དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་སམྤུ་ཊ་ཏནྟྲ་རཱ་ཛ་ཊཱི་ཀ་ཨ་མ་ནཱ་ཡ་མཉྫ་རི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗ · หน้า 113a

ཡོངས་སུ་གྱུར་པ་དག་སླར་ཡང་ཟླ་བ་དག་ལ་གཟུགས་བརྙན་དུ་བྱས་པ་དག་བལྟ་བར་བྱའོ། །དེ་ལ་འཆད་པར་འགྱུར་བའི་དགའ་བ་བཅུ་དྲུག་གི་དབྱེ་བ་ལས་ཟླ་བ་ཆ་བཅུ་དྲུག་པ་སྟེ་ཚེས་གཅིག་ལ་སོགས་པ་རྣམས་སུ་འཕེལ་བ་ལ་སོགས་པའི་དབྱེ་བ་

ལས་ཀྱང་ངོ་། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨ་ཡིག་མཐེབ་ཆེན་རྩ་བར་འགྱུར། །ཨཱ་ཡིག་བྱིན་པ་དག་ལ་ཉིད། །ཨི་ཡིག་ཀྱང་ནི་བརླ་ཟུང་ལ། །ཨཱི་ཡིག་གསང་བའི་ཕྱོགས་སུའོ། །ཨུ་ཡིག་ལྟེ་བའི་རྩ་བར་ཏེ། །ཨཱུ་ཡིག་ལྟོ་བ་མཆོག་

ལའོ། །རྀ་ཡིག་ནུ་མའི་དབུས་སུ་སྟེ། །རཱྀ་ཡིག་དེ་བཞིན་ལག་ལའོ། །ལྀ་ཡིག་མགྲིན་པའི་ཕྱོགས་སུ་སྟེ། །ལཱྀ་ཡིག་ཀྱང་ནི་མཆུ་ལ་གནས། །ཨེ་ཡིག་འགྲམ་པའི་ཕྱོགས་སུ་སྟེ། །ཨཻ་ཡིག་ཀྱང་ནི་མིག་ལའོ། །ཨོ་ཡིག་རྣ་བའི་རྩ་བར་ཏེ། །ཨཽ་ཡིག་མགོ་བོར་

ཡང་དག་གནས། །ཨཾ་ཨཿསྤྱི་གཙུག་ཏུ་ལུས་ལ། །མཁས་པས་འདི་ལྟར་བསམ་པར་བྱ། །དཀར་པོའི་ཕྱོགས་ལ་འདི་ལྟར་གནས། །ནག་པོ་ཟློག་པས་དེ་ལྟར་རོ། །བུད་མེད་ལ་འདི་རྡོ་རྗེ་སེམས། །སྐྱེས་པ་རྣམས་ལའང་དུས་ཀུན་དུའོ། །ཞེས་སོ། །

དེ་ལྟར་ཆ་བཅུ་དྲུག་རྟོགས་པར་བྱེད་པ་དབྱངས་བཅུ་དྲུག་རྣམས་ཏེ། ཆ་རྣམས་ནི། ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །དེ་ཡི་བདེ་བ་འདོད་མར་བཤད། །ཅེས་པ་ཤེས་རབ་དང་ཐབས་ཀྱི་དབྱེ་བས་སུམ་ཅུ་རྩ་གཉིས་སོ། །དེ་ལྟར་ནི་ཨའི་ཡི་གེ་ལ་སོགས་པ་ལྔ་

རྣམས་རིམ་པ་ཇི་ལྟ་བར་མགྲིན་གྱུར་དང་རྐན་དུ་གྱུར་དང་མཆུར་གྱུར་དང་སྤྱི་བོར་གྱུར་དང་སོར་གྱུར་རྣམས་ཏེ། ནམ་མཁའ་དང་རླུང་དང་ཆུ་དང་མེ་དང་ས་རྣམས་ཀྱི་རྗོད་པར་བྱེད་པ་སྟེ། མཉམ་པའི་ཚེས་རྣམས་ལ་ཉིས་འགྱུར་དུ་བརྗོད་པར་བྱའོ་ཞེས་པའི་རིང་པོར་ཡི་

གེ་གཉིས་པ་རྣམས་སོ། །བཅུ་གཅིག་པ་ལ་ནི་རླུང་དང་སྦྱོར་བ་ལས་ནམ་མཁའ་གོང་དུ་བྱུང་བ་སྟེ། བཅུ་གཉིས་པ་ལ་ཤིན་ཏུ་གོང་དུ་བྱུང་བའོ། །བཅུ་གསུམ་པ་དང་བཅུ་བཞི་པ་ལ་ཆུ་དང་སྦྱོར་བ་ལས་དེ་ལྟར་རོ། །བཅོ་ལྔ་པའི་ཉིན་མོ་ལ་ཡེ་ཤེས་ཀྱི་ཁམས་རྗེས་སུ་

เล่ม ๗ · หน้า 113b

ང་རོ་བརྗོད་པར་བྱའོ། །མཚན་མོ་ལ་དེ་ཁོ་ན་ཉིས་འགྱུར་མགྲིན་པ་ལས་བྱུང་བ་རྣམ་པར་བཅད་པར་བརྗོད་པར་བྱའོ། །ནམ་མཁའི་ཁམས་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ཡེ་ཤེས་ཀྱི་ཁམས་སོ་ཞེས་ཁ་ཅིག་ཏུ་རྣམ་པར་གཞག་གོ། །ཁ་ཅིག་ཏུ་

ནི་དེ་ལྟ་ཉིད་དུ་ཡང་ནམ་མཁའི་ཁམས་ཁོ་ནར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དང་པོ་དང་མཐའ་དག་ཏུ་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་དག་རླུང་ལ་སོགས་པའི་ཁམས་ལ་ཁྱབ་པར་བྱེད་པ་ཉིད་དུ་གསལ་བར་བྱེད་པ་ཨ་ཡིག་གསུངས་སོ། །དེ་ལྟར་ཡང་། ཨ་ཡིག་

ཡིག་འབྲུ་ཀུན་གྱི་མཆོག །ཅེས་སྔར་བཤད་པའོ། །དེ་ལྟར་ནམ་མཁའ་ལ་སོགས་པའི་ཁམས་ཀྱི་རང་བཞིན་ཉིད་ན་ཡང་ཁུ་བ་ཁོ་ན་ལ་ཁུ་བ་མ་ཡིན་པའི་ལས་ལྡོག་པའི་ཕྱིར་རྣམ་པ་བཅུ་དྲུག་ཏུ་དབྱེ་སྟེ། བདེ་བ་མ་ཡིན་པ་ལས་ལྡོག་པའི་ཕྱིར་ཡང་རྣམ་པ་བཅུ་དྲུག་

ཅེས་པས་སུམ་ཅུ་རྩ་གཉིས་སོ། །ཟླ་བ་གཉིས་པ་ནི་བུད་མེད་རྣམས་ཀྱི་ཟླ་མཚན་མང་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་སྔོན་དུ་ཉི་མར་གསུངས་སོ། །དེའི་ཕྱིར་འདི་གསལ་བྱེད་རྣམས་ཀྱིས་བསྒྲུབ་པར་བྱ་སྟེ། དེ་ལྟར་ནི་འདིར་ས་དང་

ཆུ་དང་མེ་དང་རླུང་སྟེ་བཞི་རྣམས་གང་ན་འབྱུང་བ་གཅིག་ཡོད་པ་དེར་བཞི་རྣམས་སོ་ཞེས་པའི་ལུང་ལས། སོ་སོར་རྣམ་པ་བཞི་ཉིད་ཀྱིས་བཅུ་དྲུག་སྟེ། བདེ་བ་ནམ་མཁའི་ཁམས་ཞེས་པའི་གསུང་ལས་ནམ་མཁའི་ཁམས་ཞེས་བྱ་བ་དགའ་བ་བཞིའི་རང་བཞིན་ཉིད་ཀྱིས་

ཉི་ཤུའོ། །རྡུལ་དང་ལྡན་པའི་ཕྱིར་ཉིས་འགྱུར་རྣམས་ཏེ་བཞི་བཅུ་རྣམས་སོ། །སྟོང་པ་ཉིད་དང་སྙིང་རྗེའི་ངོ་བོ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་ན་སླར་ཡང་ཉིས་འགྱུར་ཏེ་བརྒྱད་ཅུའོ། །དེ་ལྟར་དེ་རྗོད་པར་བྱེད་པའི་གསལ་བྱེད་རྣམས་ཀྱང་། ཀ་ལ་སོགས་པ་

རྣམས་ཡང་བ་དང་ལྕི་བའི་འབད་པ་ཉིད་ཀྱིས་རྣམ་པ་གཉིས་སུ་བརྗོད་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཌ་ཌྷ་ཡ་ར་ལ་ཝ་དང་བཅས་པ་རྣམས་ཉིས་འགྱུར་ཉིད་ཀྱིས་ན་བརྒྱད་ཅུ་ཁོ་ནའོ། །དེ་ལྟར་ནི་ཧ་དང་ཡ་དང་ར་དང་ལ་དང་ཝ་རྣམས་རིམ་པ་ཇི་ལྟ་བར་མགྲིན་གྱུར་དང་

เล่ม ๗ · หน้า 114a

རྐན་གྱུར་དང་སྤྱི་བོར་གྱུར་དང་སོར་གྱུར་དང་མཆུར་གྱུར་རྣམས་ཏེ། ནམ་མཁའ་དང་རླུང་དང་མེ་དང་ས་དང་ཆུའི་ཁམས་རྣམས་ཀྱི་རྗོད་པར་བྱེད་པའོ། །དེ་བཞིན་དུ་ཀ་ལ་སོགས་པའི་སྡེ་པ་ལྔ་རྣམས་ཀྱང་སྟེ། སྡེ་པ་རྣམས་ནི་གསལ་བྱེད་ལྔའི་བདག་ཉིད་

ཀྱིས་ན་སོ་སོར་སླར་ཡང་རིམ་པ་ཇི་ལྟ་བར་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས་ཀྱིའོ། །ཤ་དང་ཥ་དང་ས་རྣམས་ནི་རླུང་དང་མེ་དང་ས་རྣམས་ཀྱིའོ། །ཀྵ་ཡིག་ནི་ནམ་མཁའི་ཁམས་གོང་དུ་གྱུར་པ་མེ་རྡུལ་དག་དེའི་བདག་ཉིད་དུ་ཡང་དག་པར་ལྡན་པ་ཉིད་དང་གོང་དུ་

གྱུར་པ་དང་ཁམས་གཞན་ལ་ཁྱབ་པར་བྱེད་པ་ཉིད་དུ་སྒྲུབ་པའི་དོན་དུ་མཐར་བཀླག་པའོ། །ཐམས་ཅད་ལ་ཁྱབ་པ་པོ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པ་སྒྲིབ་པ་མེད་པའི་ནི་བསྒྲུབ་པར་བྱའོ་ཞེས་ཤེས་

པར་བྱ་བའི་ཆེད་དུ་ཨ་ཡིག་དང་ཚེག་དྲག་དག་ཐམས་ཅད་ཀྱི་མཐར་བཀླགས་པ་དག་གོ། །དེ་ཉིད་ཀྱི་ཕྱིར་སྙིང་རྗེ་ཉེ་བར་མཚོན་པའི་སྟོང་པ་ཉིད་གསལ་བར་བྱེད་པའི་ཨ་ཡིག་ནི། ཀ་ལ་སོགས་པའི་གསལ་བྱེད་ཀྱི་མཐའ་རྣམས་སུ་བརྗོད་པའོ། །དེ་ཉིད་ཀྱི་ཕྱིར་འགའ་ཞིག་

ཏུ་ཡེ་ཤེས་ཀྱི་མེས་སྒྲིབ་པའི་བུད་ཤིང་ཐམས་ཅད་སྲེག་པར་དགོངས་པས། ཀྵ་ཡིག་དུས་ཀྱི་མེ་གསལ་བར་བྱེད་པར་རྣམ་པར་གཞག་གོ། །འདིར་ནི། ཀྵ་ཡི་ཡི་གེ་སྲིན་པོར་བཤད། །འོག་གི་ཆ་ལ་ལྷག་པར་གནས། །འཆད་པར་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ཁོ་ན་རྣམ་པར་

རྟོག་པ་མ་ལུས་པ་ཟ་བར་མཚུངས་པའི་ཕྱིར་སྲིན་པོ་འདྲ་བ་ནི་སྲིན་པོའོ། །དེ་ལྟར་ན་ཀ་ང་ཉ་ཎ་ན་མ་ཧ་ཀྵ་རྣམས་ནམ་མཁའི་ཁམས་ཀྱི་གསལ་བར་བྱེད་པ་རྣམས་སོ། །གྷ་དང་ཛྷ་དང་ཌྷ་དང་དྷ་དང་བྷ་དང་ཡ་དང་ཤ་རྣམས་རླུང་གིའོ། །ག་ཛ་ཌ་ད་བ་ར་ཥ་རྣམས་མེའི་འོ། །ཁ་

ཚ་ཋ་ཐ་ཕ་ཝ་རྣམས་ཆུའི་འོ། །ཙ་དང་ཊ་དང་ཏ་དང་པ་དང་ལ་དང་ས་རྣམས་སའི་འོ། །དེ་ལྟར་བཞི་བཅུ་ཉིས་འགྱུར་དུ་བྱས་པ་གསལ་བྱེད་བརྒྱད་ཅུ་རྣམས་སོ། །ཨ་ཡིག་ལ་སོགས་པའི་ཡིག་འབྲུ་འདི་རྣམས་ཀྱང་གཞན་ཞིག་ཏུ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་

เล่ม ๗ · หน้า 114b

དག་ཐ་མི་དད་པར་ཉེ་བར་བཏགས་པས་ཀྱང་རྣམ་པར་གཞག་པར་བྱ་སྟེ། དཔེར་ན་ཨ་ཡིག་ནམ་མཁའི་ཁམས། །ཞེས་པ་ལ་སོགས་པ་བཞིན་ནོ། །སྒོམ་པའི་རྣམ་པར་རྟོག་པ་ལ་ཡང་ཟླ་བ་གཉིས་དང་ཡིག་འབྲུ་རྣམས་གཟུགས་བརྙན་དུ་བྱས་པ་ཁོ་ནར་རྟོགས་པར་བྱ་སྟེ། དེ་

ཉིད་ཀྱི་ཕྱིར་གསུངས་པ། གཟུགས་བརྙན་སྦྱོར་བ་ཡིས་ཞེས་པའོ། །ཆོས་རྣམས་ཐམས་ཅད་ཀྱང་གཟུགས་བརྙན་ལྟ་བུ་ཉིད་དུ་གསལ་བར་བྱེད་པར་འདིར་དགོངས་པའོ། །དེ་ལ་ཨཱ་ལིའི་རྣམ་པར་སྨིན་པའི་འབྲས་བུ་ནི་མེ་ལོང་ཡེ་ཤེས་ཏེ། རྒྱུ་མཐུན་པའི་འབྲས་བུ་ནི་

མཚན་སུམ་ཅུ་རྩ་གཉིས་རྣམས་སོ། །ཀཱ་ལིའི་རྣམ་པར་སྨིན་པའི་འབྲས་བུ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རྒྱུ་མཐུན་པའི་འབྲས་བུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་སོ། །འདི་ཐམས་ཅད་ནང་གི་ཚུལ་དུ་གསུངས་པ། འདི་ཞེས་པ་ལ་སོགས་པ་སྟེ། དཀྱིལ་འཁོར་ཀུན་གྱི་ཆོ་ག་ཞེས་པ་རྡུལ་

ཚོན་གྱི་དཀྱིལ་འཁོར་གྱི་དང་འཁོར་དང་བཅས་པའི་བསྒོམ་བྱའི་དཀྱིལ་འཁོར་གྱི་ཆོ་གའོ། །དེར་ཏེ་ཟླ་བ་དེ་དག་ལ་ཧཱུྃ་ལས་སྐྱེས་ཤིང་ལྟེ་བར་གནས་པའི་ཧཱུྃ་དང་ལྡན་པའི་རྡོ་རྗེའི་གཟུགས་བསྒོམ་པར་བྱ་སྟེ། བར་དོའི་སྲིད་པའི་སེམས་ཀྱི་ས་བོན་ཕ་མ་དག་དང་རྡོ་རྗེ་དང་ཆུ་སྐྱེས་ཀྱི་

བར་དུ་གནས་པའི་ཟླ་བ་དང་། ཉི་མ་དག་ལ་གནས་པ་བཞིན་ནོ། །རྩེ་ལྔ་པ་ནི་ལག་པ་དང་རྐང་པ་དང་མགྲིན་པའི་མཚམས་ཀྱི་ཡན་ལག་མཆོག་སྟེ། འབུར་པོ་ལྔ་རྣམས་ཀྱི་རྒྱུ་ཉིད་ཀྱིས་སོ། །ངོས་གཉིས་པར་གནས་པའི་རྩེ་མོ་ལྔ་ཉིད་དུ་འབུར་པོ་སོ་སོ་ལ་སླར་ཡང་འབུར་

པོ་ལྔ་རྣམས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ནི་བཞི་རྣམས་ལ་སོར་མོ་རྣམས་དང་། མགོ་བོ་ལ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ཏེ་ལུས་ཀྱི་དབང་པོ་གཙོ་བོ་ནི་བདེ་བ་ཆེན་པོའི་གནས་དཔྲལ་བ་ནས་བཟུང་བའི་སྟེང་ལ་རྣམ་པར་གཞག་གོ། །ཀུན་དུ་

བཟང་པོའི་སེམས་ནི་སྒྲིབ་པ་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་སྤྱོད་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཁོ་ནའི་འདོད་ཆགས་པ་སྤྲོ་བའི་ཕྱིར་རོ། །དེ་དོན་དམ་པར་སྐྱེ་བ་མེད་པའི་ངོ་བོའི་སྒྱུ་མ་བཞིན་དུ་བསྐྱེད་པ་སྟེ། དེ་བརྟན་པར་བྱེད་པ་ནི་ངེས་པར་བྱས་པ་ཉིད་ཀྱིས་

เล่ม ๗ · หน้า 115a

མཐའ་མེད་པའི་དུས་སུ་རྒྱུན་དུ་གནས་སུ་འཇུག་པའོ། །དེ་ཡིས་རྒྱུར་ཏེ། འདི་ཡིས་ཞེས་འབྲེལ་ལོ། །བདག་ཉིད་ནི་སེམས་ཏེ། སེམས་བདག་གོ་ཞེས་པའི་གསུང་རབ་ལས་སོ། །ཏིཥྛ་གནས་པར་གྱིས་ཏེ་ནམ་མཁའ་ཇི་སྲིད་པར་རོ། །བཛྲ་ནི་སོ་སོར་རྟོག་པའི་

ཡེ་ཤེས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །འདིས་ནི་ས་བོན་གྱི་མཚན་མའི་ཕྱག་མཚན་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་མདོར་བསྟན་ཏོ། །བྱ་བ་སྒྲུབ་པའི་ཡེ་ཤེས་མདོར་སྟོན་ཏེ། བྱང་ཆུབ་སྤྱོད་པ་ཞེས་པ་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ལ་དགོད་པ་སྟེ། དེ་ཉིད་ཀྱི་ཕྱིར་བླ་ན་མེད་པ་སྟེ་བསྒོམ་པར་བྱ་ཞེས་འབྲེལ་ལོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེའི་སྟེ་ཀུན་དུ་བཟང་པོའི་སེམས་ཀྱི་འདི་ནི་སྟེ་བྱང་ཆུབ་སྤྱོད་པ་ནི་ས་རུ་སྤྱོད་ཡུལ་དུ་རྟོགས་སླ་སྟེ། སོ་སོར་རྟོག་པ་ནི་བྱང་ཆུབ་སྒྲུབ་པའི་དོན་ཁོ་ནར་ཞེས་པ་གོ་སླ་བའོ། །

དེའི་ཕྱིར་དེའི་བར་མ་ཆད་དུ་འདིའོ། །དེའི་རྗེས་སུ་ཡེ་ཤེས་དག་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཟག་པ་མེད་ཅེས་པ། སྲིད་པའི་རྩེ་མོ་ནས་མནར་མེད་པ་ཇི་སྲིད་པར་སྐྱེ་མཆེད་ཀྱི་རྨ་དྲུག་རྣམས་ཀྱིས་ཟག་གོ་ཞེས་པའམ། འདི་རྣམས་ཀྱི་རྒྱུད་ཡུལ་རྣམས་སུ་ཟག་གོ་ཞེས་

པས་ཟག་པ་བཅུ་རྣམས་ཏེ། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །འདི་རྣམས་ཀྱི་རིམ་པ་ནི་

ཇི་ལྟར་གནས་པའི་དངོས་པོ་ཇི་ལྟ་བ་བཞིན་ཉིད་མ་རྟོགས་པ་ལས་དང་ཡོད་པ་མ་ཡིན་པའི་རང་བཞིན་སྒྲོ་འདོགས་པ་ལས་དང་པོར་མ་རིག་པའོ། །དེ་ནས་ཡང་དག་པ་དང་ལོག་པའི་ཕྱོགས་གཉིས་ཐོས་ནས་འདི་བདེན་ནམ་འདི་མི་བདེན་ཞེས་ཐེ་ཚོམ་མོ། །དེ་ནས་ལོག་པའི་

ཕྱོགས་གོམས་པ་ལས་དངོས་པོ་ལ་ཡང་དག་པར་ཡོད་པ་ཉིད་དུ་སྒྲོ་འདོགས་པས་ཕྱིན་ཅི་ལོག་ཏུ་ལྟ་བ་ནི་ལོག་པར་ལྟ་བའོ། །འདིར་ལོག་པར་ལྟ་བ་ནི་ལོག་པར་ངེས་པ་འདི་ལྟ་བུའི་བདག་ཉིད་ཁོ་ན་གཟུང་བར་བྱའི། རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པའི་བདག་

เล่ม ๗ · หน้า 115b

ཉིད་ནི་མ་ཡིན་ནོ། །དེ་ནས་འཇིག་ཚོགས་ལ་ལྟ་བ་སྟེ། དེ་ནི་འཇིག་པའི་བདག་ཉིད་ཅན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རང་བཞིན་མེད་པ་རྣམས་ལ་ཕྱིན་ཅི་ལོག་ལས་རང་བཞིན་དང་བཅས་པ་ཉིད་དུ་གཟུང་བ་རྣམས་ལ་བདག་ཏུ་བྱེད་པ་དང་བདག་གིར་བྱེད་པར་རབ་ཏུ་ཞུགས་

པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །དེ་ནས་མཐར་འཛིན་པའི་ལྟ་བ་སྟེ། དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་ཀྱེ་མ་བདག་དང་འཇིག་རྟེན་འདི་རྟག་པའམ་ཆད་པའམ། དེ་བཞིན་དུ་ཡོད་དོ་མེད་དོ་ཞེས་པ་ལ་སོགས་པ་མཐའ་གཉིས་སུ་རྟོག་པའི་ངོ་བོ་ཉིད་ཀྱི་

ཕྱིར་རོ། །དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། གང་ལ་མཐར་འཛིན་པ་དེས་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེ་ནས་ལྟ་བ་མཆོག་ཏུ་འཛིན་པ་སྟེ། གང་གིས་དག་པར་ཡིད་ཆེས་པ་དེ་མཆོག་ཏུ་འཛིན་པའི་ཕྱིར་རོ། །དེ་ནས་རང་གི་ལྟ་བ་ལ་

འདོད་ཆགས་སོ། །ལྟ་བ་དེས་ཀྱང་ང་རྒྱལ་ལོ། །དེ་ནས་དེ་ལས་གཞན་ལ་ཞེ་སྡང་ངོ་ཞེས་པའོ། །ཟག་པ་འདི་རྣམས་དང་བྲལ་བ་ནི་ཟག་མེད་དེ་ཟག་པ་དང་བཅས་པས་གནས་གཞན་དུ་གྱུར་པའི་ཕྱིར་རོ། །འདིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་

མདོར་བསྟན་ཏོ། །དེ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱས་པར་སྟོན་པ་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་རང་གི་མངོན་པར་འདོད་པའི་ནམ་མཁའ་ཁྱབ་པའི་ཚད་འདི་ཙམ་མོ། །ཨོཾ་ཏིཥྛ་བཛྲ་ཞེས་པ་བྱིན་གྱིས་བརླབ་པའི་དོན་ཅན་གྱི་སྔགས་སོ། །ཨོཾ་བཛྲ་

ཨཱཏྨ་ཀོ྅ཧཾ་ཞེས་པ་འདི་བདག་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་རྟོགས་པར་བྱེད་པའི་དོན་ཅན་ནོ། སྤྲོ་དང་བསྡུ་བའི་སྦྱོར་བ་ལས། །ཞེས་པ་བྱ་བ་སྒྲུབ་པའི་ཡེ་ཤེས་རྒྱས་པར་སྟོན་པའོ། །དེ་ལྟར་ནི་ཧཱུྃ་ཡིག་ལས་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲོ་

བ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བྱས་ཤིང་དེ་རྣམས་ཀྱང་ཧཱུྃ་ཡིག་གི་ནང་དུ་ཞུགས་པ་ན་བྱ་བ་སྒྲུབ་པའོ། །དེ་ལྟར་ཟླ་བ་དང་ཟླ་བའི་ས་བོན་རྣམས་གསུངས་ནས་དེའི་གསང་བ་བརྗོད་པའི་ཆེད་དུ་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པའོ། །སངས་རྒྱས་

เล่ม ๗ · หน้า 116a

རྣམས་ཐམས་ཅད་ཀྱི་སྟེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཅན་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་སྐུ་གང་ཡིན་པ་ཟླ་བ་གཉིས་དང་ས་བོན་དང་ཕྱག་མཚན་དང་སྤྲུལ་པ་དང་འགྲོ་བར་རོ་གཅིག་པ་དེ་བསྒོམ་པར་བྱའོ་ཞེས་སྦྲེལ་ལོ། །ཅི་འདྲ་བ་

ཞེ་ན། སྣང་བ་མེད་པ་དངོས་པོར་ན་རང་བཞིན་མེད་པ་སྟེ། སྣང་བ་དང་རྣམ་པ་དང་དངོས་པོ་རྣམས་ནི་རྣམ་གྲངས་སོ། །གནས་མེད་པ་ཞེས་པ་གནས་ཀྱང་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པའོ། །ཅི་ལས་སྣང་བ་མེད་ཅེ་ན། གང་གི་ཕྱིར་མ་སྐྱེས་པ་སྟེ་དོན་དམ་པར་

སྐྱེ་བ་མི་རུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུའི་བྱ་བ་ལ་མི་ལྟོས་པའི་ཕྱིར་མ་བྱས་པའོ། །དག་པ་ནི་དྲི་མ་མེད་པ་སྟེ། གང་ལས་མེད་དོ་དང་ཡོད་དོ་ལ་སོགས་པའི་སྤྲོས་པ་སྤངས་པའོ། །དག་པ་དེ་ཡང་ལུས་དང་ངག་དང་སེམས་ཀྱི་ངོ་བོ་གཟུགས་ལ་སོགས་པ་ནི་གཅད་དུ་མེད་པ་སྟེ་

མི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །དབྱེར་མེད་པ་སྟེ་གཟུགས་སུ་རུང་བ་ལ་སོགས་པའི་རང་གི་མཚན་ཉིད་ཐ་དད་མེད་པ་ཉིད་ཀྱི་ཕྱིར་རོ། །གཟུང་བ་མེད་པ་སྟེ། སེམས་འདི་ཁོ་ན་ལུས་དང་ངག་གི་རྣམ་པར་སྣང་བའི་ལུས་ལ་སོགས་པ་ཞེས་

བྱ་བ་གཟུང་བར་བྱ་བ་ནི་ཡོད་པ་མ་ཡིན་པས་སོ། །འདི་ལྟར་གྱུར་པའི་ལུས་ལ་སོགས་པ་ལས་ལོགས་པ་འཛིན་པ་པོ་གཞན་སེམས་ཡོད་པ་ཡང་མ་ཡིན་ཏེ། གཟུང་བ་མེད་ན་དེ་འཛིན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གཟུང་བ་དང་འཛིན་པ་དང་བྲལ་བའི་སྟོང་པ་

ཉིད་དུ་རོ་གཅིག་པ་ཕན་ཚུན་ཐ་མི་དད་པའི་ལུས་དང་ངག་དང་སེམས་ནི་བྱང་ཆུབ་ཀྱི་སེམས་སུ་བརྗོད་ཅིང་། དེ་ཁོ་ན་ཡང་ཆོས་ཀྱི་སྐུ་དང་ཕུང་པོ་མེད་པ་སྟེ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། སྒྲིབ་པ་དང་བཅས་པའི་ཕུང་པོ་ལྔའི་ངོ་བོ་ཕུང་པོ་གནས་

གཞན་དུ་གྱུར་པའི་བར་མ་ཆད་དུ་ཡོད་པའི་ཕྱིར་རོ། །རྡོ་རྗེའི་བདག་ཉིད་ཡང་དག་པར་བྱུང་བ་ནི་ལུས་དང་ངག་དང་སེམས་རྡོ་རྗེའི་རང་གི་ངོ་བོར་སྐྱེས་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་ཡང་ཐོག་མ་དང་ཐ་མ་མེད་ན་ཡང་། མངོན་དུ་བྱེད་པའི་གནས་སྐབས་

เล่ม ๗ · หน้า 116b

ན་ཡང་ཀུན་རྫོབ་ཏུ་སྐྱེས་པར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་སྡུད་དེ། དེ་ལྟར་རྡོ་རྗེའི་སྐུ་བླ་ན་མེད་པ་ཞེས་པ་སྟེ། འདིས་ཀྱང་སྐུའི་གསང་བ་སྒྲུབ་པའི་ཟུར་གྱིས་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་འཆད་པར་འགྱུར་བའི་དཔེའི་ངོ་བོ་ཆོས་ཀྱི་སྐུའི་རང་བཞིན་

འབྲས་བུའི་བྱང་ཆུབ་ཀྱི་སེམས་ཀྱང་གསལ་བར་བྱས་སོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་བྱང་ཆུབ་ཀྱི་སེམས་ཉིད་དུ་རྟོགས་ནས་དཔེ་ཅན་རྟོགས་པའི་ཆེད་དུ་འདྲི་བ་ནི། སླར་ཡང་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་དེ་

ནི་གང་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་དུ་གསུངས་པའོ། །འོ་ན་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་གནས་སྐབས་འདིར་ཡང་རྡོ་རྗེ་ལྟ་བུའི་བར་ཆད་མེད་པའི་ལམ་གྱི་ངོ་བོར་གྱུར་པ་ན། གལ་ཏེ་གཞན་གྱི་གདམས་ངག་ལ་ལྟོས་ནས་

མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་ན། དེ་ཅི་བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་སློབ་དཔོན་མེད་པའི་ཡེ་ཤེས་ཅན་དུ་རྣམ་པར་གཞག་པར་བྱ་བ་མ་ཡིན་ཞིང་། རང་བྱུང་ཉིད་དུ་ཡང་མ་ཡིན་ནོ་ཞེ་ན། མ་ཡིན་

ཏེ་རྣམ་པར་གཞག་པར་བྱ་བ་མ་ཡིན་ཏེ། སོ་སོའི་སྐྱེ་བོའི་བསམ་པས་རྡོ་རྗེ་སྙིང་པོའི་དྲི་བ་འདིའོ། །དེ་ཡང་གནས་སྐབས་འདི་ལ་ལྷག་པར་མོས་པ་ཁོ་ན་ཡིན་གྱི་མངོན་དུ་བྱས་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདིའི་དྲི་བ་རིགས་སོ། །དེའི་གནས་སྐབས་རྟོགས་པའི་

བར་མ་ཆད་པ་ཁོ་ནར་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་སློབ་དཔོན་མེད་པ་ཁོ་ནའོ། དེ་བཞིན་གཤེགས་པའི་སྒྲ་ནི་དེའི་རང་གི་ངོ་བོ་དང་མཚུངས་པའི་དབང་པོ་ཉིད་ཀྱི་དོན་ཏོ། །གང་གི་རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་གསུངས་པ་དེ་ཉིད་སླར་ཡང་ཁྱད་པར་དུ་

འཆད་པར་འགྱུར་བའི་ཕྱག་དང་ཞལ་ལ་སོགས་པས། རྡོ་རྗེ་སེམས་དཔའི་གཟུགས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད། སངས་རྒྱས་ཀྱི་སྐུ་དེ་

เล่ม ๗ · หน้า 117a

བཞིན་གཤེགས་པ་ཐམས་ཅད་དང་བདག་ཉིད་ཀྱི་དངོས་པོ་མཚུངས་པ་ཉིད་དུ་བསྒོམ་ཞིང་སྔགས་བརྗོད་དོ། །ཉེ་བར་སྡུད་པ་ལུས་ཀྱི་གསང་བ་ཞེས་ཏེ། ལུས་ཀྱི་སྟེ་ཟླ་བ་དང་ཟླ་བའི་ས་བོན་གྱི་བདག་ཉིད་ཀྱི་ཇི་སྐད་བཤད་པའི་རང་གི་ངོ་བོ་ནི་གསང་བ་

སྟེ། གཞན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཡེ་ཤེས་གསུམ་ཉེ་བར་བསྡུས་སོ། །སྤྱོད་པ་ཞེས་པ་ལ་སོགས་པས་བཞི་པའོ། །དེ་ཁོ་ན་ཉིད་ཅེས་པ་ལ་སོགས་པས་ལྔ་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་

སངས་རྒྱས་ཀུན་བདག་སྟེ་དྲུག་པའོ། །བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པ་སྤངས་པ་ལས་མཆོག་ཏུ་བླ་ན་མེད་པའི་དགེ་བ་ཉིད་ཀྱིས་ན་དགེ་བའོ། །འདི་འདྲ་བ་ཁོ་ནའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་པ་རྫོགས་པའི་རིམ་པས་རྡོ་རྗེ་སེམས་དཔའི་ངོ་བོར་རྟོགས་པར་

བྱེད་པ་ནི། སྐྱེ་གནས་དབུས་སུ་རྩ་གཉིས་དག །ཅེས་པ་ལ་སོགས་པས་གསལ་བར་བྱེད་པར་འགྱུར་རོ། །འདི་ཁོ་ན་ཡང་འདིར་འབྲས་བུ་རྡོ་རྗེ་འཛིན་པའོ། །སྔ་མས་ནི་ཟླ་བ་གཉིས་དང་ས་བོན་དང་བཅས་པའི་ཕྱག་མཚན་དང་སྤྲུལ་པ་རྣམས་དང་འགྲོ་བ་དང་

ལྷན་ཅིག་རོ་གཅིག་པར་གྱུར་པའི་གནས་སྐབས་སུ་རྒྱུ་རྡོ་རྗེ་འཛིན་པའོ། །དེ་ཁོ་ན་ཡང་འདིར་སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་པ་རྡོ་རྗེ་ལྟ་བུ་སྟེ། འབྲས་བུ་རྡོ་རྗེ་འཛིན་པའི་ས་ཆོས་ཀྱི་སྐུའི་བར་ཆད་མེད་པའི་ལམ་ཉིད་ཀྱིས་ན་ཆོས་ཀྱི་སྐུ་དང་ཕུང་པོ་མེད་པར་བརྗོད་

དོ། །དེ་སྐད་དུ་ཡང་འཕགས་པ་ས་བཅུ་པར་གསུངས་པ། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་དང་། བསམ་པ་ཇི་ལྟ་བར་སེམས་ཅན་ཐམས་ཅད་ལ་ཡང་དག་པར་བསྟན་ཅིང་ཚིམ་པའི་ཆེད་དུ་ཞེས་སོ། །འདིས་ནི་རྒྱུ་ཡོངས་སུ་དག་པ་ནི་རྒྱ་

ཆེ་བའི་སངས་རྒྱས་ཀྱི་ཡུལ་ལ་རབ་ཏུ་འཇུག་པ་མངོན་པར་སྒྲུབ་པ་ཉིད་ཀྱིས་དང་། འབྲས་བུ་དག་པ་ནི་བསམ་པ་ཇི་ལྟ་བར་སེམས་ཅན་ལ་ཡང་དག་པར་སྟོན་ཅིང་ཚིམ་པར་བྱེད་པ་ཉིད་ཀྱིས་ཏེ། ཡེ་ཤེས་དང་མཐུ་དག་གིས་ཞེས་གསུངས་སོ། །དེ་ལྟར་ནི་

เล่ม ๗ · หน้า 117b

འདས་པའི་སྲིད་པའི་གནས་སྐབས་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཀྱི་ས་སྟེ། ཡང་དག་པར་སོག་པར་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རོ། །འདིར་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་རྣམས་སོག་ཅིང་། སྔ་མར་ནི་དགེ་བ་དང་མི་དགེ་བ་རྣམས་སོ། །འཆི་

བ་ལ་མངོན་པར་ཕྱོགས་པར་སྦྱོར་བའི་གནས་སྐབས་བཞིན་དུ་མོས་པས་སྤྱོད་པའི་ས་སྟེ། དེ་ཁོ་ན་ཉིད་ངེས་པར་འབྱེད་པའི་སྦྱོར་བའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་རྗེས་སུ་འདས་པའི་སྲིད་པ་འགོག་པ་ལས་བར་དོའི་སྲིད་པའི་གནས་སྐབས་བཞིན་དུ་སྦྱོར་བའི་

གནས་སྐབས་ཀྱི་མཐའ་ཉེའི་སྐད་ཅིག་གི་མཐར་ཐུག་པ་འགོག་པ་ལས་མཐའི་སྐད་ཅིག་གི་ངོ་བོར་རབ་ཏུ་དགའ་བའི་སའི་བར་ཆད་མེད་པའི་ལམ་གྱི་གནས་སྐབས་སོ། །དེའི་རྗེས་སུ་བར་དོའི་སྲིད་པ་ཇི་ལྟ་བ་བཞིན་གྱི་གཟུགས་འགགས་པའི་རྗེས་ཀྱི་མངལ་གྱི་གནས་

སྐབས་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བར་ཆད་མེད་པའི་ལམ་འགགས་པའི་རྗེས་ལ་ས་བཅུའི་གནས་སྐབས་རིག་པར་བྱ་སྟེ། ས་འདི་རྣམས་སྒྲིབ་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །བཙས་པའི་གནས་སྐབས་དང་འདྲ་བ་ནི་སངས་རྒྱས་ཀྱི་གནས་སྐབས་ཏེ།

འབྲས་བུ་ཡོངས་སུ་རྫོགས་པ་ཉེ་བར་བཟུང་ནས་སྤྱོད་ཡུལ་ཐམས་ཅད་སོ་སོར་ཉམས་སུ་མྱོང་བའི་ཕྱིར་ཏེ། བཙས་པ་ནི་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་སོ་སོར་ཉམས་སུ་མྱོང་བས་སོ། །དེ་ནས་བུ་ལ་སོགས་པ་སྐྱོད་པར་བྱེད་པའི་གནས་སྐབས་དང་འདྲ་བ་ནི་སྤྲུལ་

པའི་སྐུ་ལྷ་སྤྲོ་བའི་གནས་སྐབས་སོ། །དེ་ལ་མངལ་གྱི་གནས་སྐབས་བཅུ་རྣམས་ཏེ། ཁུ་བའི་ལུས་ཀྱི་གནས་སྐབས་དང་། ནུར་ནུར་པོའི་ལུས་ཀྱི་གནས་སྐབས་དང་། ལྟར་ལྟར་པོའི་ལུས་ཀྱི་གནས་སྐབས་དང་། མཁྲང་གྱུར་གྱི་ལུས་ཀྱི་གནས་སྐབས་དང་།

ལུས་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། རང་བཞིན་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། ལས་དང་བཅས་པའི་ལུས་ཀྱི་གནས་སྐབས་དང་། ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་རྣམ་པ་གསུམ་སྟེ། དབང་པོ་ཡོངས་

เล่ม ๗ · หน้า 118a

སུ་རྫོགས་པ་དང་། མཚན་ཡོངས་སུ་རྫོགས་པ་དང་། ཆུ་ཞེང་ཡོངས་སུ་རྫོགས་པའོ། །དེ་རྣམས་དང་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ཆོས་མཐུན་པ་ཉིད་དུ་ཉེ་བར་མཚོན་པར་བྱའོ། །དེ་ལྟར་དེ་དང་དེར་ལྷག་པར་མོས་པར་བསྒོམ་པ་ལ་

ཡང་སྟེ། གང་ཕྱིར་འདི་ལའང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་མཆོད་པ་ལ་སོགས་པ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་སའོ། །དེའི་རྗེས་སུ་སྟོང་པ་ཉིད་ལ་གཞུག་པ་ནི་སྦྱོར་བའི་གནས་སྐབས་སོ། །

དེ་ནས་དེའི་གནས་སྐབས་འགགས་པ་ལས་སྲིད་པ་བར་དོའི་གནས་སྐབས་དང་འདྲ་བར་ཁ་ཅིག་ཏུ་ཧོཿཡིག་དམར་པོ་གཉིས་ཀྱི་ནང་དུ་ཆུད་པའི་ས་བོན་གྱི་ཡི་གེའི་གནས་སྐབས་སམ་ཡི་གེ་གསུམ་གྱི་གནས་སྐབས་སམ་ཁ་ཅིག་ཏུ་ནཱ་ད་ཙམ་སྟེ། རྣམ་པ་གསུམ་ཀ་ཡང་ལུས་དང་

ངག་དང་སེམས་རྣམས་བསྐྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་འཆི་བའི་རྗེས་ཐོགས་སུ་ཡི་གེའི་གཟུགས་དང་དེ་བསྡུས་པ་ནཱ་དའི་གཟུགས་དྲི་ཟ་ནི་རྒྱུད་གཞན་རྣམས་སུ་བསྟན་པ་ལགས་སོ། །ས་བོན་ལ་སོགས་པའི་ཡི་གེ་རྣམས་དང་ནཱ་ད་ནི་རྣམ་པ་སྣ་ཚོགས་སུ་བསྐྱེད་

པར་འགྱུར་བའི་ལྷའི་འབྱུང་གནས་ཉིད་ཀྱི་ཕྱིར་རོ། །གང་ཕྱིར་དྲི་ཟ་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་རྣམས་ཏེ། འོང་བར་འགྱུར་བའི་སྲིད་པའི་གནས་སྐབས་ཉིད་ཀྱི་ཕྱིར་རོ། །དེས་ན་དྲི་ཟའི་ཇི་ལྟ་བ་བཞིན་པའི་ངོ་བོ་འགགས་པའི་རྗེས་ཐོགས་སུ་མངལ་གྱི་གནས་སྐབས་

བཞིན་དུ། ས་བོན་ལས་སྐྱེས་པའི་རང་གི་རྟེན་ལ་གནས་པའི་ས་བོན་དང་བཅས་པའི་ཕྱག་མཚན་གྱི་གནས་སྐབས་སོ། །ཁ་ཅིག་ཏུ་ཕྱག་མཚན་མེད་པའི་ས་བོན་གྱི་གནས་སྐབས་སོ། །དེ་ཡང་ཇི་ལྟར་སྲིད་པ་བཞིན་དུ་རྒྱུ་རྡོ་རྗེ་འཛིན་པའི་གནས་སྐབས་སུའོ། །དེ་ཉིད་

ཀྱི་ཕྱིར་འདི་ལ་ཡང་དགོངས་ནས་འཆད་པར་འགྱུར་ཏེ། ཟླ་བ་བཅུ་རྣམས་ས་རྣམས་སོ། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། །ཞེས་སོ། །དེ་ཡོངས་སུ་རྫོགས་པ་ལྷའི་སྐུ་ཡང་འབྲས་བུ་རྡོ་རྗེ་འཛིན་པའི་གནས་སྐབས་ཏེ། བཙས་པ་ལ་སོགས་པའི་གནས་སྐབས་

เล่ม ๗ · หน้า 118b

བཞིན་ནོ། །རྣམ་པར་གཞག་པ་འདི་ཡང་གང་གི་ཚེ་ལྷ་ཞུ་བར་གྱུར་པ་མ་ཡིན་པ་ནའོ། །གང་གི་ཚེ་ཕྱག་བཅུ་དྲུག་པ་དང་འཇམ་པའི་རྡོ་རྗེ་ལ་སོགས་པ་ཞུ་བར་གྱུར་པ་དེའི་ཚེ་སྟོང་པ་ཉིད་ལ་གཞུག་པ་ལ་སོགས་པས་རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་ནས་བརྩམས་

ནས་དྲི་ཟ་འཇུག་པ་ལས་སྔོན་གྱི་གནས་སྐབས་ཐམས་ཅད་ནི་སྲིད་པ་བར་མའི་གནས་སྐབས་ལྟ་བུའོ། །དྲི་ཟ་འཇུག་པ་ལས་ཞུ་བར་གྱུར་པ་ནས་བརྩམས་ཏེ། ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་གནས་སྐབས་ནི་མངལ་གྱི་གནས་སྐབས་བཞིན་ནོ། །དེའི་ཚེ་གནས་

སྐབས་གཉིས་པོ་འདི་རྒྱུ་རྡོ་རྗེ་འཛིན་པའི་གནས་སྐབས་སོ། །དེའི་རྗེས་སུ་དེ་ཡོངས་སུ་གྱུར་པའི་སྐུ་ནི་བཙས་པའི་གནས་སྐབས་བཞིན་ཏེ། འབྲས་བུ་རྡོ་རྗེ་འཛིན་པའི་གནས་སྐབས་སོ། །རྣམ་པ་ལྔ་མངོན་པར་བྱང་ཆུབ་པ་ལན་གཉིས་ནི་རྒྱུ་ལ་དང་འབྲས་བུ་ལ་ཡང་

བདེ་བ་ཆེན་པོ་ཡོད་པ་ཁོ་ནའོ་ཞེས་རྟོགས་པའི་དོན་དུའོ། །འདིའི་རྗེས་སུ་འབྲངས་པ་ལས་ནི་ཡེ་ཤེས་བཞིའི་བདག་ཉིད་དུ་རྒྱུ་ལ་ཡང་ལྷག་པར་མོས་པར་བྱ་སྟེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །ཁ་ཅིག་ཏུ་རྣམ་པ་གཞན་དུ་རྣམ་པར་གཞག་སྟེ། བསྡུས་པའི་རིམ་

པ་ལ་ཇི་ལྟ་བ་བཞིན་ནོ། །དེ་ལ་ནི་སྟོང་པ་ཉིད་ལ་འཇུག་པ་ལ་སོགས་པ། ཡུད་ཀྱིས་ལྷག་པར་མོས་པས་བསྐྱེད་པའི་བཅོམ་ལྡན་འདས་ཀྱི་སྐུ་ནི་བར་དོའི་སྲིད་པའི་གནས་སྐབས་བཞིན་ནོ། །དེ་རིམ་པས་འགོག་པའི་རྗེས་སུ་ཉི་མ་དང་ཟླ་བ་དང་པདྨ་དང་ཡི་གེ་གསུམ་

དང་བརྟན་པ་དང་གཡོ་བ་རོ་མཉམ་པར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པའི་དང་པོའི་མགོན་པོའི་སྐུ། ཏིང་ངེ་འཛིན་སེམས་དཔའི་མིང་ཅན་ཧཱུྃ་དགོད་པ་ཇི་སྲིད་པ་ནི་མངལ་གྱི་གནས་སྐབས་བཞིན་ནོ། །དེའི་རྗེས་སུ་བཙས་པའི་

གནས་སྐབས་ལྟ་བུ་ནི་གཟུགས་དང་ལོང་ཚོ་ལ་སོགས་པས་བརྒྱན་པའི་བུ་མོ་དང་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་སོ་ཞེས་པའོ། །དེའི་གནས་སྐབས་ནི་སྤྲོས་པའི་མི་བསྐྱོད་པ་བཅུག་པ་ལས་སྔར་ནི་འབྲས་བུའི་རྡོ་རྗེ་འཛིན་པ་ཉིད་ན་ཡང་

เล่ม ๗ · หน้า 119a

གཟུགས་དཀར་པོ་མི་འགལ་ཏེ། རྒྱུ་དང་འབྲས་བུ་དག་གཟུགས་གཞན་པར་ངེས་པ་མེད་པས་སོ། །དེ་ལྟར་ཡང་དཔལ་སངས་རྒྱས་ཐོད་པའི་རྒྱུད་དུ་དང་། དཔལ་བདེ་མཆོག་ཏུ་ཡང་གཟུགས་གཅིག་ཁོ་ནར་རབ་ཏུ་གསལ་བར་བྱས་སོ། །སྤྲོས་པའི་ལྷ་

ནང་དུ་ཞུགས་པ་ན་ནི་ཁ་ཅིག་ཏུ་འབྲས་བུའི་གཟུགས་གཞན་དང་ཁ་ཅིག་ཏུ་མ་ཡིན་ཏེ། གདུལ་བྱའི་བསམ་པ་ཐ་དད་པའི་དབང་ལས་ནི་སྙིང་རྗེའི་རང་བཞིན་གྱི་སྐུ་ཅན་རྣམས་ཀྱི་སྒོམ་པ་ལ་སོགས་པ་བསྟན་པ་སྣ་ཚོགས་པའོ། །དེ་ཉིད་ཀྱི་ཕྱིར་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་

ལྡན་འདས་ཀྱང་དྲི་ཟ་འཇུག་པ་མེད་པས་ཡང་ཞུ་བར་གྱུར་པ་བསྡུས་པའི་རིམ་པར་གསུངས་ཏེ། དེའི་གནས་སྐབས་ཀྱིའང་གདུལ་བྱར་རུང་བ་རྣམས་མ་བྱུང་བ་ན། བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་ཁོ་ནས་གནས་པའོ་ཞེས་དགོངས་པས་སོ། །བྱུང་ན་ནི་སྙིང་རྗེ་དང་

བྱམས་པ་དང་དགའ་བ་དང་བཏང་སྙོམས་ཆེན་པོའི་རང་བཞིན་ས་དང་ཆུ་དང་མེ་དང་རླུང་རྣམ་པར་དག་པའི་ངོ་བོ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱིས་སླར་ཡང་སློང་བར་བྱེད་དོ། །གང་གི་ཚེ་གཞན་གྱི་དོན་བྱ་བ་ལ་སྐད་ཅིག་ཀྱང་ངལ་བསོ་བ་མེད་པ་དེའི་

ཚེ། ནམ་ཡང་ཞུ་བར་འགྱུར་བ་མ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདི་ཇི་བཞིན་ནོ། །ཁ་ཅིག་ཏུ་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་གེའི་གཟུགས་ལ་སོགས་པའི་དྲི་ཟ་བཤད་པ་མེད་དེ། ལས་ཀྱི་ཁྱད་པར་གྱི་དབང་གིས། ཤི་བའི་རྗེས་ཐོགས་སུ་བར་དོའི་སྲིད་པའི་

གནས་སྐབས་མེད་པར་ཡང་སྲིན་བུ་པདྨ་འཕོ་བ་བཞིན་དུ་སྐྱེ་བོ་རྣམས་འགྲོ་བ་གཞན་དུ་སྐྱེ་བའི་ཕྱིར། དེའི་རྗེས་སུ་འབྲང་བ་ལས་སྒོམ་པ་ལ་ཡང་རྣམ་པར་གཞག་པའོ་ཞེས་དགོངས་པའི་ཕྱིར་རོ། །དེའི་ཚེ་ནི་ཡི་གེའི་གཟུགས་ལ་སོགས་པའི་དྲི་ཟའི་རྗེས་སུ་འབྲང་བར་རྣམ་

པར་གཞག་པ་མ་ཡིན་ནོ། །དེ་ལྟར་འདི་ལྟ་བུའི་རྣམ་པར་གཞག་པ་ཐ་དད་པ་ཤེས་རབ་ཅན་མང་དུ་མཐོང་བ་རྣམས་ཀྱིས་རང་ཉིད་ཀྱིས་བརྟག་པར་བྱ་སྟེ། ཅིས་གང་ཇི་སྲིད་པ་བདག་གིས་བརྗོད་པར་བྱ་ཞེས་པ་རེ་ཞིག་གཞག་གོ། །གསང་བའི་རྡོ་རྗེ་པདྨའི་རིགས། །ཞེས་པ་ལ།

เล่ม ๗ · หน้า 119b

གསང་བ་ནི་སྐལ་བ་མེད་པའི་སྤྱོད་ཡུལ་མ་ཡིན་པའོ། །རྡོ་རྗེ་དང་པདྨ་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་སྐྱེ་བའི་རྒྱུ་ཉིད་ཀྱི་ཕྱིར་རིགས་སོ། །དེ་བཞིན་གཤེགས་པ་ཀུན་ལ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ལའོ། །

ལྷ་མོ་ཆེན་མོ་ནི་རྡོ་རྗེ་སྙེམས་མ་མིང་གཞན་རྡོ་རྗེ་དབྱིངས་ཕྱུག་མའོ། །རྒྱུད་གཞན་དུ་ནི་རྡོ་རྗེ་སེམས་དཔའི་ཤེས་རབ་མཱ་མ་ཀཱི་རུ་ཡང་གསུངས་སོ། །འདིས་ནི་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་ལ་སོགས་པ་གསལ་བར་བྱས་སོ། །སྲུང་བའི་རྗེས་ཐོགས་སུ་བྱ་བ་

གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །བདག་ཉིད་རྣམ་སྣང་མཛད་བྱས་ནས། །ཞེས་པ་སྔགས་ཁོ་ན་ཡིས་ཞེས་པའི་རྗེས་ཐོགས་སུ་སྦྲེལ་བར་བྱའོ། །སྟེང་དང་འོག་ཏུ་སྔགས་ཀྱི་ཡི་གེ་ཞེས་པ། ཧཱུྃ་སུཾ་ཧཱུྃ་ཞེས་པའོ། །ཆོ་ག་བཞིན་ཞེས་པ་སྲུང་བའི་

འཁོར་ལོ་རྩིབས་བཅུ་པ་ལ་གནས་པའི་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་གྲུ་གསུམ་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ངའོ་ཞེས་པ་རྡོ་རྗེ་འཛིན་པ་དང་རྣམ་པར་སྣང་མཛད་དོ། །གནས་ནི་བཞི་སྟེ་ཆོས་འབྱུང་དང་ཁང་པ་བརྩེགས་པའོ། །དེ་ཉིད་ཀྱི་ཕྱིར་ཡང་འདི་

དང་རྗེས་སུ་འབྲེལ་བའི་དོན། རྣམ་པར་སྣང་མཛད་བྱས་ནས། ཞེས་སྔར་གསུངས་སོ། །གྲུ་གསུམ་དེར། སྣ་ཚོགས་པདྨ་ཉི་དཀྱིལ་འཁོར། །ཞེས་པས་སྣ་ཚོགས་རྡོ་རྗེ་ཉེ་བར་མཚོན་པའོ། །རྫོགས་པར་བྱ་ཞེས་པ་དང་སྦྲེལ་ལོ། །ཅི་ལྟ་བུའི་རི་རབ་ཅེ་ན་གསུངས་པ།

རླུང་མེའི་དཀྱིལ་འཁོར་རྣམས་དང་ཞེས་པ་མང་པོའི་ཚིག་ལས་ཆུ་དང་སའི་དཀྱིལ་འཁོར་དག་ཀྱང་ཤེས་པར་བྱའོ། །དེའི་སྟེང་དུ་ཞེས་པ་སྣ་ཚོགས་པདྨ་དང་ཉི་མ་དང་རྡོ་རྗེའི་སྟེང་དུའོ། །སྔགས་ནི་བྷྲཱུཾ་ཡིག་སྟེ། བྷྲཱུཾ་ཡིག་གནས་བསམས་ནས་ཞེས་པའི་གསུང་ལས་སོ། །བྷྲཱུཾ་

ལས་སྐྱེས་པའི་འཁོར་ལོ་ལས་ཡང་དག་པར་འབྱུང་བའི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་ཁང་པ་བརྩེགས་པ་བསམ་པར་བྱའོ་ཞེས་འབྲེལ་ལོ། །ཅི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱིས་བསྟེན་ཅིང་སྟེ་ལྷག་པར་བསྟེན་པ་དང་བསྟོད་པ་ཡང་ངོ་། །

เล่ม ๗ · หน้า 120a

གང་ལས་བསྔགས་པའི་བཀྲ་ཤིས་ནི་རྒྱུད་གཞན་རྣམས་སུ་གསུངས་སོ། །ཁང་པ་བརྩེགས་པ་རྫོགས་པའི་རྗེས་ཐོགས་སུ་སྲིད་པ་བར་དོ་རུ་གཞག་པར་བྱ་བ་ཡི་གེ་གསུམ་གྱི་ངོ་བོའམ་ས་བོན་གྱི་ཡི་གེའི་ངོ་བོར་བདག་ཉིད་རྗེས་སུ་བསམ་པར་བྱ་སྟེ་རླུང་

དང་ཆུ་དང་མེ་དང་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུའོ། །ཁ་དོག་ལྔ་ཉིད་དུ་རླུང་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར་ཆུ་དང་མེ་དང་སའི་དཀྱིལ་འཁོར་རྣམས་ཀྱང་འདིར་དེའི་ངོ་བོ་རྣམས་ཁོ་ནར་རྟོགས་པར་བྱ་སྟེ། རླུང་ལ་ཞོན་པའི་སེམས་ཁོ་ནར་དྲི་ཟར་ཐ་སྙད་བྱེད་

པའི་ཕྱིར་རོ། །འདིར་ཧོཿཡིག་དམར་པོ་གཉིས་ནི་དྲི་ཟའི་ཆགས་པས་བསྒྲིབས་པ་མཆོག་ཏུ་གྱུར་པ་ཉིད་གསལ་བར་བྱེད་པའི་དོན་དུའོ་ཞེས་བླ་མ་རྣམས་འདོམས་པར་མཛད་དོ། །ཁ་ཅིག་ནི་མ་དང་ཕ་ལས་བྱུང་བ་ཤེས་རབ་དང་ཐབས་ཀྱི་རང་བཞིན་བདེ་བ་ཆེན་པོའི་འདོད་

ཆགས་ཧོཿཡིག་དམར་པོ་གཉིས་དང་སྤེལ་བའི་ཡི་གེ་གསུམ་དུ་འདིར་ཉེ་བར་སྟོན་ཏོ། །སངས་རྒྱས་རྣམས་ཁོ་ན་འདིའི་མ་དང་ཕའི་དངོས་པོར་ཉེ་བར་གནས་སོ་ཞེས་མངོན་པར་དགོངས་པའི་ཕྱིར་རོ། །འདིར་ནི་དྲི་ཟ་དང་འདྲ་བའི་ནཱ་ད་ཁོ་ན་ཡི་གེ་གསུམ་ལ་སོགས་པའི་རང་

བཞིན་ནོ་ཞེས་འདོམས་པར་བྱེད་དོ། །འདི་ཐམས་ཅད་ནི་རྡོ་རྗེ་གུར་གྱི་རྗེས་ཐོགས་སུའོ། །དེའི་འགྲུབ་པ་ཅི་ལྟར་ཞེ་ན། གསུངས་པ། སྔགས་འདི་ཡིས་ཏེ། ཧཱུྃ་ཞེས་པའོ། །རེ་ཕ་ལས་སྐྱེས་པའི་ཉི་མ་ལ་གནས་པའི་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དང་ཧཱུྃ་ལས་སྐྱེས་

ཤིང་འབར་བའི་རྡོ་རྗེ་རྣམས་ཀྱིས་སོ་ཞེས་པའི་དོན་ཏོ། །རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྡོ་རྗེ་སེམས་དཔའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་ཡེ་ཤེས་སེམས་དཔའ་བསམ་པར་བྱ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་རིམ་པས་

སྒོམ་པའི་ཡེ་ཤེས་སེམས་དཔའི་སྙིང་གར་ཟླ་བ་ལ་རྡོ་རྗེའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་བསྒོམ་པར་བྱའོ་ཞེས་གསུངས་པ། རང་གི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་རྩེ་ལྔ་པའོ། །སྤྲོ་བར་བྱ་སྟེ་ཧཱུྃ་ཡིག་ལས་སོ། །དམ་ཚིག་སེམས་དཔའི་ངོ་བོའི་རྡོ་རྗེ་སེམས་

เล่ม ๗ · หน้า 120b

དཔའི་ས་བོན་ཡང་འདི་ཁོ་ནའོ་ཞེས་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པ་སྟེ། དེ་ཁོ་ན་ཞེས་པ་ཧཱུྃ་ཞེས་པའི་ཡི་གེའོ། །རྡོ་རྗེ་རབ་བསྐོར་ནི་རྡོ་རྗེ་ཆང་ཟུངས་ཀྱི་ནང་དུ་ཆུད་པའི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ་ཞེས་སྦྲེལ་ལོ། །ཅི་འདྲ་བ་ཞེ་ན་གསུངས་

པ། ཐམས་ཅད་ཅེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་འདིའི་རྡོ་རྗེ་དང་པདྨ་འདུས་བྱས་པའི་རྗེས་ཐོགས་སུ་ལྷ་མོའི་པདྨར་གནས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་བསྒོམ་པར་བྱའོ་ཞེས་གསུངས་པ། རང་གི་རིག་མ་ཞེས་པ་ལ་སོགས་པ་

སྟེ། འདིའི་རྒྱས་པར་བསྟན་པ་ནི་དེ་ནས་རྡོ་རྗེ་སྙིང་པོ་ཞེས་པ་ལ་སོགས་པའོ། །ཕྱུང་བའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་གནས་ལ་སོགས་པ་གསུངས་པ། ཤར་དུ་ཞེས་པ་ལ་སོགས་པའོ། །ཁ་ཅིག་པགས་པས་གཡོགས་པ་ནི་མུ་ཀུནྡ་སྟེ། དེ་རོལ་

མོར་བྱེད་པའི་ཕྱིར་མུ་ཀུནྡ་མའོ། །རྫ་རྔ་ནི་རྔ་ཆེན་པོ་སྟེ་དེ་ཡང་གྱེན་དུ་ཁ་ཕྱོགས་ཏེ་བརྡུང་བར་བྱའོ། །དེ་བརྡུང་བའི་ཕྱིར་རྫ་རྔ་མའོ། །དགོད་དོ་ཞེས་པ་ནི་གནས་སུ་གཞུག་པར་བྱའོ། །རྡོ་རྗེ་དྲིལ་བུ་མ་ནི་མདོག་ལྗང་གུའོ། །ཐམས་ཅད་ཅེས་པ་སྒོ་སྐྱོང་མ་ཐམས་ཅད་དོ། །

མེ་ཏོག་མ་ལ་སོགས་པ་མདོར་བསྟན་པ་རྣམས་ཀྱིས་རྒྱས་པར་སྟོན་པ་གསུངས་པ། མེ་ཞེས་པ་ལ་སོགས་པའོ། །འདིར་བཞད་མ་དང་སྒེག་མོ་དང་། གླུ་མ་དང་གར་མ་དང་མེ་ལོང་མ་དང་རོ་མ་དང་། རེག་བྱ་མ་དང་ཆོས་མ་རྣམས་ཏེ། ལྷ་མོ་བརྒྱད་རྣམས་ཀྱང་རྒྱུད་གཞན་དུ་གསུངས་

པའི་ཕྱིར་རིག་པར་བྱའོ་ཞེས་མང་དུ་མཁྱེན་པ་རྣམས་གདམས་པར་བྱེད་དོ། །ཤར་ལ་སོགས་པ་ཞེས་པ་ལ་སོགས་པ་ནི་སྒོ་སྐྱོང་མ་རྣམས་རྒྱས་པར་སྟོན་པའོ། །སྒོ་སྐྱོང་དང་ཡང་དག་ལྡན་ཞེས་པ་འདི་རྣམས་སྒོ་སྐྱོང་བ་ལ་ངེས་པར་སྦྱོར་བའོ། །མི་མཐུན་ཕྱོགས་ཐམས་ཅད་བཟློག་

པས་སྲུང་བ་དང་དགུག་པ་ལ་སོགས་པའི་དོན་དུ་སྟེ། གཤིན་རྗེ་མཐར་བྱེད་དང་། ཤེས་རབ་ཀྱིས་མཐར་བྱེད་དང་པདྨས་མཐར་བྱེད་ཀྱི་རང་བཞིན་སྒོ་སྐྱོང་མ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བསྲུང་བའི་ཕྱིར་དང་ཡེ་ཤེས་ཀྱི་འཁོར་ལོ་འགུགས་པ་

เล่ม ๗ · หน้า 121a

ལ་སོགས་པ་བྱེད་པའི་ཕྱིར་རོ། །འདི་རྣམས་ཀྱི་ཞེས་པ་འདི་རྣམས་ཀྱིའོ། །ལུགས་མའི་གཟུགས་ནི་ཟངས་ལ་སོགས་པ་ལས་གཟུགས་སུ་བྱས་པའོ། །བྱས་པ་ནི་ཤིང་ལ་སོགས་པའི་རང་བཞིན་ནོ། །སོགས་པའི་སྒྲས་ནི་སྐུད་རིས་དང་བྲིས་པ་

ལ་སོགས་པ་གཟུང་ངོ་། །ལུགས་མ་ལ་སོགས་པའི་ཆོ་ག་ནི་ལྷ་རྣམས་ཐམས་ཅད་ཀྱིའོ། །དེ་ལྟར་སྒྲུབ་ཐབས་འདིར་གནས་དང་ལྷག་པར་མོས་པའི་རྡོ་རྗེ་སེམས་དཔའི་གཟུགས་དང་སྡིག་པ་བཤགས་པ་ལ་སོགས་པ་དང་སྟོང་པ་ཉིད་དང་བར་དོའི་སྲིད་པ་དང་། སྲུང་བའི་

འཁོར་ལོ་འཁོར་དང་བཅས་པ་དང་ཁང་པ་བརྩེགས་པ་འཁོར་དང་བཅས་པ་དང་རྣམ་པ་ལྔ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཤེས་རབ་དང་ཐབས་ཡོངས་སུ་མཉེས་པ་དང་སེམས་དཔའ་དབང་བསྐུར་བ་དང་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་དང་རིགས་ལྔའི་

ཚོགས་དང་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་དང་། དཀྱིལ་འཁོར་པའི་ལྷ་སྤྲོ་བ་དང་ཡེ་ཤེས་སེམས་དཔའ་གཞུག་པ་དང་དབང་བསྐུར་བ་དང་རྒྱས་གདབ་པ་དང་། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་དང་། ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་བཟླས་པ་དང་བརྟས་པར་བྱ་

བ་དང་བསྡུ་བ་ལ་སོགས་པའོ་ཞེས་པའི་རིམ་པ་ནི། ཆོ་གའི་ས་ཞེས་པ་དང་ཆོ་ག་བཞིན་ཞེས་པའོ། །དཀྱིལ་འཁོར་གྱི་ཆོ་ག་འདི་ཐམས་ཅད་རྒྱུད་གཞན་རྣམས་སུ་གསུངས་པའོ་ཞེས་པས་ཚིག་རྣམས་ཀྱིས་གསལ་བར་བྱས་པའོ། །དེ་ལ་སྲུང་བའི་འཁོར་ལོར་གཤིན་རྗེ་མཐར་བྱེད་དང་

ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་དང་མི་གཡོ་བ་དང་འདོད་པའི་རྒྱལ་པོ་དང་དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གནོད་མཛེས་ཞེས་བྱ་བ་ཁྲོ་བོ་བཅུ་རྣམས་བསྒོམ་པར་བྱའོ། །དེ་ལ་གཤིན་རྗེ་

ནི་སེམས་ཅན་རྣམས་འཇིགས་པར་བྱེད་པའོ། །མཐར་བྱེད་ནི་མ་སྐྱེས་པའི་རང་བཞིན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མི་འཇིག་པའི་བདག་ཉིད་ཀྱིས་ན། གཤིན་རྗེ་མཐར་བྱེད་པར་འགྱུར་ཏེ། འཆི་བདག་གི་བདུད་ལས་རྒྱལ་བའི་ཕྱིར་རོ། །གཏི་མུག་ཀྱང་གཤིན་རྗེ་སྟེ་དེ་

เล่ม ๗ · หน้า 121b

མཐར་བྱེད་པའི་ཕྱིར་ཡང་གཤིན་རྗེ་མཐར་བྱེད་དོ། །ཤེས་རབ་མཐར་བྱེད་ནི་སེམས་ཀྱི་ངོ་བོའི་ཤེས་རབ་མཐར་བྱེད་པ་སྟེ། དེའི་ཕྱིར་ཡང་ལྷའི་བུའི་བདུད་ལས་འདིས་རྒྱལ་བར་བྱེད་དོ། །སེམས་ཀྱི་ཁྱད་པར་ལ་བརྟེན་ནས་བྱང་ཆུབ་ལས་ཉམས་པར་བྱ་བའི་ཆེད་དུ་བདུད་རྣམས་

འཇུག་ཅིང་། འདིས་ནི་སེམས་རྣམས་ཐམས་ཅད་དང་བྱང་ཆུབ་ཀྱང་དེ་བཞིན་ཉིད་དག་པ་ལས་མི་གཡོ་བ་ཉིད་ལ་གནས་པའོ་ཞེས་པས་དེ་རྣམས་ལ་བརྙས་པར་བྱེད་དོ། །པདྨ་མཐར་བྱེད་ནི་ཕུང་པོ་སྟོང་པ་ཉིད་ལ་དྲན་པའི་ངོ་བོ་ཉིད་ཀྱིས་ན་མ་དག་པའི་འདོད་ཆགས་ལས་སྐྱེས་པའི་

ཐུན་མོང་བའི་ངག་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལས་ཀྱང་མཐར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕུང་པོའི་བདུད་ལས་རྒྱལ་བ་ལ་ཡང་འདི་རབ་ཏུ་ནུས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་རྟོག་པའི་ཉོན་མོངས་པ་ཅན་ནོ་ཞེས་པས་མ་དག་པའི་ཉོན་མོངས་པ་

དང་ལས་ཐམས་ཅད་དང་རྣམ་པར་རྟོག་པའི་མཚན་ཉིད་ཅན་གྱི་བགེགས་ལ་གནོད་པ་བྱེད་པའི་ཕྱིར་ཉོན་མོངས་པའི་བདུད་ལས་མཆོག་ཏུ་རྒྱལ་བ་ནི་བགེགས་མཐར་བྱེད་དོ། །འཛིན་པ་དངོས་པོ་དམིགས་པ་ཙམ་དང་། ཆགས་པ་དེ་ལ་འདུན་པ་དང་། རྣམ་པ་དངོས་པོའི་རྣམ་པར་

བྱེད་པ་དང་། གཡོ་མེད་བརྟན་པར་གྱུར་པའི་རེག་པ་དང་། རྒྱུ་ཉིད་རང་དང་རྗེས་སུ་མཐུན་པའི་སེམས་གཞན་སྐྱེ་བའི་ངོར་དང་། འབྲས་བུ་ཉིད་རང་དང་རྗེས་སུ་མཐུན་པའི་རྒྱུ་ལ་ལྟོས་ནས་ཏེ། འདི་རྣམས་རྣམ་པར་དག་པས་ན་རྣམ་པར་དག་པ་རྣམ་པ་དྲུག་གི་སེམས་སྐྱེ་བའི་

ངོ་བོ་རྣམས་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་རྣམས་ཏེ། ཁྲོ་བོའི་དབང་པོ་དེ་རྣམས་ཀྱང་མི་མཐུན་ཕྱོགས་ལས་ལྡོག་པ་ན་མཐུ་ཐོགས་པ་མེད་པའི་ངོ་བོ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་འདུས་པ་ཕྱི་མར་གསུངས་པ། འཛིན་དང་ཆགས་པ་ཉིད་དང་ནི། །

རྣམ་པ་དེ་བཞིན་གཡོ་མེད་པ། །རྒྱུ་ཉིད་དང་ནི་འབྲས་བུ་ཉིད། །དྲུག་པོར་སེམས་ཡང་དག་འབྱུང་བ། །འདོད་པའི་རྒྱལ་པོ་སོགས་དྲུག་རྣམས། །ཁྲོ་བོའི་དབང་པོ་རྣམས་ཞེས་བསྒྲགས། ཞེས་སོ། །རྣམ་པར་རྟོག་པ་མི་མཐུན་ཕྱོགས་མ་ལུས་པ་ཟིལ་གྱིས་གནོན་པའི་

เล่ม ๗ · หน้า 122a

ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་གཡོ་བ་མེད་དོ་ཞེས་པ་མི་གཡོ་བའོ། །འདོད་པ་ནི་འདོད་པར་བྱེད་པ་སྟེ། དེ་རྣམ་པར་དག་པས་ན་མངོན་པར་འདོད་པ་ཐོབ་པས་གསལ་བའོ་ཞེས་འདོད་པའི་རྒྱལ་པོའོ། །སེམས་ཅན་རྣམས་ཀྱི་སྡིག་པ་ནི་སྔོན་པོ་སྟེ།

དེ་དབྱིག་པས་འདེབས་པར་བྱེད་ཚར་གཅོད་པར་བྱེད་དོ་ཞེས་པ་དབྱུག་པ་སྔོན་པོའོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ཕུང་པོ་འཇིག་པའི་ཆེད་དུ་འདི་སྟོབས་ཏེ་ནུས་པ་ཆེན་པོའོ་ཞེས་པ་སྟོབས་པོ་ཆེའོ། །གཙུག་ཏོར་ནི་ཁམས་གསུམ་པ་ལས་ཤིན་ཏུ་འདས་པ་སྟོང་པ་ཉིད་

དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཏེ། དེ་འཁོར་ལོ་བཞིན་དུ་གདུལ་བྱ་རྣམས་ལ་བསྐོར་བ་ལ་འདིའི་ངང་ཚུལ་ཡིན་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །བགེགས་རྣམས་གནོད་པ་སྟེ་འཇིགས་པར་བྱེད་པ་བསལ་ལོ་ཞེས་པ་གནོད་མཛེས་རྒྱལ་པོའོ། །ཡེ་ཤེས་སེམས་

དཔའ་དམ་ཚིག་སེམས་དཔའ་ལ་གཞུག་པ་སྟེ། དེ་ནི་འདིར་ཐ་མལ་པའི་ང་རྒྱལ་བསལ་བར་རང་གི་སེམས་སྣང་བའི་ངོ་བོ་ཕྱག་ལ་སོགས་པས་རྣམ་པར་མཛེས་པའི་ལྷའི་སྐུའོ། །ཁ་ཅིག་ཏུ་ས་བོན་ཡང་གསུངས་ཤིང་། ཁ་ཅིག་ནི་ས་བོན་ཁོ་ནའོ། །དེའི་བདག་ཉིད་དུ་མངོན་དུ་བྱས་

པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་འདིར་ཡེ་ཤེས་སེམས་དཔའ་ཡང་དག་པར་འགྲོའོ་འདུའོ་ཞེས་པ་དམ་ཚིག་གོ། །སེམས་དཔའ་ཡང་སྟེ། སེམས་ཅན་གྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་དང་རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་ཀྱི་ཡུལ་ཉིད་ཀྱི་ཕྱིར་རོ། །ས་བོན་ཡང་

ནུར་ནུར་པོ་བཞིན་དུ་སེམས་ཅན་ནོ། །འོ་ན་དམ་ཚིག་སེམས་དཔའ་ནི་ཡེ་ཤེས་སེམས་དཔའ་དང་སྟེ་ཁ་ཅིག་ཏུ་སངས་རྒྱས་རྣམས་ཐམས་ཅད་དང་། ཁ་ཅིག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་། ཁ་ཅིག་ཏུ་འགྲོ་བ་དང་ཡང་ལྷན་ཅིག་དེའི་བདག་ཉིད་དུ་གསུངས་ན་ཅི་ལྟར་

འགལ་བ་མ་ཡིན། དེ་ལྟ་ན་ནི་རྒྱུད་གཞན་མེད་པའི་ཕྱིར་རིག་བྱེད་མཐའ་བའི་གྲུབ་མཐར་ལྷུང་བར་འགྱུར་ཞིང་། མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པའི་དང་སྙིང་རྗེ་ཆེན་པོའི་དང་། སྦྱིན་པ་ལ་སོགས་པའི་ཚོགས་ཀྱི་སྤྱོད་ཡུལ་ཅུང་ཟད་ཀྱང་མེད་པར་ཡང་ངོ་། །གང་

เล่ม ๗ · หน้า 122b

འགའ་ཞིག་འགའ་ཞིག་ཏུ་ཡེ་ཤེས་སེམས་དཔའ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོ་བ་རྒྱུད་གཅིག་གི་ནང་དུ་ཆུད་ན་ཡང་། སླར་ཡང་སྤྲོ་བ་གསུངས་པ་དེ་ནི་ཆེས་ཤིན་ཏུ་འགལ་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུན་རེ་རེ་བའོ་ཞེས་པའི་གྲུབ་

མཐའི་ཕྱིར་རོ། །ཅིག་ཅར་རྟོག་པ་མེད་པའི་ཤེས་པ་དུ་མ་སྐྱེ་བ་ལ་ནི། རྣམ་པར་དབྱེ་བ་མེད་པར་འཇུག་ཅིང་བྱ་བ་གཅིག་བྱེད་པ་རྣམས་ལ་གཅིག་ཏུ་མོས་པ་ཁོ་ནའི་གཟུགས་དང་དྲི་དང་རོ་དང་རེག་བྱའི་རྡུལ་ཕྲ་རབ་འདུས་པ་ལ་བུམ་པར་མོས་པ་བཞིན་ནོ་ཞེས་པས་སེམས་ཅན་གཅིག་ཏུ་

ཐ་སྙད་བྱ་བ་ཁོ་ནའོ་ཞེ་ན། གལ་ཏེ་རང་དང་གཞན་གྱི་རྒྱུད་དག་གཅིག་པ་ཉིད་དངོས་པོ་པ་བརྗོད་པར་འདོད་ན་འགལ་བར་འགྱུར་མོད། དེ་ལྟར་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྷག་པར་མོས་པ་པའོ། །གཅིག་ཉིད་དུ་ལྷག་པར་མོས་པ་ཡང་ཐོག་མར་གོམས་པ་དང་ལྡན་པ་ཁོ་ནའི་

སྒྲིབ་པ་མེད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཡོངས་སུ་དག་པའི་སེམས་དཔའ་དེའི་བདག་ཉིད་དུ་ལྷག་པར་མོས་པ་ནི། བརྟན་པར་གུས་པ་དང་བཅས་ཤིང་རྒྱུན་མི་འཆད་པར་འཇུག་པས་སོ་སོ་སྐྱེ་བོའི་ང་རྒྱལ་བསལ་ནས་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ཉེ་བར་

བྱེད་དོ། །དེ་སྐད་དུ་ཡང་། དཔལ་དེ་ཁོ་ན་ཉིད་འདུས་པར། རྣམ་པ་ལྔ་མངོན་པར་བྱང་ཆུབ་པར་གྱུར་པ་ན། ཨོཾ་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡིན་པ་དེ་ལྟར་ངའོ་ཞེས་པའི་རྗེས་ཐོགས་སུ་གསུངས་པ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དབྱིངས་ཀྱིས་དེ་བཞིན་

གཤེགས་པའི་སྐུར་བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་ནས། དེ་བཞིན་གཤེགས་པ་དེ་རྣམས་ལ་ཕྱག་འཚལ་ཞིང་བོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་བདག་ལ་བྱིན་གྱིས་རློབས་ཤིག །མངོན་པར་བྱང་ཆུབ་པ་

འདི་བརྟན་པར་མཛད་དུ་གསོལ་ཞེས་སོ། །དེ་ནས་དེ་སྐད་གསོལ་བ་ན་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཀྱི་སེམས་དཔའི་རྡོ་རྗེ་ལ་རབ་ཏུ་ཞུགས་སོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས། སྐད་ཅིག་དེ་ཁོ་ན་

เล่ม ๗ · หน้า 123a

ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཕྱག་རྒྱ་གསང་བའི་དམ་ཚིག་ལ་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་

པ་ཉིད་ཀྱི་ཡེ་ཤེས་རྟོགས་པ་རང་བཞིན་གྱིས་དག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཉམ་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏོ་ཞེས་སོ། །འདིར་

རྡོ་རྗེ་དབྱིངས་ཀྱིས་མ་འོངས་པའི་སྐྱེ་བོ་ལ་མངོན་པར་དགོངས་པས་དོན་དུ་གཉེར་བར་བྱེད་དེ། དེ་བཞིན་གཤེགས་པའི་སྐུ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བཞིན་གཤེགས་པའི་ཞེས་སོ། །སེམས་དཔའི་རྡོ་རྗེ་ལ་ནི་དམ་ཚིག་སེམས་

དཔའ་ལའོ། །དེ་ཁོ་ན་ལ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའ་རྡོ་རྗེ་འཛིན་བཞུགས་པའི་རྗེས་ཐོགས་ཀྱི་སྐད་ཅིག་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པ་ལ། ཡེ་ཤེས་ཞེས་པའི་ཚིག་བཞི་རྣམས་

ཀྱིས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་རྣམས་གསུངས་སོ། །ཡང་དག་པར་རྫོགས་པར་སངས་རྒྱས་ཞེས་པ་འདིས་ལྔ་པའོ། །མཉམ་པ་ཉིད་ཅེས་པའི་ཚིག་རྣམས་ཀྱིས་ཡེ་ཤེས་ཐམས་ཅད་ཀྱིས་མཉམ་པ་ཉིད་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་

དང་ལྷན་ཅིག་བདག་ཉིད་བརྟན་པར་གཅིག་པ་ཉིད་དུ་ལྷག་པར་མོས་པ་ནི་མཉམ་པ་ཉིད་དུ་ཡིད་ཆེས་པའི་དོན་ཁོ་ནའོ། །དེ་བཞིན་དུ་འགྲོ་བ་ཡང་ལྷན་ཅིག་གཅིག་པ་ཉིད་དུ་ལྷག་པར་མོས་པ་ནི་རང་བཞིན་རྣམ་པར་དག་པའི་དེ་བཞིན་ཉིད་མཚུངས་པ་ཉིད་དུ་རྟོགས་པའི་ཆེད་དུའོ། །དེ་

ལྟར་ན་ཡང་འབྲས་བུ་དང་རྒྱུའི་གནས་སྐབས་དག་ལ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཁོ་ན་སྣ་ཚོགས་པའོ་ཞེས་པ་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་རྒྱུན་ཁོ་ནའི་འབྱུང་བར་འགྱུར་བའི་འབྲས་བུའི་གནས་སྐབས་ཡེ་ཤེས་སེམས་དཔའ་ངོ་བོ་དང་ལྷན་ཅིག་དེའི་

เล่ม ๗ · หน้า 123b

བདག་ཉིད་དུ་ལྷག་པར་མོས་པར་བྱེད་ཅིང་གཞན་གྱི་རྒྱུད་ཀྱི་ཡེ་ཤེས་སེམས་དཔའ་དང་མཉམ་པ་ཉིད་ཀྱིས་བར་མའི་སེམས་ཅན་རྣམས་དང་ངོ་ཞེས་པ་མན་ངག་གོ། །དེའི་ཕྱིར་དངོས་པོ་པར་རང་ཉིད་གཞན་གྱི་སེམས་ཀྱི་རྒྱུད་དང་དེའི་བདག་ཉིད་དུ་བསྒོམ་པ་མ་ཡིན་ཞིང་། རང་ཉིད་

ལས་དེ་འཕྲོ་བ་ཡང་མ་ཡིན་ནོ་ཞེས་པས་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་གཞན་ལ་ཡང་ཇི་ལྟར་རིགས་པར་བརྟག་པར་བྱའོ། །གང་ཡང་ལྷ་མོ་གཅིག་ལ་ལྷ་མོ་གཞན་རྣམས་ནང་དུ་འདུས་ནས་གཙོ་བོ་ལ་བདེ་བ་ཆེན་པོས་མཆོད་པར་བྱེད་དོ་ཞེས་གསུངས་པ་དེ་ལ།

ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ཐོགས་པ་མེད་པ་དེ་རྣམས་ཀྱི་རྒྱུད་ཐ་དད་པ་ཉིད་ན་ལྷན་ཅིག་ཡུལ་གཅིག་ཏུ་གནས་པ་ཙམ་ནི་ནང་དུ་འདུས་པ་སྟེ། ཕན་ཚུན་དེའི་བདག་ཉིད་ནི་མ་ཡིན་ནོ། །རྣལ་འབྱོར་པའི་རྒྱུད་ལས་སྤྲུལ་པ་ཉིད་ལ་ནི་དེའི་བདག་ཉིད་ཀྱང་མི་འགལ་ལོ། །

གང་ཕྱིར་དཀྱིལ་འཁོར་པའི་ལྷ་རྣམ་པ་གཉིས་ཏེ། ཁ་ཅིག་ཏུ་ཕལ་ཆེར་རྒྱུད་ཐ་དད་པའི་ཚུལ་ཏེ། དཔེར་ན་དཔལ་དེ་ཁོ་ན་ཉིད་འདུས་པར་རྒྱས་པར་བསྟན་པའི་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་ལྷ་རྣམས་བཞིན་ནོ། །ཁ་ཅིག་ཏུ་ཕལ་ཆེར་རྣལ་འབྱོར་པའི་རྒྱུད་ལ་

སྤྲུལ་པ་སྟེ། དཔེར་ན་དཔལ་འདུས་པ་དང་བདེ་མཆོག་དང་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་རྣམས་བཞིན་ནོ་ཞེས་པའོ། །དབང་པོ་ལྷག་པར་རྣོ་བའི་སེམས་ཅན་རྣམས་ལ་ནི་སུ་ཞིག་དང་ཡང་དེའི་བདག་ཉིད་དུ་བསྒོམ་པ་མེད་དེ། གང་ཕྱིར་དེ་ནི་ཡུད་ཀྱིས་རྫོགས་པའི་རྡོ་རྗེ་

འཛིན་པའི་སྐུ་ཁོ་ནར་འབའ་ཞིག་པའམ་དཀྱིལ་འཁོར་པ་དང་བཅས་པ་ཡང་རུང་། ཤེས་རབ་དང་བཅས་པའམ་ཤེས་རབ་མེད་པར་བདག་ཉིད་གོམས་པར་བྱེད་དོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བྱང་ཆུབ་སེམས་ཀྱི་རང་གི་ངོ་བོར་ངེས་པ་ཉིད་དུ་གོམས་

པར་བྱེད་ཅིང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འདི་ཁོ་ན་འདོད་ཆགས་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་ལྔ་དང་རིག་མ་ལ་སོགས་པའི་རྣམ་པས་ཀུན་རྫོབ་

เล่ม ๗ · หน้า 124a

པའི་གཟུགས་འཛིན་པ་ནི། ཉོན་མོངས་པས་ཡོངས་སུ་གོས་པའི་སེམས་ཅན་གྱི་ཁམས་ཀྱི་སེམས་དྲི་མ་མེད་པར་བྱེད་པའི་དོན་དུ། དེ་ལྟར་གྱུར་པའི་ལམ་ལ་འཇུག་པའི་སྐལ་པ་དང་ལྡན་པའི་གདུལ་བྱ་དེ་རྣམས་དེ་ཁོ་ན་ཉིད་ལ་སྦྱོར་བར་མཛད་ཅིང་འདི་ལྟར་

རྣམ་པར་གནས་པའོ་ཞེས་པའོ། །འདི་ལྟ་བུ་ཁོ་ན་ཡང་མན་ངག་གོ། །འདི་ལྟར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་འདྲ་བ་ཁོ་ནར་ཆོས་རྣམས་ཐམས་ཅད་ཀྱང་རང་བཞིན་མེད་པ་ཉིད་དུ་བླ་མའི་མན་ངག་ལས་རྟོགས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རིམ་པ་འདིས་རྡོ་རྗེ་

སེམས་དཔའ་ལ་སོགས་པ་བསྒོམས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་རྟོགས་པར་འགྱུར་རོ་ཞེས་དགོངས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྣམས་ཀྱིས་ཉེ་བར་བསྟན་ཏོ། །

འདི་ཁོ་ན་ལ་མངོན་པར་དགོངས་ནས་གདུལ་བྱ་རྣམས་ཀྱི་སེམས་ཀྱི་འཇུག་པ་རྗེས་སུ་གཞུག་པའི་ཆེད་དུ་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་རྒྱུད་ཆེན་པོར་གསུངས་པ། འདིར་ནི་བདག་གི་གསང་བ་ཡི། །སྙིང་པོ་ཀུན་བསྡུས་ལ་གནས་ནས། །རྡོ་རྗེ་ལྷ་མོ་ཀུན་འདུས་དང་། གར་

ཀུན་གྱིས་ནི་གར་མཛད་དོ། །ཞེས་སོ། །འདི་ལ་ཤིན་ཏུ་མང་ཞིང་ལེགས་པར་བཤད་པར་ནུས་ཏེ། གཞུང་མངས་པས་འཇིགས་པས་མ་བརྗོད་དོ། །དབང་བསྐུར་བ་ནི་ཡེ་ཤེས་ཀྱི་ཆུ་རྣམས་ཀྱིས་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་འཁྲུད་པའོ། །དེའི་ཕྱིར་དབང་

བསྐུར་བའི་ཁུ་བས་སྤྱི་བོར་གནས་པས་རྒྱས་གདབ་པར་རིགས་ཀྱི་དབྱེ་བས་འགྱུར་རོ། །དེ་ལྟར་ཡང་གུས་པར་བྱེད་པའི་ཚུལ་དུ་གང་སྤྱི་བོར་བསྒོམ་པ་དེ་ནི་རྒྱས་གདབ་པའོ། །འདི་རྣམས་ནི་རང་གི་བདག་པོའི་ཏིང་ངེ་འཛིན་ལས་འབྱུང་བའི་ཕྱིར་ཏེ། དེ་མེད་པར་རང་ཉིད་འབྱུང་

བར་མི་འགྱུར་རོ། །འདི་ནི་འདི་རྣམས་མགུ་བར་བྱེད་པ་དང་སྡུག་བསྔལ་བར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཡོངས་སུ་ཚིམ་པར་བྱེད་པ་ཁོ་ནའོ། །དེ་ལ་སེམས་ཙམ་གྱི་ལུས་ཅན་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ལ་མི་བསྐྱོད་པས་རྒྱས་གདབ་སྟེ། དེའི་

เล่ม ๗ · หน้า 124b

རང་བཞིན་ཉིད་དུ་ཉེ་བར་གསལ་བའི་དོན་དུའོ། །བྱང་ཆུབ་སེམས་ལས་རབ་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་ནི་རྡོ་རྗེ་འཛིན་པས་སོ། །རྡོ་རྗེ་འཛིན་པ་ནི་མི་བསྐྱོད་པ་སྟེ། རྒྱུའི་ནང་དུ་འདུས་པའི་ཕྱིར་ཏེ། འབྲས་བུ་ཁོ་ནར་འབྱུང་བའི་ཕྱིར་རོ། །འདིས་གཉིས་ཀར་ཡང་

གཉིས་ཀ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཡང་འདི་དག་ཕན་ཚུན་རྒྱས་གདབ་པོ། །དེ་སྐད་དུ་ཡང་གསུངས་པ། འབྲས་བུས་རྒྱུ་ལ་རྒྱས་གདབ་ཅིང་། །རྒྱུ་ཡིས་འབྲས་བུ་རྒྱས་གདབ་བྱ། །བསྒོམ་བྱ་གཞན་དུ་དངོས་གྲུབ་ནི། །བསྐལ་བ་བྱེ་བས་སྐྱེ་མི་འགྱུར། །ཞེས་སོ། །

འབྲས་བུ་མི་བསྐྱོད་པས་རྒྱུ་རྡོ་རྗེ་འཛིན་པ་ལ་རྒྱས་བཏབ་ནས་བསྒོམ་པར་བྱ་སྟེ། འབྲས་བུ་ལ་ཡང་རྒྱུ་ཡིས་སོ། །གང་ཡང་རྡོ་རྗེ་འཛིན་པ་ནི་དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན་ཉིད་དུ་དེ་དང་དེར་གསུངས་པའི་རྒྱས་གདབ་པ་དེ་ཡང་དེ་ནི་ཡེ་ཤེས་ལྔ་རྣམས་སུ་དེའི་བདག་ཉིད་

ཀྱིས་ནང་དུ་འདུས་པའི་ཕྱིར། འབྲས་བུ་དེ་རྣམས་ཀྱི་སྟེ་རབ་ཏུ་བསྒོམ་པའི་དབང་དུ་བྱས་ནས་སོ། །འོ་ན་དེ་ལྟ་ན་འདི་དག་ཁོ་ན་དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་རིགས་ཏེ། ཐམས་ཅད་ཀྱི་བདག་པོ་ཉིད་ཀྱི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། རྣམ་པ་སྣ་ཚོགས་པ་ལ་མོས་པའི་དབང་

ལས་གཞན་གྱི་སྒོ་ནས་ཀྱང་དཀྱིལ་འཁོར་མཐའ་དག་གི་དེ་ཁོ་ན་ཉིད་རྣམ་པར་གཟིགས་པའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱང་བདག་པོ་ཉིད་དོ། །གང་གསུང་བར་འགྱུར་བ། ལྷ་ནི་གང་དང་ཅི་ཞིག་ནི། །འཁོར་ལོའི་དབུས་སུ་ངེས་གནས་པའི། །

མཚན་མངོན་འབྱུང་བའི་རྡོ་རྗེ་ཞེས། །དཀྱིལ་འཁོར་སངས་རྒྱས་རྣམས་ཀྱིས་བསྒྲགས། །ཞེས་སོ། །རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི་བུའི་སྒོ་ནས་ཕའི་རྗེས་སུ་འབྲང་བ་ན། དེ་ལས་སྐྱེས་པ་ཉིད་དུ་བཤད་པའི་དོན་དུའོ། །དེ་ཁོ་ན་ལ་མེས་པོ་ཡང་ནང་དུ་འདུས་སོ། །

གང་ཡང་མི་བསྐྱོད་པ་དཀྱིལ་འཁོར་པ་ཉིད་ཡིན་པ་དེ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་མེ་ལོང་ལྟ་བུ་ལ་སོགས་པའི་ངོ་བོ་ཡིན་པ་དེ་ཡིས་རིག་པར་བྱའོ། །རྒྱས་གདབ་

เล่ม ๗ · หน้า 125a

པ་ལ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཙམ་གྱི་ངོ་བོ་མི་བསྐྱོད་པའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་ནི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར། འཆད་པར་འགྱུར་བའི་གཏི་མུག་རྡོ་

རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པའི་མིང་གཞན་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཤེས་རབ་ཀྱིས་འཁྱུད་པ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱས་གདབ་པོ། །དེ་ལྟར་ན་འོ་ན་སའི་སྙིང་པོ་ལ་སོགས་པ་ལྔ་རྣམས་དང་གཟུགས་རྡོ་རྗེ་མ་ལ་

སོགས་པ་རྣམས་དང་སྤྱན་མ་ལ་སོགས་པ་རྣམས་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པ་འཐོབ་སྟེ། འདི་རྣམས་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་སོ་སོར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པ་

ཉིད་ཀྱི་ཕྱིར། གཞན་གྱི་ཡུལ་ལ་ཡང་དེ་བཞིན་གཤེགས་པ་གཞན་བདག་པོ་ཉིད་དུ་ཡོད་དོ་ཞེས་པས། ཇི་ལྟར་རིགས་པར་གཞན་རྣམས་ཀྱིས་རྒྱས་གདབ་པའོ། །དེ་ལྟར་ནི་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་གཏི་མུག་ལ་སོགས་པ་རྣམས་ཀྱང་དེ་བཞིན་གཤེགས་པ་ལྔའི་

བདག་ཉིད་ཅན་དུ་བརྗོད་པར་བྱ་བས་སོ། །ཤིན་ཏུ་དང་བ་ཉིད་ཀྱི་ཕྱིར་མིག་ནི་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པའོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་རྣ་བ་ནི་མི་བསྐྱོད་པས་སོ། །དྲི་ལ་ལོངས་སྤྱོད་པ་སྲིད་པ་བར་དོ་དང་ཅིག་ཤོས་ཀྱི་གནས་སྐབས་དག་ལ་དྲི་ལ་མངོན་པར་

དགའ་བས་ཁྱབ་པའི་ཕྱིར་སྣ་ལ་རིན་ཆེན་དབང་པོས་སོ། །རོ་ལ་ཆགས་པ་ནི་ཤིན་ཏུ་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར་ལྕེ་ལ་འདོད་ཆགས་ཀྱིས་སོ། །ལུས་ཀྱི་ཡན་ལག་ཐམས་ཅད་ལ་རྣམ་པར་རྒྱུ་བ་ཉིད་ཀྱི་ཕྱིར་རེག་བྱེད་ལ་དོན་ཡོད་ཀྱིས་སོ། །དབང་པོ་ཐམས་ཅད་ལ་རྗེས་སུ་

འགྲོ་བ་ཉིད་ཀྱི་ཕྱིར་ཡིད་ལ་མི་བསྐྱོད་པས་སོ། །དབང་པོའི་རྗེས་སུ་འབྲང་བས་དེའི་ཡུལ་གཟུགས་ལ་སོགས་པ་རྣམས་ཀྱིས་རྒྱས་གདབ་པ་ཁ་ཅིག་ཏུ་གསུངས་ཏེ། ཇི་ལྟར་ཡེ་ཤེས་ཞབས་ཀྱིས་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ལྟར་རོ། །ཁ་ཅིག་ཏུ་ནི་རྣམ་པ་གཞན་དུ་

เล่ม ๗ · หน้า 125b

སྟེ། ཇི་ལྟར་བསྡུས་པའི་རིམ་པ་ལྟར་རོ། །གཏི་མུག་གི་གཞི་ཅན་ཉིད་ཀྱི་ཕྱིར་གཟུགས་ནི་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པའོ། །བསྟོད་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཐོ་བར་ཁེངས་པའི་ཕྱིར་སྒྲ་ལ་རིན་ཆེན་འབྱུང་བས་སོ། །གུར་གུམ་ལ་སོགས་པ་རྣམས་ལ་

རྗེས་སུ་ཆགས་པའི་ཕྱིར་དྲི་ལ་འོད་དཔག་མེད་ཀྱིས་སོ། །ལུས་ཀྱི་ཡན་ལག་ཐམས་ཅད་ཚིམ་པར་བྱེད་ཅིང་རྣམ་པར་རྒྱུ་བ་ཉིད་ཀྱི་ཕྱིར་རོ་ལ་དོན་ཡོད་པས་སོ། །དབང་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རེག་བྱ་ལ་མི་བསྐྱོད་པས་ཏེ། ཆོས་ཀྱི་དབྱིངས་ལ་ཡང་ངོ་ཞེས་པའོ། །

སྲ་ཞིང་མཁྲེགས་པ་ཉིད་ཀྱིས་གཏི་མུག་ཆེན་པོའི་གཞི་ཉིད་ཀྱི་ཕྱིར་ས་ལ་རྣམ་པར་སྣང་མཛད་ཀྱིས་སོ། །ཆུ་ནི་ནམ་མཁའ་བཞིན་པ་ཉིད་ཀྱི་ཕྱིར་དང་ཆད་པ་དང་ཕུག་པ་རྣམས་ཀྱང་དེ་ལྟ་ཁོ་ནར་སྡུད་པས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་མི་བསྐྱོད་པས་སོ། །མེ་དེ་འོད་དང་བཅས་

པའི་རང་བཞིན་ཉིད་ཀྱི་ཕྱིར་འོད་དཔག་མེད་ཀྱིས་སོ། །རྣམ་པར་རྒྱུ་བ་ཉིད་ཀྱི་ཕྱིར་རླུང་ནི་དོན་ཡོད་ཀྱིས་སོ། །གཏི་མུག་དགའ་མ་ལ་སོགས་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་སྤྱན་མ་ལ་སོགས་པ་རྣམས་གཏི་མུག་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་རྒྱས་གདབ་པའོ། །དེ་བཞིན་དུ་གཏི་མུག་ལ་ཉེ་བར་ལོངས་སྤྱོད་པ་

ལས་དང་གཏི་མུག་ཟད་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་གཤིན་རྗེ་མཐར་བྱེད་དང་མི་གཡོ་བ་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པར་བྱའོ། །ང་རྒྱལ་ལ་ཉེ་བར་ལོངས་སྤྱོད་པ་དང་ང་རྒྱལ་ཟད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་རིན་ཆེན་འབྱུང་བས་སོ། །

འདོད་ཆགས་ལ་ལོངས་སྤྱོད་པ་ལས་དང་འདོད་ཆགས་ཟད་པའི་ངོ་བོ་ཉིད་ཀྱི་ཕྱིར་པདྨ་མཐར་བྱེད་དང་དབྱུག་པ་སྔོན་པོ་འོད་དཔག་མེད་ཀྱིས་སོ། །ཕྲག་དོག་ལ་ལོངས་སྤྱོད་པ་དང་ཕྲག་དོག་ཟད་པའི་ངོ་བོ་ཉིད་ཀྱི་ཕྱིར་བདུད་རྩི་འཁྱིལ་པ་དང་སྟོབས་པོ་ཆེ་དོན་ཡོད་ཀྱིས་སོ། །

ཞེ་སྡང་ལ་ལོངས་སྤྱོད་པ་དང་ཞེ་སྡང་ཟད་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་རྒྱལ་པོ་མི་བསྐྱོད་པས་སོ། །འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་སུ་ནི་སེམས་ལས་སྐྱེ་བའི་ཁྱད་པར་གྱི་ངོ་བོ་ཉིད་ཀྱི་ཕྱིར་དང་ཁྲོ་བོའི་ངོ་བོ་ཉིད་ཡིན་པའི་

เล่ม ๗ · หน้า 126a

ཕྱིར་ཁྲོ་བོ་བརྒྱད་རྣམས་མི་བསྐྱོད་པས་རྒྱས་གདབ་པར་བྱའོ། །སེམས་ལས་སྐྱེ་བའི་ཁྱད་པར་ཉིད་ཡོད་ན་ཡང་གཤིན་རྗེ་མཐར་བྱེད་པ་དང་པདྨ་མཐར་བྱེད་དག་སྔར་བཞིན་ཞེས་འདོད་དོ། །གང་ཁ་ཅིག་ཏུ་རིགས་ཀྱི་བདག་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་

སུ་ནང་དུ་འདུས་པར་གསུངས་པ་དེ་རང་གི་ངོ་བོ་ཐ་མི་དད་པར་བསྟན་པའི་དོན་དུའོ། །རིགས་ཀྱི་བདག་པོའི་ཁ་དོག་གི་རིམ་པ་ལས་འདས་པ་ལ་རྒྱུ་དང་ཡང་། ཅི་ལྟར་རྒྱུ་རྡོ་རྗེ་འཛིན་པ་ཐ་མི་དད་པ་ལ་འབྲས་བུ་རྡོ་རྗེ་འཛིན་པ་རྣམས་ཐ་དད་ཅེས་པའི་དོགས་པས་གང་བ་ལ། བཅོམ་

ལྡན་འདས་ཁོ་ནས་གསུངས་པ། རྒྱགས་པས་ཁ་དོག་ཐ་དད་དེ། །རོ་ཡི་སྙིང་ཡང་དེ་བཞིན་ནོ། །རང་གི་རྒྱུ་ནི་དབང་བསྐུར་བས། །འབྲས་བུ་རྟེན་གྱི་དབྱེ་བས་སོ། །སྔགས་ཀྱིས་ཆོས་ནི་དབྱེ་བར་བྱ། །རིག་མའང་ཆོས་ཀྱི་ཕྱག་རྒྱས་སོ། །ཞེས་སོ། །རྒྱགས་པ་ནི་འདིར་

སེམས་སྤྲོ་བའི་ཁྱད་པར་རོ། །དེའི་ཐ་དད་ལས་ས་བོན་ལ་སོགས་པ་རྣམས་ཀྱི་ཁ་དོག་ཐ་དད་པའོ། །རོ་ནི་སོ་སོ་རང་ལ་ཡོད་པའི་བསམ་པའི་འགྱུར་བའི་བྱེ་བྲག་སྟེ། སྙིང་ན་སེམས་སོ། །དེ་ཉིད་ཀྱི་ཕྱིར་དང་པོ་པའི་ས་བོན་ལ་སོགས་པའི་ཁ་དོག་གི་དབྱེ་བ་དང་སྙིང་གའི་ས་

བོན་གྱི་དབྱེ་བ་ཇི་ལྟར་རིགས་པར་བརྗོད་དོ། །རང་གི་རྒྱུ་ནི་ཇི་ལྟར་རིགས་པར་ཞེ་སྡང་ལ་སོགས་པ་རྣམས་ཏེ། དེ་དབང་བསྐུར་བས་ཐ་དད་དེ། །རྒྱས་འདེབས་པ་ལས་སོ། །རྒྱུའི་དབྱེ་བ་ལས་རྒྱས་འདེབས་པའི་དབྱེ་བའོ་ཞེས་པས་གང་དུ་རྒྱས་འདེབས་ཐ་དད་པ་དེར་རྒྱུ་

ཡང་ཐ་དད་པ་ཁོ་ནའོ་ཞེས་རྟོགས་པར་བྱའོ། །དེ་ལྟར་ཁ་དོག་གི་དབྱེ་བ་ལ་སོགས་པ་ལ་ཡང་རྟོགས་པར་བྱའོ། །དེ་ལྟར་རིགས་གཅིག་ཉིད་དུ་ཡོད་ན་ཡང་བསམ་པའི་འགྱུར་བའི་དབྱེ་བ་ལས་དང་། སྤྲོ་བའི་དབྱེ་བ་ལས་ཁྲོ་བོ་ལ་སོགས་པ་རྣམས་ལས་རྡོ་རྗེ་འཛིན་པ་ལ་

སོགས་པ་རྣམས་དབྱེ་བར་འགྱུར་ཞིང་། བསམ་པའི་འགྱུར་བ་ལ་སོགས་པའི་དབྱེ་བ་མེད་ན་ཡང་ཁྲོ་བོ་རྣམས་ཁ་ཅིག་ཞེ་སྡང་གི་རིགས་ཉིད་ཡིན་གྱི་ཞེ་སྡང་གི་ངོ་བོ་ཉིད་མ་ཡིན་ཏེ། སེམས་ལས་སྐྱེ་བའི་ཁྱད་པར་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་ཕྱིར་དང་། མི་

เล่ม ๗ · หน้า 126b

བསྐྱོད་པས་ནི་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྟེན་གྱི་དབྱེ་བ་ལས་ཇི་སྐད་བཤད་པའི་ངོ་བོ་གནས་ཀྱི་ཁྱད་པར་བསྐྱེད་ནས། རྒྱུ་རྡོ་རྗེ་འཛིན་པ་མཚུངས་ན་ཡང་འབྲས་བུའི་རྡོ་རྗེ་འཛིན་པ་ཐ་དད་པའོ། །དེ་ཡང་གཙོ་བོའི་ཕྱིར་འབྲས་བུ་རྡོ་རྗེ་འཛིན་པ་ནི་

སེམས་ཀྱི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པར་རྟོགས་པར་བྱའོ། །ངག་གི་དབང་དུ་བྱས་ནས་གསུངས་པ་ནི་སྔགས་ཀྱིས་ཞེས་པ་ས་བོན་གྱི་ཡི་གེས་ཆོས་ཞེས་པ་ཡི་གེ་གསུམ་ལ་སོགས་པའི་བདག་ཉིད་ཀྱི་སྔགས་སོ། །དེ་ལྟར་རིག་མ་ཡང་སྟེ་ལུས་ཀྱང་

ཆོས་ཀྱི་ཕྱག་རྒྱས་ཞེས་པ་ས་བོན་དེ་ཁོ་ནས་སོ་ཞེས་པ་ཤིན་ཏུ་འཕྲོས་པས་ཆོག་གོ། །འདི་ལྟར་མན་ངག་ཇི་ལྟ་བར་བསྒོམ་པའི་རིམ་པ་ནི་འདིའོ། །སྔ་བར་སྒོམ་པ་དང་རྗེས་སུ་མཐུན་པའི་གནས་སུ་སྟན་བདེ་བ་ལ་ཇི་ལྟར་བདེ་བར་འདུག་པས། ཨོཾ་ཨཱཿཧཱུྃ་ཞེས་

པས་གནས་དང་བདག་དང་རྣལ་འབྱོར་སྲུང་བ་བྱས་ནས། དམ་ཚིག་བསྟེན་པ་སྔོན་མ་ཅན་གྱིས་གཏོར་མ་བྱིན་ཏེ། སྡུག་བསྔལ་བར་གྱུར་པའི་འགྲོ་བ་མ་ལུས་པ་ལ་བལྟས་ནས་སྙིང་རྗེ་བར་གྱུར་བཞིན་པས། ཡུད་ཀྱིས་སྟོང་པ་ཉིད་དུ་མོས་པ་ལས་འཆད་པར་

འགྱུར་བའི་ཕྱག་མཚན་དང་སྐུ་མདོག་ལ་སོགས་པ་དང་ལྡན་པ་ཤེས་རབ་དང་བཅས་པའི་རྡོ་རྗེ་སེམས་དཔར་བདག་ཉིད་ལྷག་པར་མོས་ནས། རང་གི་སྙིང་གར་ཨཾ་ཡིག་ལས་སྐྱེས་པའི་ཟླ་བ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་མངོན་པར་གསལ་བའི་ངོ་བོ། །དབུས་

སུ་སྔོན་པོ་ཉིད་ཀྱིས་དང་ཕྱི་རོལ་དུ་དཀར་པོ་ཉིད་ཀྱིས་དངུལ་ཆུ་འདྲ་བའི་མདོག་ཅན་གྱི་ཧཱུྃ་ཡིག་འོད་ཟེར་ལྔ་འཕྲོ་བ་ཡང་དག་པར་བལྟས་ཏེ། དེའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ལུས་མཐའ་དག་སྣང་བར་བྱས་ནས་ཕྱིར་འཕྲོས་པ་རྣམས་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་

སེམས་དཔའ་དཀྱིལ་འཁོར་བའི་ལྷ་དང་བཅས་པ་འོག་མིན་གྱི་མཐར་ཐུག་པ་བདག་ཉིད་དང་ཉེ་བར་མདུན་གྱི་ནམ་མཁའ་ལ་མར་མེ་ལེན་པའི་རིགས་པས་བཀུག་ནས། ཧཱུྃ་ཡིག་ལ་འོད་ཟེར་ཞུགས་པའི་རྗེས་ཐོགས་སུ་ཅིག་ཅར་སྤྲོས་པའི་ལྷ་མོ་བཅུ་དྲུག་པོ་རྣམས་

เล่ม ๗ · หน้า 127a

ཀྱིས་མཆོད་པར་བྱའོ། །དེ་ལ་གླིང་བུ་མ་དང་པི་ཝང་མ་དང་རྔ་ཟླུམ་མ་དང་རྫ་རྔ་མ་དང་བཞད་མ་དང་སྒེག་མོ་དང་གླུ་མ་དང་གར་མ་དང་མེ་ཏོག་མ་དང་བདུག་པ་མ་དང་མར་མེ་མ་དང་དྲི་ཆབ་མ་དང་། མེ་ལོང་མ་དང་རེག་བྱ་མ་རྣམས་ཕྱིའི་མཆོད་པ་སྟེ།

རེག་བྱ་མས་སྣ་ཚོགས་པའི་གོས་འབུལ་བའོ། །རོ་མས་གསང་བའི་མཆོད་པས་སོ། །ཆོས་མས་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། རྡོ་རྗེ་སྙེམས་མ་ལ་རབ་ཏུ་ཞུགས་ནས། བཅོམ་ལྡན་འདས་ལ་འཁྱུད་དེ་བདེ་བ་ཆེན་པོའི་རྗེས་སུ་ཆགས་པར་བྱེད་པའི་ཕྱིར་རོ། །དེའི་རྗེས་སུ་ཕྱག་

འཚལ་ཞིང་། བདག་ཉིད་ཀྱི་སྡིག་པ་བདག་གིས་འཆགས་ཤིང་སླར་ཡང་མི་བགྱིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དང་སོ་སོའི་སྐྱེ་བོ་རྣམས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །བདག་ཉིད་དང་འགྲོ་བའི་དགེ་བ་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་ཡོངས་སུ་བསྔོ་བར་བགྱིའོ། །བྱང་ཆུབ་ཀྱི་བར་དུ་སངས་རྒྱས་དཀོན་མཆོག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཆོས་དཀོན་མཆོག་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་མཆིའོ། །ཨེ་མ་

མ་ལ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་བགྱིའོ། །དེའི་ལམ་སྒྲུབ་པས་བདེ་བ་ཆེན་པོའི་འཁོར་བའི་སྡུག་བསྔལ་དང་བྲལ་བ། ནམ་མཁའ་ཇི་སྲིད་པར་རྒྱུན་མི་འཆད་པར་འབྱུང་བ། དེ་བཞིན་ཉིད་དང་རོ་གཅིག་པ་ལ་སེམས་ཅན་རྣམས་

ཐམས་ཅད་དགོད་པར་བགྱིའོ་ཞེས་སྡིག་པ་བཤགས་པ་ལ་སོགས་པ་བྱ་བའམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་རྗེས་ཐོགས་སུ། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ནས་སེམས་ཅན་མྱ་ངན་

འདས་ལ་དགོད། །ཅེས་པའི་མཐའ་ཐུག་པ་དོན་མངོན་དུ་བྱེད་ཅིང་བཀླག་པར་བྱའོ། །དེ་ལྟར་དགེ་བའི་ཚོགས་ཉེ་བར་བསགས་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ། འགྲོ་བ་དེ་ཉིད་ལྟ་བའི་དྲ་བས་འཁྲུགས་པ་ལ་བལྟས་ནས་གདོན་པར་འདོད་

เล่ม ๗ · หน้า 127b

པས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཅིག་དང་དུ་མའི་རང་བཞིན་མེད་པའི་ཕྱིར་དང་མ་སྐྱེས་པ་ཉིད་ཀྱི་ཕྱིར་དངོས་པོ་རྣམས་དང་དེའི་རྒྱུ་རྣམས་ཀྱང་མ་དམིགས་པ་སྟེ། དངོས་པོ་མ་གྲུབ་ན་དངོས་པོ་མེད་པ་ཡང་མི་འགྲུབ་པའི་ཕྱིར་དེ་ལ་ཡང་མི་གནས་པ་སྟོང་

པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་ཆོས་རྣམས་ཐམས་ཅད་བསྒོམ་པ་བསྐྱེད་པར་བྱའོ། །དེ་ནས། ཨོཾ་ཨཱཿཧཱུྃ་གི་ངོ་བོར་བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་སྟེང་དང་འོག་དང་འོག་ཏུ་གནས་པ་གཟུགས་བརྙན་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་པར་རྟོག་

ཅིང་། ཨོཾ་ཡིག་ཨཱཿཡིག་ལ་དང་། ཨ་ཡིག་གདན་དང་བཅས་པ་ཧཱུྃ་ཡིག་ལ་དང་། ཨུ་ཡིག་ཧ་ཡིག་ལ་དང་དེ་མགོ་བོ་ལ་དང་། མགོ་བོ་ཟླ་བ་ཕྱེད་པ་ལ་དང་། དེ་ཐིག་ལེ་ལ་དང་ཐིག་ལེ་ནཱ་ད་ལ་ནང་དུ་གཞུག་སྟེ། སྐྲའི་རྩེ་མོ་བརྒྱ་ཕྲག་སྟོང་གི་ཆའི་ཚད་དུ་གཞག་

ནས་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱི་དོན་མངོན་དུ་བྱེད་པས། ཆོས་ཐམས་ཅད་མི་དམིགས་པའི་བདག་ཉིད་སྟོང་པ་ཉིད་ལ་རབ་ཏུ་གཞུག་ཅིང་ནཱ་ད་ཙམ་གྱི་རྣམ་པར་རྟོག་པ་ཡང་ཡོངས་སུ་དོར་བར་བྱའོ། །དེའི་རྗེས་

སུ་སྙིང་རྗེ་ཆེན་པོའི་དབང་གིས། ནཱ་དའི་ངོ་བོར་བདག་ཉིད་སྲིད་པ་བར་དོའི་རང་བཞིན་ནམ་མཁའ་ལ་གཞག་ནས། སྣ་ཚོགས་ཆུ་སྐྱེས་ལ་རཾ་ལས་སྐྱེས་པའི་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུྃ་ཡིག་གི་འོད་ཟེར་ལས་སྐྱེས་པའི་འབར་

བའི་རྡོ་རྗེའི་ཚོགས་རྣམས་ཀྱིས་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ར་བ་དང་གུར་དང་མདའི་དྲ་བ་དང་བླ་རེ་དང་། འོག་ཏུ་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་རྗེས་སུ་བསམས་ནས། དེའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་བྷྲཱུཾ་ཡོངས་

སུ་གྱུར་པ་ལས་འཁོར་ལོ་སེར་པོ་གཡས་སྐོར་དུ་འཁོར་བ་རྩིབས་བཅུ་པའི་ལྟེ་བའི་དབུས་ཀྱི་བར་སྐབས་སུ་གནས་པའི་བདག་ཉིད་འཆད་པར་འགྱུར་བའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་སེམས་དཔར་ལྷག་པར་མོས་ཏེ། རང་གི་སྙིང་གའི་

เล่ม ๗ · หน้า 128a

ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཁྲོ་བོ་བཅུས་ཡོངས་སུ་བསྐོར་བའི་མི་བསྐྱོད་པ་སྤྱན་དྲངས་པ་ཁ་ནས་བཅུག་པ་ཞུ་བར་གྱུར་པ་ལྷ་མོའི་མཚོ་སྐྱེས་སུ་ཁྲོ་བོའི་ཚོགས་དང་བཅས་པའི་མི་བསྐྱོད་པར་བལྟས་ཤིང་། ཧཱུྃ་ཞེས་བརྗོད་ལ་མི་བསྐྱོད་པ་སྤྲོས་ནས་རང་

གི་ལུས་དང་རོ་མཉམ་པར་བྱས་ཏེ། རྡོ་རྗེ་སེམས་དཔའི་གཟུགས་ཡོངས་སུ་གྱུར་པས་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཀྱི་ཧཱུྃ་ཡིག་བཅུ་པོ་རྣམས་ཀྱི་ཁྲོ་བོ་བཅུ་རྣམས་སྤྲོ་བར་བྱའོ། །གང་གསུང་བར་འགྱུར་བ། ཁམས་གསུམ་རྣམ་པར་རྒྱལ་གྱུར་ནས། །བགེགས་རྣམས་

ཐམས་ཅད་བསྐྲད་པར་བྱ། །སླར་ཡང་ཁྲོ་བོ་རྣམ་རྒྱལ་གྱུར། །ཞལ་གསུམ་ཕྱག་དྲུག་པར་བསྒོམས་ཏེ། །ཁྲོ་བོའི་སྤྲིན་རྣམས་སྤྲོ་བར་བྱ། །ཞེས་སོ། །དེ་ལ་རྡོ་རྗེ་ཧཱུྃ་མཛད་ཁྲོས་པ་འཇིག་པའི་དུས་ཀྱི་མེ་ལྟར་འབར་བའི་མེ་ལྕེའི་ཚོགས་ཅན། འགྲོ་བ་མ་ལུས་

པའི་བགེགས་ཀྱི་ཚོགས་དབང་མེད་པ་རྣམས་ཟ་བ་ལྟ་བུ་སྔོན་པོ་དང་སེར་པོ་དང་ལྗང་གུའི་རྩ་བ་དང་གཡས་པ་དང་ཅིག་ཤོས་ཀྱི་ཞལ་གསུམ་གདངས་ཤིང་རྣམ་པར་འགྱུར་བ་ཅན། མཆེ་བ་གཙིགས་ཤིང་ལྗགས་འགྱུར་བ། ཤིན་ཏུ་འཇིགས་སུ་རུང་བ། ཞལ་སོ་

སོ་ལ་སྨིན་མ་འཁྱོག་ཅིང་གཡོ་བ་དང་བཅས་པའི་སྤྱན་གསུམ་དམར་ཞིང་ཟླུམ་པ་ཡང་ཡང་དུ་ཧཱུྃ་ཡིག་སྒྲོགས་པས་ང་རོ་འདོན་ཅིང་ཕྱོགས་སུ་ལྟ་བ། དཔྲལ་བའི་སྟེང་དུ་ཡོངས་སུ་བསྐོར་བའི་ཐོད་པ་ལྔའི་ཕྲེང་བ་ཅན་མགུལ་བར་འཕྱང་བའི་ཁྲག་འཛག་ཅིང་།

དྲི་ང་བའི་མགོ་བོ་ལྔ་བཅུའི་ཕྲེང་བ་ཅན། ཡིད་དུ་འོང་བའི་མིའི་རུས་པའི་རང་བཞིན་གྱི་འཁོར་ལོ་ཅན་དང་རྣ་རྒྱན་དང་མགུལ་རྒྱན་དང་ཕྱག་གདུབ་དང་མགོ་བོའི་སྐེ་རགས་ཀྱིས་བརྒྱན་པ། སྟག་གི་པགས་པའི་གོས་བཤུས་པ། མི་རུས་ལས་བྱུང་བའི་ཐལ་བའི་རྡུལ་གྱིས་

བྱུགས་པ། མཐའ་ཡས་སྔོན་པོས་དབུ་སྐྲ་དམར་སེར་གྱེན་དུ་འབར་བ་དཀྲིས་པ། འཇོག་པོ་དམར་པོས་རྣ་བའི་རྒྱན་དུ་བྱས་པ། །པདྨའི་རྩ་བ་ལྟར་དཀར་བའི་པདྨ་ཆེན་པོས་དོ་ཤལ་བྱས་པ། དཱུར་བ་ལྟར་ལྗང་བའི་སྟོབས་ཀྱི་རྒྱུས་སེ་རལ་ཁར་བྱས་པ། ནོར་

เล่ม ๗ · หน้า 128b

རྒྱས་དཀར་པོས་སྐེ་རགས་བྱས་པ། ཀུན་ད་ལྟར་དཀར་བའི་པདྨས་རྐང་གདུབ་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། དུ་བ་ལྟ་བུ་ཁྲ་བོའི་རིགས་ལྡན་གྱིས་དཔུང་རྒྱན་བྱས་པ། རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ཕྱག་

དག་གིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་རང་འདྲའི་ཤེས་རབ་མ་ལ་སྙོམས་པར་ཞུགས་པ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཤིང་། །དཔུང་པ་རྡོ་རྗེ་མཉམ་གཞག་ནས། །མཐེའུ་ཆུང་ལྕགས་ཀྱུ་བཅིང་བྱས་པ། །སྡིགས་མཛུབ་གཉིས་ཀྱིས་

བསྡིགས་པ་ནི། །འཇིག་རྟེན་གསུམ་རྒྱལ་ཞེས་བྱའོ། །ཞེས་དེ་ཁོ་ན་ཉིད་འདུས་པར་ཏེ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྤྲད་ནས་སྡིགས་མཛུབ་གཉིས་བརྐྱང་བ་དང་ཕྱག་གཡས་པ་དག་ན་ལྕགས་ཀྱུ་དང་ཞགས་པ་དག་དང་། གཡོན་པ་དག་ན་ཐོད་པ་དང་ཁ་

ཊྭཱཾ་ག་དག་སྟེ། གཡས་བརྐྱང་གི་སྟབས་ཀྱིས་ཞབས་གཉིས་ཀྱིས་འཇིགས་བྱེད་དང་དུས་མཚན་མནན་པའོ། །དེའི་འོག་ཏུ་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའོ། །དེ་ལྟར་རྡོ་རྗེ་ཧཱུྃ་མཛད་དུ་བདག་ཉིད་རྣམ་པར་བསམས་ནས། ཁྲོ་བོ་རྣམས་འབྱིན་བཞིན་

པར་བསམ་པར་བྱའོ། །དེ་ལ་གཤིན་རྗེ་གཤེད་རང་དང་འདྲ་བའི་རྡོ་རྗེ་རོ་ལངས་མ་ལ་ཡང་དག་པར་འཁྱུད་པ། རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པ། ཤར་གྱི་རྩིབས་ལ་གནས་པ་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་ཕྱག་གཡས་པ་རྣམས་སུ་རྡོ་རྗེ་ལྕགས་

ཀྱུ་དང་འཁོར་ལོ་དང་རྡོ་རྗེ་རྣམས་ཏེ། གཡོན་པ་རྣམས་སུ་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དང་དགྲ་སྟ་རྣམས་སོ། །ལྷོར་གཞན་གྱིས་མི་ཐུབ་པ་རང་དང་འདྲ་བའི་གཞན་གྱིས་མི་ཐུབ་མ་ལ་འཁྱུད་པ་རིན་འབྱུང་གིས་རྒྱས་བཏབ་པ།

དཀར་པོ་དང་ནག་པོ་དང་དམར་བའི་ཞལ་ཅན་ཏེ། གཡས་པ་རྣམས་སུ་རྡོ་རྗེ་ཞགས་པ་དང་རྡོ་རྗེ་དང་རལ་གྲི་དང་། གཡོན་པ་རྣམས་སུ་སྙིང་གར་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟའོ། །ནུབ་ཏུ་རྟ་མགྲིན་རང་དང་འདྲ་བའི་ཁྲོ་གཉེར་ཅན་མ་ལ་ཡང་དག་པར་

เล่ม ๗ · หน้า 129a

སྦྱོར་བ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན། དམར་པོ་དང་ནག་པོ་དང་དཀར་བའི་ཞལ་ཅན་ཏེ། གཡས་པ་རྣམས་སུ་ལྕགས་སྒྲོག་དང་པདྨ་དང་རལ་གྲི་དང་། གཡོན་པ་རྣམས་སུ་དྲིལ་བུ་དང་དགྲ་སྟ་དང་། ཞགས་པའོ། །བྱང་དུ་བགེགས་དགྲ་རང་

འདྲའི་རལ་གཅིག་མ་དང་ལྡན་པ། དོན་ཡོད་གྲུབ་པས་རྒྱས་བཏབ་པ། སྔོན་པོ་དང་དཀར་བ་དང་དམར་བའི་ཞལ་ཅན། གཡས་པ་རྣམས་སུ་རྡོ་རྗེ་དྲིལ་བུ་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་སྟེ། གཡོན་པ་རྣམས་སུ་སྡིགས་མཛུབ་ཅན་གྱི་ཞགས་པ་དང་གཏུན་ཤིང་དང་

དགྲ་སྟའོ། །དབང་ལྡན་དུ་གཏུམ་པོ་ཆེན་པོར་ཁྲོ་བ་རང་དང་འདྲ་བའི་སྣ་ཚོགས་རྡོ་རྗེ་མ་དང་ལྡན་པ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པ། ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན། གཡས་པ་རྣམས་སུ་རལ་གྲི་དང་འཁོར་ལོ་དང་རྡོ་རྗེ་དང་། གཡོན་པ་

རྣམས་སུ་སྡིགས་མཛུབ་དང་དགྲ་སྟ་དང་ཞགས་པའོ། །མེ་མཚམས་སུ་འདོད་པའི་རྒྱལ་པོ་རང་འདྲའི་སྣ་ཚོགས་རིན་ཆེན་མ་ལ་འཁྱུད་པ་རིན་འབྱུང་གི་ཅོད་པན་ཅན། ནག་པོ་དང་དཀར་བ་དང་དམར་བའི་ཞལ་ཅན། ཁུ་ཚུར་གཉིས་རྒྱབ་སྤྲད་ཅིང་མཐེ་ཆུང་

གཉིས་ལྕགས་སྒྲོག་ཏུ་སྦྲེལ་བས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་འཛིན་པ། གཡས་པ་དག་ན་ལྕགས་ཀྱུ་དང་རལ་གྲི་དག་དང་ཅིག་ཤོས་དག་ན་རྡོ་རྗེ་དང་ཞགས་པ་དག་གོ། །བདེན་བྲལ་དུ་ཧཱུྃ་ཞེས་པས་དབྱུག་པ་སྔོན་པོ་རང་འདྲའི་སྣ་ཚོགས་པདྨ་ལ་འཁྱུད་པ་འོད་

དཔག་མེད་ཀྱི་ཅོད་པན་ཅན། ཞལ་སྔོན་པོ་དང་དཀར་བ་དང་དམར་བ་དང་། གཡས་རྣམས་སུ་དབྱུག་པ་དང་རལ་གྲི་དང་འཁོར་ལོ་རྣམས་ཏེ། གཡོན་པ་རྣམས་སུ་སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་དགྲ་སྟའོ། །རླུང་མཚམས་སུ་ཧཱུྃ་

ཞེས་པ་ལས་སྟོབས་པོ་ཆེ་རང་དང་འདྲ་བའི་སྣ་ཚོགས་ལས་མ་ལ་སྙོམས་པར་ཞུགས་པ། རྔ་སྒྲའི་དབུ་རྒྱན་ཅན་ཞལ་ནག་པོ་དང་དཀར་པོ་དང་དམར་བ། གཡས་པ་རྣམས་སུ་རྩེ་གསུམ་པ་དང་རལ་གྲི་དང་། འཁོར་ལོ་རྣམས་དང་ཅིག་ཤོས་རྣམས་སུ་སྙིང་

เล่ม ๗ · หน้า 129b

གར་སྡིགས་མཛུབ་ཞགས་པ་དང་པདྨ་དང་དགྲ་སྟའོ། །སྟེང་དུ་ཧཱུྃ་ཞེས་པའམ་བྷྲཱུཾ་ཞེས་པ་ལས་གཙུག་ཏོར་འཁོར་ལོ་ཅན་རང་འདྲའི་ནམ་མཁའ་རྡོ་རྗེ་མ་ལ་ཡང་དག་པར་སྦྱོར་བ། མི་བསྐྱོད་པས་རྒྱས་བཏབ་པ། སེར་པོ་དང་དཀར་བ་དང་དམར་བའི་ཞལ་ཅན་

ཕྱག་དག་གིས་གཙུག་ཏོར་སྤྱི་བོར་འཛིན་ཅིང་། གཡས་པ་དག་ན་འཁོར་ལོ་དང་པདྨ། གཡོན་པ་དག་ན་སྡིགས་མཛུབ་དང་རལ་གྲི་དག་གོ། །འོག་ཏུ་ཧཱུྃ་ཞེས་པ་ལས་གནོད་མཛེས་རང་དང་འདྲ་བའི་ས་འཛིན་མ་ལ་སྙོམས་པར་ཞུགས་པ། མི་བསྐྱོད་པས་

རྒྱས་བཏབ་པ། ནག་པོ་དང་དཀར་བ་དང་དམར་བའི་ཞལ་ཅན། གཡས་པ་རྣམས་ན་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་རྣམས་དང་། གཡོན་པ་རྣམས་ན་སྙིང་གར་སྡིགས་མཛུབ་ཞགས་པ་དང་། པདྨ་དང་རལ་གྲིའོ། །འདི་རྣམས་ཐམས་ཅད་ཀྱང་རང་རང་

གི་རྩིབས་ཀྱི་རྩེ་མོའི་སྟེང་དུ་ཅུང་ཟད་མ་རེག་པའི་སྣ་ཚོགས་པདྨ་དང་ཉི་མ་རྣམས་ལ་གཡས་བརྐྱང་གི་ཟླ་བའི་སྟབས་ཀྱིས་གནས་པ། ཞལ་དང་པོ་དང་འདྲ་བའི་མདོག་ཅན། ཞལ་རྣམས་ནི་དང་པོ་དང་གཡས་པ་དང་གཡོན་པའི་རིམ་པ་སྟེ་ཤིན་ཏུ་ཁྲོ་བ་སྤྱན་གསུམ་

དམར་ལ་ཟླུམ་པ། འབར་ཞིང་སྒྲ་སྒྲོགས་པ་ཤིན་ཏུ་འཇིགས་པ་བསྒོམ་པར་བྱའོ། །གཙུག་ཏོར་དང་འདོད་པ་དང་མི་གཡོ་བ་དང་གནོད་མཛེས་རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན་རྣམ་པ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་རོལ་པའོ། །དེ་ལས་གཞན་རྣམས་ནི་

དབུ་སྐྲ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ་སྣ་ཚོགས་པའི་སྦྲུལ་རྒྱན་ཅན། མགོ་ལ་ཐོད་པ་ལྔ་འཆང་བ། །འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། མགྲིན་པར་འཕྱང་བའི་མགོ་བོའི་ཕྲེང་བ་ཅན། སྦོམ་ཞིང་ལྟོ་བ་ཆེ་བ་རྣམས་ཏེ། ཐམས་ཅད་ཀྱང་

གདན་དང་བཅས་པར་མི་གཡོ་བའོ། །འཁོར་ལོ་ཡང་ཤིན་ཏུ་འཁོར་བས་གཡོ་བ་མེད་པ་ལྟ་བུ། ཀུན་ནས་བར་མི་འཆད་པར་འབར་བའི་ཚོགས་དུ་མ་འཕྲོ་བར་བལྟ་བར་བྱའོ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་

เล่ม ๗ · หน้า 130a

རྒྱའི་གཡོན་པའི་སྡིགས་མཛུབ་དང་མཐེ་བོང་གིས་སེ་གོལ་བྱས་པ་ལས་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་རྣམས་རང་རང་གི་གནས་སུ་རང་གི་སྐུ་གཉིས་པ་སྤྲུལ་ཏེ་འོངས་ནས་མདུན་དུ་བཞུགས་པ་ཅི་བགྱི་ཞེས་བཀའ་

ནོད་པ་རྣམས་ལ་གྲངས་ཇི་ལྟ་བར། ཨོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ་ཧཱུྃ། ཨོཾ་བཛྲ་པཱ་ཤ་བནྡྷ་ཧཱུྃ། ཨོཾ་བཛྲ་ཀཱ་ལི་ཏརྫ་ཡ་ཧཱུྃ། ཨོཾ་བཛྲ་མུཥྚི་གྲྀ་ཧྞཱ་ཧཱུྃ་ཞེས་པའི་སྔགས་བཞི་རྣམས་ཀྱིས་བཀའ་བསྒོ་བར་བྱའོ། །དེ་རྣམས་ནི་ཕྱོགས་བཅུ་རྣམས་སུ་སོང་ནས་བགེགས་ཀྱི་བདག་པོ་

རྣམས་ལྕགས་ཀྱུས་བཀུག་ཅིང་ཞགས་པས་མགྲིན་པར་བཅིངས་ལ་ཡང་དག་པར་བསྡིགས་ཏེ། ཁུ་ཚུར་གྱིས་བཟུང་ནས། ཁྲོ་བོ་བཅུ་རྣམས་ལ་གཏོད་དོ། །ཁྲོ་བོ་རྣམས་ཀྱིས་ཀྱང་ཕྱག་གཡོན་པས་ལྟེ་བ་ལས་འོག་ཏུ་རྡོ་རྗེ་རྩེ་གཅིག་པའི་རྣམ་པས་སྟེང་དུ་བདག་ཉིད་ཀྱི་གཟུགས་ཅན་གྱི་ཕུར་བ་བཟུང་ནས།

སྒྲ་རིང་པོར་བརྗོད་པའི་ཧཱུྃ་ཡིག་ལས་གྲུབ་པའི་རང་རང་གི་ཕྱོགས་ཀྱི་རྩིབས་ཀྱི་རྩེ་མོ་དང་ཉེ་བའི་ཁྲོན་པར་བགེགས་རྣམས་བཅུག་སྟེ། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་ཧཱུྃ་ཞེས་བརྗོད་པ་སྔན་མ་ཅན། མགོ་བོ་ལ་ཕུར་བུས་འདེབས་ཤིང་། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཞེས་གསུངས་

ཤིང་ཕྱག་གཡས་པས་བཟུང་བའི་རྡོ་རྗེ་ཐོ་བ་འབར་བས་བརྡུང་བར་བསམས་ཏེ། བརྡུང་བ་དང་ཕུར་པ་འདེབས་པ་དག་གིས་བགེགས་ཀྱི་ཚོགས་བདེ་བ་ཆེན་པོ་དེ་བཞིན་ཉིད་གཅིག་པའི་ངོ་བོར་བསམ་པར་བྱ་ཞིང་བགེགས་ལྷག་མ་རྣམས་རིང་དུ་འབྲོས་བཞིན་པ་སྟེ།

དེ་ལྟར་སྟེང་དང་འོག་དང་ལོགས་སུ་འཁོར་ལོའི་ཁོར་ཡུག་ཆེན་པོའི་མཐར་ཐུག་པར་འགྲོ་བ་རྣམ་པ་ཐམས་ཅད་དུ་བགེགས་མེད་པར་ལྷག་པར་མོས་ནས། འཁོར་ལོའི་ལྟེ་བའི་དབུས་ཀྱི་ནང་དུ་བདག་ཉིད་ཀྱི་འོག་ཏུ་ཡྃ་ལས་སྐྱེས་པ་བ་དན་གཉིས་པ་ཅན་གཞུ་ལྟ་བུ་སྔོན་

པོའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ཡིག་ཡོངས་སུ་གྱུར་པ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འབར་བ་བདུན་འདྲེན་པ་སྟེ། དེའི་སྟེང་དུ་བྃ་ལས་བྱུང་བ་བུམ་པས་མཚན་པ་ཟླུམ་ཞིང་དཀར་བའི་ཆུའི་དཀྱིལ་འཁོར་ལ་གནས་པའི་ལྃ་ཡིག་ལས་སྐྱེས་པ་རྡོ་

เล่ม ๗ · หน้า 130b

རྗེས་མཚན་པ་གྲུ་བཞི་པ་འདོད་པར་བྱ་བའི་གསེར་གྱི་སའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུྃ་སུཾ་ཧཱུྃ་ཡོངས་སུ་གྱུར་པའི་རི་རབ་རྣམ་པར་བསམས་ཏེ། དེར་ཡུད་ཀྱིས་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཡོངས་སུ་གྱུར་པས་འཆད་པར་འགྱུར་བའི་ཕྱག་མཚན་ལ་སོགས་པ་དང་ལྡན་

པའི་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པའི་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་ནམ་མཁའི་ཚུལ་ཅན། འོག་ཏུ་ཕྲ་ཞིང་སྟེང་ཡངས་པ། འོག་ཟུར་ནས་བྱུང་བའི་སྣ་ཚོགས་པའི་འདབ་མ་ཅན་གྱི་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེས་བརྒྱན་པ་བསམ་མོ། །སྣ་ཚོགས་རྡོ་རྗེའི་ལྟེ་

བ་ནི་སྔོན་པོ་སྟེ། ཕྱོགས་སོ་སོའི་རྭ་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་མཚུངས་པའི་ཁ་དོག་ཅན་ནོ། །དེའི་དབུས་སུ་བྷྲཱུཾ་ཡིག་ལས་སྐྱེས་ཤིང་དེས་བྱིན་གྱིས་བརླབས་པའི་འཁོར་ལོ་རྩིབས་བརྒྱད་པ་ལས་ཡང་དག་པར་བྱུང་བའི་རྣམ་པར་སྣང་མཛད་ཡོངས་

སུ་གྱུར་པས། གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ། དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་རྣམ་པར་བཀྲ་བས་མཛེས་པས་བརྟེན་པ། སྣ་ཚོགས་འདབ་མ་ཅན་གྱི་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་གདན་སུམ་ཅུ་རྩ་བདུན་རྣམས་དང་ལྡན་པའི་ཁང་པ་བརྩེགས་

པ་བསྒོམ་མོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་མཐའ་ཡས་པ་ཁྱབ་པའི་སངས་རྒྱས་བྱོན་པ་རྣམས། ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཉིས་འགྱུར་གྱི་དབྱངས་དང་། ཡ་ར་ལ་ཝ་ཌ་ཌྷ་ལྷག་པའི་གསལ་བྱེད་ཉིས་འགྱུར་གྱི་གཟུགས་རྣམས་སུ་མོས་ཏེ། ཁང་

པ་བརྩེགས་པའི་ནང་ན་གནས་པའི་བདག་ཉིད་ནཱ་དའི་ངོ་བོ་ལ་བཅུག་པ་རྣམས་རང་གི་སེམས་དང་ཐ་མི་དད་པར་མོས་ནས་དེ་ལས་གདན་དབུས་མའི་སྟེང་དུ་འཕྲོས་པ་རྣམས་དབྱངས་ཀྱི་ཕྲེང་བ་གཉིས་ཀྱི་གཟུགས་སུ་བརྟགས་ཏེ། དེ་ཡོངས་སུ་གྱུར་པ་ཟླ་བ་དཀར་པོ་དེའི་

རྣམ་པ་གཟུགས་བརྙན་དུ་ཤར་བ་བསྒོམ་ཞིང་། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་པའི་སྔགས་ནང་གི་བརྗོད་པས་བྱིན་གྱིས་བརླབ་བོ། །གསལ་བྱེད་ཀྱི་ཕྲེང་བ་གཉིས་ཀྱི་གཟུགས་སུ་ཡང་བརྟགས་ཏེ། དེ་ཡོངས་སུ་གྱུར་པའི་ཟླ་བ་དམར་པོ་དེའི་རྣམ་པ་གཟུགས་

เล่ม ๗ · หน้า 131a

བརྙན་དུ་བྱས་པ་བལྟ་ཞིང་། ཨོཾ་བོ་དྷི་ཙིཏྟཾ་ཨུཏྤཱ་ད་ཡཱ་མི་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེའི་དབུས་སུ་སྔར་གནས་པའི་བར་དོའི་སྲིད་པ་ནཱ་ད་ལས་ཐིག་ལེ་དང་ཟླ་ཕྱེད་དང་མགོ་བོ་དང་ཧ་དང་ཨུའི་རིམ་པས་རྫོགས་པའི་ཧཱུྃ་ལས་སྐྱེས་

པའི་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུྃ་བསྒོམ་པ་ན། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ལ། ཧཱུྃ་ཡིག་ལས་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲོ་བ་རྫོགས་པའི་སངས་རྒྱས་སུ་བྱས་པ་དེ་རྣམས་ཀྱང་ནང་དུ་འདུས་པ་ན་བྱ་བ་སྒྲུབ་པ་སྟེ། འོད་ཟེར་གྱིས་བསྐུལ་བའི་ནམ་

མཁར་གནས་པའི་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པའི་གཟུགས་སུ་གྱུར་པ་རྣམས་ཧཱུྃ་ཡིག་གི་ནང་དུ་ཆུད་པ་ན། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུྃ་བཾ་ཧོཿསུ་ར་ཏ་སྟྭཾ། ཞེས་པའི་སྔགས་ནང་གི་བཟླས་པས་བསྐུལ་བའི་རྗེས་ཐོགས་སུ་རོ་མཉམ་པར་གྱུར་པ་ཐམས་ཅད་ཡོངས་

སུ་གྱུར་པས་རྡོ་རྗེ་འཆང་སེམས་དཔའ་གསུམ་གྱི་བདག་ཉིད་བསྒོམ་ཞིང་། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། ཞེས་བརྗོད་པར་བྱ་སྟེ། འཛུམ་དང་བཅས་པ་ཅུང་ཟད་དམར་བ་རྗེས་སུ་འབྲེལ་བའི་དཀར་བའི་མདོག་ཅན། རལ་བའི་ཐོར་ཅོག་ནག་པོ་ལ་གནས་པའི་ནོར་

བུ་དང་སྣ་ཚོགས་རྡོ་རྗེ་དང་དེའི་འོག་ཏུ་གཡོན་ངོས་སུ་གནས་པའི་ཟླ་བའི་ཆ་དང་སངས་རྒྱས་ལྔའི་ཅོད་པན་ཅན། དཔྲལ་བའི་སྟེང་དུ་ཐོད་པ་ལྔ་དང་། འཁོར་ལོ་ཅན་དང་རྣ་རྒྱན་དང་མགུལ་རྒྱན་དང་། ཕྱག་གདུབ་དང་སྐེ་རགས་དང་ཐལ་བས་བརྒྱན་པ། ཞལ་གསུམ་པ།

ཞལ་གཡས་པ་དང་ཅིག་ཤོས་སྔོ་བ་དང་དམར་བ། ཞལ་སོ་སོ་ལ་སྤྱན་གསུམ་པ། ཕྱག་དྲུག་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུས་རྣམ་པར་མཛེས་པའི་ཕྱག་ཟུང་གིས་རང་འདྲའི་ཤེས་རབ་མ་ལ་འཁྱུད་ཅིང་མཚོ་སྐྱེས་ལ་གཉིས་སྦྱར་བའི་དགའ་བའི་ཚོགས་དང་ལྡན་པ།

ཕྱག་གཡས་པ་དག་གིས་རལ་གྲི་དང་ལྕགས་ཀྱུ་འཛིན་པ། གཡོན་པར་ཐོད་པ་དང་ཞགས་པ་འཛིན་པ། ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན། །སྣ་ཚོགས་པདྨ་དང་ཐོད་པ་དང་ཟླ་བ་ལ་སྐྱིལ་ཀྲུང་ཕྱེད་པ་གར་གྱི་ཉམས་དགུ་རྣམས་ཀྱི་གར་སྟབས་ཅན་ནོ། །དེའི་

เล่ม ๗ · หน้า 131b

ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡེ་ཤེས་སེམས་དཔའ་དཀར་དམར་ཟླ་བའི་འོད་ཅན། སེམས་དཔའི་སྐྱིལ་ཀྲུང་དང་ལྡན་པ་སངས་རྒྱས་ལྔའི་ཅོད་པན་དང་རིན་པོ་ཆེའི་ཅོད་པན་ཅན་རིན་པོ་ཆེའི་རྒྱན་ཅན། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་

ཀྱིས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པའོ། །དེའི་ཐུགས་ཀར་ཟླ་བ་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ནག་པོའི་གཟུགས་སོ། །དེ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་པས་སེམས་ཅན་གྱི་

ཁམས་སྦྱང་བའི་དོན་དུ། ཤིན་ཏུ་དགའ་བའི་སྒྲས་བསྐུལ་བའི་རྒྱལ་བའི་ཚོགས་རྡོ་རྗེ་འཛིན་པའི་ནང་དུ་ཆུད་པ་ན། ཤེས་རབ་མ་དགྱེས་ཏེ་རང་རང་གི་རིགས་དང་འབྲེལ་བའི་སྤྱན་མ་ལ་སོགས་པ་ལྷ་མོའི་གཟུགས་སུ་ཕྱུང་བ་དེ་རྣམས་ཤེས་རབ་མའི་ནང་དུ་

ཆུད་པ་ན། ཐབས་ཡོངས་སུ་མཉེས་པར་བསྒོམས་ནས། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་རྣམས་ཀྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་ཞལ་དུ་བཅུག་ཅིང་རང་གི་ལུས་ཀྱི་ནང་དུ་བཅུག་སྟེ་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྔོན་མ་ཅན་བྱང་ཆུབ་

སེམས་ཀྱི་ཁུ་བའི་གཟུགས་ཀྱིས། ཤེས་རབ་མའི་པདྨར་སྤྲོས་ལ། དེ་ཡོངས་སུ་གྱུར་པ་མི་བསྐྱོད་པའི་གཙོ་བོ་ཅན་གྱི་དཀྱིལ་འཁོར་དུ་བལྟའོ། །སེམས་ཅན་འདི་ལ་སེམས་ཀྱིས་བཅུག་པ་རྣམས་ཀྱང་། དེ་ལྟ་ཁོ་ནར་སྤྱན་དྲངས་ཤིང་བཅུག་ལ་

ནང་དུ་ཆུད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ཁུ་བ་རྡོ་རྗེ་ནོར་བུར་གནས་པས། དབང་བསྐུར་བ་རྣམ་པ་བྱང་ཆུབ་སེམས་ཀྱི་ཁུ་བའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པ་རྣམས་རང་རང་གི་

ས་བོན་ཡོངས་སུ་གྱུར་པ་ལས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པ་ལས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་ལྷའི་གཟུགས་སུ་གྲུབ་པ་རྣམས་སུ་མ་འོངས་པའི་དེ་བཞིན་གཤེགས་པ་ཉིད་ལ་ལྡེམ་པོར་དགོངས་པས་ལྷག་

เล่ม ๗ · หน้า 132a

པར་མོས་ནས། བློས་རང་རང་གི་འཇིག་རྟེན་གྱི་ཁམས་སུ་བཏང་སྟེ། དཀྱིལ་འཁོར་ཡང་མི་བསམ་མོ། །དེའི་རྗེས་སུ། མིག་ནི་གཏི་མུག་རྡོ་རྗེར་བཤད། །ཅེས་པ་ལ་སོགས་པ་འཆད་པར་འགྱུར་བའི་རིམ་པས། མིག་དག་ཏུ་ཆུ་སྐྱེས་དང་ཟླ་བ་ལ་

འཁོར་ལོ་དང་ཨོཾ་ཡིག་ལས་སྐྱེས་པའི་གཏི་མུག་རྡོ་རྗེ་དཀར་པོ་གཟུགས་རྡོ་རྗེ་མ་ལ་འཁྱུད་པ་བསྒོམ་མོ། །རྣ་བ་དག་ལ་ཆུ་སྐྱེས་དང་ཉི་མ་ལ་རྡོ་རྗེ་དང་ཧཱུྃ་ལས་སྐྱེས་པའི་ཞེ་སྡང་རྡོ་རྗེ་ནག་པོ་སྒྲ་རྡོ་རྗེ་མ་ལ་འཁྱུད་པའོ། །སྣ་བུག་དག་ཏུ་པདྨ་དང་ཉི་མ་ལ་རིན་པོ་ཆེ་དང་ཏྲཱཾ་ཡོངས་སུ་གྱུར་

པ་ལས་སེར་སྣ་རྡོ་རྗེ་སེར་པོ་དྲི་རྡོ་རྗེ་མ་དང་ལྡན་པའོ། །ལྕེའི་རྩ་བར་ཆུ་སྐྱེས་དང་ཉི་མ་ལ་ཨཱཿཡོངས་སུ་གྱུར་པ་འདོད་ཆགས་རྡོ་རྗེ་དམར་པོ་རོ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པའོ། །དཔྲལ་བར་ཆུ་སྐྱེས་དང་ཉི་མ་ལ་རལ་གྲི་དང་ཧཾ་ཡོངས་སུ་གྱུར་པ་ཕྲག་དོག་རྡོ་རྗེ་ལྗང་གུ་རེག་བྱ་

རྡོ་རྗེ་མ་དང་སྙོམས་པར་ཞུགས་པའོ། །སྙིང་གར་པདྨ་དང་ཉི་མ་ལ་རྡོ་རྗེ་ཧཱུྃ་ལས་སྐྱེས་པའི་དབང་ཕྱུག་རྡོ་རྗེ་དཀར་པོ་ཆོས་ཀྱི་དབྱིངས་རྡོ་རྗེ་མ་ལ་སྙོམས་པར་ཞུགས་པའོ། །གཏི་མུག་རྡོ་རྗེ་ལ་སོགས་པ་འདི་རྣམས་ནི་ནང་གི་སྐྱེ་མཆེད་རྣམ་པར་དག་པའི་རང་

བཞིན་ལྷའི་མིག་ལ་སོགས་པ་སྟེར་བ་པོ་རིམ་པ་ཇི་ལྟ་བར་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོའི་མིང་གཞན་རྣམས་ཏེ། རྣམ་པར་སྣང་མཛད་དང་མི་བསྐྱོད་པ་

དང་། རིན་ཆེན་འབྱུང་བ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། རལ་བའི་ཅོད་པན་ཅན། སྤྱན་གསུམ་པ། ཕྱག་རྒྱ་ལྔ་དང་ལྡན་པ་ཞལ་གཅིག་པ་ཕྱག་གཉིས་པ། ཕྱག་གཡས་པས་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་

དང་། པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་དཀར་པོ་འཛིན་པ། གཡོན་པས་རྡོ་རྗེ་དྲིལ་བུ་འཛིན་པ། གཡས་བརྐྱང་གི་རྐང་སྟབས་ཅན་རྣམས་སོ། །འདི་རྣམས་ཀྱི་ཤེས་རབ་ནི་ཛཿཧཱུྃ་བཾ་ཧོཿཁྃ་རྃ་གྱི་ས་བོན་ལས་སྐྱེས་པ་ཕྱིའི་སྐྱེ་མཆེད་རྣམ་པར་དག་

เล่ม ๗ · หน้า 132b

པའི་ངོ་བོ་རང་འདྲ་རྣམས་ཏེ། འོན་ཀྱང་གཡས་བརྐྱང་གི་ཟླ་བོའི་ཞབས་སྟབས་ཅན། ཕྱག་གཡས་པས་མེ་ལོང་དང་པི་ཝང་དང་དྲིའི་དུང་དང་བཅུད་ཀྱི་སྣོད་དང་། ན་བཟའ་སྣ་ཚོགས་དང་ཆོས་འབྱུང་འཛིན་པ། གཡོན་པས་རྡོ་རྗེ་དྲིལ་བུ་འཛིན་པ་རྣམས་སོ། །སྒྲ་རྡོ་རྗེ་

མ་ནི་གཡོན་པས་ཀྱང་པི་ཝང་འཛིན་པ་རིན་ཆེན་འབྱུང་བའི་ཅོད་པན་ཅན་ནོ། །ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོའི་པདྨ་དང་ཟླ་བ་རྣམས་ལ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་སོ། །གསང་བར་པདྨ་དང་ཟླ་བ་ལ་པདྨ་འབར་བ་མ་

དུ་བའི་མདོག་ཅན་ཞལ་གསུམ་པ། ཞལ་གཡས་པ་དང་ཅིག་ཤོས་དཀར་བ་དང་དམར་བ། ཕྱག་གཡས་པ་གསུམ་ལྕགས་ཀྱུ་དང་ཚངས་པའི་མགོ་བོ་དང་གྲི་གུག་གིས་མཛེས་པ། ཕྱག་གཡོན་པ་གསུམ་ན་ཐོད་པ་དང་ཁ་ཊྭཱཾ་ག་དང་ཞགས་པ་འཛིན་པ་སྤྱན་གསུམ་པ་

ཕྱག་རྒྱ་ལྔ་ཅན་སྐྲ་གྲོལ་བ་གཅེར་བུ་གཡས་བརྐྱང་གི་ཞབས་སྟབས་ཅན་ནོ། །ལྷ་མོ་ལྔ་པོ་འདི་རྣམས་ནི་རིམ་པ་ཇི་ལྟ་བར་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་རྣམ་པར་དག་པའི་རང་བཞིན་རྣམས་ཏེ། རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་འོད་

དཔག་མེད་དང་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་བ་དང་གཟུགས་དང་རྣམ་པར་ཤེས་པ་དང་འདུ་ཤེས་དང་འདུ་བྱེད་དང་ཚོར་བའི་ཕུང་པོ་རྣམ་པར་དག་པའི་རང་བཞིན་རྣམས་ཀྱིས་འཁྱུད་ཅིང་རྒྱས་བཏབ་པའོ། །པདྨ་འབར་བ་མ་ནི་མཱ་མ་ཀཱི་བཞིན་ནོ་ཞེས་

གསུངས་པའི་ཕྱིར་མི་བསྐྱོད་པས་རྒྱས་བཏབ་པའོ། །གཟུགས་ལ་སོགས་པའི་ཕུང་པོའི་དེ་བཞིན་ཉིད་ལ་རྡོ་རྗེ་སེམས་དཔའ་ནི་སྤྱི་གཙུག་ཏུ་པདྨ་དང་ཟླ་བ་ལ་རྡོ་རྗེ་འབར་བ་མ་ལ་འཁྱུད་པ་སྟེ། དེ་ནི་ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པའི་ངོ་བོའོ། །མགོ་བོ་

དང་མགྲིན་པ་དང་སྙིང་ག་རྣམས་སུ་རྣམ་པར་སྣང་མཛད་དང་འོད་དཔག་མེད་དང་མི་བསྐྱོད་པ་ཤེས་རབ་དང་བཅས་པ་ནི་ལུས་དང་ངག་དང་སེམས་རྣམ་པར་དག་པའི་ངོ་བོའོ། །སའི་སྙིང་པོ་ལ་སོགས་པའི་ལྷ་འདི་རྣམས་ནི་ཡང་དག་པར་སྦྱར་བའི་བདེ་བ་ཆེན་པོ་

เล่ม ๗ · หน้า 133a

ཞུ་བར་གྱུར་ནས་སྐྱེ་མཆེད་དང་ཁམས་དང་ཕུང་པོ་དང་ལུས་ལ་སོགས་པ་རྣམས་ལ་ནང་དུ་ཐིམ་པར་བྱའོ། །དེའི་རྗེས་སུ་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་པ་འཆད་པར་འགྱུར་བའི་སྔགས་རྣམས་ཀྱིས་གོ་ཆ་བསམ་པར་བྱ་སྟེ། སྙིང་གར་ཨོཾ་ཧ་ཡོངས་སུ་གྱུར་

པའི་རྡོ་རྗེ་སེམས་དཔའོ། །མགོ་བོར་ན་མཿཧི་ལས་སྐྱེས་པའི་རྣམ་པར་སྣང་མཛད་དོ། །སྤྱི་གཙུག་ཏུ་སྭཱ་ཧཱ་ཧཱུྃ་ལས་གྲུབ་པའི་པདྨ་གར་གྱི་དབང་ཕྱུག་གོ། །ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ལས་རྫོགས་པའི་མི་བསྐྱོད་པའོ། །མིག་དག་ལ་ཧཱུྃ་ཧཱུྃ་ཧོ་ལས་སྐྱེས་པའི་

རྡོ་རྗེ་ཉི་མའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལས་སྐྱེས་པའི་རྟ་མཆོག་གོ། །དྲུག་པོ་འདི་རྣམས་ནི་རིམ་པ་ཇི་ལྟ་བར་རྡོ་རྗེ་ཕག་མོ་དང་གཤིན་རྗེ་མ་དང་རྨོངས་བྱེད་མ་དང་སྐྱོད་བྱེད་མ་དང་སྐྲག་བྱེད་མ་དང་གཏུམ་མོས་འཁྱུད་པར་བྱས་པའོ། །དེ་ལ་རྡོ་རྗེ་ཕག་

མོ་ནི་དམར་མོ་ཞལ་གཡས་པ་དང་ཅིག་ཤོས་སྔོན་པོ་དང་ལྗང་གུ་ཕྱག་གཡོན་པ་གསུམ་ཐོད་པ་དང་ཁ་ཊྭཱཾ་ག་དང་ཞགས་པ་འཛིན་པ། ཕྱག་གཡས་པ་གསུམ་གྱིས་ལྕགས་ཀྱུ་དང་ཚངས་པའི་མགོ་བོ་དང་གྲི་གུག་འཛིན་པའོ། །གཤིན་རྗེ་མ་ལ་སོགས་པ་

རྣམས་ནི་སྔོ་བ་དང་དཀར་བ་དང་སེར་བ་དང་ལྗང་གུ་དང་དུད་ཁའི་མདོག་ཅན། དབུ་སྐྲ་གྲོལ་བ་གཅེར་བུ་ཞལ་གཅིག་པ་སྤྱན་གསུམ་པ་ཕྱག་བཞི་པ། གཡོན་པ་དག་གིས་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང་དྲིལ་བུ། གཡས་པ་དག་གིས་ཅང་ཏེའུ་དང་གྲི་

གུག་དག་འཛིན་པ། ཕྱག་རྒྱ་ལྔ་པ་ཅན། གཡས་བརྐྱང་གི་ཞབས་སྟབས་ཅན་རྣམས་སོ། །འདིར་ལྷ་དཀར་པོ་རྣམས་ནི་ཟླ་བའི་འོད་ཅན་ཟླ་བའི་དཀྱིལ་འཁོར་ཅན་ཏེ། གཞན་རྣམས་ནི་ཉི་མའི་འོད་ཅན་ཉི་མའི་དཀྱིལ་འཁོར་ཅན་ནོ། །དེ་ལྟར་བདག་ཉིད་

ལ་བསམས་ནས་རང་གི་ཤེས་རབ་མ་ལ་ཡང་མིག་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་འདི་ཐམས་ཅད་ཡུད་ཀྱིས་བསམ་པར་བྱའོ། །དེའི་གོ་ཆ་ནི་ཨོཾ་ཧོཾ་ཧྲཾ་ཧྲཱི་སྭཱ་ཧཱ་ཞེས་པ་འཆད་པར་འགྱུར་བའི་སྔགས་རྣམས་ཀྱི་སྟེང་། དེ་ལ་ལྟེ་བར་ཨོཾ་བཾ་ལས་

เล่ม ๗ · หน้า 133b

སྐྱེས་པའི་རྡོ་རྗེ་ཕག་མོའོ། །སྙིང་གར་ཧཾ་ཡོཾ་ལས་སྐྱེས་པའི་གཤིན་རྗེ་མའོ། །མགྲིན་པར་ཧོཾ་མོཾ་ལས་སྐྱེས་པའི་རྨོངས་བྱེད་མའོ། །མགོ་བོ་ཧྲེཾ་ཧྲཱིཾ་ལས་སྐྱེས་པའི་སྐྱོད་བྱེད་མའོ། །སྤྱི་བོར་སྭཱ་ཧཱུྃ་ལས་རྫོགས་པའི་སྐྲག་བྱེད་ནའོ། །ཡན་ལག་ཐམས་ཅད་ལ་ཧཱ་

ཕཊ་ལས་སྐྱེས་པའི་གཏུམ་མོ་སྟེ། དྲུག་པོ་འདི་རྣམས་བདག་པོའི་མགྲིན་པ་འཛིན་པའོ། །ཡང་ཤེས་རབ་མའི་སྤྱི་བོའི་ནང་དུ་ཟླ་བ་ལ་གནས་པའི་ཨོཾ་ཡིག་སྐུའི་རིགས་ཀྱི་རང་བཞིན་ཞུ་བས། དེའི་རྡུལ་ཕྲ་རབ་ཀྱིས་རྣམ་པར་སྤྲས་པར་སྙིང་གའི་བར་དུ་བལྟས་

ཏེ། ཐུགས་རྡོ་རྗེ་ལས་འོག་ཏུ་སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ཐུགས་ཀྱི་རིགས་ཀྱི་རང་བཞིན་སྔ་མ་བཞིན་པ་དེས་ལྟེ་བའི་བར་དུ་ཁྱབ་ནས། ལྟེ་བ་ལས་འོག་ཏུ་ཉི་མ་ལ་གནས་པའི་སྭཱ་ཡིག་རིན་པོ་ཆེའི་རིགས་ཀྱི་རང་བཞིན་སྔ་མ་ལྟ་བུས་རྐེད་པའི་བར་

དུ་ཁྱབ་ཅིང་། གསང་བའི་སྟེང་དུ་ཉི་མ་ལ་ཨཱཿཡིག་དམར་པོ་འདོད་ཆགས་ཀྱི་རིགས་ཀྱི་རང་བཞིན་དུ་རྐེད་པ་ཁྱབ་པ་སྟེ། བརླ་གཉིས་ཀྱི་ཉི་མ་དག་ལ་ཧཱ་ཡིག་ལྗང་གུ་སྔར་བཞིན་དུ་རྐང་པའི་མཐར་ཐུག་པར་ཁྱབ་པར་བསམས་ནས། རིགས་ལྔ་ཚོགས་པ་ཅན་

དུ་བྱས་ཏེ། ཧཱུྃ་ཡིག་གིས་རང་གི་རྡོ་རྗེ་ནོར་བུ་ཨོཾ་ལས་སྐྱེས་ཤིང་བྱིན་གྱིས་བརླབས་པ་དང་། དེའི་པདྨ་ཧྲཱིཿཡོངས་སུ་གྱུར་པ་དང་བྷྲཱུཾ་ལས་སྐྱེས་ཤིང་བྱིན་གྱིས་བརླབས་པའི་ཟེ་འབྲུར་བལྟས་ལ། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བ་ལས། ལུས་གཅིག་

ལ་ཅུང་ཟད་དགོད་པ་དང་ཡོངས་སུ་འཁྱུད་པ་དང་གཅེར་བུ་ཉིད་དང་སྐྲ་གྲོལ་བ་དང་བ་སྤུ་ལྡང་བའི་མཚན་ཉིད་རྣམས་དང་། འདོད་པ་གཞན་ལ་མངོན་པར་འདོད་པ་དང་དྲན་པ་དང་སེམས་པ་དང་ཡིད་འབྱུང་བ་དང་། ཆེར་མྱོས་པའི་མཚན་ཉིད་རྣམས་ཏེ།

གནས་སྐབས་ལྔ་ཐོབ་པ་བསྒྲུབས་པའི་རིག་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ་རང་ཉིད་ཐབས་སུ་གྱུར་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་

เล่ม ๗ · หน้า 134a

བསམ་པས་སྙོམས་པར་འཇུག་པར་བྱའོ། །དེ་ལ་རྗེས་སུ་ཆགས་པའི་དུས་སུ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ལས་བསྒྲུབས་པའི་རིག་མ་དང་རང་གི་བདག་ཉིད་ལ་ཐ་དད་པ་བསལ་བ་ཁོ་ནས་སྙོམས་པར་འཇུག་ཅིང་། དེ་བཞིན་

གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པའི་བསམ་པས་ཀྱང་། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་དབྱེ་བ་སེལ་བའོ་ཞེས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དུ་འགྱུར་རོ། །དེ་ལྟར་ཡང་སྐྱེས་པའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོའི་གཟུགས་ཀྱིས་བཙུན་མོ་ཐམས་ཅད་ཀྱི་བདག་ཉིད་ཕྱག་རྒྱ་ཆེན་མོ་ལ་སོགས་པ་ལོངས་སྤྱོད་པ་ནི་སངས་རྒྱས་རྣམས་ཡོངས་སུ་མཉེས་པར་བྱེད་པ་སྟེ། ནོར་བུ་གཉིས་ཀྱི་འོད་ཟེར་གྱིས་བསྐུལ་བའི་དེ་བཞིན་གཤེགས་པ་

རྣམས་ཀྱང་བྱོན་ནས་ཞལ་ནས་ཞུགས་ཏེ་ཞུ་ཞིང་། པདྨའི་ནང་དུ་ལྷུང་བ་རྣམས་ཀྱིས་ཡེ་ཤེས་ལྔའི་བདུད་རྩི་དེ་ལྕེའི་རྩེ་མོའི་རོལ་པས་འཛིན་བཞིན་པར་བསམ་མོ་ཞེས་པ་སྦྱོར་བ་དང་པོ་ཞེས་པའི་ཏིང་ངེ་འཛིན་ཏོ། །དེ་ནས་སྙིང་གའི་འོད་ཟེར་གྱིས་ཡང་དག་པར་བཀུག་

པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བཅུག་སྟེ། འདོད་ཆགས་ཆེན་པོ་ལས་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་པདྨའི་ནང་དུ་བྱང་ཆུབ་སེམས་ཀྱི་ཞུ་བའི་ངོ་བོར་རྫོགས་པར་བྱའོ། །དེ་ལས་བྱུང་བའི་ཧཱུྃ་བུཾ་ཨཱཾ་ཧྲཱིཿཁཾ་བྷྲཱུཾ་

ཧཱུྃ་ཧྲཱིཿཏཱཾ་ཨཾ་ཨཱཾ་ཨི་ཨཱི་ཨུ་ཨཱུ་ཨཾ་ཨཿརཾ་ཧཾ་ཨཱཾ་རིཾ་ལཾ་རཱྀཾ་ལཾ་ཛྷཾ་ལིཾ་གཾ་བྷཾ་ལཱྀཾ་ནཾ་རཾ་ཨོཾ་ཨཽ་ཨཻཾ་ཛཿཧཱུྃ་བཾ་ཧོཿཞེས་པའི་ས་བོན་རྣམས་ཀྱིས་ཡུད་ཅེས་པས་རྫོགས་པའི་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པ་མི་བསྐྱོད་པའི་བདག་པོ་ཅན་ལྷ་སུམ་ཅུ་རྩ་བདུན་གྱི་

རང་བཞིན་གྱི་དཀྱིལ་འཁོར་བལྟའོ། །དེ་ནས་འབྱིན་པའི་སྔགས་རྣམས་ཀྱིས་བསྐུལ་ནས་སྤྲོས་ཏེ། སོ་སོར་སྤྲུལ་པ་མཐའ་ཡས་པ་རྣམས་ཀྱིས་རིགས་དང་རྗེས་སུ་མཐུན་པར་འགྲོ་བའི་དོན་བྱས་ནས་གནས་ཇི་ལྟ་བར་དགོད་པར་བྱའོ། །དེ་ལ་ཧཱུྃ་ཞེས་པས་

เล่ม ๗ · หน้า 134b

མི་བསྐྱོད་པ་ནག་པོ་ཞལ་དང་ཕྱག་དང་ཕྱག་མཚན་ལ་སོགས་པ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལྟ་བུ་བདག་ཉིད་ཀྱི་ནང་དུ་བསྡུའོ། །དེ་ནང་དུ་བསྡུས་ཀྱང་རྡོ་རྗེ་འཛིན་པ་ནི་དཀར་པོ་ཁོ་ནའོ། །བུཾ་ཞེས་པས་མདུན་དུ་རྣམ་པར་སྣང་མཛད་དཀར་པོ་ཞི་བ། ཕྱག་བཞི་

པ། གཡས་པ་དག་གིས་འཁོར་ལོ་དང་དྲིལ་བུ་དག་དང་གཡོན་པ་དག་གིས་ཐོད་པ་དང་ཞགས་པ་འཛིན་པའོ། །ཨཾ་ཞེས་པས་ལྷོར་རིན་ཆེན་འབྱུང་བ་སེར་པོ་ཕྱག་བཞི་པ། གཡས་པ་དག་གིས་རིན་པོ་ཆེ་དང་ལྕགས་ཀྱུ་དག་དང་གཡོན་པ་དག་གིས་ཐོད་པ་

དང་ཞགས་པ་དག་འཛིན་པའོ། །ཧྲཱིཿཞེས་པས་ནུབ་ཏུ་འོད་དཔག་མེད་མདོག་དམར་པོ་ཕྱག་བཞི་པ། གཡས་པ་དག་གིས་མདའ་དང་། པདྨ་དག་དང་། གཡོན་པ་དག་གིས་གཞུ་དང་ཞགས་པ་འཛིན་པའོ། །ཁཾ་ཞེས་པས་བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་

ཕྱག་གཡས་པ་དག་གིས་རྡོ་རྗེ་དང་ལྕགས་ཀྱུ་དག་དང་། གཡོན་པ་དག་གིས་དྲིལ་བུ་དང་ཐོད་པ་དག་འཛིན་པའོ། །བྷྲཱུཾ་ཞེས་པས་དབང་ལྡན་མཚམས་སུ་སྤྱན་མ་དཀར་མོ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་འཁོར་ལོ་དང་རྡོ་རྗེ་དང་རལ་གྲི་དང་མདའ་འཛིན་པའོ། །

ཅིག་ཤོས་རྣམས་ཀྱིས་ཐོད་པ་དང་དྲིལ་བུ་དང་། ཞགས་པ་དང་གཞུ་བསྣམས་པའོ། །ཧཱུྃ་ཞེས་པས་མེ་མཚམས་སུ་མཱ་མ་ཀཱི་སྔོན་མོ་ཕྱག་བཅུ་གཉིས་པ། གཡས་པ་རྣམས་ཀྱིས་མདའ་དང་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་འཛིན་པ།

གཡོན་པ་རྣམས་ཀྱིས་གཞུ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཞགས་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །ཧྲཱིཿཞེས་པས་བདེན་བྲལ་མཚམས་སུ་གོས་དཀར་མོ་དམར་མོ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་མདའ་དང་པདྨ་དང་རལ་གྲི་དང་རྡོ་རྗེ་འཛིན་པ། གཡོན་

པ་རྣམས་ཀྱིས་གཞུ་དང་ཐོད་པ་དང་ཞགས་པ་དང་དྲིལ་བུ་འཛིན་པའོ། །ཏཱཾ་ཞེས་པས་རླུང་གི་མཚམས་སུ་སྒྲོལ་མ་ལྗང་གུ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་ཨུཏྤ་ལ་དམར་པོ་དང་རལ་གྲི་དང་ལྕགས་ཀྱུ་དང་མདའ་འཛིན་པ། ཅིག་ཤོས་རྣམས་ཀྱིས་འཁོར་

เล่ม ๗ · หน้า 135a

ལོ་དང་ཞགས་པ་དང་ཐོད་པ་དང་གཞུ་འཛིན་པའོ། །དེ་བཞིན་དུ་ལྷ་གཞན་རྣམས་ཀྱང་རང་རང་གི་བསྐྱེད་པའི་ས་བོན་རྣམས་ཁོ་ནས་དབྱུང་བར་བྱའོ། །དེ་ལ་རིམ་པ་གཉིས་པར་ཤར་ཕྱོགས་སུ་རྡོ་རྗེ་དྲག་མོ་དཀར་མོ་ཕྱག་བཞི་མ་ལ་གཡས་པ་

དག་ན་མདའ་དང་ལྕགས་ཀྱུ་དག་དང་། དེ་ལས་ཅིག་ཤོས་དག་ན་གཞུ་དང་ཐོད་པ་ཁུ་བས་གང་བ་དག་གོ། །ལྷོར་རྡོ་རྗེ་གཟུགས་མ་སེར་མོ་ཕྱག་བཞི་མ། གཡས་པས་རྡོ་རྗེ་དང་མདུང་འཛིན་ཅིང་གཡོན་པས་ཞགས་པ་དང་ཁྲག་གིས་གང་བའི་ཐོད་པས་བརྒྱན་

པའོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་མིང་གཞན་རྡོ་རྗེ་འདོད་ཆགས་མ་དམར་མོ་ཕྱག་བཞི་མ་གཡས་པར་རལ་གྲི་དང་རྡོ་རྗེ་འཛིན་ཅིང་། གཡོན་པས་ཆུས་གང་བའི་ཐོད་པ་དང་དྲིལ་བུ་དང་ལྡན་པའོ། །བྱང་དུ་རྡོ་རྗེ་ཞི་བ་མ་ལྗང་གུ་ཕྱག་བཞི་པ། གཡས་

པས་ཐལ་སྦྱར་དང་བ་དན་གསུམ་པ་ལྡན་པ། གཡོན་པས་རྡོ་རྗེ་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའོ། །དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མ་དཀར་སེར་ཕྱག་བཞི་པ་གཡས་པས་དབྱུག་པ་དང་ཨུཏྤ་ལ་འཛིན་པ། ཅིག་ཤོས་ཀྱིས་ཐོད་པ་དང་ཅང་ཏེའུ་འཛིན་པའོ། །མེ་

མཚམས་སུ་རྡོ་རྗེ་མཁའ་འགྲོ་མ་སེར་དམར་ཕྱག་གི་ཡལ་འདབ་བཞི་པ་གཡས་པས་པདྨ་དང་མེ་ལོང་འཛིན་ཅིང་ཅིག་ཤོས་ཀྱིས་ཚིལ་གྱིས་གང་བའི་ཐོད་པ་དང་དགྲ་སྟ་འཛིན་པའོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་དམར་སྔོ་ཕྱག་བཞི་མ་གཡས་པས་ཤཀྟི་དང་

དུང་འཛིན་པ། གཡོན་པས་འཁོར་ལོ་དང་ཁྲག་གིས་གང་བའི་ཐོད་པ་འཛིན་པའོ། །རླུང་མཚམས་སུ་ས་རྡོ་རྗེ་མ་ལྗང་དཀར་ཕྱག་བཞི་མ་གཡས་པས་བུམ་པ་དང་རྡོ་རྗེ་འཛིན་ཅིང་། སྒྲོན་མ་དང་བདུད་རྩི་བཅུའི་རྫས་ཀྱིས་གང་ཞིང་མིའི་པགས་པས་གཡོགས་

པའི་ཐོད་པ་དང་དྲིལ་བུ་འཛིན་པ་ཅིག་ཤོས་སོ། །རིམ་པ་གསུམ་པ་ལ་ཤར་ཕྱོགས་སུ་བཞད་མ་དམར་མོ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་དང་བཅས་པས་བཞད་པའི་ཚུལ་ཅན་ནོ། །ལྷོར་སྒེག་མོ་སྔོན་མོ་ཕྱག་གཉིས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པས་འགྱིང་བ་

เล่ม ๗ · หน้า 135b

དང་བཅས་པའི་སྒེག་པའི་ཚུལ་ཅན་ནོ། །དེ་གསུངས་པ། ཧཱུཾ་གི་གླུ་ལེན་ཅིང་གར་སྔོན་མ་ཅན། རྐེད་པའི་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་གཉིས་བཅིང་བས་གཡས་རོལ་དུ་བཞག་ནས་རོལ་བ་དང་བཅས་པར་མགོ་བོ་ཅུང་ཟད་གཡོན་གྱི་ཆར་དུད་པ་ནི་རྡོ་རྗེ་སྒེག་མོའོ་

ཞེས་སོ། །ནུབ་ཏུ་གླུ་མ་སེར་མོ་སྒེག་པས་ལུས་ཅུང་ཟད་གཡོ་ཞིང་ཕྱག་གཉིས་འཁར་བའི་སིལ་ཁྲོལ་འཛིན་པའོ། །བྱང་དུ་གར་མ་ལྗང་གུ་པད་ཀོར་གྱི་ཚུལ་ལ་སོགས་པས་གར་བྱེད་པས་ཕྱག་གཉིས་སྦྲེལ་བའོ། །དེ་གསུངས་པ། ལག་པ་གཉིས་

བསྐོར་ཞིང་གྲོལ་བ་གཞོགས་གཉིས་སུ་བསྐོར་བ། སྒེག་པའི་རོའི་དགའ་སྟོན་ལས་གར་བྱས་ཏེ་གཅིག་མགོ་བོར་གར་བྱེད་པའི་ཚུལ་ཅན་ཞེས་པ་གར་མའོ་ཞེས་སོ། །དབང་ལྡན་མཚམས་སུ་གླིང་བུ་མ་དམར་མོའོ། །མེར་པི་ཝང་མ་སེར་མོ་སྒེག་པའི་

ཉམས་ཀྱིས་ལུས་ཅུང་ཟད་གཡོ་བའོ། །བདེན་བྲལ་དུ་རྔ་མུ་ཀུནྡ་དཀར་མོའོ། །རླུང་མཚམས་སུ་རྫ་རྔ་མ་དུ་བའི་མདོག་ཅན་ནོ། །བཞི་པོ་འདི་རྣམས་ནི་ཕྱག་གཉིས་རང་རང་གི་རོལ་ཆ་སྒྲོགས་པ་ལྷུར་ལེན་པའོ། །དེ་ལས་ཕྱི་རོལ་གྱི་སྣམ་བུ་ལ་མེ་མཚམས་སུ་མེ་ཏོག་མ་

དཀར་མོ་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་མེ་ཏོག་ཕྲེང་བ་དང་འཁོར་ལོ་འཛིན་པས་གར་བྱེད་པ་སྔོན་དུ་འགྲོ་བས་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་ནས་ཕབ་སྟེ། སྙིང་གར་མེ་ཏོག་འབུལ་བའི་ཚུལ་དང་ལྡན་པའོ། །བདེན་བྲལ་དུ་བདུག་སྤོས་མ་དུ་བའི་མདོག་ཅན་

གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་བདུག་སྤོས་ཀྱི་སྣོད་དང་རིན་པོ་ཆེ་འཛིན་པའོ། །རླུང་དུ་མར་མེ་མ་གསེར་གྱི་མདོག་ཅན་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་མར་མེའི་མཆོད་སྡོང་དང་པདྨ་འཛིན་པའོ། །དབང་ལྡན་དུ་དྲི་ཆབ་མ་དམར་མོ་དྲིའི་དུང་

དང་རལ་གྲི་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་འཛིན་པའོ། །ཤར་དུ་མེ་ལོང་མ་དཀར་མོ་ཕྱག་ཟུང་གིས་མེ་ལོང་འཛིན་པའོ། །ལྷོར་རོ་མ་དམར་མོ་ཕྱག་གཉིས་རོའི་སྣོད་འཛིན་པའོ། །ནུབ་ཏུ་རེག་བྱ་མ་ལྗང་གུ་ཕྱག་གཉིས་ཀྱིས་གོས་སྣ་ཚོགས་

เล่ม ๗ · หน้า 136a

ཚོགས་འཛིན་པའོ། །བྱང་དུ་ཆོས་མ་དཀར་མོ་ཕྱག་གཉིས་ཀྱིས་ཆོས་འབྱུང་དཀར་མོ་འཛིན་པའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་འདི་རྣམས་ཀྱང་ཞལ་གཅིག་པ་སྤྱན་གསུམ་པ་རལ་པའི་ཅོད་པན་ཅན། ཐོད་སྐམ་ལྔ་དང་

འཁོར་ལོ་ཅན་ལ་སོགས་པས་རྒྱན་དུ་བྱས་པ་ལྷའི་གོས་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན་ནོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའ་སྔོ་བསངས་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནག་པོ་དང་དཀར་པོ། །ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་

ལྕགས་ཀྱུ་དང་རལ་གྲི་དང་། འཁོར་ལོ་རྣམས་དང་། གཡོན་པ་རྣམས་ཀྱིས་ཞགས་པ་དང་སྡིགས་མཛུབ་དང་དྲིལ་བུ་རྣམས་འཛིན་པའོ། །ལྷོར་རྡོ་རྗེ་ཞགས་པ་མ་དཀར་སེར་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནག་པོ་དང་དམར་པོ་ཕྱག་དྲུག་པ། གཡས་པ་རྣམས་

ཀྱིས་ཞགས་པ་དང་རྡོ་རྗེ་དང་རལ་གྲི་རྣམས་དང་། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་རྣམས་འཛིན་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་གཡས་དང་ཅིག་ཤོས་ཀྱི་ཞལ་ནག་པོ་དང་དཀར་བ།

ཕྱག་དྲུག་མ་གཡས་པས་ལྕགས་སྒྲོག་དང་རྡོ་རྗེ་དང་རལ་གྲི་འཛིན་ཅིང་། གཡོན་པས་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུ་འཛིན་པའོ། །བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་གུ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནག་པོ་དང་དཀར་བ། ཕྱག་དྲུག་པ་གཡས་པ་རྣམས་

ཀྱིས་དྲིལ་བུ་དང་རྡོ་རྗེ་དང་རལ་གྲི་རྣམས་དང་། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་ལྕགས་ཀྱུ་དང་ཞགས་པ་རྣམས་འཛིན་པའོ། །བཞི་པོ་འདི་རྣམས་ཞལ་སོ་སོ་ལ་སྤྱན་གསུམ་པ། སྐྲ་དམར་སེར་གྱེན་དུ་འབར་བ་ཐོད་པ་ལྔ་དང་འཁོར་ལོ་ཅན་ལ་སོགས་

པས་བརྒྱན་པ་སྟག་གི་པགས་པའི་གོས་ཅན། གཡས་བརྐྱང་གི་ཟླ་བོས་གར་བྱེད་པ་སྟེ་སྣ་ཚོགས་པདྨ་དང་ཐོད་པ་དང་ཉི་མ་ལའོ། །རིན་ཆེན་འབྱུང་བ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ཀྱང་སྣ་ཚོགས་ཆུ་སྐྱེས་དང་ཐོད་པ་དང་ཉི་མ་ལ་སྟེ། ལྷ་

เล่ม ๗ · หน้า 136b

གཞན་རྣམས་ཐམས་ཅད་ནི་སྣ་ཚོགས་མཚོ་སྐྱེས་དང་ཐོད་པ་དང་ཟླ་བ་ལ་གནས་པ་སྟེ་ཐམས་ཅད་ཉི་མའི་འོད་ཅན་ཁོ་ནའོ། །དེ་ལྟར་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཀྱི་ལྷའི་འཁོར་ལོ་འདི་བཀོད་ནས། སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུ་སྤྲོས་ལ། སྙིང་གའི་འོད་ཟེར་

གཞན་རྣམས་ཀྱིས་རྡོ་རྗེ་ལྕགས་ཀྱུ་མ་ཡང་དག་པར་བསྐུལ་ཏེ། དེས་ཛཿཞེས་བརྗོད་པས་སྙིང་ག་ནས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་ཡོངས་སུ་བསྐོར་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས་མདུན་དུ་བཞུགས་སུ་གསོལ་ཏེ། མཆོད་ཡོན་དང་ཞབས་བསིལ་

ཕུལ་ཅིང་ཡང་དག་པར་མཆོད་ལ། སྙིང་གའི་འོད་ཟེར་གྱིས་བསྐུལ་བའི་རྡོ་རྗེ་ཞགས་པ་མ་ཧཱུྃ་ཡིག་བརྗོད་པ་མོས་སྙིང་ག་ནས་སྤྲོས་པའི་འོད་ཟེར་དཀར་པོ་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཞེངས་སུ་གསོལ་ཏེ། ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷི་པ་ཏི་ཧཱུྃ་ཛཿསྭཱ་ཧཱ་

ཞེས་བརྗོད་ཅིང་སྤྱན་དྲངས་ནས་པད་ཀོར་སྔོན་མ་ཅན་གྱིས་རང་གི་འཁོར་ལོ་ལ་གཞུག་གོ། །དེ་ལྟ་ཁོ་ནའི་བྃ་ཡིག་བརྗོད་པ་མོའི་རྡོ་རྗེ་ལྕགས་སྒྲོག་མས་སྙིང་ག་ནས་སྤྲོས་པའི་འོད་ཟེར་སེར་པོ་རྣམས་ཀྱིས་དཀྱིལ་འཁོར་ལ་ཁྱབ་པར་བྱེད་པའི་ཕྱིར་འཆིང་བའོ། །དེ་

ལྷ་ཁོ་ནར་རྡོ་རྗེ་དྲིལ་བུ་མ་ཧོཿཡིག་བརྗོད་པ་མོས་འོད་ཟེར་དམར་པོ་རྣམས་ཀྱིས་དཀྱིལ་འཁོར་འགེགས་པའི་ཕྱིར་མཉེས་པར་བྱའོ། །ཐམས་ཅད་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་ནི་

ལྷག་པར་མོས་པས་བསྐྱེད་པར་བྱའོ། །དཀྱིལ་འཁོར་གྱི་བདག་པོའི་སྙིང་གའི་ས་བོན་གྱི་འོད་རྣམས་ཀྱིས་བསྐུལ་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དང་དེས་བསྐུལ་བའི་རྣལ་འབྱོར་མ་རྣམས་ཀྱིས་ཡེ་ཤེས་ལྔའི་ཆུས་གང་བའི་རིན་པོ་ཆེའི་བུམ་པ་རྣམས་ཀྱིས་སྔར་

བཞིན་དུ་ཐམས་ཅད་ལ་དུས་གཅིག་ཏུ་དབང་བསྐུར་བ་ན་ཅོད་པན་ལ་རིགས་ཀྱི་དབང་པོ་འགྲུབ་པར་བསྒོམ་མོ། །དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་དང་གླུ་མ་དང་རེག་བྱ་རྡོ་རྗེ་མ་དང་ཆོས་ཀྱི་དབྱིངས་རྡོ་རྗེ་མ་

เล่ม ๗ · หน้า 137a

རྣམས་ཀྱི་རིགས་ཀྱི་དབང་པོ་མི་བསྐྱོད་པའོ། །སྤྱན་མ་དང་རྡོ་རྗེ་དྲག་མོ་དང་ས་རྡོ་རྗེ་མ་དང་མེ་ཏོག་མ་དང་བཞད་མ་དང་གླིང་བུ་མ་དང་རྡོ་རྗེ་ལྕགས་ཀྱུ་མ་རྣམས་ཀྱི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་མཁའ་འགྲོ་མ་དང་རྡོ་རྗེ་གཟུགས་མ་དང་བདུག་སྤོས་མ་དང་སྒེག་མོ་དང་།

པི་ཝང་མ་དང་རྡོ་རྗེ་ཞགས་པ་མ་རྣམས་ཀྱི་རིན་ཆེན་འབྱུང་བའོ། །གོས་དཀར་མོ་དང་རྡོ་རྗེ་ཆགས་པ་མ་དང་མར་མེ་མ་དང་དྲི་ཆབ་མ་དང་མུ་ཀུནྡ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་རྣམས་ཀྱི་འོད་དཔག་མེད་དོ། །སྒྲོལ་མ་དང་རྡོ་རྗེ་ཞི་བ་མ་དང་རྡོ་རྗེ་གནོད་སྦྱིན་མོ་དང་གར་མ་དང་རོ་མ་དང་རྫ་

རྔ་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །དེ་ནས་སྙིང་གའི་ས་བོན་གྱིས་བཀུག་ཅིང་ཞལ་དུ་ཞུགས་པའི་དེ་བཞིན་གཤེགས་པའི་རང་བཞིན་གྱི་བྱང་ཆུབ་སེམས་ཞུ་བ་ལས་སྐྱེས་པ་པདྨའི་ནང་དུ་གནས་པའི་ལྷ་མོ་བཅུ་དྲུག་གི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་བཀུག་

པའི་ལྷ་མོའི་ཚོགས་ལྷ་མོའི་ཞལ་ནས་ཞུགས་པ་བྱང་ཆུབ་སེམས་ཞུ་བའི་ངོ་བོས་དེ་ཉིད་དུ་དབབ་པོ། །དེ་ནས་ས་བོན་དང་བཅས་པའི་བྱང་ཆུབ་སེམས་དང་འོད་ཟེར་རྣམས་ཤེས་རབ་མའི་བ་སྤུའི་བུ་ག་ནས་ཕྱུང་བ་རྣམས་ལས་ལྷ་མོའི་ཚོགས་དང་སྣ་ཚོགས་པའི་མཆོད་པ་དང་

ཉེ་བར་སྤྱོད་པ་དབྱུང་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་མཆོད་པར་བྱའོ། །དེ་ནས་སུམ་ཅུ་རྩ་གཉིས་པར་འཆད་པར་འགྱུར་བ་རྐང་པ་བརྒྱད་པའི་སྔགས་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་

ཞལ་རྣམས་ཀྱིས་བསྟོད་པར་བྱའོ། །འོད་ཟེར་གྱིས་བསྐུལ་བའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཕྱག་འཚལ་བ་དང་བསྟོད་པ་དང་གསོལ་བ་འདེབས་པ་མོས་པར་བྱའོ། །དེ་ནས་སུམ་ཅུ་རྩ་བཞི་པར་འཆད་པར་འགྱུར་བའི་ཆོ་གས་བདུད་རྩི་རབ་ཏུ་བསྒྲུབས་ཏེ། སྙིང་གའི་

འོད་ཟེར་གྱིས་བསྐུལ་བ་ལས། སྣོད་སུམ་ཅུ་རྩ་བདུན་དུ་སོན་པའམ་སོ་སོའི་ལག་པར་གནས་པ། ཧཱུྃ་དཀར་པོ་ལས་སྐྱེས་པ་ནས་ཀྱི་འབྲས་བུའི་ཚད་ཙམ་པ་ཧཱུྃ་ཡིག་གིས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་གཅིག་པའི་ལྕེའི་འོད་ཟེར་གྱི་སྦུ་གུ་རྣམས་ཀྱིས་སམ་ཡིད་ཀྱིས་དྲངས་

เล่ม ๗ · หน้า 137b

པ་རྣམས་མ་ཞེན་པར་མྱང་བར་བྱའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱང་ཀུན་རྫོབ་དང་དོན་དམ་པ་ཡང་བརྟག་པར་བྱའོ་ཞེས་པ་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེའི་རྗེས་སུ་རྡོ་རྗེ་འཛིན་པས་བསྐུལ་བའི་དཀྱིལ་འཁོར་པའི་ལྷ་མ་

ལུས་པ་རྣམས་དང་བཅོམ་ལྡན་འདས་ཀྱིས་སྐུའི་བཀོད་པ་སྤྲོས་པ་ཡུད་ཀྱིས་ནམ་མཁའི་ཁོངས་ཁྱབ་པ་རྣམས་ཀྱིས་གཞན་རྣམས་ཀྱི་དོན་དང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་ནུས་པ་ཉིད་དུ་བསྐྱེད་ནས་རང་གི་ལུས་ཀྱི་བཀོད་པ་རྣམས་རྩ་བའི་ལུས་ལ་བསྡུའོ་ཞེས་པ་ལས་

རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །དེའི་རྗེས་སུ་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པའི་ཆེད་དུ་སེམས་བརྟན་པར་བྱེད་པར་འདོད་པས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་བདེ་བ་ཆེན་པོའི་མདུད་པའི་བུ་ག་རྣམས་སུ་ཨཾ་ཧཱུྃ་ཨོཾ་ཧཾ་སྟེ། གསང་བའི་འཁོར་

ལོར་གནས་པའི་རླུང་གིས་མེ་བསྐུལ་བའི་གཏུམ་མོའི་རང་བཞིན་ཨཾ་ཡིག་འབར་བའི་འོད་ཟེར་གྱིས་ཞུ་བའི་ཧཾ་ཡིག་ལ་སོགས་པ་ཡི་གེ་གསུམ་དང་ལྷན་ཅིག་དབྱེར་མེད་པའི་ཨཾ་ཡིག་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་ཐིག་ལེར་གྱུར་པར་བསྒོམ་ཞིང་སྒོམ་པ་

ཡོངས་སུ་སྨིན་པར་མོས་ནས། དེ་ཉིད་ལས་འོད་ཟེར་གྱི་རེ་ཁཱ་ཕྲ་མོ་མེ་ལྕེ་གཅིག་ཏུ་འབར་བ་ལྟར་གནས་པར་བལྟའོ། །དེའི་མཐུས་བདུད་རྩི་འཛག་པས་གང་བའི་ཐིག་ལེ་བརྐྱལ་ཞིང་། འོད་ཟེར་གྱི་རེ་ཁཱ་དེ་ཡང་བསིལ་བར་གྱུར་ཏེ། དེ་ནས་ཐིག་ལེ་སེམས་

ངེས་པས་ཇི་སྲིད་དུ་བརྟན་པ་ཐོབ་པར་མཚན་མ་རྣམས་ཀྱིས་ཉེ་བར་དམིགས་པ་དེ་སྲིད་དུ་བལྟའོ། །བརྟན་པ་ཉེ་བར་མཚོན་པ་ན་འོད་ཟེར་གྱི་རེ་ཁཱ་དེའི་སྣང་བ་གསལ་བས་སྣ་ཚོགས་པར་མཚོན་པར་བྱེད་པར་བསམས་ཏེ་ཐམས་ཅད་ལག་པའི་མཐིལ་གྱི་སྐྱུ་རུ་ར་བཞིན་

དུ་བལྟའོ། །ཏིང་ངེ་འཛིན་ཡང་མྱུར་དུ་རྫོགས་པར་འགྱུར་རོ་ཞེས་པ་ཐིག་ལེའི་རྣལ་འབྱོར་རོ། །ཡང་ན་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་ཚོགས་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲོ་བ་རྫོགས་པའི་སངས་རྒྱས་སུ་བྱས་པས་དེར་ནང་དུ་འདུས་པ་

เล่ม ๗ · หน้า 138a

ན་ཐིག་ལེའི་རྣམ་པར་ཧཱུྃ་ཡིག་ལ་ཇི་སྲིད་འདོད་པར་ཡིད་གཞག་གོ། །དེའི་རྗེས་སུ་དབུགས་འབྱུང་བ་ངེས་པར་འབྱིན་པའི་རིམ་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཐར་ཐུག་པར་དེའི་འོད་ཟེར་རྣམས་ཀྱིས་སྣང་བར་བྱས་ནས་དབུགས་འཇུག་པའི་ཚུལ་

གྱིས་བསྡུས་པ་ན་ས་བོན་དང་ཐིག་ལེ་ལ་ནི་ཡུད་ཀྱིས་རྫོགས་པའི་དཀྱིལ་འཁོར་དུ་མོས་པར་བྱའོ། །སླར་ཡང་དབུགས་འབྱུང་བའི་ཚུལ་གྱིས་འོད་འཕྲོ་བ་ན་འགྲོ་བ་སྣང་བར་བྱས་ནས། དེ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འགྲོ་བའི་དོན་བྱེད་པར་

མོས་ཏེ་དབུགས་འཇུག་པའི་ཚུལ་གྱིས་རང་གི་སྙིང་ག་སྣང་བར་བྱའོ་ཞེས་པ་ཇི་སྲིད་འདོད་པར་བྱའོ་ཞེས་པ་འདི་ནི་ཐིག་ལེའི་རྣལ་འབྱོར་གཞན་པའོ། །ཡང་ན་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་རྣམས་ཀྱིས་ཨ་ཝ་དྷཱུ་ཏཱི་ནས་སོང་ནས་བདེ་བ་ཆེན་པོའི་འཁོར་ལོར་

གནས་པའི་བྱང་ཆུབ་སེམས་ཞུ་ཞིང་དེ་ཁོ་ནས་འོངས་ནས་སྙིང་གར་ཧཱུྃ་ཐིག་ལེ་ལ་དེའི་བདག་ཉིད་དུ་རྡུལ་ཕྲ་རབ་ཀྱི་ངོ་བོར་གནས་པར་དེ་ལྟར་བསམ་མོ་ཞེས་པ་ཐིག་ལེའི་རྣལ་འབྱོར་རོ། །དེའི་རྗེས་སུ་ཕྲ་མོའི་རྣལ་འབྱོར་སྒོམ་པ་ནི་སེམས་བརྟན་པར་བྱེད་པའི་ཐབས་དམ་

པའོ་ཞེས་པས། དེ་ལྟ་ཁོ་ན་ཨཾ་ཡིག་ལ་སོགས་པའི་ཡི་གེ་ཞུ་བ་རོ་གཅིག་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་པ་ཡུད་ཀྱིས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་ལྡན་པ་རྡོ་རྗེའི་རྩེ་མོའི་ནོར་

བུའམ་དེ་ལས་འཕོས་པ་པདྨའི་སྣའི་རྩེ་མོར་བཞག་ནས་བརྟག་པར་བྱ་ཞིང་ཇི་སྐད་བཤད་པའི་བརྟན་པའི་མཚན་མ་མཐོང་ནས་དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་པ་ཕྲ་མོའི་རྣལ་འབྱོར་རོ། །ཡང་ན་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་བཀུག་ཅིང་ཞལ་དུ་ཞུགས་པའི་

དེ་བཞིན་གཤེགས་པ་ཞུ་བ་ལས་སྐྱེས་པའི་ས་བོན་ལས་ཡང་དག་པར་བྱུང་བའི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་པའི་རྡོ་རྗེ་ལ་སོགས་པ་ཡུད་ཀྱིས་རྫོགས་པའི་དཀྱིལ་འཁོར་དང་ལྡན་པ་རྡོ་རྗེའི་རྩེ་མོ་ནས་པདྨའི་སྣ་རྩེར་བཞག་སྟེ་བསྒོམ་ཞིང་། སྔར་བཞིན་

เล่ม ๗ · หน้า 138b

སྤྲོ་བར་བྱའོ་ཞེས་པ་འདི་ཡང་ཕྲ་མོའི་རྣལ་འབྱོར་ཇི་ལྟར་འདོད་པར་བསམ་པར་བྱའོ། །དེའི་རྗེས་སུ་ཨོཾ་ཡིག་དཀར་པོ་སངས་རྒྱས་ལ་སོགས་པ་རྣམས་སྤྲུལ་ནས་རླུང་དང་ལྷན་ཅིག་ཞུགས་ཤིང་སྙིང་གའི་པདྨར་གནས་པའི་ཨཱཿཡིག་དཀར་པོ་ཐུང་ངུའི་སྟེང་དུ་གནས་

པ་དང་ལྡན་པ། རླུང་དང་ལྷན་ཅིག་སྤྲུལ་པ་རྣམས་རྒྱུན་འཇུག་པ་ལ་གཞག་ཅིང་། བརྟན་པ་ན་ཨཱཿཡིག་དམར་པོ་རླུང་དང་ལྷན་ཅིག་སྤྲུལ་པ་རྣམས་འབྱིན་ཅིང་སྡུད་པ་དང་ཧཱུྃ་ཡིག་ནག་པོ་ཡང་བསྒོམ་པར་བྱའོ། །དེ་གསུངས་པ། འཇུག་དང་གནས་དང་

ལྡང་རྣམས་ཀྱི། །རྗེས་སུ་འགྲོ་བའི་བདག་ཉིད་ཅན། །དོན་གྱི་རྗེས་འགྲོའི་བཟླས་པ་ནི། །རང་བཞིན་མེད་པ་བཟང་པོ་ཡིས། །ཤེས་རབ་ཐབས་ཀྱི་གོ་འཕང་གནས། །ཡན་ལག་དབྱེར་མེད་སྔགས་བཟླས་བྱ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་གཉིས་སུ་མེད་

པའི་ངོ་བོ་ཉིད་ཀྱི་ཕྱིར་འདི་ནི་མ་ནིང་གི་བཟླས་པའོ། །འོ་ན་བརྗོད་པ་དང་རྣམ་རྟོག་དག་གིས་སངས་རྒྱས་ཉིད་ག་ལ་ཞེ་ན། བདེན་ཏེ་འོན་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ལས་འདིའི་རྩོལ་བ་མེད་པར་འབྱུང་བ། དེ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་

ལྟར་འདི་ནི་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་བྱས་པའི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྔགས་བཟླས་པ་ལས་སྣ་ཚོགས་པའི་མཆོད་པ་དང་ཉེ་བར་སྤྱོད་པས་བརྒྱན་པ་རྣམ་པ་སྣ་ཚོགས་ཤིང་མུར་ཐུག་པ་མེད་པའི་སྤྲོ་བ་དང་

སྡུད་པ་ལས་འགྲོ་བའི་དོན་བྱེད་པ་དངོས་གྲུབ་ཆེན་པོ་སྟེར་བ་པོ་ཤེས་རབ་དང་ཐབས་ཀྱི་ངོ་བོ་རྡོ་རྗེ་བཟླས་པ་བརྗོད་པའོ། །འདི་ཁོ་ན་ལས་ཕྱུང་ནས་འདས་པ་གཞན་རྣམས་སུ་རྣམ་པར་བཞག་སྟེ། སྔགས་བརྗོད་པ་ཙམ་སྔགས་ཀྱི་བཟླས་པའོ། །ལྷའི་རྣལ་འབྱོར་

ཙམ་རྗེས་སུ་དྲན་པ་ནི་གཟུགས་ཀྱི་བཟླས་པའོ། །དེ་ཁོ་ན་ཉིད་ཙམ་རྗེས་སུ་སེམས་པ་ནི་རྣལ་འབྱོར་གྱི་བཟླས་པའོ་ཞེས་པའོ། །སྔགས་ཀྱི་བཟླས་པ་ནི་ཡང་རྣམ་པ་མང་པོ་སྟེ། དེ་ལ་སྙིང་གའི་ས་བོན་ལ་སྙིང་པོའི་སྔགས་སམ། ཉེ་བའི་སྙིང་པོའི་སྔགས་

เล่ม ๗ · หน้า 139a

རྗོད་པར་བྱེད་ཅིང་དཀྱིལ་འཁོར་གྱི་ལྷའི་ཚོགས་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སྔགས་དང་ལྷན་ཅིག་ཁོ་ནར་ཕྲེང་བའི་སྐུད་པ་འདྲེན་པའི་ཚུལ་གྱིས་འཇུག་པའི་རླུང་གིས་སྙིང་གའི་ས་བོན་དེ་ཁོ་ན་ལ་གཞུག་ཅིང་། ལྷ་སོ་སོའི་སྔགས་

བརྗོད་པ་ཡོངས་སུ་རྫོགས་པ་ན་སོ་སོར་སྤྲོ་བ་དང་སྡུད་པའོ་ཞེས་པ་དམ་ཚིག་གི་བཟླས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་སྔགས་ཀྱི་ཕྲེང་བ་རང་གི་ཞལ་དུ་ཞུགས་ཏེ་རྡོ་རྗེའི་ལམ་ནས་པདྨར་སོན་ཞིང་། ཨ་ཝ་དྷཱུ་ཏཱིའི་ལམ་ནས་གྱེན་དུ་

བྱུང་སྟེ། བཅོམ་ལྡན་འདས་མའི་ཞལ་ནས་ཕྱུང་བ་རང་གི་ཞལ་གྱི་སྒོ་ནས་ཞུགས་ཤིང་དེ་བཞིན་ཁོ་ནར་འཁོར་བ་བསྒོམས་པས་ཕྲེང་བའི་སྔགས་བཟླས་པར་བྱ་ཞེས་པ་ཡི་གེ་ལྷོད་ཅིང་ཞི་བ་ནི་ཁྱོགས་ཀྱི་བཟླས་པའོ། །འདི་ཁོ་ནར་བཅོམ་ལྡན་འདས་མའི་ཞལ་

དུ་འཇུག་ཅིང་རང་གི་ཞལ་ནས་ཕྱུང་བ་ཙམ་གྱི་ཁྱད་པར་གྱིས་སྟུག་ཅིང་རྩུབ་པའི་ཡི་གེ་ཅན་ནི་ཁྲོས་པའི་བཟླས་པའོ། །སྙིང་པོ་ལ་སོགས་པ་དྲག་ཏུ་བརྗོད་པ་ལས་ཁྲོ་བོའི་བཟླས་པའོ། །དེ་ལ་རྡོ་རྗེ་སེམས་དཔའི། ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཾ་སྭཱ་ཧཱ་ཞེས་

པ་སྙིང་པོ་སྟེ། ཨོཾ་ཨཱཿཧཱུྃ་ཧཱུྃ་སྭཱ་ཧཱ་ཞེས་པ་ཉེ་བའི་སྙིང་པོའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ། མ་ཧཱ་ཀཱལྤ་ཨགྣི་སནྣི་བྷཱ་ཡ། ཛ་ཊཱ་མུ་ཀུ་ཊོཏྐ་ཊཱ་ཡ། དཾ་ཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛཱ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོདྱ་ཏ་ཤཱུལ་ཁ་ཊྭཱ་ག་དྷཱ་རི་ཎེ། བྱཱ་གྷྲཱ་ཛིན་ཨ་མྦཱ་

ར་དྷ་རཱ་ཡ། མ་ཧཱ་དྷཱུ་མྦྲཱནྡྷ་ཀ་ར་ཝ་པུ་ཥཱ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར་ཨནྟྲ་མཱ་ལ་ཨ་བ་ལཾ་པི་ནེ། གྲྀཧྣ་གྲྀཧྣ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་

ག་ས་རྤཾ་ཝཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲཱིཾ་ཧྲཱིཾ། ཛྙཽཾ་ཛྙཽཾ། ཀྵྨཱཾ་ཀྵྨཱཾ། ཧཱ་ཧཱཾ་ཧི་ཧིཾ་ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཕྲེང་བའི་སྔགས་སོ། །བཅོམ་ལྡན་འདས་མའི་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་བུདྡྷ་ཌཱ་ཀི་ནཱི་ཡེ་སྭཱ་ཧཱ། ཞེས་

เล่ม ๗ · หน้า 139b

པ་རྩ་བའི་སྔགས་ཏེ། གང་གསུང་བར་འགྱུར་བ། ཡི་གེ་བཅུ་དྲུག་པ་འདི་ནི། མཁའ་འགྲོ་མའི་རྩ་བའི་སྔགས་ཞེས་སོ། །སྙིང་པོའི་སྔགས་སུ་ཡང་འདི་ཁ་ཅིག་ཏུ་བརྗོད་དོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་སྭཱ་ཧཱ། ཞེས་པ་ཉེ་བའི་སྙིང་པོའོ། །འདི་དག་དང་དཀྱིལ་འཁོར་

བའི་སྔགས་བཟླས་པར་བྱ་བ་རྣམས་ཐམས་ཅད་འཆད་པར་འགྱུར་རོ། །བཅོམ་ལྡན་འདས་མའི་ཕྲེང་བའི་སྔགས་ནི། ཨོཾ་ན་མོ་བྷ་ག་ཝ་ཏཱི་བཛྲ་ཝཱ་རཱ་ཧཱི། ཨཱཪྻཱ་པ་རཱ་ཛི་ཏེ། ཏྲཻ་ལོ་ཀྱ་མཱ་ཏེ། མ་ཧཱ་བིདྱེ་ཤྭ་རི། སརྦ་བྷཱུ་ཏ་བྷ་ཡཱ་བ་ཏེ། མ་ཧཱ་བཛྲེ། བཛྲ་ཨཱ་ས་ནེ་ཨ་ཛི་

ཏེ་ཨ་པ་རཱ་ཛི་ཏ་བ་ཤྱཾ་ཀ་རི་ཎི་ནེ་ཏྲ་བྷྲཱ་མ་ཎི་བི་ཥ་ཎི། ཤོ་ཥ་ཎི་རོ་ཥ་ཎི། ཀྲོ་དྷ་ཀ་རཱ་ལི་ནི། ཏྲཱ་ས་ནི་མཱ་ར་ཎི། སུ་པྲ་བྷེ་ད་ནི། ཨ་པ་རཱ་ཛ་ཡེ། བི་ཛ་ཡེ། ཛཾ་བྷ་ནི། སྟམྦྷ་ནི། མོ་ཧ་ནི། བཛྲ་ཝཱ་རཱ་ཧཱི། མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ། ཏདྱ་ཐཱ། པྲོ་ཏཾ་གེ་པྲོ་ཏཾ་གེ། ཧ་ན་ཧ་ན།

པྲཱ་ཎཱན། ཀིཾ་ཀི་ནི། ཁིཾ་ཁི་ནི། དྷུ་ན་དྷུ་ན། བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཀ་པཱ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི། མ་ཧཱ་པི་ཤི་ཏཱ་མཱཾ་སཱ་ཤཱ་ནི། མ་ནུ་ཥ་ཨནྟྲ་པྲ་བྲྀ་ཏེ། སཱནྣི་དྷྱཾ་ན་ར་ཤི་རོ་མཱ་ལཱ་གྲནྠི་ཏ་དྷཱ་རི་ཎི། སུམྦྷ་ནི་སུམྦྷེ། ཧ་ན་ཧ་ན་པྲཱ་ཎཱཾ། སརྦ་པཱ་པ་ས་ཏྭཱ་ནཱཾ། སརྦ་པ་ཤཱུ་ནཱཾ་མཱཾ་སཙྪེ་ད་

ནི། ཀྲོ་དྷ་མཱུརྟེ་དཾ་ཥྚྲཱ་ཀ་རཱ་ལི་ནི་མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་ཝ་སྱ་ཨ་གྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ། ས་ཧ་སྲ་བཱ་ཧཱ་བེ། ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལཱ་མུ་ཁི། པིཾ་ག་ལ་ལོ་ཙ་ན། བཛྲ་ཤཱ་རཱི་རེ། བཛྲ་ཨཱ་ས་ནི། མི་ལི་མི་ལི། ཏི་མི་ལི་ཏི་མི་ལི། ཧེ་ཧེ་ཧ་ཧ་ཧཱུྃ་ཧཱུྃ། ཁ་ཁ།

དྷུ་དྷུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དཻ་ཏེ་མ་ཧཱ་ཡོ་གི་ནཱི་པ་ཋི་ཏ་སིདྡྷེ། དྲེ་དྷཾ་དྲེཾ་དྷཾ། གྲཾ་གྲ། ཧེ་ཧེ། ཧ་ཧ། བྷི་མེ་ཧ་ས་ཧ་ས་བཱི་རེ། ཧཱ་ཧཱ། ཧོཿཧོཿ། ཧཱུཾ་ཧཱུཾ། ཏྲཻ་ལོ་ཀྱ་བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊཱི། ཏ་ཐཱ་ག་ཏ་པ་རི་ཝཱ་རེ་ཧཱུྃ་ཧཱུྃ་ཕཊ། སིཾ་ཧ་རཱུ་པེ། ཁཿག་ཛ་རཱུ་པེ་གཿ། ཨཱཿཏྲཻལོ་ཀྱོ་ད་

རེ་ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། བཱི་རཱ་ཨ་དྭི་ཏེ་ཧཱུྃ་ཧཱུྃ། ཧཱཿཧཱཿ། མ་ཧཱ་པ་ཤུ་མོ་ཧ་ནི། མ་ཧཱ་ཡོ་གེ་ཤྭ་རི་ཏཾ། ཌཱ་ཀི་ནཱི་སརྦ་ལོ་ཀཱ་ནཱཾ། བནྡྷ་ནི་སཏྱཿཔྲ་ཏྱ་ཡེ་ཀཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི་མ་ཧཱ་ཝཾ་ར་པ་ར་མ་སིདྡྷ་ཡོ་གེ་ཤྭ་རི་ཕཊ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའོ། །

เล่ม ๗ · หน้า 140a

བསྒོམ་པ་དང་བཟླས་པས་སྐྱོ་ན་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཞུ་བ། དེ་རྣམས་ཀྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་དང་གཅིག་ཏུ་གྱུར་པ་བདེ་བ་ཆེན་པོའི་འཁོར་ལོའི་ཁུ་བ་བདེ་བ་ཆེན་པོའི་རང་བཞིན་ཁུ་བའི་རྒྱུན་གྱི་

ཆར་རྣམས་ཀྱིས་ལུས་མཐའ་དག་ཁྱབ་པར་བསྒོམས་ནས་ཚིམ་པར་བྱའོ་ཞེས་པ་ལྟ་བ་བསྒྲུབས་ནས་ངལ་བསོ་སྟེ་ཡང་ཡང་དུ་སྔར་བཞིན་དུ་བསྒོམ་པ་དང་བཟླས་པར་བྱའོ། །གཤེགས་སུ་གསོལ་བར་འདོད་ན་འཆད་པར་འགྱུར་བའི་རིམ་པས་གཏོར་མ་

བྱིན་ཏེ་སྔར་བཞིན་དུ་མཆོད་པ་ལ་སོགས་པ་བྱས་ནས་ཡི་གེ་གསུམ་གྱིས་འཁོར་ལོ་སྙིང་གའི་སྔགས་ཀྱི་ནང་དུ་གཞུག་ཅིང་སྨོན་ལམ་རྣམས་ཀྱང་གདབ་པར་བྱའོ། །ལངས་ནས་དག་པའི་སེམས་ཀྱིས་བཅོམ་ལྡན་འདས་མ་ལ་འཁྱུད་པའི་བཅོམ་ལྡན་

འདས་ཀྱི་སྐུ་ཅན་གྱི་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་སྒྱུ་མའི་ངོ་བོར་བདག་ཉིད་དང་མུ་མཐའ་མེད་པའི་ཁམས་གསུམ་པ་ལྷག་པར་མོས་ཤིང་། ཇི་ལྟར་འདོད་པའི་སྤྱོད་པས་བདེ་བར་གཤེགས་པ་མཆོད་པ་དང་། གཞན་གྱི་

དོན་ཀུན་དུ་བསྒྲུབ་པར་བྱའོ། །ཁྲུས་ཀྱི་དུས་སུ་དབང་བསྐུར་གྱི་ཆོ་གས་བསྒྲུབ་པར་བྱའོ། །བདུད་རྩི་མྱང་བའི་ཆོ་གས་ཧཱུྃ་ཡིག་ཚིམ་པར་བྱེད་ཅིང་བཟའ་བར་བྱའོ། །དམ་ཚིག་ཉམས་ན་ཇི་ལྟ་བ་བཞིན་དུ་དོན་ཡོད་གྲུབ་པའི་འཁོར་ལོ་ཅན་ཁཾ་དང་སྣ་ཚོགས་

རྡོ་རྗེས་སྙིང་གར་བརྒྱན་པས་རང་བཞིན་གྱིས་རྣམ་པར་དག་པར་འགྲོ་བ་བསམ་ཞིང་སྔར་བཞིན་དུ་བདག་ཉིད་ལ་དབང་བསྐུར་བར་བྱའོ། །བླ་མ་ལ་བརྙས་པ་ལ་སོགས་པའི་སྐྱོན་ལ་ནི་ཅི་ནུས་པ་ཇི་ལྟ་བར་སྟོན་མོ་བྱས་ཏེ་ཡོན་ཡང་ཕུལ་ནས་བཟོད་པར་གསོལ་

བ་སྡོམ་པ་གཟུང་བར་བྱའོ་ཞེས་པ་དམ་ཚིག་ལས་ལྡང་བར་བསྒྲུབ་པོ། །ཐུན་གཞན་ལ་ནི་སྙིང་གའི་ས་བོན་ལས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་སྤྲོས་ཏེ་སྔར་བཞིན་དུ་མཆོད་པ་ལ་སོགས་པ་བྱའོ། །ཐུན་ཐམས་ཅད་ལ་ཡང་མཐར་འཆད་པར་འགྱུར་

เล่ม ๗ · หน้า 140b

པའི་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །ཉལ་བར་འདོད་ན་ངག་གི་བྱ་བ་ཐམས་ཅད་ཨཱ་ལི་ཀཱ་ལིའི་རང་བཞིན་དུ་རྟོགས་པར་བྱས་ཏེ། ཨོཾ་ཚུར་གཤེགས་ཚུར་གཤེགས་དཔའ་བོ་ཆེ། །དག་པའི་ངག་གི་སྟོན་པ་པོ། །སྟོང་ཉིད་ཡེ་ཤེས་འདི་ལྟ་བུ། །སྤྲོས་དང་སྡུད་པ་རང་འབྱུང་བའོ། །ཨ་

ཡིག་ལ་སོགས་པ་ཀྵ་ཡིག་གི་བར་དང་ཧཱུྃ་ཧཱུྃ་ཕཊ་ཞེས་བརྗོད་དེ། །སྟོང་པ་ཉིད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོར་བདག་ཉིད་དང་གཉིད་ཀྱང་འོད་གསལ་བའི་རང་བཞིན་དུ་ལྷག་པར་མོས་ནས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིས་ཉལ་བར་བྱའོ། །ཐོ་རངས་ཀྱི་ཐུན་ལ་འོད་

གསལ་བ་ལས་ལངས་ཏེ། ཨོཾ་ཚུར་གཤེགས་ཚུར་གཤེགས་ཞེས་པ་ལ་སོགས་པ་ཐམས་ཅད་བརྗོད་ནས་དེ་ལྟ་ཁོ་ནར་ཐམས་ཅད་མ་ཚང་བ་མེད་པར་ལས་དང་པོ་པས་བྱའོ། །བྲེལ་པས་ནི་ཐུན་གཞན་གྱི་ཆོ་ག་རྗེས་སུ་བསྒྲུབ་པོ། །སྐབས་ཡོད་ན་ནི་མཐའ་དག་བསྒྲུབ་པོ། །

གང་ཞིག་ཇི་སྐད་བཤད་པའི་མཚན་མ་ཐོབ་པ། དང་པོའི་རྣལ་འབྱོར་ལ་སེམས་བརྟན་པ་དེས་ནི་ཅུང་ཟད་ཡེ་ཤེས་ལ་དབང་བས་འབད་པས་ཡུད་ཀྱིས་དཀྱིལ་འཁོར་སྤྲུལ་ཏེ་བསྒོམ་མོ། །གང་ཡང་གོམས་པས་དཀྱིལ་འཁོར་མཐའ་དག་ལ་སེམས་བརྟན་པ་དེ་ནི་ཡེ་ཤེས་ལ་དབང་

བ་ཐོབ་པ་ཅན་ཏེ་སྤྲོ་བ་དང་སྡུད་པ་ལས་འགྲོ་བའི་དོན་རྒྱས་པར་བྱེད་ཅིང་ཆོས་ཉིད་རྗེས་སུ་རྟོགས་པ་ལས་བྱང་ཆུབ་སེམས་མངོན་དུ་བྱས་ཏེ། དྲི་མ་ཕྲ་མོའི་ཕྲ་མོ་རྣམས་བསལ་བར་བྱའོ། །དེ་ནས་བསྒོམ་པ་རབ་ཏུ་གྱུར་པ་ལས་ཆོ་ག་ཇི་ལྟ་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྟོགས་ནས།

ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པ་ནི་མུ་མེད་པར་གཞན་གྱི་དོན་ཡང་དག་པར་སྒྲུབ་པའི་ནུས་པར་འགྱུར་རོ་ཞེས་པའོ། །གང་གི་ཚེ་བཞད་མ་དང་སྒེག་མོ་དང་གླུ་མ་དང་གར་མ་དང་མེ་ལོང་མ་དང་། རོ་མ་དང་རེག་བྱ་མ་དང་ཆོས་མ་རྣམས་བསྒོམ་པར་མི་བྱ་བ་དེའི་ཚེ་ལྷ་ཉི་ཤུ་རྩ་

དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་བསྒོམ་པ་ལ་སོགས་པའི་ཆོ་ག་འདི་ཁོ་ནའོ། །གང་གི་ཚེ་བརྒྱད་པོ་དེ་རྣམས་སྤངས་ཏེ། རིམ་པ་གསུམ་པའི་སྣམ་བུ་ལ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བསྒོམ་པ་དེའི་ཚེ་ཡང་བསྒོམ་པ་ལ་སོགས་པའི་ཆོ་ག་

เล่ม ๗ · หน้า 141a

འདི་ཁོ་ནའོ། །དེ་ལ་ཤར་གྱི་སྣམ་བུ་ལ་བྱམས་པ་དང་སའི་སྙིང་པོའོ། །ལྷོ་རུ་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དག་གོ། །ནུབ་ཏུ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དག་གོ། །བྱང་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་དག་གོ། །

འཇམ་དཔལ་ནི་མཾ་ཡིག་ལས་སྐྱེས་པ། གུར་གུམ་ལྟར་དམར་བ་མི་བསྐྱོད་པས་རྒྱས་བཏབ་པའི་རལ་པའི་ཅོད་པན་ཅན་སྤྱན་གསུམ་པ་ཕྱག་རྒྱ་ལྔ་ཅན་རྡོ་རྗེ་དྲིལ་བུ་གཡས་དང་ཅིག་ཤོས་ཀྱི་ཕྱག་གཉིས་ཀྱིས་འཛིན་པ། ཞལ་གཅིག་པ་གཡས་བརྐྱང་གི་ཞབས་སྟབས་ཅན་ནོ། །

བྱམས་པ་ནི་མཻཾ་ཡིག་ལས་སྐྱེས་པ་གསེར་གྱི་མདོག་ཅན་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའི་རལ་པའི་ཅོད་པན་ཅན་སྤྱན་གསུམ་པའི་ཕྱག་རྒྱ་ལྔ་ཅན་ནཱ་ག་གེ་སར་དང་རྡོ་རྗེ་དྲིལ་བུ་འཛིན་པའི་ཕྱག་གཉིས་པ། ཞལ་གཅིག་པ་གཡས་བརྐྱང་གི་ཞབས་སྟབས་ཅན་ནོ། །

གཞན་དྲུག་རྣམས་ནི་ཇི་ལྟར་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ལྟར་རོ། །ཕྱོགས་འདི་ལ་ནི་བྱམས་པས་མགོ་བོ་བྱིན་གྱིས་རློབ་སྟེ། འཇམ་དཔལ་གྱིས་ནི་དབང་པོ་ཐམས་ཅད་ཀྱི་ཤེས་པ་རྣམས་སོ། །ཕྱོགས་གསུམ་ཀ་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཁོ་ན་

ཇི་སྐད་བཤད་པ་ལྟར་ཤེས་རབ་མ་ལ་འཁྱུད་པ་སྟེ། ལྷ་གཞན་རྣམས་ཐམས་ཅད་ཤེས་རབ་མ་མེད་པའོ་ཞེས་པ་ཕྱོགས་གཅིག་གོ། །རང་འདྲའི་ཤེས་རབ་མ་དང་བཅས་པ་རྣམས་སོ་ཞེས་པ་གཉིས་པའོ། །ལས་ཐམས་ཅད་པའི་ཆོ་ག་ལ་རྡོ་རྗེ་ཕག་མོ་དང་བཅོམ་ལྡན་

འདས་དག་ཇི་སྐད་བཤད་པའི་སྐུ་མདོག་ཅན་དག་སྟེ། ཞི་བ་ལ་དཀར་པོ་དག་དང་། རྒྱས་པ་ལ་སེར་པོ་དག་དང་། དབང་དུ་བྱ་བ་ལ་དམར་པོ་དག་དང་། དྲག་པོ་ལ་ནག་པོ་དག་ཏུ་ཤེས་པར་བྱའོ། །འདིར་རྣམ་པར་གཞག་པ་གཞན་ཡང་ཤེས་པར་བྱ་སྟེ། ཇི་སྐད་དུ་གཤིན་རྗེ་

གཤེད་ཀྱི་རྒྱུད་དུ་གསུངས་པ། རྡོ་རྗེ་སེམས་དཔའ་རྫོགས་པ་ནི། །རྣལ་འབྱོར་ཞེས་པར་མངོན་བརྗོད་བྱ། །དེ་ཡི་རྒྱུ་མཐུན་ལྷ་གང་ཞིག །རྗེས་སུ་རྣལ་འབྱོར་དུ་བརྗོད་དོ། །འཁོར་ལོ་ཐམས་ཅད་རྫོགས་པ་ནི། །ཤིན་ཏུ་རྣལ་འབྱོར་རྣམ་བསྒོམས་པ། །ལྷ་ཡི་མིག་སོགས་

เล่ม ๗ · หน้า 141b

བྱིན་བརླབ་ཅིང་། །སྐུ་དང་གསུང་དང་ཐུགས་ཉིད་ཀྱང་། །ཡེ་ཤེས་འཁོར་ལོ་གཞུག་པ་དང་། །བདུད་རྩི་མྱང་བ་ཉིད་དང་ནི། །མཆོད་པ་ཆེ་དང་བསྟོད་པ་ཡང་། །རྣལ་འབྱོར་ཆེན་པོར་འདོད་པའོ། །ཞེས་སོ། །འདིར་ནི་དཔལ་འདུས་པར། བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་མི་བསྐྱོད་པ་ལ་སོགས་པ་རྣམས་ཐམས་ཅད་ཡོད་དེ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་རིག་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་སེམས་ཅན་གྱི་དོན་བྱ་བ་ལ་གར་རབ་ཏུ་སྟོན་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཐས་གཏུགས་

པའི་འཇིག་རྟེན་གྱི་ཁམས་ནས་ཐམས་ཅད་དུ་འདོད་པ་ལྔའི་བདེ་བ་རྣམས་ཀྱིས་རྩེ་ཞིང་དགྱེས་ལ་རབ་ཏུ་རྒྱུའོ། །དེ་རྣམས་ཀྱིས་གསང་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པར་མི་གཟིགས་སོ་ཞེས་པ་ལ་སོགས་པ་རྒྱས་པར་བསྟན་པའི་ཕྱིར། བཙན་ཐབས་ཀྱི་སྒྲུབ་

ཐབས་ཀྱི་ཆོ་ག་ཉེ་བར་སྟོན་ཏོ། །མཐར་ཐུག་པ་ན་ཡང་ཇི་ལྟ་བ་བཞིན་དུ་ཟླ་བ་དྲུག་རྣམས་རིག་མའི་བརྟུལ་ཞུགས་སྤྱད་པས་སྙིང་གའི་འོད་ཟེར་གྱིས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་དང་རང་ཉིད་ཀྱང་ཐལ་མོ་སྦྱར་བས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་རྣམས་ལ་དངོས་གྲུབ་སྒྲུབ་པའི་

དོན་དུ་གསོལ་བ་བཏབ་སྟེ། ཏིང་ངེ་འཛིན་དུའམ་རྨི་ལམ་དུ་རྗེས་སུ་གནང་བས་སམ་མ་བཀག་པས། མཆོད་པ་དང་ཉེ་བར་བསྒྲུབ་པ་ལོངས་སྤྱད་པའི་དོན་དང་དངོས་གྲུབ་སྟེར་བའི་དོན་དུ། དེ་ལྟ་ཁོ་ནར་འདི་རྣམས་ལ་སྲོད་ལ་སྙན་གསན་ཕབ་སྟེ། ནང་པར་སྒྲུབ་

པའི་དཀྱིལ་འཁོར་མངོན་པར་སྤྲུལ་ནས་དེ་ལྟ་ཁོ་ནར་རྗེས་སུ་བསྒྲུབ་པོ། །དེ་ལྟ་ན་ཡང་མི་གཟིགས་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་བློས་དམིགས་ཏེ་ཡང་དག་པར་མཆོད་ནས་བཟོད་པར་གསོལ་ལ་ཟླ་བ་དྲུག་པའི་རིག་མའི་བརྟུལ་ཞུགས་སྤྱད་ཅིང་

དེ་ནས་དེ་ལྟ་ཁོ་ནར་རྗེས་སུ་བསྒྲུབ་བོ། །དེ་ལྟ་ན་ཡང་མི་གཟིགས་ན་སླར་ཡང་དེ་ལྟ་ཁོ་ནར་ཟླ་བ་དྲུག་པའི་རིག་མའི་བརྟུལ་ཞུགས་སྤྱད་ནས་དེ་ལྟ་ཁོ་ནར་རྣམ་པར་བསྒྲུབ་བོ། །དེ་ལྟ་ན་ཡང་མ་གྲུབ་ན་ཉེས་པ་མེད་པའི་རྣལ་འབྱོར་པས་བཙན་ཐབས་ཀྱི་བསྒྲུབ་པ་བྱ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด