གཉིས་རྟོག་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྣལ་འབྱོར་པས་ཤེས་ནས། །ཤིན་ཏུ་མཉམ་གཞག་གང་གོམས་པ། །བསོད་ནམས་ཆུང་བའི་མི་ཡིས་ཀྱང་། །དེ་ནི་འགྲུབ་པར་ཐེ་ཚོམ་མེད། །ཡི་གེ་ཨེ་དང་ཡི་གེ་ཝཾ་གྱི་

བདག་ཉིད་ཀྱི་ཡིད་ལ་བྱེད་པའི་ཡེ་ཤེས་ཀྱིས་ངེས་པའོ། །རྣལ་འབྱོར་པ་ནི་ཟུང་འཇུག་ལ་གནས་ནས་གོམས་པས་མངོན་དུ་འགྱུར་རོ། །མཉམ་པར་གཞག་པ་ནི་དབྱེར་མེད་པར་ལྷག་པར་གནས་པའོ། །དེ་ནི་འགྲུབ་པར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །

བསོད་ནམས་ཆུང་བས་ཀྱང་ནི་ཞེས་པ་ནི་བསོད་ནམས་བསགས་པའི་བདག་ཉིད་ཀྱིས་རེ་ཞིག་འགྲུབ་པ་ཉིད་དོ། །བསོད་ནམས་ཆུང་བས་ཀྱང་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར་བའི་དོན་ཏོ། །རྒྱུན་མི་འཆད་པར་བྱ་བ་ལ་འཇུག་པའི་རང་བཞིན་ཉིད་ཀྱིས་ལྷན་ཅིག་སྐྱེས་

པ་བསྟན་པའི་ཕྱིར། གསུངས་པ། བཟའ་དང་བཏུང་དང་འཁྲུད་པ་དང་། །ཉལ་དང་ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པ། །དེ་ནས་མངོན་དུ་འགྲོ་བར་འགྱུར། །བཟའ་དང་བཏུང་བ་ལ་སོགས་པའི་བྱ་བ་ལ་ཡང་ལྷན་ཅིག་སྐྱེས་པ་མངོན་དུ་སེམས་ན་རྒྱུ་དེའི་ཕྱིར་ཕྱག་རྒྱ་

ཆེན་པོ་མངོན་པར་འདོད་པ་པོ་ལྷན་ཅིག་སྐྱེས་པར་འགྲོ་ཞིང་ལྷན་ཅིག་སྐྱེས་པའི་རང་བཞིན་ཐོབ་པ་ཡིན་ནོ། །བཟའ་བས་ལུས་ཀྱི་མངོན་པར་ཞེན་པ་ལྡོག་པའོ། །བཏུང་བས་ནི་ངག་གི་མངོན་པར་ཞེན་པ་ལྡོག་པའོ། །ཁྲུས་ནི་སེམས་ཀྱི་མངོན་པར་ཞེན་པ་ལྡོག་པའོ། །ཉལ་དང་ལོག་པ་ནི་སྤྲོ་བ་

དང་བསྡུ་བའི་བདག་ཉིད་ཀྱིས་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་རང་བཞིན་བསམས་ན་ཡེ་ཤེས་གཅིག་གི་རང་བཞིན་དུ་འགྱུར་རོ། །དེ་བས་ན་དེའི་ཕྱིར་མངོན་དུ་ཡངས་ཤིང་རྒྱས་པ་དེའི་དངོས་པོ་མངོན་དུ་ལྷན་ཅིག་མཐོང་བར་འགྱུར་བ་ཡིན་པས་མངོན་སུམ་དུ་ཐོབ་པར་འགྱུར་

བ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས་ནི་ཕྱག་རྒྱ་ཆེན་པོ་ནི་གང་ཞིག་མངོན་པར་ཀུན་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་ཀྱིས་སོ། །འདོད་པ་ནི་བརྟག་པ་གང་གིའོ། །དེ་ནི་ཕྱག་རྒྱ་ཆེན་པོ་མངོན་པར་འདོད་པའི་རྡོ་རྗེ་འཛིན་དེ་བསྟན་ཅིང་བརྗོད་པས་སོ། །ཕྱག་རྒྱ་ཆེན་པོ་མངོན་

เล่ม ๕ · หน้า 101b

པར་འདོད་པ་ནི་སྤྲོ་བ་དང་བསྡུ་བའི་བདག་ཉིད་བདག་མེད་མ་དང་རྡོ་རྗེ་འཛིན་པའི་རང་བཞིན་དུ་རྣལ་འབྱོར་པས་བསྐྱེད་པའི་དོན་ཏོ། །མཉམ་པ་ཉིད་དུ་གཅིག་པའི་མཚན་ཉིད་དེས་ན། ལྷན་ཅིག་སྐྱེས་པའི་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་བསྒོམ་པ་གསུམ་ཀ་མི་དམིགས་པར་བསྟན་པའི་ཕྱིར་

གསུངས་པ། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པ་ཉིད་ནི་བསྒོམ་པ་མིན། །འགྲོ་བ་ཐམས་ཅད་ཁམས་གསུམ་དུ་གྱུར་པ་འཁོར་བར་སྤྱོད་པའི་འགྲོ་བ་རིས་དྲུག་ཏུ་སོན་པའི་འཇིག་རྟེན་པ་ཐམས་

ཅད་དང་། ལྗོན་ཤིང་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཉིད་བསྒོམ་པར་བྱ་སྟེ་སྙོམས་པར་འཇུག་པར་བྱའོ། །གང་གིས་ཤེ་ན་ཡིད་ཀྱིས་སོ། །སེམས་ཀྱིས་སེམས་ཙམ་ཉིད་དུ་འགྲོ་བ་ཀུན་ཡིན་པའི་རྒྱུ་གང་གི་ཕྱིར་རོ། །དེའི་ཕྱིར་བསྒོམ་པ་ཞེས་བརྗོད་དོ། །བསྒོམ་པ་ཉིད་ནི་བསྒོམ་

པ་མིན་ནི་སྙོམས་པར་འཇུག་པ་ཞེས་བཤད་དོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་ཤེས་ན་གང་དེ་ནི་བསྒོམ་པའོ། །ཆོས་ཐམས་ཅད་དང་ལྷན་ཅིག་ཀུན་ནས་ཀུན་དུ་གང་གི་ཕྱིར་ཡེ་ཤེས་དེའི་ཕྱིར་བསྒོམ་པར་མི་བྱའོ། །སྙོམས་པར་འཇུག་པར་མི་བྱའོ། །དེ་སྐད་དུ་

ཡང་སློབ་དཔོན་ལ་བའི་ན་བཟའ་ཅན་གྱི་ཞལ་སྔ་ནས། །གཟུགས་བརྙན་ལྟ་བུར་གཟུང་བར་བྱ། །ཐོག་མ་མེད་པའི་སེམས་ལས་བྱུང་། །དེ་ཡི་རྣམ་པ་ཅན་ཞེས་པ། །ཕན་ཚུན་དུ་ནི་གཟུགས་བརྙན་བཞིན། །ཇི་ལྟར་མེ་ལོང་ལ་གཟུགས་བརྙན་ཤར་ལ་མིག་གི་འབྲས་བུ་ལ་ཡང་མེ་

ལོང་ཤར་ཏེ་དུས་གཅིག་པ་ཉིད་དུའོ། །དེ་བཞིན་དུ་གཟུང་བ་དང་འཛིན་པ་དབྱེར་མེད་པ་ཉིད་རྟག་ཏུ་ཤར་ཏེ་དབང་པོ་དང་ཡུལ་དང་ཤེས་པ་རྣམས་མཉམ་པ་ཉིད་དུ་གཅིག་པའི་མཚན་ཉིད་ཀྱི་ཡེ་ཤེས་ཏེ་བསྒོམ་པ་ཉིད་ནི་བསྒོམ་པ་ཡིན་ནོ། །འགྲོ་བའི་སྒྲས་ནི་དབང་པོ་རྣམས་སོ། །ཐམས་ཅད་ཀྱི་

སྒྲས་ཡུལ་རྣམས་སོ། །ཡིད་ཀྱི་སྒྲས་སེམས་སོ། །དེ་ལྟར་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་རྟག་ཏུ་ཡེ་ཤེས་ཡིན་ནོ། །མདོར་བསྟན་པའི་དོན་རྒྱས་པར་བཤད་པ། །བརྟན་དང་གཡོ་བའི་དངོས་པོ་གང་། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པ་དེ་

เล่ม ๕ · หน้า 102a

ཉིད་ངེས་བསྒོམ་བྱ། །འདིར་བརྟན་པ་ནི་མི་རྒྱུ་བ་རྣམས་སོ། །གཡོ་བ་ནི་རྒྱུ་བ་རྣམས་ཀྱི་སྲོག་ཆགས་སོ། །དེ་ལྟར་བརྟན་པ་དང་གཡོ་བ་ཐམས་ཅད་ཀྱི་དངོས་པོའི་དོན་ཏོ། །དེ་ཉིད་གསལ་བར་བྱེད་པ་རྩྭ་ནི་ཕྲ་བ་རྣམས་སོ། །ལྕུག་མ་ནི་བསྡུས་པའི་ཚུལ་ཟོར་བུའི་རྣམ་པའོ། །

འཁྲི་ཤིང་ནི་ཡན་ལག་གྱེས་པའི་ཚུལ་ཡིན་པས་རྩྭ་ལྕུག་འཁྲི་ཤིང་ངོ་། །བརྟན་པའི་དངོས་པོ་རྣམས་ཀྱང་འགྲིབ་པ་འཕེལ་བའི་རང་བཞིན་རྣམ་པ་གསུམ་དུ་ཡོད་པ་ཡིན་ནོ། །རྣམ་པ་གསུམ་ཉིད་ཉེ་བར་བསྟན་པ་ཡིན་ནོ། །སོགས་པའི་སྒྲས་འགྲོ་བ་ཞེས་བྱ་བ་ལ་སོགས་པ་རྒྱུ་བ་རྣམས་བསྟན་

པའི་ཕྱིར་རོ། །དེ་ཡང་བསྒོམ་པར་བྱ་སྟེ་དམ་པའི་དེ་ཉིད་ནི་མཆོག་གི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཇི་ལྟར་ཞེ་ན་གང་གི་ཕྱིར་གྱི་དོན་ཏོ། བདག་གི་དངོས་པོའི་རང་བཞིན་ལས། །བདག་གི་དངོས་པོ་ནི་བདག་གི་དངོས་པོ་སྟེ། ཇི་ལྟར་བདག་ཉིད་གཟོད་མ་ནས་མ་སྐྱེས་པ་དེ་བཞིན་དུ་བརྟན་པའི་དངོས་

པོ་རྣམས་གཟོད་མ་ནས་མ་སྐྱེས་པ་ཡིན་ནོ། །འདི་ནི་གཉིས་སུ་མེད་པར་རྟོགས་པའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀུན་ཡིན་ནོ། །འོ་ན་ཅི་བརྟན་པ་དང་གཡོ་བ་དག་དབྱེར་མེད་པ་ཡིན་ནམ་ཞེ་ན་གསུངས་པ། དེ་རྣམས་དམ་པ་གཅིག་ཡོད་མིན། །ཞེས་པ་སྨོས་ཏེ། དེ་རྣམས་

ནི་བརྟན་པ་རྣམས་ཀྱི་དམ་པ་གཅིག་ཡོད་མིན་ནོ། །དེ་ཅི་ཞེ་ན། རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་པའི་རང་བཞིན་གྱི་ཡེ་ཤེས་ཡིན་གྱི། བརྟན་པ་རྣམས་ནི་སེམས་མེད་པའི་ཕྱིར་རོ། །ཡོད་ན་དེ་རྣམས་ནི་བརྟན་པ་རྣམས་ཀྱི་དང་གཡོ་བ་རྣམས་ཀྱིའོ། །གང་གཅིག་ནི་གཉིས་སུ་མེད་པའོ། །

དེ་དམ་པ་ནི་དེའི་རང་བཞིན་ནོ། །དམ་པ་དེ་ཅི་འདྲ་བ་ཡིན་ཞེ་ན་དེ་གསུངས་པ། ཡོད་མིན་ཏེ། རང་རིག་པ་ཡོད་པ་ལས་ལྡོག་པའོ། །བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དེ་ལྡོག་པ་མེད་པ་ཡང་མེད་པ་ཡིན་པས་གཉི་ག་ཡང་ལྡོག་པའི་རང་བཞིན་གཉིས་སུ་མེད་པའི་མཆོག་དེ་ཉིད་བདེ་བའི་ཡེ་ཤེས་དེ་ཉིད་ཡང་

དག་པའི་ཡེ་ཤེས་སོ། །གང་ལས་རང་རིག་པ་གཉི་ག་ལས་ལྡོག་པ་ཡིན་པ་གསུངས་པ། རང་རིག་ལས་ནི་དངོས་གྲུབ་ཡིན། །རང་རིག་ཕྱིར་ནི་བསྒོམ་པ་ཉིད། །རང་གི་རིག་པའི་རང་བཞིན་ལས། །རྟོག་པ་ལས་ནི་ལས་སྐྱེས་ཏེ། །ཞེས་པ་ལ། གང་རང་རིག་པའི་རྒྱུ་ལས། ཕྱག་རྒྱ་ཆེན་པོའི་

เล่ม ๕ · หน้า 102b

དངོས་གྲུབ་ཐོབ་པ་ཡིན་པས་ན། རང་རིག་ལས་ནི་དངོས་གྲུབ་ཡིན། །རང་རིག་པ་ལ་བསྒོམ་པ་ཉིད། །ཅེས་པ་ནི་གང་གི་ཕྱིར་ཏེ། རང་རིག་པའི་ཡེ་ཤེས་དེའོ། །བསྒོམ་པ་ནི་སྙོམས་པར་འཇུག་པའོ། །གཉི་ག་དབྱེར་མེད་པའི་རང་བཞིན་ཉིད་ཀྱི་ཕྱིར། རང་རིག་པའི་རང་བཞིན་གྱི་ལས་གང་

དེའི་ལས་ཀྱང་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའི་བདག་ཉིད་ལ་དེ་ཡང་རང་རིག་པའི་རྣམ་པར་འཕྲུལ་བ་ཡིན་ནོ། །གང་ལས་ཤེ་ན། གང་། རྟོག་པ་ལས་ནི་ལས་སྐྱེས་ཏེ། །ཞེས་པའོ། །རྟོག་པ་ཞེས་པ་ནི་འཁྲུལ་བ་སྟེ་དེ་ལས་སྐྱེས་པའོ། །མ་རིག་པའི་རྐྱེན་གྱིས་ནི་ཐམས་ཅད་འདུས་བྱས་པ་

སྟེ། །མ་རིག་པ་ཡང་གཏི་མུག་གོ། །གཏི་མུག་ཀྱང་འཁྲུལ་པའོ། །དེ་ལ་ཡང་དེར་ཞེན་པ་འཁྲུལ་པའོ། །དེ་ལྟར་ཐག་པ་བསྒྲིལ་བ་ལ་སྦྲུལ་དུ་ཤེས་པ་དེའི་ཡང་འཁྲུལ་པ་ཉིད་ས་བོན་ནོ། །དེའི་ཕྱིར། འཁྲུལ་པའི་དབང་གིས་རྟོག་པ་སྐྱེ། །དེ་ནས་ཡང་ལས་བདེ་བ་དང་སྡུག་བསྔལ་ལ་

སོགས་པ་འབྱུང་སྟེ་འདི་ཉིད་བསྟན་པའི་ཕྱིར་གསུངས་པ། རང་གིས་འཕྲོག་པོ་རང་ཉིད་བྱེད། རང་ཉིད་རྒྱལ་པོ་རང་གཙོ་བོའོ། །རང་གིས་འཕྲོག་ནི་རང་རིག་བསྡུ་བའི་རང་བཞིན་ནོ། །རང་ཉིད་བྱེད་པོ་ནི་རང་ཉིད་སྤྲོ་བའི་རང་བཞིན་ནོ། །རང་ཉིད་རྒྱལ་པོ་ནི་རང་ཉིད་རབ་ཏུ་གསལ་བའི་རང་བཞིན་

ནོ། །རང་ཉིད་གཙོ་བོ་ཞེས་པ་ནི་ཐམས་ཅད་ཀྱི་བདག་པོ་དང་ལྡན་པའི་ཕྱིར། སྣ་ཚོགས་གཟུགས་ཅན་གྱི་ནོར་བུ་དང་འདྲ་བར་རབ་ཏུ་གསལ་བ་སྤྲོ་བ་དང་བསྡུ་བའི་རང་བཞིན་ནོ། །འཕྲོག་ཅིང་གི་ཚུལ་གྱིས་གཟུགས་ལ་སོགས་པའི་ཡུལ་གྱི་རང་བཞིན་ནོ། །བྱེད་པོའི་ཚུལ་གྱིས་མིག་ལ་སོགས་པའི་

དབང་པོའི་རང་བཞིན་ནོ། །རྒྱལ་པོའི་ཚུལ་གྱིས་རྣམ་པར་ཤེས་པའི་རང་བཞིན་ནོ། །གཙོ་བོའི་ཚུལ་གྱིས་ཤེས་པ་དང་དབང་པོ་དང་ཡུལ་དབྱེར་མེད་པ་ཉིད་ཡང་དག་པའི་ཡེ་ཤེས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་རང་ཉིད་བྱེད་པོ་ཡིན་པའི་ཕྱིར། འདོད་ཆགས་ཞེ་སྡང་ཕྲག་དོག་དང་། །དེ་བཞིན་གཏི་མུག་

ང་རྒྱལ་ཉིད། །དེ་ཀུན་དེའི་གནས་ཉམས་དགའ་བར། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དེ་ཐམས་ཅད་དོ། །དེའི་གནས་ནི་ཡང་དག་པའི་ཡེ་ཤེས་རྟོགས་པའོ། །ཅིས་ཁྱད་པར་འཕགས་ཤེ་ན། ཉམས་དགའ་བ་སྟེ། འདོད་ཆགས་ལ་སོགས་པ་ནི་ཉམས་དགའ་

เล่ม ๕ · หน้า 103a

བར་གྱུར་པ་སྟེ། ཡེ་ཤེས་ལྔའི་རང་བཞིན་དེའི་བདག་ཉིད་ཀྱིས་འབྱུང་སྟེ་ཡེ་ཤེས་ཉིད་ཀྱིས་མ་ནིང་དུ་བསྟན་ཏོ། །ཐམས་ཅད་ཀྱི་བཅུ་དྲུག་ཆར་ཡང་མི་ཕོད་ན། བཅོ་ལྔའི་ཆའི་བདག་ཉིད་ཀྱི་ཟླ་བ་ཉིད་ཡིན་གྱི། བཅུ་དྲུག་པའི་ཆ་དེ་ནི་མེད་པ་ཉིད་དེ་བྱ་བ་ཅི་ཡང་མེད་པའི་ཕྱིར་

རོ། །དེ་མི་ཕོད་པ་ནི་མཆོད་པ་མི་བྱེད་པའོ། །རང་རིག་པའི་བདག་ཉིད་ཀུན་ཉིད་དོ། །བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པའོ། །ཆ་ནི། ཀ་བདེ་བ་དེ་ལེན་ཅིང་འཛིན་པར་བྱེད་པས་ན་ཆ་བདག་མེད་མའོ། །དེ་མི་ཕོད་པ་ནི་མི་མཆོད་པ་སྟེ་ཐམས་ཅད་སྣང་བ་མེད་པར་གྱུར་པའི་ཕྱིར་རོ། །

བླ་མའི་དུས་ཚིགས་བསྟེན་པས་ལྷན་ཅིག་སྐྱེས་པའི་ཤེས་པ་ཡིན་པར་དེ་གསུངས་པ། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཐབས་དང་ཤེས་རབ་རང་བཞིན་ལས། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཆོས་རྣམས་ཀྱི་འབྱུང་བ་གང་ལ་ཡོད་

པ་དེ་ནི་ཆོས་འབྱུང་ངོ་། །དེ་ལས་བྱུང་ནི་སྐྱེས་པ་སྟེ་ཡེ་ཤེས་གང་ལ་ཡོད་པའི་ཡེ་ཤེས་དེ་ནི་ཆོས་འབྱུང་ལས་སྐྱེས་སོ། །ཅིས་ཁྱད་པར་འཕགས་ཤེ་ན་མཁའ་མཉམ་སྟེ། ནམ་མཁའ་ལྟ་བུའོ། །སླར་ཡང་ཅིར་འགྱུར་ཞེ་ན། ཐབས་དང་བཅས་པའོ། །ཐབས་དང་ལྷན་ཅིག་པར་གྱུར་པ་སྟེ། ཐབས་

དང་བཅས་ནི་རྡོ་རྗེ་འཛིན་པ་དང་བདག་མེད་མའོ། །དེ་ལྷན་ཅིག་ནི་ལྡན་པའོ། །དེ་ལས་དེའི་ཕྱིར་འགྲོ་བ་གསུམ་པོ་སྐྱེས་པའོ། །འདི་ནི་གང་གི་ཕྱིར་ཏེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་དེའི་ཡེ་ཤེས་སོ། །ཡང་ན་ཆོས་འབྱུང་ནི་བདག་མེད་མའོ། །ལས་སྐྱེས་ནི་རྡོ་རྗེ་འཛིན་ནོ། །ཆོས་འབྱུང་

ཡང་ཡིན་ལ་ལས་སྐྱེས་ཀྱང་ཡིན་པས་ཆོས་འབྱུང་ལས་སྐྱེས་སོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་མཁའ་མཉམ་སྟེ། ནམ་མཁའ་ལྟ་བུར་རོ་མཉམ་པའོ། །ལྷན་ཅིག་ཐབས་དང་བཅས་ནི་རྡོ་རྗེ་འཛིན་པ་དང་བདག་མེད་མ་དབྱེར་མེད་པའོ། །དེ་ལ་ནི་དེ་ལས་སྐྱེས་པའོ། །གསུམ་ཡང་ཡིན་ལ་

འཇིག་རྟེན་ཡང་ཡིན་པས་འཇིག་རྟེན་གསུམ་མོ། །དེ་རྣམས་ཀྱི་དངོས་པོ་ནི་འཇིག་རྟེན་གསུམ་མོ། །གསུམ་གྱི་སྒྲ་ནི་སྐུ་གསུང་ཐུགས་སོ། །འཇིག་རྟེན་གྱི་སྒྲ་ནི་ཕུང་པོ་ལྔ་སྟེ། དེ་བ་སྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ཚུལ་གྱིས་དེའི་བདག་ཉིད་ཀྱིས་དེ་ཉིད་ལ་རྣམ་པར་གནས་སོ། །འདིས་ནི་སྐུ་

เล่ม ๕ · หน้า 103b

གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཁོ་ན་ཡེ་ཤེས་དེ་ཡིན་ནོ། །ཐབས་དང་ཤེས་རབ་རང་བཞིན་ལས། ཐབས་དང་ཤེས་རབ་ཀྱི་སྒྲས་ནི་ཨཱ་ལི་ཀཱ་ལིའོ། །སྭའི་སྒྲ་ནི་ཐུགས་ཨ་ཝ་དྷཱུ་ཏཱིའོ། །འདི་རྣམས་ཀྱི་དངོས་པོ་ལས་ཏེ་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིས་ནི་གཉིས་སུ་མེད་པ་ཉིད་གཉིས་

སོ། །དེ་དང་དབྱེར་མེད་པར་འདི་གསུམ་དེ་དང་ཐ་མི་དད་པའི་ལྔ་ཡིན་ནོ། །འདི་ནི་བཞིའི་བདག་ཉིད་བཞི་པ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་ཡེ་ཤེས་སོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ལྷན་ཅིག་སྐྱེས་པར་རབ་ཏུ་གསལ་བར་བྱེད་པ་ནི། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་

བདེ་བ་འདོད་མར་བརྗོད། །གཅིག་དང་དུ་མ་བྲལ་བ་སྟེ། །སྐད་ཅིག་གཅིག་ལས་གཞན་དགའ་བ་ཀུན་དུ་བྱ་བ་ཀུན་ནས་བྱ་བ་གསལ་བྱེད་པས་ན། རྣམ་པ་ཁུ་བ་ཉིད་ཀྱི་རྣམ་པས་ཁུ་བའི་རྣམ་པ་སྟེ། དེ་ནི་བཅོམ་ལྡན་འདས་ཆོས་འབྱུང་ལས་སྐྱེས་པ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་

ནོ། །དེའི་བདེ་བ་ནི་དེ་ལ་ཡོད་པའི་ཡེ་ཤེས་གང་དེའོ། །འདོད་མར་ནི་བདག་མེད་མ་དོན་དམ་པའི་བདེན་པའི་བདག་ཉིད་ཅན་ནོ། །བརྗོད་ནི་ཡེ་ཤེས་ཏེ་འདི་ནི་ཁུ་བའི་རྣམ་པ་བཅོམ་ལྡན་འདས་སོ། །གཅིག་དང་དུ་མའི་སྦྱོར་བྲལ་ནི། །རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་འདི་ལ་སྦྱོར་བ་ཡིན་པས་

སྦྱོར་བྲལ་ལོ། །གཅིག་ཉིད་དུ་མ་ཡིན་པས་གཅིག་དང་དུ་མ་སྟེ། གཅིག་དང་དུ་མའི་སྦྱོར་བ་དང་བྲལ་བས་གཅིག་དང་དུ་མའི་སྦྱོར་བྲལ་ལོ། །འདིས་ནི་གཉིས་སུ་མེད་པ་དང་གཉིས་ལ་སོགས་པའི་བདག་ཉིད་སྤྲོ་བ་དང་བསྡུ་བ་དབྱེར་མེད་པ་ཐ་མི་དད་པ་གཅིག་པའི་ཚུལ་ལོ། །འདི་ཇི་ལྟར་

ཞེ་ན། སྐད་ཅིག་ལས་ནི་ལྷན་ཅིག་སྐྱེས་པས་སོ། །གཅིག་ནི་དབྱེར་མེད་པའོ། །མཆོག་ནི་ཁྱད་པར་དུ་འཕགས་པའོ། །དགའ་ནི་ཕུལ་དུ་བྱུང་བ་མེད་པའི་བདེ་བ་གཅིག་གི་མཚན་ཉིད་ཆགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་

ཉིད་ཤེས་བྱ་བསོད་ནམས་ལས། །ཞེས་པ་གང་དེ་ཉིད་གསལ་བར་བྱེད་པ་ནི་རང་གི་རིག་པའི་ཡེ་ཤེས་འདི་ཉམས་སུ་མྱོང་བས་ན་རིག་པའོ། །ཡང་དག་ནི་ཡང་དག་པར་ཆགས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རྣམ་པར་མི་རྟོག་པ་དེ་ལྟར་ཡང་དག་པར་རིག་པའོ། །དེ་ཡང་ཡེ་ཤེས་བདག་

เล่ม ๕ · หน้า 104a

མེད་མ་དང་རྡོ་རྗེ་འཛིན་པ་དབྱེར་མེད་པའི་རང་གི་རིག་པའོ། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །ཞེས་པ་ནི་འདི་ལྟར་གཞན་གྱིས་བརྗོད་པར་མི་ནུས་པའོ། །འདི་ནི་བྱིན་བརླབ་རིམ་པའི་ཕྱིར་ནི་རིམ་པར་རྙེད་པས་ན་རིམ་པའོ། །འདི་ཞེས་པ་ནི་རང་རིག་པའི་རང་བཞིན་ནོ། །

བྱིན་ནི་ལྷག་པར་དམིགས་པའོ། །བརླབ་ནི་གནས་པའོ། །བརྟན་ཞིང་མི་གཡོ་བ་ཉིད་གང་རིམ་པར་རྙེད་པ་དེ་ནི་བྱིན་གྱིས་བརླབ་པའི་རིམ་པ་སྟེ། གཡོ་བ་མེད་པའི་རང་བཞིན་ཁྱབ་པའི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་གང་ལས་ཀྱང་མི་རྙེད་དེ། གང་འདི་ལྟ་བུའི་ཡེ་ཤེས་ཀུན་དུ་སྣང་བར་བརྗོད་པ་

རང་རིག་པའི་སྤྱོད་ཡུལ་མ་ཡིན་པའོ། །དེ་ཅི་ཡིན་པ་གསུངས་པ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར། ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཐམས་ཅད་ཤེས་པས་ན་ཐམས་ཅད་མཁྱེན་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་ཡེ་ཤེས་ནི། བག་ལ་ཉལ་གྱི་བག་ཆགས་

ཀྱི་ཤེས་པ་ཡན་ཆད་ཉེ་བར་ཞི་བའི་གང་ཡེ་ཤེས་སོ། །དེ་རང་བཞིན་ནི། །དེའི་རང་གི་ངོ་བོ་དེ་ཀུན་མཁྱེན་པའི་ཡེ་ཤེས་ཡིན་པའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་ཆེན་པོའི་བདག་ཉིད་དབང་པོ་དང་ཡུལ་དབྱེར་མེད་པ་ཉིད་བསྟན་པའི་ཕྱིར། ས་དང་ཆུ་དང་

དེ་བཞིན་རླུང་། །མེ་དང་ནམ་མཁའ་ཉིད་དག་ནི། །རང་གཞན་རིག་པའི་ཚོར་བ་ཡི། །ཀུན་གྱིས་སྐད་ཅིག་མི་གནོད་དེ། །ས་ལ་སོགས་པ་འདི་ཐམས་ཅད་ལ་མི་གནོད་དེ། །དེ་གང་ཞེ་ན། རང་གཞན་རིག་པའི་ཚོར་བ་ནི། །རང་གཞན་རིག་པ་ཡོངས་སུ་ཤེས་པའོ། །སྐད་ཅིག་གིས་ནི་སྐད་ཅིག་

གི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པ་ཡང་དག་པར་རིག་པ་ཡིན་ནོ། །ཡང་ན། ས་ལ་སོགས་པ་འདི་ཀུན་ལ། །སྐད་ཅིག་གིས་ནི་མི་གནོད་དེ། །ལྷན་ཅིག་སྐྱེས་པའི་སྐད་ཅིག་གིས་ལྷན་ཅིག་འདི་རྣམས་ཀྱི་གནོད་པའི་རྣམ་པར་རྟོག་པ་མེད་དེ། སྐད་ཅིག་དབྱེར་མེད་པ་ཉིད་འདི་ཡིན་ནོ། །རང་གཞན་

རིག་པའི་ཚོར་བ་ནི། །སྐད་ཅིག་གིས་མི་གནོད་ཅེས་པ་ལ་རང་ནི་དབང་པོ་རྣམས་སོ། །གཞན་ཡུལ་རྣམས་སོ། །རིག་པ་ནི་རྣམ་པར་ཤེས་པའོ། །དེ་ལྟར་ན་རང་གཞན་རིག་པའོ། །འདི་རྣམས་ཀྱི་རིག་པ་ནི་ཡེ་ཤེས་སོ། །སྐད་ཅིག་གིས་མི་གནོད་པ་ནི་ལྷན་ཅིག་སྐྱེས་པ་དང་ལྷན་ཅིག་

เล่ม ๕ · หน้า 104b

པས་དང་ང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱི་གནོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་དང་དབྱེར་མེད་པ་ལྷན་ཅིག་སྐྱེས་པའོ། །མཐོ་རིས་མི་ཡུལ་ས་འོག་གིས། །སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །རྣལ་འབྱོར་པ་དེ་སྐུ་གཅིག་ཏུ་གྱུར་ཏེ་དབྱེར་མེད་པའི་བདག་ཉིད་དུ་སྐྱེ་

བའོ། །མཐོ་རིས་དང་མི་ཡུལ་དང་ས་འོག་གིས་ཏེ། ཡེ་ཤེས་ཀྱི་སྐད་ཅིག་གིས་སོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཐབས་དང་ཤེས་རབ་དབྱེར་མེད་པའི་གཉིས་སུ་མེད་པ་ཉིད་དེ་ཡེ་ཤེས་ཀྱང་ཡིན་པར་གསུངས་པ། རང་གཞན་ཆ་ཡི་རྣམ་རྟོག་གིས། །གནོད་པ་ཉིད་

ནི་ནུས་པ་མིན། །རང་གཞན་གྱི་སྒྲས་སྐྱེས་པ་དང་བུད་མེད་དེ་དག་གིས་སོ། །ཆ་ནི་དབྱེ་བའོ། །འདི་འདྲ་བའི་རྣམ་པར་རྟོག་པ་དེས་གནོད་པ་ཉིད་མིན་ཏེ་རྣམ་པར་རྟོག་པའོ། །ནུས་པ་མིན་ནི། རྟོག་པ་ཐམས་ཅད་དང་རྣམ་པར་རྟོག་པ་ལས་འདས་པའི་ཕྱིར་ཡེ་ཤེས་ཀྱིའོ། །ཡེ་ཤེས་འདི་ཉིད་ཀྱི་ཆེ་བའི་

བདག་ཉིད་བསྟན་པ། ཐམས་ཅད་རིག་བྱེད་གྲུབ་མཐའ་དང་། །དེ་བཞིན་ལས་རྒྱས་ལ་སོགས་པས། །དག་པའི་དངོས་གྲུབ་འབྱུང་མ་ཡིན། །སྲིད་པའི་སྐྱེ་བ་གཞན་དུ་འང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐམས་ཅད་འདི་ཉིད་ཀྱིས་མི་འཐོབ་སྟེ། །རིག་བྱེད་ཡང་ཡིན་ལ་གྲུབ་མཐའ་ཡང་ཡིན་པས་

རིག་བྱེད་གྲུབ་མཐའོ། །ཐམས་ཅད་ཀྱང་ཡིན་ལ་རིག་བྱེད་གྲུབ་མཐའ་ཡང་ཡིན་པས་ཐམས་ཅད་རིག་བྱེད་གྲུབ་མཐའོ། །དེ་ནི་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་། དབྱིག་གི་སྙིང་པོ་ལ་སོགས་པའི་ངག་སྙན་ཅིང་འཇེབས་པའོ། །རང་གི་ལྷག་པའི་འཇེབས་པ་ནི། ལས་རབ་འབྱམས་ལ་

སོགས་པས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བ་མ་ཡིན་ཏེ་མི་འཐོབ་པོ། །སླར་ཇི་ལྟར་ཡིན་པ་གསུངས་པ། དག་པས་ཏེ། རྣམ་པར་དག་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དབྱེར་མེད་པར་རྟོགས་པ་ལས་ཀུན་རྫོབ་དང་དོན་དམ་པའི་ལམ་གྱི་ཡེ་ཤེས་ཀྱི་ཕྱིར་རོ། །གང་དུ་ཞེ་ན། སྲིད་

པའི་སྐྱེ་བ་གཞན་དུའོ། །སྐྱེ་བ་ནི་འཇིག་རྟེན་འདིའོ། །སྲིད་པ་གཞན་ནི་སྐྱེ་བ་ཕྱི་མ་སྟེ་ཡང་སྐྱེ་བ་ལའོ། །འདིས་ནི་སྐྱེ་བ་གཞན་དང་གཞན་རྣམས་སུ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འཐོབ་པོ། །དེ་ཉིད་གསལ་བར་བསྟན་པ། འཇིག་རྟེན་འདི་དང་ཕ་རོལ་དུ། །དེ་མེད་པས་ཀྱང་དངོས་གྲུབ་མེད། །

เล่ม ๕ · หน้า 105a

རྣམ་པར་དག་པ་ཡོངས་སུ་ཤེས་པ་དེ་མེད་པར་འཇིག་རྟེན་གཉི་ག་རུ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་པ་ཉིད་ཡིན་ནོ། །ལྡོག་པའི་སྒོ་ནས་རྗེས་སུ་འགྲོ་བ་བསྟན་པར་བྱས་པ་ཡིན་ནོ། །གང་གིས་མི་ཤེས་ཀྱི་རྡོ་རྗེ། །དེ་ཡི་ངལ་བ་དོན་མེད་འགྱུར། །གང་གིས་ནི་རྣལ་འབྱོར་

པས་སོ། །ཀྱེ་རྡོ་རྗེ་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །མི་ཤེས་པ་ནི་མ་རྟོགས་སོ། །དེའི་ངལ་བ་ནི། རིག་བྱེད་ལ་སོགས་པའི་ངག་འཇེབས་པའི་དོན་གྱིས་བསྒྱུར་པའི་ཉོན་མོངས་པས་ཡང་དག་པའི་བྱང་

ཆུབ་ཀྱི་མཚན་ཉིད་ཀྱི་འབྲས་བུ་ནི་མི་རྙེད་པའི་ཕྱིར་རོ། །དོན་མེད་པ་ནི་བྱེད་པ་དང་བྲལ་བའི་འབྲས་བུ་མེད་པའི་ཕྱིར་རོ། །དགྱེས་པའི་རྡོ་རྗེ་ཡང་ཤེས་ནས་རྟག་ཏུ་གོམས་པ་མེད་པར་དངོས་གྲུབ་མེད་པར་བསྟན་པའི་ཕྱིར། ཆུ་བོའི་རྒྱུན་ནི་རབ་འཐབ་དང་། །མར་མེའི་འོད་ཀྱི་རྒྱུན་བཞིན་དུ། །རྟག་

ཏུ་དེ་ཉིད་རྣལ་འབྱོར་པས། །ཉིན་དང་མཚན་དུ་རྣམ་པར་གཞག །ཇི་ལྟར་ཆུ་བོའི་རྒྱུན་འབབ་པ་ལ་ཁྱད་པར་མེད་པ་དང་། མར་མེའི་འོད་ལ་ཡང་རྒྱུན་གྱི་བྱེ་བྲག་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཁམས་གསུམ་དབྱེར་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་གཅིག་པར་རྣལ་འབྱོར་པས་

དགྱེས་པའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་གཞག་པར་བྱའོ། །ཉིན་དང་མཚན་དུ་ཞེས་པ་ནི་དུས་ཐམས་ཅད་དུ་བར་ཆད་མེད་པར་ཞེས་པའི་དོན་ཏོ། །དེ་ལྟའི་རིམ་པར་ཕྱེ་བ་རྫོགས་པའི་སྒོ་ནས་རིམ་པར་ཕྱེ་བ་གསུངས་པའི་དོན་བསྡུ་བ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་

གསུང་ཐུགས་དགྱེས་པའི་རྡོ་རྗེ་ལས། རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོ་འདུ་བའི་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ། །ཡེ་ཤེས་ལྔ་དང་། སྐུ་གསུམ་དང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཡི་ཤེས་ནི་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དགྱེས་པའི་རྡོ་རྗེ་ལས་རྣལ་འབྱོར་མའོ། །གང་འཁོར་ལོ་ནི་མི་ཤེས་པ་གཅོད་པའོ། །དེ་ལ་རིམ་པར་ཕྱེ་བ་དེ་ནི་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱའོ། །རྣལ་འབྱོར་མ་ཆེན་མོ་ནི་བདག་མེད་མའོ། །དེའི་འདུ་བ་ནི་འདུ་བ་སྟེ། དེས་སེལ་བར་ཁྱབ་པའོ། །

เล่ม ๕ · หน้า 105b

དེ་ནས་གང་བདེ་བའི་ཡེ་ཤེས་གང་ལ་རིམ་པར་ཕྱེ་བ་དེ་ནི། རྣལ་འབྱོར་མ་ཆེན་མོ་འདུ་བ་ཅན་ནོ། །དེ་ཡང་གོས་ནི་འགེབས་པའོ། །དེ་ལེན་ཅིང་འཛིན་པས་ན་རིམ་པར་ཕྱེ་བའོ། །དེ་ཡང་བརྒྱད་ན་ཁྱབ་པའི་ཚུལ་ལོ། །ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའོ། །སྟོང་པ་ཉིད་བཅུ་དྲུག་རྣམ་པར་

དག་པའི་རྡོ་རྗེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་ལེའུ་བརྒྱད་པའོ།། །།ད་ནི་རིམ་པ་གཉིས་རྣམ་པར་དག་པ་དེ་ཡང་དག་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྐྱེད་པ་ཡིན་པས་ཕུང་པོ་ལ་

སོགས་པ་རྣམ་པ་གཉི་གའི་རྣམ་པར་དག་པ་བསྟན་པའི་ཕྱིར་གསུངས་པ། དེ་ནས་གཞན་རྣམ་པར་དག་པའི་ལེའུ་བཤད་པར་བྱའོ་ཞེས་པ་སྨོས་ཏེ། དེ་ནས་ནི་རྣལ་འབྱོར་མའི་འཁོར་ལོ་ལས་སོ། །གཞན་ནི་རྗེས་ཐོགས་སོ། །རྣམ་པར་དག་པའི་རིམ་པར་ཕྱེ་བ་ནི་ཁྱད་པར་དུ་འཕགས་

པར་དག་པས་ན་རྣམ་པར་དག་པ་སྟེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་རྡོ་རྗེ་འཛིན་པ་དང་བདག་མིད་མ་གཉིས་སུ་མེད་པའོ། །རིམ་པར་ཕྱེ་བ་ནི་གོས་འགེབས་པའོ། །དེ་ལེན་ཅིང་འཛིན་པས་ན་རིམ་པར་ཕྱེ་བའོ། །བཤད་པར་བྱའོ་ནི་ཁྱད་པར་དུ་འཕགས་པའི་ཚུལ་གྱིས་བསྟན་

པར་བྱའོ། །དེ་ཉིད་གསུངས་པ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་པ་ལ་དོན་འདི་ལ་གནས་པས་ན་དངོས་པོའི་དོན་ཏོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་ཁྱད་པར་དུ་འཕགས་པར་དག་པའོ། །གང་ཞེ་ན། དེ་བཞིན་ཉིད་དེ་རྣམ་པར་མི་རྟོག་པའི་ཡེ་

ཤེས་སོ། །ཐམས་ཅད་ཀྱི་ཞེས་པ་ནི་བརྟན་པ་དང་གཡོ་བ་རྣམས་ཀྱིའོ། །གཉི་ག་ཡང་གང་དངོས་པོ་ཉིད་ཀྱིས་ཡོངས་སུ་བརྟགས་པའོ། །དོན་དེ་རྟོགས་པ་སྟོང་ཉིད་ཚད་མའི་འབྲས་བུ་ཡིན་ནོ། །འདིས་ནི་དོན་དམ་པའི་རྣམ་པར་དག་པའོ། །ཕྱི་ནས་རེ་རེ་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ཡང་

བརྗོད་པར་བྱ། །ཕྱི་ནས་ཞེས་པ་ནི་རྗེས་ཐོགས་སུ་མ་ཆད་པར་རོ། །རེ་རེ་དབྱེ་བ་ཡིས་ནི་རེ་རེའི་རྣམ་པའོ། །གང་རྣམས་ཀྱི་ཞེ་ན་ལྷ་རྣམས་ཀྱིའོ། །ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏོ། །དེ་ཉིད་ཕྱིར་བརྗོད་པར་བྱ་ནི་གསལ་བར་བྱེད་པའོ། །མཚན་མའི་རང་བཞིན་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་

เล่ม ๕ · หน้า 106a

བདེན་པའི་ལྷ་རྣམས་ཀྱི་རེ་རེའི་དབྱེ་བས་ཕུང་པོ་ལྔ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དངོས་པོ་རྣམས་ཀྱི་རྣམ་པར་དག་པ་སྟེ། ཀུན་རྫོབ་ཀྱི་བདེན་པར་ལྷའི་རྣམ་པས་ཕུང་པོ་ལ་སོགས་པ་རྣམ་པར་དག་པར་བྱའོ། །དོན་དམ་པའི་བདེན་པ་ཡང་དེ་བཞིན་ཉིད་ཀྱི་

རྣམ་པ་ཡིན་པས་རིམ་པ་གཉི་ག་དབྱེར་མེད་པ་བསྒོམ་པ་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་པ་ཡིན་ནོ། །ད་ནི་ངེས་པར་དངོས་པོ་ཐམས་ཅད་ཀྱི་ཞེས་པས་སྤྱིར་བཤད་པའི་དོན་དམ་པའི་བདེན་པའི་རྣམ་པར་དག་པ་བསྟན་ནས། ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ཡང་བརྗོད་པར་བྱ། །ཞེས་

པས་དངོས་པོའི་དབྱེ་བ་ཉིད་ཁྱད་པར་དུ་བསྟན་པ། ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །དབང་པོ་དྲུག་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཆ་རྣམས་ནི་དབང་པོ་དྲུག་གོ། །ཕུང་པོ་ལྔ་ནི་གཟུགས་དང་།

ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །སྐྱེ་མཆེད་དྲུག་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། བདེ་བ་ལ་སོགས་པའོ། །འབྱུང་ཆེན་ལྔ་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའོ། །འདི་ཐམས་ཅད་རང་བཞིན་གྱིས་ཞེས་པ་

གཟོད་མ་ཉིད་ནས་མ་སྐྱེས་པའི་ངོ་བོ་ཡིན་པའི་ཕྱིར་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའོ། །འདི་ནི་དོན་དམ་པའི་བདེན་པ་རྣམ་པར་དག་པའོ། །དེ་ཉིད་ཉོན་མོངས་ཤེས་བྱའི་སྒྲིབ་པ་ནི། དེ་ལྷའི་རྣམ་པས་སྦྱང་ནི། དེ་གང་ཀུན་རྫོབ་ཀྱི་རྣམ་པར་དག་པའོ། །གཉི་གའི་རྣམ་པར་དག་པ་ཡང་

རང་རིག་པའི་བདག་ཉིད་ཉིད་དེའི་རྣམ་པར་དག་པ་མེད་ན་གྲོལ་བར་མི་འགྱུར་རོ། །དེ་གསུངས་པ། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པའོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པའི་བདེ་བ་མཆོག །ཡུལ་གྱི་

ཞེས་པ་ནི་ཡུལ་ལ་སོགས་པ་རྣམ་དག་གོ། །དངོས་པོ་དག་པའི་ཕྱིར་ཞེས་པ་ནི། དོན་དམ་པ་དང་ཀུན་རྫོབ་དག་གི་རང་བཞིན་ལྷའི་རྣམ་པར་དག་པའོ། །རང་བཞིན་ཡིན་པའི་ཕྱིར་རང་རིག་པ་གང་ངོ་། །བདེ་བ་མཆོག་ནི་ཡང་དག་པའི་ཡེ་ཤེས་སོ། །གང་གཉི་ག་དབྱེར་མེད་པར་རྟོགས་ན་དེ་ཉིད་མངོན་དུ་

เล่ม ๕ · หน้า 106b

གྱུར་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། གཟུགས་ལ་སོགས་པའི་ཡུལ་རྣམས་གང་། །གཞན་ཡང་རྣལ་འབྱོར་པས་མཐོང་བ། །དངོས་པོ་དེ་ཀུན་དག་པ་སྟེ། །གང་ཕྱིར་སངས་རྒྱས་འགྲོ་རང་བཞིན། །གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་ཕུང་པོ་དྲུག་དང་། ཡུལ་དྲུག་རྣམས་སོ། །གང་

གཞན་ཡང་ཞེས་པ་ནི། དབང་པོ་དྲུག་དང་། འབྱུང་བ་ཆེན་པོ་ལྔའོ། །འདི་ཐམས་ཅད་རྣལ་འབྱོར་པས་གཉི་ག་དབྱེར་མེད་པར་རྟོགས་པའི་བདག་ཉིད་གང་སོ་སོར་སྣང་བ་དེ་དང་དེ་ཐམས་ཅད་གཉི་ག་རྣམ་པར་དག་པ་ཉིད་དོ། །གང་གི་ཕྱིར་ནི་རྒྱུའི་ཕྱིར་རོ། །སངས་རྒྱས་རང་བཞིན་ནི། ཡེ་ཤེས་

གཅིག་གི་རང་བཞིན་ནོ། །འགྲོ་བ་ནི་ཁམས་གསུམ་མོ། །གང་རྣམ་པར་མ་དག་པ་དེ་མེད་པ་ཐམས་ཅད་ཉིད་རྣལ་འབྱོར་མའི་རྣམ་པར་དག་པའོ། །རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན་དེ་ལ་དོན་དམ་པར་རྣམ་པར་དག་པ་ཉིད་ཞོག་གི ལྷའི་རྣམ་པར་དག་པས་ཅི་ཞིག་བྱ་ཞེས་པའི་རྟོག་པ་བློ་

ལ་བཞག་ནས་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། གང་ལྷའི་རྣམ་པས་རྣམ་པར་དག་པར་བྱ་སྟེ་བྱར་མེད་ཅེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །ཅིའི་སླད་དུ་ཞེ་ན། ཉོན་མོངས་མི་ཤེས་སྒྲིབ་པ་

དེའོ། །མི་ཤེས་ཉོན་མོངས་སྒྲིབ་པ་ཉིད་མདོར་བསྟན་ནས་རྒྱས་པར་འཆད་དེ། གཟུང་བ་དང་འཛིན་པའི་ཕྱིར་རོ། །གཟུང་བ་དང་འཛིན་པ་ཡང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུགས་ནི་གཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །དྲི་ནི་སྣ་ཡིས་ཚོར་བར་བྱ། །ལྕེ་ཡིས་རོ་ནི་མྱང་བར་བྱ། །

དངོས་པོ་ལུས་ཀྱིས་རེག་པར་བྱ། །ཡིད་ཀྱིས་བདེ་སོགས་འཛིན་པ་ཡིན། །གཟུགས་མིག་གི་ཡུལ་དུ་བྱ་བ་ཡིན་ཏེ། མིག་ལ་གཟུང་བ་གཟུགས་སོ། །སྒྲ་ནི་རྣ་བས་མཉན་པར་བྱ། །སྒྲ་ནི་གཟུང་བར་བྱ་བའོ། །རྣ་བ་ནི་འཛིན་པའོ། །དྲི་ནི་སྣ་ཡིས་ཚོར་བར་བྱ། །སྣ་ནི་འཛིན་པའོ། །དྲི་ནི་གཟུང་བར་

བྱ་བའོ། །ལྕེ་ཡིས་རོ་ནི་མྱང་བར་བྱ། ལྕེ་ནི་འཛིན་པའོ། །མྱང་བ་ནི་གཟུང་བའོ། །དངོས་པོ་ལུས་ཀྱི་རེག་པར་བྱ། །ལུས་ནི་འཛིན་པའོ། །དངོས་པོ་གཟུང་བའོ། །ཡིད་ཀྱིས་བདེ་སོགས་རིག་པ་ཡིན། ཡིད་ནི་འཛིན་པའོ། །བདེ་བ་ལ་སོགས་པ་གཟུང་བའོ། །འདིར་ནི་གཟུང་བ་དང་འཛིན་

เล่ม ๕ · หน้า 107a

པའི་མངོན་པར་ཞེན་པས་རྣམ་པར་མ་དག་པ་དེ་རྣམ་པར་དག་པ་བསྟེན་པར་བྱ་བ་ཡིན་པར་གསུངས་པ། དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པ་ཉིད། །འདི་ཡི་དོན་ནི་འདི་ཡིན་ཏེ། །ཕུང་པོ་ལ་སོགས་པ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པས།

རྣམ་པར་མ་དག་པ་དེ་ཡང་ལྷའི་རྣམ་པས་རྣམ་པར་དག་ན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་བ་ཡིན་ནོ། །དག་པ་ཉིད་གསུངས་པ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ཡང་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་

མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མ་གནས་སོ། །ཕུང་པོ་ནི་ནམ་མཁར་འདུས་པས་ན་ནམ་མཁའི་ཁམས་སུ་གྲགས་པ་ཡིན་ནོ། །གཟུགས་མཐའ་ཡས་པ་དེས་ན་གཟུགས་ཀྱི་ཕུང་པོའོ། །དེ་བཞིན་དུ་ཚོར་བ་མཐའ་ཡས་པ་དེས་ན་ཚོར་བའི་ཕུང་པོའོ། །

འདུ་ཤེས་མཐའ་ཡས་པ་དེས་ན་འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་མཐའ་ཡས་པ་དེས་ན་འདུ་བྱེད་ཀྱི་ཕུང་པོའོ། །རྣམ་པར་ཤེས་པ་མཐའ་ཡས་པ་དེས་ན་རྣམ་པར་ཤེས་པའི་ཕུང་པོའོ། །འདིས་ནི་ཕུང་པོ་ལྔ་མཁའ་འགྲོ་མ་ལྔར་རྣམ་པར་དག་པའོ། །དེ་ལྟར་ཕུང་པོ་ལྔ་རྣམ་པར་དག་པའོ། །འདི་

རྣམས་རྟག་ཏུ་དག་པས་ནི། །དེ་ཉིད་རྣལ་འབྱོར་པས་ངེས་འགྲུབ། །འདི་རྣམས་ནི་མཁའ་འགྲོ་མ་རྣམས་ཀྱི་རྣམ་པར་དག་པས་སོ། །རྟག་ཏུ་ནི་རྒྱུན་མ་ཆད་པ་ཉིད་ཀྱིས་སོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྒྱུན་མ་ཆད་པར་རྣམ་པར་དག་པས་སོ། །

དེ་ཉིད་དེ་ཉིད་རྣལ་འབྱོར་པས་ནི་དེ་ཁོ་ན་ཉིད་དང་ལྡན་པའོ། །དེ་ཉིད་ངེས་པ་ནི་ངེས་པའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དབང་ལྡན་དུ་ནི་པུཀྐ་སཱི། །མེར་ནི་དེ་བཞིན་རི་ཁྲོད་མ། །བདེན་བྲལ་གདོལ་པ་མོ་བཞག་ཅིང་། །རླུང་དུ་གཡུང་མོ་རྣམ་པར་འདོད། །ཕྱོགས་ཀྱི་རྣམ་པར་

གཞག་པ་བསྟན་པས། ཕྱོགས་སྐྱོང་མནན་པ་འབྱུང་བ་ཆེན་པོ་བཞི་རྣམ་པར་དག་པའི་མཁའ་འགྲོ་མ་བཞི་རྣམ་པར་དག་པ་འབྱུང་བ་ཆེན་པོ་བཞིའོ། །དེ་ནས་ཕྱིའི་འཕར་མ་བཤད། །ཅེས་པ་ནི། དེ་ནས་ནི་རྗེས་ཐོགས་སུ་བར་མ་ཆད་པར་རོ། །ཕྱིའི་འཕར་མ་ནི་ཕྱི་རོལ་དུ་འབྱུང་བས་ཕྱིའོ། །ཕྱི་ཡང་ཡིན་

เล่ม ๕ · หน้า 107b

ལ་འཕར་མ་ཡང་དེ་ཡིན་པས་ཕྱིའི་འཕར་མ་སྟེ། ཕྱི་རོལ་ནི་ནང་གི་མཚན་ཉིད་དང་བྲལ་བའི་ཕྱིར་ཏེ། ནང་དང་ལྷན་ཅིག་ཏུ་ཀུན་དུ་སྦྱར་བའོ། །དེ་བཤད་པ་ནི་བསྟན་པར་བྱ་བ་སྟེ་ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པར་བསྟན་པར་བྱའོ། །དེ་ཉིད་གསུངས་པ། ཕྱི་མ་ལྷ་མོ་དཀར་མོ་སོགས། གང་ལ་

གཞན་དང་དབྱེར་ཡོད་པ་མ་ཡིན་པ་དེ་ནི་ཕྱི་མ་སྟེ། ཕྱི་མ་ཡང་ཡིན་ལ་དཀར་མོ་ལ་སོགས་པ་ཡང་དེ་ཡིན་པས་ཕྱི་མ་ལྷ་མོ་དཀར་མོ་ལ་སོགས་ཏེ་དབྱེར་མེད་པས་གཅིག་གི་ཚིག་གོ། །དེ་ཉིད་བསྟན་པ། དབང་དཀར་གཤིན་རྗེ་ཆོམ་རྐུན་མ། །ཆུ་བདག་ཏུ་ནི་རོ་ལངས་མ། །ལུས་ངན་པོར་ནི་གྷསྨ་རཱི། །

འོག་ཏུ་ས་སྤྱོད་མ་ཞེས་བརྗོད། །སྟེང་དུ་མཁའ་སྤྱོད་མ་ཞེས་བཤད། །བསྐྱེད་པའི་རིམ་པ་ཉིད་ཀྱི་ཕྱོགས། །གཽ་རཱི་ནི་དབང་པོ་མནན་པའོ། །ཆོམ་རྐུན་མ་ནི་གཤིན་རྗེ་མནན་པའོ། །ཆུ་བདག་ནི་རོ་ལངས་མནན་པའོ། །གྷསྨ་རཱི་ནི་ལུས་ངན་པོ་མནན་པའོ། །སྔར་གྱི་དབང་ལྡན་ལ་སོགས་པ་མཚམས་

སྐྱོང་བ་བཞི་མནན་པ་མཚམས་བཞིར་ཁྱབ་པའི་པུཀྐ་སཱི་ལ་སོགས་པ་མཁའ་འགྲོ་མ་བཞིའོ། །འདི་ཡང་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བ་བཞི་མནན་པས་ཕྱོགས་བཞིར་ཁྱབ་པའི་དཀར་མོ་ལ་སོགས་པའི་རྣལ་འབྱོར་མ་བཞིའོ། །སྟེང་དང་འོག་གཉིས་ཀྱི་ཕྱོགས་གཉིས་སུ་ཁྱབ་པ་ས་སྤྱོད་མ་དང་

མཁའ་སྤྱོད་མའི་མཁའ་འགྲོ་མ་གཉིས་སོ། །དེ་ལྟར་ཕྱོགས་བརྒྱད་དུ་འཇིག་རྟེན་སྐྱོང་བ་བརྒྱད་མནན་པས་ཕྱོགས་བརྒྱད་ཁྱབ་པས་མཁའ་འགྲོ་མ་བརྒྱད་དོ། །འདིས་ནི་ཕྱོགས་བཅུ་རྣམ་པར་དག་པས་མཁའ་འགྲོ་མ་བཅུའོ། །ས་སྤྱོད་མ་དང་མཁའ་སྤྱོད་མའི་མཁའ་འགྲོ་མ་གཉིས་འཁོར་བ་

དང་མྱ་ངན་ལས་འདས་པའི་རྣམ་པར་དག་པ་ཡིན་ཏེ། སྲིད་དང་ཞི་བའི་རང་བཞིན་ལས། །ལྷ་མོ་འདི་གཉིས་རྣམ་པར་གནས། །སྲིད་པའི་རང་བཞིན་གྱིས་ས་སྤྱོད་མའོ། །མྱ་ངན་ལས་འདས་པའི་རང་བཞིན་གྱིས་མཁའ་སྤྱོད་མའོ། །འདིས་ནི་སྲིད་པ་དང་མྱ་ངན་ལས་འདས་པ་དག་ཡེ་ཤེས་འདི་

དག་གི་རྣམ་པར་གནས་པ་བརྟན་པ་དང་གཡོ་བའི་རང་བཞིན་ནོ། །གང་ཞེ་ན། ལྷ་མོ་གཉིས་སོ། །དཀར་མོ་ལ་སོགས་པའི་རྣམ་པར་དག་པ་གསུངས་པ། གཟུགས་ལ་དཀར་མོར་རྟག་ཏུ་བཤད། །གཟུགས་རྣམ་པར་དག་པས་དཀར་མོའོ། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །སྒྲ་རྣམ་པར་དག་

เล่ม ๕ · หน้า 108a

པས་ཆོམ་རྐུན་མའོ། །དྲི་ཡི་ཆ་ལ་རོ་ལངས་མ། །དྲི་རྣམ་པར་དག་པས་རོ་ལངས་མའོ། །རོ་ལ་གྷ་སྨ་རཱི་རབ་གྲགས། རོ་རྣམ་པར་དག་པས་གྷསྨ་རཱིའོ། །རེག་ལ་ས་སྤྱོད་མ་ཞེས་བཤད། །རེག་བྱ་རྣམ་པར་དག་པས་ས་སྤྱོད་མའོ། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། ཆོས་ཀྱི་

དབྱིངས་ཀྱི་དེ་བཞིན་ཉིད་རྣམ་པར་དག་པས་མཁའ་སྤྱོད་མའོ། །འདི་རྣམས་རྟག་ཏུ་དག་པས་ནི། །དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །འདི་རྣམས་ནི་གཽ་རཱི་ལ་སོགས་པ་འདི་རྣམས་དང་འབྲེལ་པ་ཅན་གྱི་གཟུགས་ལ་སོགས་པ་རྣམ་པར་དག་པ་ངེས་སོ། །རྟག་ཏུ་ནི་རྟག་ཏུ་བར་མ་ཆད་པར་རོ། །

གང་གི་ཚེ་གྱུར་པ་དེའི་ཚེ། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་ལྡན་པར་གྱུར་པའི་རྣལ་འབྱོར་པ་ཡིན་པས་དེ་ཉིད་རྣལ་འབྱོར་པའོ། །འགྲུབ་འགྱུར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །དཀྱིལ་འཁོར་གཉིས་ཀ་དབྱེར་མེད་པ་ཉིད་རྣལ་འབྱོར་མའི་འཁོར་ལོ་རྣམ་པར་དག་པ་ཆོས་ཀྱི་

དབྱིངས་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་དང་། བདག་མེད་མ་དབྱེར་མེད་པའི་རྣམ་པར་དག་པ་ཡིན་པར་བསྟན་པའི་ཕྱིར་གསུངས་པ། ཕྱག་གི་དག་པ་སྟོང་པ་ཉིད། ཕྱག་ནི་བཅུ་དྲུག་སྟོང་པ་ཉིད། །ཅེས་པས་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པ་ཉིད་ཕྱག་བཅུ་དྲུག་གོ། །བདུད་དག་པ་ལས་ཞབས་

རྣམས་ཉིད། །ཅེས་པ་ནི་སྐྱེ་བ་ཙམ་གྱིས་ཞབས་དག་ལ། །ཞེས་པས་བདུད་བཞི་རྣམ་པར་དག་པས་ཞབས་བཞིའོ། །རྣམ་ཐར་བརྒྱད་ཀྱིས་ཞལ་རྣམས་ཉིད་ནི་ཞལ་བརྒྱད་རྣམ་པར་དག་པ་རྣམས་སོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས། རྡོ་རྗེ་གསུམ་གྱིས་དག་པའི་སྤྱན། །ཞེས་པ་འདིས་

ནི་ཕྱག་དང་ཞབས་དང་ཞལ་དང་སྤྱན་རྣམས་ཀྱི་རྣམ་པར་དག་པའོ། །སྟོང་པ་ཉིད་བཅུ་དྲུག་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་

སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་

เล่ม ๕ · หน้า 108b

དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་གི་དངོས་པོ་སྟོང་པ་ཉིད་དང་། གཞན་གྱི་དངོས་པོ་སྟོང་པ་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་འདི་ཉིད་དུ་དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་

ཉིད་དང་། རང་གི་དངོས་པོ་སྟོང་པ་ཉིད་དང་། གཞན་གྱི་དངོས་པོ་སྟོང་པ་ཉིད་དང་བཞི་ཁོངས་སུ་འདུས་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་གོ། །མིག་ལ་སོགས་པ་ནང་གི་ཆོས་རྣམས་དེ་མིག་ལ་སོགས་པ་རྣམས་ཉིད་ཀྱིས་སྟོང་པས་ན་ནང་སྟོང་པ་ཉིད་དོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་གྱི་

ཆོས་རྣམས་གཟུགས་ལ་སོགས་པ་ཉིད་ཀྱིས་སྟོང་པས་ན། ཕྱི་སྟོང་པ་ཉིད་དོ། །ནང་གི་མིག་ལ་སོགས་པའི་ཆོས་རྣམས་ཕྱིའི་ཆོས་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་སྟོང་ལ། ཕྱིའི་གཟུགས་ལ་སོགས་པའི་ཡུལ་རྣམས་ནང་གི་མིག་ལ་སོགས་པ་རྣམས་ཀྱིས་སྟོང་པས་ཕྱི་ནང་སྟོང་པ་ཉིད་དོ། །ཆོས་

ཀུན་སྟོང་པའི་ཆོས་རྣམས་ཀུན་སྟོང་པ་ཡིན་པས་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཤར་ལ་སོགས་པའི་ཕྱོགས་རྣམས་ཀྱིས་ཤར་ལ་སོགས་པའི་ཕྱོགས་སྟོང་པས་ན་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པའི་མྱ་ངན་ལས་འདས་པ་དེས་སྟོང་པ་ཉིད་མྱ་ངན་ལས་འདས་པ་ཡིན་པས་དོན་དམ་པ་སྟོང་པ་ཉིད་དོ། །འདོད་

པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་འདུས་བྱས་པ་དེ་དེ་ཉིད་ཀྱིས་སྟོང་པས་ན་འདུས་བྱས་སྟོང་པ་ཉིད་དོ། །སྐྱེ་བ་དང་འགག་པ་ལ་སོགས་པའི་སྟོང་པ་འདུས་མ་བྱས་པ་དེས་དེ་སྟོང་པས་ན་འདུས་མ་བྱས་སྟོང་པ་ཉིད་དོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན།

གང་གི་མཐའ་མི་དམིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། མཐའ་ལས་འདས་པ་མཐའ་ལས་འདས་པས་སྟོང་པར་བརྗོད་པ་འདི་ནི་མཐའ་ལས་འདས་པ་སྟོང་པའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་གང་ཞེ་ན། གང་གི་ཐོག་མ་མེད་ཅིང་ཐ་མ་མི་དམིགས་པ་དེའི་དབུས་ཀྱང་མེད་དོ། །གང་

ལ་ཐོག་མ་དང་ཐ་མ་མེད་པའོ། །དེས་དེ་སྟོང་པ་ཡིན་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་སྟོང་པ་ཉིད་ནི། ཆོས་གང་གི་ཡང་དོར་ནས་སྤྲོས་ཤིང་བཏང་ལ་ཕྱུང་བ་དེ་དེ་བཞིན་དུ་དོར་བ་མ་ཡིན་པ་དེས་སྟོང་པས་ན་དོར་བ་མེད་པ་སྟོང་པ་ཉིད་དོ། །འདུས་བྱས་པ་དང་འདུས་མ་བྱས་

เล่ม ๕ · หน้า 109a

པའི་ཆོས་རྣམས་གང་གི་རང་བཞིན་ཏེ། དེ་དེས་སྟོང་པ་ཡིན་པས་ན་རང་བཞིན་སྟོང་པ་ཉིད་དོ། །གཟུགས་ལ་སོགས་པ་དང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །ཕུང་པོ་ལྔ་ལ་སོགས་པའི་ཆོས་ཐམས་ཅད་དེ་དང་དེས་སྟོང་པས་ན་ཆོས་ཐམས་ཅད་

སྟོང་པ་ཉིད་དོ། །མ་འོངས་པའི་ཆོས་འདས་པའི་དུས་སུ་མེད་ཅིང་མ་འོངས་པ་འདས་པ་མེད་ལ། ད་ལྟར་བྱུང་བའི་ཆོས་ཀྱང་ད་ལྟར་བྱུང་བ་འདས་པ་ལ་མེད་ཅིང་། མ་འོངས་པ་དང་འདས་པ་དག་ད་ལྟར་བྱུང་བར་མི་དམིགས་པ་ཡིན་པས་མི་དམིགས་པ་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ཡང་དག་

པར་སྦྱོར་བ་མེད་ཅིང་རང་བཞིན་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡང་དག་པར་སྦྱོར་བ་དེས་སྦྱོར་བས་ན་དངོས་པོ་མེད་པའོ། །ངོ་བོ་ཉིད་སྟོང་པ་ནི་སྦྱོར་བ་རང་བཞིན་གྱིས་སྟོང་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །དེ་ཡང་དངོས་པོ་ནི་དངོས་པོ་མེད་

པར་སྟོང་པས་ན་དངོས་པོ་སྟོང་པའོ། །དངོས་མེད་ནི་འདུས་མ་བྱས་པའོ། །དེས་དེ་སྟོང་པས་ན་དངོས་པོ་མེད་པ་སྟོང་པ་ཉིད་དོ། །རང་གི་དངོས་པོ་ནི་རང་བཞིན་ཕྱིན་ཅི་མ་ལོག་པ་དེ་ཉིད་དེས་སྟོང་པས་ན་རང་གི་དངོས་པོ་སྟོང་པ་ཉིད་དོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་

གནས་ཀྱང་རུང་བ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་དེ་རྣམས་དེས་གང་སྟོང་པ་ཉིད་དེ་ནི་གཞན་གྱི་དངོས་པོའི་སྟོང་

པ་ཉིད་དོ། །དེ་ལས་གཞན་མེད་པའི་ཕྱིར་འདི་ཉིད་དུ་སྟོང་པ་ཉིད་བཞི་ཁོངས་སུ་འདུས་པས་སྟོང་པ་ཉིད་བཅུ་དྲུག་གཟུང་ངོ་། །བདུད་དག་པ་ལས་ཞབས་རྣམས་ཉིད། །ཅེས་པ་ནི་ཕུང་པོའི་བདུད་ཚངས་པའི་གཟུགས་འཛིན་པའོ། །ཉོན་མོངས་པའི་བདུད་གནོད་སྦྱིན་གྱི་གཟུགས་ཅན་ནོ། །འཆི་

བདག་གི་བདུད་གཤིན་རྗེའི་གཟུགས་ཅན་ནོ། །ལྷའི་བུའི་བདུད་བརྒྱ་བྱིན་གྱི་གཟུགས་ཅན་ནོ། །འདི་རྣམས་ཀྱི་རྣམ་པར་རྒྱལ་བས་བདུད་བཞི་རྣམ་པར་དག་པས་ཞབས་བཞིའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པའི་ཞལ་ནི་བརྒྱད་དེ། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด