དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་སམྤུ་ཊ་ཏནྟྲ་རཱ་ཛ་ཊཱི་ཀ་ཨ་མ་ནཱ་ཡ་མཉྫ་རི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๗ · หน้า 142a
བ་སྟེ། རང་གི་རིག་མ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་པས་ནག་ཅིང་ཁྲོས་པའི་དཀྱིལ་འཁོར་པ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ལས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་བཀུག་ནས་རིག་མའི་
པདྨར་ཇི་ལྟར་བསྒོམས་པའི་ཚུལ་གྱིས་གཏུམ་མོའི་མེའི་དཀྱིལ་འཁོར་ལ་འཇིགས་ཤིང་འཇིགས་པས་འདར་བཞིན་བཅུག་སྟེ། སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ཅིང་ཁར་ཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་ཤེས་རབ་དང་སྦྱོར་བས་ཞུ་བར་གྱུར་ནས་རྡོ་རྗེའི་
ལམ་ནས་བྱུང་བ་བྱང་ཆུབ་སེམས་ཀྱི་བདག་ཉིད་གཤིན་རྗེ་མཐར་བྱེད་ཀྱི་ཕུར་བུར་བསྐྱེད་དེ། དེ་ལྟ་ཁོ་ནར་རྣམ་པར་སྣང་མཛད་ནག་པོར་གཞན་བསྐྱེད་པར་བྱའོ། །དེ་ནས་བཀུག་པའི་རྣམ་པར་སྣང་མཛད་རང་གི་གསང་བའི་རྡོ་རྗེས་བསྡམས་ཏེ། བསྐྱེད་པའི་
རྣམ་པར་སྣང་མཛད་ཕྱག་གཡས་པ་དང་ཅིག་ཤོས་དག་གིས་ཕུར་བུའི་མགྲིན་པ་དང་ཐོ་བ་བཟུང་བས། ཨོཾ་ཨཱཿཙྪིནྡ་ཙྪིནྡ། ཧ་ན་ཧ་ན། ད་ཧ་ད་ཧ། དཱིཔྟ་ཙཀྲཱ་བཻ་རོ་ཙ་ན་བཛྲ་བཻ་རོ་ཙ་ན་ཀུ་ལ་དེ་ཝ་ཏཱཾ་ཝ་ཀཱི་ལ་ཡ་ཧཱུྃ་ཕཊ། ཞེས་པ་བསྒྱིངས་པ་དང་བཅས་པ་བརྗོད་པས་
ཕུར་བུས་གདབ་པོ། །དེ་ནས་ཕུར་བུས་བཏབ་པ་ཙམ་གྱི་རྗེས་ཐོགས་སུ་དངོས་སུ་མངོན་པར་ཕྱོགས་པའམ་མངོན་པར་མ་ཕྱོགས་པ་ཡང་རུང་། དེ་ལྟར་བསམ་པ་གསེར་གྱི་དཀྱིལ་འཁོར་ལ་གནས་ནས། ཨོཾ་ཨཱཿབཛྲ་ཀཱི་ལ་ཨུ་ད་ཀཱི་ལ་ཡ་ཧཱུྃ། ཞེས་པའི་སྔགས་
ཀྱིས་ཕུར་བུ་ཕྱུང་ནས་སྙིང་གའི་འོད་ཀྱིས་སྤྲོས་པའི་སྤྱན་མ་རྣམས་ཀྱིས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སྭཱ་ཧཱ། ཞེས་ཟློས་ཤིང་མངོན་པར་དབང་བསྐུར་ཏེ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་དང་བཟོད་པར་གསོལ་བར་བྱའོ། །དེ་ལྟར་ཉི་མ་
བདུན་ཇི་སྲིད་པར་རྗེས་སུ་བསྒྲུབ་སྟེ་འགྲུབ་པར་འགྱུར་རོ། །དེ་ལྟར་རྣམ་པར་སྣང་མཛད་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་བཙན་ཐབས་ཀྱི་བསྒྲུབ་པའོ། །དེ་བཞིན་དུ་ནག་ཅིང་ཁྲོས་པའི་འོད་དཔག་མེད་ཀྱི་རྣལ་འབྱོར་གྱིས། པདྨ་མཐར་བྱེད་དམར་པོའི་ཕུར་
เล่ม ๗ · หน้า 142b
བུས། ཨོཾ་ཨཱཿ་ཧྲཱིཿབྷུརྦྷུ་ཝཿཨ་མི་ཏཱ་བྷཾ་ཨ་མི་ཏཱ་བྷཾ་ཀུ་ལ་དེ་ཝ་ཏཱཾ་ཝ་ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་པའི་ཁྱད་པར་གྱིས་འོད་དཔག་མེད་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་བཙན་ཐབས་ཀྱི་བསྒྲུབ་པའོ། །དེ་བཞིན་དུ་ནག་ཅིང་ཁྲོས་པའི་མི་བསྐྱོད་པ་དང་རིན་ཆེན་འབྱུང་བ་དང་
དོན་ཡོད་གྲུབ་པའི་རྣལ་འབྱོར་གྱིས་བདུད་རྩི་འཁྱིལ་པའི་ཕུར་བུས། ཨོཾ་ཨཱཿབཛྲ་རཱ་ཛ་ཨཀྵོ་བྷྱཾ་རཏྣ་སམྦྷ་ཝ་ཨ་མོ་གྷ་སིདྡྷིཾ་ཏ་ཏ་ཏ་ཀུ་ལ་དེ་ཝ་ཏཱཾ་ཝཱ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པས་ཕུར་བུས་གདབ་བོ་ཞེས་པའི་ཁྱད་པར་གྱིས་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིས་བཙན་
ཐབས་ཀྱི་བསྒྲུབ་པའོ། །འདི་ཐམས་ཅད་ནི་ཕུར་བུ་གདབ་བྱ་དང་འདེབས་པ་པོ་དང་འདེབས་པར་མངོན་པར་མ་ཞེན་པར་བྱས་ན་དངོས་གྲུབ་འཐོབ་བོ། །དེ་ཅི་གང་ལས་བཙན་ཐབས་སུ་བསྒྲུབ་པར་བྱ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་གཞན་དབང་ཅན་
རྣམས་ཐུགས་རྗེ་དང་མི་ལྡན་པ་རྣམས་སམ་རྣལ་འབྱོར་པ་ཡང་དེ་རྣམས་ལ་མི་འདུད་པ་ཡིན་ཞེ་ན། འདུས་པར། གར་འདི་རྣམས་ནི་ཡང་དག་འབྱུང་། །ཞེས་གསུངས་པ་མ་ཡིན་ནམ། འདི་ནི་སངས་རྒྱས་རྣམས་ཀྱི་གར་ཏེ། ཅི་ཞིག་ལྟར་རྣལ་འབྱོར་པ་རྣམ་པ་
གཞན་དུ་སེམས་མཐོན་པོར་དང་རྣལ་འབྱོར་པའི་ཡང་དེ་ལྟར་རྗེས་སུ་བསྒྲུབ་པ་མ་གཟིགས་པ་རྣམས་ཀྱི་རྩེད་མོ་པའི་བཞིན་དུ་དེ་བཞིན་གཤེགས་པ་ལ་རྗེས་སུ་ཆགས་པའི་དོན་དུ་གར་ཁོ་ནའོ། །བཅོམ་ལྡན་འདས་དེ་རྣམས་ཀྱང་འཇིགས་པ་བཞིན་དུ་འཇིགས་པ་རྣམས་སོ་
ཞེས་པ་ཡང་གར་གཞན་ཏེ། སྙིང་རྗེའི་གཞན་དབང་ཅན་རྣམས་ཀྱིའོ། །དེ་གསུངས་པ། འཇིགས་ཤིང་སྐྲག་པའི་ཡིད་ཅན་ནི། །མཆོག་སྟེར་རྣམ་པར་གཟིགས་པར་མཛད། །ཡིད་ནི་དགའ་ཞིང་མགུ་རྣམས་ལ། །དངོས་གྲུབ་རྒྱ་ཆེན་ཐོབ་པར་མཛད། །ཅེས་སོ། །
དུར་ཁྲོད་ལ་དགྱེས་པ་ཕྱག་གཉིས་པའི་ཧེ་རུ་ཀའི་དཀྱིལ་འཁོར་གསུངས་པ། ཕྱི་ཞེས་པ་ལ་སོགས་པའོ། །སྔ་མ་བཞིན་ཞེས་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལྟར་གྲུ་བཞི་པ་ཉིད་ལ་སོགས་པ་དང་ལྡན་པ་དང་རྡོ་རྗེ་དྲག་མོ་ལ་སོགས་པ་ལྷ་ཉི་ཤུ་རྩ་བརྒྱད་དང་
เล่ม ๗ · หน้า 143a
ལྡན་པའོ། །ཕྱིའི་དཀྱིལ་འཁོར་དེའི་ཕྱེད་ཀྱི་ནང་དུ་ཟླ་བ་ཕྱེད་པའི་རྣམ་པའི་དཀྱིལ་འཁོར་རོ། །ཕྱི་རོལ་ཞེས་པ་ཟླ་བ་ཕྱེད་པའི་རྣམ་པ་ལས་ཏེ། རི་མོ་བཞི་རྣམས་ནི་རྡོ་རྗེ་དང་འོད་ཟེར་གྱི་ཕྲེང་བའི་རི་མོ་གསུམ་ལས་ཕ་རོལ་ཏུ་པདྨ་དང་། འཁོར་
ལོའི་ཕྲེང་བ་དག་གིའོ། །ལྷ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་སོ། །ཁྱད་པར་གསུངས་པ། གཽ་རཱི་ལ་སོགས་པ་རྣམས་ཞེས་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་བརྒྱད་རྣམས་ཀྱི་གནས་རྣམས་སུའོ། །དབུས་སུ་རྡོ་རྗེ་སེམས་
དཔའི་གནས་སུ་ཧེ་རུ་ཀའི་བསྐྱེད་པའི་ས་བོན་ཧྲཱིཿའོ། །ཧྲཱིཿཡིག་ལ་སོགས་པའི་ས་བོན་རྣམས་ནི་གཽ་རཱི་ལ་སོགས་པ་རྣམས་ཀྱི་སྟེ། འདི་རྣམས་ཀྱི་མིང་དང་དགོད་པ་དང་། ཁ་དོག་དང་ཕྱག་མཚན་ལ་སོགས་པ་ནི་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་དུ་ཇི་སྐད་བཤད་པ་
བཞིན་ནོ། །ཕྱིའི་དཀྱིལ་འཁོར་དུ་ཞེས་པ་ཟླ་བ་ཕྱེད་པའི་དབྱིབས་ལས་སོ། །སྔ་མ་བཞིན་ཞེས་པ་འདིར་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལྟར་ཞེས་པའི་དོགས་པ་བསལ་བའི་ཆེད་དུ་འཆད་པར་འགྱུར་བའི་སྔགས་ཀྱི་རྗེས་སུ་འབྲང་བས་ཇི་ལྟར་རིགས་པར་རྡོ་རྗེ་
སེམས་དཔའི་དཀྱིལ་འཁོར་པ་རྣམས་ཀྱི་ཡང་ས་བོན་རྣམས་ཉེ་བར་མཚོན་པའི་ཆེད་དུ། གླིང་བུ་མ་ལ་སོགས་པ་རྣམས་ཀྱི་ས་བོན་ཨོཾ་ཡིག་ལ་སོགས་པ་རྣམས་གསུངས་སོ་ཞེས་བླ་མ་ཁ་ཅིག་གོ། །དབུས་ཀྱི་རིམ་པར་བཅོམ་ལྡན་འདས་དང་གཽ་རཱི་ལ་སོགས་པ་
རྣམས་ཏེ། གཉིས་པར་གླིང་བུ་མ་ལ་སོགས་པ་རྣམས་སོ་ཞེས་པའི་ལྷ་བཅུ་བདུན་པ་རིམ་པ་གཉིས་པ་རྣམས་དཀྱིལ་འཁོར་འདིའོ་ཞེས་བླ་མ་གཞན་རྣམས་གསུང་ངོ་། །ཕྱོགས་འདི་ལ་རི་མོ་བཞི་རྣམས་ནི་རྡོ་རྗེ་དང་འོད་ཟེར་གྱི་ཕྲེང་བ་དང་ལྷ་རྣམས་ཀྱི་ཐིག་
རྣམས་ཏེ། ཕྱི་རོལ་ཞེས་པ་ཁང་པ་བརྩེགས་པ་ལས་སོ། །ཧ་རི་བྷ་ས་ནི་ཤིང་ཙནྡན་ནོ། །ལྷའི་ཚོགས་ནི་བརྒྱ་བྱིན་ནོ། །སྤྲིན་གྱི་རྒྱལ་པོ་ནི་ཆུ་ལྷ་སྟེ། སྤྲིན་རྣམས་ལ་བདག་པོ་ཉིད་ཀྱི་ཕྱིར་རོ། །གནོད་སྦྱིན་གྱི་སྡེ་ཅན་ཞེས་པ་གང་གི་སྡེ་གནོད་སྦྱིན་ཡིན་པ་དེ་
เล่ม ๗ · หน้า 143b
ནི་དེ་སྐད་དེ་ལུས་ངན་པའོ། །དྲང་སྲོང་གི་ཚོགས་ཀུན་དུ་འཁྲིགས་པ་ནི་མེ་ལྷ་སྟེ། དྲང་སྲོང་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཉིད་ཀྱི་ཕྱིར་རོ། །སྲིན་པོ་ནི་བདེན་བྲལ་ལོ། །ཡི་དགས་ནི་བྷྲིངྒི་ལ་སོགས་པའི་ཚོགས་རྣམས་ཏེ། དེ་བཞིན་གཤེགས་པའི་བསྟན་
པ་ལས་རིང་དུ་རབ་ཏུ་སོང་ཞེས་བྱས་ནས་སོ། །དེ་རྣམས་གང་གི་འདུས་པ་སྟེ་དབང་དུ་གྱུར་པ་ཡིན་པ་དེ་ནི་ཡི་དགས་འདུས་པ་སྟེ་བདེ་བྱེད་དོ། །ཁ་ཅིག་ཏུ་གཞི་ཐ་དད་པ་འབྲུ་མང་པོའི་ཕྱིར་དྲག་པོ་དང་བཅས་པའི་ཚོགས་རྣམས་སོ། །དབང་བཅས་ཉེ་
དབང་བཅས་ནི་ལྷ་རྣམས་སོ། །ཟླ་བ་ཉི་མར་བཅས་ནི་ཚངས་པ་ལ་སོགས་པ་རྣམས་སོ། །གཤིན་རྗེ་ནི་ཆུ་ལྷ་ལ་སོགས་པ་རྣམས་ཉེ་བར་མཚོན་པའོ། །དེ་རྣམས་ཀྱི་ཆ་ཤས་ཅན་ནི་རང་རང་གི་ཕྱོགས་ན་གནས་པའི་སེམས་ཅན་གྱི་ཕུང་པོ་སྟེ། དེ་ཕྱོགས་ཀྱི་བདག་
པོ་ལ་སོགས་པ་སྙིང་རྗེ་དང་ཤེས་རབ་མ་གོམས་ཤིང་གཞན་ལ་གནོད་པ་བྱེད་པ་ཤིན་ཏུ་གོམས་པར་བྱས་པའི་བདུད་ཀྱིས་བྱིན་གྱིས་བརླབས་པའི་བདུད་ཀྱི་སྤྲུལ་པ་དེ་རྣམས་ཀྱིས་རྒྱས་བཏབ་སྟེ། དགེ་བ་རྗེས་སུ་སྒྲུབ་པ་ལ་རང་དབང་མེད་པར་བྱས་ཤིང་། རྨོངས་བྱས་
ཏེ་བླང་བྱ་དང་དོར་བྱ་ལ་ཕྱིན་ཅི་ལོག་ཏུ་བྱས་ལ། ཟོས་ཏེ་དགེ་བའི་ཕྱོགས་ཟད་པར་བྱེད་པའི་ཕྱིར་དང་། ཐལ་བར་བཅས་ཀྱང་ཞེས་པ་ཐལ་བར་བཅས་པ་རྣམས་ཀྱང་ཟོས་ཏེ་དགེ་བའི་བག་ཆགས་ཀྱང་འཇིག་པར་བྱེད་པའི་ཕྱིར་རོ། །གསོ་བར་མཛད་ནི་བཅོམ་
ལྡན་འདས་ཀྱིས་དེ་རྣམས་ཟིལ་གྱིས་མནན་ནས་དེ་དང་དེ་ལས་བཟློག་པར་མཛད་པའི་ཕྱིར་རོ། །འདིར་འདི་ནི་རྒྱུད་གཞན་དུ་གསུངས་པའང་འདུ་བའོ། །ཁང་པ་བརྩེགས་པའི་ཤར་ཕྱོགས་སུ་གཏུམ་དྲག་ཅེས་པའི་དུར་ཁྲོད་དེ། སྒྲུབ་པ་པོ་རྗེས་སུ་འཛིན་པ་
ཞེས་པ་མིང་གཞན་ནོ། །ཤིང་ཙནྡན་ཏེ། རྫུ་འཕྲུལ་ཆེན་པོ་པ་གླང་བོ་ཆེའི་གདོང་པ་ཅན་དང་། ཕྱོགས་སྐྱོང་བ་དབང་པོ་དང་ཁྱབ་འཇུག་དང་། ཀླུ་ནོར་རྒྱས་དཀར་པོ་དང་། སྤྲིན་སྒྲོགས་པ་ཞེས་བྱའོ། །མེར་དྲག་ཏུ་དགོད་པའམ་མིང་གཞན་རབ་འཇིགས་
เล่ม ๗ · หน้า 144a
ཆེན་པོ་ཞེས་བྱ་བའི་དུར་ཁྲོད་དོ། །ཤིང་ཀ་རཉྫ་དང་རྫུ་འཕྲུལ་ཆེན་པོ་པ་རའི་གདོང་པ་ཅན་དང་མེ་ལྷ་དང་པདྨ་ཆེན་པོ་དཀར་པོ་དང་སྤྲིན་སྟུག་པོའོ། །ལྷོར་ཀེང་རུས་འཇིགས་པའམ་མིང་གཞན་འཇིགས་སུ་རུང་བ་མུན་པ་ཅན་ཞེས་བྱ་བའི་
དུར་ཁྲོད་དེ། ཤིང་ཨ་མྲ་དང་། རྫུ་འཕྲུལ་ཆེན་པོ་པ་མ་ཧེའི་གདོང་པ་ཅན་དང་། གཤིན་རྗེ་དང་པདྨ་དཀར་པོ་དང་སྤྲིན་འཁོར་བྱེད་དོ། །བདེན་བྲལ་དུ་ཀུ་ཅོ་ཅ་ཅོ་སྒྲོགས་པའམ། མིང་གཞན་རྣལ་འབྱོར་མང་དུ་འདུས་པ་ཆེན་པོའི་དུར་ཁྲོད་དེ། པར་ཀ་ཊཱི་དང་རྫུ་
འཕྲུལ་ཆེན་པོ་པ་རོའི་གདོང་པ་ཅན་དང་། སྲིན་པོ་དང་། མཐའ་ཡས་སྔོན་པོ་དང་། སྤྲིན་འགེངས་བྱེད་དོ། །ནུབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་མིང་གཞན་ཁྲོ་བོའི་མེ་སྟེ། ཤིང་ཀཾ་ཀེ་ལླི་དང་རྫུ་འཕྲུལ་ཆེན་པོ་པ་ཆུ་སྲིན་གྱི་གདོང་པ་ཅན་དང་ཆུ་ལྷ་
སྟོབས་རྒྱུ་ལྗང་གུ་དང་སྤྲིན་འཇིགས་སུ་རུང་ངོ་། །རླུང་དུ་འཇིགས་རུང་མུན་པ་ཅན་གྱི་དུར་ཁྲོད་མིང་གཞན་སེང་གེའི་སྒྲ་ཕཊ་ཡིག་ཆེན་པོ་སྒྲོགས་པ་སྟེ། ཤིང་ཨརྫུ་ན་དང་རྫུ་འཕྲུལ་ཆེན་པོ་པ་རི་དགས་ཀྱི་གདོང་པ་ཅན་དང་། རླུང་ལྷ་དང་རིགས་ལྡན་ཁྲ་བོ་དང་སྤྲིན་
ཆར་འབེབས་སོ། །བྱང་དུ་གཾ་ག་རའི་དུར་ཁྲོད་མིང་གཞན་གཉིས་མི་བྱེད་དེ། ཤིང་ཨ་ཤྭཏྠ་དང་རྫུ་འཕྲུལ་ཆེན་པོ་པ་མིའི་གདོང་པ་ཅན་དང་ལུས་ངན་དང་ལོག་འདྲེན་སྡེ་དང་བཅས་པ་དག་དང་། འཇོག་པོ་དམར་པོ་དང་སྤྲིན་འུར་འུར་སྒྲོགས་སོ། །དབང་ལྡན་
དུ་ཕུན་ཚོགས་ནགས་ཞེས་བྱ་བའི་དུར་ཁྲོད་མིང་གཞན་མཚོ་སྐྱེས་དཔའ་བོ་སྟེ། ཤིང་ཝ་ཊ་དང་རྫུ་འཕྲུལ་ཆེན་པོ་པ་བ་ལང་གི་གདོང་པ་ཅན་དང་དབང་ལྡན་དང་དུང་སྐྱོང་སེར་པོ་དང་སྤྲིན་གཏུམ་བྱེད་ཅན་ནོ། །ཐམས་ཅད་མཆོད་རྟེན་བལྟ་བར་བྱའོ། །དེ་ལ། ས་སྲུང་དཀར་པོ་ལ་
ཞོན་པ། །ཞེས་པ་ལ་སོགས་པ། ཅང་ཏེའུ་ཡིས་བྲེལ་བའི་ཕྱག །ཅེས་པའི་བར་སུམ་ཅུ་རྩ་བཞི་པར་འཆད་པར་འགྱུར་བ་འདིར་ཤེས་པར་བྱའོ། །གདེངས་ཅན་བརྒྱད་རྣམས་མིའི་གདོང་ཅན། །རྒྱན་བཟང་ཅན་གང་བྱེ་བྲག་མེད། །བརྒྱ་བྱིན་ལ་སོགས་འདི་
เล่ม ๗ · หน้า 144b
བཅུ་དྲུག །གཡོན་པ་ཡིད་འོང་མ་ལ་འཁྱུད། །ཅིག་ཤོས་ཕྱག་ནི་སྒེག་བཅས་རྣམས། །ཤིང་དང་ཉེ་བར་ཤེས་པར་བྱ། །ཉི་མར་གཤིན་རྗེ་སྲིན་པོར་མེ། །གཞན་རྣམས་ཟླ་བར་ཟླ་འོད་ཅན། །དབང་ལྡན་གཤིན་རྗེ་སྲིན་པོ་རྣམས། །མ་གཏོགས་རིན་ཆེན་
ཅོད་པན་འབར། །དབང་ལྡན་རིན་ཆེན་ཅོད་པན་ཞེས། །ཁ་ཅིག་རྫུ་འཕྲུལ་ཆེན་པོ་བརྒྱད། །ལུས་སྟོད་ཕྱེད་མཐོང་ཕྱག་རྣམས་ཀྱིས། །ཐོད་པ་འཛིན་པར་བྱེད་པ་སྟེ། །གཞན་གྱིས་བྱིན་པའི་གཏོར་མ་ལ། །གཡས་པས་འཛིན་པའི་ཚུལ་གྱིས་བྲེལ། །སྤྲིན་
རྣམས་ནི་ནམ་མཁའ་ལ་ཁ་དོག་སྣ་ཚོགས་པ་གློག་འགྱུ་བ་དང་། སྒྲ་སྒྲོགས་པར་བྱེད་པ་སྟེ། འགའ་ཞིག་ཆར་གྱི་རྒྱུན་ཅན་རྣམས་སོ། །བརྒྱད་པོ་འདི་རྣམས་ནི་རྣམ་པ་སྣ་ཚོགས་པའི་ཤིང་མཆོག་གཞན་རྣམས་ཀྱིས་ཀྱང་རྣམ་པར་མཛེས་པ། བྱ་རོག་དང་འུག་པ་དང་བྱ་རྒོད་
དང་ཁྱི་དང་ཅེ་སྤྱང་དང་སེང་གེ་དང་ཕག་དང་སྟག་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གོ་ན་ས་ལ་སོགས་པའི་སྦྲུལ་རྣམས་ཀྱིས་ཤིན་ཏུ་བག་ཚ་བར་བྱེད་པ་ཅན། ཀེང་རུས་དང་གསལ་ཤིང་གིས་ཕུག་པ་དང་དཔྱངས་པ་དང་། ཕྱེད་ཚིག་པ་དང་མགོ་བོ་དང་ཐོད་
པ་དང་པུས་མོ་དང་། རོ་མགོ་མེད་དང་རུས་པ་དང་མགོ་བོའི་དུམ་བུ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ་རྣམ་པ་སྣ་ཚོགས་པའི་གྲུབ་པ་དང་རིག་པ་འཛིན་པ་རྣམས་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་ཚོགས་རྣམས་དང་ཅ་ཅོ་སྒྲོགས་བཞིན་
པའི་རོ་ལངས་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་དང་། འདི་ནས་དང་དེ་ནས་རྒྱུག་པ་དང་། གཡོ་བ་དང་འགྲེང་བ་དང་སྡོད་པ་དང་ཉལ་བ་དང་། ལྡང་བ་རྣམས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་ཆེན་པོ་རྣམས་སོ། །འདི་རྣམས་ཀྱིས་
ཡོངས་སུ་བསྐོར་བའི་ཁང་པ་བརྩེགས་པའི་ནང་དུ་ལྷ་སུམ་ཅུ་རྩ་བདུན་གྱིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་བདེ་མཆོག་སྐུ་མདོག་སྔོན་པོ་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བའི་ཆ་དང་མི་བསྐྱོད་པས་མཚན་པའི་རལ་པའི་ཅོད་པན་ཅན་དཔྲལ་བའི་སྟེང་དུ་ཐོད་
เล่ม ๗ · หน้า 145a
པའི་ཕྲེང་བ་འཛིན་པ། ཕྱག་རྒྱ་དྲུག་པ། སྤྱན་གསུམ་པ། རྣམ་པར་འགྱུར་བའི་ཞལ་གཅིག་པ། མགོ་བོའི་ཕྲེང་བ་མདུན་དུ་འཕྱང་བ། རྒྱབ་ཏུ་ཞུས་བཞིན་པའི་སྟག་གི་པགས་པའི་ཤམ་ཐབས་ཅན་མཆོད་ཕྱིར་ཐོགས་པའི་ཚུལ་གྱིས་ཁ་ཊྭཱཾ་ག་ཅན་
གྱི་ཁྲག་གིས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཕྱག་གཡས་པ་སྟེང་དུ་ཕྱར་བའི་རྡོ་རྗེ་འབར་བ་འཛིན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་དང་འཇིགས་བྱེད་དང་། དུས་མཚན་རྣམས་མནན་ནས་སྐྱིལ་ཀྲུང་ཕྱེད་པས་གར་གྱི་ཉམས་དགུ་
རྣམས་ཀྱིས་གར་སྟབས་མཛད་པ་སྟེ། བཅོམ་ལྡན་འདས་མ་ཡང་དམར་མོ་སྤྱན་གསུམ་པ། དབུ་སྐྲ་གྲོལ་བ། དཔྲལ་བའི་སྟེང་དུ་བཅིངས་པའི་ཐོད་པ་ལྔའི་ཕྲེང་བ་ཅན། ཕྱག་རྒྱ་ལྔ་པ་ཅན། གཅེར་བུ་སྐ་རགས་ལ་དུམ་བུས་བརྒྱན་པ། མགོ་བོ་སྐམ་པོའི་
ཕྲེང་བ་འཕྱང་བ། བཅོམ་ལྡན་འདས་ལ་བཅར་བཞིན་པ་རྒྱུན་མི་འཆད་པར་འབབ་པའི་རྡུལ་གྱིས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་གཙོ་བོ་ལ་འཁྱུད་པ། གཡས་པས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཛིན་པ། བྱིན་པ་གཉིས་ཀྱིས་དཀྲིས་
ནས་བདེ་བ་ཆེན་པོ་ཉེ་བར་བསྐྱེད་པའོ་ཞེས་རིག་པར་བྱའོ། །ཕྱོགས་གཞན་གསུངས་པ། ཡང་ནི་ཞེས་པ་ལ་སོགས་པ་སྟེ་དྲག་པོའི་གདན་ཅན་ཕྱག་གཉིས་པ་འདི་ནི་ཤེས་རབ་མ་མེད་པ་སྟེ། ཁྱད་པར་གཞན་ནི་སྔར་བཞིན་ནོ། །ཚངས་སོགས་རྣམས་ཀྱིས་ཞེས་པ་ཚངས་
པ་སོགས་མནན་ཏེ་ཟིལ་གྱིས་མནན་ནས། ཉེ་བར་ལོངས་སྤྱོད་དེ་ཚངས་པ་མོ་ལ་སོགས་པའི་ལྷ་མོ་རྣམས་སོ། །སེམས་ཅན་རྣམས་ལ་ཡང་སྦྱིན་ཏེ་དངོས་གྲུབ་ཅེས་འབྲེལ་ལོ། །རྡོ་རྗེ་སེམས་དཔའ་དང་མཚུངས་པའི་དེ་བཞིན་གཤེགས་པའི་ཚོགས་འཕྲོ་བ་རྣམས་
ཀྱིས་ཕྱོགས་བཅུ་རྣམས་ཐམས་ཅད་དུ་འོད་ཟེར་ཇི་ལྟར་འགྱུར་བ་ལྟར་རོ། །བཅོམ་ལྡན་འདས་དུར་ཁྲོད་ལ་དགྱེས་པ་ཕྱག་གཉིས་པ་འདི་དང་དྲག་པོའི་གདན་ཅན་ཕྱག་གཉིས་པའི་ཡང་སྒོམ་པའི་རིམ་པ་ནི་ཇི་ལྟར་རིགས་པར་སྔར་དང་འདྲ་བར་རིག་པར་བྱ་སྟེ།
เล่ม ๗ · หน้า 145b
གཞུང་མངས་པར་མ་གྱུར་ཅིག་ཅེས་པས་འདིར་རྣམ་པར་མ་ཕྱེའོ། །འདི་དག་གི་བཟླས་བྱའི་སྔགས་གཉིས་ནི་འཆད་པར་འགྱུར་རོ། །དངོས་གྲུབ་ཅེས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་བོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་
པ། མན་ངག་གི་སྙེ་མར་སྙེ་མ་བཅུ་གཉིས་པའོ།། །།དེ་ལྟར་རྫོགས་པའི་རིམ་པ་སྒོམ་པ་པོའམ་བསྐྱེད་པའི་རིམ་པ་སྒོམ་པ་པོ་འདིའི་རྣལ་འབྱོར་པ་གནས་པ་ལ་རྡོ་རྗེ་རྣལ་འབྱོར་མ་རྣམས་འདུ་བའི་དོན་དུ་བདག་ཉིད་བརྡས་ངེས་པར་སྟོན་ཏེ། དེའི་ཕྱིར་བརྡ་
དེ་ཤེས་པའི་དོན་དུ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །གཞན་རྣམས་ཀྱིས་ཀྱང་འདི་ཤེས་པར་བྱ་བ་ཁོ་ན་སྟེ། རེས་འགའ་དེ་རྣམས་ལ་ཡང་སྟོན་པར་འགྱུར་བས་སོ་ཞེས་པའོ། །ཕྱག་རྒྱ་ནི་བརྡ་སྟེ་དེ་གསལ་བར་བྱེད་པའི་ངག་གང་ཡིན་པ་
དེའི་མཚན་ཉིད་དོ། །གསང་ཆེན་ནི་སྦ་བར་བྱ་བའོ། །རྣལ་འབྱོར་པ་རྣམས་དང་རྣལ་འབྱོར་མ་རྣམས་ཀྱི་ཡང་ངོ་། །མཁའ་འགྲོ་མ་རྣམས་ཀྱི་རྣམ་པར་རྒྱལ་བའི་ཆེད་དུ་སྟེ་དགའ་བའི་བདག་ཉིད་དུ་འགྱུར་བར་བྱ་བའི་ཆེད་དུ་སྟོབས་ཏེ་ནུས་པ་གང་ལ་ཡོད་པ་དེ་ནི་དེ་
སྐད་དོ། །དམ་ཚིག་ནི་འདུ་བ་སྟེ། དེའི་ཆེད་དུ་ཕྱག་རྒྱ་གསུངས་སོ། །ཀོལླ་ཨི་རེ་ཞེས་པ་ཀོལླའི་རི་ལ་སྟེ་གནས་ལའོ། །བོ་ལ་སྟེ་བོ་ལ་ཡིས་ཉེ་བར་མཚོན་པའི་རྣལ་འབྱོར་པའོ། །མུམྨུ་ཎི་རེ་སྟེ་མུམྨུ་ནིའི་ཞིང་དུའོ། །ཀཀྐོ་ལཱ་སྟེ་དེས་ཉེ་བར་མཚོན་པའི་རྣལ་འབྱོར་
མའོ། །འདིར་རིང་པོ་ན་གནས་པའི་ཡང་ཤེས་རབ་དང་ཐབས་དག་ཇི་ལྟར་རིགས་པར་ལྷག་པའི་རྒྱལ་པོ་དག་ཀྱང་དེའི་སྐད་ཅིག་ལ་འདུ་བར་གླུ་བླང་བར་བྱའོ། །ཀྲྀ་པི་ཊ་ཞེས་པ་ཅང་ཏེའུ་འོ། །ཧོ་ནི་བོད་པ་ལའོ། །ཀཱ་རུ་ཎེ་ནི་སྙིང་རྗེས་སོ། །ཀི་ཨ་ཨི་ན་ནི་མི་བྱ་
བའོ། །རོ་ལཱ་ནི་འཐབ་མོའོ། །མ་ཨ་ཎཱ་ནི་མྱོས་བྱེད་དོ། །མཱ་ལ་ཨི་ཨིནྡྷ་ཎ་སཱ་ལི་ཨ་ཞེས་པ་ཤཱ་ལིའི་ཚོད་མའོ། །བྷ་རུ་ནི་མང་པོའོ། །ཨཾ་ག་ནི་ཡན་ལག་རྣམས་ལའོ། །ཙ་ཌཱ་བི་ཨ་ནི་གདགས་པར་བྱ་བའོ། །ཏ་ཧིཾ་ཛ་ནི་དེར་ཡང་ངོ་། །ཤཱ་རཱ་བ་ནི་ཡིད་ཆེས་
เล่ม ๗ · หน้า 146a
པའོ། །པ་ཎི་ཨ་ཨི་ནི་གཞུག་པར་བྱ་བའོ། །འདི་ཙམ་གྱིས་ཚིགས་སུ་བཅད་པ་བཞི་རྣམས་སོ། །འདི་རྣམས་ཀྱི་མཐར་ངེས་བྱེད་གླུར་བླང་བར་བྱའོ། །དེ་ཁོ་ན་གསུངས་པ་མ་ལ་ཨ་ཛེ་ཞེས་པ་ལ་སོགས་པའོ་ཞེས་པ་དྲང་བའི་དོན་ཏོ། །
ངེས་པའི་དོན་ནི་ཀོལླ་ཨི་རི་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །མུམྨུ་ཎི་ནི་སྤྲུལ་པའི་འཁོར་ལོའོ། །དེར་ཤེས་རབ་དང་ཐབས་དག་ནི་བོ་ལ་དང་ཀཀྐོ་ལ་དག་ཏུ་གསུངས་པའོ། །དེ་དག་ནཱི་ད་ནི་ཅང་ཏེའུའི་སྒྲའོ། །འདིར་ཡང་ཨ་ཡིག་གི་ནཱ་དས་གྱེན་དུ་བསྐྱོད་
པའི་གཏུམ་མོ་དང་ལྷན་ཅིག་བཅོམ་ལྡན་འདས་རྩོད་པར་འགྱུར་བ་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་བཅོམ་ལྡན་འདས་ནི་སྙིང་རྗེ་བདུད་རྩིའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་བཅོམ་ལྡན་འདས་ནི་དེ་ལ་འཁྱུད་པ་ཁོ་ནའོ། །བ་ལ་སྟེ་སྙིང་གའི་འཁོར་ལོ་ལ་སོགས་
པར་སོན་པ་གཏུམ་མོས་སྲེག་པ་ནི་ཟ་བའོ། །མྱོས་བྱེད་ནི་བྱང་ཆུབ་སེམས་ཀྱི་རྒྱུན་ནོ། །ཀཱ་ལིཉྫ་ར་ནི་རྗེས་སུ་མཐུན་པའི་རླུང་སྟེ་དེ་གཞུག་པ་ནི་ཨ་ཝ་དྷཱུ་ཏཱི་རུའོ། །དུནྡུ་རོ་ནི་རྐྱང་མ་དང་རོ་མར་སོང་བའི་རླུང་ངོ་། །དོར་བ་ནི་དེར་དེ་རབ་ཏུ་མི་རྒྱུ་བའོ། །བཞི་མཉམ་
པ་ལ་སོགས་པ་རྣམས་གཏུམ་མོའི་འོད་ཀྱིས་གདུངས་པའི་ཡན་ལག་རྣམས་སུ་ཐིམ་པ་ནི་སྦྱར་བའོ། །དེ་ནས་ཐིམ་པའི་བཞི་མཉམ་ཡན་ལག་ཐམས་ཅད་པ་ཤཱ་ལའི་ཚོད་མར་གཞག་པར་བྱ་བ་གཏུམ་མོའི་འོད་ཀྱི་མེ་ལ་ཇི་ལྟར་འདོད་པར་སྦྱིན་སྲེག་མཆོག་ནི་བཟའ་
བའོ། །ཕྲེཾ་ཁ་ཎ་ཁ་ཊ་དག་ནི་བཅོམ་ལྡན་འདས་གནས་སུ་འགྲོ་བ་དང་དེ་དང་ལྷན་ཅིག་གཏུམ་མོ་འོང་བའོ། །དེའི་ཚེ་ཡང་བདེ་བ་ཆེན་པོ་དང་རོ་གཅིག་པའི་སེམས་ལ་སྡུག་པ་དང་མི་སྡུག་པའི་རྣམ་པར་རྟོག་པ་རྣམས་མི་འབྱུང་བ་ནི་དག་པ་དང་མ་དག་པ་དག་མི་སེམས་
པའོ། །གཏུམ་མོའི་འོད་ཀྱིས་ཡོངས་སུ་སྦྱངས་པའི་རྩ་རྣམས་སུ་བདེ་བ་ཆེན་པོའི་ཟླ་བའི་འོད་རྣམས་ཀྱིས་ཀུན་དུ་འགེངས་པ་ནི། རཾ་ཤུ་ཡན་ལག་རྣམས་ལ་འདོགས་པའོ། །དེ་ལྟར་རོ་རུ་གྱུར་པའི་ལུས་ཀྱི་ལྷག་མ་ཟླ་བ་དང་ཉི་མའི་འོད་རྣམས་ལ་རྣམ་པ་ཐམས་ཅད་དུ་ཐིམ་
เล่ม ๗ · หน้า 146b
པ་ནི་རོ་གཞུག་པའོ། །དེ་ལྟར་ཡན་ལག་ཐམས་ཅད་ལ་མངོན་པར་ཁྱབ་པའི་ཤེས་རབ་ཐབས་དག་འཁོར་བའི་བར་དུ་རོ་མཉམ་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་མ་ལ་ཡར་སྐྱེས་པས་ཀུནྡུ་རུ་འཇུག་པའོ། །དེ་ལྟར་གྱུར་པའི་སྐབས་སུ་ཡང་ཐམས་ཅད་ལས་མངོན་
པར་འཕགས་པ་གཉིད་སྐྱེས་པར་གྱུར་པ་ན་ཌིཎྜི་མ་དང་འདྲ་བའི་ཉོན་མོངས་པ་རྣམས་དོར་བར་འགྱུར་བ་མ་ཡིན་གྱི། འོན་ཀྱང་ཡོངས་སུ་དག་ཅིང་དེ་དང་རོ་གཅིག་པ་འདི་རྣམས་དེའི་ཚེ་མངོན་པར་མཐོ་བ་ཁོ་ནའོ། །ངེས་པའི་དོན་འདི་ལ་ཡང་སྔར་བཤད་པའི་དྲང་བའི་དོན་ཉེ་
བར་མཁོ་ཞིང་། འཆད་པར་འགྱུར་བའི་ཐབས་ཀྱི་ཡན་ལག་ཀྱང་ངོ་། །དེ་སྐད་དུ་ཡང་སྔར་གསུངས་པ། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །གང་ཚེ་གང་བ་ཉིད་འདིར་གྱུར། །དེ་ཡི་རྗེས་ཐོགས་དབང་པོ་དང་། །ཕུང་པོ་འབྱུང་བ་སངས་རྒྱས་ཉིད། །ཅེས་སོ། །འདི་
ཙམ་ཁོ་ནས་རྡོ་རྗེ་འཛིན་པ་ཉིད་ནི་མ་ཡིན་གྱི། འོན་ཀྱང་ཐ་མལ་བའི་རྣམ་པར་རྟོག་པ་སྤང་བའི་ཆེད་དང་། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་རྟོགས་པའི་ཆེད་དུ་མན་ངག་ཇི་ལྟ་བར་བསྒྲུབ་པར་བྱ་སྟེ། དེ་ལས་འབད་པ་མེད་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་བྱ་
བའོ་ཞེས་པའི་དོན་ཏོ། །གླུ་གསུངས་ནས་ཕྱི་རོལ་གྱི་ཕྱག་རྒྱ་མདོར་སྟོན་ཏེ། མུ་ཁེ་ཞེས་པ་ལ་སོགས་པའོ། །འདི་རྒྱས་པར་བསྟན་པ་ནི་ཉི་ཤུ་རྩ་ལྔ་པར་རོ། །ཡན་ལག་གི་ཕྱག་རྒྱ་ཡང་རྣལ་འབྱོར་པས་གཡས་པས་བསྟན་པར་བྱ་ཞིང་རྣལ་འབྱོར་མས་ནི་གཡོན་པས་
སོ། །ལག་པ་གཉིས་སྙིམ་པའི་ཚུལ་དུ་བརྐྱང་ནས་ཁ་རུ་བཅུག་པ་ནི་ལྷ་མོ་མཁའ་འགྲོ་མའི་མཚན་མའོ། །གྷོ་གྷུ་ཞེས་པ་ངག་གི་བརྡ་དང་སྤྱི་བོར་ཐལ་མོ་སྦྱར་བ་གཞག་པ་ནི་མར་མེ་མའི་མཚན་མའོ། །གུ་གྷུ་ཞེས་པ་ངག་དང་། ཐལ་མོ་སྤྱི་བོར་བྱས་ནས་ཁས་སོར་མོ་
གུང་མོ་བཙིར་བ་ནི་འཇིབ་པ་མོའི་མཚན་མའོ། །མུ་གྷུ་ཞེས་པ་ངག་དང་། ལག་པ་གཉིས་རྣ་བ་དག་ལ་བརྡེག་པ་ནི་ཀཾ་པོ་ཛིའི་མཚན་མའོ། །ལུ་གྷུ་ཞེས་པ་ངག་དང་། རྣ་བའི་རྩེ་མོར་ཁྱོར་བ་གཞག་པ་དང་། དྲཥྚུ་ཞེས་པའི་ངག་གཉིས་ཀ་ནི་དགེ་བའམ་མི་གཏམ་
เล่ม ๗ · หน้า 147a
འདྲི་བ་གསལ་བར་བྱེད་པའོ། །རི་དྭགས་ཀྱི་མགོའི་སོར་མོ་ལྔ་དང་དྲཥྚུ་ཞེས་པའི་ངག་གཉིས་ཀ་ནི་ལན་ནོ། །སྐྱེས་པ་ནི་ཌཱ་རུ་བརྗོད་པར་བྱའོ། །ཡི་གེ་རེ་རེ་ཙམ་གྱི་སྐབས་སུ་བབ་པ་ཇི་ལྟ་བར་ཐ་སྙད་བྱ་བའི་དོན་དུའོ། །ཌཱི་ནི་བུད་མེད་དོ། །པུ་ནི་
རེངས་པའོ། །སུ་ནི་ཟ་བའོ། །མ་ནི་འ་མའོ། །ཡོ་ནི་ཆུང་མའོ། །སྲིང་མོ་ནི་བྷིའོ། །གྲོགས་མོ་ནི་དྷཱིའོ། །བུ་མོ་ནི་ལུའོ། །ཁྲག་ནི་ཏིའོ། །ཞི་བའི་སྟེ་ཁུ་བའི་བཏུང་བ་ནི་སའོ། །བཏུང་བྱ་ནི་པིའོ། །ཤཱ་ནི་ཕཱིའོ། །ཟ་བ་ནི་བྷའོ། །རྣལ་འབྱོར་མ་འདུ་བའི་གནས་
ནི་བྷུའོ། །དུར་ཁྲོད་ནི་པཱིའོ། །ཤ་བི་ནི་བྷུའོ། །རྣལ་འབྱོར་མ་ནི་ཧཱིའོ། །ལཱ་མའི་རིགས་ཅན་རྣམས་གའོ། །གཟུགས་ཅན་མའི་རིགས་ཅན་རྣམས་ཏྲིའོ། །མཁའ་འགྲོ་མའི་རིགས་ཅན་རྣམས་ཀུའོ། །དུམ་སྐྱེས་མའི་རིགས་ཅན་རྣམས་ཧཱའོ། །བྱིན་པ་གཉིས་ནི་
ཛའོ། །དཔུང་པ་གཉིས་ནི་ཀེའོ། །མངོན་དུ་སྨྲ་བ་ནི་བྷའོ། །ལེགས་པར་འོངས་པའི་ངག་ནི་སྭཱའོ། །པུལླཱི་ར་མ་ལ་ཡ་ནི་པུའོ། །ཛཱ་ལནྡྷ་ར་ནི་ཛཱའོ། །ཨོ་ཌི་ཡ་ན་ནི་ཨོའོ། །ཨརྦུ་ད་ནི་ཨའོ། །གོ་དཱ་ཝ་རཱི་ནི་གོའོ། །རཱ་མེ་ཤྭ་ར་ནི་རཱའོ། །དེ་ཝཱི་ཀོ་ཊི་ནི་དེའོ། །མཱ་
ལ་ཝ་ནི་མཱའོ། །ཀཱ་མ་རཱུ་པ་ནི་ཀཱའོ། །ཨོ་ཏྲེ་ནི་ཨོའོ། །ཏྲི་ཤ་ཀུ་ནི་ཏྲིའོ། །ཀོ་ས་ལ་ནི་ཀོའོ། །ཀ་ལིངྐ་ནི་ཀའོ། །ལམྤཱ་ཀ་ནི་ལའོ། །ཀཱཉྩི་ནི་ཀཱའོ། །ཧི་མཱ་ལ་ཡ་ནི་ཧིའོ། །པྲེ་ཏ་པུ་རི་ནི་པྲེའོ། །གྲྀ་ཧ་དེ་ཝ་ནི་གྲྀའོ། །སཽ་རཱཥྚ་ནི་སཽའོ། །སུ་ཝརྞ་དྭཱི་པ་ནི་སུའོ། །
ནཱ་ག་ར་ནི་ནཱའོ། །སིནྡྷུ་ནི་སིའོ། །མ་རུ་ནི་མའོ། །ཀུ་ལུ་ཏཱ་ནི་ཀུའོ། །བརྡ་གཞན་ཡང་བསྟན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བརྡ་ནི་འདུ་བར་འདོད་པའི་རྣལ་འབྱོར་མ་རྣམས་ཀྱི་བརྡའོ། །མིང་པོ་ནི་རྣལ་འབྱོར་པའོ། །སྲིང་མོ་
ནི་རྣལ་འབྱོར་མའོ། །པོ་ཏཾ་གི་ནི་ཕྱག་བྱེད་པའོ། །པྲ་ཏི་པོ་ཏཾ་གི་ནི་ཕྱག་གི་ལན་ནོ། །འགྲོ་བ་ནི་ག་མུའོ། །ལོང་བ་ནི་ལུམ་པའོ། །བྱིན་ཅིག་པ་ནི་ན་ག་རའོ། །ལེན་པ་ནི་ཙ་ཊུ་ཀའོ། །དཔའ་བོ་ནི་ཧྲི་ད་ཡའོ། །གསོད་པ་ནི་ཀོ་ར་ཝཱ་དང་ཀཽ་ར་ཝའོ། །དྲིལ་བུ་ནི་
เล่ม ๗ · หน้า 147b
ཀརྞི་ཀཱའོ། །མགོ་བོ་ནི་ཨ་ལི་ཀ་ར་ནའོ། །སྐྲ་ནི་བ་རཱ་ཧའོ། །རྣ་བ་ནི་ཤྲ་ཝ་ཎའོ། །བདུད་རྩི་ནི་མན་ཐཱ་ནའོ། །ཡང་དག་འདུས་པ་ནི་ནཱ་རའོ། །མཁའ་འགྲོ་མ་ནི་ཏཱ་ལི་ཀཱའོ། །དཀྱིལ་འཁོར་ནི་ར་ན་ཀའོ། །དུར་ཁྲོད་ནི་ཨ་མུ་ཀའོ། །སྒོ་ནི་ཀཱ་ཁི་ལའོ། །བྲམ་
ཟེ་ནི་སྭ་ས་ནའོ། །རྒྱལ་རིགས་ནི་པ་རི་དྷིའོ། །རྗེ་རིགས་ནི་བི་ར་ཏིའོ། །དམངས་རིགས་ནི་ཀཱུ་རའོ། །གདོལ་བའི་ཁྱིམ་ནི་ཨནྟའོ། །ཕྱུགས་ནི་ཨ་ལཱི་ཀའོ། །མཁའ་འགྲོ་མ་ནི་བྷ་གི་ནཱིའོ། །ཚིལ་ནི་མུ་དཀའོ། །གྲྀ་ཧ་ན་ཞེས་པའི་དོན་ལ་ཡང་ཁ་ཅིག་ཏུ་མུ་ད་
ཀ་རུ་བརྗོད་དོ། །མུ་དྲཱ་ཞེས་པ་ཡན་ལག་གི་ཕྱག་རྒྱའོ། །འདི་ངག་གི་བརྡའི་སྐབས་སུ་བཤད་པ་ནི་ངག་དང་ལུས་ཀྱི་ཕྱག་རྒྱ་དག་རིམ་པས་ངེས་པས་རྗེས་སུ་སྒྲུབ་པ་གསལ་བར་བྱེད་པའི་དོན་དུ་སྟེ། ཕྱི་མར་ཡང་དེ་བཞིན་ནོ། །ལྕེ་ལ་སོས་རེག་པ་ནི་ཟས་འདོད་
པར་སྟོན་པའོ། །སྐོམ་པ་ནི་གནྡྷ་ཝཱ་སི་ནཱིའོ། །གནྡྷ་བཱ་ཧི་ནི་ཞེས་ཀློག་པ་གཞན་ནོ། །གང་ནས་ནི་ཨཱ་ག་མ་ནའོ། །ཆེ་གེ་མོ་ནི་སྠཱ་ནཱ་ཏའོ། །མེ་ཏོག་ནི་ཀ་ར་ནའོ། །འཇིགས་པ་ནི་ལམ་པའོ། །རྒོད་པ་ནི་དནྟའོ། །ཆར་པ་ནི་ནི་རོ་དྷའོ། །ཚིམ་པ་ནི་བི་ཛྙཱ་པ་ཏིའོ། །
ཕྱི་རོལ་ནི་དྷུ་ཪྻུའོ། །སྤྲིན་རྣམས་ནི་དྷུ་མ་པྲི་ཡའོ། །རི་བོ་ནི་སཱ་ནུའོ། །ཆུ་རླུང་ནི་ས་རི་ཏའོ། །ཆ་ཤས་ནི་ཨཾ་གུ་ལྱཱའོ། །ཨཾ་གུ་ལཱི་ཞེས་ཀློག་པ་ཁ་ཅིག་ཏུའོ། །གདོང་བ་ནི་ཝ་ད་ནའོ། །ལྕེ་ནི་རཱ་ཛ་ཀའོ། །སོ་ནི་ཨ་ད་ནཱའོ། །རྒྱལ་མཚན་ནི་པ་སཾ་ཀ་ཏིའོ། །ཕྲེང་བ་
ནི་ཚནྡོའོ། །རླུང་ནི་རྩ་ལའོ། །ཕྱུགས་ནི་མྲྀ་གི་པ་ཏིའོ། །དམ་ཚིག་ནི་མཎྜལའོ། །ཡཱནྟི་ནི་ཞེས་ཁ་ཅིག་ཏུ་བརྗོད་དོ། །བཞི་མདོ་ནི་ས་མ་ལའོ། །སྐྱེ་བོ་ནི་ཕལ་གུ་སའོ། །ཕྱུགས་ཆེན་པོ་ནི་མ་ཧཱ་ཀྵ་ར་ལའོ། །ར་ནི་ཚའོ། །མ་ནི་ནཱའོ། །གླང་ནི་གོའོ། །མ་ཧེ་ནི་
མའོ། །བཟའ་བ་ནི་བྷ་སྟེ་ཧཱ་ཡང་ངོ་། །ཧཱ་ནི་མོ་རྟགས་ཏེ། ཧཱ་ལས་རབ་ཏུ་སྐྱེ་བའི་ཕྱིར་ཞེས་པ་ཚིག་ལས་སོ། །རྒྱལ་སྲིད་ཀྱི་བྱ་མ་རྟའི་སྐྱེས་བུ་ནི་ཨ་པྱ་ཀའོ། །ཨ་པྱ་ཀཱའི་སྒྲ་ནི་བུད་མེད་ཀྱི་རྟགས་ཏེ། ཨ་པྱ་ཀ་ལས་རྒྱས་པར་བཤད་པ་དེའོ་ཞེས་པའི་ཚིག་ལས་
เล่ม ๗ · หน้า 148a
སོ། །གནས་པ་ནི་སྠའོ། །ལག་པ་ཁ་ལ་རེག་པ་ནི་ཟོས་པ་ཉིད་གསལ་བར་བྱེད་པའོ། །སོ་ལ་རེག་པ་ནི་ཚིམ་པའོ། །ཧོཾ་ཞེས་པ་ཡང་ཚིམ་པའོ། །ངོ་ཚ་བ་ནི་ཧྲཱི་ཀའོ། །ནམ་མཁའ་ལ་ནི་ཤུ་ནྱ་སྟེ་བུད་མེད་ཀྱི་དབང་པོ་ཞེས་པའི་དོན་ཏོ། །དེ་ལ་
རེག་པ་ན་འཁྲིག་པ་གྱིས་ཤིག་ཅེས་གསལ་བར་བྱེད་དོ། །བརླ་ལ་རེག་པ་ནི་འོག་ཏུ་གནས་ནས་འདི་ལྟར་བྱའོ་ཞེས་པའོ། །བརླ་ལ་རེག་པ་ནི་སྟེང་ནས་འོག་ཏུ་ཞེས་ཁ་ཅིག་ཏུ་ཀློག་པ་ནི། སྟེང་དུ་གནས་ནས་ཁྱོད་ཀྱིས་འཁྲིག་པ་གྱིས་ཤིག །ང་འོག་ཏུ་གནས་པར་བྱའོ་
ཞེས་པའི་དོན་ཏོ། །སྟེང་ནས་ཞེས་ཀློག་པ་མེད་པ་ལ་ཡང་དོན་འདི་ཁོ་ནའོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མར་སྙེ་མ་བཅུ་གསུམ་པའོ།། །།བདེ་མཆོག་གི་དཀྱིལ་འཁོར་ལ་གནས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་
རྣམས་བསྡུས་པ་ཉིད་ཀྱིས་བདུན་པོ་རྣམས་ཀྱི་མིང་དང་མཚན་ཉིད་བསྟན་པའི་ཆེད་དུ་གསུངས་པ། ཉོན་ཞེས་པ་ལ་སོགས་པའོ། །ནི་ནི་ཁྱད་པར་ལའོ། །རྣམ་བདུན་ཞེས་པས་འཆད་པར་འགྱུར་བ་རིག་པའི་རྒྱལ་པོའི་དཀྱིལ་འཁོར་པ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་
ཀྱི་ཡང་ངོ་བོ་འདི་རྣམས་སུ་བསྡུས་པའོ་ཞེས་པ་དགོངས་པའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། བརྩོན་འགྲུས་ཆེན་མོ་དང་འཁོར་ལོས་སྒྱུར་མ་དང་སྟོབས་ཆེན་མ་དང་ཤིན་ཏུ་དཔའ་མོ་སྟེ་བཞི་པོ་རྣམས་ནི་གཤིན་རྗེ་མ་སྟེ། དེ་ཁོ་ན་གཟུགས་ཅན་མ་ཡང་ངོ་། །འཁོར་ལོའི་གོ་ཆ་མ་དང་ཆང་
འཚོང་མ་དང་དུམ་སྐྱེས་མ་དང་འཁོར་ལོའི་ཤུགས་ཅན་མ་ནི་འོ་བྱེད་མ་སྟེ་དེ་ཁོ་ན་སྐྲག་བྱེད་མའོ། །མཁའ་འགྲོ་གདོང་མ་དང་རྟ་རྣ་མ་དང་ཤིན་ཏུ་བཟང་མོ་དང་སྔོ་བསངས་ལྷ་མོ་རྣམས་ལཱ་མ་སྟེ་དེ་ཁོ་ན་ཀཱ་ན་ནཱི་དང་དྲག་མོའོ། །ཆང་འཐུང་མོ་དང་རླུང་གི་ཤུགས་ཅན་མ་དང་འཇིགས་བྱེད་ཆེན་
མོ་དང་ས་སྲུང་མ་རྣམས་ཡོངས་གྱུར་མ་སྟེ། དེ་ཁོ་ན་འཇིགས་མ་དང་གཏུམ་མོའོ། །ཤིང་གྲིབ་མ་དང་ལང་ཀའི་དབང་ཕྱུག་མ་དང་མིའུ་ཐུང་མ་དང་དཔའ་བོའི་བློ་གྲོས་མ་རྣམས་ནི་བྱིས་ཅན་མ་སྟེ། དེ་ཁོ་ནའི་ཡང་དག་པར་སྤྱོད་མ་དང་ཚེ་ཟ་མའོ། །སྣ་ཆེན་མ་དང་འོད་ལྡན་
เล่ม ๗ · หน้า 148b
མ་དང་གཏུམ་པའི་མིག་ཅན་མ་དང་རབ་གཏུམ་རྣམས་ནི་མི་ལྡོག་མ་སྟེ་དེ་ཁོ་ན་འོད་གསལ་མའོ། །ཡང་དཔའ་བོའི་བློ་ཅན་མ་ནི་བདུན་པ་ཨཻ་ཧི་ཀཱི་སྟེ། དེ་ཁོ་ན་ན་ཚེ་ཟ་མ་དང་ཀཱ་ན་ནཱི་ཡང་ངོ་ཞེས་པའོ། །གཟུགས་ཅན་མ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བར་མཚན་ཉིད་
གསུངས་པ་ཆགས་ཤིང་ཞེས་པ་ལ་སོགས་པའོ། །དཔའ་བོས་གཉིས་མེད་བསྟེན་གྱུར་པ། །ཞེས་པ་དཔའ་བོ་སྟེ་བདེ་མཆོག་གི་རྣལ་འབྱོར་པས་གཉིས་སུ་མེད་པའི་རྣམ་པས་བསྟེན་པར་བྱ་སྟེ་རྩེ་བའི་ཆེད་དུ་སྦྱར་བར་བྱའོ། །དེ་ཡིད་དབུགས་ནི་རྣམ་པ་གཞན། །ཞེས་པ་འདོད་པ་
བསལ་བར་བྱེད་པའོ། །དེ་ནས་ཡང་འཇིགས་བྱེད་ནི་འཇིགས་སུ་རུང་བའོ། །དེ་ཉིད་ཀྱི་ཕྱིར་དགའ་བར་བྱེད་དོ་ཞེས་པ་རཱ་མཱ་སྟེ། རེ་ཕའི་ལ་ཉིད་ཀྱི་ཕྱིར་ལཱ་མའོ། །སྐྲག་པར་བྱེད་ཅེས་པ་ནི་དེ་མཐོང་བས་ཕག་ལ་སོགས་པ་རྣམས་འཇིགས་སོ་ཞེས་པའི་དོན་ཏོ། །གཞན་
རྣམས་གང་ལས་ཡོངས་སུ་གྱུར་པ་དེ་ནི་ཡོངས་གྱུར་མའོ། །བྱིས་པས་མཚོན་ནས་གཅིག་ཏུ་འགྲོ་བ་སྟེ་དེ་དང་ལྷན་ཅིག་པ་དེ་ནི་བྱིས་བཅས་མའོ། །སྐྱོ་བ་ན་ནི་ཡིད་འབྱུང་བར་འགྱུར་བ་ནའོ། །མི་ལྡོག་མ་ནི་འདི་ལ་ཕྱིར་ལྡོག་པ་མེད་ཅེས་བྱས་ནས་སོ། །རྒོད་བྱེད་ཅེས་པ་ལ་
སོགས་པའི་བྱ་བ་རྣམས་ལ་གློ་བུར་ཞེས་པ་འབྲེལ་པར་བྱའོ། །ཕྱོགས་འདིར་ཡུན་རིང་དུ་གནས་སོ་ཞེས་པ་འདི་དཔའ་མོའོ། །རྣལ་འབྱོར་མ་མོ་ཞེས་པ་རྣལ་འབྱོར་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་རྒོད་ཅེས་པ་ལ་སོགས་པ་བརྒྱད་པ་རྡོ་རྗེ་ཕག་མོའི་མཚན་ཉིད་
དོ། །དེ་སྐད་དུ་ཡང་རྣལ་འབྱོར་མ་བཞི་སྦྱོར་བའི་རྒྱུད་དུ་གསུངས་པ། གཟུགས་ཅན་འོ་བྱེད་ལཱ་མ་དང་། ཡོངས་སྒྱུར་མ་དང་བྱིས་བཅས་མ། །མི་ལྡོག་མ་དང་འདི་པ་མོ། །རྡོ་རྗེ་མ་ནི་བརྒྱད་པོར་བཤད། །དང་པོ་རྒྱས་འདེབས་ཕྱག་རྒྱ་སྟེ། །གཉིས་པ་སྙིང་ནས་
འགུགས་བྱེད་མ། །གསུམ་པ་རྨོངས་བྱེད་ཕྱག་རྒྱའོ། །དེ་བཞིན་བཞི་པ་ལངས་བྱེད་མ། །ལྔ་པ་གར་བྱེད་ཕྱག་རྒྱ་མའོ། །དེ་བཞིན་དྲུག་པ་གསོད་བྱེད་འགྱུར། །བདུན་པ་ཟ་བྱེད་ཕྱག་རྒྱ་མོ། །བརྒྱད་པ་ངེས་པར་སློང་བྱེད་མ། །གཤིན་རྗེ་སྐྲག་བྱེད་དྲག་མོ་དང་། །
เล่ม ๗ · หน้า 149a
གཏུམ་མོ་དང་ནི་ཚེ་ཟ་མོ། །འོད་གསལ་མ་དང་ཀཱ་ན་ནཱི། །ཕག་མོའང་བརྒྱད་པར་འདོད་པ་ཡིན། །ཞེས་སོ། །མཆེ་བ་ནི་ཕག་གི་སོའོ། །ཐོད་པ་ལ་སོགས་པའི་ཕྱག་རྒྱ་བརྒྱད་ནི་རིམ་པ་ཇི་ལྟ་བར་རྣལ་འབྱོར་མ་བརྒྱད་རྣམས་ཀྱི་ཕྱག་རྒྱ་སྟེ་ཁྱིམ་དུ་བྲིས་
པ་ཡང་མཚན་ཉིད་དོ། །བདུན་པ་ཞེས་ཁ་ཅིག་ཏུ་ཀློག་པ་ནི་ཡིག་མཁན་གྱི་སྐྱོན་ལས་སོ། །གཟུགས་ཅན་མ་ལ་སོགས་པ་མཚོན་པ་འདི་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱར་བས་དེ་སྙོམས་པར་ཞུགས་པས་སོ། །བསྒྲུབ་པར་བྱ་བས་ན་ཆོ་ག་སྟེ་ལྷན་ཅིག་སྐྱེས་པ་བདེ་བ་
ཆེན་པོའོ། །མཚོན་པར་བྱས་ཏེ་སྟོང་པ་ཉིད་དང་སྙིང་རྗེའི་རྣལ་འབྱོར་མ་ལ་མཁས་པས་སོ། །ལུས་སྤྲུལ་པ་མོ་ནི་འཇིག་རྟེན་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་མ་མ་གཟུགས་ཅན་མ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་མཚན་མ་མཚན་ཉིད་དང་ཕྱག་རྒྱ་ཐོད་པ་
ལ་སོགས་པ་མཚན་མའི་ཕྱག་རྒྱ་སྟེ་དེ་རྗོད་པར་བྱེད་པའི་རབ་ཏུ་བྱེད་པ་ཡང་དེ་སྐད་དོ། །མོ་རྟགས་ཉིད་ནི། བདུན་མ་མི་རྣམས་གཞུག་པར་བྱ། །ཞེས་པ་ལ་སོགས་པ་བཞིན་ནོ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་
སྙེ་མ་བཅུ་བཞི་པའོ།། །།ལཱ་མའི་རིགས་ཅན་གྱི་བུད་མེད་རྣམས་ཀྱི་མཚན་ཉིད་ལ་འཇུག་པ། དེ་ནས་ཞེས་པ་ལ་སོགས་པའོ། །པདྨ་གར་དབང་ནི་སྣང་བ་མཐའ་ཡས་སོ། །རི་ནི་ར་ཉིད་དོ། །མཁའ་འགྲོ་མ་རྣམས་ཞེས་པ་མཁའ་འགྲོ་མའོ། །དེ་བཞིན་
གཤེགས་པ་ནི་རྣམ་པར་སྣང་མཛད་དོ། །སྤུ་ལྡན་ཞེས་པ་ནི་ལུས་ལ་སྤུ་རྣམས་དང་ལྡན་པའོ། །འདྲེས་པ་ནི་རྣ་ཤལ་ཏེ་དེའི་རྣམ་པ་ཅན་གྱི་རི་མོའོ། །རྣམ་པར་འདྲེན་པ་ནི་དཔལ་བདེ་མཆོག་གོ། །མི་གཡོ་བ་ནི་ཤིན་ཏུ་བརྟན་པ་དང་ལྡན་པའོ། །ལག་པ་གཉིས་
སྦྱར་བར་བྱ་སྟེ་མཐེ་བོ་གཉིས་བཀུག་ནས་སོར་མོ་གཞན་རྣམས་ཅུང་ཟད་བཀུག་ཅིང་རྩེ་མོ་དང་རྩེ་མོ་སྤྲད་པ་ལས་པདྨའི་ཕྱག་རྒྱའོ། །ལག་པ་གཅིག་བརྐྱང་ནས་དེའི་སྟེང་དུ་དེ་ལས་གཞན་པའི་ལག་པ་བསྐུམ་པ་རུས་སྦལ་ལྟར་གནས་པ་ལས་རུས་སྦལ་གྱི་ཕྱག་རྒྱའོ། །
เล่ม ๗ · หน้า 149b
ཕྱག་རྒྱ་གཉིས་པོ་འདི་ནི་སྒྲུབ་པ་པོའིའོ། །ཕྲག་པ་གཡོན་པ་ནས་འཕྱང་བའི་གོས་གཡོ་བ་དཔུང་པ་གཡོན་པ་བསྐུམ་པས་འཛིན་པའི་ཚུལ་ནི་རྒྱལ་བའི་ཕྱག་རྒྱའོ། །མཆོད་པར་བྱ་ཞེས་ཀློག་པ་ལ་ནི། གང་མཆོད་པར་བྱ་བ་དེ་རྒྱལ་བ་དེ་ཁོ་ནའོ་ཞེས་པས་རྒྱལ་བའི་ཕྱག་རྒྱ་
ཁོ་ན་དཀྱོགས་པས་གསུངས་པར་འགྱུར་རོ། །ཕྱག་རྒྱ་གཉིས་པོ་འདི་ནི་རིམ་པ་ཇི་ལྟ་བར་ཕྱག་རྒྱའི་ལན་དུ་རྣལ་འབྱོར་མས་སྦྱིན་པར་བྱའོ། །མདུང་གི་ཕྱག་རྒྱ་ཞེས་པ་མཐེ་བོས་མཐེ་ཆུང་མནན་ནས་དེ་ལ་གཞན་པའི་སོར་མོ་རྣམས་གྱེན་དུ་བརྐྱང་བ་ལས་སོ། །རྐང་
པ་གཡོན་པ་བསྐུམ་ནས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གཡོན་དུ་ཡོངས་སུ་བསྐོར་བ་ནི་རྣལ་འབྱོར་མའི་ལན་གྱི་ཕྱག་རྒྱའོ། །མཆོད་ཅེས་པ་མཆོད་པའི་དུས་སོ། །འཇིག་རྟེན་དབང་ཕྱུག་མ་རྣམས་ཀྱི་ཞེས་པ་སྣང་བ་མཐའ་ཡས་ཀྱི་རིགས་ཅན་མ་རྣམས་ཀྱིའོ། །
དར་བཅིངས་པ་ཞེས་པ་དཔྲལ་བར་དར་བཅིངས་པ་ལྟ་བུའི་རི་མོ་གཅིག་གོ་ཞེས་པའི་དོན་ཏོ། །མཐེ་བོས་སོར་མོ་ཐམས་ཅད་མནན་ནས་གྱེན་དུ་སྡིགས་མཛུབ་བརྐྱང་བ་ལས་འཕང་མདུང་གི་ཕྱག་རྒྱའོ། །དྲིལ་བུ་དཀྲོལ་བའི་ཚུལ་གྱིས་དྲིལ་བུའི་ཕྱག་རྒྱའོ། །གཉིས་
པ་ཞེས་པ་ལན་གྱི་ཕྱག་རྒྱ་ཞེས་པའི་དོན་ཏོ། །དེ་བྱས་ནས་ཡོངས་སུ་བསྒྱུར་བར་བྱ་སྟེ། དེ་བཞིན་དུ་འོག་མ་ལ་ཡང་ངོ་། །རྡོ་རྗེ་ཐལ་མོ་བྱས་ནས་གུང་མོ་གཉིས་བསླང་སྟེ། སྡིགས་མཛུབ་གཉིས་ཀྱིས་མིང་མེད་གཉིས་དཀྲིས་ཤིང་། མཐེ་བོ་གཉིས་དྲང་པོར་བྱས་ནས་
ཁ་དང་ཉེ་བར་གཞག་པར་བྱའོ་ཞེས་པ་ཁའི་ཕྱག་རྒྱའོ། །མིང་མེད་བཟློག་པ་དག་ལག་པ་དག་གི་ནང་དུ་བྱས་ལ། མཐེ་བོང་གདེངས་ཀའི་རྣམ་པ་དག་སྦྱར་ཞིང་མཐེ་ཆུང་དང་གུང་མོ་ཁབ་ལྟ་བུ་ངག་སྟེ། གུང་མོ་ཁབ་ལྟ་བུའི་ངོས་སུ་སྡིགས་མཛུབ་དག་བསྐུམ་ནས་
ཚིགས་གསུམ་པར་བྱའོ་ཞེས་པ་ཁའི་ཕྱག་རྒྱའོ་ཞེས་དམ་ཚིག་གསུམ་གྱི་རྒྱལ་པོའི་རྒྱུད་དུ་གསུངས་སོ། །འཁོར་ལོའི་ཕྱག་རྒྱ་ཞེས་ཁ་ཅིག་ཏུ་ཀློག་སྟེ། དེའི་ཚེ་ལག་པ་གཉིས་གན་རྐྱལ་དུ་བྱས་ཤིང་གུང་མོ་དང་མིང་མེད་ཀྱི་སེན་མོ་དག་གི་སྟེང་དུ་མཐེ་བོ་དགོད་པར་
เล่ม ๗ · หน้า 150a
བྱའོ་ཞེས་པ་འཁོར་ལོའི་ཕྱག་རྒྱའོ། །དུང་གི་ཕྱག་རྒྱ་ཞེས་པ་གུང་མོ་དང་མིང་མེད་དང་མཐེ་ཆུང་རྣམས་བསྐུམ་ནས་དུང་གི་ཚུལ་གྱིས་མཐེ་བོ་དང་སྡིགས་མཛུབ་དག་བརྐྱང་བའོ། །དེ་བཞིན་ཁོ་ན་ཞེས་པ་གཡོན་པ་ཡིས་ལན་གྱི་ཕྱག་རྒྱའོ་ཞེས་བཤད་པ་སྟེ་
ཇི་ལྟ་བའོ། །དུས་ཚིགས་ཞེས་པ་བསོད་ནམས་ཀྱི་དགའ་སྟོན་གྱི་དུས་སོ། །གཅིག་པ་ཞེས་པ་སོ་བསྙེར་བའོ། །ལག་པ་གཡོན་པ་ཕྱུང་བར་བྱས་ཏེ། དེའི་སྟེང་དུ་གྲུ་མོ་གཡས་པ་བཞག་ནས་མཐེ་བོང་དང་སྡིགས་མཛུབ་དག་བསླང་ཞིང་། སོར་མོ་གསུམ་བསྐུམ་པའི་ལག་
པ་གཡས་པ་གཟུང་བར་བྱའོ་ཞེས་པ་སྦྲུལ་གྱི་ཕྱག་རྒྱའོ། །སྔ་མ་བཞིན་ཞེས་པ་གཡོན་པས་ལན་གྱི་ཕྱག་རྒྱའོ། །འདི་རྣམས་ཕལ་ཆེར་ལཱ་མའི་རིགས་ཅན་རྣམས་ཀྱི་མཚན་ཉིད་རྣམས་གསུངས་ཤིང་། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་རྣམས་ཀྱིའང་འདི་རྣམས་སུ་རིག་
པར་བྱའོ་ཞེས་པ་མན་ངག་གོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་བཅོ་ལྔ་པའོ།། །།ཕྱག་རྒྱ་གཞན་བརྗོད་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཡན་ལག་ཕྱག་རྒྱ་ཞེས་པ་ཡན་ལག་གི་
ཕྱག་རྒྱའོ། །ཀུ་ལཱ་ཞེས་པ་ནི་འཕོངས་ཚོས་སོ། །གསང་བ་ནི་སྐྱེ་གནས་སོ། །མཐེ་བོང་དང་མཛུབ་མོ་དག་དྲང་པོར་བྱས་ཏེ་རྩེ་མོ་དང་རྩེ་མོ་སྦྱར་ནས་སོར་མོ་ལྷག་མ་རྣམས་བསྐུམ་པ་ལས་ཆོས་འབྱུང་གི་ཕྱག་རྒྱའོ། །མཐིལ་ཞེས་པ་རྐང་པའི་འོ། །ལག་པའི་ཞེས་པ་ཁ་ཅིག་
གོ། །ཉི་མ་ཞེས་པ་ནི་ལུས་གཡས་སོ་ཞེས་ཁ་ཅིག་གོ། །ཆུ་བོ་ཞེས་པ་ལག་པས་ནམ་མཁའ་ལ་རི་མོ་འཁྱོག་པོ་བྱེད་པའི་ཚུལ་ལོ། །རབ་ཏུ་བརྐྱང་བའི་སོར་མོ་བསྐྱོད་བཞིན་པའི་ལག་པ་གཉིས་ཀྱིས་ཆུ་རླབས་ཀྱི་ཚུལ་གྱིས་ཉེ་བར་སྟོན་པ་ལས་རྒྱ་མཚོའི་ཕྱག་རྒྱའོ། །གང་
ཞིག་སོར་མོ་གཅིག་སྟོན་མ། །ཞེས་པ་སྐྱེས་པའི་ཉེ་བར་མཚོན་པ་སྟེ། ཕྱི་མར་ཡང་དེ་བཞིན་ནོ། །སོར་མོ་གཉིས་ཀྱི་ཞེས་པ་སོར་མོ་གཉིས་ཏེ། འདི་ནི་ལན་གྱི་ཕྱག་རྒྱའོ། །སྨིན་མ་གཡོན་པ་བསྐྱོད་པའི་ཚུལ་སྟོན་པ་ནི་ལན་གྱི་ཕྱག་རྒྱའོ། །སློབ་དཔོན་དག་གི་སྟེ་དམ་ཚིག་
เล่ม ๗ · หน้า 150b
ལ་སོགས་པ་ཀུན་དུ་སྤྱོད་པ་ལ་མཁས་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་དག་གིའོ། །སྟོན་པ་ནི་བསམ་པ་གཅིག་པ་ཉིད་སྟོན་པ་སྟེ། ད་ལྟའི་དགོས་པའོ་ཞེས་པའི་དོན་ཏོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་བཅུ་
དྲུག་པའོ།། །།དེ་ལྟར་བརྡ་ཤེས་པ་གང་དུ་འདུ་བར་བྱ་བ་དེ་བརྗོད་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དམ་པ་ཀུན་རྣམས་ནི་བདེན་པ་གཉིས་ཡོངས་སུ་ཤེས་པ་ལས་བསམ་པ་དག་པ་རྣམས་སོ། །དམ་ཚིག་རྗེས་སུ་སྒྲུབ་པ་ལ་སོགས་པ་ལ་
དད་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་སྐྱེ་བོ་ནི་དམ་པའི་སྐྱེ་བོ་རྣམས་ཏེ་དེ་རྣམས་འདུ་བའོ། །འདུ་བ་དེར་ཙཱ་རུའི་བཟའ་བ་ནི་བདུད་རྩིར་བྱས་པའོ། །ཤེས་རབ་དང་ཐབས་དག་གི་སྣོད་གཉིས་སུ་སོན་པ་ལྷག་མ་བཟའ་བར་བྱ་སྟེ། བརྩོན་པར་ཇི་ལྟར་འགྱུར་བའོ། །གནས་
ཞེས་པ་ལ་སོགས་པ་མདོར་བསྟན་པའོ། །འདི་རྣམས་ཞེས་པ་གནས་ལ་སོགས་པ་རྣམས་རབ་ཏུ་དགའ་བ་ལ་སོགས་པ་མོས་པས་སྤྱོད་པའི་ས་དང་བཅས་པ་བཅུ་གཉིས་རྣམས་སོ། །འདི་རྣམས་སུ་འབྱུང་ངོ་ཞེས་པས་རྣམས་ཏེ། སུ་རྣམས་ཤེ་ན། སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་རྣམས་སོ། །ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའོ། །མགོན་པོ་ཞེས་པ་སངས་རྒྱས་སོ། །དེ་ལ་མོས་པའི་མཚན་ཉིད་ཅན་སོ་སོའི་སྐྱེ་བོའི་ས་དང་སངས་རྒྱས་ཀྱི་ས་མ་གཏོགས་པ་ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །སངས་
རྒྱས་བཅོམ་ལྡན་འདས་རྣམས་ནི་ས་ཐམས་ཅད་ཀྱི་དབང་ཕྱུག་གོ། །འདི་རྣམས་ཀྱིས་ནི་གནས་ལ་སོགས་པ་རྣམས་སོ། །གཞན་གྱིས་མིན་ཞེས་པ་གནས་ལ་སོགས་པ་ལས་གཞན་པ་རྣམས་ཀྱིས་ཏེ། འདི་རྣམས་སུ་བདག་པོ་མེད་པར་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་པ་དགོངས་པའོ། །རྒྱ་ཆེན་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྟེ། ཡངས་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་འབྱུང་བ་དེ་རྣམས་ནི་ཆེ་ཞིང་ཡངས་པ་
เล่ม ๗ · หน้า 151a
འབྱུང་བ་རྣམས་སོ། །ཐུང་ངུ་ཉིད་ནི་ལུང་ངོ་། །གནས་ནི་ཛཱ་ལནྡྷ་ར་དང་། ཨོ་ཌི་ཡ་ན་དང་པུལླཱི་ར་མ་ལ་ཡ་དང་ཨརྦུ་དའོ། །བོལླ་གི་རི་དང་ཀོལླ་གི་རི་དང་པུལླཱི་ར་མ་ལ་ཡ་དང་རྡོ་རྗེའི་གནས་ཞེས་པ་རྣམ་གྲངས་སོ། །ཉེ་བའི་གནས་ནི་གོ་དཱ་བ་
རཱི་དང་རཱ་མེ་ཤྭ་རི་དང་དེ་ཝཱི་ཀོ་ཊ་དང་མཱ་ལ་ཝ་ཡང་ངོ་། །ཞིང་ནི་ཀཱ་མ་རཱུ་པ་དང་ཨོ་ཏྲེའོ། །ཉེ་བའི་ཞིང་ནི་ཏྲི་ཤ་ཀུ་ནེ་དང་ཀོ་ཤ་ལའོ། །ཚནྡོ་ཧ་ནི་ཀ་ལིངྐ་དང་ལམྤཱ་ཀའོ། །ཉེ་བའི་ཚནྡོ་དོ་ཧ་ནི་ཀཱཉྩི་དང་ཁ་བའི་ཁོར་ཡུག་ཅན་ནོ། །འདུ་བ་ནི་པྲེ་ཏ་པུ་རི་དང་གྲྀ་ཧ་དེ་ཝ་ཏའོ། །
ཉེ་བའི་འདུ་བ་ནི་སཽ་རཱཥྚ་དང་གསེར་གླིང་ངོ་། །དུར་ཁྲོད་ནི་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་དང་སིནྡྷུ་ཞེས་པ་གཉིས་སོ། །ཉེ་བའི་དུར་ཁྲོད་ནི་མ་རུ་དང་ཀུ་ལུ་ཏཱའོ། །འཐུང་གཅོད་ནི་ཀཱི་ར་ཎྱ་པཱ་ཊ་ཀ་དང་ཀར་མ་པཱ་ཊ་ཀ་དང་། ཧ་རི་ཀེ་ལ་དང་འབིགས་བྱེད་ཀྱི་ནགས་དང་གཞོན་ནུའི་གྲོང་ཁྱེར་ཞེས་པ་ལྔ་དང་
ཙ་རི་ཏྲ་དང་གྲོང་དང་གྲོང་ཁྱེར་གྱི་མཐའི་ས་ཞེས་པ་གཉིས་ཀྱང་རྒྱུད་གཞན་དུ་གསུངས་པ་འདིར་མན་ངག་ལས་ཤེས་པར་བྱའོ་ཞེས་པ་བདུན་ནོ། །ལན་ཚྭའི་རྒྱ་མཚོའི་དབུས་སོན་པ། །ཞེས་པ་ཧ་རི་ཀེ་ལའི་ཁྱད་པར་རོ། །ཉེ་བའི་འཐུང་གཅོད་དེ་དང་ཉེ། །ཞེས་པ་འཐུང་གཅོད་
དང་ཉེ་བ་སྟེ་ཐག་ཉེ་བའི་ས་གཞི་བདུན་གྱི་བདག་ཉིད་དོ། །དུར་ཁྲོད་ནི་རོ་འདུས་པ་དུར་ཁྲོད་ཀྱི་ས་གཞི་དང་རྒྱ་མཚོའི་འགྲམ་ཞེས་པ་གཉིས་སོ། །སྐྱེད་ཚལ་དང་རྫིང་བུའི་འགྲམ་ནི་ཉེ་བའི་དུར་ཁྲོད་དོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་འདི་དག་ཏུ་རེས་འགའ་རྣལ་འབྱོར་མ་རྣམས་སུ་
འདུའོ་ཞེས་ཕྱིས་རྒྱས་པར་སྟོན་ཅིང་། གཙོ་བོའི་གནས་པུལླཱི་ར་མ་ལ་ཡ་ལ་སོགས་པ་ཉི་ཤུ་རྩ་བཞི་རྣམས་ནང་དུ་འདུས་པར་ཡང་ངོ་། །པུལླཱི་ར་མ་ལ་ཡ་ལ་སོགས་པའི་ཡུལ་རྣམས་སུ་དཀྱིལ་འཁོར་པའི་ལྷ་མོ་རྣམས་བྲམ་ཟེ་མོ་ལ་སོགས་པའི་སྐྱེ་གནས་རྣམས་སུ་སྐྱེའོ། །དེ་སྐད་དུ་ཡང་
རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས་པ། མཁའ་འགྲོ་མ་ཞེས་ཡང་དག་གྲགས། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་དེ། །ཡེ་ཤེས་ལྡན་རྣམས་ཡུལ་ཡུལ་དུ། །རང་ཉིད་སྐྱེ་གནས་རྣམས་སུ་སྐྱེ། །ཞེས་སོ། །འོ་ན་བརྟག་པ་གཉིས་པའི་རྒྱུད་དུ། གནས་དང་ཉེ་བའི་གནས་དང་ནི། །
เล่ม ๗ · หน้า 151b
ཞིང་དང་ཉེ་བའི་ཞིང་ཉིད་དང་། འདུན་རྟོག་ཉེ་བའི་འདུན་རྟོག་དང་། །འདུ་བ་ཉེ་བའི་འདུ་བ་དང་། །འཐུང་གཅོད་ཉེ་བའི་འཐུང་གཅོད་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འདི་རྣམས་ས་ནི་བཅུ་གཉིས་སོ། །ཞེས་མདོར་བསྟན་ཅིང་། གནས་ནི་ཛཱ་ལནྡྷ་ར་དང་། ཨོ་ཌི་ཡ་
ན་དང་པཱུརྞ་གི་རི་དང་ཀཱ་མ་རཱུ་པའོ། །ཉེ་བའི་གནས་ནི་མཱ་ལ་ཝ་དང་སིནྡྷུ་དང་ནཱ་ག་རའོ། །ཞིང་ནི་མུམྨུ་ཎི་དང་ཀ་རཱ་ཎྱ་པཱ་ཊ་ཀ་དང་དེ་ཝཱི་ཀོ་ཊཱ་དང་ཀ་ར་མཱ་ར་པཱ་ཊ་ཀའོ། །ཉེ་བའི་ཞིང་ནི་ཀུ་ལུ་ཏཱ་དང་ཨརྦུ་ད་དང་གོ་དཱ་བ་རཱི་དང་ཁ་བའི་རིའོ། །ཚནྡོ་ཧ་ནི་ཧ་རི་ཀེ་ལ་དང་། ལམྤཱ་ཀ་དང་
ཀཱཉྩི་དང་སཽ་རཱཥྚའོ། །ཉེ་བའི་ཚནྡོ་ཧ་ནི་ཀ་ལིངྐ་དང་གསེར་གླིང་དང་ཀོངྐ་ཎའོ། །འཐུང་གཅོད་ནི་གྲོང་དང་གྲོང་ཁྱེར་གྱི་མཐའི་ས་གཞི་དང་ཙ་རི་ཏྲ་དང་ཀོ་ཤ་ལ་དང་འབིགས་བྱེད་དང་གཞོན་ནུའི་གྲོང་ཁྱེར་ཞེས་པ་ལྔའོ། །ཉེ་བའི་འཐུང་གཅོད་ནི་འཐུང་གཅོད་དང་ཉེ་བ་ལྔའོ། །དུར་
ཁྲོད་ནི་དུར་ཁྲོད་ཀྱི་ས་གཞི་དང་རྒྱ་མཚོའི་འགྲམ་ཞེས་པ་གཉིས་སོ། །ཉེ་བའི་དུར་ཁྲོད་ནི་སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ་མོ་ཞེས་རྒྱས་པར་བཤད་ལ་འདུ་བ་དང་ཉེ་བའི་འདུ་བ་དག་ནི་རྒྱས་པར་མ་བསྟན་པ་དང་། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་དུ་ནི་གནས་ནི་ཛཱ་ལནྡྷ་ར་
དང་ཨོ་ཌི་ཡ་ན་དང་། པཱུརྞ་གི་རི་དང་ཀཱ་མ་རཱུ་པའོ། །ཉེ་བའི་གནས་ནི་མཱ་ལ་ཝ་དང་ནཱ་ག་ར་དང་སིནྡྷུ་དང་སིང་ཧ་ལའོ། །ཞིང་ནི་མུམྨུ་ཎི་དང་དེ་ཝཱི་ཀོ་ཊའོ། །ཉེ་བའི་ཞིང་ནི་ཀུ་ལུ་ཏཱ་དང་ཨརྦུ་དའོ། །ཚནྡོ་ཧ་ནི་གོ་དཱ་ཝ་རཱི་དང་ཧ་རི་ཀེ་ལའོ། །ཉེ་བའི་ཚནྡོ་ཧ་ནི་ཀཱཉྩི་དང་
ལམྤཱ་ཀའོ། །འདུ་བ་ནི་ཀརྨཱ་ར་པ་ཊ་ཀ་དང་གསེར་གླིང་ངོ་། །ཉེ་བའི་འདུ་བ་ནི་ཀོངྐ་ཎ་དང་འབིགས་བྱེད་དོ། །དུར་ཁྲོད་ནི་རབ་སོང་གི་ས་གཞི་དང་རྒྱ་མཚོའི་ངོགས་སོ། །ཉེ་བའི་དུར་ཁྲོད་ནི་ཙ་རི་ཏྲ་དང་གཞོན་ནུའི་གྲོང་ཁྱེར་རོ། །འཐུང་གཅོད་ནི་ཁ་ཆེ་དང་ཀི་རཱ་
ཏའི་དཀྱིལ་འཁོར་རོ། །ཉེ་བའི་འཐུང་གཅོད་ནི་བལ་པོ་དང་ཀཱ་ནྱ་ཀུབ་ཛའོ་ཞེས་གསལ་པོར་མཛད་པ་དང་། རི་གཱི་ཨ་ར་ལིའི་རྒྱུད་དུ། ཤར་ལུས་འཕགས་པོ་དང་ལྷོ་འཛམ་བུ་གླིང་དང་ནུབ་བ་གླང་སྤྱོད་དང་བྱང་སྒྲ་མི་སྙན་ནི་གནས་ཏེ། གནས་བཞིས་ནི་ལྷ་
เล่ม ๗ · หน้า 152a
མོ་བཞི་རྣམས་དང་རི་རབ་ཀྱི་རྩེ་མོ་ལ་རི་གཱི་གནས་སོ་ཞེས་གསུངས་པ་དང་། རྒྱུད་གཞན་རྣམས་སུ་ཡང་གནས་ལ་སོགས་པ་ཕྱི་དང་ནང་དུ་ཡང་རྣམ་པ་གཞན་དུ་རྣམ་པར་གཞག་སྟེ། ཅི་ཙམ་བྲི་བར་བྱ། དེའི་ཕྱིར་ཐམས་ཅད་དུ་ཕན་ཚུན་འགལ་
བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། གང་ཕྱིར་ཨརྦུ་ད་ལ་གནས་དང་ཉེ་བའི་ཞིང་ཉིད་དག་གྲང་བ་དང་དྲོ་བ་བཞིན་ནམ་དངོས་པོ་དང་དངོས་མེད་དག་བཞིན་དུ་ཕན་ཚུན་འགལ་བ་སྲིད་པ་མ་ཡིན་པས་སོ། །གཅིག་ལ་མིང་སྣ་ཚོགས་པ་ཇི་ལྟར་ཡང་མི་འགལ་བས་སོ། །དེ་བཞིན་
དུ་གོ་དཱ་བ་རཱི་ལ་ཉེ་བའི་གནས་ཉིད་དང་ཉེ་བའི་ཞིང་ཉིད་དང་ཚནྡོ་ཧ་རྣམས་སོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་མི་འགལ་བ་ཤེས་པར་བྱའོ། །གཞན་ཡང་གདུལ་བྱའི་བསམ་པའི་རྗེས་སུ་འཇུག་པ་ལས་ཐུགས་རྗེའི་རང་བཞིན་གྱི་སྐུ་ཅན་རྣམས་ཀྱི་བསྟན་པ་སྣ་ཚོགས་པ་ཉིད་
དོ། །གདུལ་བྱའི་སེམས་ཅན་རྣམས་ཀྱང་རྣམ་པ་ལྔ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོའི་དབྱེ་བ་ལས་སོ། །དེ་ལ་ཆུང་ངུའི་དབང་དུ་བྱས་ནས་ཕྱི་རོལ་གྱི་གནས་ལ་སོགས་པའི་ཡུལ་བསྟན་ཏོ། །དེ་སྐད་དུ་ཡང་དྲི་མ་
མེད་པའི་འོད་དུ་གསུངས་པ། འདིར་ཐུན་མོང་དུ་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པས་གནས་ལ་སོགས་པར་གསུངས་ཤིང་། དེ་ཡང་ཐམས་ཅད་ལ་ཁྱབ་པར་བྱེད་པར་མི་འགྱུར་རོ། །བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་
རིགས་མཐའི་རིགས་རྣམས་སུ་སྐྱེས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ནི་གྲོང་ཁྱེར་གཅིག་ན་ཡང་གནས་པའི་ཕྱིར་ན། བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་པ་ལ་སོགས་པ་རྣམས་ཡོད་དོ། །དེ་རྣམས་ནི་བསྡུས་པའི་རྒྱུད་གཞན་དུ་མ་བསྟན་པ་རྣམས་
སོ། །རྒྱས་པའི་རྒྱུད་གཞན་དུ་ནི་ཡུལ་ཐམས་ཅད་དང་གྲོང་ཁྱེར་ཐམས་ཅད་དུ་གནས་ལ་སོགས་པ་རྣམས་སུ་གསུངས་སོ་ཞེས་སོ། །འབྲིང་གི་དབང་དུ་བྱས་ནས་ཁང་པ་བརྩེགས་པའི་ས་གཞི་ལ་དཀྱིལ་འཁོར་པའི་ལྷ་མོ་རྣམས་ཀྱི་གནས་ལ་སོགས་པ་རྣམ་པར་
เล่ม ๗ · หน้า 152b
གཞག་པའོ། །ཆེན་པོའི་ཆུང་ངུའི་དབང་དུ་བྱས་ནས་པུཾ་ཡིག་ལ་སོགས་པ་ཡོངས་སུ་གྱུར་པའི་བྱིས་པའི་འཁོར་ལོའི་ཚུལ་གྱིས་གནས་ལ་སོགས་པ་རྣམས་ལུས་ལ་མགོ་བོ་ལ་སོགས་པ་རྣམས་ལ་བསྟན་ཅིང་། དེ་དང་དེར་སོན་པའི་རྩ་རྣམས་ཀྱང་ལྷ་མོ་རྣམས་ཞེས་པར་
རོ། །ཆེན་པོའི་འབྲིང་པོའི་དབང་དུ་བྱས་པ་ལས་རྫོགས་པའི་རིམ་པས་ས་བོན་གྱི་ཡི་གེ་ལ་སོགས་པ་མེད་པར་ཡང་ལུས་ལ་ཇི་ལྟར་གནས་པའི་སྤྱི་བོ་ལ་སོགས་པ་རྣམས་གནས་ལ་སོགས་པ་རྣམས་སུ་དང་། དེ་དང་དེར་སོན་པའི་རྩའི་རང་བཞིན་ངོ་བོ་རྣམས་སུ་རྡོ་རྗེ་ལྷ་མོ་རྣམས་ཞེས་པར་ལྷག་
པར་མོས་པའི་དོན་དུ་རྣམ་པར་གཞག་གོ། །ཆེན་པོའི་ཆེན་པོ་རྫོགས་པའི་རིམ་པ་ལ་གནས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལུས་ལ་སོགས་པ་མིག་ཡོར་གྱི་ངོ་བོའི་རང་བཞིན་གནས་ལ་སོགས་པས་ས་དང་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དཀྱིལ་
འཁོར་གྱི་འཁོར་ལོ་ཀུན་ནས་སྒྱུ་རྩལ་དུ་བྱེད་དོ། །དེའི་དབང་དུ་བྱས་ནས་སྔར་གསུངས་ཏེ། ཡེ་ཤེས་ཆེན་པོ་རང་ལུས་གནས། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་ལ་སོགས་པའོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །འདིས་ཏེ་གཞན་གྱིས་བརྗོད་མི་
བྱ། །ཞེས་པ་ནི་གཙོ་བོར་རོ། །དཔལ་ལྡན་མངོན་པར་བརྗོད་པ་བླ་མའི་རྒྱུད་དུ་ཡང་གསུངས་པ། མཁའ་འགྲོ་མ་ཀུན་འདི་ཉིད་དུ། །ཐུགས་རྗེ་ལྡན་རྣམས་རྣམ་པར་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །འགྲོ་བ་གསུམ་པོའང་དེ་ཉིད་དུའོ། །ཉི་
ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་སོགས་འདི་ཁོ་ན་ལ་གནས། །དེ་བས་དེ་རུ་བསྐོར་བ་ཡི། །སྐྱོབ་བྱ་དེ་ཉིད་ཅན་གྱིས་མིན། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་རྣམས་བསྐོར་བས་ཅུང་ཟད་མིན། །གལ་ཏེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་བས་ཅི་ཞིག་དགོས། །
ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །རྣམ་དག་ཡེ་ཤེས་སྤྱན་རྣམས་ཀྱིས། །རྡོ་རྗེ་རྣལ་འབྱོར་ཅན་རྣམས་
เล่ม ๗ · หน้า 153a
གཟིགས། །ཐུགས་རྗེས་ཁྱབ་པའི་ཐུགས་ཀྱིས་ནི། །དེ་རྣམས་དགེས་པས་དངོས་གྲུབ་མཆོག །ཇི་ལྟར་འདོད་བཞིན་སྩོལ་པར་མཛད། །དེ་ཡིས་རྗེ་བཙུན་ཡེ་ཤེས་ནི། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །སྣ་ཚོགས་འབད་པ་ཡང་དག་ལྡན། །
སྤྱོད་དང་བརྟུལ་ཞུགས་བརྟན་པ་ཡི། །དེ་ཉིད་བརྟུལ་ཞུགས་ལ་དགར་བྱ། །སྤྱོད་དང་བརྟུལ་ཞུགས་འདི་སྤོངས་ལ། །གྱི་ནའི་རྣམ་པས་བཟའ་བར་བྱ། །གནས་པ་བྱས་ནས་བརྟུལ་ཞུགས་ཅན། །བསམ་གཏན་བཟའ་བ་ལྷུར་ལེན་ནས། །སྨྱོན་པའི་སྤྱོད་པས་གནས་
པར་བྱ། །གཅེར་བུའམ་ཡང་ན་གཅེར་བུ་མིན། །གང་དེར་ཇི་ལྟ་དེ་ལྟ་བུར། །རང་གི་ལྷག་པའི་ལྷ་དམིགས་ཏེ། །དེ་ཁོ་ན་ཉིད་གཅིག་པུ་བསམ། །ལྐུགས་པའི་དངོས་པོར་རབ་གྱུར་པའི། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་མ་ཡིས་ཉེར་བསྟན་པའི། །
རྣལ་འབྱོར་ཆེན་པོ་འདི་གསལ་འགྱུར། །ཡེ་ཤེས་འོད་ཟེར་མཆོག་མཐོང་ནས། །རྣལ་འབྱོར་མ་རྣམས་ལེགས་འདུ་སྟེ། །པདྨའི་འབྱུང་གནས་ཉམས་དགའ་བར། །ངང་པའི་ཚོགས་འདུ་ཇི་བཞིན་ནོ། །དཔལ་ལྡན་རྡོ་རྗེ་འཛིན་དངོས་སུ། །འགྱུར་བར་འདི་ལ་ཐེ་
ཚོམ་མེད། །མིག་འཕྲུལ་མཁན་བཞིན་འཇིག་རྟེན་དུ། །སེམས་ཅན་ཀུན་གྱི་དོན་བྱེད་རྣམས། །སེམས་ནི་དག་པར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །སྤྱོད་པ་བྱེད་པ་འདི་ལས་ནི། །ངེས་པར་གང་བཤད་དེ་འགྱུར་རོ། །ཞེས་སོ། །
དེ་ཉིད་ཀྱི་ཕྱིར་ཆུང་ངུ་ལ་སོགས་པ་བཞི་རྣམས་ཀྱི་གནས་ལ་སོགས་པ་བསྟན་པ་ནི་ལྔ་པ་ལ་ལྟོས་ནས་དྲང་བའི་དོན་ཏོ། །ལྔ་པ་ལ་ནི་རབ་ཏུ་དགའ་བ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་སའི་རང་བཞིན་ཁོ་ན་གནས་ལ་སོགས་པ་སྟེ། ངེས་པའི་དོན་ཏོ། །གང་ཡང་ཕྱི་
རོལ་དུ་དང་དཀྱིལ་འཁོར་གྱི་འཁོར་ལོར་དང་ལུས་ལ་ཡང་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམ་པར་གཞག་པ་དེ་ཡང་དྲང་བའི་དོན་ཏེ། གང་ཕྱིར་དེ་དང་དེའི་སར་ལྷག་པར་མོས་པ་ལས་འཇིག་རྟེན་ལས་འདས་པའི་ས་དེ་དང་དེ་གསལ་བར་གྱུར་པའི་ཆེད་དུ་འབད་པར་
เล่ม ๗ · หน้า 153b
གྱུར་ན་ཅི་མ་རུང་ཞེས་པས་སོ། །སྤྲོས་པས་ཆོག་གོ། །རྣལ་འབྱོར་མ་རྣམས་ཕལ་ཆེར་འདུ་བའི་གནས་ཀྱི་ཤིང་རྣམས་བརྗོད་པའི་དོན་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །འདིར་ལྷག་པར་གནས་པར་བྱེད་དོ་ཞེས་པ་ལྷག་པར་གནས་ཏེ། ཤིང་ལ་སོགས་པའོ། །
ཙུ་ཏ་ནི་ཤིང་ཨ་མྲ་སྟེ་གང་དུ་ལྷ་མོ་ཨ་མ་བི་ཀ་དང་ཞིང་སྐྱོང་མེ་ཡོད་པའོ། །ཀ་རཉྫ་ལ་གནས་པའི་ལྷ་མོ་ཀ་རཉྫ་ལ་གནས་པ་མོ་དང་ཞིང་སྐྱོང་དྲིལ་བུ་ཆེན་པོའོ། །ཤིང་ཀ་དམ་པ་ལ་ལྷ་མོ་བཞིན་བཟངས་མ་དང་ཞིང་སྐྱོང་རྒྱུ་ཅན་ནོ། །ཤིང་ཝ་ཊ་པ་ལ་གནས་པའི་ལྷ་མོ་རྣ་བ་ཆེན་
པོ་དང་ཞིང་སྐྱོང་རྒྱུའི་དབང་ཕྱུག་གོ། །ཧ་རི་ནི་ཨ་རུ་རའི་ཤིང་ངོ་། །ཤིང་མྱ་ངན་མེད་ལ་གནས་པའི་ལྷ་མོ་གསང་བ་མ་དང་ཞིང་སྐྱོང་སྟོབས་པོ་ཆེའོ། །གསེར་ཤིང་ནི་གསེར་གྱི་སེ་ཕཱ་ལཱི་ལ་སྟེ། གང་དུ་ལྷ་མོ་གཏུམ་མོ་དང་། ཞིང་སྐྱོང་སྐྱེ་བ་འདྲེན་ཡོད་པའོ། །རྡུལ་
བྲལ་ལ་སོགས་པས་ནི་རྒྱུད་གཞན་དུ་གསུངས་པའི་གནས་རྣམས་ཉེ་བར་མཚོན་པ་སྟེ། དེ་པཱུརྞཾ་གི་རི་རུ་རའི་རྩེ་མོ་ནི་འདུ་བའི་གནས་ཏེ། གང་ན་ལྷ་མོ་ཕུན་ཚོགས་ཆེན་མོ་དང་ཞིང་སྐྱོང་མེའི་གདོང་ཅན་ཡོད་པའོ། །འཛིན་མར་ཤིང་ཏ་ལ་སྟེ་གང་ན་ལྷ་མོ་བདེ་བྱེད་མ་དང་
ཞིང་སྐྱོང་སྐྲ་གྱེན་དུ་བརྫེས་པ་ཅན་ནོ། །ཨེ་རུ་ཌཱ་ནི་ཤིང་ཀྵཾ་ཙ་ན་སྟེ། གང་དུ་ལྷ་མོ་མེ་ལྕེའི་གདོང་པ་ཅན་དང་ཞིང་སྐྱོང་དྲིལ་བུའི་སྒྲ་ཅན་ནོ། །དམར་སེར་པྲེ་ཏའི་གྲོང་དུ་ཤིང་ཛ་ཌཱ་སྟེ་གང་དུ་ལྷ་མོ་དམར་སེར་མོ་དང་ཞིང་སྐྱོང་བྱིན་པ་ཆེན་པོ་ཅན་ནོ། །ཨེ་ལའི་གྲོང་དུ་ཤིང་ཨཱ་ལ་ཏ་ན་
སྟེ་གང་དུ་ལྷ་མོ་བོང་བུ་ལ་གནས་མ་དང་ཞིང་སྐྱོང་གླང་པོའི་རྣ་བ་ཅན་ནོ། །ཁ་ཆེར་རིའི་རྩེ་མོ་སྟེ་གང་དུ་ལྷ་མོ་བ་ལང་སྣ་མ་དང་ཞིང་སྐྱོང་རྩའི་བྱིན་པ་ཅན་ནོ། །མ་རུ་རུ་ཐང་ཆེན་པོ་སྟེ་གང་དུ་ལྷ་མོ་རིམ་པ་མོ་དང་ཞིང་སྐྱོང་གཙིགས་པ་ཅན་ནོ། །པ་ཊ་ལི་པུ་ཏྲ་རུ་ཝེ་ནུ་གར་ཏ་སྟེ། གང་
དུ་ལྷ་མོ་རོ་ལངས་མ་དང་ཞིང་སྐྱོང་སྤུའི་བྱིན་པ་ཅན་ནོ། །པོ་ཎ་ཌ་བརྡྷ་ན་རུ་སྐྱེ་མཆེད་ཀྱི་བྱེ་བྲག་སྟེ་གང་དུ་ལྷ་མོ་རྒན་བྱད་མ་དང་ཞིང་སྐྱོང་བུམ་པ་ཅན་ནོ། །རྒྱལ་བ་ཅན་དུ་ཁང་པ་བརྩེགས་པ་སྟེ་གང་དུ་ལྷ་མོ་བཞིན་རས་དང་བ་དང་ཞིང་སྐྱོང་རལ་པ་གསུམ་པའོ། །རྒྱབ་ཀྱི་གྲོང་
เล่ม ๗ · หน้า 154a
དུ་ཨཱ་ཡ་ཏ་ནའི་བྱེ་བྲག་སྟེ། གང་དུ་ལྷ་མོ་གློག་གི་ཞལ་ཅན་དང་ཞིང་སྐྱོང་དྲིལ་བུའི་སྒྲ་ཅན་ནོ། །སུ་པཱ་ར་རུ་ཤིང་ཤལ་མ་ལཱི་སྟེ། གང་དུ་ལྷ་མོ་མེའི་ཁ་དང་ཞིང་སྐྱོང་ལྷ་ཆེན་པོའོ། །འོ་མ་ཅན་དུ་ཤིང་ཤྭ་ལ་སྟེ། གང་ལ་ལྷ་མོ་འཇིག་རྟེན་གྱི་མ་དང་ཞིང་
སྐྱོང་རི་རབ་ཆེན་པོའོ། །སྒྱུ་མའི་གྲོང་དུ་ཤཱ་ཁོ་ཊ་སྟེ་གང་ལྷ་མོ་འོད་ལྡན་མ་དང་། ཞིང་སྐྱོང་འཇིགས་པ་ཅན་ནོ། །ཨ་མྲ་གཅིག་པར་ཨཱ་མྲ་སྟེ་གང་དུ་ལྷ་མོ་ལུས་སྲུལ་མ་དང་ཞིང་སྐྱོང་བརྟུལ་ཞུགས་ཆེན་པོའོ། །རྒྱལ་པོའི་ཁབ་ཏུ་ཨཱ་ཡ་ཏ་ན་ནའི་བྱེ་བྲག་སྟེ་གང་དུ་ལྷ་མོ་
རྒུད་པ་འཇིགས་མ་དང་ཞིང་སྐྱོང་ཛྷི་ལ་ལཱའི་སྒྲ་ཅན་ནོ། །བོད་དུ་བྲག་བརྩིགས་པ་སྟེ་གང་དུ་ལྷ་མོ་ལྷན་ཅིག་སྐྱེས་མ་དང་ཞིང་སྐྱོང་ལོངས་སྤྱོད་ཅན་ནོ། །མཱ་ལ་ཝ་རུ་ཤིང་མ་དྷུ་སྟེ་གང་དུ་ལྷ་མོ་དབང་བསྐུར་མ་དང་ཞིང་སྐྱོང་སྐྱེས་བུ་དབང་ཕྱུག་གོ། །གནས་དེ་དང་དེ་རུ་འདུས་
པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་འདུས་པའི་རྣལ་འབྱོར་པ་རྗེས་སུ་འཛིན་ཏེ། དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས་པ། ཞིང་འདི་རྣམས་སུ་བུ་མོ་གང་། །དཔའ་བོ་རྣམས་ལ་གྲུབ་སྟེར་མ། །མཚན་མོ་འདུ་བར་རབ་ཏུ་བྱེད། །རྟག་ཏུ་ཡོངས་སུ་རྒྱུ་བར་བྱེད། །
མཁའ་སྤྱོད་རྣམས་སུ་རྙེད་དཀའ་བའི། །དངོས་གྲུབ་རྒྱ་ཆེན་སྟེར་བར་བྱེད། །སྒྲུབ་པ་པོ་ཡི་ལས་རྣམས་ཀུན། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་སོ། །ཡོངས་སུ་རྒྱུ་སྟེ་སྒྲུབ་པ་པོའི་ཆེད་དུའོ། །མཁའ་སྤྱོད་རྣམས་སུ་ནི་ལྷ་རྣམས་སུའོ། །འཇིག་རྟེན་ལས་
འདས་པའི་གནས་ལ་སོགས་པ་རྣམ་པར་གཞག་པ་གསུངས་པ། གནས་ཞེས་པ་ལ་སོགས་པ་སྟེ། གནས་ཏེ་གཞི་ནི་རབ་ཏུ་དགའ་བའི་ས་སྟེ། ཐོག་མ་མེད་པའི་འཁོར་བ་བརྒྱུད་པ་རྣམས་སུ་མ་མཐོང་བའི་དེ་ཁོ་ན་ཉིད་མཐོང་བ་ལས་འདིའི་རབ་ཏུ་དགའ་བ་མང་བ་སྟེ། ཏིང་
ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་ལས་ཀྱང་ངོ་། །གནས་དང་ཉེ་བ་ནི་ཉེ་བའི་གནས་དྲི་མ་མེད་པའི་ས་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པ་ལས་དགེ་བ་བཅུ་
เล่ม ๗ · หน้า 154b
རྣམ་པར་དག་པའི་ཕྱིར་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་གྱི་གཞི་ཉིད་ཀྱི་ཕྱིར་རོ། །གནས་དང་ཉེ་བའི་གནས་དག་གི་ཉེ་བ་ཉིད་ནི་ཕན་ཚུན་ཕན་གདགས་པར་བྱ་བ་དང་ཕན་འདོགས་པ་པོའི་དོན་གྱི་འབྲེལ་པའི་སྒོ་ནས་ཡིན་གྱི། ཡུལ་དང་དུས་ཉེ་
བ་ཉིད་ཀྱིས་ནི་མ་ཡིན་ནོ། །རྒྱུ་ཡང་འབྲས་བུས་ཕན་གདགས་པར་བྱ་བ་སྟེ། འབྲས་བུ་བསྐྱེད་པའི་ནུས་པ་ཉིད་ཀྱི་ཐ་སྙད་ཀྱི་སྤྱོད་ཡུལ་ཉིད་དུ་བྱེད་པའི་ཕྱིར་རོ། །ཕྱི་རོལ་གྱི་གནས་དང་ཉེ་བའི་གནས་དག་གི་ཕན་ཚུན་དུ་ཕན་འདོགས་པ་ནི་བརྟེན་པ་རྣལ་འབྱོར་མ་རྣམས་
ཕན་ཚུན་ཕན་འདོགས་པའི་ཕྱིར་ཉེ་བར་བཏགས་པ་ཁོ་ནའོ། །དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་རྣམས་ལ་ཡང་རྟོགས་པར་བྱའོ། །འོད་བྱེད་པའི་ས་ནི་ཞིང་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པ་ལས་མ་ཉམས་པའི་ཏིང་ངེ་འཛིན་ལ་བརྟེན་པའི་
ཆོས་ཀྱི་སྣང་བ་ཆེན་པོ་དང་། མངོན་པར་ཤེས་པ་ལ་སོགས་པ་ཕུལ་དུ་བྱུང་བ་བསྐྱེད་པའི་ཕྱིར་རོ། །ཉེ་བའི་ཞིང་ནི་འོད་འཕྲོ་བ་ཅན་གྱི་ས་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པའི་ཕྱིར་སྔ་མ་ལས་ཡོན་ཏན་ཕུལ་དུ་ཕྱིན་པ་སྐྱེ་བའི་ཕྱིར་རོ། །འདུན་རྟོག་ཤིན་ཏུ་
སྦྱང་དཀའ་བ། །ཞེས་འབྲེལ་ཏེ། འདུན་པ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དོན་དུ་གཉེར་བ་སྟེ་རྟོག་པ་ནི་འདི་ལྟ་འདི་ལྟར་བདག་གིས་བྱའོ་ཞེས་རྟོག་བྱེད་དོ། །ཤིན་ཏུ་སྦྱང་དཀའ་བའི་ས་ལ་ནི་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་
པ་ལས་རྫུ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པས་མངོན་པར་སྒྲུབ་པའི་ཐབས་སྣ་ཚོགས་པའི་སྦྱོར་བ་རྣམས་ཀྱིས་ཀྱང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་ནི་དེ་ལྟར་སེམས་ཅན་སྨིན་པར་བྱེད་པ་ལས་མངོན་པར་སྦྱོར་བ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྗེས་
སུ་འགྲོ་བའི་སེམས་ཀྱི་རྒྱུད་ཅན་མི་ལྡོག་པར་དགེ་བའི་རྩ་བ་ལ་རབ་ཏུ་སྦྱོར་བ་ནི་ཁྱད་པར་འཕགས་པའི་ཆོས་ཚོལ་བ་ལ་མངོན་པར་སྦྱོར་བས་སོ། །མངོན་གྱུར་གྱིས་ནི་ཉེ་བའི་འདུན་རྟོག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་ཕྱོགས་པར་གྱུར་པས་འདུན་རྟོག་
เล่ม ๗ · หน้า 155a
བཞིན་དུ་ཚོལ་བ་ལ་ཕུལ་དུ་བྱུང་བ་དང་བཅས་པར་མངོན་པར་སྦྱོར་བའི་ཕྱིར་རོ། །འདུ་བ་རིང་དུ་སོང་བའི་ས་སྟེ། འདུ་བའི་ངོ་བོ་ནི་འདུ་བ་དང་དེ་ཐོབ་པ་སྟེ་དེ་བྱེད་དོ་ཞེས་བྱས་ནས་སོ། །འདིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་རབ་ཏུ་གྱུར་པ་ལས་བྱམས་པ་
དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་ཅན་ཚད་མེད་པ་དང་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་མཚན་མ་མེད་པར་རྩོལ་བས་འདུ་བའི་ཕྱིར་རོ། །ཉེ་བའི་འདུ་ཐོབ་མི་གཡོ་བའི་
ས་སྟེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཕུན་སུམ་ཚོགས་པ་ལས་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་བྱམས་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་རྣམས་དང་སྣོད་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །དུར་ཁྲོད་ལེགས་པའི་བློ་གྲོས་ཀྱི་ས་
སྟེ་བདག་མེད་པ་ཉིད་ཀྱིས་དུར་ཁྲོད་དང་མཚུངས་པ་ཉིད་ཀྱི་ཕྱིར་ཏེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བདག་མེད་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱང་རྟོགས་ནས་དེ་ཉིད་སེམས་ཅན་རྣམས་ཀྱིས་རྟོགས་པའི་ཆེད་དུ་སྟོན་པ་ལ་འབད་ཅིང་འཁོར་
བ་ཇི་སྲིད་པར་ལྷུན་གྱིས་གྲུབ་པས་སེམས་ཅན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པར་བྱེད་པའི་ཕྱིར་རོ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན་གྱི་ས་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཆོས་རྟོགས་པ་དང་སྟོན་པ་དང་ཕུལ་དུ་
དབྱུང་དུ་མེད་ཅིང་རབ་ཀྱི་མཐར་ཐུག་པ་རྟོགས་པ་དག་རྫོགས་པར་བྱེད་པའི་ཕྱིར་རོ། །ས་འདི་རྣམས་ཀྱང་བྱང་ཆུབ་སེམས་ཀྱི་རབ་ཏུ་དབྱེ་བ་རྣམས་སོ། །ས་བཅུ་གཉིས་ཀྱི་རང་བཞིན་དེའི་དང་པོ་དང་ཐ་མའི་ས་དག་ནི་ས་བར་པ་བཅུའི་རྒྱུ་དང་འབྲས་བུ་ཉིད་ཀྱིས་འཐུང་གཅོད་དང་
ཉེ་བའི་འཐུང་གཅོད་ཉིད་དུ་རྣམ་པར་གཞག་པ་ཤུགས་ཀྱིས་རྟོགས་པར་བྱའོ་ཞེས་པས་མ་གསུངས་པའོ། །དེ་ལ་པཱིང་འཐུང་བ་ལའོ། །བཏུང་བར་བྱ་བའོ་ཞེས་ལས་ལ་ཀྭི་བ་བྱས་པས་ན་འཐུང་བའོ། །གཅོད་ཅིང་གཅོད་པར་བྱེད་དོ་བ་དགེ་བ་རྗེས་སུ་སྒྲུབ་པ་དང་དགེ་བའོ་ཞེས་པ་
เล่ม ๗ · หน้า 155b
གཅོད་པའོ། །འཐུང་བ་སྟེ་ཉོན་མོངས་པའི་ཕུང་པོ་འདིས་གཅོད་པའོ་ཞེས་པ་འཐུང་གཅོད་མོས་པས་སྤྱོད་པའི་སའོ། །འདིས་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་སྐྱེད་པར་བྱེད་པའི་རིམ་པས་ཉོན་མོངས་པ་རྣམས་སྤང་བར་བྱ་བའོ། །དེ་ལྟར་བག་ཆགས་དང་བཅས་པའི་སྒྲིབ་པ་
མ་ལུས་པ་སྤངས་པར་གྱུར་པ་ན་ས་བཅུ་གཉིས་པ་ཀུན་དུ་འོད་ནི་ཉེ་བའི་འཐུང་གཅོད་དོ། །དེ་ལྟར་རྒྱུ་དང་འབྲས་བུ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ས་བཅུ་གཉིས་པོ་རྣམས་ལ་དེའི་བདག་ཉིད་ཀྱི་ཇི་ལྟར་རིགས་པར་རྣལ་འབྱོར་མ་
རྣམས་རྟེན་དང་བཅས་པ་རྣམ་པར་གཞག་པར་བྱའོ། །ཀླ་ཀློའི་སྐད་ཅེས་པ་བརྡའི་སྐད་ཀྱིས་སོ། །ཕལ་ཆེར་ཕྱི་རོལ་གྱི་འཐུང་གཅོད་དང་གནས་ལ་སོགས་པ་ཉེ་བའི་འཐུང་གཅོད་ཀྱི་མཐར་ཐུག་པ་རྣམས་ལ་རིམ་པ་ཇི་ལྟ་བར་མོས་པས་སྤྱོད་པ་ལ་སོགས་པའི་སའི་དབང་ཕྱུག་མ་
རྣལ་འབྱོར་མ་རྣམས་སྐྱེ་བར་འགྱུར་རོ། །ས་བཅུའི་དབང་ཕྱུག་མ་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་དེ་རྣམས་སུ་སྐྱེས་པ་ནི་ཤིན་ཏུ་ཉུང་བའོ། །དེའི་ཕྱིར་དེའི་རྟེན་ཀཱ་རཱ་ཎྱ་པཱ་ཊ་ལ་སོགས་པ་དང་པུལླཱི་ར་མ་ལ་ཡ་ལ་སོགས་པ་རྣམས་དང་ཀཱ་རཱ་ཎྱ་པཱ་ཊ་ཀ་ལ་སོགས་པ་དང་ཉེ་བའི་ས་
གཞི་རྣམས་ཀྱང་མོས་པས་སྤྱོད་པ་ལ་སོགས་པའི་ས་ཉིད་དུ་ལྷག་པར་མོས་པར་བྱེད་དེ། ཕྱི་རོལ་དུ་འཛིན་པས་སླུ་བ་ཕྲ་མོ་ལས་ཀྱང་གྲོལ་བའི་ཆེད་དུའོ། །ཇི་ལྟར་རྟུལ་པོ་ལ་སོགས་པའི་སེམས་ཅན་རྣམས་ཀྱི་ཕྱིའི་ཡུལ་དུ་འཛིན་པ་རགས་པ་བསལ་བའི་ཆེད་དུ་ཕྱིའི་འཐུང་གཅོད་
དང་གནས་ལ་སོགས་པ་རྣམས་ལ་མོས་པས་སྤྱོད་པ་ལ་སོགས་པའི་སར་ལྷག་པར་མོས་པ་བཞིན་ནོ། །དེས་ན་འདི་ཐམས་ཅད་ལ་མངོན་པར་དགོངས་ནས་གསུངས་པ། པུཾ་ཡིག་ཅེས་པ་ལ་སོགས་པ་སྟེ། པུཾ་ཡིག་ལ་སོགས་པའི་ཡུལ་པུལླི་ར་མ་ལ་ཡ་ལ་སོགས་པ་ཕྱི་རོལ་པ་
ནི་རབ་ཏུ་གྲགས་པའི་གནས་དང་གཞལ་ཡས་ཁང་ངོ་། །ནང་དུ་ནི་ལུས་དང་བྱང་ཆུབ་ཀྱི་སེམས་སོ། །གལ་ཏེ་ཡང་ཁ་ཅིག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་དང་བྱང་ཆུབ་ཀྱི་སེམས་ཀྱང་ལྷུར་ལེན་པ་གསུངས་མོད། དེ་ལྟ་ན་ཡང་འདིར་དེ་ལྟར་རྣམ་པར་གཞག་པ་མ་
เล่ม ๗ · หน้า 156a
ཡིན་ནོ། །ལུས་ལ་པུལླཱི་ར་ལ་སོགས་པ་རྣམས་འཆད་པར་འགྱུར་རོ། །ཕྱི་རོལ་དུ་འདུ་བའི་དུས་གསུངས་པ་ཉིན་པར་ཞེས་པ་ལ་སོགས་པ་སྟེ། ཡི་དགས་ཀྱི་ཕྱོགས་ནི་ནག་པོའི་ཕྱོགས་སོ། །རྒྱལ་མཚན་ནི་དཔྱངས་པའོ། །རང་ཉིད་ཀྱི་ཤ་
དང་རུས་པ་དང་རྐང་ལ་སོགས་པ་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་བདག་གིས་བྱའོ་ཞེས་སྨོན་ལམ་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་བར་མ་ཆད་པར་མིའི་སྐྱེ་བ་བདུན་རྣམས་ཀྱི་མཐར་འཇུག་པའི་ཕྱིར་ན་སྐྱེ་བ་བདུན་པའོ། །གང་གི་
གྲིབ་མ་བདུན་རྣམས་སུ་འགྱུར་ཏེ། དེ་ནི་དེ་རྣམས་ཀྱིས་མཚོན་པར་བྱའོ། །དེ་གང་གི་ཚེ་རང་ཉིད་ཤི་བ་དེའི་ཚེ་ཁྱད་པར་དུ་བཟའ་བར་བྱའོ་ཞེས་པ་ལྷག་མའོ། །གསོད་དུ་གཞུག་པར་བྱ་བ་ནི་མ་ཡིན་པ་ཁོ་ནའོ་ཞེས་མགོ་བོ་སྐྲ་ལྟ་བུས་གསུངས་པ། སྙིང་རྗེ་བསྐྱེད་ནས་འབད་པས་
ནི། །གསད་པར་བྱའོ་ཞེས་པ་སྟེ། །འོན་ཀྱང་མ་ཡིན་པ་ཁོ་ནའོ་ཞེས་པ་དགོངས་པའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བསླང་བར་བྱ་བ་དེས་རང་གི་ཤ་ལ་སོགས་པ་སྟེར་བ་དེའི་ཚེ་སློང་བ་པོ་རྣམས་ལ་སེམས་ཅན་གདུང་བ་བྱས་པའི་ཁ་ན་མ་ཐོ་བ་མེད་དོ། །གཞན་དུ་ན་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་ཏེ། སློང་བ་པོའི་སྐྱེ་བོ་ལ་སྡིག་པར་དོགས་པས་ན། སྦྱིན་པ་མེད་པའི་ཕྱིར་རོ། །གདུག་པའི་བསམ་པ་ཅན་རྣམས་ལས་གཞན་དུ་སློང་བ་པོ་དམྱལ་བར་འགྲོ་བ་ནི་གང་དུ་ཡང་མ་ཐོས་སོ། །ཡང་ན་དམྱལ་བའི་
ལས་ལ་མངོན་དུ་ཕྱོགས་པའི་གདུག་པ་ཅན་རྣམས་ཀྱི་དབང་དུ་བྱས་ནས་གསུངས་པ། སྙིང་རྗེ་བསྐྱེད་ནས་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་བརྟག་པ་གཉིས་པར་གསུངས་པ། གདུག་པ་གཞུག་པ་ཆོ་ག་ནི། །ཐམས་ཅད་གཙོ་བོ་ལས་འགྲུབ་འགྱུར། །ཞེས་སོ། །
གདུག་པ་ཅན་རྣམས་དམ་པའི་ལམ་ལ་འཇུག་པའི་རྒྱུ་མཚན་དུ་སྟེ། ཐམས་ཅད་ཅེས་པ་མངོན་སྤྱོད་འབའ་ཞིག་ཏུ་མ་ཟད་ཀྱི་དབྱེ་བ་ལ་སོགས་པ་རྣམས་ཀྱང་གདུག་ཅན་རྣམས་གཞུག་པའི་དོན་ཁོ་ནའོ། །གཙོ་བོ་ལས་ཏེ་གཙོ་བོར་འཇུག་པས་ནི་འདི་ཐམས་ཅད་འགྲུབ་
เล่ม ๗ · หน้า 156b
པའོ། །དེ་ལ་དེ་ལྟར་བྱེད་པའི་རྣལ་འབྱོར་པས་གལ་ཏེ་དེ་ཡང་དག་པའི་ལམ་ལ་གཞུག་པར་ནུས་པ་དེའི་ཚེ་འདི་བྱ་སྟེ། གཞན་དུ་ན་འདི་ལ་འདིའི་སྙིང་རྗེ་ཉིད་དུ་མི་འགྱུར་རོ་ཞེས་གསུངས་པ་སྙིང་རྗེ་དམན་པས་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་ཚར་གཅད་པ་དང་རྗེས་
སུ་འཛིན་པའི་ནུས་པ་མ་ཐོབ་པ་རྣམས་ལ་གསོད་པ་རྒྱུད་རྣམས་ཐམས་ཅད་དུ་བཀག་གོ། །དེ་ལ་དཔལ་འདུས་པར་གསུངས་པ། ཁམས་གསུམ་པོ་ནི་མ་ལུས་ནས། །གསོད་པ་དང་ནི་གསོ་བ་ཉིད། །སྐད་ཅིག་ཙམ་གྱིས་བྱེད་པ་ནི། །གསལ་བར་ནུས་པར་ཐེ་ཚོམ་མེད། །
ཅེས་སོ། །དེ་ཉིད་ཀྱི་ཕྱིར་ཡང་མི་བསྐྱོད་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སུ་དེའི་རྣམ་པར་ཤེས་པ་དྲངས་ནས་དེ་ལྟར་རྗེས་སུ་བསྒྲུབ་པར་བྱའོ་ཞེས་གསུངས་པའོ། །གང་ཡང་ཁ་ཅིག་ཏུ་ཤིག་ཤིག་བཞིན་པའི་སྲོག་ཆགས་དང་བཅས་པའི་རྣམ་པར་སྣང་མཛད་ལ་སོགས་
པ་བཟའ་བར་གསུངས་པ་དེ་ལ་ཡང་ཤི་བ་ནའོ་ཞེས་གོ་བར་བྱའོ། །དེ་གདན་བཞི་པར་གསུངས་པ། དང་པོར་སྐྱེ་བོར་མི་འཚེ་བ། །སྙིང་རྗེས་བསྐྱེད་པའི་སེམས་ལྡན་པས། །སྲོག་ཆགས་གསད་པར་བྱ་བ་མིན། །དེ་བས་འཆི་བ་འོངས་པ་མཆོག །ཅེས་སོ། །སྙིང་རྗེ་སྟོན་ཏེ་ཇི་
ལྟར་བདག་ཉིད་ལ་ངའོ་ཞེས་མོས་པ་དེ་ལྟར་སེམས་ཅན་ཡང་ངོ་ཞེས་མོས་པར་བྱའོ་ཞེས་པ་སྟེ། གཞན་ཡང་བདག་མཉམ་པ་ཉིད་དུ་འདིར་བསྟན་པའོ། །སྙིང་རྗེ་འབའ་ཞིག་གིས་འདི་ལྟར་བྱ་བ་མ་ཡིན་གྱི། འོན་ཀྱང་ཤེས་རབ་ཀྱིས་ཀྱང་ངོ་ཞེས་གསུངས་པ། འདི་ལྟར་ཞེས་པ་
ལ་སོགས་པ་སྟེ། རྣལ་འབྱོར་བདག་ཉིད་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རྡོ་རྗེ་འཛིན་པ་ཞེས་པའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ། མན་ངག་གི་སྙེ་མར་སྙེ་མ་བཅུ་བདུན་པའོ།། །།རིམ་པ་གཉིས་པོ་ཁོ་ནས་གོམས་པས་ཉེ་བར་
ལོངས་སྤྱད་བཞིན་པའི་ཡུལ་རྣམ་པར་དག་པས་རྡོ་རྗེ་འཛིན་པ་ཉིད་འགྲུབ་པོ་ཞེས་དེ་རྟོགས་པའི་དོན་དུ་འཇུག་སྟེ། ཉན་པར་ཞེས་པ་ལ་སོགས་པ་སྟེ། གསང་བ་ནི་སྐལ་བ་མེད་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་ན་ནང་ངོ་། །པདྨ་ནི་བདེ་བ་ཆེན་པོ་ལ་སོགས་པའི་པདྨ་རྣམས་ཏེ།
เล่ม ๗ · หน้า 157a
རིགས་ལ་གཅིག་གི་ཚིག་གོ། །ནི་ནི་ཁྱད་པར་དུའོ། །མཚན་ཉིད་ནི་ཇི་ལྟར་མཚོན་པར་བྱ་བའོ། །དེ་ལ་ཡེ་ཤེས་དང་སེམས་ཞེས་པ་རྡུལ་དང་ཁུ་བ་འདུས་པའོ། །ཡང་དག་བྱང་ཆུབ་ནི་རིམ་པ་ལས་ཅི་འདྲར་འགྱུར་བའོ། །གནས་བཞི་ཞེས་པ་
ཆོས་དང་ལོངས་སྤྱོད་རྫོགས་པ་དང་བདེ་བ་ཆེན་པོ་སྤྲུལ་པའི་ཆུ་སྐྱེས་བཞི་པོ་རིམ་པ་ཇི་ལྟ་བར་བདག་དང་གཞན་དང་སྦྱོར་བ་དང་གསང་བའི་གདན་རྣམས་ཀྱི་སྟེ། ཀུན་དུ་བསྡུས་པའོ། །བདག་ནི་སེམས་ཏེ་དེའི་རྟེན་ནི་སྙིང་གའོ། །གཞན་གྱི་སྟེ་སྟོན་པར་བྱེད་པ་ལ་ལོངས་
སྤྱོད་པས་དང་གཞན་ཏེ་རོ་དྲུག་ལོངས་སྤྱོད་པས་མགྲིན་པའོ། །སྦྱོར་བའི་སྟེ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དག་རོ་གཅིག་པ་ཉིད་ཀྱི་གདན་མགོ་བོའོ། །གསང་བའི་སྟེ་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྤྲུལ་པའི་ཡང་ལྟེ་བའོ། །གསང་བ་ཡང་ཡིན་ལ་དེ་
གདན་ཀྱང་ངོ་ཞེས་པར་ཡང་ཤེས་པར་བྱའོ། །པདྨ་ཡང་གསང་བ་སྟེ་རུང་བ་ཡང་མ་ཡིན་པ་ལ་གསལ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཁ་ཅིག་གིས་ནི་འགའ་ཞིག་ཏུ་བདག་གི་གདན་ལ་སོགས་པ་རྣམས་རྣམ་པ་གཞན་དུ་རྣམ་པར་འཇོག་པ་ནི་བསམ་པར་བྱའོ། །རྒྱུད་
གཞན་དུ་ནི། གཞན་གྱི་གདན་ལ་ཤེས་རབ་བརྗོད། །བདག་གི་གདན་ནི་ཐབས་ཡིན་ནོ། །འདི་དག་གཉིས་མེད་གྱུར་པ་ནི། །སྦྱོར་བའི་དོན་དུ་རྣམ་པར་གཞག །དེ་ལས་སྐྱེས་པ་དེ་ཉིད་གདན། །དེ་སྤངས་པར་ནི་གང་འགྱུར་བ། །ལྷན་ཅིག་སྐྱེས་ཞེས་ཡང་དག་
བཤད། །ངག་གི་ལམ་གྱི་སྤྱོད་ཡུལ་འདས། །ཞེས་གསུངས་ཏེ། དེ་སྤངས་པ་ནི་བདག་དང་གཞན་གཉིས་ཀྱི་རྟོག་པས་སྟོང་པའོ། །དེ་ལྟར་འདི་ནི་དྲི་བ་དང་པོའི་ལན་མདོར་བསྟན་པའོ། །གཉིས་པའི་ནི། རྫོགས་བྱང་ཆུབ་རིམ་རྡོ་རྗེ་འཛིན། །ཞེས་པ་སྟེ་
ཡེ་ཤེས་དང་སེམས་ཤེས་པ་དང་འབྲེལ་ལོ། །རིམ་པ་མདོར་བསྟན་པ་ནི་མཉམ་ཉིད་ཅེས་པ་ལ་སོགས་པའོ། །མཉམ་ཉིད་སེམས་ནི་སྟོང་པ་ཉིད་དང་རོ་གཅིག་པའི་སེམས་སོ། །འདོད་ཆགས་ལ་སོགས་རྣམས་རིང་དུ་སྟེ་རྒྱུ་ཡང་མངོན་པར་འཇུག་པ་མེད་པས་
เล่ม ๗ · หน้า 157b
སྤངས་པའོ། །གནས་པ་ཉིད་ཀྱི་རྣམ་གཡེང་མེད་པ་ཉེ་བར་མཚོན་ཏོ། །བརྟན་པ་རྣམས་ལ་བརྩེ་བ་ནི་ཉེ་བར་བཏགས་པ་ལས་ཏེ། དེ་ནི་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ལས་འདོན་པར་འདོད་པའོ། །ས་དང་ས་ལས་སྐྱེས་པ་ལ་སོགས་པ་
ཡང་རྡོ་བ་དང་མི་ཞིམ་པའི་འབྲས་བུ་ལ་སོགས་པ་དང་ལྡན་པ་ཉིད་ཀྱིས་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་སྡུག་བསྔལ་ལོ། །དེའི་རྒྱུ་ཡང་སེམས་ཅན་རྣམས་ཀྱི་ཐུན་མོང་བའི་ལས་མི་དགེ་བའོ། །དེ་ལས་འདོན་པ་ནི་སྣོད་ཀྱི་ཞིང་དག་པའོ། །ཡང་ན་གནས་པ་ནི་བརྟན་
པ་དང་། གཡོ་བའི་དངོས་པོ་རྣམས་ཀུན་ལ་མཉམ་པ་ཉིད་ཀྱི་སེམས་བསྐྱེད་ནས། སྙིང་རྗེ་དང་བཅས་པ་ནི་རྡོ་རྗེ་སེམས་དཔར་འགྱུར་ཞེས་འབྲེལ་ལོ། །ཅི་ལྟར་ཞེ་ན་གསུངས་པ། མགོན་མེད་ཅེས་པ་ལ་སོགས་པའོ། །མགོན་མེད་ནི་བདག་གི་གདན་ཏེ། སེམས་
ཀྱི་རྟེན་ཉིད་ཀྱིས་ན་འདྲ་བ་ལ་དགག་པའོ། །མགོ་བོ་ནི་མངོན་པར་ཕྱོགས་པའི་ཆུ་སྐྱེས་ཉིད་ཀྱི་ཕྱིར་མགོ་བོ་སྟེ་གཞན་གྱི་གདན་ནོ། །གཏུམ་མོའི་ནཱ་ད་མཐར་བྱེད་དོ་ཞེས་པས་ནཱ་ད་མཐའ་སྟེ་སྦྱོར་བའི་གདན་ཡིན་ཞིང་དེ་ཁོ་ན་ཉིད་ཀྱི་གདན་ཡང་དེའོ། །གསང་བའི་པདྨ་ནི་
གསང་བའི་གདན་ཏེ། སྔགས་ཀྱི་གདན་དུ་ཡང་བརྗོད་དོ། །ཆ་ནི་ཟླ་བའི་ཆ་སྟེ་འཁྱུད་པའི་རྩ་རྣམས་སོ། །སྣ་ཚོགས་པའི་གཟུགས་རྣམས་ཏེ་གདན་རྣམས་ནི། དེ་རྣམས་ཀྱི་སོ་སོར་ཉེ་བ་ལས་འཆད་པར་འགྱུར་བའི་པུལླི་ར་མ་ལ་ཡ་ལ་སོགས་པ་རྣམས་སོ། །སྐུ་
གསུང་ཐུགས་རྣམས་ཀྱི་རྡོ་རྗེ་སྟོང་པ་ཉིད་ཀྱི་བདག་ཉིད་རྣམས་རྡོ་རྗེ་སེམས་དཔའ་གང་གི་ཡིན་པ་སྟེ། འདི་ཐམས་ཅད་དེའི་བདག་ཉིད་དུ་འབྲེལ་བ་ཅན་ནོ། །གང་གི་ཕྱིར་ཆོས་ཞེས་པ། ཆོས་སྐྱེ་མཆེད་དྲུག་ལ་སོགས་པ་རྣམས་ཀྱི་དབྱིངས་རང་བཞིན་ཏེ། ཀུན་རྫོབ་པ་
ཁུ་བ་དང་ཁྲག་དང་རྣམ་པར་ཤེས་པ་འདུས་པ་གང་ཉི་ཤུ་རྩ་གཅིག་པར་འཆད་པར་འགྱུར་བའོ། །དེ་འདུས་པའང་ཆོས་ཀྱི་དབྱིངས་བསྡུས་པའོ། །སྙིང་སྟོབས་ལུས་དང་རྡུལ་དག་དང་། །སེམས་མུན་པའི་རང་བཞིན་ལ་སྟེ། །སྙིང་སྟོབས་ཁུ་བ་རྡུལ་ནི་ཁྲག །སྐྱེད་
เล่ม ๗ · หน้า 158a
པ་ཉིད་ནི་མུན་པའོ། །ཞེས་སོ། །དེའི་རྣམ་འཕྲུལ་ནི་རྣམ་འགྱུར་རོ། །དོན་དམ་པ་པ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དེ། དེའི་རྣམ་འགྱུར་རོ། །དེ་སྐད་དུ་ཡང་གསུངས་པ། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་རབ་ཏུ་
འབྱུང་། །ཞེས་སོ། །དེའི་ཕྱིར་བསྡུས་ནས་ཞེས་པ་ལ་སོགས་པ་རྒྱས་པར་སྟོན་པ་ཆུ་ཁམས་ཞེས་པ་ལ་སོགས་པའོ། །ཁུ་བ་དང་རྡུལ་གྱི་ཁམས་དག་ལ་སེམས་ཀྱང་རོ་མཉམ་པ་གོང་བུའི་ངོ་བོ་ནི་གོ་འཕང་གནས་པའི་རྒྱུ་སྟེ་རྡོ་རྗེ་འཛིན་པ་རྫོགས་པའི་ཕྱིར་རོ། །གང་
གི་ཕྱིར་ཤེས་རབ་ཐབས་བདག་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་རོ། །དབང་པོ་དྲུག་ཅན་ནི་འདིའི་དབང་པོ་དྲུག་རྣམས་ཡིན་པ་ཞེས་བྱས་ནས་སོ། །སངས་རྒྱས་གཟུགས་ནི་རྡོ་རྗེ་འཛིན་པའི་སྐུར་འགྱུར་རོ། །དེ་ལྟར་གང་གི་ཕྱིར་
རྡོ་རྗེ་སེམས་དཔའ་རང་གི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་པ་དེའི་ཕྱིར་དེ་ཁོ་ན་ལས་ཡང་དག་བསྟན་བཅོས་ཏེ་ཕྱིན་ཅི་མ་ལོག་པའི་ཆོས་བསྟན་པ་རྣམས་སུ་འགྱུར་གྱི་གཞན་ལས་ནི་མ་ཡིན་ཏེ། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །
དེ་ཉིད་ཀྱི་ཕྱིར་གསུངས་པ་དེ་ཉིད་ཤེས་པའི་སློབ་དཔོན་ཞེས་དོར་བར་བྱ་བ་དང་རྒྱུ་དང་བཅས་པའི་རང་གི་ངོ་བོ་མངོན་སུམ་དུ་བྱེད་པ་ལས་གཞན་རྣམས་ལ་དེ་དག་སྤང་བ་དང་ལེན་པ་ཀུན་དུ་སྤྱོད་པ་བསྐུལ་བ་ལ་ལེགས་པ་ནི་མཁས་པར་འགྱུར་གྱི། གཞན་དུ་ན་མ་ཡིན་ནོ། །དེ་ཉིད་
ཀྱི་ཕྱིར་འདི་རྒྱུའི་གནས་སྐབས་སུ་ལུང་གི་རྗེས་སུ་འབྲང་ཞིང་། དེ་ཁོ་ན་ཉིད་ལས་ངེས་པའི་དོན་གྱིས། གསང་ཆེན་ཏེ་བདེ་བྱེད་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་བརྗོད་པར་བྱ་བའི་ངོ་བོ་འབྱུང་བ་སྟེ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་འབྲས་བུ་གནས་
སྐབས་སུ་གསལ་བར་གྱུར་པ་ནི། མཆོག་ཏུ་སྟེ་རབ་ཀྱི་མཐར་ཐུག་པ་ལ་གནས་པར་ཡོངས་སུ་མངོན་དུ་བྱེད་དོ། །དེ་ལྟར་ན་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པའི་རྡོ་རྗེ་འཛིན་པར་འགྱུར་རོ། །བསྐྱེད་པའི་རིམ་པ་ལ་ནི་མགོ་མེད་ནི་སྔར་བཞིན་དུ་ཧཱུཾ་ངོ་། །
เล่ม ๗ · หน้า 158b
མགོ་བོ་ནི་ཨོཾ་མོ། །ནཱ་དའི་མཐའ་ནི་ཧཾ་ངོ་། །གསང་བའི་པདྨ་ནི་ཨོཾ་སྟེ། གསང་བའི་པདྨ་འདིའི་རྟེན་ཡིན་ཞེས་བྱས་ནས་སོ། །ཧཱུྃ་ཡིག་ལ་སོགས་པ་རྣམས་རིམ་པ་ཇི་ལྟ་བར་བདག་གི་གདན་ལ་སོགས་པའི་གནས་སོ། །རིམ་པ་གཉིས་མདོར་བསྟན་པ་འདི་ནི་
སྐབས་བཞིན་དུ་རྒྱས་པར་འཆད་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་བསྐྱེད་པའི་རིམ་པར་གསུངས་པ། སྔོན་ཞེས་པ་ལ་སོགས་པའོ། །ཐམས་ཅད་དེ་གཟུགས་ཀྱི་ཁམས་ལ་སོགས་པ་རྣམས། སྔོན་དུ་རབ་ཏུ་བྱེད་པ་དང་པོར་གསུངས་པའི་མཚན་ཉིད་ཀྱི་
སྟོང་ཉིད་དེ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་གང་ཡིན་པ་དེས་བཀྲུས་ནས་སོ། །སྒྲོ་བཏགས་པའི་དྲི་མ་སྟེ་གོས་པའོ། །དཀར་བ་ཞེས་པ་ལ་སོགས་པ་སྟེ། དཀར་པོ་ཀུན་ད་ཟླ་བ་དང་འདྲ་བའི་མདོག་གང་གི་ཡིན་པ་དེ་སྟེ། གཉིས་པའི་དོན་ལ་
དྲུག་པའོ། །ཟླ་བའི་འོད་རྣམས་བཞིན་དུ་འདིའི་འོད་ཟེར་རྣམས་འཕྲོ་བ་ནི་གྱེན་དུ་འགྲེང་བའོ། །སེམས་དཔའི་སྐྱིལ་ཀྲུང་ཅན་ནི་དེ་དང་ལྡན་པའི་ཕྱིར་རོ། །བཞུགས་པ་ནི་འདུག་པའོ། །ཕྱག་རྒྱ་ཆེན་པོ་ནི་རང་འདྲའི་ཤེས་རབ་མ་སྟེ། དེ་ལ་ཕྱག་གཉིས་དག་གིས་གནས་
པ་སྟེ་གནས་པ་ལ་བཙིར་བའོ། །གཟུགས་རྣམས་ཀྱིས་རྫོགས་པའི་མཛེས་པ་སྟེ་འདོད་པར་བྱ་བ་ཉིད་འདིའི་ཡིན་པ་ནི་གཟུགས་རྫོགས་པའི་མཛེས་པ་ཅན་ནོ། །དེ་ལྟར་ཡེ་ཤེས་སེམས་དཔའ་རྣམས་ལ་སྟེ་ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་
དམ་ཚིག་སེམས་དཔའ་སྒོམ་པའོ། །དེ་ལས་གཞན་པའི་བསྒོམ་པར་བྱ་བ་གསུངས་པ། ཆུ་ཤིང་ཞེས་པ་ལ་སོགས་པ་སྟེ། ཅུང་ཟད་ཁ་བྱེ་བ་ཉིད་ཀྱིས་ན་ཆུ་ཤིང་གི་མེ་ཏོག་བཞིན་དུ་གནས་པའི་རྩ་རྣམས་སོ། །ལྟེ་བར་དེ་རྣམས་ཁོ་ན་བསྒྲེང་བ་སྟེ་གྱེན་དུ་སོན་པ་སྙིང་གར་གནས་
པའི་པདྨའོ། །སྔར་གྱི་རབ་ཏུ་བྱེད་པ་བཞི་པར་གསུངས་པའི་མཚན་ཉིད་ཡོངས་སུ་རྫོགས་པའོ། །སྤྲོས་ནས་ནི་ཕྱུང་ནས་སོ། །བཅོམ་ལྡན་འདས་རྫོགས་པ་དང་དུས་མཉམ་དུ་སྟེ་དེའི་ཡན་ལག་ཉིད་ཀྱི་ཕྱིར་རོ། །དེར་སྔོན་གྱི་པདྨར་ནི་སྙིང་གའི་པདྨ་སྟེ། མངལ་
เล่ม ๗ · หน้า 159a
གྱི་གནས་སྐབས་སུ་དེ་སྐྱེ་བ་ལས་ཕྱིས་པདྨ་གཞན་རྣམས་སྐྱེ་བའི་ཕྱིར་རོ། །འདབ་མར་ཏེ་འདབ་མ་བརྒྱད་རྣམས་སོ། །ལྟེ་བར་བཅས་ནི་ལྟེ་བ་དང་བཅས་པ་རྣམས་སོ། །ཡི་གེ་རྣམ་པར་འགོད་པར་བྱེད་དོ་ཞེས་པ་རྣམ་འགོད་ནི་ཡིད་དེ་དེ་དགོད་
པའོ། །སྒོམ་པས་ཡིད་ཁོ་ན་ཡི་གེའི་རྣམ་པར་དགོད་པར་བྱའི། ཕྱི་རོལ་གྱི་ཡི་གེ་ནི་མ་ཡིན་ནོ་ཞེས་པ་དགོངས་པའོ། །འདི་ཐམས་ཅད་ཅི་བྱས་ནས་ཤེ་ན། གསུངས་པ། དབུས་སུ་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞིན་དུ་བསྐྱེད་
པའི་རིམ་པ་གཅིག་པའི་དཀྱིལ་འཁོར་ལ་ཞུགས་པའི་དམ་ཚིག་སེམས་དཔའ་རྣམ་པར་སྣང་མཛད་ལ་སོགས་པ་ལྷ་བརྒྱད་སེམས་ཀྱི་དབུས་སུ་བསམས་ནས། དེའི་དབུས་སུ་སྟེ་སྙིང་གར་ཞལ་གཅིག་ཕྱག་གཉིས་དཀར་པོ་ཅན། གསུང་རྡོ་རྗེ་ཉིད་ཀྱི་ཕྱིར་དམར་བའི་
མདངས་ཅན་རྣམ་ཤེས་ཏེ་ཡེ་ཤེས་སེམས་དཔའོ། །ཡེ་ཤེས་སེམས་དཔའ་དེ་ཁོ་ནའི་ཐུགས་ཀར་ཡེ་ཤེས་ཏེ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ངོ་། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཡང་བཅོམ་ལྡན་འདས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ་ཞེས་པ་མན་ངག་
གོ། །དེའི་ཤར་གྱི་འདབ་མར་བྱམས་པའི་རང་བཞིན་ཉིད་ཀྱིས་ན་སེམས་ཅན་གྱི་ལོག་པར་སྒྲུབ་པ་རྣམས་ཀྱིས་མི་འཁྲུགས་པའི་ཕྱིར་མི་བསྐྱོད་པ་ནི་འདིར་རྣམ་པར་སྣང་མཛད་དེ། དེའི་ས་བོན་ནི་བུཾ་མོ། །སྒོ་ཞེས་པ་ཕྱོགས་ཉེ་བར་མཚོན་པའོ། །རིན་ཆེན་དེ་ཉིད་ས་བོན་
ནི་ལྷོར་རིན་ཆེན་འབྱུང་ལྡན་གྱི་སྟེ་ཨཱཾ་ངོ་། །ནུབ་ཏུ་སྣང་བ་མཐའ་ཡས་ཀྱི་ཧྲཱིཿའོ། །དོན་ཡོད་གཙོ་བོའི་སེམས་ཀྱི་ས་བོན་ནི་དོན་ཡོད་གྲུབ་པའི་སྟེ་ཁཾ་ངོ་། །ལྟེ་བའི་པདྨར་དབྱངས་ཀྱང་འདི་སྟེ་ཨ་ཡིག་གོ། །ཨ་ཡིག་སོགས་རྣམས་ལས་ཐོག་མ་ཡང་ཡིན་ལ་མཆོག་གཙོ་
བོ་ཡང་སྟེ། ཆོས་རྣམས་ཐམས་ཅད་ཨ་ཡིག་གི་སྒོ་ཅན་ཉིད་ཀྱི་ཕྱིར་རོ། །ས་བོན་ཡང་སྟེ་འབྲས་བུ་འགྲུབ་པར་བྱེད་པའི་ཕྱིར་རོ། །ཟླ་བ་ཕྱེད་པ་དང་ཐིག་ལེ་ལྡན་པ་ཨཾ་ངོ་། །བུཾ་ཡིག་ལ་སོགས་པའི་ཡི་གེ་རྣམས་ནི། ཟླ་བའི་འོད་ཀྱིས་མངོན་པར་བརྒྱན་པ་རྣམས་སོ། །
เล่ม ๗ · หน้า 159b
ཕྱོགས་མཚམས་རྣམས་སུ་ནི་དབང་ལྡན་ལ་སོགས་པ་རྣམས་སུའོ། །རྀཾ་རཱྀཾ་ལྀཾ་ལཱྀཾ་མ་ནིང་རྣམས་ཏེ། སྔར་བཤད་པ་ནི། ས་བོན་བཞི་དང་ཡང་དག་ལྡན། །ཞེས་པ་ལ་སོགས་པས་སོ། །ཡི་གེ་བརྒྱད་པོ་དེ་རྣམས་ཀྱི་དབུས་སུ་དེའི་སྟེ་པདྨའི་ལྟེ་བ་སེམས་ཀྱི་ཡི་གེ་མི་
བསྐྱོད་པའི་ས་བོན་ཧཱུྃ་སྟེ་དེས་སོ། །བཤད་ཟིན་པའི་ཏིང་ངེ་འཛིན་སེམས་དཔའ་ཁོ་ན་མི་བསྐྱོད་པའི་ས་བོན་ནོ་ཞེས་དགོངས་པས་ཉེ་བར་སྡུད་པའོ། །དེ་སྐད་གསུངས་ཏེ། དམ་ཚིག་སེམས་དཔའ་ལྟེ་བའི་ཆུ་སྐྱེས་ལ་ཨཾ་ངོ་། །སྙིང་གའི་ཆུ་སྐྱེས་ལ་གནས་པའི་ཡེ་
ཤེས་སེམས་དཔའི་ཐུགས་ཀར་མཚོ་སྐྱེས་ལ་ཡང་ཡི་གེ་དགུ་རྣམས་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་བསྐྱེད་པའི་རིམ་པ་ནི་སྟོང་པའི་བདག་ཉིད་ཅན་ཉིད་ཁོ་ནས་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ་ཞེས་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ཡ་མཚན་ཞེས་
པ་ལ་སོགས་པའོ། །ཡ་མཚན་གྱི་རྣམ་པ་གསུངས་པ། མཚན་ཉིད་མེད་པའི་ཞེས་པ་ལ་སོགས་པའོ། །སྦྱོར་བ་དང་པོས་ནི་དང་པོའི་སྦྱོར་བ་སྟེ། ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་རྒྱལ་པོ་མཆོག་ལ་སོགས་པ་ཡང་ངོ་། །ཡི་གེ་ནི་ཧཱུྃ་ལ་སོགས་པའོ། །
སྟོང་པ་འདི་ནི་སྟེ། ཅི་ལྟར་ཏེ་རྣམ་པ་ཅི་ཞིག་གིས་ཀྱང་མཚོན་པར་མི་ནུས་ན། དེ་ལ་ཅི་ཞིག་ལས་དེའི་འབྲས་བུ་དོན་དུ་གཉེར་བ་འཇུག་པ་ཡིན། རྡོ་རྗེ་ནི་རྡོ་རྗེ་སྙིང་པོའོ། །མཚོན་བྱ་ནི་གཟུགས་ནས་རྣམ་པར་ཤེས་པའི་བར་རོ། །མཚན་ཉིད་ནི་གཟུགས་སུ་ཡོད་པ་
ནས་རང་གསལ་བའི་བར་ཏེ། དེ་དག་ལ་སྙིང་པོ་ཉིད་དུ་སྒྲོ་བཏགས་པ་དག་གི་སྟོང་པ་ཉིད་ནི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དོ། །གཞན་ནི་ཕྱིན་ཅི་ལོག་པ་ལས་དེ་ཁོ་ན་ཉིད་དུ་སྙིང་པོར་སྒྲོ་འདོགས་སོ། །དེའི་ཕྱིར་ཇི་ལྟར་སྙིང་པོ་མེད་པའི་ཆུ་ཤིང་ལས་སྙིང་པོ་བདུད་རྩི་ལྟ་བུའི་
འབྲས་བུ་ཡིན་པ་དེ་ལྟར་སྙིང་པོ་མེད་པའི་ཀུན་རྫོབ་པ་དང་པོའི་སྦྱོར་བ་ལ་སོགས་པ་བསྐྱེད་པའི་རིམ་པ་སྤྲོས་པ་མེད་པ་ཉིད་དུ་བསྒོམ་བཞིན་པའི་སྙིང་པོ་སྤྲོས་པ་མེད་པའི་བདུད་རྩི་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་ཡེ་ཤེས་སྐུ་
เล่ม ๗ · หน้า 160a
འབྲས་བུ་སྟེ། ཆུ་ཤིང་ནི་ཆུ་ཤིང་ངོ་། །འབྲས་བུ་ནི་དེའི་འབྲས་བུའོ། །ཅི་ལྟར་རབ་ཏུ་གསལ་བ་ཡང་མཚན་ཉིད་ཡིན་ཞེ་ན། གང་གི་ཕྱིར་རྣམ་པར་ཤེས་པས་ན་རྣམ་ཤེས་དང་འདིས་ཤེས་པར་བྱ་བའོ་ཞེས་པས་ཡེ་ཤེས་ཏེ། གཟུང་བ་དང་འཛིན་པ་དེ་
དག་གི་དབུས་སུ་གཟུགས་མེད་ཡེ་ཤེས་གཟུགས་སུ་སྟེ། ཡོད་པ་མ་ཡིན་པའི་གཟུང་བ་དང་འཛིན་པའི་ངོ་བོར་རང་ཉིད་རབ་ཏུ་གསལ་བ་ཉིད་ཁོ་ནར་མངོན་སུམ་མམ་རྗེས་སུ་དཔག་པས་མཚོན་པར་བྱ་རྟོགས་པར་བྱའོ། །སོ་སོ་སྐྱེ་བོས་ནི་གཟུང་བ་དང་འཛིན་པའི་རང་བཞིན་ཁོ་
ནར་མཚོན་པར་བྱ་སྟེ། རྣལ་འབྱོར་པས་ནི་ཡེ་ཤེས་སྐུ། །ཞེས་པ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱང་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་རྟེན་ཡང་ངོ་། །ཡེ་ཤེས་སྐུ་ནི་ཆོས་ཀྱི་སྐུ་སྟེ། དེ་ཉིད་འབྲས་བུའི་ཞེས་ཁྱད་པར་ཅན་
སྐབས་ལས་ཐོབ་པའོ། །སྒྲོ་བཏགས་པའི་བག་ཆགས་མ་ལུས་པ་དང་བྲལ་བའི་ཕྱིར་མི་གཡོ་བའོ། །གང་ལས་དངོས་པོ་སྟེ་རང་རིག་པའམ་གཞན་དོན་དམ་པར་ཡོད་པ་ཉིད་དང་། དངོས་མེད་དེ་མེད་པ་ཉིད་དེ། དེ་དག་ལས་རྣམ་པར་གྲོལ་བའོ། །ཁ་དོག་གཟུགས་ནི་ཁ་དོག་
མེད། ཅེས་པ་ལ། ཁ་དོག་ནི་སྔོན་པོ་ལ་སོགས་པ་གཟུང་བ་ཉིད་དུ་མངོན་པར་ཞེན་པ་སྟེ། ཁ་དོག་མེད་པ་ནི་བདེ་བ་ལ་སོགས་པ་འཛིན་པ་ཉིད་དུ་སྟེ། དེའི་ངོ་བོ་ཉིད་དུ་མེད་པའི་ཕྱིར་རོ། །དེའི་ངོ་བོ་མ་ཡིན་པ་ནི་ཤིན་ཏུ་དངོས་པོ་དངོས་མེད་པ་དག་གོ། །དེ་ལས་
དབུས་ནི་གཟུང་བ་དང་། འཛིན་པ་དག་གི་སྟེ། ཐ་མི་དད་པའམ། ཐ་དད་པ་དངོས་པོ་དང་དངོས་པོ་མེད་པའི་རང་གི་ངོ་བོ་སྟོང་པ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་གཟུང་བར་བྱའོ། །ཇི་ལྟར་འདི་དང་ཚུ་རོལ་མཐོང་བས་མཚན་ཉིད་ལ་སོགས་པ་འཛིན་པ་དང་རྗེས་སུ་
དཔག་པ་ཡང་མི་སྲིད་པ་དང་། སྟོང་པ་ཉིད་དུ་ཡིད་ཆེས་པས་སྲིད་པ་དེ་ལྟར་རྒྱས་པ་དང་བཅས་པར་ཁོ་བོ་ཅག་གིས་གཞུང་དུ་ཕྱེ་བར་ཟིན་ཏོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་ཤེས་ནས་བསྐྱེད་པའི་རིམ་པ་མཉམ་པ་ཉིད་ཀྱི་
เล่ม ๗ · หน้า 160b
ཡེ་ཤེས་ཀྱིས་དང་སྙིང་རྗེ་ཆེན་པོའི་སེམས་ཀྱིས་ཀྱང་ཡོངས་སུ་སྦྱངས་པ་གོམས་པར་བྱའོ། །དེ་ལྟར་ན་དེ་ནི་དེ་བསྐྱེད་པའི་རིམ་པ་རྫོགས་པའི་བྱང་ཆུབ་ལམ་གྱི་འབྲས་བུ་ཡུན་མི་རིང་བ་ཉིད་ཀྱིས་མཐོང་བར་འགྱུར་རོ། །དེ་ཅི་ལྟར་འདི་ལྟར་འདི་ལྟ་བུའི་ཤིན་ཏུ་སྦས་པའི་དོན་
ཅན་གྱི་ངག་རྣམས་ཀྱིས་རྟོགས་པར་བྱ་ཞེ་ན་གསུངས་པ། བླ་མ་ཞེས་པ་ལ་སོགས་པའོ། །བླ་མ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྟེ། དེས་ཉེ་བར་གནང་བའི་ལམ་ཤེས་སུ་འཇུག་པ་ལས་གཞན་ཡང་ངོ་། །དེའི་མན་ངག་ནི་ཡང་དག་པ་ཇི་ལྟ་བ་སྟོན་པ་སྟེ། ལམ་ནི་
རྟོགས་པའི་ཐབས་སོ། །བསྟན་བཅོས་ནི་གསུང་རབ་སྟེ། མདོར་སྟོན་པར་བྱེད་དོ་ཞེས་པས་མདོར་སྟོན་ཙམ་མོ། །མདོར་བསྟན་པར་བྱ་བ་ནི་མཚན་ཉིད་དོ། །རང་གི་ངོ་བོ་ནི་དེ་ཁོ་ན་ཉིད་དོ། །ཡེ་ཤེས་ནི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཅན་ལ། རྣམ་ཤེས་ནི་ཀུན་རྫོབ་ཀྱི་རྣམ་
པ་ཅན་ཏེ། དེའི་ངོ་བོ་ལས་སོ། །བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་དེ་རྣམས་ཀྱང་དཔའ་བ་སྟེ་བླ་མས་གསལ་བར་བྱེད་དེ། སོ་སོ་སྐྱེ་བོས་ཀྱང་ངོ་ཞེས་པའོ། །ཞར་ལ་འོངས་པའི་དེ་མ་ཐག་ཏུ་དཀྱུས་མ་རྗེས་སུ་སྦྲེལ་བ་ནི་འདིའི་ཞེས་པ་ལ་སོགས་པ་སྟེ། ཀུན་གྱི་བསྒོམ་བྱས་པ་
ནི་རྣལ་འབྱོར་པས་ཏེ། མངལ་དུ་དང་པོར་ལྔ་སྟེ་ལག་པ་དང་རྐང་པ་དང་མགོ་བོ་འབུར་བ་དང་ལྡན་པ་རྣམས་སོ། །མཆོད་རྟེན་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཏེ། དེ་རྣམས་སེམས་པར་བྱེད་པ་ནི་རྟས་པར་བྱེད་པའོ། །བདུད་རྩི་ནི་ཁུ་བ་སྟེ། དེ་ཉིད་ས་བོན་ཏེ་བསྐྱེད་པའི་ཕྱིར་
རོ། །ཨོཾ་ཧ་ཡིག་ཀྱང་བསྐྱེད་པའི་རིམ་པ་ལ་བདུད་རྩིའི་ས་བོན་ནོ། །དེ་ལ་འོད་ཟེར་དཀར་པོ་ཅན་བཟང་པོ་སྟེ་བདེ་བ་ཆེན་པོའི་རང་བཞིན་ཁ་དོག་དཀར་པོའི་འོད་ཅན་ཁུ་བའི་རྒྱུན་གྱི་ངོ་བོ་འཛག་ཅིང་། སྙིང་གའི་ས་བོན་གྱི་ཆུ་སྐྱེས་ལ་ནི་ལྟེ་བར་མཐེ་བོང་གི་ཚད་ཙམ་གྱི་ཟླུམ་པོ་ཟླ་བའི་
གཟུགས་ཏེ། དེ་ལ་ས་བོན་ཨཱ་ལི་ཀཱ་ལི་དག་ལས་ཕྱུང་བའི་ཧཱུྃ་ནག་པོའོ། །དེ་ལྟར་ཚིམ་པར་བྱེད་པ་གསུངས་ནས་ཐིག་ལེའི་རྣལ་འབྱོར་གསུང་བའི་ཆེད་དུ་གསུངས་པ། དཀར་པོ་ཞེས་པ་ལ་སོགས་པའོ། །ཧཱུྃ་ཡིག་དེའི་འོད་ཟེར་དཀར་པོ་ཟླ་འོད་ལྟ་བུ་རྣམས་གྱེན་དུ་མགོ་བོའི་
เล่ม ๗ · หน้า 161a
མཚོ་སྐྱེས་ལ་བརྟེན་ཏེ། མགོ་བོའི་ཆུ་སྐྱེས་དེའི་སྒོ་རྩའི་བུ་ག་རྣམས་ཀྱི་དབུས་སུ་ཨ་ཝ་དྷཱུ་ཏཱིའི་བུག་པར་རབ་ཏུ་བསྒྲགས་པའི་གང་ཐིག་ལེའི་སེམས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྟེ། དེ་དང་ལྷན་ཅིག་གཅིག་ཏུ་གྱུར་ནས་ཨ་ཝ་དྷཱུ་ཏཱིའི་ལམ་ནས་འོངས་ཤིང་། སྙིང་
གར་ཧཱུཾ་གི་ཐིག་ལེ་ལ་དེའི་བདག་ཉིད་དུ་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཤས་བཞིན་དུ་རྡུལ་ཕྲ་རབ་ཀྱི་ངོ་བོར་ཡང་དག་གནས། རྡུལ་ཕྲ་རབ་ཀྱི་ངོ་བོ་དཀར་པོ་དེ་ཡང་མཚོན་བྱ་མཚན་ཉིད་ཡེ་ཤེས་ཅན་རྣམས་དབྱེར་མེད་པས་ན། སྤྲོས་པ་དང་རྣམ་པར་བྲལ་བའི་ཤེས་པའི་རང་
བཞིན་གང་ཡིན་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། དེར་ལྟོས་ཤིག་སྟེ། ངེས་པར་དཔྱད་ནས་མངོན་སུམ་དུ་གྱིས་ཤིག་པའོ། །མཚོན་པར་བྱ་བའམ་མཚན་ཉིད་ཀྱང་ཅི་ཞེ་ན། ཐིག་ལེའི་གོ་འཕང་གནས་ཏེ་ཐིག་ལེ་ཁོ་ན་མཚན་ཉིད་ཀྱི་རྟེན་མཚོན་པར་བྱ་བ་ཞེས་པའི་
དོན་ཏོ། །ཤེས་མེད་སེམས་ཀྱི་མཚན་ཉིད་དོ། །ཤེས་པ་གཟུང་བར་བྱ་བའི་དངོས་པོ་དང་དངོས་པོ་མེད་པ་དག་དང་། དེའི་འཛིན་པ་ཡང་མེད་པ་ནི་མཚན་ཉིད་དོ། །ཅི་ཞིག་ཏུ་ཞེ་ན། སྙིང་གར་རོ། །ཅི་ཞིག་གིས་འོངས་ནས་ཤེ་ན། གསེར་གྱི་སྒོའི་ཟླ་བའི་བདུད་རྩིའི་རླབས་
རྩ་དང་འབྲེལ་པ་ཉིད་ཀྱི་ཕྱིར་ན་གང་ཐིག་ལེའི་སྒོ་ནི་མཛོད་སྤུའི་སྒོ་སྟེ། དེའི་ལམ་ལས་ནི་འོག་གི་མཐའི་ལམ་གྱིས་ཨ་ཝ་དྷཱུ་ཏཱིའི་བུ་གས་སོ་ཞེས་པའི་དོན་ཏོ། །རྡོ་རྗེའི་ཚིག་འདི་ཡང་བླ་མའི་བསྟན་པས་དབྱེ་བར་བྱ་སྟེ། གཟུང་བྱ་གཟུང་བར་འོས་པ་ལ་རྣམ་ཤེས་ཡེ་ཤེས་དག་
ནི་ལས་ལ་སྟེ། ཀུན་རྫོབ་དང་དོན་དམ་པ་དག་གོ། །གང་གི་ཕྱིར་བདེན་པ་གཉིས་ཀྱི་བདག་ཉིད་རྟོགས་པ་ཅན་གྱི་ལམ་ལས་སམ། ཡང་དག་པ་ཇི་ལྟ་བ་བཞིན་གྱི་བསྟན་བཅོས་ཀྱི་དོན་རྟོགས་པ་དང་ལྡན་པ་ལས་བསྟན་པ་ལྷུར་ལེན་པ་དེ་ཡིན་གྱི། ལམ་དང་བསྟན་བཅོས་
ལས་ཕྱི་རོལ་པ་རིང་བ་ལས་ཏེ་ཕྱིན་ཅི་ལོག་གི་དོན་སྟོན་པ་ལས་ནི་མ་ཡིན་ནོ། །དེ་ལྟར་ན་འདི་ལས་བསྒྲུབ་པར་བྱ་བ་ལ་སྒྲུབ་པ་སྙིང་པོར་བྱེད་པས་འབྱུང་བར་བྱ་དགོས་སོ་ཞེས་དགོངས་པ་དང་ལྡན་པས་གསུངས་པ། རྙེད་པར་སླ་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་དང་
เล่ม ๗ · หน้า 161b
པོར་སྦྱོར་བར་འདོད་པ་བླ་མ་ཡོངས་སུ་མཉེས་པའི་ཐབས་ཀྱི་བསྙེན་བཀུར་གྱིས་རྣལ་འབྱོར་གྱི་རབ་ཏུ་སྦྱོར་བ་ལྷུར་ལེན་པའི་སློབ་མ་ལ། བླ་མ་མཁས་པས་ཇི་ལྟར་འོས་པར་བདེན་པ་གཉིས་དང་རིམ་པ་གཉིས་རྟོགས་པར་བྱ་བའི་ཆེད་དུ་མཁས་པས་བསྟན་པར་བྱའོ། །མཉམ་
པར་གཞག་པ་སྟེ། མཉམ་པར་ཏེ་སྲིད་པ་དང་། ཞི་བ་དག་རོ་གཅིག་པའི་རང་གི་ངོ་བོ་ལ་གཞག་པ་སྟེ་དེའི་རང་བཞིན་བདེན་པ་གཉིས་གཉིས་སུ་མེད་པ་ཤེས་རབ་དང་སྙིང་རྗེ་ཡོངས་སུ་འབྲེལ་པའི་ཡིད་ཅན་ནོ། །མི་གཡོ་བ་ནི་ཐེ་ཚོམ་གྱིས་མི་བསྐྱོད་པའི་ཕྱིར་རོ། །ཉེར་འཚེ་
མེད་པ་ནི་འདོད་ཆགས་ལ་སོགས་པའི་ཉེ་བར་འཚེ་བ་བསལ་བའི་ཕྱིར་རོ། །ཅི་ཞིག་ལས་ཤེ་ན། ཡིད་ཁོ་ན་འདི་ལྟ་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དངོས་པོ་འབྱུང་བས་ཏེ་རྒྱུ་ཡིས་སོ། །འབྱུང་བས་ན་དངོས་པོ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་སོ། །དག་པ་
རྣམས་ཀྱང་དེ་རྣམས་ཀྱི་འབྱུང་བ་སྟེ་འབྱུང་བྱེད་ཀྱི་སྐྱེད་པར་བྱེད་པ་ཉིད་དོ། །གང་གི་ཕྱིར་ཡིད་ཉོན་མོངས་པ་དང་ལས་ཀྱི་བདག་ཉིད་ནི་རྒྱུ་ཉིད་ཀྱི་ཕྱིར་སྔོན་དུ་འགྲོ་བའི་ཆོས་རྣམས་འཁོར་བ་ཅན་གྱི་ཕུང་པོ་རྣམས་སོ། །འདི་ཁོ་ནས་དག་པ་ནི་ཡིད་ཀྱིས་དག་པ་སྟེ། ཡིད་དག་པ་
རྣམས་ཀྱིས་དེ་རྣམས་དག་པ་སྐྱེད་པའི་ཕྱིར་རོ། །དག་པ་ནི་སྒྲིབ་པ་ཐམས་ཅད་འགོག་པའོ། །ཡིད་ཁོ་ནས་མགྱོགས་པ་རྣམས་ནི་ཤུགས་དང་ལྡན་པ་རྣམས་ཏེ། ཐབས་ཀྱི་ཁྱད་པར་གྱི་ཤུགས་དང་ལྡན་པའི་ཡིད་ཀྱི་སྦྱོར་བ་ཁོ་ན་ལས་ཚུལ་གཞན་པས་མྱུར་བར་དག་པ་ཐོབ་པས་
ན་མགྱོགས་པའི་ལམ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་བདེན་པ་བཞིའི་བདག་ཉིད་ཅན་ནི་ཡིད་ཁོ་ན་སྟེ་གཙོ་བོ་ཉིད་ལས་སོ་ཞེས་གསུངས་ཤིང་། རང་གི་དོན་ཕུན་སུམ་ཚོགས་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ངོ་བོ་ཡང་ངོ་། །དེ་གསུངས་པ། ཡིད་ཀྱིས་
ཤེས་པ་ཡིད་ཀྱིའོ། །རྒྱལ་པོ་ནི་རྒྱལ་པོའིའོ། །དང་བས་ཏེ། ཕྲག་དོག་ལ་སོགས་པའི་དྲི་མའི་རྙོག་པ་བཀྲུས་པ་ཉིད་ཀྱིས་ན་རབ་ཏུ་དང་བ་ཉིད་ཀྱིས་སོ། །གཞན་གྱི་དོན་ནི་ཆོས་གསུང་བ་དང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སོགས་པ་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་
เล่ม ๗ · หน้า 162a
རྣམ་པར་རྟོག་པ་མེད་པ་ཉིད་ན་ཡང་སྔོན་གྱི་སྨོན་ལམ་གྱི་དབང་ཉིད་ཀྱིས་སྐྱེ་དགུ་སྨིན་པར་བྱེད་པའི་ཕྱིར་འདིའི་རྒྱལ་པོ་ཉིད་དེ། འདི་དེ་བཞིན་གཤེགས་པའི་བདག་ཉིད་ཀྱིའོ། །བྱང་ཆུབ་སེམས་དཔའི་ངོ་བོའི་ཡང་རྣམ་པར་རྟོག་པ་ཅན་ཉིད་ན་ཡང་ངོ་། །
སོ་སོ་སྐྱེ་བོའི་བདག་ཉིད་ཀྱི་ནི་ཇི་ལྟར་རིགས་པ་ཁོ་ན་སྟེ། རྣམ་པ་གཞན་དུ་ཡང་ངག་དང་ལུས་ཀྱི་ལས་དག་གོ། །གང་གི་ཕྱིར་ཡང་དེ་ལྟར་ཐམས་ཅད་དུ་ཡིད་གཙོ་བོ་ཡིན་པ་དེའི་ཕྱིར་ཡིད་ཀྱི་རང་བཞིན་གྱི་འབད་རྩོལ་རྣམས་ཀྱིས་ཐོས་པ་དང་བསམ་པའི་རང་བཞིན་
གྱི་ཡིད་ལས་བྱུང་བ་སྒོམ་པའི་བློ་ལྡན་དུ་གྱུར་པ་ནི་གལ་ཏེ་དེ་ལ་མཉམ་པར་གཞག་པའི་ཡིད་ལྷག་པར་རྟོགས་པར་འདོད་ན་དེའི་ཚེ་བཟླས་བྱ་གོམས་པར་བྱ་སྟེ་སྒོམ་པའི་རང་བཞིན་གྱི་ཡིད་ཀྱིས་སོ། །ཅི་ཞེ་ན་སེམས་པ་སྟེ་རྟས་པར་བྱེད་པ་དང་། བདེ་མཆོག་སྟེ་ཤམ་བདེ་བ་
འདམ་པར་བྱེད་པ་ནི་གཡེང་བ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ་ཞེས་པ་བདེ་མཆོག་ཐིག་ལེའོ། །འོན་ཀྱང་རྒྱུ་སྒོམ་པའི་དབང་དང་འབྲས་བུ་མཉམ་པར་གཞག་པའི་ཡིད་ཀྱི་དང་ཡང་དག་པའི་ས་བོན་ཐིག་ལེ་བསྒོམ་པར་བྱ་བའི་ཡིན་གྱི། རང་བཞིན་མེད་པ་
ཉིད་ཀྱི་རང་གི་ངོ་བོར་ངེས་མི་དཔྱོད་པ་ལས་ནི་མིན་ཞིང་། ཀུན་རྫོབ་པའི་འབྲས་བུ་དང་རྒྱུའི་དངོས་པོ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་རྣམས་སུ་སྟེ་དོན་དམ་པ་པ་རྣམས་སུ་ལྟ་བ་སྒྲོ་བཏགས་པ་ལས་འདིའི་གོམས་པ་འབྲས་བུ་དང་བཅས་པ་མ་ཡིན་ནོ། །བཟློག་
པ་ཁོ་ན་ལས་དེ་ཁོ་ན་ཉིད་འདི་རྣམས་སོ་ཞེས་དབུ་མའི་སྙེ་མར་ངེས་པར་དཔྱད་ཟིན་ཏོ། །ཐིག་ལེའི་རྣལ་འབྱོར་གཞན་དང་ཕྲ་མོའི་རྣལ་འབྱོར་གསལ་བར་བྱ་བའི་ཆེད་དུ་ཡང་དག་པའི་ས་བོན་ཉིད་རྟོགས་པར་བྱེད་དེ། གཟུགས་ཞེས་པ་ལ་སོགས་པའོ། །གཟུགས་
ལ་སོགས་པ་རྣམས་སྲིད་པ་འཁོར་བ་སྟེ་དེའི་ལོངས་སྤྱོད་ནི་གཙོ་བོར་ན་རེག་བྱའི་བདེ་བའི་རོ་མྱོང་བའོ། །དེའི་དམིགས་པ་ས་བོན་ལྔ་པོ་ནི་འདིའི་ཆ་ཤས་ལྔ་རྣམས་སོ་ཞེས་པ་ལྔ་པ་སྟེ་ས་བོན་རྣམས་ཀྱི་ཚོགས་པའོ། །དེ་རྣམས་ཀྱང་རྒྱུ་དང་རྐྱེན་རྣམས་ལས་
เล่ม ๗ · หน้า 162b
འབྱུང་བའི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས་ཏེ་ལྔའོ། །ནམ་མཁའ་ནི་འདིར་བདེ་བའོ། །དེ་རྣམས་ཁོ་ན་ས་བོན་རྣམས་ཏེ། མའི་མངལ་དུ་མིང་དང་གཟུགས་ཀྱི་གནས་སྐབས་རྣམས་སྐྱེ་མཆེད་དྲུག་ལ་སོགས་པའི་དང་། ལང་ཚོ་ལ་སོགས་
པར་བུ་རྒྱུད་ཀྱི་དང་། འཆི་བ་ན་བར་དོའི་འོ། །དམིགས་པ་རྣམས་ཀྱང་སྟེ། ས་བོན་ལྔ་པོ་ལ་དམིགས་ནས་རང་གི་བདེ་བ་རོ་མྱང་བ་སྐྱེ་བའི་ཕྱིར་རོ། །འཆི་བ་ན་ནི་དེ་སྡིག་པ་ཅན་གྱིས་ངེས་པར་མི་བྱེད་དོ་ཞེས་གསུང་ངོ་། །དང་པོའི་ནམ་མཁའི་དམིགས་པ་ནི་འབྱུང་བ་
བཞི་རྣམས་ཏེ། གནས་སྐབས་གསུམ་དུ་ཡང་ངོ་ཞེས་གོ་སླ་བ་ཉིད་ཀྱིས་མ་གསུངས་སོ། །ཀུན་གྱི་ཀུན་གྱིས་ནི། ས་བོན་ལྔ་པོ་རྣམས་ཀུན་གྱི་ཡང་ཀུན་གྱིས་ཏེ། ཆུང་ངུ་ལ་སོགས་པའི་དབྱེ་བས་སོ། །རྩ་ནི་ཨ་ཝ་དྷཱུ་ཏཱིའོ། །མགོ་བོ་ནི་གཙོ་བོའི་གནས་ཏེ། གཞན་དུ་
མི་གནས་པ་ནི་མ་ཡིན་ནོ། །འབབ་པ་ནི་མངལ་གྱི་གནས་སོ། །སེམས་ཅན་འགའ་ཞིག་འགྱུར་ཏེ། གང་སྲིད་པ་བར་དོའི་གནས་སྐབས་སུ་བུད་མེད་ཀྱིའམ་སྐྱེས་པའི་འདོད་ཆགས་ཀྱིས་ཇི་ལྟར་རིགས་པར་བདག་ཉིད་ཀྱི་དགའ་བའི་བྱ་བ་ལྷག་པར་མོས་ནས་ཉོན་
མོངས་པ་དང་ལས་ཀྱིས་འཕེན་པ་ལས་དེ་སྤངས་ཤིང་། ཕ་དང་མ་སྙོམས་པར་ཞུགས་པ་དག་གི་འཛག་པ་འདྲེས་པའི་ཟླ་བ་དག་ཁོ་ན་བསིལ་བའི་འོད་ཅན་ཉིད་ཀྱི་ཕྱིར་སེམས་སྒྲ་གཅན་སྐྱེ་གནས་ཀྱི་སྒོ་ནས་རབ་ཏུ་ཞུགས་ཏེ་ཀུན་ནས་སྦྱོར་གྱི། ཉི་མ་འདྲེས་པ་ནི་མ་ཡིན་ཏེ།
འོད་ཟེར་ཚ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཕྱི་རོལ་གྱི་གནམ་སྟོང་གི་མཐར་རི་བོང་ཅན་ཉི་མ་ལ་ཞུགས་པའི་ཕྱིར་ཉི་མ་གཟས་ཟིན་ནོ་ཞེས་ཐ་སྙད་བྱེད་པ་དེ་ལྟར་ནང་ངོ་། །ཁ་ཅིག་ནི་མཆུའི་སྦྲང་རྩི་འཇིབ་པ་ལ་སོགས་པའི་ཚུལ་གྱིས་ཁ་ནས་ཞུགས་ནས་འཛག་
བཞིན་པའི་ཟླ་བ་ལ་འཁྱུད་དེ་ཕྱི་ནས་ཟླ་བ་དང་ཉི་མ་གཞན་དང་འདྲེའོ། །དེ་སྐད་དུ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་གསུངས་པ། སྔོན་ལས་རླུང་གི་རྣམ་ཤེས་ནི། །གང་ཚེ་གློ་བུར་དུ་འཁྱམ་ཞིང་། །ཕ་ཡི་ཁ་དང་ཉེ་གནས་པ། །དེ་ཚེ་འདོད་ཆགས་དབང་དུ་
เล่ม ๗ · หน้า 163a
འགྱུར། །གང་ཚེ་མི་མོ་ཟླ་མཚན་ལྡན། །མེ་དང་ཉི་མ་འབྱུང་གྱུར་ནས། །དེ་ཚེ་ཤིན་ཏུ་ཆགས་པས་ནོན། །རོལ་རྩེད་འདོད་པ་ལྷུར་ལེན་འགྱུར། །བོ་ལཱ་ཀཀྐོལ་དུ་ཕྱོགས་ན། །ཕ་ཡི་ཁ་རུ་རླུང་འཇུག་ཅིང་། །དེ་ཚེ་ས་བོན་ཡང་དག་འབྱུང་། །ས་བོན་
ལས་ནི་སེམས་ཅན་འབྱུང་། །ཞེས་སོ། །རླུང་ནི་རྣམ་པར་ཤེས་པ་དང་བཅས་པའོ། །འགའ་ཞིག་ནི་སྐྲ་ནས་འཛིན་པ་དང་འོ་བྱེད་པ་ལ་སོགས་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཏེ་སྔར་བཞིན་དུ་འདྲེ་བར་བྱེད་དོ། ཁའི་སྒོ་དང་གསེར་གྱི་སྒོར་ཡང་སྐྱེས་པ་ལས་
ཆགས་པས་ཕ་ཡིར་ཏེ། བུད་མེད་ལ་མ་ཡིར་རོ། །ཕ་ཁོ་ན་ཡིར་ཏེ་མ་ཡིར་ནི་མ་ཡིན་ནོ་ཞེས་ཁ་ཅིག་གོ། །ཐམས་ཅད་དུ་མཐར་སྐྱེ་གནས་ཁོ་ནར་འཇུག་གོ། །དེ་ཉིད་ཀྱི་ཕྱིར་འདི་ལ་དགོངས་ནས་ལྷ་འགའ་ཞིག་ལ་གསེར་གྱི་སྒོ་ནས་དྲི་ཟའི་སེམས་ཅན་འཇུག་པ་དང་།
འགའ་ཞིག་ལ་ཁ་ནས་དང་། འགའ་ཞིག་ལ་རྣམ་པ་གཞན་དུའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་རྣམས་སུ་རྟོགས་པར་མཛད་དོ། །ལང་ཚོ་ལ་སོགས་པར་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་རྣམས་སུ་གནས་པ་རྣམས་གནས་སྐབས་ཇི་ལྟ་བར་འབབ་པོ། །ཁྱད་
པར་དུ་ནི་རྟག་ཏུ་སྟེ་རྒྱུན་མི་འཆད་པར་རོ། །རྩ་བ་ནི་རྩ་རྣམས་ཀྱི་སྟེ་ལྟེ་བའི་འཁོར་ལོའི་མདུད་པའི་ངོ་བོ་རྣམས་བཙིར་བ་ལས་ཏེ་འཕྲུལ་པ་ལས་ཇི་ལྟར་མོས་པ་བཞིན་དུ་གཏུམ་མོ་གསུམ་ལས་གང་ཡང་རུང་བའི་རྣལ་འབྱོར་གྱིས་དེ་རྣམས་སུ་རླུང་འཕྲུལ་པར་བྱེད་པ་
ལས་སོ། །ཡེ་ཤེས་རྣམ་ཤེས་ས་བོན་ལས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་སྙིང་རྗེའི་རང་བཞིན་གྱི་ས་བོན་གྱི་རང་བཞིན་གྱིས་སོ། །ཐིག་ལེ་ཡང་ཁུ་བའི་བདག་ཉིད་མགོ་བོ་ལ་གནས་པ་དང་ནཱ་ད་ཡང་རྡུལ་གྱི་ངོ་བོ་ལྟེ་བར་གནས་པ་སྟེ། ཡང་དག་ལྡན་ནི་ནཱ་ད་སྟེང་དུ་རབ་
ཏུ་སོང་བ་ལས་ཐིག་ལེ་དང་འདུས་པའི་ཕྱིར་མགོ་བོར་འབབ་བོ། །དེའི་རྗེས་སུ་དེ་གཉིས་འདྲེས་པ་འབབ་བཞིན་པ་ནི་འཁོར་བའི་ལོངས་སྤྱོད་འདོད་པའི་ཁོ་ནའི་འབབ་སྟེ། ནོར་བུ་ལས་ཕྱི་རོལ་འཐོབ་ཀྱིས་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་
เล่ม ๗ · หน้า 163b
པ་ལ་སྤྲོ་བ་དང་ལྡན་པའི་ནི་མ་ཡིན་ཏེ། དེའི་ལྟེ་བར་ཐིག་ལེའི་རྣལ་འབྱོར་གོམས་པ་ལས་དང་ནོར་བུ་ཡང་ཕྲ་མོའི་རྣལ་འབྱོར་གོམས་པ་ལས་རིམ་པས་དེ་མི་འགྱུར་བར་གྱུར་ཅིང་འཇིག་རྟེན་ལས་འདས་པའི་བདེ་བ་ཆེན་པོའི་རང་བཞིན་ཉེ་བར་སྐྱེའོ། །དེ་ཉིད་གསུངས་པ།
ཡིད་ཀྱིས་ཞེས་པ་ལ་སོགས་པས་སོ། །ཡིད་ཀྱིས་བཟླས་པ་ནི་བསྒོམ་པའོ། །སྔགས་ཀྱི་ཡི་གེ་སྨྲ་བ་དང་བྲལ་བའོ། །བརྟན་པ་ནི་གནས་པ་མི་འགྱུར་བའོ། །རང་བཞིན་རྟག་པ་ཉིད་ཀྱིས་ན་རྟག་པ་ནི་ཆོས་ཀྱི་སྐུ་སྟེ། གོ་འཕང་ལོངས་སྤྱོད་རྫོགས་པ་ལ་སོགས་
པ་གང་གི་རྟེན་ཡིན་པ་དེའི་གནས་ནི་གཞི་སྟེ། འདི་ལ་བརྟེན་ནས་བདེ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཐེར་ཟུག་པ་ནི་རང་བཞིན་གྱི་རྟག་པ་ཉིད་ཀྱིས་ཏེ། དེ་བཞིན་ཉིད་ཀྱི་ངོ་བོས་སོ། །ཀུན་རྫོབ་པའི་ངོ་བོས་ཀྱང་རྟག་པ་ཡང་སྟེ། སྐད་ཅིག་རྒྱུན་མི་འཆད་པའི་ཕྱིར་རོ། །ཕྲ་
བ་ཡང་སྟེ་བདེན་པ་གཉིས་ཀྱི་ངོ་བོ་ཉིད་ཀྱི་བློ་ཕྲ་མོས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །མི་གཡོ་བ་ཡང་སྟེ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཏེ། ས་བཅུ་གཅིག་པ་ལའོ་ཞེས་ཁྱད་པར་གསལ་བར་བྱེད་པ་ནིའོ། །སྔ་མའི་གནས་སྐབས་སུ། ཡེ་ཤེས་རྣམ་ཤེས་དག་ཐིམ་
པར་གྱིས་ཏེ། དེའི་བདག་ཉིད་ཀྱིས་ཞེས་སྦྱོར་རོ། །དེའི་ཚེ་ནི་ཡེ་ཤེས་ཀྱི་རང་བཞིན་གྱིས་རྣམ་པར་ཤེས་པ་རྫོགས་པའི་བྱང་ཆུབ་ཀྱི་སྟེ་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་ཁོ་ན་ཉིད་རྟོགས་པའི་རིམ་པ་དེ་རྟོགས་པའི་
མཚན་མ་རྣམས་ཀྱང་རང་ཉིད་ཀྱིས་ཡོངས་སུ་གཅད་པར་བྱ་ཞིང་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་བསྟན་པར་བྱའོ། །སེམས་བསྐྱེད་པ་གཞན་དེ་རྣམས་ཀྱང་གེགས་བརྟེན་པ་ཉེ་བར་གྱུར་པ་མེད་ན་བརྒྱུད་ནས་སམ་དངོས་སུ་གོང་མའི་རྟོགས་པ་བསྐྱེད་པར་རུང་བ་
རྣམས་སུ་གསལ་བར་བྱེད་དེ། དེ་ལ་འདུན་པའི་གནས་སྐབས་སུ་མར་མེའི་ལྟ་བུ་འབར་ཞིང་སེར་བའི་སྣང་བ་ཡོངས་སུ་ཐམས་ཅད་ཀྱིས་མཐོང་ངོ་། །བསམ་པའི་གནས་སྐབས་སུ་གཅིག་ནས་གཅིག་ཏུ་རབ་ཏུ་རྒྱུ་བ་འབྱུང་ཞིང་འཇིགས་པའི་སེར་པོ་ཉིད་དང་ལྡན་
เล่ม ๗ · หน้า 164a
པའི་ཕྱིར་མེ་ཁྱེར་གྱི་རྣམ་པའི་རྡུལ་རྣམས་སོ། །ལྷག་པའི་བསམ་པའི་གནས་སྐབས་སུ་རྡུལ་དཀར་པོའི་འཁོར་ལོ་ཕྱོགས་རྣམས་སུ་རབ་ཏུ་འཕྲོའོ། །དེ་བཞིན་ཞེས་པ་ཇི་ལྟར་ལྷག་པའི་བསམ་པའི་གནས་སྐབས་སུ་རྡུལ་དཀར་པོའི་འཁོར་ལོ་ཡིན་པ་དེ་
ལྟར་དྲོད་ལ་སྟེ། ཁྱད་པར་ནི་འདིར་ཉོན་མོངས་ཕྱུང་བ་སྟེ། ཉོན་མོངས་པ་རྣམས་ཆེར་སོན་པ་འཇོམས་པ་སྟེ། ཕྲ་མོ་ཉིད་ཅེས་པའི་དོན་ཏོ། །དེ་ལྟར་སེམས་བསྐྱེད་པ་གཉིས་སུ་མཚན་མ་གསུམ་པའོ། །རྩེ་མོ་ལ་འདོད་པའི་ཁམས་པར་གྱུར་པའི་ལྷའི་ལོངས་སྤྱོད་བྱ་འདོད་པའི་
ལྷ་མོ་ལ་སོགས་པ་རྣམས་ཀྱང་རང་གི་ངང་གིས་འདུས་པ་རྣམས་སོ། །བཟོད་པ་ལ་གཟུགས་ཀྱི་མཐོ་རིས་ཤིན་ཏུ་དང་བའི་ལུས་ལ་སོགས་པ་དང་བསམ་གཏན་གྱི་བདེ་བ་ལ་སོགས་པ་ཡང་ལྷ་རྣམས་ཀྱི་བཞིན་ཏེ་གཟུགས་ཁམས་པར་གྱུར་པ་རྣམས་ཀྱི་ལྟ་བུར་རོ། །མཐོང་བ་ནི་
མཐོང་བར་བྱེད་པའོ། །ཆོས་མཆོག་ལ་གཟུགས་མེད་ལོངས་སྤྱོད་དེ། འཁོར་འགའ་ཞིག་ཏུ་གཞན་གྱི་དོན་ལ་དགོངས་པས་ནམ་མཁའ་མཐའ་ཡས་ལ་སོགས་པ་ལ་སྙོམས་པར་འཇུག་པ་ནི་དྲུག་པའོ། །མཐོང་བའི་ལམ་དུ་རབ་ཏུ་དགའ་བའི་ས་ལ་ཆོས་ཀྱི་དབྱིངས་ཏེ་དེ་ཁོ་ན་
ཉིད་རྟོགས་པ་ནི་བདུན་པའོ། །བསྒོམ་པའི་ལམ་གྱི་བདག་ཉིད་ཅན་གྱི་དྲི་མ་མེད་པ་ལ་སོགས་པའི་ས་རྣམས་སུ་དེ་ཁོ་ན་ཉིད་མཐོང་བ་ཁོ་ན་བྱ་དཀའ་བའོ་ཞེས་དགོངས་པ་ལས། རང་འདོད་དེ་འབད་པ་ཆུང་ངུས་སངས་རྒྱས་ཉིད་འདིའི་དོན་ཏེ་དགོས་པ་མཆོག་ཡིན་པ་ནི་རང་དགར་
སངས་རྒྱས་ཉིད་དོན་ལ་མ་རྟོགས་པའི་ངོ་བོ་དང་འབྲས་བུ་ཡང་སྟེ། དེ་ཁོ་ན་ཉིད་ཡང་དག་པར་བྱང་ཆུབ་པ་ནི་བརྒྱད་པའོ། །འདི་ཐམས་ཅད་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་གོམས་པའི་འབྲས་བུའོ། །དེ་ཡང་བསྐྱེད་པའི་རིམ་པས་སྔར་རྒྱས་པ་དང་བཅས་པར་བརྗོད་
ཟིན་ལ། རྫོགས་པའི་རིམ་པས་ནི་རྒྱས་པར་འཆད་པར་འགྱུར་རོ། །དེ་ལྟར་ཐབས་ཀྱི་རྒྱུད་ཡན་ལག་དང་བཅས་པ་ལས་དངོས་གྲུབ་གསུངས་ཤིང་། དེ་ཡང་རྣམ་པར་དག་པའི་ངོ་བོ་ཁོ་ནའོ་ཞེས་དེའི་དབང་དུ་བྱས་ནས་འབྲས་བུའི་རྒྱུད་བཤད་པའི་དོན་དུ་གསུངས་པ། ཉོན་
เล่ม ๗ · หน้า 164b
ཅིག་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སྙིང་པོའོ། །རྣམ་པར་དག་པ་ལས་དེ་བཞིན་ཉིད་ཐ་མི་དད་པ་ཉིད་ཀྱི་ཕྱིར་རྣམ་དག་དེ་བཞིན་ཉིད་ཅེས་གསུངས་ཤིང་། རྣམ་པར་དག་ཟིན་པའི་དེ་བཞིན་ཉིད་ནི་རྣམ་པར་དག་པའོ་ཞེས་པའི་དོན་ཡིན་གྱི་དེ་བཞིན་ཉིད་ཙམ་
ནི་རྣམ་པར་དག་པ་མ་ཡིན་ཏེ། དེ་བཞིན་ཉིད་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་ན། ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཚེ་རྣམ་པར་དག་པ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཐུན་མོང་དུ་བཤད་ནས་ཁྱད་པར་དུ་གསུངས་པ། ཕྱི་ནས་ཞེས་པ་ལ་སོགས་པའོ། །ཡང་ཁྱད་པར་གྱི་ངོ་བོ་གསུངས་ཏེ། ལྷའི་ངོ་བོ་ཉིད་
ཀྱིས་ན་རྣམ་པར་དག་པ་ནི་ལྷ་རྣམས་དང་འབྲེལ་པ་ཅན་ཉིད་ཀྱི་ཕྱིར་ལྷ་རྣམས་ཀྱི་ཞེས་གསུངས་ཏེ་དེ་བཞིན་ཉིད་རྣམ་པར་དག་པར་ནི་ཞེ་སྡང་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་བཅོམ་ལྡན་འདས་ཀྱིས་འགྲོ་བའི་དོན་གསལ་བར་འགྱུར་
བའི་ཕྱིར་རོ། །ཅི་ཞིག་རྣམ་པར་དག་པར་བྱ་ཞེ་ན། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །འོ་ན་གང་རྣམ་པར་མ་དག་པ་དེ་དག་པར་བྱེད་མི་ནུས་ཏེ་རྣམ་པར་མ་དག་པའི་རང་བཞིན་ཅན་ཉིད་ཀྱི་ཕྱིར་ལ། གང་དག་པ་དེ་ཡང་དག་པར་བྱ་བ་མ་ཡིན་ཏེ། དག་པ་ཉིད་ཁོ་ནའི་ཕྱིར་
རོ་ཞེས་པས་རྣམ་པར་དག་པ་ལ་འབད་པ་དོན་མེད་པའོ་ཞེ་ན། གསུངས་པ། རང་བཞིན་གྱིས་ཞེས་པ་ལ་སོགས་པའོ། །ཤེས་བྱ་ཆོས་ཀྱི་དབྱིངས་ལ་ཡེ་ཤེས་སྐྱེ་བའི་གེགས་སུ་གྱུར་པའི་སྒྲིབ་པ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱའི་སྒྲིབ་པ་སྟེ། གང་སོ་སོར་
རིམ་གྱིས་སྤངས་པ་ལས་རིམ་གྱིས་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་འཐོབ་པའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་རྣམས་ཏེ་ཉོན་མོངས་པའི་སྒྲིབ་པའོ། །ཅིའི་ཞེ་ན་ཐར་པ་ཐོབ་པའི་སྟེ། དེ་ལ་ཉོན་མོངས་པས་གེགས་བྱེད་པར་འགྱུར་ཏེ། ཁྱིམ་དུ་
འཇུག་པ་ལ་སྒོ་གླེགས་བཞིན་ནོ། །ཅི་ལྟར་དེས་གེགས་ཡིན་ཞེ་ན། །དེ་ཡོད་ན་དེ་མི་སྐྱེ་བའི་ཕྱིར་རོ། །དེ་རྣམས་ཀྱིས་བསྒྲིབས་ཏེ་དྲི་མ་ཅན་དུ་ཞེས་པ་ནི་གློ་བུར་བའི་དྲི་མ་བསལ་བ་ལས་གསེར་བཞིན་དུ་རྫབ་ཀྱི་དྲི་མས་གོས་པ་རྣམས་སྦྱང་བྱའོ། །རྣམ་པར་དག་པ་དེ་ཁོ་ན་རྒྱས་
เล่ม ๗ · หน้า 165a
པར་སྟོན་པ་རང་ཞེས་པ་ལ་སོགས་པའོ། །སྟོང་པ་ཉིད་དང་རོ་གཅིག་པ་ཀུན་རྫོབ་པའི་རང་རིག་པ་བདེ་བ་ཆེན་པོའི་རང་བཞིན་རྣམ་པར་དག་པ་སྟེ། དག་པ་གཞན་གྱིས་མིན་ཞེས་པ་འདི་འདྲ་བའི་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་མེད་པར་དག་པ་གཞན་གྱིས་རྣམ་
པར་གྲོལ་བ་མིན་ནོ། །འོ་ན་ཡུལ་རྣམས་རྣམ་པར་དག་པར་མི་འགྱུར་ཏེ་རང་རིག་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། གསུངས་པ། ཡུལ་རྣམས་ཞེས་པ་ལ་སོགས་པ་སྟེ། འདི་རྣམས་དག་པ་ཉིད་ཀྱི་ཕྱིར། །རང་གིས་རིག་བྱ་བདེ་བ་མཆོག །འདི་རྣམས་ཀྱི་བདེ་བ་ཆེན་པོ་རང་རིག་པར་
བྱ་བ་ཁོ་ནའོ་ཞེས་པའི་དོན་ཏོ། །དེ་ཉིད་སྒྲུབ་པར་བྱེད་པ་གསུངས་པ། གཟུགས་ཞེས་པ་ལ་སོགས་པའོ། །རྣམ་དག་རང་བཞིན་ཕྱིར་ཞེས་པ། །གང་ཕྱིར་འདི་རྣམས་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པར་ཞེས་པ་རྣལ་འབྱོར་པ་ལའོ། །སོ་སོར་
སྣང་གི་རང་དབང་ཅན་དུ་ཡོད་པ་རྣམས་ནི་མ་ཡིན་ཏེ། རྣལ་འབྱོར་པའི་ཤེས་པ་འདི་ཁོ་ན་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །གལ་ཏེ་འདི་ལྟ་བུ་དེ་ལྟར་འགྱུར་མོད། དེ་ལྟ་ན་ཡང་ཇི་ལྟར་རྣམ་པར་དག་པའི་རང་བཞིན་རྣམས་ཡིན་ཞེ་ན། གསུངས་པ། གང་ཕྱིར་སྣ་ཚོགས་
སངས་རྒྱས་དངོས། །ཞེས་པ་རྣམ་པར་དག་པའི་རྣལ་འབྱོར་པ་སངས་རྒྱས་ཁོ་ན་སྣ་ཚོགས་པའི་ངོ་བོར་རྣམ་པར་གནས་པའི་ཕྱིར་རོ། །འདི་སྐད་བཤད་པར་འགྱུར་ཏེ། རྣལ་འབྱོར་པའི་ཤེས་པ་ལས་ངེས་པར་སྐྱེས་པ་ཉིད་ཀྱིས་ན་གཟུགས་ལ་སོགས་པ་སོ་སོར་སྣང་བ་
རྣམས་དེའི་རང་བཞིན་ཁོ་ནར་བརྗོད་ཀྱི། དེ་ལས་གཞན་པ་ཉིད་ནི་མ་ཡིན་ནོ། །དེས་ན་རྣལ་འབྱོར་པའི་རང་རིག་པ་དེ་ལྟར་རྣམ་པར་དག་པ་ན་ཡུལ་རྣམས་ཀྱང་རང་རིག་བྱའི་བདག་ཉིད་ཀྱི་དག་པར་འགྲུབ་བོ། །འགྲོ་བ་སངས་རྒྱས་ཀྱི་རང་བཞིན་དུ་རྟོགས་པར་བྱས་པ་ན་རྣམ་
པར་མ་དག་པ་མ་མཐོང་བས་ཀྱེ་ཞེས་པ་ལ་སོགས་པས་ཞུ་བའོ། །གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་ནི་མི་ཤེས་པའི་སྒྲིབ་པའི་གཙོ་བོར་བསྟན་ཟིན་ཏེ། དེ་མེད་ན་ཉོན་མོངས་པའི་སྒྲིབ་པ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་གཟུང་བ་དང་འཛིན་པའི་ངོ་བོས་
เล่ม ๗ · หน้า 165b
གཟུགས་ལ་སོགས་པ་རྣམས་རྣམ་པར་མ་དག་པ་རྣམས་སོ་ཞེས་བརྗོད་པར་བྱའོ། །དེ་རྣམས་ཀྱང་ཅིའི་སླད་དུ་ཞེས་པ་ལ་སོགས་པའོ། །འོ་ན་ཉོན་མོངས་པ་རྣམས་རྣམ་པར་དག་པར་འདོད་པ་མ་ཡིན་ནམ་ཞེ་ན། བདེན་ནོ། །འོ་ན་ཇི་ལྟར་སྒྲིབ་པ་ཡིན་ཞེ་ན། གཟུང་བ་
དང་འཛིན་པའི་དངོས་པོ་ཁོ་ན་ལས་སོ། །འོ་ན་དེ་སྒྲིབ་པར་འགྱུར་མོད་ཅེ་ན། མ་ཡིན་ཏེ་དེ་རྣམས་ཀྱང་དེའི་ལྷན་ཅིག་འགྱུར་བ་ཉིད་ཀྱིས་སྒྲིབ་པར་བྱེད་པའི་ཕྱིར་རོ། །གང་ཕྱིར་བྱམས་པ་ལ་སོགས་པ་སྒྲིབ་པར་བྱ་བ་རྣམས་ཀྱང་སྒྲིབ་པའི་ཆེད་དུ་འགྱུར་བ་ནི་མ་ཡིན་ཞིང་།
འདོད་ཆགས་ལ་སོགས་པ་རྣམས་ནི་འགྱུར་བ་ཁོ་ནའོ། །གང་རྣལ་འབྱོར་པའི་འདོད་ཆགས་ལ་སོགས་པ་རྣམས་ཐབས་ཉིད་དུ་སྒྲུབ་པ་དེ་ནི་ཡོངས་སུ་ཤེས་པའི་ཁྱད་པར་ལས་ཆ་ཤས་ཀྱིས་མ་བསྒྲིབས་པའི་ཕྱིར་རམ་ཐབས་ཀྱི་ཁྱད་པར་གྱི་ཕྱིར་ཏེ། རྣམ་པ་གཞན་དུ་མ་ནི་འདི་
རྣམས་སྒྲིབ་པ་ཁོ་ནའོ། །འོ་ན་གཏི་མུག་རྣམ་པར་དག་པར་མི་འགྱུར་ཏེ། རྩ་བའི་སྒྲིབ་པའི་ངོ་བོའི་ཕྱིར་ལ། གཏི་མུག་རྣམ་པར་དག་པར་རྣམ་པར་སྣང་མཛད་དུ་ཡང་འདོད་དོ་ཞེ་ན། བདེན་ཏེ་གཏི་མུག་གི་ངོ་བོའི་ཡིད་རྣམ་པར་དག་པས་སོ་ཞེས་པ་ཁོ་ནའོ། །དེའི་ངོ་བོ་
ཉིད་མེད་པའི་ཕྱིར་རོ། །དེ་ལྟ་ན་དེའི་ངོ་བོ་ཉིད་རྣམ་པར་དག་པས་འགྱུར་བ་མ་ཡིན་ནོ་ཞེ་ན་བདེན་ཏེ། ཡང་དག་པ་མ་ཡིན་པ་གློ་བུར་བའི་དྲི་མ་དེའི་རྣམ་པར་དག་པ་ཅི་ཞེས་བྱ་སྟེ། རི་བོང་གི་རྭའི་བཞིན་ནོ། །དེ་ལྟར་ཐམས་ཅད་རྣམ་པར་དག་པ་ན་ཡོངས་སུ་དག་པས་དཀྱིལ་
འཁོར་གྱི་འཁོར་ལོའི་ངོ་བོ་འགྲུབ་པར་འགྱུར་རོ། །གལ་ཏེ་གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རྣམ་པར་དག་པས་ན་དེའི་ཚེ་གཟུགས་ལ་སོགས་པ་རྣམས་བསྟེན་པར་བྱ་བ་མ་ཡིན་ནོ་ཞེ་ན། གསུངས་པ། བསྟེན་བྱ་ཞེས་པ་བསྟེན་པར་འོས་པ་རྣམས་ཏེ། འདོད་པའི་
ཡོན་ཏན་ལྔ་རྣམས་མེད་པར་སྟོང་པ་ཉིད་ནི་རོ་བྲོ་བ་མེད་པ་ཁོ་ནར་འགྱུར་རོ་ཞེས་དགོངས་པའོ། །འོ་ན་དེ་ལྟར་སྟོང་པ་ཉིད་དུ་འགྱུར་ན་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་དངོས་པོའི་དུག་གིས་སུན་ཕྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ། དག་པས་དུག་མེད་བྱས་ནས་ནི། །
เล่ม ๗ · หน้า 166a
ཞེས་པའོ། །རྣམ་པར་དག་པ་དེ་ཁོ་ན་ཤིན་ཏུ་མ་ཡིན་པ་ནི་བསྐྱེད་པའི་རིམ་པ་ལ་ལྟོས་པས་རབ་ཏུ་གསུངས་པ། གཟུགས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཉི་མ་ནི་རིན་ཆེན་འབྱུང་ལྡན་ནོ། །པདྨ་གར་དབང་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་རྒྱལ་པོ་ནི་
དོན་ཡོད་གྲུབ་པའོ། །རྡོ་རྗེ་སེམས་དཔའ་ནི་འདིར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཀུན་གྱི་ངོ་བོ་ཞེས་པ། གཟུགས་ལ་སོགས་པའི་རང་གི་ངོ་བོ་ཐམས་ཅད་འདིའི་ཡིན་པ་ཞེས་པས་གཟུགས་ལ་སོགས་པའི་རང་བཞིན་ཉིད་ཁོ་ན་
ཧེ་རུ་ཀ་སྟེ་མི་བསྐྱོད་པ་ཞེས་པའི་དོན་ཏོ། །གཏི་མུག་རྡོ་རྗེ་ནི་གཏི་མུག་འཇིག་པར་བྱེད་པའི་ཕྱིར་སའི་སྙིང་པོ་སྟེ་རྣམ་པར་སྣང་མཛད་ཀྱི་རྒྱུ་མཐུན་པའོ། །ཞེ་སྡང་རྡོ་རྗེ་ནི་ཞེ་སྡང་ལ་ཞེ་སྡང་བའི་ཕྱིར་ཕྱག་ན་རྡོ་རྗེ་སྟེ་མི་བསྐྱོད་པའི་རྒྱུ་མཐུན་པའོ། །ཕྲག་དོག་རྡོ་རྗེ་ནི་ཕྲག་
དོག་རྣམ་པར་འཇིག་པའི་ཕྱིར་ནམ་མཁའི་སྙིང་པོ་སྟེ་རིན་ཆེན་དབང་པོའི་རྒྱུ་མཐུན་པའོ། །འདོད་ཆགས་རྡོ་རྗེ་ནི་འདོད་ཆགས་པ་ཐམས་ཅད་འཇིག་པའི་ཕྱིར་འཇིག་རྟེན་དབང་པོའི་སྟེ་སྣང་བ་མཐའ་ཡས་ཀྱི་རྒྱུ་མཐུན་པའོ། །ཁ་ནི་གཙོ་བོ་ལྕེའོ་འདིས་རེག་པར་བྱེད་དོ་ཞེས་
པས་རེག་བྱེད་ནི་ལུས་སོ། །སེར་སྣ་རྡོ་རྗེ་ནི་སེར་སྣ་འཇིག་པའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། དོན་ཡོད་གྲུབ་པའི་རྒྱུ་མཐུན་པའོ། །སྐྱེ་མཆེད་ཁམས་ཀུན་ནི་ཡིད་དེ་སྐྱེ་མཆེད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ཧེ་རུ་ཀ་ནི་ཀུན་དུ་བཟང་པོ་
སྟེ་མི་བསྐྱོད་པའི་རྒྱུ་མཐུན་ནོ། །རྡོ་རྗེ་སེམས་དཔའི་རྒྱུ་མཐུན་དུ་ཡང་འདི་གཞན་དུ་བཤད་དོ་ཞེས་པ་ནང་གི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་བྱང་ཆུབ་སེམས་དཔའ་རྣམས་ཏེ། མངོན་པར་ཤེས་པ་འགྲུབ་པའི་རྒྱུ་རྣམས་སོ། །ཞི་བས་ནད་ལ་སོགས་པ་ལྟུང་པར་བྱེད་
པའི་ཕྱིར་ལྟུང་བྱེད་མ་ནི་སྤྱན་མའོ། །གསོད་བྱེད་མ་ནི་མཱ་མ་ཀཱིའོ། །འགུགས་བྱེད་མ་ནི་གོས་དཀར་མོའོ། །དབང་དུ་བྱེད་པའི་དོན་དུ་རྣམ་པ་སྣ་ཚོགས་པའི་གཟུགས་རྣམས་ཀྱིས་གར་བྱེད་པའི་ཕྱིར་གར་གྱི་དབང་ཕྱུག་མ་ནི་སྒྲོལ་མའོ། །ཡང་དག་པར་འཛིན་པ་དང་།
เล่ม ๗ · หน้า 166b
ལྟ་བར་བྱེད་པ་དང་མི་དགེ་བ་བསྲེགས་པ་དང་བསོད་ནམས་དང་ཡེ་ཤེས་ཉེ་བར་འཕེལ་བར་བྱེད་པ་ཉིད་ཀྱིས་ས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་སྤྱན་མ་ལ་སོགས་པ་བཞི་རྣམས་མངོན་པར་བརྗོད་དོ། །ཅི་སྟེ་ས་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་ཅེས་གང་བརྗོད་
པ་དེ་ཅི་ལྟར་ཞེ་ན། དེ་བཞིན་ཉིད་ཀྱི་ལུས་ཀྱིས་སོ་ཞེས་སྨྲའོ། །ལོངས་སྤྱོད་རྫོགས་པའི་སྐུས་བསྡུས་པའི་ཕྱི་དང་ནང་གི་གང་ས་ལ་སོགས་པ་དེ་རྣམས་ཀྱང་དེ་ཁོ་ན་ཉིད་ཁོ་ན་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ནང་གི་པདྨ་གསལ་
བར་བྱེད་པའི་ཕྱིར་པདྨ་འབར་བ་མ་རྡོ་རྗེ་སྙེམས་མ་ནི་ནམ་མཁའི་ཁམས་ཏེ། བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གང་གསུངས་པ། །ནམ་མཁའི་རྡོ་རྗེ་དབྱིངས་དམ་ཚིག །དེ་ནི་
རྡོ་རྗེ་འཛིན་པར་བཤད། །ཅེས་སོ། །རྡོ་རྗེ་སྙེམས་མ་ཡང་རྡོ་རྗེ་འཛིན་པ་ལས་ཐ་མི་དད་པའི་ཕྱིར་རྡོ་རྗེ་འཛིན་པར་བཤད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་ན་སྤྲོས་པའི་འཁྲུག་པ་མེད་པའི་ཕྱིར་མ་དཀྲུགས་ལས་ཞེས་
གསུངས་སོ། །དེ་ལྟར་ན་ནང་གི་སྐྱེ་མཆེད་ཉིད་ཀྱིས་ན་མིག་ལ་སོགས་པ་རྣམས་ལས་གཙོ་བོ་ཉིད་ཀྱི་ཕྱིར་འབྱུང་བ་རྣམས་ཀྱི་རྣམ་པར་དག་པ་གསུངས་སོ། །འབྱུང་བ་ལ་བརྟེན་པ་ཉིད་ཀྱིས་ན་གཙོ་བོ་མ་ཡིན་པ་ཉིད་ཀྱིས་འབྱུང་བ་ལས་གྱུར་པ་གཟུགས་ལ་སོགས་པ་ཕྱིའི་སྐྱེ་
མཆེད་རྣམ་པར་དག་པའི་རང་བཞིན་བྱང་ཆུབ་སེམས་མ་རྣམས་ཏེ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གང་གསུངས་པ། །གཟུགས་ཀྱི་རྡོ་རྗེ་མ་སོགས་དྲུག །རྡོ་རྗེ་བདག་པོ་ཅན་ཞེས་བཤད། །ཐུགས་གསུང་སྐུ་ཡི་
རྡོ་རྗེ་ཡིས། །བདག་ཉིད་ཆེ་རྣམས་ཡང་དག་འབྱུང་། །ཞེས་སོ། །རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་རྣམས་འདི་རྣམས་ཀྱི་བདག་པོ་རྣམས་ཏེ་ལོངས་སྤྱོད་པ་པོ་ཉིད་ཀྱིས་སོ་ཞེས་དེ་ལྟར་གསུངས་སོ། །རྣམ་པར་དག་པའི་གཟུགས་ལ་སོགས་པའི་རང་བཞིན་ཉིད་ཀྱིས་འདི་རྣམས་
เล่ม ๗ · หน้า 167a
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱད་བྱ་བླ་ན་མེད་པའི་ངོ་བོ་ཉིད་ཁོ་ནར་བསྟན་ཏོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོར་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་གསུངས་སོ། །དེ་ལས་གཞན་པ་དཔག་ཏུ་
མེད་པ་རྣམས་ཀྱང་འདི་ལྟ་བུ་ལ་སོགས་པ་རྣམས་རྣམ་པར་ཤེས་པར་བྱ་སྟེ། དེ་རྣམས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་ལས་ཐ་མི་དད་པ་རྣམས་སོ་ཞེས་པས་འདི་རྣམས་མི་བསྐྱོད་པ་ལ་སོགས་པའི་སྒོ་ཅན་དུ་འགྲུབ་པའོ། །འོ་ན་ཅི་ལྟར་མཐའ་ཡས་པ་ཡིན་ཞེ་ན།
དཔག་ཏུ་མེད་པའི་དབྱེ་བ་ཅན་གྱི་ཕུང་པོ་ལ་སོགས་པ་ཐ་དད་པར་ཞེན་པའི་སེམས་ཅན་དཔག་ཏུ་མེད་པའི་བསམ་པའི་དབང་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བདག་ཉིད་དཔག་ཏུ་མེད་པའི་ཚུལ་ཅན་རྣམས་སུ་འདི་རྣམས་འཆར་བའི་ཕྱིར་རོ། །དེ་ལྟར་ནི་རྟེན་གྱི་དཀྱིལ་འཁོར་ནི་
དེ་ཁོ་ན་ཉིད་ལས་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་བྱང་ཆུབ་བོ། །བྱང་ཆུབ་དེ་ལ་གང་རྣམ་པ་ཀུན་ཡོངས་སུ་དག་པའི་སེམས་དེ་ནི་ངེས་པའི་དོན་དུ་ན་བརྟེན་པའི་དཀྱིལ་འཁོར་རོ། །དེ་ལྟར་ནི་འདི་ནི་ཐུན་མོང་དུ་ལྷའི་དེ་ཁོ་ན་ཉིད་དོ། །འདིར་ནི་ལྷ་ཐམས་ཅད་ཤེས་རབ་དང་ཐབས་
ཀྱི་བདག་ཉིད་ཅན་རྣམས་སོ། །དེ་ལ་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ནི་ཟབ་མོ་ཉིད་དོ། །དེ་འང་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །ཐབས་ཀྱི་དེ་ཁོ་ན་ཉིད་ན་རྒྱ་ཆེ་བ་སྟེ། དེ་ཡང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་དབང་བ་ཉིད་ཀྱི་ཕྱིར་རོ། །རྣམ་པར་མི་རྟོག་པ་ལ་
དབང་བ་ཉིད་དེ་ཡང་སེམས་ཁོ་ནའི་དག་པའོ། །དེའི་ཕྱིར་སེམས་ཁོ་ན་ལྷ་ཐམས་ཅད་ཀྱི་བདག་ཉིད་དུ་དང་སྔ་མ་ཡང་རྒྱས་པ་དང་བཅས་པར་བཤད་ཟིན་ཏོ། །དེ་ལྟར་ཡང་ལྷའི་སྒོ་ནས་དང་དེ་ཁོ་ན་ཉིད་ཀྱི་སྒོ་ནས་སེམས་རབ་ཏུ་རྒྱས་པར་བྱེད་པ་ན་འབྲས་བུར་གྱུར་པ་ཕ་རོལ་ཏུ་ཕྱིན་པ་
ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་འཐོབ་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་ཙམ་བསྒོམས་ན་འཇིག་རྟེན་པའི་ཏིང་ངེ་འཛིན་ཙམ་འཐོབ་སྟེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་བཞིན་ནོ། །ཅི་སྟེ་སྟོང་པ་ཉིད་ཙམ་བསྒོམ་པ་དེའི་ཚེ་ཡང་ཉན་ཐོས་བཞིན་
เล่ม ๗ · หน้า 167b
དུ་མྱ་ངན་ལས་འདས་པ་ཙམ་གྱི་འདུ་ཤེས་ཅན་ཉིད་དུ་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྦྱོང་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་ལྷའི་བདག་ཉིད་འབའ་ཞིག་ཁོ་ནར་བསྒོམས་ན་དེ་ལྟ་ན་ཡང་ཡོངས་སུ་སྦྱང་བ་དམན་པ་ཉིད་ཀྱི་ཕྱིར་དེ་ཙམ་གྱིས་སངས་རྒྱས་ཉིད་མ་ཡིན་
གྱི་དགེ་བར་ནི་འགྱུར་རོ། །ཅི་སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ་གྱི་ལྷ་མ་ཡིན་པ་དེ་ལྟ་ན་ཡང་ཡུན་རིང་པོས་སངས་རྒྱས་ཉིད་འཐོབ་ཀྱི་མྱུར་དུ་མ་ཡིན་ལ། གསུམ་ཀ་བསྒོམ་པ་ན་ནི་ཤིན་ཏུ་དགའ་བར་བྱ་བ་ཉིད་ཀྱི་ཕྱིར་དང་བྱིན་རླབས་ཀྱི་ཁྱད་པར་གྱི་ཕྱིར་ཤིན་ཏུ་མྱུར་བར་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། ཐ་མལ་ང་རྒྱལ་གཞོམ་དོན་དུ། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །ཞེས་དང་། སླར་ཡང་འོན་ཀྱང་མི་གཙང་བའི་ལུས་སྦྱང་བའི་སླད་དུ་སངས་རྒྱས་ཀྱི་སྐུ་བསྒོམ་པར་
བགྱིའོ་ཞེས་སོ། །ཐུན་མོང་མ་ཡིན་པ་ཤིན་ཏུ་བ་མ་ཡིན་པའི་རྣམ་པར་དག་པ་ནི་བསྐྱེད་པའི་རིམ་པ་ལ་གདུལ་བྱའི་ཁྱད་པར་ལ་དགོངས་ནས་རྣམ་པ་མང་པོ་གསུངས་ཏེ་དེ་འདིར་མ་སྤྲོས་སོ། །རྣམ་པར་དག་པའི་སྙིང་པོ་མདོར་བསྡུས་པའི་རྗེས་སུ་འབྲང་བའི་ཤེས་རབ་ཆེན་པོ་ལ་དེ་
རབ་ཏུ་སྤྲོས་པས་ཅི་བྱ། ཤེས་རབ་ཆེན་པོའི་དབང་དུ་བྱས་པ་ཁོ་ནར་རྒྱུད་ཀྱི་རྒྱལ་པོ་འདི་བསྟན་ཏོ། །དེ་རབ་ཏུ་སྤྲོས་པ་འདོད་པ་རྣམས་རྗེས་སུ་གཟུང་བའི་ཆེད་དུ་རྣམ་པར་དག་པ་རྒྱས་པ་དང་བཅས་པར་བདག་གིས་བརྗོད་དོ། །དེ་ལ་ཕྱོགས་བཅུར་རྒྱུ་བའི་བགེགས་ཀྱི་ཚོགས་
མི་འཇུག་པ་ལ་སོགས་པའི་དོན་དུ་དབྱེ་བར་བྱར་མེད་པའི་ཆོས་ཉིད་རྣམ་པར་དག་པས་རྡོ་རྗེ་ར་བ་ལ་སོགས་པའོ། །སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་དང་ཟད་པ་དང་མི་སྐྱེ་བ་དང་ཆོས་དང་རྗེས་སུ་ཤེས་པ་དང་ཀུན་རྫོབ་དང་ཡོངས་སུ་འདྲེས་པ་ཤེས་པ་ཞེས་
པ་ཤེས་པ་བཅུ་རྣམ་པར་དག་པས་འཁོར་ལོའི་རྩིབས་བཅུ་པའོ། །མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་རྣམ་པར་བྱང་བ་ཉིད་ཀྱི་ཕུང་པོ་ལྔ་ཞེས་པ་བཅུ་རྣམ་པར་དག་པས་ཁྲོ་བོ་བཅུ་རྣམས་སོ། །མེ་ལོང་ལྟ་བུ་ལ་སོགས་པ་བཅུ་རྣམ་པར་དག་པས་འཁོར་ལོའི་ལྟེ་བ་
เล่ม ๗ · หน้า 168a
ལ་གནས་པའི་མགོན་པོའོ། །གཞན་གྱི་སེམས་ཤེས་པ་དང་སྒྲ་ཇི་བཞིན་ཤེས་པ་དག་ལ་ཡང་ངོ་ཞེས་ཁ་ཅིག་གོ། །ཆོས་ཐམས་ཅད་ནམ་མཁའི་རང་བཞིན་རྣམ་པར་དག་པས་མཐའ་ཡས་པའི་ཕྱོགས་ཀྱི་འཁོར་ལོར་འཇུག་པའི་འོད་ཟེར་སྣ་ཚོགས་དང་ཆོས་
འབྱུང་བའི་ཕྱག་རྒྱའོ། །སྐུ་གསུང་ཐུགས་རྣམ་པར་དག་པས་དེའི་ཟུར་གསུམ་སྟེ། དབུས་སུ་སྐྱོན་གྱིས་མ་གོས་པའི་ཆོས་ཉིད་རྣམ་པར་དག་པས་འདབ་མ་སྣ་ཚོགས་པའི་པདྨའོ། །སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱིས་ན་དབྱེར་མེད་པའི་ཡེ་ཤེས་ལྔ་རྣམ་པར་དག་པས་སྣ་ཚོགས་
རྡོ་རྗེའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་འབྱེད་པ་རྣམ་པར་དག་པས་རྭ་བཅུ་གཉིས་སོ། །འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོ་བ་ཉི་ཤུ་འཇོམས་པ་རྣམ་པར་དག་པས་རྭ་ཉི་ཤུ་པ་ཡང་ངོ་། །དེའི་ལྟེ་བ་ལ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པས་ཟླ་བའི་
དཀྱིལ་འཁོར་རོ། །དེར་རྣམ་པར་སྣང་མཛད་རིག་མ་དང་བཅས་པ་རྣམ་པར་དག་པས་ཡེ་ཤེས་ལྔ་རྣམ་པར་དག་པའི་ཁ་དོག་ལྔ་པའི་རིན་པོ་ཆེའི་ཁང་པ་བརྩེགས་པ་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་རང་བཞིན་ནོ། །དེ་ཡང་དེ་བཞིན་གཤེགས་པ་དང་སོ་སོ་སྐྱེ་བོ་དག་དེ་ཁོ་ན་
ཉིད་དུ་ན་གཉིས་སུ་མེད་པའི་རང་བཞིན་ཉིད་ཀྱིས་མི་མཉམ་པ་མེད་པ་གསལ་བར་བྱེད་པ་རྣམ་པར་དག་པས་དང་འཕགས་པའི་བདེན་པ་བཞི་རྣམ་པར་དག་པས་གྲུ་བཞི་པའོ། །ཚངས་པའི་གནས་བཞི་རྣམ་པར་དག་པས་ཟུར་བཞིའོ། །དྲན་པ་ཉེ་བར་གཞག་པ་
བཞི་རྣམ་པར་དག་པས་ཤར་གྱི་སྒོའོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པས་ལྷོའི་སྒོའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པས་ནུབ་ཀྱི་སྒོའོ། །དད་པ་ལ་སོགས་པ་དབང་པོ་ལྔ་རྣམ་པར་དག་པས་བྱང་གི་སྒོའོ། །བསྡུ་བའི་དངོས་པོ་བཞི་རྣམ་པར་དག་
པས་སམ་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་མི་བྱེད་པ་རྣམ་པར་དག་པས་ཀྱང་སྒོ་བཞིའོ། །སྒོ་ཉིད་ནི་བྱང་ཆུབ་ཀྱི་ཐབས་ཉིད་ཀྱི་ཕྱིར་རོ། །དད་པ་ལ་སོགས་པ་སྟོབས་ལྔ་རྣམ་པར་དག་པས་ཚོན་ལྔའི་རྩིག་པ་རྣམས་སོ། །རྫུ་འཕྲུལ་
เล่ม ๗ · หน้า 168b
གྱི་རྐང་པ་བཞི་རྣམ་པར་དག་པས་སྒོ་ཁྱུད་རྣམས་སོ་ཞེས་ཀླུའི་བློའི་ཞབས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པས་སྒོའི་ཀ་བ་བརྒྱད་རྣམས་སོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་ཉེ་བར་བསྟན་པའི་ཕྱིར་ཡན་ལག་རྣམས་ནི་ཀ་བ་རྣམ་པར་
དག་པ་རྣམས་སོ། །དེ་སྐད་དུ་ཡང་ཀླུའི་བློའི་ཞབས་ཀྱིས་རྣམ་པར་ཐར་པ་བརྒྱད་པོ་ཀ་བར་འགྱུར་ཞེས་གསུངས་ནས། འཕགས་ལམ་ཡན་ལག་བརྒྱད་པོ་ཉིད། །ཀ་བ་བརྒྱད་པོ་ཞེས་པར་བཤད། །ཅེས་གསུངས་སོ། །བདེ་མཆོག་གི་དཀྱིལ་འཁོར་དུ་ནི། །སངས་
རྒྱས་ཀུན་གྱི་སྙིང་པོ་ཆེས། །རྟག་ཏུ་ཀ་བར་གྱུར་པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་པར་བཤད། །ཅེས་སོ། །དེའི་སྟེང་དུ་སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་དག་པས་གདུང་བཞི་སྟེ། གཞན་གྱི་དོན་གྱི་ཁུར་ཁུར་བར་ནུས་
པ་ཉིད་ཀྱི་ཕྱིར་རོ། །དཔའ་བར་འགྲོ་བ་དང་ནམ་མཁའི་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་དང་། སེང་གེ་རྣམ་པར་རྩེན་པ་སྟེ་ཏིང་ངེ་འཛིན་བཞི་རྣམ་པར་དག་པས་སྟེགས་བུ་བཞིའོ། །དེ་རྣམས་སུ་གནས་པ་རྣམས་ནི་བཟོད་པ་དང་ཆོས་དང་དོན་དང་སྔགས་ཀྱི་གཟུགས་
རྣམ་པར་དག་པས་མཆོད་པའི་ཡོ་བྱད་སྣ་ཚོགས་པས་ཕྱག་གི་ཡལ་ག་བྲེལ་བའི་ལྷ་མོ་རྣམས་སོ། །འགྲོ་བའི་རེ་བ་སྣ་ཚོགས་རྫོགས་པར་བྱེད་པ་རྣམ་པར་དག་པས། རིན་པོ་ཆེ་མ་ལུས་པས་རྣམ་པར་སྤྲས་པའི་རྒྱན་རྣམ་པར་བཀྲ་བ་རྣམས་སོ། །གདུལ་བྱའི་དབང་
གིས་ཕྱུང་བ་མདོ་དང་དབྱངས་ཀྱིས་བསྙད་པ་དང་ལུང་དུ་བསྟན་པ་དང་ཚིགས་སུ་བཅད་པ་དང་ཆེད་དུ་བརྗོད་པ་དང་གླེང་གཞི་དང་རྟོགས་པ་བརྗོད་པ་དང་དེ་ལྟ་བུ་བྱུང་བ་དང་སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་དང་གཏན་ལ་ཕབ་པ་བསྟན་པ་ཞེས་བྱ་
བ་ཡན་ལག་བཅུ་གཉིས་ཐམས་ཅད་དུ་འགྲོ་བ་དམ་པའི་ཆོས་ཀྱི་སྒྲ་རྣམ་པར་དག་པས་རླུང་གིས་བསྐྱོད་པའི་བ་དན་དང་དྲིལ་བུའི་སྒྲ་རྣམས་སོ། །ཇི་ལྟར་རིགས་པར་འགྲོ་བའི་འཁོར་བའི་གདུང་བ་ཞི་བ་དག་པས་གདུགས་རྣམས་སོ། །རྣམ་པར་རྟོག་པ་མ་
เล่ม ๗ · หน้า 169a
ལུས་པ་ནུབ་པར་འགྲོ་ན་ཡང་བསོད་ནམས་ཇི་ལྟ་བར་སྣ་ཚོགས་པའི་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་དག་པས་བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་རྣམས་སོ། །ཉོན་མོངས་པའི་རྩ་བ་བཏོན་པས་འཇིག་རྟེན་
ལས་འདས་པའི་བསྒོམ་པའི་ལམ་རྣམ་པར་དག་པས་དྲ་བ་རྣམས་སོ། །ཉོན་མོངས་པ་གནོན་པའི་ཕྱིར་འཇིག་རྟེན་པའི་བསྒོམ་པའི་ལམ་རྣམ་པར་དག་པས་དྲ་བ་ཕྱེད་པ་རྣམས་སོ། །བྱང་ཆུབ་ཀྱི་སེམས་རྣམ་པར་དག་པས་ཟླ་བ་རྣམས་སོ། །ཤེས་རབ་ཡེ་ཤེས་རྣམ་པར་
དག་པས་ཉི་མ་རྣམས་སོ། །དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་རྣམ་པར་དག་པས་རྔ་ཡབ་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཕུན་སུམ་ཚོགས་པ་རྣམ་པར་དག་པས་མེ་ཏོག་གི་ཕྲེང་བ་རྣམས་སོ། །མེ་ལོང་ཡེ་ཤེས་རྣམ་པར་དག་པས་མེ་ལོང་ངོ་། །
དེ་སྐད་དུ་ཡང་ཐམས་ཅད་གསང་བའི་རྒྱུད་དུ་གསུངས་པ། གང་ཞིག་དོ་ཤལ་ཡང་དག་བཤད། །ཉོན་མོངས་ཐམས་ཅད་གཅོད་པའོ། །ཉོན་མོངས་འཕྲོག་པ་དྲ་བ་སྟེ། །ཡང་དག་གཅོད་དང་སྤོང་ལས་སོ། །རྣམ་པར་གནོན་དང་སྤོང་བ་ནི། །ཚོགས་གཉིས་ཀྱི་ནི་
སྦྱོར་བ་ལས། །ཉོན་མོངས་རྣམས་ཀྱི་ཕྱེད་འཕྲོག་པ། །དྲ་བ་ཕྱེད་པ་ཞེས་པར་བཤད། །རང་བཞིན་འོད་གསལ་དག་པ་ཡི། །བྱང་ཆུབ་སེམས་ནི་བླ་ན་མེད། །སེམས་ཅན་ཀུན་དོན་འབྱུང་བ་ནི། །ཟླ་བའི་དཀྱིལ་འཁོར་བརྗོད་པར་བྱ། །ཤེས་རབ་ཡེ་ཤེས་རང་བཞིན་
དག། །རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས། །ཐར་པའི་སྣང་བ་གཟི་བརྗིད་ཆེ། །ཉི་མའི་དཀྱིལ་འཁོར་དུ་བརྗོད་བྱ། །སྒྲིབ་པ་གཉིས་ལས་རྣམ་གྲོལ་ཞིང་། །ཏིང་འཛིན་ཡེ་ཤེས་ཀྱིས་བྱས་པ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཅེས་ནི་ཡང་དག་བཤད། །བྱང་ཆུབ་ཡན་ལག་བདུན་ཕྲེང་བ། །
དེ་བཞིན་མེ་ཏོག་ཐག་པ་བཀོད། །ཅེས་སོ། །རགས་པ་དང་ཕྲ་བ་དང་བར་མའི་བློ་ཅན་གྱི་གདུལ་བྱ་རྣམས་ལ་ཇི་ལྟར་འོས་པས་ཆོས་སྟོན་པ་ལ་འབབ་པ་རྣམ་པར་དག་པས་རྩེ་མོ་དུད་པའི་བ་ཀུ་ལའི་ཕྲེང་བའོ། །འཇིག་རྟེན་ལས་འདས་པ་མཆོག་ཏུ་དཀར་བའི་ཆོས་
เล่ม ๗ · หน้า 169b
བཙུགས་པ་རྣམ་པར་དག་པས་མདའ་ཡབ་རྣམས་སོ། །བསམ་གཏན་བཞི་རྣམ་པར་དག་པས་རྟ་བབས་བཞི་རྣམས་སོ། །གདུལ་བྱ་རྣམས་ལ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མི་མཐུན་ཕྱོགས་གཅོད་པ་རྣམ་པར་དག་པས་ཆོས་ཀྱི་འཁོར་ལོའོ། །དེའི་
རྩིབས་རྣམས་ཕྱོགས་གཅིག་ལ་བརྒྱད་རྣམས་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་ཀུན་རྫོབ་དང་དོན་དམ་པ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམ་པར་དག་པས་སོ། །ཕྱོགས་གཞན་ལ་བཅུ་གཉིས་རྣམས་
ནི། །སྡུག་བསྔལ་ཤེས་པར་བྱ་བ་དང་ཤེས་པ་དང་སླར་ཤེས་པར་བྱར་མེད་པ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་སྤངས་པ་དང་། སླར་སྤང་བར་བྱར་མེད་པ་དང་། འགོག་པ་མངོན་དུ་བྱ་བ་དང་བྱས་ཟིན་པ་དང་སླར་མངོན་དུ་བྱར་མེད་པ་དང་། ལམ་བསྒོམ་
པར་བྱ་བ་དང་བསྒོམས་ཟིན་པ་དང་སླར་སྒོམ་དུ་མེད་པ་ཞེས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམ་པ་བཅུ་གཉིས་ཡོངས་སུ་དག་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དག་པས་ཀྱང་ངོ་། །སེང་གེ་བཞིན་དུ་ཚུགས་པ་མེད་པ་ཉིད་ན་ཡང་ཚད་མ་ཡོངས་
སུ་དག་པའི་ཆོས་བསྟན་པའི་དང་བསྡུ་བའི་དངོས་པོ་རྣམས་ཀྱིས་རབ་ཏུ་དང་བ་ལས་མགྲིན་པ་གྱེན་དུ་བཏེག་ཅིང་ཆོས་དང་དད་པའི་རྗེས་སུ་འབྲང་བའི་མུ་སྟེགས་ངན་པའི་རི་དགས་དང་རི་དགས་མོས་ཚོལ་བར་རུང་བ་ཆོས་ཀྱི་འཁོར་ལོའོ་ཞེས་མངོན་པར་དགོངས་པ་རྣམ་
པར་དག་པས་མགྲིན་པ་གྱེན་དུ་བཏེག་པའི་རི་དགས་དང་རི་དགས་མོའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་དག་པས་བླ་རེ་དང་གོས་དང་ཕྲེང་བ་ལ་སོགས་པ་རྣམས་སོ། །ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པས་འོད་ཟེར་འབར་བའོ། །དུར་ཁྲོད་
བརྒྱད་རྣམས་ནི་རྣམ་པ་ཐམས་ཅད་པའི་སེམས་རང་བཞིན་མེད་པ་ཉིད་རྣམ་པར་དག་པ་སྟེ། མིག་ལ་སོགས་པ་ལྔ་དང་ཀུན་གཞི་དང་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པར་ཤེས་པ་གནས་གྱུར་པ་རྣམ་པར་དག་པས་ཀྱང་ངོ་། །རྩིག་པའི་ནང་གི་དཀྱིལ་འཁོར་
เล่ม ๗ · หน้า 170a
དུ་ཟུར་ཐིག་གཉིས་ཀྱི་བར་གྱི་དཀར་པོའི་ས་གཞི་དང་སྟེང་གི་གཡོགས་ནི་རྣམ་པར་སྣང་མཛད་རྣམ་པར་དག་པའོ། །སེར་པོ་ནི་རིན་ཆེན་འབྱུང་ལྡན་དག་པས་སོ། །དམར་པོ་སྣང་བ་མཐའ་ཡས་དག་པས་སོ། །ལྗང་གུ་དོན་ཡོད་གྲུབ་པ་དག་
པས་སོ། །ནག་པོ་མི་བསྐྱོད་པ་དག་པས་སོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་འཁོར་ལོ་ལ་སོགས་པའི་ཀ་བ་བརྒྱད་རྣམས་སོ། །རྣམ་པར་ཐར་པ་རྣམས་ནི་འདི་རྣམས་ཀྱིས་གནས་པའི་ཕྱིར་འཕགས་པའི་གནས་པ་རྣམས་ཏེ། དེའི་ཕྱིར་གནས་པའི་
བདེ་བ་རྣམས་ཀྱིས་ཉེ་བར་སྟོན་པའི་ཕྱིར་འདི་རྣམས་ཀ་བ་རྣམ་པར་དག་པ་རྣམས་སོ། །རྣམ་པར་ཐར་པ་བརྒྱད་གང་ཡིན། །དེ་རྣམས་རྟ་བབས་ཀ་བར་བཤད། །ཅེས་པ་གཙུག་ལག་གོ། །ཡང་དག་སྤོང་བ་བཞི་པོ་ནི། །རྟ་བབས་ཀ་བར་ཡང་དག་འབྱུང་། །ཞེས་
བདེ་མཆོག་གི་དཀྱིལ་འཁོར་དུ་བཤད་དོ། །ཕྱོགས་ཐམས་ཅད་དུ་དུས་གསུམ་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཐེག་པའི་ཆོས་གསུངས་པ་གང་དེ་རྣམ་པར་དག་པས་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་ཕྲེང་བའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ལ་
འགྲོ་བ་མཐའ་དག་ཐ་མི་དད་པར་བརྗོད་ཅིང་དེར་སོན་པའི་སྐྱོན་གྱིས་མ་གོས་པ་རྣམ་པར་དག་པས་གདན་གྱི་མཚོ་སྐྱེས་རྣམས་སོ། །ཞི་བ་ལ་སོགས་པའི་ལས་ཐམས་ཅད་རྣམ་པར་དག་པས་འདབ་མ་སྣ་ཚོགས་རྣམས་ཏེ། ཞི་བ་ལ་སོགས་པའི་ལས་ཐམས་ཅད་
རྣམ་པར་དག་པས་དཀར་པོ་ལ་སོགས་པའི་ཁ་དོག་རྣམས་སོ། །སེམས་ཅན་མཐའ་དག་གི་རྒྱུད་དུ་གཏོགས་པའི་མ་རིག་པའི་མུན་པ་སེལ་ཞིང་། མི་དགེ་བའི་འདམ་སྐམ་པར་བྱེད་ལ་བྱང་ཆུབ་སེམས་ཀྱི་མྱུ་གུ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་རྣམ་པར་
དག་པས་གདན་གྱི་ཉི་མའི་དཀྱིལ་འཁོར་རྣམས་སོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཞི་ཞིང་དགེ་བའི་རྩ་བའི་མྱུ་གུ་ཉེ་བར་རྟས་པར་བྱེད་པའི་སྙིང་རྗེ་ཆེན་པོ་རྣམ་པར་དག་པས་གདན་གྱི་ཟླ་བའི་དཀྱིལ་འཁོར་རྣམས་སོ། །ཇི་ལྟར་རིགས་
เล่ม ๗ · หน้า 170b
པར་ཆགས་པ་ཆེན་པོའི་ཚུལ་སྟོན་པའི་བདག་པོ་ཉིད་རྣམ་པར་དག་པས་ཁྲག་གིས་གང་བའི་ཐོད་པའི་གདན་རྣམས་སོ། །ཁ་ཅིག་ཏུ་གདན་འཇིགས་བྱེད་ལ་སོགས་པ་དང་ཁ་ཅིག་ཏུ་ཚངས་པ་ལ་སོགས་པ་དང་ཁ་ཅིག་ཏུ་འདོད་ལྷ་ལ་སོགས་པ་དང་ཁ་ཅིག་ཏུ་རོ་ནི་རང་བཞིན་
མེད་པ་དང་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་སྐྱོན་རྩད་ནས་འདོན་པ་རྣམ་པར་དག་པས་སོ། །ང་རྒྱལ་རྩད་ནས་བཏོན་པ་དང་མུ་སྟེགས་ངན་པའི་རི་དགས་ཟིལ་གྱིས་གནོན་པ་དང་ཟིལ་གྱིས་མི་ནོན་པའི་དེ་ཁོ་ན་ཉིད་རྟོགས་པ་རྣམ་པར་དག་པས་སེང་གེའི་གདན་ནོ། །གཏི་
མུག་རྩ་བ་ནས་མེད་པ་རྣམ་པར་དག་པས་གླང་པོ་ཆེའོ། །འདོད་ཆགས་ཞི་བ་རྣམ་པར་དག་པས་རིན་པོ་ཆེའོ། །ཞེ་སྡང་འཇོམས་པ་རྣམ་པར་དག་པས་སྤྲུལ་ལོ། །ཚེ་ལ་དབང་བ་ཉིད་ལ་སོགས་པས་འཆི་བ་དང་ནད་རྣམས་ཞི་བར་བྱེད་པ་རྣམ་པར་དག་པས་མ་ཧེའོ། །གཉིས་
སུ་མེད་པའི་དེ་ཁོ་ན་ཉིད་ལ་དབང་བ་ཉིད་རྣམ་པར་དག་པས་རྡོ་རྗེའོ། །ཉེ་བར་སྤྱོད་པས་གསུམ་སྤོང་བ་ལས་ཐུགས་དང་གསུང་དང་སྐུ་རྣམ་པར་དག་པས་རིམ་པ་བཞིན་དུ་ནག་པོ་དང་དམར་པོ་དང་དཀར་པོའི་འཁོར་ལོའི་གདན་རྣམས་སོ། །དེ་རྣམས་ཀྱི་རྩིབས་རྣམས་
ནི་ཉོན་མོངས་པ་སྤོང་བ་རྣམ་པར་དག་པས་སོ། །དེ་ལས་གཞན་པའི་གློ་བུར་བའི་དྲི་མ་སྤོང་བ་རྣམ་པར་དག་པས་འཁོར་ལོའི་མུ་ཁྱུད་ལ་གནས་པའི་རྡོ་རྗེ་དང་ཆུ་སྐྱེས་དང་འཁོར་ལོའི་ཕྲེང་བ་རྣམས་སོ། །ཐུགས་རྗེས་བརླན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་ཀྱི་བདུད་རྩིས་ཡོངས་སུ་གང་བ་དག་པས་བུམ་པ་གང་བ་བརྒྱད་དོ། །ཕྱིན་ཅི་མ་ལོག་པ་ལས་གཟུགས་ལ་སོགས་པ་རྣམ་པར་དག་པས་བླ་ན་མེད་ཅིང་མཐའ་ཡས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ཏེ། གར་དང་གླུ་ལ་སོགས་པ་བདེ་བ་ཆེན་པོ་འཕེལ་བ་བསྐྱེད་པ་རྣམས་
སོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཕུན་སུམ་ཚོགས་པ་རྣམ་པར་དག་པས་ཉེ་བར་སྤྱོད་པ་ལྔ་དཔག་ཏུ་མེད་པ་རྣམས་སོ། །ཁ་ཅིག་ཏུ་གསུངས་པ་ནི་ཆོས་ཀྱི་སྒྲོན་མ་རྣམ་པར་དག་པས་མར་མེའོ། །གྲགས་པ་རྣམ་པར་དག་པས་དྲི་བཟང་དང་། ཆོས་ཀྱི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด