རིན་པོ་ཆེའི་ཚོགས་ཞེས་བྱ་བའི་དཀའ་འགྲེལ

ชื่อสันสกฤต (อักษรทิเบต ตามตัวบท) རཏྣ་ཚ་ད་ནཱ་མ་པཉྩི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖ · หน้า 246b

༄༅༅། །རྒྱ་གར་སྐད་དུ། རཏྣ་ཚ་ད་ནཱ་མ་པཉྩི་ཀཱ། བོད་སྐད་དུ། རིན་པོ་ཆེའི་ཚོགས་ཞེས་བྱ་བའི་དཀའ་འགྲེལ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སྣ་ཚོགས་པདྨའི་གེ་སར་རྡུལ་གྱིས་སྐུ་བྱུགས་པ། །ཉི་མའི་དཀྱིལ་འཁོར་ལ་གནས་དམ་པའི་

གཟི་བརྗིད་ལྡན། །རལ་པ་ཅན་གྱི་མགོ་དང་ཨུ་མའི་ནུ་མ་གཉིས། །ཞབས་ཀྱིས་མནན་ཅིང་དཔའ་བོའི་འདུག་སྟངས་ཀྱིས་བཞུགས་པ། །རྡོར་དྲིལ་ཕྱག་ནི་གཡས་དང་གཡོན་གྱིས་འཛིན་པ་དང་། །གླང་ཆེན་དཔའ་བོའི་པགས་པ་འཛིན་པའི་གར་ཐབས་ཅན། །སྙིང་རྗེའི་རྒྱུ་ལས་བྱུང་བའི་མྱུ་གུའི་

བདེ་མཆོག་གིས། །རྣལ་འབྱོར་ལ་གནས་རྣལ་འབྱོར་པ་རྣམས་སྲུང་གྱུར་ཅིག །སྦས་པའི་ཚིག་དོན་རིན་ཆེན་མིང་གི་བྲག་རྒྱུད་ལས། །དཀའ་རྒྱལ་ཟླ་བའི་ཤེས་རབ་རྣོན་པོས་བརྐོས་པ་ཡིས། །ཚིག་གི་རྨོངས་པའི་མུན་པ་ཆེན་པོས་འཇོམས་བྱེད་པ། །རིན་ཆེན་ཚོགས་ཞེས་བྱ་བའི་དཀའ་འགྲེལ་

འདི་བྱུང་ངོ་། །དེ་ལ། མཁའ་འགྲོ་འབྱུང་བ་ཀུན་སྤྱོད་དང་། །དེ་བཞིན་མཚན་མཆོག་བླ་མའི་རྒྱུད། །ཁ་སྦྱར་རྒྱུད་དང་བཞི་པོ་ནི། །བཤད་པའི་རྒྱུད་དུ་ཤེས་པར་བྱ། །དེ་དག་དང་ནི་རྒྱུད་གཞན་རྣམས། །རིན་ཆེན་ཚོགས་ཞེས་བྱ་བ་ཡི། །དཀའ་འགྲེལ་འདི་རུ་བསྡུས་པས་ན། །མཁས་པས་རང་

དབང་སྙམ་མི་བརྟག །དེ་ནས་གསང་བ་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྐུ་དང་རས་རིས་ཀྱི་མཚན་ཉིད་སྟོན་པའི་ལེའུ་བཞི་བཅུ་རྩ་གསུམ་པའི་འོག་ཏུ་རང་དད་པའི་ལྷ་ཐམས་ཅད་ཀྱི་མཚན་ཉིད་སྟོན་པར་བྱེད་པའི་རྒྱུད་འདི་ཡིན་ཞེས་པ་ནི་དེ་ནས་ཀྱིས་

སྟོན་ཏོ། །ལེའུ་དེ་ལས་ཀྱང་གསང་བས་ན་དེ་ནས་གསང་བའོ། །མདོར་བསྡུས་པ་ནི་མ་སྤྲོས་ཤིང་ཉུང་ལ་མི་གསལ་བར་བྱས་པ་སྟེ། བླ་མ་མཉེས་པར་མ་བྱས་པ་རྣམས་ཀྱིས་རྟོགས་པར་དཀའ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ལ་གསང་བ་སྟེ། གཞན་རྣམས་ལ་ནི་སྨོས་ཅི་དགོས་ཞེས་བྱ་བ་ལ་

སོགས་པ་འབྱུང་ངོ་། །འདིར་ནི་རང་དད་པའི་ལྷའི་སྦྱོར་བ་དང་མི་ལྡན་པ་དང་། དམ་ཚིག་ལ་མི་གནས་པ་རྣམས་ལ་དངོས་གྲུབ་ཆེན་པོར་མི་འགྱུར་ཞེས་དེའི་ཕྱིར་དམ་ཚིག་དང་རང་དད་པའི་ལྷའི་སྦྱོར་བའི་དོན་དུ་དཀྱིལ་འཁོར་སྔོན་དུ་འགྲོ་བའི་གསང་བ་བསྟན་པར་བྱའོ། །གསང་བ་དེ་ཡང་བཅོམ་ལྡན་འདས་ཀྱིས་རྒྱས་པར་

เล่ม ๑๖ · หน้า 247a

བཤད་ན་འཇིག་རྟེན་གྱིས་རྟོགས་པར་འགྱུར་སྙམ་པ་དེ་སྤང་བར་བྱ་བའི་ཕྱིར་ཁྱད་པར་དུ་རྒྱས་པར་མིན་ཞེས་བྱ་བ་གསུངས་སོ། །གསང་བ་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི། ཚོགས་གཉིས་རྫོགས་པ་དང་། རྒྱུ་རྐྱེན་གྱིས་

སྟོང་པ་དང་། བཀོད་པ་ཐམས་ཅད་ལ་ངེས་པར་གྲོལ་བ་ཁྱད་པར་དུ་བྱེད་པའི་སྐུ་དཔལ་ཧེ་རུ་ཀ་ཞེས་བཤད་དོ། །ཧེ་རུ་ཀ་དེའི་ཡང་དག་པར་སྦྱོར་བ་ནི་ཕྱག་དང་ཞལ་ལ་སོགས་པའི་ཚུལ་གང་དུ་རྫོགས་པ་དེ་ནི་ཡང་དག་པར་སྦྱོར་བ་སྟེ། རིན་པོ་ཆེའི་ཁ་སྦྱར་ལྟར་མ་མོའི་འཁོར་ལོ་ཡོངས་སུ་བསྟན་ཏོ། །

ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་བཤད་ཅེ་ན། སྨྲས་པ། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་བྱ་བ་ནི། གཟུགས་དང་སྒྲ་ལ་སོགས་པ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་ཀུན་དུ་སྒྲུབ་པར་བྱེད་པས་འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །བླ་མ་ཞེས་བྱ་བ་ནི་ཁམས་བཅུ་དྲུག་པའོ། །དེ་ལས་ཀྱང་བླ་མ་

ནི་བླ་མའི་བླ་མ་སྟེ། ནཱ་དའི་འཁོར་ལོ་ཉི་ཤུ་རྩ་བཞིའོ། །ནཱ་ད་དེ་རྣམས་ནི་མཁའ་འགྲོ་མ་སྟེ། མཁའ་འགྲོ་དང་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སྟེ་དཔའ་བོ་དང་དཔའ་མོའོ། །དེ་རྣམས་ཀྱི་དྲ་བ་ནི་མཁའ་འགྲོ་མའི་ཚོགས་སོ། །དེའི་སྡོམ་པ་ནི་དམ་ཚིག་སྟེ་མཁའ་འགྲོ་མ་སྟེ་མཁའ་འགྲོ་མའི་དྲ་བའི་

སྡོམ་མོ། །དེ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་གླེང་གཞིར་བསྟན་པའི་ཕྱིར་གསང་བ་དེ་ལྟ་བུ་ལ་གནས་པའོ། །ཅི་དེ་ལྟར་གདོན་མི་ཟ་བར་འགྱུར་རམ། གང་གིས་བསྟན། ཉན་པ་དང་ཚིག་གང་། གང་བསྟན་སྙམ་པའི་དོགས་པ་མང་དུ་ཡོད་པས་སོ་སོའི་སྐྱེ་བོ་བཞིན་དུ་དམ་ཆོས་འདི་ལྡོག་པའི་

ཡན་ལག་ཏུ་འགྱུར་སྙམ་ན། དེ་རྣམས་ལ་གྲུབ་པའི་མཐའ་ཐམས་ཅད་དང་ལྡན་པའི་གླེང་གཞིའི་ཚིག་གི་རྗེས་སུ་འབྲངས་ནས་བསྟན་པའི་ཕྱིར། རང་འབྱུང་ནི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །གསང་བ་མཆོག་གི་དགྱེས་པ་ན། །ཞེས་བྱ་བ་ནི་དེ་ལ་དང་པོ་བར་མ་

དང་ཐ་མར་གནས་པ་ནི་འཆད་པར་འགྱུར་བའི་ཚུལ་ཇི་ལྟ་བ་བཞིན་དུ། དང་པོ་གསང་བའི་ཚིག་དང་དེ་བཞིན་མཆོག་ནི་བར་མ་དང་། དགྱེས་པ་ནི་ཐ་མ་སྟེ་དེར་བདག་གིས་ཐོས་སོ། །ཐམས་ཅད་བདག་ཉིད་ནི་དུས་གཞན་མེད་པའི་ཚེ། བཅོམ་ལྡན་འདས་བཞུགས་སོ། །དེ་བས་ན་ཚིག་ལྔ་

เล่ม ๑๖ · หน้า 247b

ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཞུགས་ཞེས་ཚིག་ལྔ་པོས་སྟོན་པ་ནི། གསང་བའི་ཡང་གསང་བའོ། །གསང་བ་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ་སྨྲས་པ་དང་པོ་གསང་བ་ལ་གནས་ཤིང་བར་མ་རིག་པར་ཤེས་པར་བྱ། ཐ་མ་ཡང་ནི་དགྱེས་པ་སྟེ། །

མྱོང་བ་ཐོས་པ་ཞེས་བཤད་དོ། །གསང་བའི་གསང་བ་བར་མ་སྟེ། །དགྱེས་པ་མཆོག་ནི་དཔྱིད་ཀྱི་དུས། །རྟག་ཏུ་དུས་གཅིག་བཤད་པ་ཡིན། །ཐམས་ཅད་བདག་ཉིད་བཅོམ་ལྡན་བཞུགས། །ཞེས་འབྱུང་ངོ་། །གླེང་གཞི་སོ་སོར་བསྟན་ན། ད་ནི་དེ་ལ་གནས་པའི་གསང་བ་བསྟན་པའི་ཕྱིར་

སྨྲས་པ། མཁའ་འགྲོ་མ་ཀུན་དམ་ཚིག་སེམས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། མདོར་བསྡུས་པ་སྟེ་རྒྱས་པར་མིན། །ཞེས་བྱ་བའི་ཚིག་གིས་བཤད་པ་གང་ཡིན་པ་དེ་ནི་འདིར་མདོར་བསྡུས་པའི་ཚིག་བཤད་པའི་རྒྱུད་ལས་མང་དུ་གསུངས་པ་ནི། གསང་བ་ས་ཡི་ཁམས་ཡིན་ཏེ། །མཆོག་

ནི་ཆུ་རུ་བཤད་པ་ཡིན། །དགྱེས་པ་མེ་ཞེས་རྣམ་པར་བཤད། །ཐམས་ཅད་བདག་ཉིད་གཡོ་བ་སྟེ། །རྟག་ཏུ་ནམ་མཁའ་ཁྱབ་པར་གནས། །ར་ནི་ཁྲག་གི་ཁམས་ཞེས་བྱ། །ཧ་ནི་རི་ལས་བྱུང་བ་སྟེ། །སྱ་ནི་དྲི་ཡི་ལོ་མ་ཡིན། །པ་ནི་པགས་པར་རབ་ཏུ་བཤད། །ར་ནི་དྲི་ཉིད་བཤད་པ་སྟེ། །

ཡི་གེ་མི་ནི་མེ་ཏོག་བཤད། །ཡི་གེ་ར་ནི་དེ་བཞིན་ཆུ། །མི་ནི་པེ་ཤ་ཏ་གསུངས་ཡིན། །ཡི་གེ་ས་ནི་ཀུན་དུ་རུ། །དེ་བཞིན་རྦ་ནི་རང་བྱུང་སྟེ། །ཡི་གེ་ཏྨ་ནི་ཆུ་ཉིད་ཡིན། །ནེ་ནི་ལྷ་མོ་དྲི་ལྡན་ཏིལ། །ཡི་གེ་ས་ནི་སྦྲང་བུའི་རྔུལ། །དེ་བཞིན་ད་ནི་མཚོ་སྐྱེས་པའོ། །སྠེ་ནི་ཁ་ཡི་སྙིང་པོ་སྟེ། །ཡི་གེ་ཏྱ་ནི་

ཀ་པུ་ར། །མཁའ་འགྲོ་མ་ཀུན་དམ་ཚིག་གོ། །ཞེས་བྱ་བ་ནི་ཁྲག་ཡིན་ཏེ། མེའི་ཁམས་སོ། །སེམས་དཔའ་ནི་སའི་ཁམས་སོ། །རྡོ་རྗེ་སེམས་དཔའ་ནི་ཆུའི་ཁམས་སོ། །མཆོག་ནི་རླུང་ངོ་། །བདེ་བ་ནི་ནམ་མཁའོ། །དེ་ལ་ཡང་གསུངས་པ། མཁའ་འགྲོ་མ་ཀུན་དམ་ཚིག་ཁྲག །སེམས་

དཔའ་རྡོ་རྗེ་ཀུན་འབྱུང་བ། །པདྨ་རབ་ཏུ་གསལ་སྦྱོར་བས། །པདྨ་གར་དབང་མཆོག་ཏུ་བཤད། །སྟེང་གི་རང་བཞིན་འོད་གསལ་བ། །རྡོ་རྗེ་ཉི་མར་རབ་ཏུ་གྲགས། །ཞེས་འབྱུང་ངོ་། །དེ་ལ་སེམས་དཔའ་ནི་སྐྱེས་དགུ་སྟེ་སྐྱེས་བུའི་ཁྱད་པར་རོ། །དེ་རྣམས་ཀྱི་ནི་རྡོ་རྗེ་ནི་དེའི་རྟགས་སོ། །དེ་དག་ལས་

เล่ม ๑๖ · หน้า 248a

གཞན་དག་བྱུང་བས་ན། རྡོ་རྗེ་སེམས་དཔའ་ལས་བྱུང་བས་ཏེ། བྱང་ཆུབ་ཀྱི་སེམས་སོ། །པདྨ་གར་གྱི་བྱ་བ་སྟེ་པདྨ་གར་རོ། །དེ་ལ་དབང་བྱེད་པས་ན་པདྨ་གར་གྱི་དབང་ཕྱུག་སྟེ། འདས་མ་ཐག་པའི་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཉི་མར་བཤད་དོ། །མཆོག་ཅེས་བྱ་བ་ནི་པདྨ་

གར་གྱི་དབང་ཕྱུག་གི་ཚིག་གིས་མཆོག་ཏུ་འཛིན་པར་ཁྲག་བཤད་དོ། །པདྨའི་འོད་གསལ་བ་མཉམ་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཉི་མའོ། །སྟེང་གི་འོད་གསལ་བ་ཞེས་བྱ་བ་ཟླ་བའི་སྟེང་དུ་འོད་ཀྱིས་ཁྱབ་པའི་ཕྱིར་དེ་ཉིད་རྣམ་པར་སྣང་མཛད་ཡིན་ནོ། །རྟ་མཆོག་ཀྱང་རླུང་གིས་བསྐྱོད་པའི་སེམས་ཉིད་ཀྱིས་

སྣ་ཚོགས་འབྱུང་བའོ། །ཞུ་བའི་གཟུགས་ཉིད་ཀྱིས་སྙིང་སྟོབས་དང་། རྡུལ་དང་མུན་པ་དང་དབྱེར་མེད་པའི་ཡེ་ཤེས་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་དུ་ཡང་བཤད་པ། སྣང་ཞིང་འབར་བ་ཉིད་ཀྱིས་ནི། །ཐུབ་པ་ཆེན་པོ་རྣམ་སྣང་མཛད། །མཐར་ཐུག་མཐར་ནི་རྟ་མཆོག་སྟེ། །སྣ་ཚོགས་རླུང་

ལ་ཡང་དག་འབྱུང་། །ཞེས་གསུངས་སོ། །ཡང་ན་བཤད་པའི་རྒྱུད་གཞན་ལྟར་ན། མཁའ་འགྲོ་མ་ཐམས་ཅད་དམ་ཚིག་ཅེས་བྱ་བ་ནི་མཁའ་འགྲོ་དང་། དཀྱིལ་འཁོར་པའི་མཁའ་འགྲོ་མ་རབ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞིའོ། །དེ་དག་རྡུལ་ཕྲ་རབ་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་མཁའ་འགྲོ་

མ་ཀུན་གྱི་དམ་ཚིག་སེམས་ཅན་གྱི་དོན་མཛད་པའི་ཕྱིར་སེམས་དཔའོ། །མི་ཤེས་པའི་རི་བོ་འཇོམས་པའི་ཕྱིར་རྡོ་རྗེ་སྟེ་ཡེ་ཤེས་སུ་བཤད་དོ། །སེམས་དཔའ་ནི་འཇིག་རྟེན་གཉིས་ཏེ་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནོ། །དེ་ལ་སེམས་ཅན་ནི་གཡོ་བ་སྟེ་མི་ལ་སོགས་

པའོ། །སྣོད་ནི་བརྟན་པ་སྟེ་ནགས་ཚལ་དང་རི་ལ་སོགས་པའོ། །དེ་གཉིས་ཀྱང་རྣམ་པ་བཞིར་དབྱེ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའོ། །དེ་ལྟར་ན་ཚིག་གསུམ་གྱིས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་སྐུ་གསུམ་བཤད་དོ། །འདི་ལྟ་སྟེ། མཁའ་འགྲོ་མ་ཀུན་གྱི་དམ་ཚིག །ཅེས་

པ་སྤྲུལ་པའི་སྐུའོ། །སེམས་དཔའ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུའོ། །སྐུ་གསུམ་གྱིས་བསྡུས་པ་སྐུ་བཞི་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ། མཆོག་ཅེས་བྱ་བ་ནི་སྐུ་གསུམ་གྱི་མཆོག་སྟེ། འཁོར་ལོ་གསུམ་གྱི་འདྲེན་པའོ། །བདེ་བ་ཞེས་བྱ་བ་ནི་

เล่ม ๑๖ · หน้า 248b

མཆོག་ཏུ་དགའ་བའི་རང་བཞིན་ནོ། །དེ་ལ་བཤད་པ་དེ་ཉིད་དཔལ་ཧེ་རུ་ཀ་འཁོར་ལོ་ཅན་མཆོག་དགའོ། །ད་ནི་བཅོམ་ལྡན་འདས་ཀྱི་རང་བཞིན་བསྟན་པའི་ཕྱིར་སྨྲས་པ། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །ཞེས་བྱ་བ་ལ། འདི་ཞེས་བྱ་བ་འདས་མ་ཐག་པའི་ཚིགས་སུ་བཅད་པས་བཤད་

པ་བདེ་མཆོག་ཉིད་དོ། །རང་འབྱུང་ཞེས་བྱ་བ་ནི་འབྱུང་བ་ཆེན་པོས་གཞལ་བར་བྱ་བ་རྗེས་སུ་མཐུན་པའི་ཚུལ་ཉིད་ཀྱིས་རང་གི་ངང་གིས་བྱུང་བའི་ཕྱིར་རང་བྱུང་ངོ་། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར་དང་། ཉོན་མོངས་པ་ལ་སོགས་པའི་བདུད་བཅོམ་པའི་ཕྱིར།

བཅོམ་ལྡན་འདས་སོ། །མི་མཐུན་པའི་ཕྱོགས་རྟོག་པ་མ་ལུས་པ་ལས་རྒྱལ་བས་དཔའ་བོའོ། །མཁའ་འགྲོ་མ་ནི་རྩ་རྣམས་སོ། །དེ་རྣམས་ཀྱི་དྲ་བ་ནི་ནཱ་དའི་འཁོར་ལོའོ། །དེ་ཉིད་དམ་ཚིག་ནི་སྡོམ་པ་སྟེ་གང་ལ་ཡོད་པ་དེ་ནི་མཁའ་འགྲོ་མའི་དྲ་བའི་སྡོམ་མོ། །དེ་ཉིད་གཅིག་པུ་ལྷག་པའི་

ལྷ། །ཞེས་གླེགས་བམ་གཞན་ལས་སྨོས་པ་གཅིག་པུ་ནི་བཅོམ་ལྡན་འདས་གཉིས་སུ་མེད་པའོ། །ལྷག་པ་ནི་ཁྱད་པར་རོ། །ལྷ་ཉིད་ནི་ལྷ་མོ་སྟེ་གསང་བ་ལ་སོགས་པའི་ཚིག་ཏུ་སྔར་བཤད་པའི་སྤྱན་ལ་སོགས་པའི་རང་བཞིན་ཁམས་ལྔའོ། །དེ་རྣམས་ཤུ་ཀྲ་དང་རཀྟར་གཏོགས་

པའི་ལྷ་མོ་ནི་མཁའ་འགྲོ་མ་ལྔ་འཁོར་ལོས་སྒྱུར་བ་དང་དྲུག་གི་རང་བཞིན་ཏེ། ཕུང་པོ་ལྔ་དང་སྐྱེ་མཆེད་དྲུག་གི་ལྷ་མོ་རྣམས་སོ། །གཅིག་པ་ཉིད་ཀྱིས་དེ་རྣམས་རོ་གཅིག་པ་ཡིན་པའི་ཕྱིར་དེ་རྣམས་ལས་ལྷག་པའི་ཕྱིར་ལྷའོ། །དེ་ཡང་གལ་ཏེ་རང་བྱུང་ཡིན་ན་གང་ལས་འབྱུང་བར་འགྱུར་ཞེ་ན་

སྨྲས་པ། ཀུན་ལས་བྱུང་བའི་སྒྲ་ཡི་གཟུགས། །ཞེས་བྱ་བ་ལ་སོགས་པ་ལོག་པར་རྟོག་པ་ཐམས་ཅད་ལས་འདས་པའི་བདེ་བ་དམ་པ་ལས་བྱུང་བ་ཕུང་པོ་དང་། སྐྱེ་མཆེད་ཀྱི་མཚན་ཉིད་སྲིད་པའི་གཟུགས་ཅན་བཅོམ་ལྡན་འདས་ཀྱི་ཐུགས་ལས་བྱུང་ཞེས་བསྟན་ཏོ། །སྒྲའི་གཟུགས་ཞེས་བྱ་བ་

ནི་དྲིལ་བུའི་སྒྲ་ཙམ་སྟེ། ཤེས་རབ་ཀྱི་དབྱངས་རྗེས་སུ་འགྲོ་བ་སྒྲའི་རྣམ་པར་རྟོག་པའི་མཚན་ཉིད་སྒྲ་ཙམ་གྱི་གཟུགས་བྲག་ཅ་ལྟ་བུ་དེ་ལས་བྱུང་ཞེས་བྱ་བའི་དོན་ཏོ། །དོན་དམ་པ་ལས་རང་བྱུང་གཅིག་པུ་ཡང་འབྱུང་བར་མ་ཟད་ཀྱི་རྣམ་པ་མང་དུ་འབྱུང་བར་བསྟན་པར་བྱ་བའི་ཕྱིར་སྨྲས་པ།

เล่ม ๑๖ · หน้า 249a

ངེས་འབྱུང་དམ་ཚིག་སྤྱོད་ཡུལ་རྣམས། །ཞེས་བྱ་བ་སྨོས་སོ། །ངེས་འབྱུང་ནི་ཡུལ་ལ་སོགས་པའི་བྱེ་བྲག་གིས་ངེས་པར་འབྱུང་བ་སྟེ་སྣ་ཚོགས་སུ་སྣང་བའོ། །རང་གི་ཡིད་ཀྱི་ཡུལ་ལ་སོགས་པ་ཉིད་དུ་མཉམ་ཞིང་གཅིག་པུ་ཉིད་དུ་གྱུར་པས་དམ་ཚིག་སྟེ། གཟུགས་ལ་

སོགས་པ་ཡུལ་དང་ཡུལ་ཅན་དབང་པོ་དྲུག་སྟེ། སྐྱེ་མཆེད་བཅུ་གཉིས་ནི་དམ་ཚིག་གོ། །དེ་རྣམས་དངོས་པོ་མེད་པར་སྤྱོད་པ་ནི་སྤྱོད་པའོ། །དེ་ལྟ་བུའི་རང་བཞིན་རྟོགས་པ་ནི་སྤྱོད་ཡུལ་ཏེ། ཕུན་སུམ་ཚོགས་པ་དང་ལྡན་པའི་ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བཤད་དོ། །རྟགས་ཀྱི་

ཚིག་གི་ངོར་མང་པོའི་ཚིག་གི་མཐའ་ཅན་དུ་གསུངས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་སྨྲས་པ། འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ནི་སྲིད་པ་གསུམ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སོ། །དེ་རྣམས་ནི་ཟག་པ་དང་

བཅས་པ་ཡིན་པའི་ཕྱིར་དེ་རྣམས་ལ་རྙེད་པར་དཀའ་ཞེས་བྱ་བའི་དོན་ཏོ། །ཐོག་མ་དབུས་མཐར་རྣམ་པར་གནས། །ཞེས་བྱ་བ་ལ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གླེང་གཞིའི་ཚིག་དེར་བཤད་དོ། །དེ་ཡང་ཇི་ལྟར་བསྟན་ཞེ་ན། སྨྲས་པ། ཤེས་རབ་ཐབས་ཀྱི་སྦྱོར་ཅི་

བཞིན། །ཞེས་བྱ་བ་ལ་ཤེས་རབ་ནི་བསྲུབ་བྱ་སྟེ། ཆུ་སྐྱེས་སོ། །ཐབས་ནི་སྲུབ་བྱེད་དེ་རྡོ་རྗེའོ། །དེ་གཉིས་ཀྱི་སྦྱོར་བ་ནི་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་སྟེ་དེ་ལས་ཇི་སྐད་བཤད་པ་བཞིན་རྟོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར་སྨྲས་པ། དེ་བཞིན་སྔགས་

བཟླས་བསམ་སོགས་ལྡན། །ཞེས་བྱ་བ་ལ་བཟླས་པ་ནི་བཟླ་བ་སྟེ་ནང་གི་སྨྲ་བའོ། །བསམ་གཏན་ནི་ཏིང་ངེ་འཛིན་ཏེ་ཚིག་དང་སྡོམ་པའི་ཚུལ་དང་འདུལ་བ་དང་དགའ་བ་ལ་སོགས་པའོ། །གསུམ་པོ་དེ་རྣམས་གོ་རིམས་ཀྱིས་བྱུང་བ་དེ་དང་ལྡན་པའོ། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །

ཞེས་བྱ་བ་ལ། ན་དཱ་རྣམས་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་སྦྱོར་བས་ན་སྦྱོར་བ་སྟེ། དཔལ་ཧེ་རུ་ཀའི་སྦྱོར་བའོ། །སྦྱོར་བ་དེ་ལ་ཆོ་ག་ནི་སྦྱོར་བའི་ཆོ་ག་སྟེ་མངོན་པར་རྟོགས་པའོ། །དེ་ཤེས་པས་ནི་ཆོ་ག་ཤེས་པའོ། །དེའི་དངོས་པོའམ་ལས་ནི་སྦྱོར་བ་ཤེས་པ་ཉིད་དོ། །བདུད་

เล่ม ๑๖ · หน้า 249b

རྩི་ལྔའི་མཚན་ཉིད་དུ་གྱུར་པའི་དཔལ་ཧེ་རུ་ཀའི་རྣམ་པ་ལྷ་བཞེངས་པའི་ཆོ་ག་ཞེས་པའི་དོན་ཏོ། །བརྒྱུས་ཤིང་བྱས་པས་གཙོ་བོར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་དཔལ་བདེ་མཆོག་གང་གིས་རྟོགས་པར་འགྱུར་བ་དེ་ཚིག་གི་ཚོགས་རྗོད་པར་བྱེད་པའོ། །དེ་ལ་རྒྱུད་དེ་ལས་གསུངས་པ་བཤད་

དེ། རིགས་ལྔའི་མཚན་ཉིད་དེ་ཁོ་ན་ཉིད་ནི་བརྗོད་པར་བྱ་བ་གསུངས་སོ། །མཉན་པར་གྱིས་ཞེས་བྱ་བ་ནི་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཉོན་ཅིག་ཅེས་བྱ་བའི་ཚིག་རྣམ་པར་སྦྱར་རོ། །

དེ་ཁོ་ན་ཉིད་དེ་ཅི་ལྟ་བུ་ཡིན་ཞེ་ན་སྨྲས་པ། དབུགས་དབྱུང་བར་མ་མཆོག་བསྡུ་བ། །ཞེས་བྱ་བ་ལ་དང་པོ་དང་ཐ་མ་ནི་གཞོན་པ་དང་རྒས་པ་སྟེ་དེ་གཉིས་ཀྱི་དབུས་ན་ཡོད་པ་སྟེ་རྡུལ་ལོ། །དེ་ཡང་མྱོས་ཤིང་དྲེགས་པར་བྱེད་པས་ན་མཆོག་སྟེ་ལྷ་མ་ཡིན་གྱི་སློབ་དཔོན་ནོ། །དེ་གཉིས་བསྡུས་

པ་ནི་མདོར་བསྡུས་པའི་ཚོགས་གང་ལ་ཡོད་པ་དེ་ནི་བར་མ་དང་མཆོག་གི་ཚོགས་བསྡུ་བའོ། །དེ་བས་ན་བར་མ་དང་མཆོག་གི་བསྡུ་བ་ནི་ཚོགས་སོ། །བར་མ་དང་མཆོག་གི་སྒྲས་ཉེ་བར་མཚོན་ཅིང་ཚོགས་བསྡུ་བའི་ཕྱིར། ཅི་བར་མ་དང་མཆོག་སྤང་བྱ་ཡིན་ནམ་ཞེ་ན་སྨྲས་པ། དྲི་ཡི་ཆུ་

དང་བཅས་པ་ཡིས། །ཞེས་བྱ་བ་སྨོས་སོ། །དྲིའི་ཆུ་ནི་སེ་ལ་ག་སྟེ་དེ་དང་བཅས་པ་ནི་དྲིའི་ཆུ་དང་བཅས་པ་སྟེ་ཀ་པུ་རའོ། །དྲིའི་ཆུ་དང་བཅས་པ་དེས་ཚོགས་བསྟན་ཏོ། །ཚོགས་ཙམ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་གསུངས་པ། བར་མ་མཆོག་གི་བསྡུ་བ་དང་གནས་

ལྔའི་གོ་རིམས་ཀྱིས་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གནས་ལྔ་ནི་གསང་བ་དང་མཆོག་དང་དགྱེས་པ་ལ་སོགས་པ་སྟེ། ཝེ་ཏ་ལ་སོགས་པའི་གནས་ལྔ་པོ་དེ་རྣམས་ཀྱི་གོ་རིམས་ནི་གནས་ལྔའི་གོ་རིམས་སོམོ། །དེ་བས་ན་ཝེ་ཏ་ལ་བསྡུས་པའི་གནས་ལྔ་པོ་ཞེས་

པའི་དོན་ཏོ། །དེ་ལྟ་ཡིན་ན་བར་མ་དང་མཆོག་ཐབས་མ་ཡིན་པ་ལ་བརྩོན་པ་བདག་ཅག་དང་འདྲ་བ་རྣམས་ཀྱིས་རྙེད་པར་དཀའོ་སྙམ་ན་སྨྲས་པ། བློ་ལྡན་རི་ལུ་མ་རྣམས་མཆོད། །ཅེས་བྱ་བ་ལ་རི་ལུ་མ་ནི་གཞོན་ནུ་མ་སྟེ། རྡོ་རྗེའི་རིགས་ལ་སོགས་པ་ལས་འབྱུང་བ་བཤད་པའི་རྒྱུད་ལས་

เล่ม ๑๖ · หน้า 250a

གསུངས་པའི་མཚན་ཉིད་ལོ་བཅུ་གཉིས་པ་བརྗེད་ངས་མེད་པ་དཔའ་མོའོ། །རྟག་པར་ཁྱད་པར་དུས་སུ་ནི། །ཞེས་བྱ་བ་ལ་དུས་ནི་དཔྱིད་ཀྱི་དུས་སོ། །ཁྱད་པར་ནི་དཔྱིད་ཟླ་ར་བ་དང་འབྲིང་པོ་ལ་སོགས་པའོ། །དེ་བཞིན་དུ་ཡང་གསུངས་པ། ཁྱད་པར་སྟོན་ཟླ་ཞེས་བྱ་བ། །སྟོན་

དང་དགུན་ཡང་དེ་བཞིན་ཏེ། །ཡིད་ལས་བྱུང་བའི་འདུ་ཤེས་ནས། །གྲོལ་འདོད་སྦྱོར་བ་བྱ་བ་ཡིན། །དེ་འདོད་པས་དུས་དེར་རྟག་ཏུ་རྒྱུན་མི་འཆད་པར་མཆོད་དོ། །དེ་མ་རྙེད་པའི་འཇིགས་པས་ཤིན་ཏུ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །གང་ལ་ཡང་བཤད་པར་བྱ་བའི་མཚན་ཉིད་རི་དགས་ཀྱི་མིག་

དང་ལྡན་པ་དེ་མི་རྙེད་ན་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཕོ་ཉ་མོ་ཅིག་ཤོས་བསྟན་པར་བྱ་བའི་ཕྱིར་སྨྲས་པ། ཕོ་ཉ་ལྷན་ཅིག་སྐྱེ་དངོས་གྲུབ། །ཐ་མ་མཆོག་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་མདོར་བསྡུས་པ་ནི་ནག་པོ་ཐ་མ་དཀར་པོ་འབྲིང་དེ་ལ་གྲུབ་པ་ནི་གྲུབ་པའོ། །ལྷན་ཅིག་སྐྱེས་པ་ནི་ནག་སྐྱའི་

ཁ་དོག་གོ། །ལྗང་གུ་ནི་མཆོག་ཡིན་ནོ། །དེ་ལ་ཡང་གསུངས་པ། ལྷ་མོ་ཆེན་མོ་ཅིག་ཉིད་དེ། །དེ་ལ་སྟོབས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཤིང་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ལྷ་མོ་དེ་རྣམས་ཀྱང་མཆོད་པ་ན་ཅི་ལྟར་མཆོད་ཅེ་ན་སྨྲས་པ། ཡིད་ནི་ནང་དུ་ཆུད་པ་ཡིས། །ཞེས་བྱ་བ་ལ་

སོགས་པ་ལ། ནང་དུ་ཆུད་པ་ནི་ཤེས་རབ་དང་འབྲེལ་པ་ལས་མ་འདས་པའི་སེམས་ཀྱིས་བརྟེན་པར་བྱའོ། །དངོས་གྲུབ་བརྩོན་ཞེས་བྱ་བ་ནི། མཆོད་པའི་དགོས་པ་བཤད་དོ། །དངོས་གྲུབ་ཐམས་ཅད་ལ་ཡང་མཐིང་ག་ཁོ་ན་མཆོག་ཡིན་ན། ནག་པོ་དང་དཀར་པོ་ཡང་གང་ལ་སྦྱར་སྙམ་ན་སྨྲས་པ།

རང་རྫས་ཐིག་ལེས་སངས་རྒྱས་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྤྱིའི་དངོས་གྲུབ་དང་མི་འགལ་བ་ནག་མོའམ་དཀར་མོའི་མཆོད་པ་ལས་སྐྱེས་པའི་རང་གི་རྫས་གྱི་ཐིག་ལེ་སྤྲོས་པ་རྣམས་ཀྱིས་སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་

སོགས་པའོ། །དེ་རྣམས་མཆོད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱ་ཞེས་དམ་ཚིག་ཉེ་བར་བསྟན་ཏོ། །དེ་ལ་ཡང་གསུངས་པ། དང་པོ་ནད་ལས་གྲོལ་བ་དང་། །གཉིས་པ་དམ་ཚིག་སྤྱོད་པ་ཡིན། །གསུམ་པ་དོན་ནི་དུ་མ་ལ། །སྒྲུབ་པའི་དབང་པོ་ཡོན་ཏན་

เล่ม ๑๖ · หน้า 250b

གསལ། །ཡང་ན་རྫོགས་པའི་རིམ་པ་རིག་པའི་རྣལ་འབྱོར་པས་རི་ལུ་མ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་མཆོད་དོ། །རྟག་ཏུ་ཞེས་པ་ནི་རྒྱུན་མ་ཆད་པའོ། །དུས་ཁྱད་པར་དུ་ཞེས་པ་ནི་སོ་སོ་རང་གིས་རིག་པའི་སྐད་ཅིག་མའོ། །གྲུབ་པ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའོ། །ཡིད་ནི་ནང་དུ་ཆུད་པ་ནི་

རང་འོད་ཤེས་རབ་མ་དང་ཡང་དག་པར་སྦྱོར་བ་དང་ལྡན་པའོ། །དེ་ལྟ་བུའི་རྣམ་པའི་གཟུགས་བརྙན་གྱི་སེམས་ཀྱིས་ཕོ་ཉ་མོ་མཆོད་ལ་དགའ་བ་སྤྲོས་ཏེ། བརྗོད་དུ་མེད་པ་ལ་དམིགས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་གསུངས་པ། ཅིག་ཤོས་ཡོངས་སུ་རྫོགས་པ་ཡི། །རྫོགས་པའི་རིམ་པ་སྒོམ་པ་

པོས། །ཐོག་མ་མེད་པའི་ང་རྒྱལ་གྱིས། །རང་བཞིན་མེད་ལ་རྟག་ཏུ་གནས། །དུས་ཀྱི་ངེས་པ་མེད་པ་དང་། །ཇི་སྙེད་ཤེས་རབ་སྙོམས་འཇུག་པ། །བདེ་གཤེགས་ཐམས་ཅད་འབྱུང་བ་དང་། །ནང་དུ་ཆུད་པའི་ཡིད་ཀྱིས་སྤྱད། །ཅེས་འབྱུང་ངོ་། །ད་ནི་ཕོ་ཉ་མོའི་དབྱེ་བས་མཆོད་པའི་ལྷ་དབྱེ་བ་

བསྟན་པའི་ཕྱིར་ཡང་གསུངས་པ། ལྷ་མོ་མཆོད་པ་གསུམ་དུ་འདོད། །ཐ་མ་ཆགས་པའི་ཚུལ་ཉིད་ཀྱིས། །རྡོ་རྗེ་ཅན་རྣམས་བསྡུས་ནས་བྱ། །བཙུན་མོའི་བྷ་ག་བདེ་ཆེན་ལས། །སྤྲོས་ནས་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་སོ། །དེ་ལྟར་ཕྱོགས་གཉི་ག་ལ་ཡང་མཆོད་པ་འདི་

དགོས་པ་ཅི་ཞིག་ཡིན་ཞེ་ན་སྨྲས་པ། མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པའི་མཆོད་པ་ལ་དགའ་བའི་རྣལ་འབྱོར་པ་ལ་འཇུག་པའི་ཕན་ཡོན་བསྟན་པ་ཡིན་ནོ། །གལ་ཏེ་དམ་ཚིག་གི་མཆོད་པས་འབྲས་བུ་ཡོད་ན་དེའི་ཕྱིར་དམ་ཚིག་སྲུང་

བ་དང་མི་སྲུང་བའི་ཡོན་ཏན་དང་སྐྱོན་སྨྲས་པ། རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་བསྲུངས་པས་ཡོན་ཏན་ཡོད་ན་དམ་ཚིག་དེ་གང་ཡིན་ཞེ་ན། སྨྲས་པ། ཁྲག་ཆེན་ག་པུར་བཅས་པ་དང་། །ཙནྡན་དམར་པོ་དང་སྦྱར་བ། །ཚོགས་ཀྱི་ནང་དུ་ཞུགས་པ་ན། །ཐམས་

ཅད་བཅུད་ཀྱིས་ལེན་དུ་གནས། །ཞེས་བྱ་བ་ནི་ཁྲག་ཆེན་ནི་རང་བྱུང་མེ་ཏོག་གོ། །ག་པུར་དང་བཅས་པ་ནི་བྱང་ཆུབ་ཀྱི་སེམས་དང་བཅས་པའོ། །ཙནྡན་དམར་པོ་ནི་ཤ་ཆེན་ནོ། །ཚོགས་ནི་རྣལ་འབྱོར་པའི་བཤང་བའི་ལས་དང་། རྟགས་དང་མིག་ལ་སོགས་པ་དབང་པོ་ལྔ་ལས་བྱུང་བ་ཡིན་ནོ། །

เล่ม ๑๖ · หน้า 251a

ཚོགས་དེའི་དབུས་སུ་ཞུགས་པ་ནི་འདྲེས་པ་སྟེ་རོ་གཅིག་པའོ། །གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་ལས་མཆོག་ནི་ཐམས་ཅད་མཆོག་གོ། །དེ་གང་ཞེ་ན་སྨྲས་པ། བཅུད་ཀྱིས་ལེན་ཞེས་པ་ནི་དེ་ལ་བཅུད་ནི་འདོད་ཆགས་ཆེན་པོའི་རང་བཞིན་ནོ། །དེ་ཡང་སྦོམ་པ་དང་ཕྲ་བའི་

དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་སྦོམ་པ་ནི་རྫས་ཀྱི་བྱེ་བྲག་གིས་རྣམ་པ་དགུའོ། །ཕྲ་བ་ནི་རྡུལ་ལོ། །ཁམས་རྣམས་སྒྱུར་བར་བྱེད་པའི་ཕྱིར་གཅིག་པུ་ཚོན་གྱི་ཁྱད་པར་རོ། །ལེན་པ་ནི་ཁམས་རྣམས་བསྡུ་བ་སྟེ་བཅུད་ཀྱིས་ལེན་ནོ། །དེ་ལྟ་ན་ཡང་ཁྲག་ཆེན་པོ་ལ་སོགས་པའི་ཚིག་འཇིག་

རྟེན་གྱི་སྐད་ཀྱིས་ཡོངས་སུ་གཟུང་བ་དེ་ཉིད་ཀྱིས་བསྟན་ནམ། འོན་ཏེ་དེ་ལྟར་མ་ཡིན་པར་བཤད་སྙམ་པ་ལ་དོགས་པ་སྤང་བའི་ཕྱིར་བཤད་པའི་རྒྱུད་ལས་གསུངས་པའི་བརྡ་སྐད་སྨྲས་པ། ཁྲག་ཆེན་མེ་ཏོག་ཉིད་ཡིན་ཏེ། །དཔྱིད་ཀྱི་དུས་སུ་གང་བྱུང་བ། །ག་པུར་ཤུ་ཀྲ་ཞེས་བཤད་པ། །

ཤ་ཆེན་ཙནྡན་དམར་པོ་ཡིན། །དབང་པོ་ཐམས་ཅད་ལས་བྱུང་བ། །ཚོགས་ཞེས་བྱ་བར་རབ་ཏུ་གྲགས། །སྟོང་པའི་སྟོང་པ་སྣང་མེད་གང་། །བཅུད་རིགས་བཅུད་ཀྱིས་ལེན་གྱི་མཆོག །སྦོམ་དང་ཕྲ་བའི་བྱེ་བྲག་གིས། །དེ་ཉིད་ཁྱད་པར་གཉིས་སུ་སོང་། །སྦོམ་པ་རྫས་ནི་རྣམ་པ་

དགུ། །རྫས་ཀྱི་དབྱེ་བས་འཇུག་པར་བྱེད། །རྡུལ་ནི་ཚོན་གྱི་ཁྱད་པར་ཏེ། །འདུས་པ་གོང་བུ་ཡིན་པར་འདོད། །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །བཅུད་ཀྱིས་ལེན་འདིས་ཅི་བྱ་ཞེ་ན། སྨྲས་པ། མཐེ་བོང་མིང་མེད་གདོང་གིས་ནི། །རྣལ་འབྱོར་རིག་པས་བལྡག་པར་བྱ། །ཞེས་བྱ་

བ་ལ། དེ་མིང་མེད་ནི་ལྷ་མོ་ཆེས་འབྱུང་བའི་ཡན་ལག་མཆོག་གོ། །མཐེ་བོང་ནི་སྐྱེས་བུའི་གསལ་བྱེད་དེ་རྡོ་རྗེའོ། །དེ་གཉིས་ཀྱི་གདོང་ནི་མིང་མེད་དང་མཐེ་བོའི་གདོང་སྟེ། དེ་གཉིས་ཀྱིས་བལྡག་པར་བྱ་བ་ནི་མྱང་བར་བྱ་བའི་དོན་ཏོ། །རྣལ་འབྱོར་ནི་སྦྱོར་བ་སྟེ་ཕན་ཚུན་ཕྲད་པའོ། །དེ་ཤེས་

པས་ན་རིག་པ་སྟེ། རྣལ་འབྱོར་རིག་པར་བཤད་དོ། །སྤྱང་ཀི་དང་། ཁྱི་ལ་སོགས་པ་ལྟ་བུའི་སྦྱོར་བ་འདིས་ཅི་འགྲུབ་ཅེ་ན། སྨྲས་པ། སློབ་དཔོན་རྣམས་སམ་བཤད་པའི་རྒྱུད་ཀྱི་རིགས་པ་ཅི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བར་བྱའོ། །དེ་ལ་བཤད་པའི་རྒྱུད་ལས་ཀྱང་། སྐྱེད་བྱེད་མགོན་

เล่ม ๑๖ · หน้า 251b

ཟའི་ཚད་ཙམ་ནི། །རྒྱ་མཚོ་དེ་བཞིན་ཉིས་འགྱུར་དང་། །བཞི་འགྱུར་རལ་པ་ཅན་སྦྱིན་བྱ། །དབང་བྱེད་བལྡག་པའི་ཆོ་ག་མཆོག །ཅེས་བྱ་བ་ལ་སོགས་པའི་བལྡག་པའི་ཆོ་གས་བཤད་པའི་དངོས་གྲུབ་ཅི་མི་འགྲུབ་ཅེ་ན། སྨྲས་པ། ཟླ་བའི་བཏུང་བ་བཞིན་ཞེས་བྱ་བ་ལ་སོགས་པ་ལ།

ཟླ་བ་ནི་ནང་གི་བདུད་རྩིའི་བདག་ཉིད་ལྷ་རྣམས་ཀྱི་བཏུང་བའི་ཕྱིར་ཟླ་བའི་བཏུང་བ་སྟེ་མཆོག་ཡིན་ནོ། །ཇི་ལྟར་ཟླ་བའི་བཏུང་བ་འཇིག་རྟེན་དུ་ཇི་ལྟར་མི་འགལ་བར་གྲུབ་པ་དེ་བཞིན་དུ་འདིར་ཤེས་པར་བྱའོ། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་བསྐལ་པ་དུ་མར་

རྒས་པ་དང་། འཆི་བ་མེད་པར་གནས་པར་འགྱུར། །ཞེས་བྱ་བའི་དོན་ཏོ། །ཅི་ཚེ་རིང་བ་ཙམ་གྱིས་འབྲས་བུ་ཡིན་ནམ་སྙམ་པ་ལ་སྨྲས་པ། འདི་ནི་མི་འཆི་བཅུ་ཕྱེད་འགྱུར། །ཞེས་བྱ་བ་ནི་དེ་ལ་དགོངས་པ་འདི་ཡིན་ཏེ། ལྷ་དང་ལྷ་མ་ཡིན་རྣམས་བཅུད་ཀྱིས་ལེན་གཅིག་པུས་མཆོག་

ཏུ་འཛིན་པའི་ལྟ་བ་དང་ལྡན་པས་ཚེ་རིང་བར་འགྱུར་ལ། འདི་ནི་རྟག་པ་དང་ཆུད་པའི་ལྟ་བ་ལས་འདས་པའི་མི་འཆི་བཅུ་ཕྱེད་སྤྲོས་པ་མེད་པའི་མི་འཆི་བཅུ་ཕྱེད་ཀྱིས་དངོས་གྲུབ་མི་འགྲུབ་པ་མེད་དེ་ཐམས་ཅད་འགྲུབ་ཅེས་དེའི་ཕྱིར་སྨྲས་པ། དངོས་གྲུབ་ཐམས་ཅད་འཇུག་བྱེད་འགྱུར། །ཞེས་བྱའོ། །

ད་ནི་དངོས་གྲུབ་ཐམས་ཅད་བཞག་སྟེ། བཅུད་ཀྱིས་ལེན་གྱི་དངོས་གྲུབ་གཅིག་པུ་ཁོ་ན་བསྒྲུབ་པར་བྱ་ཞེས་དོགས་པ་རྣམས་ལ་དངོས་གྲུབ་ཀྱི་རྒྱུ་ལ་འཇུག་པའི་ཕྱིར་སྨྲས་པ། མཆོད་བཞི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྡོ་རྗེ་བཞི་ཡིས་མཆོད་བཞིའོ། །དེ་ལ་རྡོ་རྗེ་བཞི་ནི། དང་པོ་སྟོང་ཉིད་

བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པའོ། །གསུམ་གཟུགས་བརྙན་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནས་བརྩམས་ཏེ། གཟུགས་བརྙན་རྫོགས་པའི་བར་དུ་མཆོད་པ་བཞི་ཞེས་བྱའོ། །སྒྲུབ་པ་པོ་བདེ་བའི་མཚན་ཉིད་ཀྱི་ཕྱིར་བདག་དང་

གཞན་གྱི་དོན་དུ་དུས་བཞིར་མཆོད་པ་བྱའོ་ཞེས་བྱ་བའི་དོན་ཏོ། །དབང་པོ་གཉིས་སྙོམས་པར་འཇུག་པ་ནི་ཞེས་བྱ་བ་ལ། དཔའ་བོ་ཉི་ཤུ་རྩ་བཞི་དང་། དེ་ཙམ་གྱི་དཔའ་མོ་རྣམས་ཀྱི་ཡང་དག་པར་སྦྱོར་བས་སྙོམས་པར་འཇུག་པ་ནི་མཆོད་པའོ། །དེ་ཉིད་འཛིན་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་རིག་པས་

เล่ม ๑๖ · หน้า 252a

མཆོད་པར་བྱའོ། །དེ་ལ་ཡང་གསུངས་པ། མཁའ་འགྲོ་མ་སོགས་དེ་བཞིན་ནོ། །ལྷ་མོ་ཉི་ཤུ་རྩ་བཞི་རྣམས། །བྱང་ཆུབ་སེམས་ཀྱིས་བསྐྱེད་པ་ཡི། །རིམ་པ་བསྒོམས་པས་དུས་བཞི་ལ། །བདེ་བའི་བདག་ཉིད་ཡིན་པའི་ཕྱིར། །སྒོམ་པ་པོས་ནི་མཆོད་པར་བྱ། །དབང་

པོ་གཉིས་ཀྱི་སྦྱོར་བ་དཔའ་བོ་དང་དཔའ་མོ་གཉིས་སུ་མེད་པའི་མཆོད་པ་འདིས་ཅིར་འགྱུར་ཞེ་ན་སྨྲས་པ། ལྷ་དང་མིའི་བདེ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྷའི་བདེ་བ་དང་། དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་གྲུབ་པར་འགྱུར་གྱི། མིའི་དངོས་པོ་ཉིད་དུ་སྨོས་ཅི་དགོས། དེ་ལ་དངོས་གྲུབ་

མང་དུ་འདོད་པ་དགོས་པ་མེད་ཅེས་བྱ་བའི་དོན་ཏོ། །ཅི་དེ་ལྟར་གདོན་མི་ཟ་བར་འགྱུར་རམ་ཞེ་ན་སྨྲས་པ། བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྤྲོས་པས་བསྡུས་པ་བྱས་པའི་བདེ་བ་འདི་ནི་མི་ཉིད་དོ། །དེ་ལ་བཤད་པ། བྱང་ཆུབ་སེམས་འདི་རྡོ་རྗེ་སྟེ། །བུ་མོ་ལྟེ་

བའི་སྤྲོ་བ་བརྟག །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་བས་ན་ཅི་ལྟར་བཤད་པ་བཞིན་དུ་གཞན་དུ་མི་འགྱུར་ཞེས་དགོངས་པའོ། །བཅུ་དྲུག་ཆར་ཡང་མི་ཕོད་ཅེས་བྱ་བ་ནི། རྣལ་འབྱོར་གཞན་ལ་ཞེན་པའི་གང་ཟག་རྣམས་ཀྱི་མི་དམིགས་པའི་ཆ་བཅུ་དྲུག་པ་ཡང་རིག་པར་བྱེད་མི་ནུས་ཏེ། འོན་ཀྱང་

འཇིག་རྟེན་ལས་འདས་པའི་དངོས་གྲུབ་མཆོག་གི་སྣོད་དུ་རུང་བ་ཇི་ལྟར་འགྱུར། དེ་ལྟ་ཡིན་ན་དེའི་ཚེ་མཆོད་པ་འདི་གང་དུ་བྱ་ཞེ་ན། གནས་ཀྱི་ཁྱད་པར་བསྟན་པའི་ཕྱིར་སྨྲས་པ། རི་སུལ་ཚང་ཚིང་ཕུག་རྣམས་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཀུན་རྫོབ་ཏུ་ཡི་གེའི་དོན་ནི་གོ་སླ་བས་མ་

བསྟན་ཏོ། །དམ་པའི་དོན་དུ་བཤད་པར་བྱ་སྟེ། དེ་ལ་མུ་སྟེགས་ལ་བྱུང་བའི་བདག་ཉིད་དང་། སེམས་ཅན་དང་། སྐྱེས་བུ་དང་། གང་ཟག་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་མི་གཡོ་བའི་ཕྱིར་རི་བོའོ། །སེམས་ཅན་དམན་པ་རྣམས་ཀྱིས་བགྲོད་པར་དཀའ་བའི་ཕྱིར་ཚང་ཚིང་ངོ་། །

རྒྱ་ཆེ་བ་དང་། ཟབ་པའི་ཕྱིར་ཕུག་རྣམས་སོ། །མཆོད་པ་བཞིའི་གཞིར་གྱུར་པ་གོང་དུ་བཤད་པའི་ལྷ་མོ་བཞིའི་པདྨ་ཆེན་པོ་ནི་ཆུའི་ངོགས་སོ། །ཀ་རནྡ་ཀ་དང་། ཙཀྲ་ཝཀ་ལ་སོགས་པའི་འདབ་ཆགས་ཀྱི་ཚོགས་ལྟ་བུའི་རྒྱལ་བའི་ཚོགས་ཀྱི་གནས་ཡིན་པའི་ཕྱིར་རོ། །རི་སུལ་ཚང་ཚིང་ལ་སོགས་

เล่ม ๑๖ · หน้า 252b

པ་སྟེ། དེ་ཁོ་ན་ཉིད་གོམས་པའི་གནས་སོ། །གདོད་ནས་གྲུབ་པའི་དུར་ཁྲོད་ནི་དང་པོ་ནས་རྟག་ཏུ་ཡོངས་སུ་གྲུབ་པའི་སྐྱེ་བ་དང་འཇིག་པ་ལས་འདས་པ་ཤེས་རབ་ཀྱི་མཚན་མ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་བག་ཆགས་ཀྱི་གནས་ཡིན་པའི་ཕྱིར་དུར་ཁྲོད་དོ། །དེར་ཅི་ཞིག་བྱ་ཞེ་ན། སྨྲས་པ།

དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ནི་དེ་ལ་དཀྱིལ་འཁོར་རྣམ་པ་གཉིས་ཏེ། བྲིས་པའི་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། །བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་དཀའ་རྒྱལ་ཟླ་བས་མཛད་པའི་རིན་པོ་ཆེའི་ཚོགས་ཞེས་བྱ་བའི་དཀའ་འགྲེལ་ལས།

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ་འཇུག་པའི་ལེའུ་སྟེ་དང་པོའོ།། །།ད་ནི་དཔལ་ཧེ་རུ་ཀའི་མངོན་པར་འབྱུང་བ་ཞེས་བྱ་བའི་ལེའུ་གཉིས་པར་བདེ་མཆོག་གི་མན་ངག་གཙོ་བོར་གྱུར་པ་གང་ཡིན་པ་དེའི་རྩ་བ་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ལ་ཆུ་དང་ལྕི་

བས་ཞེས་བྱ་བ་ལ་སོགས་པ་ལ། དེར་ཞེས་བྱ་བ་ནི་རི་དང་ཕུག་ལ་སོགས་པའི་གནས་སུའོ། །ཆུ་ཞེས་བྱ་བ་ནི་ཆུ་ཉིད་དོ། །ཆུ་དང་ལྕི་བས་བྱུགས་པའི་ས་བརྐོས་ནས་བཀང་ཞིང་ལེགས་པར་བརྡུངས་པའི་ས་ཡོངས་སུ་གཟུང་བར་བྱ་སྟེ། ཐོག་མར་བྱུག་ཅིང་དུར་ཁྲོད་ཀྱི་ཐལ་བས་བསྲེས་པའི་བདུད་

རྩི་ལྔས་སླར་ཡང་དཀྱིལ་འཁོར་གྱི་ས་གཞི་ལེགས་པར་བྱུག་པར་བྱའོ་ཞེས་པའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱི་གནས་ཉེ་བར་བརྟག་ཅིང་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་བའི་ཕྱིར་བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། ཆ་ནི་བགོ་བའི་

རིམ་པ་ཡིས། །བློ་དང་ལྡན་པའི་དཀྱིལ་འཁོར་ནི། །ཞེས་བྱ་བ་ལ་སོགས་པའོ། །ཆ་གསུམ་དུ་བགོ་བ་ནི་གསུམ་དུ་བགོ་བ་སྟེ། དེའི་རིམ་པ་ནི་ཆ་གསུམ་དུ་བགོ་བའི་རིམ་པའོ། །ཆ་བགོ་བའི་རིམ་པ་དེས་དཀྱིལ་འཁོར་ཐིག་གདབ་པར་བྱ་བ་ཡིན་གྱི། རིམ་པ་མ་ཡིན་པ་ནི་མ་ཡིན་ནོ་

ཞེས་བསྟན་ཏོ། །དེ་ལ་ཆ་བགོ་བ་དེ་ཉིད་ཀྱང་མི་ཤེས་ན་དེའི་རིམ་པ་གང་གིས་ཤེས་པར་འགྱུར། དེའི་ཕྱིར་དཀྱིལ་འཁོར་འདི་ནི་ཡོངས་སུ་ཤེས་པར་མི་འགྱུར་སྙམ་ན་དེ་ལ་སེམས་ཅན་མགུ་བ་དང་སྨིན་པར་བྱ་བའི་ཕྱིར་ཆ་བགོ་བའི་རིམ་པ་བཤད་པར་བྱ་སྟེ། བར་མཚམས་ནས་ནི་རེའུ་མིག་

เล่ม ๑๖ · หน้า 253a

གསུམ། །ཆ་བགོ་བ་ནི་རབ་བསྒྲུབ་བྱ། །བདུན་དང་དྲུག་པ་ལྔ་པ་ཡི། །རིམ་ལས་ཆ་རྣམས་བགོ་བར་བྱ། །དེ་ལྟར་དཀྱིལ་འཁོར་ཐིག་བཏབ་ནས། ཚོན་དགྱེ་བའི་རིམ་པ་བཤད་པར་བྱ་སྟེ། དུར་ཁྲོད་སོལ་བའི་ཕྱེ་མ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུར་ཁྲོད་ཀྱི་

སོལ་བས་ཚོན་ནག་པོ་བྱའོ། །དུར་ཁྲོད་ཀྱི་སོ་ཕག་གིས་ཚོན་དམར་པོ་བྱའོ། །ཞེས་དམ་ཚིག་བསྲུང་བའི་དོན་དུ་ཚོན་གཉིས་དགོད་པ་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །ལྗང་གུ་དང་དཀར་པོ་དང་སེར་པོ་དང་ལྔ་སྟེ་དེ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ། །ལྷའི་ཞེས་བྱ་བ་ལ། ཕྱོགས་

རྨོངས་པ་ལ་སོགས་པ་སྦོམ་པ་དང་། ཕྲ་བ་དང་། ཆད་པ་ལ་སོགས་པ་ལས་འདས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གང་གིས་བྲི་ཞེ་ན། སློབ་དཔོན་ཞེས་བྱ་བ་ལ། དཀྱིལ་འཁོར་གྱི་སློབ་དཔོན་གྱི་ཁྱད་པར་རོ། །མཚན་ཉིད་ཐམས་ཅད་དང་ལྡན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ།

མང་པོས་ཅི་ཞིག་བྱ་ཞེས་པའོ། །བཤད་པའི་ཁྱད་པར་གྱིས་ཁྱད་པར་ཅན་གྱི་དཔལ་ཧེ་རུ་ཀར་བདག་ཉིད་བྱ་བ་ཡིན་གྱི། སོ་སོའི་སྐྱེ་བོའི་ང་རྒྱལ་གྱིས་ནི་མ་ཡིན་ནོ། །དེ་བས་ན་དཔལ་ཧེ་རུ་ཀ་དྲན་པར་བྱས་ལ། བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པ་ཐོབ་པར་ཐ་མལ་པའི་མིང་བརྗེད་པའི་ཕྱིར་དེང་

ནས་བརྩམས་ཏེ། རང་ཉིད་དཔལ་ཧེ་རུ་ཀར་དྲན་པར་བྱ་ཞིང་སུམ་ཅུ་རྩ་དྲུག་པའི་ལྷའི་འཁོར་ལོས་སྒྱུར་བ་ཐམས་ཅད་བདག་ཉིད་ཡིན་ནོ་ཞེས་པའོ། །དཀྱིལ་འཁོར་ཇི་ལྟར་བྲི་བར་བྱ་ཞེ་ན། འཁོར་ལོ་འདིའི་སྙིང་གར་དགོད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། འཁོར་ལོ་ནི་དཀྱིལ་འཁོར་གྱི་འཁོར་

ལོ་སྟེ། གཞི་དང་གཞི་ཅན་གྱི་མཚན་ཉིད་སྙིང་ག་ཞེས་བྱ་བ་ལ། ནང་གི་ཡན་ལག་དང་ཉིང་ལག་པུལླཱིར་མཱ་ལ་སོགས་པའི་གནས་གང་ཡིན་པ་དེར་བཀོད་ཅིང་བསྡུ་བའི་དོན་ཏོ། །དེའི་འོག་ཏུ་དཀྱིལ་འཁོར་བྲི་བ་ལ། རང་གི་ཡན་ལག་ལ་བསྡུས་པའི་དཀྱིལ་འཁོར་ཅན་གྱི་བྱ་བ་སྟོན་པ་

ཡིན་ཏེ། བདག་ཉིད་དེ་ལྟར་གོ་བགོས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལྟར་བཤད་པའི་རིམ་པས་དཔལ་ཧེ་རུ་ཀའི་རྣམ་པ་དང་ལྡན་པས་བདུད་ཀྱི་ཚོགས་རྣམ་པར་ཕམ་པར་བྱས་ནས་གོ་ཆ་དགོད་པའི་བདག་ཉིད་ཅན་གྱིས་དཀྱིལ་འཁོར་གྱི་ས་གཞི་ལ་འོག་དང་སྟེང་དང་ལོགས་

เล่ม ๑๖ · หน้า 253b

རྣམས་ཀྱི་དབྱེ་བ་བསྟན་པ་ཡིན་ཏེ། ར་བ་རྣམས་ཀྱི་ཕྱོགས་སུ་དགོད། །ཅེས་བྱ་བ་ལ། ར་བ་ནི་རྡོ་རྗེའི་ར་བའོ། །ཕྱོགས་ཞེས་བྱ་བ་ནི་ཕྱོགས་རྣམས་ལའོ། །འོག་ཏུ་མཚོན་ཆ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སར་དགོད་པའི་ཕྱིར་མཚོན་ཆ་སྟེ་རྡོ་རྗེའི་ས་གཞིའོ། །གང་གི་འོག་ཅེ་ན། འཁོར་ལོ་

རང་གི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་བདག་ཉིད་ནི་དཔལ་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པའི་སྐུ་གང་དུ་བདག་པོར་གྱུར་པ་དེར་འབྱུང་བར་འགྱུར་བ་འཁོར་ལོའོ། །གི་ཞེས་བྱ་བ་ནི་གཞི་གཅིག་པའི་དྲུག་པའོ། །ཡང་ན་འཁོར་ལོའམ་བདག་ཉིད་ཀྱི་འོག་དང་

སྟེང་དུ་རང་དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་ར་བ་ལ་སོགས་པ་དགོད་ཅེས་ཚིག་རྣམ་པར་སྦྱར་བར་བྱའོ། །དེ་བས་ན། བདག་ཉིད་མཁའ་འགྲོའི་དྲ་བ་བྱས། །ཞེས་བྱ་བ་སྨོས་ཏེ། སྟེང་དང་འོག་ཅེས་བྱ་བ་ནི་བདག་ཉིད་ཀྱིའོ། །མཁའ་འགྲོའི་དྲ་བ་ནི་རྡོ་རྗེའི་ར་བ་ཡིན་ནོ། །དེ་ལྟར་གོ་བགོས་ཞེས་བྱ་བ་ནི་

གོ་ཆ་དྲུག་གིས་བདག་ཉིད་ལ་བཀོད་ན་འགྲོ་བ་ལྔ་ལས་འདས་པའི་སུམ་ཅུ་རྩ་གསུམ་པས་མི་ཕྱེད་པར་འགྱུར་རོ། །སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས། །ཞེས་བྱ་བ་ནི། སྔགས་ཀྱི་རྣམ་པར་དག་པའི་ཕྱག་རྒྱས་བརྒྱན་པའི་སློབ་དཔོན་གྱིས་དཀྱིལ་འཁོར་བྲི་བར་བྱ་ཞེས་ཚིག་རྣམ་པར་སྦྱར་རོ། །

དཀྱིལ་འཁོར་རྩོམ་པའི་དུས་སུ་རྡོ་རྗེ་ར་བ་ལ་སོགས་པ་བྱ་བའི་ཕྱིར་བཤད་པ་ཡིན་གྱི་གཞན་དུ་དགོས་པ་མེད་དོ། །དེ་བྱེད་པར་འདོད་པས་འདི་དག་ཐམས་ཅད་མིང་གི་རྒྱུད་བླ་མ་ལས་དྲངས་ཏེ་བཤད་པར་འགྱུར་བའི་དཔལ་ཧེ་རུ་ཀའི་མངོན་པར་རྟོགས་པ་ལས་ཁོང་དུ་ཆུད་པར་བྱའོ། །འཇིགས་པ་ཞེས་

བྱ་བ་ནི་རོ་ལངས་གར་བྱེད་པ་དང་། ཁྲོས་པའི་གནོད་སྦྱིན་དང་། ལྟོགས་པའི་ཡི་དགས་དང་། འཐབ་པའི་དཔའ་བོ་དང་། རྣལ་འབྱོར་གྱི་དབང་ཕྱུག་རོལ་པ་དང་། རྣལ་འབྱོར་མ་གཟི་བ་དང་། དུག་གི་སྒྲ་འབྱིན་པའི་སྦྲུལ་རྒྱུ་བ་དང་། ཕེཊ་དང་ཕཊ་ཀྱི་སྒྲ་འབྱིན་ཅིང་བརྒྱུག་པའི་སྟག་དང་། དོམ་མང་

པོ་ལ་སོགས་པས་གང་བའི་དུར་ཁྲོད་ཀྱིས་འཇིགས་པར་བྱེད་པའོ། །དངོས་གྲུབ་ཆེན་པོ་རབ་སྟེར་བའི། །ཞེས་བྱ་བ་ལ་རྡོ་རྗེའི་ར་བ་ལ་སོགས་པ་འཛིན་པའི་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་ཅིང་འདོད་པ་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་བྲི་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་གང་གིས་དཀྱིལ་

เล่ม ๑๖ · หน้า 254a

འཁོར་འདི་བྲི་བར་བྱ་ཞེ་ན་སྨྲས་པ། དེ་ནས་སེམས་མེད་སྲད་བུ་ཡི། །ཞེས་བྱ་བ་ལ་སོགས་པ་ལ། དེས་ནས་ནི་རྡོ་རྗེའི་ར་བ་ལ་སོགས་པའི་འོག་ཏུའོ། །སེམས་མེད་སྲད་བུ་ནི་ཤ་ཆེན་དང་ཁྲག་གིས་སྦགས་པའི་རིང་དུ་ལོན་པའི་སེམས་མེད་པའི་སྲད་བུས་ཐིག་གདབ་པོ་ཞེས་བྱ་

བའི་དོན་ཏོ། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་འདི་ཚད་ཅི་ཙམ་དུ་བྲི་ཞེ་ན། དེའི་ཚད་བཤད་པར་བྱ་སྟེ། ཁྲུ་བཞི་པའམ་ཁྲུ་བརྒྱད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྲུ་བཞི་པ་ལ་སོགས་པའི་ཚད་དང་ལྡན་པའི་དཀྱིལ་འཁོར་གྱི་ཐིག་སྐུད་དེ་ཙམ་གྱི་ཚད་དུ་བྱ་བའམ། འོན་ཏེ་དེ་བས་ལྷག་

པ་ཞིག་བྱ་སྙམ་ན་སྨྲས་པ། སྔགས་པའི་ཉིས་འགྱུར་རྣམ་དཔྱད་ཅིང་། །ཞེས་བྱ་བ་ལ་སོགས་པ་ལ། ཚད་ལས་ཉིས་འགྱུར་བརྒྱད་ཁྲུ་བརྒྱད་ཀྱི་ཉིས་འགྱུར་བཅུ་དྲུག་གི་ཚད་རབ་ཏུ་བརྐྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །དགོས་པ་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་ཕྱེད་ནི་དཀྱིལ་འཁོར་རོ། །

དཀྱིལ་འཁོར་གྱི་ནང་གི་རིམ་པ་ནི་འཁོར་ལོ་སྟེ། དེའི་ཚད་ཁྲུ་བཞི་ཡིན་གྱི་མ་ལུས་པ་ནི་མ་ཡིན་ནོ། །དེས་ན་ཕྱིའི་དཀྱིལ་འཁོར་གྱི་རིམ་པ་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་འདི་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་ཉིས་འགྱུར་བཤད་པ་སྐྱོན་མེད་དོ། །འོན་ཏེ་དགོས་པ་ཡོད་ན་ནི་

སྐྱོན་དང་ཡོན་ཏན་དཔྱད་པ་ཡིན་ན་ལྷའི་འཁོར་ལོ་བསྒོམས་པ་ལ་ནི་དཀྱིལ་འཁོར་འདི་དགོས་པ་མེད་དོ་ཞེ་ན། སྨྲས་པ། ལྷའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ཡང་བྱང་ཆུབ་སྒྲུབ་པོ་ཞེས་བསྟན་པའི་ཕྱིར་བཤད་པའི་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་གྱི་རྣམ་པར་དག་པ་བསྟན་པ་ལ་

འཇུག་པར་བྱ་སྟེ། ས་ཡི་ཆ་ནི་སྤྱན་ཡིན་ཏེ། །ཐིག་སྐུད་རྣམ་པར་སྣང་མཛད་བཤད། །རྡུལ་ནི་སྣ་ཚོགས་རིགས་ཞེས་བྱ། །དེ་བཞིན་མཆོད་པ་སྣ་ཚོགས་རྣམས། །པདྨ་པུལླཱི་ར་ཡིན་ཏེ། །ཛཱ་ལནྡྷ་ར་ཐུགས་འཁོར་ལོ། །ཨུ་ཌྱན་གསུང་གི་འཁོར་ལོ་སྟེ། །སྐུ་ཡི་འཁོར་ལོ་ཨར་བུ་ད། །གོ་

དཱ་བ་རི་ཟུར་བཞི་སྟེ། །ར་མེ་ཤྭ་ར་མེ་ཡི་མཚམས། །དེ་བཱི་ཀོ་ཊཱི་བདེན་བྲལ་བཤད། །མཱ་ལ་བ་ནི་རླུང་གི་མཚམས། །དབང་ལྡན་མཚམས་ནི་ཀཱ་མ་རུ། །འདི་ནི་མཚམས་རྣམས་དག་པའོ། །ཤར་གྱི་སྒོ་ནི་ཨོ་ཊེ་སྟེ། །དེ་བཞིན་ལྷོ་ནི་བྱ་གསུམ་བཤད། །ནུབ་ཕྱོགས་སྒོ་ནི་ཀོ་ས་ལ། །ཀ་ལིང་

เล่ม ๑๖ · หน้า 254b

ཀ་ནི་དེ་བཞིན་བྱང་། །ཤར་གྱི་རྟ་བབས་ལམྤཱ་ཀ །ཀཱཉྩི་ལྷོ་ཡི་རྟ་བབས་ཡིན། །ཧ་མཱ་ལ་ཡ་ནུབ་ཕྱོགས་སུ། །བྱང་གི་རྟ་བབས་ཡི་དགས་གྲོང་། །ལྷ་ཡི་སྣམ་བུ་གྲྀ་ཧ་དེ། །རིན་ཆེན་སྣམ་བུ་སཽ་རཱཥྚ། །དྲ་དང་དྲ་ཕྱེད་སྣམ་བུ་ནི། །གསེར་གླིང་ཉིད་དུ་བཤད་པ་ཡིན། །རྔ་ཡབ་གཡེར་ཁ་

རྒྱལ་མཚན་དང་། །གདུགས་དང་བ་དན་གྲོང་ཁྱེར་གསུམ། །རྡོ་རྗེ་ཐིག་ནི་ཟླུམ་པོ་སྟེ། །སིན་དྷུ་ཉིད་དུ་བཤད་པ་ཡིན། །ཁ་ཁྱེར་དེ་བཞིན་མྱ་ངམ་སྟེ། །རིན་ཆེན་རྡོ་རྗེ་ཀུ་ལུ་ཏཱ། །དེ་ལྟར་དཀྱིལ་འཁོར་དམ་པ་བྲི། །གྲུ་བཞི་པ་ལ་སྒོ་བཞི་ལ། །རྟ་བབས་བཞི་པོས་རྣམ་པར་བརྒྱན། །

དྲ་བ་དྲ་ཕྱེད་ཀྱིས་མཛེས་པ། །གཡེར་ཁའི་ཕྲེང་དང་རྔ་ཡབ་བརྒྱན། །ཟུར་གྱི་ཆ་ནི་ཐམས་ཅད་དང་། །སྒོ་དང་ཁ་ཁྱེར་རྟ་བབས་རྣམས། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་མཛེས། །མཚམས་རྣམས་ཐམས་ཅད་སྐྱོན་མེད་པ། །སྐུ་ཡི་འཁོར་ལོར་སྐུ་དབང་ཕྱུག །གསུང་གི་འཁོར་ལོར་སྣང་

མཐའ་ཡས། །མི་བསྐྱོད་ཐུགས་ཀྱི་འཁོར་ལོར་ཏེ། །དབུས་ཀྱི་པདྨར་རིན་ཆེན་འཛིན། །ཕྱི་ཡི་འཁོར་ལོར་གཟུགས་རྣམས་ལ། །རྣམ་པར་སྣང་མཛད་རྣམ་པར་བསྒོམ། །སྐུ་ཡི་འཁོར་ལོ་ཚོར་བ་སྟེ། །འདུ་ཤེས་གསུང་གི་འཁོར་ལོ་ཡིན། །འདུ་བྱེད་ཐུགས་ཀྱི་འཁོར་ལོར་གྲགས། །

པདྨ་དོན་ཡོད་རྣམ་ཤེས་སོ། །རི་མོ་ལྔ་ནི་གང་ཡིན་པ། །ཤིན་ཏུ་རྣམ་དག་རང་བཞིན་ནོ། །རེའུ་མིག་ཐམས་ཅད་སར་དགོད་པ། །ལུས་ཀྱི་རྣམ་དག་བསྒོམ་པར་བྱ། །རི་མོ་ཉི་ཤུ་ཕྱོགས་བཞི་ས། །དཔའ་བོའི་རྣམ་པར་དག་པ་ཡིན། །འཁོར་རྩིབས་རྣལ་འབྱོར་མ་ཡི་དགས། །རྡོ་རྗེ་

ཕག་མོ་ལྟེ་བ་སྟེ། །ས་བོན་ཞེས་གྲགས་ཁྲག་འཐུང་མཆོག །འདབ་མ་མཁའ་འགྲོ་མའི་རང་བཞིན། །དཀྱིལ་འཁོར་དཀྱིལ་འཁོར་རྣམས་ཀྱི་མཆོག །སུམ་ཅུ་རྩ་བདུན་རྣམ་དག་པའི། །དཀྱིལ་འཁོར་སྙིང་པོ་བསྡུས་པའོ། །རི་མོའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་

མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་དགོད་པ་བཞི་པའོ། །མེ་ཏོག་བཀྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །དབུས་ཀྱི་པདྨ་ལྟེ་བར་བཅས། །རབ་ཏུ་དགའ་བའི་ས་ཡིན་ནོ། །ཐུགས་ཀྱི་འཁོར་ལོ་དྲི་མ་མེད། །གསུང་

เล่ม ๑๖ · หน้า 255a

གི་འཁོར་ལོ་འོད་བྱེད་དེ། །འོད་འཕྲོ་ཅན་ནི་སྐུ་འཁོར་ལོ། །དེ་བཞིན་གྲུ་བཞི་སྦྱང་དཀའ་བ། །ལྷ་ཡི་སྣམ་བུ་མངོན་དུ་གྱུར། །སྒོ་བཞི་རིང་དུ་སོང་བ་སྟེ། །ཟུར་གྱི་ཆ་ནི་མི་གཡོ་བ། །ལེགས་པའི་བློ་གྲོས་རྡོ་རྗེའི་ཐིག །རྟ་བབས་ཆོས་ཀྱི་སྤྲིན་ཞེས་བཤད། །དཀྱིལ་

འཁོར་དེ་ཉིད་དམ་པ་སྟེ། །ཁྲག་འཐུང་ཡེ་ཤེས་བླ་མེད་པའོ། །དཀྱིལ་འཁོར་བྷ་གའི་པདྨ་སྟེ། །ཕག་མོའི་སྐུ་ལས་ཡང་དག་འབྱུང་། །རི་དང་ཕུག་དང་ནགས་ཚལ་དང་། །ཆུ་བོའི་འགྲམ་དང་བཞི་མདོ་དང་། །རྒྱ་མཚོའི་ངོགས་ནི་ཡིད་འོང་དང་། །ཤིང་གཅིག་དྲུང་དང་ཞི་གནས་སུ། །

གནས་ནི་ཉེ་བར་མཚོན་བྱས་ནས། །གང་དུ་ཡིད་དུ་འོང་བའམ། །དེ་ཉིད་དེ་ནི་རྣལ་འབྱོར་བརྩམ། །འདོད་པ་ཐམས་ཅད་རབ་སྟེར་བའོ། །སྙིང་གི་མཁའ་དབྱིངས་པད་གནས་པར། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །དེ་ལ་དེ་ཉིད་མཆོག་བལྟ་ཞིང་། །ཡེ་ཤེས་ལྔ་ཡི་བདག་ཉིད་ཞི། །

འོད་ཟེར་སྣ་ཚོགས་ལྔ་ཡི་བདག །ཀུན་ནས་འོད་ནི་རྣམ་པར་སྤྲོ། །སེམས་ཙམ་ལ་ནི་ངེས་པར་གནས། །བྱང་ཆུབ་ཚོགས་ནི་སྒྲུབ་བྱེད་པ། །ནམ་མཁའི་དབྱིངས་ནས་ཡིད་འོང་པར། །དཀྱིལ་འཁོར་མཆོག་ནི་བལྟས་ནས་སུ། །ཏིལ་གྱི་གང་བུ་དང་མཚུངས་པའི། །སངས་རྒྱས་བྱང་ཆུབ་

སེམས་དཔའ་མཆོད། །འགྲོ་བ་རིས་དྲུག་སེམས་ཅན་རྣམས། །བླ་མེད་གོ་འཕང་ཐོབ་པར་ཤོག །དེ་ཡི་འོག་ཏུ་སྐྱབས་འགྲོ་ཞིང་། །དམ་བཅས་པ་ཡང་བྱ་བ་ཡི། །ཁྲག་འཐུང་སངས་རྒྱས་བདག་གྲུབ་ཅིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཚངས་པའི་གནས་བཞི་དག་ལ་ནི། །དེ་

ནས་རྣམ་པར་གནས་པར་བྱ། །སྦྱིན་པའི་ཕ་རོལ་ཕྱིན་དམིགས་ཤིང་། །རྩེ་གཅིག་པ་ཡི་སེམས་ཀྱིས་སོ། །ཕྱི་དང་ནང་གི་ཆོས་རྣམས་ཀུན། །སྟོང་པ་ཉིད་དུ་བལྟ་བར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། མིག་ཡོར་ཙམ་གྱི་རྣམ་ཤེས་ནི། །སེམས་ཙམ་དུ་ནི་རྣམ་པར་བརྟག །ཇི་

སྲིད་ས་འོག་མཐར་ཐུག་པར། །རླུང་གི་འཁོར་ལོ་བསམ་པར་བྱ། །ཡི་གེ་ཡྃ་ལས་ཡང་དག་བྱུང་། །གཞུ་ཡི་དབྱིབས་ཅན་ཁ་དོག་སྔོ། །དེ་ཡང་བ་དན་གྱིས་མཚན་ཞིང་། །དུ་བའི་ཕྲེང་བ་ཀུན་དུ་འཁྲིགས། །དེ་སྟེང་ཡི་གེ་རྃ་ལས་སྐྱེས། །མེ་ཡི་དཀྱིལ་འཁོར་མཆོག་ཏུ་བསྒོམ། །གྲུ་གསུམ་ཁ་

เล่ม ๑๖ · หน้า 255b

དོག་དམར་བ་སྟེ། །འབར་བའི་ཕྲེང་བས་ཀུན་དུ་འཁྲིགས། །རྡོ་རྗེ་ཡིས་ནི་རྣམ་པར་མཚན། །ཉི་མ་བྱེ་བ་དང་མཚུངས་མཆོག །དེ་ཡི་སྟེང་དུ་ཆུའི་དཀྱིལ་འཁོར། །ཟླུམ་པོ་འོད་ཟེར་ཕྲེང་བས་ཁྱབ། །ཁ་བའི་ཁ་དོག་དང་མཚུངས་པ། །བྃ་བྱུང་བུམ་པས་མཚན་པའོ། །དེ་ཡི་སྟེང་དུ་ས་ཡི་ནི། །དཀྱིལ་

འཁོར་ལྃ་ལས་བྱུང་བའི་མཆོག །གྲུ་བཞི་སྣ་ཚོགས་རྡོ་རྗེས་མཚན། །འོད་ཟེར་སེར་པོས་ཀུན་དུ་འཁྲིགས། །དེ་ཡི་སྟེང་དུ་རི་རབ་མཆོག །རྣམ་པར་བསྒོམ་པ་ཉིད་དུ་བྱ། །རིན་ཆེན་སྣ་བདུན་རང་བཞིན་ལྟ། །རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས། །ཡི་གེ་སུཾ་ལས་ཡང་དག་འབྱུང་། །འོད་ཟེར་

སྣ་ཚོགས་ཡང་དག་འཁྲིགས། །རྡོ་རྗེ་ར་བ་རྡོ་རྗེ་དྲ། །རྡོ་རྗེ་ས་གཞི་བླ་རེ་དང་། །མངའ་ཡི་དྲ་བས་བྱིན་བརླབས་ཤིང་། །ཕྱི་རོལ་མེ་ཡི་ཕྲེང་བ་བསམ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བྃ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁྃ་ཧཱུཾ། ཨོཾ་བཛྲ་ཤ་ར་ཛཱ་ལ་ཏྲཱྃ་སྃ་ཏྲཱྃ།

ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། ཁྲག་འཐུང་བཀའ་ཡི་འཁོར་ལོ་ནི། །རྩིབས་བརྒྱད་དྲང་པོར་འབར་བའི་མཆོག །ཉི་མའི་དཀྱིལ་འཁོར་ལ་གནས་པ། །ལྟོས་ནས་རྡོ་རྗེ་སེམས་དཔའ་བསྒོམ། །དེ་ནས་ཁྲོ་བོ་བརྒྱད་པོ་སྤྲོ། །རིམ་དང་རིམ་ལས་བཟློག་པར་དགོད། །རྡོ་རྗེ་དྲག་པོ་རྡོ་རྗེ་ཉིད། །དེ་

བཞིན་རྡོ་རྗེ་གཙུག་ཏོར་ཉིད། །རྡོ་རྗེ་བདུད་རྩི་གནོད་སྦྱིན་དང་། །རྡོ་རྗེ་ནག་པོ་སྟོབས་པོ་ཆེ། །རྡོ་རྗེ་འཇིགས་བྱེད་ཅེས་བྱ་པའི། །དེ་ལྟར་ཁྲོ་བོ་བརྒྱད་པོ་དགོད། །སྔོ་དང་སེར་དང་དེ་བཞིན་དམར། །ལྗང་གུ་དང་ནི་དུ་བའི་མདོག །དཀར་དང་སྔོ་དང་དམར་དང་འཇིགས། །དེ་བཞིན་ཁམ་པ་མི་བཟད་པའོ། །

ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །མི་ཡི་རུས་པའི་རྒྱན་གྱིས་མཛེས། །གཡས་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །སྣ་ཚོགས་པདྨའི་གདན་ལ་ནི། །ཕྱོགས་སྐྱོང་བ་ནི་བརྒྱད་པོ་དག །ཞབས་ཀྱིས་རྣམ་པར་གནོན་པར་བསམ། །ཁྲོ་བོའི་ཡན་ལག་ཐོད་པ་འཆང་། །ཞགས་པ་ལྕགས་

ཀྱུ་འཛིན་པའི་མཆོག །ཐམས་ཅད་དྲིལ་བུ་ཅང་ཏེའུ་འཛིན། །ཤེས་རབ་འཁྱུད་ཅིང་བདེ་བ་མཆོག །དབུ་སྐྲ་ཁམ་པ་གྱེན་དུ་བརྗེས། །མི་བཟད་མཆེ་བ་རྣམ་པར་གཙིགས། །སྟག་གི་པགས་པ་གོས་སུ་མནབས། །ཕྲེང་བའི་རྒྱན་གྱིས་རྣམ་པར་བརྒྱན། །དེ་རྣམས་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་ཧཱུཾ་མཛད་

เล่ม ๑๖ · หน้า 256a

བསྒོམ་པར་བྱ། །ཁྲོ་བོ་འབར་བས་རྣམ་པར་འཁྲུགས། །མཆེ་བ་གཙིགས་པ་ཤིན་ཏུ་འཇིགས། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། །གཡས་བརྐྱང་པ་ཡིས་ཤིན་ཏུ་བརྟན། །ལྕགས་ཀྱུ་ཞགས་པ་ཁ་ཊྭཱཾ་ག །རྡོ་རྗེ་དྲིལ་བུ་ཐོད་པ་དག །མགོ་ཡི་ཆུན་འཕྱང་དྲག་པོའི་

སྐུ། །མགོ་བོ་ཡི་ནི་སྐེ་རགས་འཆིང་། །གདུག་པ་ཐམས་ཅད་ཞབས་ཀྱིས་གནོན། །ཐབས་དང་ཤེས་རབ་མཉམ་པར་ལྡན། །རྡོ་རྗེ་སེམས་དཔའི་ཅོད་པན་ཅན། །རྡོ་རྗེ་འཇིགས་བྱེད་བསྒོམ་པར་བྱ། །སྟེང་དང་འོག་ཏུ་འགྲོ་བ་སེམས། །ཁྲོ་བོ་གཉིས་ནི་བསྒོམ་པར་བྱ། །ས་འོག་

རྡོ་རྗེ་གཙུག་ཏོར་དང་། །དཀར་དང་སྔོ་དང་མིག་སྨན་མདོག །ཐོད་པའི་ཁ་ཊྭཱཾ་ག་འཆང་ཞིང་། །འཁོར་ལོ་རྩིབས་གསུམ་ཕྱག་ན་བསྣམས། །མདུང་དང་ལྕགས་ཀྱུ་རྡོར་དྲིལ་དང་། །གཡས་བརྐྱང་བ་ཡིས་ཡང་དག་བཞུགས། །ཁྲོ་བོའི་རྣམ་པའི་ཕུར་བུ་རྣམས། །ཕྱོགས་བཅུར་

འོད་ཟེར་རྣམ་པར་འཕྲོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ་ཕཊ། ཤར་ཕྱོགས་སུའོ། །ཨོཾ་གྲྀཧྞ་གྲྀ་ཧྞ་ཧུཾ་ཧཱུཾ་ཕཊ་ཕཊ། བྱང་ཕྱོགས་སུའོ། །ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ་ཕཊ། ནུབ་ཕྱོགས་སུའོ། །ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧུཾ་ཧཱུཾ་ཕཊ་ཕཊ། ལྷོ་ཕྱོགས་སུའོ། །གསང་

སྔགས་རྒྱལ་པོ་འདི་ཡིས་ནི། །བགེགས་ཀུན་གྱི་ནི་མགོ་བོ་ལ། །ཕུར་བུ་ཡིས་ནི་རྣམ་པར་དགོད། །གཡས་དང་གཡོན་གྱི་རིམ་པ་ཡིས། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་བིགྷྣཱཾ་ཧུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་བི་ནཱ་

ཡ་ཀ །ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། དེ་རྗེས་གསང་སྔགས་འདི་བརྗོད་བྱ། །བློ་གྲོས་ཅན་གྱིས་སྔགས་འདི་བརྗོད། །ཨོཾ་བཛྲ་དྷྲྀ་ཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་ན་ལཱརྐ་ཧཱུཾ་ཕཊ། ཨོཾ་བཛྲ་ཨུཥྞི་

ཥ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལ་ཡ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་བ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཱི་ཥ་ཎ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཨུཥྞཱི་ཥ་ཙཀྲ་ཝརྟི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུཾ་ཕཊ། དེ་ལྟར་ཤེས་རབ་དངོས་གྲུབ་ནི། །སྐད་ཅིག་གིས་ནི་

เล่ม ๑๖ · หน้า 256b

བགེགས་མེད་འགྱུར། །སྔོ་དང་སེར་དང་ལྗང་གུ་དག །རྡོ་རྗེ་ཧཱུཾ་མཛད་ང་རྒྱལ་བཅང་། །སེར་དང་གནག་དང་ལྗང་གུ་སྟེ། །དུ་བའི་མདོག་དང་སེར་དང་ལྗང་། །དཀར་དང་སེར་དང་ལྗང་གུ་དང་། །སེར་དང་གནག་དང་དེ་བཞིན་དུ། །གཞན་དག་བདག་པོ་དང་འདྲའོ། །མི་བསྐྱོད་དམ་ཚིག་ཅོད་པན་

དུ། །བསམས་ནས་རྡོ་རྗེ་ཅན་མཉེས་འགྱུར། །དེ་ལྟར་སྒོམ་པར་བྱེད་པ་ལ། །གལ་ཏེ་སྐྱོ་བ་སྐྱེ་འགྱུར་ན། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ནི། །དད་པས་རྩེ་གཅིག་དྲན་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་ནི་མི་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏཱ་ཛྙཱ་ན་བཛྲ་

སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཀུན་དུ་བཟང་པོ་ཀུན་བདག་ཉིད། །ཡོངས་སུ་གྱུར་ནས་ནམ་མཁའི་དབྱིངས། །ནམ་མཁའི་དབྱིངས་ཀྱི་གནས་དེར་ནི། །སེམས་མེད་སྟེང་དུ་འཁོར་ལོ་བསྒོམ། །དེ་ལ་ཡི་གེ་ཨོཾ་བཀོད་ནས། །རྣམ་པར་སྣང་མཛད་བསྒོམ་པར་བྱ། །ཁ་དོག་དཀར་ཞིང་ཕྱག་བཞི་པ། །

གཡས་དང་གཡོན་གྱིས་རིག་མ་འཁྱུད། །འཁོར་ལོ་ཉིད་དང་ཐོད་པ་དང་། །ཁ་ཊྭཱཾ་ག་དང་ཅང་ཏེའུ་བསྣམས། །དེ་ནི་ཡོངས་སུ་གྱུར་པ་ལས། །གཞལ་ཡས་ཁང་དུ་བསྒོམ་པར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། །ཆུན་འཕྱང་

ཆེན་པོས་རྣམ་བརྒྱན་ཅིང་། །མཚམས་ཀྱི་ཆ་རྣམས་ཐམས་ཅད་དུ། །སྒོ་དང་ཁ་ཁྱེར་རྟ་བབས་རྣམས། །རྡོ་རྗེ་རིན་ཆེན་གྱིས་མཛེས་པའི། །ཕྱི་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་ནང་དུ་འཁོར་ལོ་ནི། །རེའུ་མིག་དགུ་སྟེ་ཕྱི་ཡི་བཅུ་དྲུག །དབུས་ཀྱི་རེའུ་མིག་དབུས་སུ་ནི། །པདྨ་མཛེས་པ་

བལྟ་བར་བྱ། །ལྟེ་བ་དང་ནི་གེ་སར་ལྡན། །ཁ་དོག་སྣ་ཚོགས་འདབ་བརྒྱད་པ། །རེའུ་མིག་ཐམས་ཅད་རྡོ་རྗེར་ལྡན། །ས་གཞི་ཁ་དོག་སྣ་ཚོགས་སྤྲུལ། །འཁོར་ལོ་པདྨ་རྡོ་རྗེ་ཡི། །ཕྲེང་བ་གསུམ་གྱིས་ཡོངས་སུ་བསྐོར། །རིན་ཆེན་ཕྲེང་བ་འོད་གསལ་བ། །སྣ་ཚོགས་ཕྲེང་བའི་འབར་བས་

འཁྲུག །དམ་ཚིག་འཁོར་ལོ་བྲི་བར་བྱ། །ཡི་དགས་ཁ་དོག་ལྔ་ལྡན་པས། །ཕྱི་རོལ་དཀྱིལ་འཁོར་བསྐོར་བར་བྱ། །ཁ་ནི་རྡོ་རྗེ་ཕྱེད་མས་མཚན། །སྒོ་དང་ཀ་བའི་རྩེ་དབུས་གནས། །ཕྱི་རོལ་དུར་ཁྲོད་མི་བཟད་པ། །ཁ་དོག་སྣ་ལྔ་འབར་བ་མཆོག །སྣ་ཚོགས་ཤིང་གིས་ཡིད་དུ་འོང་། །ཁྱི་དང་

เล่ม ๑๖ · หน้า 257a

ཅེ་སྤྱང་རྣམས་ཀྱིས་འཇིགས། །ཁྭ་དང་འུག་པ་བྱ་རྒོད་རྒན། །དེ་བཞིན་སྤྱང་མོ་སྲིན་བྱ་དང་། །མདུང་གིས་འབིགས་པའི་རོ་ལངས་དང་། །འཆང་དང་ཕྱེད་དུ་བསྲེགས་པ་དང་། །མགོ་དང་རུས་དུམ་སྐྲ་དང་ནི། །སྒལ་ཚིགས་ལག་པ་ཐོད་སྐམ་དང་། །སྦྲུལ་རྣམས་སྣ་ཚོགས་ཡིད་

འོང་བ། །བ་ཡི་སྣ་སྦྲུལ་གདུག་དེ་བཞིན། །སེང་གེ་སྟག་དང་ཕག་རྣམས་སོ། །དེ་བཞིན་ར་རྒོད་ལུག་རྒོད་དང་། །དཔའ་བོ་འདུས་པ་ལྷ་ཡི་མཆོག །སྣ་ཚོགས་རྣལ་འབྱོར་མ་བསྟེན་པ། །ཁ་ཊྭཱཾ་ག་དང་ཐོད་པ་འཛིན། །གྲི་གུག་ཅང་ཏེའུ་དེ་བཞིན་འཛིན། །དེ་ལྟར་དུར་ཁྲོད་སྣ་ཚོགས་ཀྱང་། །

གནོད་སྦྱིན་སྲིན་པོ་རོ་ལངས་དཀྲུགས། །དེ་ལ། འཕྲོག་པ་མི་འཇིགས་གནས་ལ་དགེ་ལ་སྙིང་རྗེ་མེད། །དེ་བཞིན་མྱ་ངན་མེད་ན་ཆུ་ལྷ་ཡང་དག་གནས། །བྱང་ཆུབ་རི་ནི་སྤྱི་གཙུག་གནས་ན་ནོར་བདག་ཉིད། །རལ་པ་ཅན་ནི་རུས་གོང་ཡལ་གར་ཡང་དག་གནས། །མཚན་མོར་རྒྱུ་ཞིང་གསལ་བའི་

ཕྱོགས་ལ་རབ་ཏུ་འཇུག །རླུང་ནི་བཞིན་མཆོག་དེ་ཡི་འོག་ཏུ་འབྱུང་དབང་ཕྱུག །ཕྱོགས་སྐྱོང་དེ་དག་འཁོར་དང་ལྷན་ཅིག་ཏུ། །གནས་རྣམས་ཞེས་ནི་བདག་ཉིད་ཐམས་ཅད་འཁོར་དང་བཅས། །ཕྱོགས་སྐྱོང་བརྒྱད་ནི་བལྟ་བར་བྱ། །ཉི་མ་ཀཱ་ལི་ཨཱ་ལི་ཟླ། །ཧཱུྃ་དང་བྃ་གྱི་མཚན་མས་བསྡུས། །

རྡོ་རྗེ་སེམས་དཔའ་རིམ་གྱིས་བསམ། །བདག་ཉིད་རྣལ་འབྱོར་སྡོམ་པའོ། །ཕྱག་ནི་བཅུ་གཉིས་ཞལ་བཞི་པ། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །མཆེ་བ་གཙིགས་ཤིང་ཚམ་ངམ་མཛད། །སྤྱན་གསུམ་ཞལ་ནི་རྣམ་པར་འཇིགས། །ཐོད་པ་ཡི་ནི་ཕྲེང་བ་བསྣམས། །ཕྱག་

རྒྱ་དྲུག་གིས་སྐུ་ལུས་བརྒྱན། །སྐལ་ལྡན་སྐལ་ལྡན་དབང་ཕྱུག་གི །མགོ་བོ་དང་ནི་ནུ་མ་གནོན། །སྟག་གི་པགས་པ་གོས་སུ་མནབས། །སྙིང་རྗེའི་རོ་ཡིས་རྣམ་པར་འཁྲུགས། །རྡོ་རྗེ་ཕག་མོ་འཁྱུད་པའི་ཕྱག །གཉིས་ཀྱིས་རྡོ་རྗེ་དགུ་པ་དང་། །རྡོ་རྗེ་དྲིལ་བུ་བསྣམས་པའོ། །ཕྱག་

གཞན་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པའོ། །གཡས་ཀྱི་ཕྱག་གསུམ་པས་རྡོ་རྗེས་མཚན་མའི་མདུང་རྩེ་གསུམ་པ། བཞི་པ་ལ་ལྕགས་ཀྱུ། ལྔ་པ་ལ་གྲི་གུག །དྲུག་པ་ལ་ཅང་ཏེའུའོ། །གཡོན་གྱི་ཕྱག་གསུམ་པ་ལ་རྐང་གིས་བཀང་བའི་ཐོད་པ། མཆོད་ཕྱིར་ཐོགས་

เล่ม ๑๖ · หน้า 257b

ཀྱིས་སྦྱོར་བས་ཁ་ཊྭཱཾ་གའི་རྩེ་མོ་ལ་རྩེ་ལྔ་པའི་རྡོ་རྗེ་དྲག་པོ་དང་། རྡོ་རྗེ་དྲིལ་བུ་དང་བ་དན་སྣ་ཚོགས་འཕྱང་ཞིང་དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པའི་འོག་ཏུ་རྡོ་རྗེ་རྩེ་གཅིག་པའོ། །དེ་བཞིན་དུ་བཞི་པས་རྡོ་རྗེ་ཞགས་པ། ལྔ་པས་ཚངས་པའི་མགོ་བོ། དྲུག་པས་དགྲ་སྟའོ། །དཀར་པོ་དང་སེར་པོ་དང་།

དམར་པོ་དང་ལྗང་གུའོ། །ཞལ་དང་པོ་དྲག་པོར་དགོད་ཅིང་འཇིགས་སུ་རུང་པའོ། །དེའི་མདུན་དུ་རྡོ་རྗེ་ཕག་མོ་ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། ཕྱག་གཉིས་པ་སྐུ་མདོག་དམར་པོ་དུམ་བུའི་སྐ་རགས་ཀྱིས་བརྒྱན་པ། ཕྱག་གཡོན་པས་འཁྱུད་ཅིང་གདུག་པ་དང་བདུད་ལ་སོགས་པའི་ཁྲག་

གིས་བཀང་བའི་ཐོད་པ་བསྣམས་པ། གཡས་པ་ཕྱོགས་ཐམས་ཅད་དུ་གདུག་པ་རྣམས་ལ་སྡིགས་མཛུབ་མཛད་པའི་ཕྱག་གིས་གྲི་གུག་བསྣམས་པའོ། །ཞལ་ནས་ཁྲག་གི་རྒྱུན་འཛག་པའོ། །བྱིན་པ་གཉིས་ཀྱིས་འཁྱུད་པ་བདེ་བ་ཆེན་པོའི་སྙིང་རྗེའི་བདག་ཉིད་ཅན་ནོ། །རང་སྙིང་

ལྕགས་ཀྱུའི་སྦྱོར་བ་ཡིས། །ཡེ་ཤེས་འཁོར་ལོ་དགུག་པར་བྱ། །ཡེ་ཤེས་འཁོར་ལོ་བཀུག་ནས་སུ། །མཆོད་དང་བསྟོད་པ་ལ་གཞུག་བྱ། །དེར་ནི་གནས་རིམ་བཀོད་ནས་སུ། །འདི་ནི་ནང་གི་རྣལ་འབྱོར་མཆོག །མགོ་བོ་ལ་པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་

མའོ། །སྤྱི་གཙུག་ཏུ་ཛཱ་ལནྡྷ་རར་ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མའོ། །རྣ་བ་གཡས་པར་ཨུ་ཌྱན་དུ་དཔའ་བོ་ཀེང་རུས་དང་འོད་ལྡན་མའོ། །རྒྱབ་ཏུ་ཨར་བུ་དང་། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས་སོ། །གོ་དཱ་བ་རིར་རྣ་བ་གཡོན་པ་ལ་ལྷ་དགྲ་དང་

དཔའ་བོའི་བློ་གྲོས་མའོ། །སྨིན་མའི་དབུས་སུ་རཱ་མེ་ཤྭ་རཱིར་འོད་དཔག་མེད་དང་མི་ཐུང་མའོ། །མིག་གཉིས་ལ་དེ་བཱི་ཀོ་ཊཱི་ར་རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མའོ། །དཔུང་པ་གཉིས་སུ་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། ཉེ་བའི་གནས་སོ། །ཐུགས་ཀྱི་འཁོར་ལོ་ནམ་མཁའ་ལ་

སྤྱོད་པའོ། །མཆན་ཁུང་གཉིས་ལ་ཀཱ་མ་རཱུ་པར་མྱུ་གུ་ཅན་དང་ས་སྲུངས་མའོ། །ནུ་མ་གཉིས་ལ་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་། །ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །སྣ་རྩེར་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །ཉེ་བའི་ཞིང་ངོ་

เล่ม ๑๖ · หน้า 258a

ཁ་ལ་ཀ་ལིང་གར་ཤིན་ཏུ་བཟང་པོ་དང་ལྗང་ལྷ་མོའོ། །མགྲིན་པར་ལཾ་བཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ། འདུན་པ་ཅན་ནོ། །སྙིང་གར་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །མདོམས་སུ་ཧི་མཱ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ། ཉེ་བའི་འདུན་པའོ། །གསུང་

གི་འཁོར་ལོ་སྟེ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །བཤང་བའི་ལམ་དུ་གྲྀ་ཧ་དེ་བ་ཏཱར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ། འདུས་པའོ། །བརླ་གཉིས་ལ་སཽ་རཱཥྚར་རྟ་མགྲིན་དང་ཀོསྐོ་ཅན་ནོ། །བྱིན་པ་གཉིས་ལ་གསེར་གླིང་དུ་ནམ་མཁའི་

སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ། ཉེ་བའི་འདུས་པའོ། །སེན་མོ་རྣམས་ལ་ན་ག་རར། དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །རྐང་པའི་བོལ་ལ་སིནྡྷུའི་ཡུལ་དུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཅན་མ་སྟེ། དུར་ཁྲོད་དོ། །མཐེ་བོ་ལ་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །

པུས་མོ་གཉིས་ལ་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། ཉེ་བའི་དུར་ཁྲོད་དོ། །སྐུའི་འཁོར་ལོ་སྟེ་ས་འོག་ན་གནས་པའོ། །མཁའ་འགྲོ་མ་ནི་རྡོ་རྗེ་ལའོ། །ལཱ་མ་ནི་དྲིལ་བུ་ལའོ། །དུམ་སྐྱེས་མ་དང་གཟུགས་ཅན་མ་གླང་པོའི་པགས་པ་འཛིན་པའི་གཉིས་ལའོ། །ཁྭ་གདོང་

མ་ནི་རྩེ་གསུམ་ལའོ། །འུག་གདོང་མ་ནི་ལྕགས་ཀྱུ་ལའོ། །ཁྱི་གདོང་མ་ནི་གྲི་གུག་ལའོ། །ཕག་གདོང་མ་ནི་ཅང་ཏེའུ་ལའོ། །གཤིན་རྗེ་བརྟན་མ་ནི་ཐོད་པ་ལའོ། །གཤིན་རྗེ་ཕོ་ཉ་མ་ནི་ཞགས་པ་ལའོ། །གཤིན་རྗེ་མཆེ་བ་མ་ནི་ཚངས་པའི་མགོ་བོ་ལའོ། །གཤིན་རྗེ་འཇོམས་མ་ནི་དགྲ་སྟ་

ལའོ། །བྱང་ཆུབ་སེམས་ཀྱི་སྣོད་ཆེན་པོ་བཞི་ལ་ནི་ཞལ་བཞི་ལའོ། །པུ། ཛཱ། ཨོ། ཨ། གོ། རཱ། དེ། མཱ། ཀཱ། ཨོ། ཏྲི། ཀོ། ཀ། ལ། ཀཱ། ཧི། པྲེ། གྲྀ། སཽ། སུ། ན། སི། མ། ཀུ། འཁོར་ལོ་གསུམ་ནི་ཡོངས་སུ་འགྱུར། །ཞི་བ་ཡི་གེ་ཉི་ཤུ་བཞི། །ཕུང་པོ་ཁམས་དང་སྐྱེ་མཆེད་དུ། །རྟག་ཏུ་བྱིན་གྱིས་

བརླབ་པར་བྱ། །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཡི་གེ་ཨོཾ་སྟེ་ཁ་དོག་དཀར་པོའོ། །ཚོར་བ་ནི་ཡི་གེ་ཨཾ་སྟེ་རིན་ཆེན་འབྱུང་ལྡན་ཏེ་གསེར་བཙོ་མའི་ཁ་དོག་ལྟ་བུའོ། །འདུ་ཤེས་ནི་པདྨ་གར་གྱི་དབང་ཕྱུག་སྟེ་ཧོ་དམར་པོའོ། །འདུ་བྱེད་ནི་རྡོ་རྗེ་རྒྱལ་པོ་སྟེ། ཡི་གེ་ཁཾ་ཁ་དོག་ལྗང་གུའོ། །རྣམ་པར་

เล่ม ๑๖ · หน้า 258b

ཤེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ཡི་གེ་ཧཱུཾ་ཁ་དོག་དཀར་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་དཔལ་ཧེ་རུ་ཀ་སྟེ་ཡི་གེ་ཧི་ཁ་དོག་ནག་པོའོ། །རྡོ་རྗེ་པདྨ་ཡང་དག་བཞུགས། །ཉི་ཟླའི་གཟུགས་བརྙན་དབུས་སུ་ནི། །གླང་པོ་སེང་གེ་རྟ་རྣམས་དང་། །རྨ་བྱ་ནམ་མཁའ་ལྡིང་སྟེང་དུ། །ཡི་དགས་རལ་

པའི་རིམ་པ་ཡི། །རིགས་དྲུག་མགོན་པོ་བསམ་པར་བྱ། །སྙིང་ལ་རྡོ་རྗེ་ས་རེག་རྒྱ། །གཞན་རྣམས་ལ་ནི་རིམ་པ་བཞིན། །གཡས་པར་འཁོར་ལོ་རིན་ཆེན་དང་། །པདྨ་སྣ་ཚོགས་རྡོ་རྗེའོ། །གཡོན་ན་རྡོ་རྗེ་དྲིལ་བུ་དང་། །ཐམས་ཅད་སྤྱན་གསུམ་ལྡན་པའོ། །མིག་གཉིས་ལ་གཏི་མུག་རྡོ་རྗེ་

དཀར་པོའོ། །རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེ་ནག་པོའོ། །སྣ་ལ་སེར་སྣ་རྡོ་རྗེ་སེར་པོའོ། །ལྕེ་ལ་འདོད་ཆགས་རྡོ་རྗེ་དམར་པོའོ། །རེག་ལ་ཕྲག་དོག་རྡོ་རྗེ་ལྗང་གུའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེ་དཀར་པོའོ། །སའི་ཁམས་ནི་ལྟུང་བར་བྱེད་མ་སེར་མོའོ། །ཆུའི་ཁམས་ནི་

གསོད་བྱེད་མ་ནག་མོའོ། །མེའི་ཁམས་ནི་འགུགས་བྱེད་མ་དམར་སེར་རོ། །རླུང་གི་ཁམས་ནི་པདྨ་གར་གྱི་དབང་ཕྱུག་མ་དམར་ནག་གོ། །ནམ་མཁའི་ཁམས་ནི་པདྨའི་དྲ་བ་མོ་དུ་བ་སྔོན་པོ་ལྟ་བུའོ། །ལྟུང་བྱེད་མ་དང་གསོད་བྱེད་ཉིད། །འགུགས་བྱེད་དེ་བཞིན་གར་བྱེད་མ། །རང་རང་དཀྱིལ་

འཁོར་ལ་གནས་ཤིང་། །ཞལ་གཅིག་པ་དང་ཕྱག་བཞི་པ། །ཕྱག་གཡས་འཁོར་ལོ་རྡོ་རྗེ་དང་། །པདྨ་རལ་གྲི་གྲི་གུག་བསྣམས། །འདི་རྣམས་ཕྱག་གཡོན་རང་གི་མཚན། །ལྷ་མོ་ཞལ་གསུམ་ཕྱག་དྲུག་པ། །པདྨའི་དྲ་བ་མོ་ཡང་ནི། །ཐོད་པ་དེ་བཞིན་ཁ་ཊྭཱཾ་ག །ལྕགས་ཀྱུ་དང་ནི་

ཞགས་པ་བསྣམས། །ཚངས་པའི་མགོ་བོ་གྲི་གུག་དག །དེ་ཡི་ཕྱག་ཏུ་རྣམ་བསྒོམ་བྱ། །ཨོཾ་ཧ་སྟེ་སྙིང་ག་ལ་ནི་རྡོ་རྗེ་སེམས་དཔའ་དཀར་པོ། ན་མཿཧི་མགོ་བོ་ལ་རྣམ་པར་སྣང་མཛད་སར་པོ། སྭཱ་ཧཱ་ཧུ་ནི། སྤྱི་གཙུག་ལ་པདྨ་གར་གྱི་དབང་ཕྱུག་དམར་པོའོ། །བཽ་ཥཊ་ཧེ་ནི་དཔུང་པ་གཉིས་ལ་

ཧེ་རུ་ཀ་ནག་པོའོ། །ཧཱུཾ་ཧཱུཾ་ཧོཿམིག་གཉིས་ལ་རྡོ་རྗེ་ཉི་མ་སྟེ་དམར་པོའོ། །ཕཊ་ཧཾ་ནི་ཡན་ལག་ཐམས་ཅད་ལ་རྟ་མཆོག་སྟེ་ལྗང་གུའོ། །ཨོཾ་བཾ་ནི་ལྟེ་བར་རྡོ་རྗེ་ཕག་མོ་དམར་མོའོ། །ཧཾ་ཡོཾ་ནི་སྙིང་གར་གཤིན་རྗེ་མ་སྔོན་མོའོ། །ཧྲིཾ་མོཾ་ནི་རྨོངས་བྱེད་མ་སྟེ་ཁལ་དཀར་མོའོ། །ཧྲིཾ་ཧྲིཾ་མགོ་ལ་

เล่ม ๑๖ · หน้า 259a

སྐྱོད་བྱེད་མ་སྟེ་སེར་མོའོ། །ཧཱུཾ་ཧཱུཾ་སྤྱི་གཙུག་ལ་སྐྲག་བྱེད་མ་སྟེ་ལྗང་གུའོ། །ཕཊ་ཕཊ་ཡན་ལག་ཐམས་ཅད་ལ་གཏུམ་བྱེད་མ་དུ་བའི་མདོག་ཅན་ནོ། །ཞལ་གསུམ་པ་དང་ཕྱག་དྲུག་པ། །དེ་ལས་གཞན་ཡང་ཕྱག་བཞི་པ། །རྡོ་རྗེ་དང་ནི་དྲིལ་བུ་བསྣམས། །ཁ་ཊྭཱཾ་ག་དང་

ཅང་ཏེའུ་འཛིན། །རྡོ་རྗེ་དང་ནི་ཐོད་པ་ཉིད། །འཁོར་ལ་ལ་སོགས་རང་ཕྱག་མཚན། །ཁ་ཊྭཱཾ་ག་དང་ཅང་ཏེའུ་འཛིན། །གཞན་རྣམས་ཀྱི་ནི་ཕྱག་མཚན་ཡིན། །ཕག་མོ་ཕྱག་དྲུག་དགོད་པར་བྱ། །དམར་དང་སྔོ་དང་ལྗང་བའི་ཞལ། །ཐོད་པ་ཉིད་དང་ཁ་ཊྭཱཾ་ག །ཞགས་པ་དང་ནི་ལྕགས་ཀྱུ་ཉིད། །

ཚངས་པའི་མགོ་དང་གྲི་གུག་དག །དེ་ཡི་ཕྱག་ལ་རྣམ་པར་བསྒོམ། །གཞན་ཡང་ཕྱག་བཞི་བསྒོམ་པར་བྱ། །ཞལ་གཅིག་སྤྱན་ནི་གསུམ་པ་སྟེ། །ཐོད་པ་དང་ནི་ཁ་ཊྭཱཾ་ག །དྲིལ་བུ་ཅང་ཏེའུ་གྲི་གུག་བསྣམས། །རྡོ་རྗེ་ཕག་མོ་རྡོ་རྗེ་སེམས། །གཤིན་རྗེ་རྣམ་པར་སྣང་མཛད་བཤད། །

རྨོངས་བྱེད་པདྨ་གར་དབང་ཕྱུག །གཡོ་བྱེད་མ་ནི་ཁྲག་འཐུང་བཤད། །རྡོ་རྗེ་ཉི་མ་སྐྲག་བྱེད་མ། །གཏུམ་བྱེད་མ་ནི་རྟ་མཆོག་བཤད། །ཐུགས་ལ་ཡི་གེ་ཧཱུཾ་རྡོ་རྗེ། །ཨཱཿནི་གསུང་གི་ལམ་ལ་བསྒོམ། །ཡི་གེ་ཨོཾ་ནི་སྐུ་རྡོ་རྗེ། །གནག་དང་དམར་དང་དཀར་རིམ་བཞིན། །དཔའ་བོ་དང་རྣལ་

འབྱོར་མ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་ཡོངས་སུ་གང་བར་བལྟས་ནས་བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པས་དབང་བསྐུར་བའི་ཐོད་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་

ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། རྡོ་རྗེ་སེམས་དཔས་རྒྱས་བཏབ་ནས། །དེ་འོག་མཆོད་པ་རབ་ཏུ་བྱ། །ཞིང་དང་ལྷན་ཅིག་སྐྱེས་ལྷ་མོ། །དེ་བཞིན་མཁའ་འགྲོ་རྣལ་འབྱོར་མ། །རིགས་དང་ལྷ་མོ་ལས་སྐྱེས་ཉིད། །

དེ་བཞིན་མི་སྣང་མཁའ་འགྲོ་དག །ཐ་མ་མཆོག་དང་བར་མ་ཉིད། །དེ་བཞིན་སྣ་ཚོགས་ཉིད་དུ་འདོད། །ས་ལ་སྤྱོད་པ་སུམ་ཅུ་གསུམ། །ས་འོག་དག་ཏུ་གནས་པ་རྣམས། །གནོད་སྦྱིན་མོ་དང་ཀླུ་མོ་ཉིད། །དྲི་ཟ་མོ་དང་མིའམ་ཅི། །ཆུ་ལ་འགྲོ་དང་སྔོན་གྲུབ་དང་། །གཞན་ཡང་བདེ་གཤེགས་ལམ་

เล่ม ๑๖ · หน้า 259b

བསྟེན་པ། །དཀོན་མཆོག་གསུམ་ལ་རབ་དད་པ། །དེ་རྣམས་ཕྱི་ཡི་དཀྱིལ་འཁོར་དུ། །འདོད་ཡོན་རྣམ་པ་སྣ་ཚོགས་དང་། །གླུ་དང་གར་གྱི་བྱ་བ་དང་། །གར་གྱི་རོལ་རྣམས་སྣ་ཚོགས་ཀྱིས། །ཧེ་རུ་ཀ་ལ་མཆོད་པར་བྱའོ། །རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་ཡེ་ཤེས་ལྔའི་

བདུད་རྩིས་ཡོངས་སུ་གང་བ། ཆ་བཅུ་དྲུག་པས་མཚན་པ། ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་དེ་སྤྲོས་ནས་འཁོར་ལོ་གསུམ་རྣམ་པར་བསྒོམ་པར་བྱའོ། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །གཡོན་ནས་བསྐོར་དང་དེ་བཞིན་གཡས། །

དངོས་གྲུབ་ཐམས་ཅད་སྟེར་བྱེད་པ། །ཤར་ཕྱོགས་འདབ་མར་མཁའ་འགྲོ་མ། །དེ་བཞིན་བྱང་དུ་ལཱ་མ་སྟེ། །ནུབ་ཕྱོགས་སུ་ནི་དུམ་སྐྱེས་མ། །ལྷོ་རུ་གཟུགས་ཅན་མ་ཞེས་བྱ། །མཁའ་འགྲོ་མ་ནི་རིང་དུ་སོང་། །དེ་བཞིན་ལཱ་མ་མི་གཡོའི་ས། །དུམ་སྐྱེས་མ་དང་གཟུགས་ཅན་མ། །ལེགས་

པའི་བློ་གྲོས་ཆོས་ཀྱི་སྤྲིན། །སྔོ་དང་སེར་དང་དེ་བཞིན་དམར། །བཞི་པ་ལྗང་གུ་ཡིན་པར་འདོད། །ཞལ་གཅིག་ཕྱག་རྒྱ་ལྔ་འཆང་བ། །བཞི་པོ་ཕྱག་ནི་གཉིས་པར་བཤད། །སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། །ཁ་ཊྭཱཾ་སྣོད་དང་གྲི་གུག་འཛིན། །བདུད་བཞི་པོ་ནི་ཞབས་ཀྱིས་གནོན། །གཡས་

བརྐྱང་བ་ཡི་གནས་པས་བཞུགས། །མཚམས་སུ་གསེར་དང་དངུལ་སོགས་ཀྱི། །བུམ་པའི་སྟེང་དུ་ཐོད་པ་བཞི། །ཀུནྡའི་ཁ་དོག་དང་འདྲ་བའི། །བྱང་ཆུབ་སེམས་ཀྱིས་གང་བ་དགོད། །ཐུགས་ཀྱི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་སུ་པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ་དཀར་

པོའོ། །བྱང་ཕྱོགས་སུ་ཛཱ་ལནྡྷ་རར་ཀེང་རུས་ཆེན་པོ་དང་གཏུམ་མིག་མ་སེར་པོའོ། །ནུབ་ཕྱོགས་སུ་ཨུ་ཌྱན་དུ་ཀེང་རུས་དང་འོད་ལྡན་མ་ཁ་དོག་དམར་པོའོ། །ལྷོ་ཕྱོགས་སུ་ཨར་བུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་ལྗང་གུའོ། །མེའི་ཕྱོགས་སུ་གོ་དཱ་བ་རིར་ལྷ་དགྲ་དང་བརྟན་པའི་

བློ་གྲོས་མ་ནམ་མཁའི་མདོག་ཅན་མའོ། །བདེན་བྲལ་དུ་རཱ་མེ་ཤྭ་རཱིར་འོད་དཔག་མེད་དང་མིའུ་ཐུང་མ་དཀར་པོའོ། །རླུང་གི་ཕྱོགས་སུ་དེ་བཱི་ཀོ་ཊཱིར་རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མ་ལྗང་གུའོ། །དབང་ལྡན་དུ་མཱ་ལ་བར་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་དམར་སྐྱའོ། །ཕྱག་གཉིས་པ་ཞལ་གཅིག་པ་ཐམས་ཅད་

เล่ม ๑๖ · หน้า 260a

སྐྲ་གྲོལ་བ་སྤྱན་གསུམ་པ་ཐོད་པ་བསྣམས་པའི་ཕྱག་གིས་འཁྱུད་པ་གདུག་པ་རྣམས་ལ་སྡིགས་མཛུབ་བྱེད་པས་རྡོ་རྗེ་དང་གྲི་གུག་འཛིན་པའོ། །མགུལ་རྒྱན་སྤྱི་གཙུག་ནོར་བུ་དང་། །དཔུང་རྒྱན་རྣ་ཆ་མཆོད་ཕྱིར་ཐོགས། །མགུལ་རྒྱན་མགོ་ཡི་ཕྲེང་བས་བརྒྱན། །གཡེར་ཀ་

སྐ་རགས་སྒྲ་སྒྲོགས་པ། །དཔའ་བོ་ཐོད་པའི་དུམ་བུ་སོགས། །ཞལ་གཅིག་པ་དང་ཕྱག་གཉིས་པ། །རལ་པ་ཅོད་པན་དར་དཔྱངས་ཅན། །སྙིང་རྗེ་དྲག་པོས་ཆེར་འཇིགས་པ། །རྡོ་རྗེ་དྲིལ་བུ་འཛིན་པས་བྲེལ། །ཕྱག་གིས་བཙུན་མོ་རྣམས་ལ་འཁྱུད། །མགུལ་རྒྱན་སྤྱི་གཙུག་ནོར་བུ་དང་། །

དཔུང་རྒྱན་རྣ་རྒྱན་རྣམས་ཀྱིས་མཛེས། །གཡས་བརྐྱང་པ་ཡི་གནས་པས་བཞུགས། །ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་མའོ། །གསུང་གི་འཁོར་ལོའི་ཤར་རྩིབས་ལ། །ཀཱ་མ་རཱུ་བར་མྱུ་གུ་ཅན་དང་ས་སྲུང་མ་དཀར་མོའོ། །བྱང་དུ་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་དམར་པོའོ། །

ནུབ་ཕྱོགས་སུ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མོ་ནག་པོའོ། །ལྷོ་ཕྱོགས་སུ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་ལྗང་གུའོ། །མེའི་མཚམས་སུ་ཀ་ལིང་གར་ཤིན་ཏུ་བཟང་པོ་དང་ལྗང་ལྷ་མོ་སེར་པོའོ། །བདེན་བྲལ་དུ་ལཾ་བཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་དཀར་པོའོ། །

རླུང་གི་ཕྱོགས་སུ་ཀཱཉྩི་རུ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ་ལྗང་གུའོ། །དབང་ལྡན་དུ་ཧི་མཱ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་ནམ་མཁའ་ལྟ་བུ་ལྗང་བའོ། །དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཕྱག་གིས་གཙོ་བོ་ལ་པདྨ་གསུང་གི་འཁོར་ལོ་སྟེ་ས་ལ་སྤྱོད་པའོ། །སྐུའི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་ལ།

པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཆེན་མ་ནག་མོའོ། །བྱང་དུ་གྲྀ་ཧ་དེ་བ་ཏཱར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སེར་པོའོ། །ནུབ་ཏུ་སཽ་རཱཥྚར་རྟ་མགྲིན་དང་ཀོས་རིང་མ་དམར་མོའོ། །ལྷོ་ཕྱོགས་སུ་གསེར་གླིང་དུ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་ཆོ་ག་མའོ། །མེའི་མཚམས་སུ་ན་ག་རར་

དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་དམར་པོའོ། །བདེན་བྲལ་ཉིད་དུ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོ་སེར་སྐྱའོ། །རླུང་གི་ཕྱོགས་སུ་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་དུད་ཁའི་ཁ་དོག་གོ། །དབང་ལྡན་དུ་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་དཀར་མོའོ། །

เล่ม ๑๖ · หน้า 260b

དཔའ་བོ་དང་དཔའ་མོའི་གཙོ་མོའི་ཕྱག་ལ་འཁོར་ལོའོ། །སྐུའི་འཁོར་ལོ་སྟེ་ས་འོག་ལ་གནས་པའོ། །འཁོར་ལོ་གསུམ་གྱི་དཔའ་བོ་རྣམས། །དཔའ་མོ་རྣམས་ཀྱང་རིམ་ཇི་བཞིན། །མགོ་ལ་རྡོ་རྗེ་པདྨ་དང་། །འཁོར་ལོའི་ཕྲེང་བས་ཉེ་བར་མཛེས། །ཡང་ན་འཁོར་ལོའི་ཁ་དོག་གིས། །ལྷ་ཡི་ཁ་

དོག་བསྟན་པ་ཡིན། །ཤར་དང་བྱང་ཕྱོགས་སྒོ་རྣམས་སུ། །སྒོ་སྐྱོང་མ་ནི་བཞི་པོ་དགོད། །ཁྭ་གདོང་མ་དང་འུག་གདོང་མ། །ཁྱི་གདོང་མ་དང་ཕག་གདོང་རྣམས། །མེ་དང་བདེན་བྲལ་སོགས་རྣམས་སུ། །གཤིན་རྗེ་སྲེག་མ་ཕོ་ཉ་མོ། །གཤིན་རྗེ་མཆེ་བ་འཇོམས་མ་ནི། །བྱང་སྒོའི་

མཚམས་སུ་ལྷ་མོ་དག །ཡི་དགས་གདན་ལ་རྣམ་པར་བཞུགས། །གཡོན་བརྐྱང་བ་ཡི་སྦྱོར་བ་ཡིས། །སྒོ་སྐྱོང་པདྨ་ཉི་མར་གནས། །སྐྱིལ་ཀྲུང་ཕྱེད་པའི་གནས་པས་བཞུགས། །མཚམས་ཀྱི་ལྷ་མོའང་དེ་དང་འདྲ། །དེ་བཞིན་མཚམས་ཀྱི་ལྷ་མོ་ནི། །ཡིད་འཕྲོག་གཟུགས་ནི་

གཉིས་པ་སྟེ། །ཐམས་ཅད་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་མེ་ལོང་རྣམས། །རྒྱུད་མངས་དྲི་སྣོད་གླིང་བུ་དང་། །ཁ་ཊྭཱཾ་ག་དང་ཐོད་པ་འཛིན། །ཁྭ་གདོང་ལ་སོགས་མཁའ་འགྲོ་མ། །རང་གི་མིང་དང་མཚུངས་པའི་ཞལ། །མ་ཧེ་བོང་བུ་རྔ་མོ་རྟའི། །གདོང་ཆེན་

མཚམས་ཀྱི་བཙུན་མོ་རྣམས། །སེང་གེ་ཕག་དང་གླང་པོ་རྟ། །མཁའ་འགྲོ་ལ་སོགས་ཞལ་ཞེས་བྱ། །རྩ་བའི་སྒོ་ཡི་ལོགས་གཉིས་སོགས། །གཟུངས་ཀྱི་སྣམ་བུར་བཤད་པ་ཡིན། །རྒྱུད་མངས་གླིང་བུ་རྫ་རྔ་དང་། །རྔ་དང་སྒེག་པའི་ལྷ་མོ་དང་། །གླུ་དང་གར་དང་མེ་ཏོག་དང་། །སྤོས་

དང་མར་མེ་དྲི་དང་ནི། །མེ་ལོང་རོ་དང་རེག་བྱ་ཆོས། །རོལ་པ་རྒྱུད་གཅིག་སྒེག་ལ་སོགས། །སེར་དང་དམར་དང་ལྗང་དང་དཀར། །སྤྲིན་དང་རྒོད་སོགས་དཀར་པོ་སྟེ། །རྒྱུད་མངས་ལ་སོགས་ལྷ་མོ་རྣམས། །རྒྱུད་མངས་ལ་སོགས་སྤངས་ནས་སུ། །དེ་ནས་རྡོ་རྗེ་དྲིལ་བུ་དང་། །ཁ་ཊྭཱཾ་ག་དང་

ཅང་ཏེའུ་བསྣམས། །རྡོ་རྗེ་དྲིལ་བུ་སྒེག་དང་བཅས། །སྒེག་ཅིང་གླུ་ལེན་འཁར་གསིལ་བརྡུང་། །གར་གྱི་ལྷ་མོ་པདྨ་བསྐོར། །དེ་དག་ཐམས་ཅད་ཕྱག་བཞི་པ། །སྤོས་དང་སྤོས་ཀྱི་རེང་བུ་དང་། །སྤོས་དང་དུད་ཁ་མེ་ཏོག་དཀར། །མར་མེ་མེ་ཡི་ལྕེ་དང་མཚུངས། །དྲི་ནི་དམར་པོ་རོ་དེ་བཞིན། །རེག་བྱ་

เล่ม ๑๖ · หน้า 261a

ལྗང་གུ་ཆོས་དབྱིངས་ཀྱི། །ལྷ་མོ་དཀར་མོར་ཤེས་པར་བྱ། །རང་གི་བདག་ཉིད་ཚུལ་སྦྱོར་བས། །མེ་ལོང་ལ་སོགས་ཀྱིས་མཚན་པ། །ཕྱག་གཞན་ལ་ནི་ཐོད་པ་བསྣམས། །ཁ་ཊྭཱཾ་ག་དང་ཅང་ཏེའུ་དག །སྒོ་བཞི་ཁྭ་གདོང་ལ་སོགས་རྣམས། །དཔའ་བོ་དཔའ་མོའི་དཀྱིལ་

འཁོར་བ། །བྱེ་བྲག་རྣམ་པ་སྣ་ཚོགས་པ། །རོལ་མོ་སྣ་ཚོགས་རྣམས་ཀྱིས་ནི། །བཅོམ་ལྡན་ཧེ་རུ་ཀ་དཔལ་བསྟོད། །དགའ་ཆེན་ཁྱོད་མཉེས་བདེ་བ་ཆེན་པོ་མཆོད། །ཨ་ལ་ལ་ཧོ་དགྱེས་པ་ཆེ། །བདེ་བ་ཆེན་པོ་མ་ལུས་དེ་བཞིན་གཤེགས་པའི་ལམ། །གླུ་འདི་བརྗོད་པར་གྱུར་པ་ཡིས། །ལྷག་

པའི་སྲིད་ལས་ངེས་པར་གྲོལ། །དེ་བཞིན་གཤེགས་པ་དག་པ་ཆེ། །དཀྱིལ་འཁོར་འདི་ནི་བརྟག་པ་མཛད། །སྐུ་ཡི་དཀྱིལ་འཁོར་མངལ་ལས་སྐྱེས། །སྒོ་ང་ལས་སྐྱེས་གསུང་འཁོར་ལོ། །ཐུགས་ནི་རྫུས་ཏེ་སྐྱེས་པའོ། །ཐུགས་ཀར་ཡེ་ཤེས་དམ་ཚིག་ནི། །བསྙེན་པའི་སྦྱོར་བ་རབ་ཏུ་

བརྟགས། །ཉེ་བར་བསྙེན་སོགས་སྦྱོར་བ་ཡིས། །མཁའ་འགྲོ་མ་ཡི་དམ་ཚིག་མཆོག །དཔའ་བོ་ཡན་ལག་དགོད་སྦྱོར་བས། །དེ་ནི་སྒྲུབ་པ་ཡང་དག་བརྩམ། །དབང་བསྐུར་བ་ཡི་མཉམ་སྦྱོར་བས། །སྒྲུབ་པ་ཆེན་པོ་ཡང་དག་བསྟན། །ཨོཾ་ས་མ་ཡ་ཤུདྡྷཿསརྦ་དྷརྨཱཿས་མཱ་ཡ་ཤུདྡྷོ྅ཧཾ།

ཆོས་ཐམས་ཅད་རོ་གཅིག་པའི་མཉམ་པ་ཉིད་དུ་གནས་པར་བསམ་པར་བྱའོ། །ཡེ་ཤེས་བདུད་རྩི་སྦྱོར་བ་ཡིས། །རྡོ་རྗེ་ཆུ་ནི་བཏུང་བར་བྱ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ་ཋ་ཋ་ཏྭཾ་ཨ་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། རླུང་གི་དཀྱིལ་འཁོར་ལ་གནས་པར། །སྐུ་ཡི་འཁོར་ལོ་རྣམ་པར་བསྒོམ། །གསུང་གི་

འཁོར་ལོ་ཆུ་ལ་ནི། །མཁས་པས་རྣམ་པར་བསྒོམ་པར་བྱ། །མེ་ཡི་འཁོར་ལོ་ལ་གནས་པ། །ཐུགས་ཀྱི་འཁོར་ལོ་བདེ་བ་ཆེ། །དབང་ཆེན་དཀྱིལ་འཁོར་ལ་གནས་པ། །དམ་ཚིག་འཁོར་བླ་ན་མེད། །དེར་ནི་ཡེ་ཤེས་དཀྱིལ་འཁོར་ཉིད། །སྒོམ་པ་རྣམ་པར་བསྒོམ་པར་བྱ། །མཆོད་དང་

བསྟོད་པས་མཉེས་བྱས་ཏེ། །ཇི་སྲིད་སྐྱོ་བ་མ་སྐྱེས་པར། །དེ་སྲིད་རྣལ་འབྱོར་པས་བསྒོམ་བྱ། །སྐྱོན་རྣམ་པར་དག་པ་དྲན་པར་བྱ་སྟེ། དེ་ལ་རྣམ་པར་དག་པ་ནི་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་བཤད་པར་བྱའོ། །དེ་ལ་དག་པ་དང་བདེ་བ་དང་

เล่ม ๑๖ · หน้า 261b

རྟག་པ་དང་། བདག་གི་མཚན་ཉིད་ཀྱི་ཕྱིན་ཅི་ལོག་བཞིའི་གཉེན་པོར་གྱུར་པ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ནི་འདི་ལྟ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པའོ། །དྲན་པ་ནི་རྗེས་སུ་

མྱོང་བའི་དངོས་པོ་ལ་ཡང་དག་པར་མ་རྨོངས་པ་དེ་ཉེ་བར་གཞོག་པར་བྱེད་པས་དྲན་པ་ཉེ་བར་གཞག་པའོ། །དེ་ཡང་བརྗེད་ངས་པའི་གཉེན་པོར་གྱུར་ཅིང་སྔར་མྱོང་བའི་དངོས་པོ་རྣམ་པར་གཅོད་པར་བྱེད་པའི་བློའི་ཡོན་ཏན་གྱི་ཁྱད་པར་རོ། །དེ་ལ་ལུས་ནི་འབྱུང་བ་ལས་གྱུར་པའི་ཚོགས་སོ། །ཚོར་

བ་ནི་བདེ་བ་ལ་སོགས་པ་མྱོང་བའོ། །ཆོས་ནི་ཡང་དག་པའི་མཐའོ། །སེམས་ནི་སོ་སོར་སྣང་བ་མིག་ཡོར་ཙམ་མོ། །དེ་རྣམས་རྗེས་སུ་དྲན་པ་ནི་ཉེ་བར་འཇོག་པ་སྟེ། ལུས་ལ་སོགས་པ་རྗེས་སུ་དྲན་པའོ། །མི་དགེ་བ་དང་རྗེས་སུ་མཐུན་པ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གཉེན་

པོར་གྱུར་པའི་བརྩོན་འགྲུས་དང་། དད་པ་དང་འདུན་པ་ལ་སོགས་པའི་དམིགས་པས་ཡང་དག་པར་སླར་མི་འབྱུང་བར་རབ་ཏུ་སྤོང་བས་ཡང་དག་པར་སྤོང་བ་བཞི་སྟེ། འདི་ལྟ་སྟེ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མ་བསྐྱེད་

པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པར་བྱའོ་ཞེས་པའོ། །རྫུ་འཕྲུལ་ནི་བསམ་གཏན་ཕུན་སུམ་ཚོགས་པའོ། །དེའི་ཡན་ལག་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདི་ལྟ་སྟེ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་།

བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བའོ། །དེ་ལ་འདུན་པ་ནི་སྤོང་བའི་འདུ་བྱེད་དང་ཡང་དག་པར་ལྡན་པ་དབེན་པ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་ལ་ངེས་པར་བརྟེན་ཅིང་རྣམ་པར་འབྲེལ་པས་

ཡོངས་སུ་གྱུར་པའི་བསམ་པའོ། །རྣམ་པར་དབེན་པ་ནི་ལམ་སྟེ་ཉོན་མོངས་པའི་སྒྲིབ་པ་སྤོང་བའོ། །འདོད་ཆགས་དང་བྲལ་བ་ནི་མྱ་ངན་ལས་འདས་པའོ། །འགོག་པ་ནི་ཟག་པ་དང་བཅས་པའི་ཕུང་པོ་དང་བྲལ་བའོ། །དེ་རྣམས་ལ་བརྟེན་པ་ནི་དབེན་པ་དང་། འདོད་ཆགས་དང་

เล่ม ๑๖ · หน้า 262a

བྲལ་བ་འགོག་པ་ལ་རྣམ་པར་བརྟེན་པའོ། །རྣམ་པར་འབྲེལ་པ་ནི་འདུས་བྱས་པའི་དངོས་པོ་ཐམས་ཅད་དང་བྲལ་བའོ། །དེ་ཡོངས་སུ་གྱུར་པ་ནི་དེ་ལས་རྫོགས་པའོ། །དེ་ལྟར་བརྩོན་འགྲུས་དང་སེམས་དང་དཔྱོད་པ་ལ་ཡང་ཡན་ལག་ལྔའོ། །ཤེས་པ་འདི་

ལ་དབང་བྱེད་པས་མིག་ལ་སོགས་པ་ལྟར་དད་པ་ལ་སོགས་པ་ཡང་དབང་པོར་བཤད་དོ། །དེ་ཡང་རྣམ་པ་ལྔ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། དེ་ལ་དད་པ་ནི་འཇིག་

རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའི་ལས་ཀྱི་འབྲས་བུ་ཉེ་བར་སྤྱོད་པ་ལ་སེམས་དད་པའོ། །སེམས་མངོན་པར་བརྩོན་པ་ནི་བརྩོན་འགྲུས་ཏེ། དད་པའི་དབང་པོ་ལ་བརྟེན་པའི་ཆོས་རྣམས་ཡང་དག་པར་འདྲེན་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །བརྩོན་འགྲུས་ཀྱི་དབང་

པོས་ཉེ་བར་འདྲེན་པའི་དོན་རྣམས་ལ་མི་བརྗེད་པ་ནི་དྲན་པའི་དབང་པོའོ། །དྲན་པའི་དབང་པོས་མ་ཉམས་པའི་ཆོས་རྣམས་མངོན་སུམ་དུ་བྱེད་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་གྱི་དབང་པོར་བཤད་དོ། །ཏིང་ངེ་འཛིན་གྱི་དབང་པོ་ལ་བརྟེན་པའི་ཆོས་རྣམས་སོ་སོར་རིག་པ་གང་ཡིན་པ་དེ་ནི་ཤེས་

རབ་ཀྱི་དབང་པོར་བཤད་དོ། །མ་དད་པ་དང་ལེ་ལོ་དང་། བརྗེད་ངས་པ་དང་། བག་མེད་པ་དང་། གཡེང་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཟད་པས་མཐར་ཕྱིན་པ་ཐོབ་པས་དབང་པོ་ཁོ་ན་སྟོབས་ཞེས་བཤད་དོ། །འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་

དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཞེས་བྱའོ། །རང་ཉིད་ཀྱིས་ཡང་དག་པར་རྟོགས་པས་ན་བྱང་ཆུབ་སྟེ། གཉིས་སུ་འཛིན་པ་ལས་འདས་པའི་སེམས་སོ། །དེའི་རྒྱུར་གྱུར་པ་ནི་བྱང་ཆུབ་ཀྱི་ཡན་ལག་གོ། །བདུན་པོ་དེ་ཡང་འདི་ལྟ་སྟེ།

དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་

เล่ม ๑๖ · หน้า 262b

བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ལ་སེམས་ཅན་མ་ལུས་པའི་དོན་བྱེད་པ་དང་། ཡང་དག་པར་བྱང་ཆུབ་ཐོབ་པའི་སྨོན་ལམ་དང་། ཐོས་པ་ཁོང་དུ་ཆུད་པ་ལ་སོགས་པ་མི་བརྗེད་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཆོས་རྣམས་ལ་

སོགས་པ་མེད་པའི་ཕྱིར་ཕུང་པོ་ལ་སོགས་པ་རྣམ་པར་འབྱེད་པ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཆོས་ཉིད་རོ་གཅིག་པའི་ཡིད་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །གཉེན་པོ་དག་གི་བདག་དང་བདག་གི་བག་ཆགས་གཅོད་པས་ལུས་དང་སེམས་ལས་སུ་རུང་

བ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཚད་མེད་པ་བཞི་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་སུ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །སོ་སོའི་སྐྱེ་བོའི་ས་ལས་ངེས་པར་འབྱུང་བ་ནི་བརྩོན་འགྲུས་ཡང་

དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཉོན་མོངས་པའི་གཉེན་པོར་གྱུར་པ་ཉིད་གྱིས་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་མི་གཏོང་བ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །སྡིག་པ་འབའ་ཞིག་ཏུ་མཐུན་པའི་ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་

པོ་འདི་གང་ལ་ཡོད་པ་དེ་ནི་ལམ་ཡན་ལག་བརྒྱད་དོ། །ཤེས་བྱའི་སྒྲིབ་པ་སྤོང་བའི་བསྒོམ་པའི་དོན་དུ་ཚོལ་བས་ན་ལམ་མོ། །དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་མིང་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་

མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་ཅན་ཡིན་ཡང་ཚེ་ཕྱི་མ་ཡོད་པར་ལྟ་བའོ། །ཡང་དག་པའི་རྟོག་པ་ནི་བླང་བ་དང་དོར་བ་

དག་མངོན་དུ་བྱ་བ་དང་། སྤོང་བ་ཡིད་ལ་བྱེད་པའམ་ཤེས་པ་འབའ་ཞིག་ཏུ་བསམས་པའོ། །ཡང་དག་པའི་ངག་ནི་ཇི་ལྟར་གྱུར་པའི་དོན་སྟོན་པར་བྱེད་པའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་གོང་ན་མེད་པའོ། །ཡང་དག་པའི་འཚོ་བ་ནི་རིག་པས་བཙལ་བའི་ནོར་རོ། །

เล่ม ๑๖ · หน้า 263a

ཡང་དག་པའི་རྩོལ་བ་ནི་བདག་དང་གཞན་གྱི་དོན་སྒྲུབ་པ་རྒྱུན་མི་འཆད་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །ཡང་དག་པའི་དྲན་པ་ནི་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་དག་ལ་མ་རྨོངས་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དམིགས་པ་མངོན་དུ་བྱེད་པའི་བྱ་བའོ། །ཡེ་ཤེས་ལྔ་ཡི་

རྣམ་དག་པ། །རྡོ་རྗེ་སེམས་དཔའི་ཅོད་པན་ཡིན། །ལྷ་ཡི་རྩ་བའི་གསང་སྔགས་ནི། །ཚངས་པའི་སྐུད་པར་རབ་ཏུ་བརྟག །རྡོ་རྗེ་ཕག་མོའི་གསང་སྔགས་ཀྱི། །མགུལ་དོ་ཡིས་ནི་མགུལ་པ་བརྒྱན། །ལྷ་ཡི་སྙིང་པོའི་གསང་སྔགས་ནི། །ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན། །ཡི་གེ་བདུན་གྱི་གསང་སྔགས་

ཀྱི། །རྣ་ཆ་ཡིས་ནི་རྣ་བ་བརྒྱན། །སངས་རྒྱས་མཁའ་འགྲོ་མ་ཡི་སྔགས། །པགས་པ་གོས་སུ་བསྣམས་པའི་མཆོག །རྣལ་འབྱོར་མ་དྲུག་གསང་སྔགས་ཀྱི། །སྐ་རགས་ཀྱིས་ནི་རྐེད་པ་བརྒྱན། །དཔའ་བོ་དྲུག་པའི་གོ་ཆ་ཡིས། །སྐུ་ལུས་ཕྱག་རྒྱས་ཉེ་བར་མཛེས། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ། །

སྔགས་ཀྱི་བཏུང་བའི་ཐོད་པ་ཡིན། །རྣམ་སྣང་མཛད་སྔགས་གང་ཡིན་པ། །ཐོད་པ་ཡིས་ནི་དབུ་རྒྱན་བྱས། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ཁམས་ལ་རྣམ་པར་བརྟག །ལུས་རྗེས་སུ་དྲན་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མའོ། །ཆོས་རྗེས་སུ་དྲན་པ་ནི་དུམ་སྐྱེས་

མའོ། །སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མའོ། །ཡེ་ཤེས་ལྔ་རྣམ་པར་དག་པ་ནི་པདྨའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་གཏུམ་མའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་

རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་དཔའ་བོའི་བློ་གྲོས་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མི་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མ་སྟེ། ཐུགས་ཀྱི་འཁོར་ལོ་རྣམ་པར་དག་པའོ། །ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ། །དད་པའི་

སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་ལྗང་ལྷ་མོའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་

เล่ม ๑๖ · หน้า 263b

ཡན་ལག་ནི་བྱ་གདོང་མ་སྟེ། གསུང་གི་འཁོར་ལོ་རྣམ་པར་དག་པའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཀོས་

རིང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོ་སྟེ།

སྐུ་ཡི་འཁོར་ལོ་རྣམ་པར་དག་པའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་སྲེག་མའོ། །དགེ་

བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མ་སྟེ། དམ་ཚིག་གི་འཁོར་ལོ་རྣམ་པར་དག་པའོ། །སོ་དང་སེན་མོ་དག་ནི་ཐོད་པའི་

དུམ་བུའོ། །སྐྲ་དང་སྤུ་དག་ནི་ཀེང་རུས་ཅན་ནོ། །པགས་པ་དང་དྲི་མ་ནི་ཀེང་རུས་ཆེན་པོའོ། །ཤ་ནི་མཆེ་བ་རྣམ་པར་གཙིགས་པའོ། །རྒྱུས་པ་ནི་ལྷ་དགྲའོ། །རུས་པ་ནི་འོད་དཔག་ཏུ་མེད་པའོ། །མཁལ་མ་ནི་རྡོ་རྗེའི་འོད་དོ། །སྙིང་ནི་རྡོ་རྗེའི་སྐུའོ། །མིག་དག་ནི་མྱུ་གུ་ཅན་ནོ། །མཁྲིས་པ་ནི་རྡོ་རྗེ་རལ་པ་

ཅན་ནོ། །གློ་བ་ནི་དཔའ་བོ་ཆེན་མོའོ། །རྒྱུ་མ་ནི་རྡོ་རྗེ་ཧཱུྃ་མཛད་དོ། །གཉེ་མ་ནི་ཤིན་ཏུ་བཟང་པོའོ། །བཤང་བ་ནི་འཇིགས་བྱེད་ཆེན་པོའོ། །སྐྲ་མཚམས་ནི་མིག་མི་བཟང་ངོ་། །བད་ཀན་ནི་སྟོབས་པོ་ཆེའོ། །རྣག་ནི་རིན་ཆེན་རྡོ་རྗེའོ། །ཁྲག་ནི་རྟ་མགྲིན་ནོ། །རྔུལ་ནི་ནམ་མཁའི་སྙིང་པོའོ། །ཚིལ་ནི་ཧེ་རུ་ཀའོ། །

མཆིལ་མ་ནི་པདྨ་གར་གྱི་དབང་ཕྱུག་གོ། །མིག་རྣག་ནི་རྣམ་པར་སྣང་མཛད་དོ། །སྣབས་ནི་རྡོ་རྗེ་སེམས་དཔའོ། །དམ་ཚིག་བཟླས་པའི་མཆོག་དུས་སུ། །དུང་ཆེན་ཕྲེང་བས་བཟླས་བརྗོད་བྱ། །འཁོར་ལོ་རིམ་པའི་ཆོ་ག་ཡིས། །རྣལ་འབྱོར་མ་ཡིས་སྔགས་མཆོད་བཟླ། །ཨོཾ་ན་མོ་བྷ་ག་བ་ཏེ་ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ།

เล่ม ๑๖ · หน้า 264a

ཨོཾ་མ་ཧཱ་ཀལྤཱགྣི་སཾ་ནི་བྷཱ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ཛ་ཊ་མུ་ཀུ་ཊོ་ཏ་ཀ་ཊཱ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥཎ་མུ་ཁཱ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲཱ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷ་རི་ཎེ་ཧུཾ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲ་ཛི་ནཱཾ་བ་ར་དྷ་རཱ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷུམྦྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧུཾ་ཧཱུྃ་

ཕཊ། ཨོཾ་ཀ་ར་ཀ་ར་ཁཎ་ཌ་ཀ་པཱ་ལི་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་པྲ་ཙཎྜི་ཧུཾ་ཧཱུྃ་ཕཊ། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀ་ལ་ཧུཾ་ཧཱུྃ་ཕཊ། ཨོཾ་ཙཎ་ཌཱ་ཀྵི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བནྡྷ་བནྡྷ་ཀངྐ་ལ་ཧུཾ་ཧཱུྃ་ཕཊ། ཨོཾ་པྲ་བྷཱ་བ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ག་དྷ་དཾ་ཥྚྲེ་ཎི་ཧུཾ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ནཱ་སེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སུ་ར་བཻ་ར་ཎི་ཧུཾ་ཧཱུྃ་ཕཊ། ཨོཾ་

བཱི་ར་མ་ཏཱཾ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཨ་མི་ཏཱ་བྷཱ་ཧུཾ་ཧཱུྃ་ཕཊ། ཨོཾ་ཁརྦ་རཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲཿཧྲཿབཛྲ་པྲ་བྷཱ་ཧུཾ་ཧཱུྃ་ཕཊ། ཨོཾ་ལཾ་ཀེ་ཤྭ་རཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཕེཾ་ཕེཾ་བཛྲ་དེ་ཧ་ཧུ་ཧཱུྃ་ཕཊ། ཨོཾ་དྲུ་མཙྪཱ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཕཊ་ཕཊ། ཨཾ་གུ་རི་ཀ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨེ་རཱ་བ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་བཛྲ་ཛྲ་ཊི་ལ་ཧུཾ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བྷཻ་

ར་ཝཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་མ་ཧཱ་བཱི་ར་ཧུཾ་ཧཱུྃ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུྃ་ཕཊ། ཨོཾ་བྷཀྵ་བྷཀྵ་བཛྲ་ཧཱུྃ་ཀ་ར་བ་ས་རུ་ངྷི་རཱན་ཏྲ་མཱ་ལཱ་བ་ལཾ་བི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་སུ་ར་བྷཀྵཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་སུ་བྷ་དྲ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཱཾ་ག་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ཤྱཱ་མ་དེ་ཝཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨཱ་ཀཌྜྷྱ་ཨཱ་

ཀཌྜྷྱ་བཛྲ་བྷཻ་ར་བ་ཧུཾ་ཧཱུྃ་ཕཊ། ཨོཾ་སུ་བྷ་དྲེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲིཾ་ཧྲིཾ་མ་ཧཱ་བྷཻ་ར་བ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧ་ཡ་ཀརྞེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཛྞཽཾ་ཛྞཽཾ་བི་རཱུ་པཱཀྵ་ཧུཾ་ཧཱུྃ་ཕཊ། ཨོཾ་ཁ་གཱ་ན་ནེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀྵྨཱཾ་ཀྵྨཱཾ་མ་ཧཱ་བ་ལ་ཧུཾ་ཧཱུྃ་ཕཊ། ཨོཾ་ཙཀྲ་བེ་གེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧཾ་ཧཾ་རཏྣ་བཛྲ་ཧུཾ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧུ་ཧཱུྃ་ཕཊ། ཨོཾ་ཧི་ཧི་ཧ་ཡ་གྲཱི་བ་ཧུཾ་ཧཱུྃ་ཕཊ། ཨོཾ་ཤཽཎ་ཌི་

ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧཱུྃ་ཨཱ་ཀཱ་ཤ་གརྦྷ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ་ཧུཾ་ཧཱུྃ་ཕཊ། ཨོཾ་སུ་བཱི་རེ་ཧུཾ་ཧཱུྃ་ཕཊ། ཨོཾ་སི་ལི་སི་ལི་པདྨ་ནརྟེ་ཤྭ་རི་ཧུཾ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བ་ལེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧི་ལི་ཧི་ལི་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཙཀྲ་བརྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་བཛྲ་ས་ཏྭ་ཧུཾ་ཧཱུྃ་ཕཊ། ཨོཾ་ཙཀྲ་བརྨི་ཎཱི་ཡེ་ཧུ་ཧཱུྃ་ཕཊ།

ཨོཾ་མ་ཧཱ་བཱིརྱ་ཧུཾ་ཧཱུྃ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ལཱ་མྱེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧི་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་རུ་པི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཤྭཱ་ནཱ་སྱེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཤུ་ཀ་རཱ་སྱེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱ་དྷཱི་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱུ་ཏི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚྲཱི་ཎི་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་

เล่ม ๑๖ · หน้า 264b

ཐཱ་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་རཱ་ཧཱི་བཾ་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མ་ཨཱརྱ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རཱི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མསྶརྦ་བྷུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ཎེ་དྲ་བྷྲ་མ་ཎེ་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་རཱ་ལ་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་

མསྟྲ་ས་ནི་མ་ར་ཎེ་སུ་པྲ་བྷེ་ད་ནི་པ་ར་ཛ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རཱི་ཁ་གེ་ཧུཾ་ཧཱུྃ་ཕཊ། ཏདྱ་ཐཱ། པྲོ་ཏང་གེ་པྲོ་ཏང་གེ །ཧ་ན་ཧ་ན་པྲཱ་ཎཱཾ་ཀིཾ་ཀི་ནི། ཁིཾ་ཁི་ནི། དྷུ་ན་དྷུ་ན། བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཀ་པཱ་ལ། ཁ་ཊྭཱཾ་ག་དྷ་རི་ཎི། མ་ཧཱ་བི་

ཤི་ཏོ་མཾ་སཱ་ཤི་མ་ནུ་ཥྱནྟྲ་པྲ་བྲྀ་ཏི་སཱན་ནི་ངྷྱ་ན་ར་ཤི་རོ་མཱ་ལཱ་གྲནྠི་ཏ་དྷ་རི་ཎི། སུམྦྷ་ནི་སུམྦྷེ་ཧ་ན་ཧ་ན་པྲཱ་ཎཱཾ་སརྦ་པཱ་པཾ་སཏྭཱ་ནཱཾ། སརྦ་པ་ཤཱུ་ནཱཾ། མ་ཧཱ་མཱཾ་སཙྪེ་ད་ནི་ཀྲོ་ངྷ་མཱུརྟེ། དཾཥྚྲཱ་ཀ་རཱ་ལི་ནི། མ་ཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ་དེ་བ་སྱཱ་གྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ་ས་ཧ་སྲ་བཱ་ཧ་བེ་ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལ་མུ་ཁེ། པིཾ་

ག་ལ་ལོ་ཙ་ནེ། བཛྲ་ཤ་རཱི་རེ། བཛྲ་ཨཱ་ས་ནི། མི་ལི་མི་ལི། ཏི་མི་ལི་ཏི་མི་ལི། ཛི་ལི་ཏེ། ཧེ་ཧེ། ཧ་ཧ། ཧཱུྃ་ཧཱུྃ། ཁ་ཁ། དྷུ་དྷུ། རུ་རུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། མུཉྩ་མུཉྩ། ཧཱུྃ་ཧཱུྃ། ཨ་དྭེ་ཏེ། མ་ཧཱ་ཡོ་གི་ནཱི། པ་ཐི་ཏ་སིདྡྷེ། དྲེཾ་དྷཾ་དྲེཾ་དྷཾ། གྲཾ་གྲཾ །ཧེ་ཧེ། ཧ་ཧ། བྷཱི་མེ། ཧ་ས་ཧ་ས། བཱི་རེ། ཧཱ་ཧཱ། ཧོཿཧོཿཧཱུྃ་ཧཱུྃ། ཏྲཻ་ལོཀྱ། བི་ནཱ་ཤ་

ནི། ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་པ་རི་བཱ་རེ། ཧཱུྃ་ཧཱུྃ་ཕཊ། སིཾ་ཧ་རཱུ་པེ་ཁཿག་ཛ་རཱུ་བེ་གཿཏྲཻ་ལོཀྱ་ཨུ་ད་རེ་མ་ཧཱ་ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུྃ་ཧཱུྃ་ཕཊ། བཱི་ར་ཨ་དྭེ་ཏེ་ཧཱུྃ་ཧཱུྃ་ཧ་ཧ་མ་ཧཱ་པ་ཤུ་མོ་ཧ་ནི་མ་ཧཱ་ཡོ་གི་ཤྭ་རཱི་ཏྭཾ། ཌཱ་ཀི་ནཱི། སརྦ་ལོ་ཀཱ་ནཱཾ། བནྡྷ་ནི་སདྱཿ པྲ་ཏྱ་ཡ་ཀཱ་རི་ཎི། ཧཱུྃ་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ་པ་

ར་མ་སིདྡྷི། ཡོ་གཱི་ཤྭ་རཱི་ཕཊ། ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ལྷའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཧ།

ན་མཿཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོཿ། ཕཊ་ཧཾ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ་ཕཊ་ཕཊ། ལྷ་དང་ལྷ་མོའི་སྙིང་པོ་གོ་ཆའི་གསང་སྔགས་སོ། །ཡར་ངོ་མར་ངོའི་ཚེས་བཅུ་ལ། །རྣལ་འབྱོར་པ་ཡིས་དེ་མཆོད་བྱ། །གཏོར་མ་རྟག་ཏུ་སྦྱིན་བྱ་ཞིང་། །དམ་ཚིག་གནས་ལ་བརྡ་རུ་སྨྲ། །སྔར་བཤད་ཕྱག་རྒྱ་ལ་སོགས་

เล่ม ๑๖ · หน้า 265a

སྔགས་སྦྱོར་བས། །སྲུངས་ཤིག་སྲུངས་ཤིག་ཆོ་ག་ཇི་བཞིན་དུ། །ཤིན་ཏུ་འབད་པས་རྡོ་རྗེ་ལྷ་མོ་དག །མྱོས་བྱེད་ཆང་དང་ཤ་རྣམས་ཀྱིས་མཆོད་བྱ། །ལྷོ་རུ་མངོན་ཕྱོགས་རྣལ་འབྱོར་པས། །སྟེང་གི་གནས་སུ་མཆོད་པར་བྱ། །མཚན་མོ་གཅེར་བུ་སྐྲ་བཀྲོལ་བའི། །བརྟུལ་ཞུགས་

ཀྱིས་ནི་གཏོར་མ་སྦྱིན། །རྐང་པ་མནན་ཅིང་གྱེན་དུ་བལྟ། །སྟེང་དུ་ཕེཾ་གྱི་སྒྲ་སྒྲོགས་པ། །ཕྱོགས་བཅུའི་འཇིག་རྟེན་ཁམས་དག་གི །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །གསང་སྔགས་རྣམས་ཀྱིས་བསྐུལ་གྱུར་ཅིང་། །དེ་མ་ཐག་ཏུ་

འགུགས་པར་འགྱུར། །མཛུབ་མོ་འདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོ་རྡོ་རྗེ་བརྟན་པོར་སྦྱར་བར་བྱ། །དེ་ནི་དཔྲལ་པའི་དབུས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་བྱ། །རྐང་པ་གཡས་བརྐྱང་སྦྱོར་བ་ཡིས། །འབར་བའི་ཕྱག་རྒྱ་བཅིང་བར་བྱ། །དམ་ཚིག་གིས་ནི་

ཁ་བསྐང་ནས། །གསང་སྔགས་རྗེས་སུ་དྲན་པར་བྱ། །ཨོཾ་ཨ་རལླི་ཧོ་ཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། དེ་ལྟར་ལན་གསུམ་བཞི་ལྔའི་བར། །དམ་ཚིག་རྫས་སོགས་ལ་བརྗོད་བྱ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས། བྷཱུ་ཏ་པྲེ་ཏ། པི་ཤཱ་ཙ། ཨུནྨ་ད། ཨ་པསྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ།

ཨི་མཾ་བ་ལིཾ་གྲྀཧྞཾ་ཏུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ་བྷུཉྫ་ཐ། པི་བ་ཐ། ཛིགྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ་ས་ཏ་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་ཝནྟུ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཔའ་བོ་རྣམས་ལ་ལག་གཡོན་གྱིས། །བརྡ་ནི་རྣལ་འབྱོར་པས་བསྟན་བྱ། །

བརྡ་རུ་འཇུག་པ་འདི་དག་ནི། །དཔའ་བོ་རྣམས་ཀྱི་གཞི་ཡིན་ནོ། །གཡོ་དང་མི་གཡོ་འཇིག་རྟེན་གསུམ། །འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། །རྡོ་རྗེ་སེམས་དཔའ་ཤིང་ཉིད་ལ། །རྣམ་པར་སྣང་མཛད་ཡལ་གར་གནས། །བླ་མ་པདྨ་གར་དབང་ཕྱུག །སོ་ལ་དཔའ་བོ་དངོས་གྲུབ་སྩོལ། །ཐ་ཆུངས་དག་ལ་

དགོད་བ་ནི། །ནམ་མཁའི་སྐུ་ནི་ཟག་པ་མེད། །སེན་མོའི་ངོས་ལ་རྟ་མགྲིན་ཏེ། །དཔའ་བོ་རྣམས་ཀྱི་གཞི་ཡིན་ནོ། །གཡོན་པ་ལས་བྱུང་རྒྱུ་ཡིན་ཕྱིར། །ལག་མཐིལ་ཕོ་ཉའི་ཚོགས་འདུས་པ། །རྒྱབ་ཏུ་ངེས་པར་ལེགས་བྱས་ནས། །སྒྲུབ་པོས་བརྡ་ལྔ་བསྟན་པར་བྱ། །ས་ནི་སངས་རྒྱས་སྤྱན་དུ་གྲགས། །ཆུ་

เล่ม ๑๖ · หน้า 265b

ཁམས་མཱ་མ་ཀཱི་རུ་བཤད། །གོས་དཀར་མོ་དང་སྒྲོལ་མ་དག །མེ་དང་རླུང་དུ་རབ་ཏུ་བསྒྲགས། །བུ་ག་སྟོང་པ་ཕ་རོལ་ཕྱིན། །དབུས་ནི་དཔའ་བོ་རྣམས་ཀྱི་གཞི། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །དཔའ་བོ་རྣམས་ལ་བརྡ་སྨྲ་ཞིང་། །གཅིག་ཏུ་ཕྱུགས་བཟའ་བརྩམ་པར་བྱ། །ཨཱ་ལི་ཀཱ་ལི་

མདུན་བསམས་ནས། །རྣལ་འབྱོར་ཆེན་མོ་ངལ་བསོ་ཕྱིར། །ཟླ་བའི་དཀྱིལ་འཁོར་རྫོགས་པར་ནི། །ལྟེ་བའི་དབུས་སུ་གནས་པར་བསྒོམ། །ཡི་གེའི་གནས་ཀྱི་མཆོག་གྱུར་པ། །དེ་ཡི་དབུས་སུ་བསམ་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ཡི་ལུས་ནི་འདས་གྱུར་

ཀྱང་། །སེམས་ཉིད་འབྱུང་བར་མི་འགྱུར་མིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ནས་འཛིན་པ་ཐོབ་པར་འགྱུར། །དུར་ཁྲོད་མེའམ་གཞན་རྙེད་ནས། །གཉིས་མེད་སྦྱོར་བ་མཆོག་ལ་གནས། །སྦྱོར་བ་གཅིག་ལ་

གོམས་བྱེད་ཅིང་། །དམ་ཚིག་ཤེས་ཤིང་བརྟུལ་ཞུགས་བརྟན། །ངོ་ཚ་མེད་ལ་འདོད་མེད་བརྟན། །སྲེད་པ་དང་བྲལ་ང་རྒྱལ་མེད། །རིག་མ་དེ་དང་ལྷན་ཅིག་ཏུ། །སྔགས་པ་རང་ཉིད་བརྟུལ་ཞུགས་སྤྱད། །དེ་ཡི་སྣ་རྩེར་ཡི་གེ་དྱཱ་ནི་སྦྱར་བྱ་ཞིང་། །རྟག་ཏུ་ཡི་གཻ་བྱཱ་ནི་རྟགས་ཀྱི་ལམ་ལ་དགོད། །ཡི་གེ་

ཨོཾ་སོགས་དཔྲལ་བ་དང་ནི་ཁ་སོགས་ལ། །སྔགས་ཚོགས་ཀུན་གྱི་སྙིང་པོས་བྱིན་གྱིས་བརླབ་པར་བྱ། །དགའ་བ་དང་པོ་ཁྲུས་ཡིན་ཏེ། །དམ་པར་དགའ་བ་ཡང་དག་ལྡན། །དངོས་གྲུབ་ཆེན་པོ་ཆགས་བྲལ་བ། །མཆོག་ཏུ་དགའ་བ་བླ་ན་མེད། །སྦྱོར་དང་ཤིན་ཏུ་རྣལ་འབྱོར་ཆེ། །ཡེ་ཤེས་ཆོ་གའི་

རིམ་པ་ཡིས། །དགའ་བ་བཞི་དང་བདེན་པ་བཞི། །སྐད་ཅིག་བཞི་ལ་བརྟེན་ཏེ་གནས། །དགའ་བ་དཔའ་བོར་གསུངས་པ་སྟེ། །དམ་པར་དགའ་བ་རྣལ་འབྱོར་མ། །མཆོག་ཏུ་དགའ་བ་མ་ལུས་པ། །དེ་བདེ་ཐབས་ཀྱི་ཐམས་ཅད་རིག །ཧེ་རུ་ཀ་དཔལ་སྤྲུལ་པ་ནི། །ཡན་ལག་དྲུག་ཅུ་སེམས་ཀྱིས་

སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །དེ་ལ་བཤད་པའི་རྒྱུད་ལས་བཤད་པའི་འཁོར་ལོ་སྡོམ་པའི་ལེའུར་ཕྱག་བཞི་པ་ནས་བརྩམས་ནས་ཕྱག་འབུམ་པའི་བར་དུ་འཁོར་ལོ་སྡོམ་པ་མང་དུ་གསུངས་པ་ལས། འཁོར་ལོ་སྡོམ་པའི་རྒྱུད་ཕྱི་མར་ཕྱག་བཞི་པ་དང་

เล่ม ๑๖ · หน้า 266a

དྲུག་པ་དང་བཅུ་གཉིས་པར་གསུངས་པ་དེ་ལ་ཕྱག་བཅུ་གཉིས་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་འཇིགས་པ་བསྟན་པའི་ཕྱིར། །གླང་པོའི་པགས་པ་རྣམ་པར་བགོས། །ཞེས་བྱ་བ་ནི་དང་པོའི་ཕྱག་གཉིས་ལས་གཞན་གཉིས་ཀྱིས་གླང་པོའི་པགས་པ་གོས་སུ་འཛིན་

པའོ། །སྨིན་མ་བཟང་པོ་རྡོ་རྗེ་དབྱེ། །ཞེས་བྱ་བ་ལ། རྡོ་རྗེ་ནི་རྡོ་རྗེ་དང་དྲིལ་བུ་སྟེ། རྡོ་རྗེ་དེ་ཉིད་ཀྱིས་ཡང་དག་པར་དབྱེས་ཤིང་བརྒྱན་པའོ། །བཟང་པོ་ནི་སྐལ་བ་དང་ལྡན་པའི་སྨིན་མ་སྟེ། གཙོ་བོའི་ཕྱག་གཉིས་གང་ལ་མངའ་བ་དེ་ནི་རྡོ་རྗེ་སེམས་དཔའ་སྨིན་མ་དབྱེས་པའོ། །ཕྱག་ན་ཁ་ཊྭཱཾ་ག་བསྣམས་

ཤིང་། །ཞེས་བྱ་བ་ནི་ཕྱག་མཚན་དྲུག་གསུངས་པའོ། །གཞན་དག་ལས་འཆད་པར་འགྱུར་བའི་གོ་རིམས་ཀྱི་རྒྱུད་ལས་གསུངས་པའི་ཕྱག་མཚན་དྲུག་སྔགས་པས་ཁོང་དུ་ཆུད་པར་བྱའོ། །ལྕགས་ཀྱུ་ཞགས་པ་པགས་པ་དང་། །རྩེ་གསུམ་ཅང་ཏེའུ་གྲི་གུག་འཆང་། །ཞེས་བྱ་བའོ། །དེ་ལ་རང་

གི་ཕྱག་མཚན་རྣམས་དགོད་པ་ནི་འདི་ལྟ་སྟེ། འཁྱུད་པའི་ཕྱག་གཉིས་རྡོ་རྗེ་རྩེ་དགུ་པ་ཁ་བྱེ་བ་དང་རྡོ་རྗེ་དྲིལ་བུའོ། །ཕྱག་གཞན་གཉིས་ལ་གླང་པོའི་པགས་པ་བསྣམས་པའོ། །གསུམ་པའི་ཕྱག་གཡས་པར་རྩེ་གསུམ་རྡོ་རྗེས་མཚན་པའོ། །བཞི་པ་ལ་ཞགས་པ། ལྔ་པ་ལ་གྲི་གུག །དྲུག་པ་

ལ་ཅང་ཏེའུ། གཡོན་གྱི་གསུམ་པ་ལ་ཐོད་པ་ཀླད་པས་གང་བའི་མཆོད་ཕྱིར་ཐོགས་ཀྱི་སྦྱོར་བ་དང་། ཁ་ཊྭཱཾ་ག་སྔོན་དུ་སོང་བའི་ཁ་བྱེ་བའི་རྡོ་རྗེ་རྩེ་ལྔ་པ་དང་། རྡོ་རྗེ་དྲིལ་བུ་དང་། བ་དན་སྣ་ཚོགས་ཀྱིས་རྣམ་པར་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ། འོག་ཏུ་རྡོ་རྗེ་རྩེ་གཅིག་པ་བཞི་པ་

ལ་རྡོ་རྗེས་མཚན་པའི་ཞགས་པ། ལྔ་པ་ལ་ཚངས་པའི་མགོ་བོ། དྲུག་པ་ལ་དགྲ་སྟའོ། །སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་ཞལ་མངའ་བ། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། རོལ་པ་དང་བཅས་པའོ། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །ཞེས་བྱ་བ་མགོ་བོ་ལྔ་

བཅུའི་ཕྲེང་བ་དང་ལྡན་པའོ། །བཅོམ་ལྡན་འདས་འདི་ནི་གཅིག་པུ་མ་ཡིན་ཏེ། འོན་ཀྱང་ཤེས་རབ་དང་བཅས་པ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་མདུན་གནས་པའི་ལྷ་མོ་ནི། །ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་དེའི་མདུན་ནི་སྤྱན་སྔ་རུ་སྟེ། བསྟན་བཅོས་བསྟན་པའི་ཚུལ་དུ་ཞབས་ཀྱིས་ཞབས་ལ་

เล่ม ๑๖ · หน้า 266b

འཁྱུད་ཅིང་ཤིང་ལ་འཛེག་པའི་ཚུལ་དུ་བཅོམ་ལྡན་འདས་ལ་འཁྱུད་པའོ། །རྡོ་རྗེ་ཕག་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་མདུན་ན་གནས་ཤིང་ཐོད་པ་ཨནྟྲས་བཀང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་འཁྱུད་པའི་གཡོན་པའི་ཕྱག་གིས་ཐོད་པའི་མཆོག་ལ་གནས་པའི་བདུད་

བཞིའི་རྒྱུ་མ་དང་ཁྲག་ལ་སོགས་པ་སྟོབས་ཤིང་རང་གི་བདུད་རྩིའི་རྒྱུན་འབབ་པ་ལྟར་རང་གི་ཁ་ནས་ཁྲག་འཛག་པའོ། །ཅི་བཅོམ་ལྡན་འདས་ཤེས་རབ་རྡོ་རྗེ་ཕག་མོ་ཁོ་ན་དང་གཉིས་སུ་མེད་པ་ཡིན་ནམ་ཞེ་ན། མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྱུད་པར་འབྲེལ་

བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གཅིག་པུ་ཁོ་ནར་གསུངས་སོ། །མཁའ་འགྲོ་མ་ནི་དཔའ་མོ་རྣམས་ཏེ། ཉི་ཤུ་རྩ་བཞི་པོ་དེ་དག་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཡན་ལག་ལས་བྱུང་ཞིང་རྩ་ཉི་ཤུ་རྩ་བཞིའི་ངོ་བོ་ཉིད་དོ། །རེ་ཞིག་བཅོམ་ལྡན་འདས་ཤེས་རབ་དང་བཅས་

པ་ལྟེ་བར་མཆོད་ན། མཁའ་འགྲོ་མ་རྣམས་གང་དུ་མཆོད་ཅེ་ན། འཁོར་ལོའི་ལྟེ་བར་མཆོད་པར་བྱ། །ཞེས་བྱ་བ་ལ། ལྟེ་བའི་འཁོར་ལོ་ནི་འཁོར་ལོའི་ལྟེ་བར་མཁའ་འགྲོ་མ་ལ་སོགས་པ་མཆོད་པར་བྱའོ། །ཕྱོགས་གང་དུ་ཞེ་ན། ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་སུ། །ཞེས་བྱ་བ་ལ། ཕྱོགས་ནི་ཤར་

དང་བྱང་དང་ནུབ་དང་ལྷོ་ཕྱོགས་སུའོ། །མཚམས་ནི་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་ནོ། །ཅི་དཔའ་མོ་ཁོ་ན་མཆོད་དམ་འོན་ཀྱང་གཞན་ཡང་མཆོད་ཅེ་ན། དེ་བཞིན་འདིར་ནི་དཔའ་བོ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཇི་ལྟར་ཕྱོགས་དང་མཚམས་སུ་རྣལ་འབྱོར་མ་མཆོད་པ་དེ་བཞིན་དུ་

དཔའ་བོ་རྣམས་ཀྱང་ངོ་། །ཇི་ལྟར་བྱས་ནས་མཆོད་ཅེ་ན། གཉིས་མེད་དཔའ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་མེད་དཔའ་བོ་ནི་དཔའ་མོ་དང་ལྷན་ཅིག་དབྱེར་མེད་པས་དཔའ་མོ་དང་གཉིས་སུ་མེད་པར་སྙོམས་པར་འཇུག་པ་ཇི་ལྟར་མིང་མ་སྨོས་པ་དེ་ལྟར་དཔའ་བོ་མཆོད་པར་བྱའོ་ཞེས་བྱ་བའི་

དོན་ཏོ། །འདིར་ཡང་མཆོད་པ་ནི་རང་གི་སྐུ་ལས་ཕྱི་རོལ་དུ་ཡང་དག་པར་སྤྲོས་ཏེ། འཁོར་ལོ་གསུམ་གྱི་དཔའ་བོ་དཔའ་མོའི་ཚོགས་གནས་ཇི་ལྟ་བ་བཞིན་དུ་བཀོད་ལ་སྐད་ཅིག་མ་རེ་རེས་སོ་སོར་རྟོགས་པའོ། །ཇི་སྐད་དུ། རྟག་ཏུ་འདི་ལ་གང་ལྟ་བ། །དེ་ནི་རྒྱལ་བ་མཆོད་པར་བཞེད། །ཅེས་པ་བྱང་ཆུབ་ཀྱི་

เล่ม ๑๖ · หน้า 267a

ཕྱོགས་ཀྱི་ཆོས་རྣམ་པར་དག་པས་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་མཆོད་པའོ། །ཡང་བཤད་པ། དངོས་མེད་གོ་འཕང་གོམས་པ་དང་། །ལྷ་ཡི་གཟུགས་ཀྱི་བསྒོམ་པ་ནི། །སངས་རྒྱས་ཐམས་ཅད་སྒྲུབ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །ཅེས་དེའི་ཕྱིར་མཆོད་པ་རྣམ་པ་ལྔ་མ་

བསྟན་ཏེ། ཐར་པ་འདོད་པ་རྣམས་ཀྱི་ཡན་ལག་མ་ཡིན་པའི་ཕྱིར་རོ། །མཆོད་པ་ལྔ་ཡི་སྦྱོར་བ་ཡིས། །སངས་རྒྱས་མྱུར་དུ་ཐོབ་པར་འགྱུར། །གང་འདིར་རྒྱུད་ལས་གསུངས་པ་ཡང་། །སེམས་ཅན་མོས་པ་སྣ་ཚོགས་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་བུམ་པ་བྱ་བ་ནི། །

ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་དཀྱིལ་འཁོར་དང་རྡོ་རྗེ་ཕག་མོས་འཁྱུད་པའི་དཔལ་ཧེ་རུ་ཀའི་བདག་ཉིད་རྣལ་འབྱོར་པས་དཔའ་བོ་དང་དཔའ་མོ་རྣམས་མཆོད་པར་མ་ཟད་ཀྱི། འདབ་མ་སྣ་ཚོགས་པའི་པདྨའི་མཚམས་ལ་གནས་པའི་བུམ་པ་བཞིའང་མཆོད་པར་བྱ་ཞེས་བྱའོ། །དེ་ནི་བསྡུ་

བའི་དོན་ཏོ། །དེ་ལ་ཡང་བཤད་པ། མཚམས་རྣམས་སུ་ནི་གསེར་སོགས་ཀྱི། །བུམ་པའི་སྟེང་དུ་གནས་པ་ནི། །བྱང་ཆུབ་སེམས་གང་ཐོད་པ་བཞི། །ཀུནྡ་ལྟར་དཀར་བསྒོམ་པར་བྱ། །རྩ་བ་ནག་ནོག་ལ་སོགས་མེད། །ཅེས་བྱ་བ་ལ་རྡུལ་ཚོན་དང་ཐིག་ལ་སོགས་པ་བསང་བར་བྱས་ནས་དངོས་

གྲུབ་བསྒྲུབ་པའི་ཕྱིར། བཀྲ་ཤིས་ཀྱི་བུམ་པ་བདུད་རྩིས་གང་བ་དགུའམ་བཅུ་ཉེ་བར་བསྡུའོ་ཞེས་བྱ་བ་ནི། བུམ་པའི་དབྱེ་བའོ། །དེ་བཞིན་དུ་ཡང་གསང་བའི་ཆོ་ག་ལས་ཀྱང་ལས་ཐམས་ཅད་པ་ཞེས་བྱ་བའི་བུམ་པ་ལྟེ་བའི་ནང་དུ་དགོད་དོ། །ཚོན་སྣ་ལྔའི་སྐུད་པ་ཤར་གྱི་འདབ་མ་ལ་གཞག་གོ། །

དགོད་པའི་ཆོ་ག་ནི། ཤར་གྱི་སྒོ་ནས་བརྩམས་ནས་སུ། །བུམ་པ་དེ་རྣམས་གཞག་པར་བྱ། །རྣམ་རྒྱལ་བཀྲ་ཤིས་ཞེས་བྱ་བ། །ཤར་སྒོའི་ངོས་ནི་གཉིས་པ་ལ། །ལྷོ་རུ་གྲུབ་དང་བསྲུང་བྱ་ཞེས། །རྒྱལ་དང་ཞི་བ་ནུབ་ཕྱོགས་སུ། །བྱང་དུ་རྫུ་འཕྲུལ་དངོས་གྲུབ་གཉིས། །བུམ་པ་དངོས་གྲུབ་རིན་ཆེན་

སྩོལ། །དེ་བས་ན་བུམ་པ་རྣམས་ཀྱི་ཁྱད་པར་གསུངས་ཏེ། རྩ་བ་ནག་ནོག་མེད་པ་ཞེས་བྱ་བ་ནི་ཞབས་དང་སྟེང་གི་དབྱིབས་ཡོ་ཞིང་རྩ་བ་ནག་པོ་ཉིད་དེ་མི་སྡུག་པ་དང་སེར་ཀའི་སྐྱོན་ལ་སོགས་པ་སྟེ་དེ་དག་དང་བྲལ་བ་ནི་རྩ་བ་ནག་ནོག་མེད་པའོ། །ལེགས་པར་གཟུང་བའི་དཀྱིལ་འཁོར་གྱི་ཆོ་ག་ལས་ཀྱང་།

เล่ม ๑๖ · หน้า 267b

རྩ་བ་ནག་ནོག་མེད་པ་དང་། །ལྟོ་བ་ཆེ་ལ་མགྲིན་པ་རིང་། །འཇམ་ཞིང་སྲ་ལ་ཤིན་ཏུ་བཟང་། །དེ་བཞིན་དག་པའི་ཁ་རྒྱན་ཅན། །འབྲུ་དང་རིན་ཆེན་སྨན་དང་ལྡན། །ཁར་ནི་རིགས་ཀྱི་མཚན་མས་མཚན། །རྒྱལ་བ་བཞི་ཡི་མཚན་ཉིད་ཅན། །མཚམས་ནི་བཞི་པོ་སྟོང་པའོ། །རྣམ་རྒྱལ་བུམ་

པ་དེ་ལྟར་བྱ། །གཞན་ཡང་ཇི་ལྟར་བྱ་ཞེ་ན། །མུ་ཏིག་གསེར་དང་རིན་ཆེན་བྱ། །ཞེས་བྱ་བ་ལ་སོགས་པ་ལ། མུ་ཏིག་དང་གསེར་དང་མཐིང་ཤུན་དང་ལྔ་སྟེ་རིན་ཆེན་ལྔས་ཡོངས་སུ་གང་བའོ། །བཟའ་བ་ཀུན་གྱིས་ཞེས་བྱ་བ་ནི་བཟའ་བའི་དམ་ཚིག་གོ། །བཟའ་བ་དག་གིས་ཐོད་པའི་སྟེང་དུ་

ཡང་དག་པར་གནས་པས་གང་བ་ཞེས་བྱ་བའི་དོན་ཏོ། །མགྲིན་པ་སྲད་བུས་དཀྲི་བ་དང་། །ཞེས་བྱ་བ་ནི་རིམ་པ་བདུན་གྱི་ཚོན་སྐུད་ཀྱིས་བུམ་པ་མགྲིན་པ་དཀྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །ལེགས་པར་གཟུང་བ་ལས། ཧཱུཾ་བདུན་བཟླས་པའི་བདུན་བདག་ཉིད། །མགྲིན་པར་གཟུངས་སྐུད་དཀར་

པོར་ལྡན། །མེ་ཏོག་དྲི་དཀར་ཆུ་དང་བཅས། །རྣམ་རྒྱལ་བུམ་པ་ལྷག་གནས་བྱ། །ཞེས་འབྱུང་ངོ་། །ཚོན་སྣ་ལྔ་ལས་སེར་པོ་དང་དཀར་པོ་གཙོ་བོ་ཡིན་པས་དེ་གཉིས་བསྟན་པའི་ཕྱིར། གསེར་དང་དངུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ནི་ས་ལེ་སྦྲམ་མོ། །དངུལ་ནི་དངུལ་ཉིད་དེ་ཁ་

དོག་གི་དབྱེ་བས་དེའི་རྡུལ་ཚོན་ལ་ཡང་དངུལ་དང་གསེར་ཞེས་བྱའོ། །རིན་ཆེན་མུ་ཏིག་གིས་མཛེས་པ། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །མུ་ཏིག་ནི་སྣང་བ་མཐའ་ཡས་སོ། །དེ་ཉིད་ཀྱིས་སམ་དེ་གཉིས་ཀྱི་འབྲེལ་པས་མཛེས་པ་ནི་རིན་ཆེན་མུ་ཏིག་མཛེས་པའོ། །རྡུལ་ཚོན་འདིས་ཅི་ཞིག་

བྱ་ཞེ་ན་རྣམ་པར་དགྱེ་ཞེས་བྱ་བ་ནི་གདབ་པར་བྱ་བའོ། །ཅི་འདི་རྡུལ་ཚོན་གཉིས་པོ་ཁོ་ནས་བྲིའམ། འོན་ཀྱང་གཞན་དག་ཀྱང་དགྱེ་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་པོ་ཁོ་ན་མ་ཡིན་གྱི་གཞན་དག་ཀྱང་སྟེ། ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་དང་། མརྐད་ཀྱི་རྡུལ་ཚོན་ནམ་འབྲས་

དཀར་པོ་ལ་སོགས་པས་ཀྱང་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། རིན་ཆེན་གསེར་གྱིས་ཉེ་བར་མཉེས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིན་ཆེན་ནི་མུ་ཏིག་སྟེ་སྣང་བ་མཐའ་ཡས་སོ། །གསེར་ནི་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཚོན་ནོ། །རྡུལ་ཚོན་ལྷག་མ་རྣམས་ཀྱང་གདབ་པར་བྱའོ་ཞེས་བྱ་བའི་

เล่ม ๑๖ · หน้า 268a

དོན་ཏོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། གྲོང་ཁྱེར་ཡིད་འོང་ཞེས་བྱ་བ་ལ། གྲོང་ཁྱེར་ཡིད་དུ་འོང་ཞིང་དགའ་བའི་རྒྱུར་གྱུར་པའི་དཀྱིལ་འཁོར་རོ། །དེ་མཆོད་ཅེས་བྱ་བ་ནི་ཆོ་གའོ། །ཅི་བྱས་ཤེ་ན། དྲི་ཡི་ཆུ་ཡིས་ལེགས་པར་བྱུག །ཅེས་བྱ་བ་ལ་སོགས་པ་ལ། དྲི་ནི་ཙནྡན་ལ་སོགས་

པའོ། །དེས་ཉེ་བར་འདུས་པའི་ཆུ་ནི་དྲིའི་ཆུ་དེས་སོ། །ཀུན་དུ་ཞལ་ནི་བཞིའི་བདག་ཉིད་བདེ་མཆོག་དྲག་པོ་ལ་བརླན་པར་བྱ་བའི་དོན་ཏོ། །ཡང་ན་དྲིའི་ཆུ་ནི་རོལ་པའི་ཆུའོ། །གླེགས་བམ་ཙམ་གྱིས་མཁས་པ་རྣམས་རྨོངས་པར་བྱ་བའི་ཕྱིར་སློབ་དཔོན་གྱིས་དྲིའི་ཏིལ་མར་ལ་སོགས་པས་དཀྱིལ་

འཁོར་མཆོད་པའི་རྗེས་ལ། རིམ་པ་བཟློག་པའི་དབང་བསྐུར་བ་གཉིས་པ་བྱ་བ་ཡིན་ནོ། །དྲིལ་བུའི་དབྱངས་ནི་དམིགས་ནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། དྲིལ་བུ་ལྟ་བུའི་དབྱངས་ནི་དྲིལ་བུའི་དབྱངས་ཏེ། སྒྲའི་རྣམ་པར་རྟོག་པའི་ཚུལ་ཅན་བྲག་ཅ་ལྟ་བུར་སྒྲ་དེ་ཉིད་དྲིལ་བུ་སྟེ་ཤེས་རབ་པོ། །

དེའི་དམིགས་པ་ནི་རྗེས་སུ་མཐུན་པར་བྱ་བའོ། །སྤོས་དང་མེ་ཏོག་གིས་བརྒྱན་པ། །ཞེས་བྱ་བ་ལ་མེ་ཏོག་ནི་རྡུལ་ལོ། །སྤོས་ནི་འདོད་ཆགས་ཀྱི་མེའི་རྟགས་ཏེ། སེན་མོ་དང་སོ་ལས་དེ་དག་གིས་བརྒྱན་པ་ནི་རབ་ཏུ་བསྒྲུབས་པའོ། །མཉམ་པར་སྦྱོར་བས་ཤེས་རབ་ཀྱི་གནས་སྐབས་སུ་དྲིལ་བུ་དཀྲོལ་བའི་

རིམ་པར་བྱ་བ་སྟེ། ལོ་བཅུ་གཉིས་པའི་ཤེས་རབ་མཆོད་པར་བྱ་བའོ། །མཆོད་པ་ལ་དབྱངས་ཡོད་པས་དགྲོལ། །ཞེས་གསུངས་སོ། །ལེགས་པའི་དབྱངས་ཞེས་བྱ་བ་ལ། ལེགས་པ་ནི་མཛེས་ཤིང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་ཡོངས་སུ་གྱུར་ནས་དབྱངས་འཛག་པ་གང་ལ་ཡོད་པ་དེ་ནི་

ལེགས་པའི་དབྱངས་སོ། །ཇི་སྐད་དུ། ཇི་སྲིད་ས་བོན་ལྡན་པའི་བར། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཞེས་བྱ་བ་ལ་སོགས་པའོ། །དྲིལ་བུ་གཅིག་པུར་མ་ཟད་ཀྱི་རྔ་ཡང་དེ་ལོ་བཅུ་དྲུག་པའོ། །དེ་བཞིན་དུ་ཡང་། བཅུ་གཉིས་པ་ནི་ཡང་དྲིལ་བུ་སྟེ། བཅུ་དྲུག་པ་ནི་རྔ་རུ་བཤད། །ཅེས་འབྱུང་ངོ་། །

ཧ་ཧའི་སྒྲ་ནི་བརྗོད་པར་བྱ། །ཞེས་བྱ་བ་ཆགས་པའི་མེ་འབར་བས་གཡོ་ཞིང་ཧ་ཧའི་སྒྲ་བརྗོད་པར་བྱ་བའོ། །ཚུལ་ཇི་ལྟ་བ་བཞིན་དུ་དྲིལ་བུ་དང་རྔའི་སྒྲ་ལ་སོགས་པའི་སྒྲ་སྒྲོགས་པ་ཡང་དཀྱིལ་འཁོར་དུ་འགལ་བ་མ་ཡིན་པས་དེ་དག་ཐམས་ཅད་ཀྱང་བྱ་བ་ཡིན་ནོ། །དེ་ལྟའི་ཆོ་གས་མཆོད་པར་བྱ། །ཞེས་

เล่ม ๑๖ · หน้า 268b

བྱ་བ་དེ་ལྟར་གསང་བ་བསྟན་ནས། ཆོ་ག་གཞན་བཤད་པའི་རྒྱུད་ལས། འདི་སྐད་དུ། དེ་ནས་ཁྲུས་ཀྱིས་དག་བྱས་པའི། །གོས་ནི་གཙང་མ་འཆང་བ་ཡིས། །མེ་ཏོག་སྙིམ་བཅས་ཕྱག་འཚལ་ནས། །སློབ་མས་སློབ་དཔོན་ལ་གསོལ་གདབ། །རྒྱུད་གཞན་ལས་གསུངས་པའི་སློབ་མའི་གསོལ་བ་གདབ་

པ་དང་། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་རིམ་པ་རྒྱས་པས་སློབ་མ་རྗེས་སུ་གཟུང་བར་བྱེད་པའི་སློབ་དཔོན་གྱིས་དཀྱིལ་འཁོར་འདི་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རེ་ཞིག་སློབ་མ་འཇུག་པ་བསྟན་པར་བྱ་བའི་ཕྱིར། དར་གྱིས་གདོང་ནི་བཀབ་ནས་སུ། །ཞེས་བྱ་བ་ལ་

སོགས་པ་ལ། དཀྱིལ་འཁོར་དུ་འཇུག་པར་བྱ་བའི་ཕྱིར། དེ་རྣམས་ཀྱི་གདོང་དར་གྱིས་ཞེས་བྱ་བ་དེར་བྱེད་པའི་ཚིག་མེད་པར་ཤེས་པར་བྱའོ། །དར་ནི་མི་གསལ་བའོ། །དེས་བཀབ་པ་ནི་ཤིན་ཏུ་གསང་བའོ། །ཇི་སྐད་དུ། དར་ནི་མི་གསལ་མཚོན་པ་སྟེ། །དགབ་པ་ཤིན་ཏུ་གསང་བ་ཡི། །ཞེས་བྱ་

བའོ། །གོས་ཀྱིས་གདོང་བཀབ་ནས་ཅི་ཞིག་བྱ་ཞེ་ན། སྙིམ་པ་མེ་ཏོག་བཀང་ནས་སུ། །གཡོན་ཕྱོགས་སུ་ནི་བསྐོར་བར་བྱ། །ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །གྲོང་ཁྱེར་ཡིད་འོང་འཇུག་པར་བྱ། །ཞེས་བྱ་བ་ལ་ཡོན་སྔོན་དུ་འགྲོ་བའི་གསོལ་བ་གདབ་པ་བརྩམས་ཏེ། མདོར་བསྡུས་པའི་

དྲིའི་ཆུ་སྦྱིན་པར་བྱའོ། །དྲིའི་ཆུ་དེས་གདོང་ཐམས་ཅད་དུ་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བྱས་ནས། བདག་ཉིད་ཀྱང་མཆོད་པར་བྱའོ། །དྲིའི་ཆུ་གཅིག་པུར་མ་ཟད་ཀྱི། ལྕགས་ཀྱུ་དག་གིས་ཀྱང་དབང་བསྐུར་བར་བྱ་བ་དེ་བསྟན་པའི་ཕྱིར། མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། མར་མེ་བརྒྱ་ནི་ཞེས་བྱ་བ་ནི་ལས་ཀྱི་དྲུག་པའོ། །བདག་ཉིད་ལ་ཡང་སྒྲོན་མ་ལྔ་དབུལ་བར་བྱ་ཞེས་བྱ་བའི་དོན་ཏོ། །གོ་རིམས་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱི་དགོད་པ་བསྟན་པར་བྱ་བའི་ཕྱིར། ནམ་མཁའ་མཁའ་འགྲོ་མ་རྣམས་ཀྱི། །ཐམས་ཅད་ཡིད་ཀྱི་སྟེང་དུ་

དགོད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། མཁའ་འགྲོ་མ་དང་ལཱ་མ་ལ་སོགས་པ་བཞི་དང་། རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་སྟེ། དེ་ལྟར་རྣལ་འབྱོར་མ་ཉི་ཤུ་རྩ་བརྒྱད་ནི་མཁའ་འགྲོ་མ་ཐམས་ཅད་དོ། །དེ་ལ་ཆོས་འབྱུང་བའི་བཙུན་མོ་མཁའ་འགྲོ་མ་བཞིའོ། །དེའི་འོག་

เล่ม ๑๖ · หน้า 269a

ཏུ་ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་མའོ། །སེམས་དང་ལུས་ཀྱི་ཡན་ལག་ཡིན་པའི་ཕྱིར་གསུང་གི་འཁོར་ལོ་ཐམས་ཅད་དེས་སྤྱོད་མའོ། །པ་ཏ་ན་ས་ཏེ་ལྟུང་བའོ། །ཆོས་ཐམས་ཅད་འཇིག་ཅིང་དམའ་བ་དེ་ལ་ནུས་པ་ནི་ཡི་གེ་ལ་སྟེ་སྐུའི་འཁོར་ལོའི་ས་འོག་དེར་ས་འོག་གི་

མཁའ་འགྲོ་མ་དག་དགོད་ཅེས་བྱ་བའི་བར་དུའོ། །མ་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། །ཞེས་བྱ་བ་ལ། ཕྱོགས་ནི་སྒོ་རྣམས་སུའོ། །མཚམས་ནི་ཕྱོགས་ཀྱི་ཟུར་རྣམས་སོ། །མ་མོ་ནི་དཔའ་མོ་ཅིག་ཤོས་ཏེ་ཕོ་ཉ་མོ་དག་གོ། །དེ་དགོད་ཅིང་

བསྒྲུབ་པའི་སུམ་ཅུ་རྩ་བདུན་གྱིས་ལྷ་མོའི་འཁོར་ལོ་ལ་མཆོད་པ་བསྟན་པའི་ཕྱིར། དྲི་དང་མེ་ཏོག་སྤོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་གྱི་རྒྱན་བསྟན་པར་བྱ་བའི་ཕྱིར། བླ་རེ་རྒྱལ་མཚན་དར་བཅས་པའོ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དཔལ་འཁོར་ལོ་སྡོམ་པའི་

དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས་མཆོད་པའི་ཆོ་གའི་ལེའུ་སྟེ་གཉིས་པའོ།། །།དཀྱིལ་འཁོར་གྱི་དགོས་པ་དབང་བསྐུར་བཤད་ནས། དབང་བསྐུར་བའི་སློབ་མས་སློབ་དཔོན་ལ་ཡོན་དབུལ་བར་བྱ་བའི་ཕྱིར་ལེའུ་གསུམ་པ་གསུངས་ཏེ། དེ་ནས་སྒྲུབ་པོས་དངོས་ཀུན་

གྱིས། །དང་པོར་སློབ་དཔོན་མཉེས་པར་བྱ། །ཞེས་བྱ་བ་སྨོས་ཏེ། དང་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་བརྩམས་པའི་སྔོན་དུ་མུ་ཏིག་གི་དྲ་བ་དང་། རྐང་རྒྱན་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། གདུ་བུ་དག་གིས་བརྒྱན་པར་བྱས་ནས། ཞལ་ཟས་སྣ་ཚོགས་ཀྱིས་མཆོད་པས་མཉེས་

པར་བྱ་བའི་དོན་དུའོ། །གང་གི་ཚེ་ཕུན་སུམ་ཚོགས་པ་མེད་པ་དེའི་ཚེ། དཀྱིལ་འཁོར་དང་དབང་བསྐུར་བ་དང་ཡོན་ནི་དབུལ་ལམ་ཞེ་ན། དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ཅི་ནུས་པ་ནི་ནུས་པ་ལས་མ་འདས་པའོ། །གང་ཅི་ཡང་རུང་བས་སློབ་དཔོན་ལ་དབུལ་བར་གྱུར་ན་དད་

པས་མཉེས་པའི་ཕྱིར་མཆོད་པ་ཆེན་པོར་འགྱུར་ཞེས་དགོངས་སོ། །དཀྱིལ་འཁོར་གྱི་ལས་བྱེད་པ་ལ་དབུལ་ལམ། འོན་ཏེ་སློབ་དཔོན་ལ་དབུལ་ཞེ་ན། བླ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དགོངས་པ་ནི་འདི་ཡིན་ཏེ། སློབ་དཔོན་གང་ཡིན་པ་དེ་ཉིད་བླ་མ་ཡིན་ནོ། །ལས་དེ་རིག་པའི་ཕྱིར་སློབ་

เล่ม ๑๖ · หน้า 269b

དཔོན་རྣམས་སོ། །སློབ་དཔོན་རྣམས་དང་སློབ་མས་དཀྱིལ་འཁོར་ལ་སོགས་པ་བྱེད་པ་ཡིན་གྱིས་སློབ་དཔོན་དང་སློབ་མ་མ་ཡིན་པས་ནི་བྱ་བ་མ་ཡིན་ནོ་ཞེས་དཔག་པར་བྱའོ། །བརྟེན་ནས་སྙིམ་པ་མེ་ཏོག་དོར། །ཞེས་བྱ་བ་ལ་སོགས་པའོ། །དཀྱིལ་འཁོར་གང་དུ་མེ་ཏོག་བབས། །ཞེས་བྱ་བ་ལ་སོགས་

པ་ལ་དཀྱིལ་འཁོར་དུ་འབྱུང་བ་དང་འཇུག་པ་ལ་སོགས་པ་འདི་དག་ཐམས་ཅད་རྒྱས་པར་ཤེས་པར་འདོད་ནས་དཀྱིལ་འཁོར་གྱི་ཆོ་ག་ཆེན་པོ་ལེགས་པར་གཟུང་བ་ལ་རྗེས་སུ་འབྲང་བར་བྱའོ། །ཐོག་མར་བསྙེན་པར་བྱས་པའི་དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་རྣམས་ལ་སོ་ཤིང་སྦྱིན་པ་ལ་སོགས་

པ་ནས་མེ་ཏོག་གཏོར་བ་ལ་སོགས་པའི་བར་དུ་སྐལ་བ་དང་ལྡན་པར་ཤེས་ནས་དམ་ཚིག་དྲིལ་བུའི་དབྱངས་དམིགས་པ་ནི་གོང་དུ་བསྟན་ཟིན་ཏོ། །ད་ནི་གསང་བའི་དབང་བསྐུར་བསྟན་པར་བྱ་བའི་ཕྱིར། མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚལ་ཆེན་ནི་

དྲི་ཆེན་ལ་སོགས་པའོ། །ཨོཾ་ཨཱཿཧཱུཾ་ཞེས་ཧ་ཧོཿཧྲཱིཿཞེས་དང་ཡི་གེ་ལན་གསུམ་བཟླས་པའོ། །ཐིག་ལེ་ནི་ཁའི་བུ་གའི་ཁྱད་པར་རོ། །དེར་སློབ་དཔོན་གྱིས་ཀྱང་སློབ་མ་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་དམ་ཚིག་སྦྱིན་པ་བསྟན་ཏོ། །

གསང་བ་ལ་ནི་གཞན་དུ་ཡང་ངོ་། །ཁྲག་ཅེས་བྱ་བ་ལ་ནི་པདྨའོ། །སྐུ་གསུང་ཐུགས་འབར་བ་ནི་ལན་གསུམ་བཟླས་པའོ། །ཐིག་ལེ་དེའི་བདག་ཉིད་གང་ལ་ཡོད་པ་དེ་ནི་ཐིག་ལེ་སྟེ་དཔྱིད་ཀྱི་དུས་སུའོ། །དེས་བྱའོ་ཞེས་བྱ་བ་ནི་པདྨ་དེས་ཐིག་ལེ་ནམ་མཁའ་ལྡིང་གི་གདོང་གི་གཟུང་བར་བྱ་བའི་དོན་

ཏོ། །མཚལ་ཆེན་ལན་གསུམ་བཟླས་པས་སྒྲ་ཇི་བཞིན་པས་ཁྲག་ལན་གསུམ་བཟླས་པ་བསྟན་ན་ཅིའི་ཕྱིར་པདྨ་དང་དྲི་ཆེན་ཞེས་གཞན་དུ་བཤད་ཅེས་དེ་ལྟར་རྒོལ་བ་ལ། ངེས་པའི་དོན་རྟོགས་པར་བྱ་བའི་ཕྱིར། ཁུངས་གཞན་བསྟན་ཏེ། ཁྲག་ནི་པདྨ་བཤད་པ་སྟེ། །དེ་བཞིན་མཚལ་ཆེན་ཝེད་ལ་

སོགས། །ཞེས་འབྱུང་ངོ་། །ཁྲག་ནི་པདྨ་དང་། དྲི་ཆེན་ཡིན་དུ་ཟིན་ཀྱང་། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ཇི་ལྟར་འགྱུར་ཞེ་ན། ཁུངས་གཞན་ཡང་བསྟན་པའི་ཕྱིར། བཅོམ་ལྡན་སངས་རྒྱས་བྷ་ག་སྟེ། །བཙུན་མོའི་སྐྱེ་གནས་ལ་བཞུགས་པ། །འདིར་ནི་གང་ཡང་དམ་ཚིག་གསུམ། །དེ་དག་དེ་བཞིན་

เล่ม ๑๖ · หน้า 270a

གཤེགས་པ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དམ་ཚིག་ཆུ་ནི་བཏུང་བྱ་སྟེ། །དེ་ནས་བརྩམས་ཏེ་ཁྱོད་ཀྱི་ནི། །ལག་ན་རྡོ་རྗེ་ང་ཉིད་ཡིན། །གང་འདི་ཐམས་ཅད་བྱོས་ཤིག་ཅེས། །བསྒོ་བ་རྣམས་ནི་བརྟན་པར་གྱིས། །ཞེས་བྱ་བ་ལ་སོགས་པས། དམ་ཚིག་བསླབས་པའི་

སློབ་མ་གཞུག་པར་བྱའོ། །དེ་ནས་སེ་གོལ་གྱིས་གསུངས་པ། །དཀྱིལ་འཁོར་བདག་པོ་དམིགས་ནས་ནི། །པྲ་ཏཱིཙྪ་བཛྲ་ཧོ་སྔགས་ཀྱིས། །སློབ་མ་མེ་ཏོག་གཏོར་དུ་གཞུག །མེ་ཏོག་གཏོར་བའི་འོག་ཏུ་སློབ་མ་ལ་ཅི་ཞིག་བྱ་ཞེ་ན། དེ་ནས་གདོང་ཕྱེ་དཀྱིལ་འཁོར་བསྟན། །ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་ནི། །མིག་འབྱེད་པ་ཡི་ཚུལ་ཅན་ཏེ། །རྡོ་རྗེ་མིག་ནི་བླ་མེད་པ། །སྤྱན་ཀུན་མངའ་བས་འབྱེད་པར་མཛད། །ཅེས་བྱ་བ་ལ་སོགས་པའོ། །མིག་ཕྱེ་བའི་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བུ་ཁྱོད་དད་པའི་ཤུགས་ཀྱིས་ནི། །ལྷན་ཅིག་

དཀྱིལ་འཁོར་བལྟ་བར་གྱིས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །དེང་ཁྱོད་སངས་རྒྱས་རིགས་སུ་སྐྱེས། །ཞེས་བྱ་བ་ལ་སོགས་པས། དཀྱིལ་འཁོར་ཇི་ལྟ་བར་བསྟན་པར་བྱའོ། །མིག་ཕྱེ་བའི་འོག་ཏུ་ཕྱག་བཙལ་བ་དང་ཞབས་ལ་འདུད་པ་དང་། གཡོན་ཕྱོགས་ནས་དཀྱིལ་

འཁོར་ལ་བསྐོར་བར་བྱས་ཏེ། དེའི་འོག་ཏུ་དད་པ་དང་ལྡན་པའི་སློབ་མས་ཅི་ཞིག་བྱ་ཞེ་ན། དེ་ནས་བླ་མ་དག་ལ་ཡོན། །དེ་བཞིན་གཤེགས་པས་གསུངས་པ་དབུལ། །ཞེས་བྱ་བ་ལ་སོགས་པའོ། །ཡོན་གྱི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་ལ་མཁའ་འགྲོ་མ། །རྣལ་འབྱོར་མ་

མོ་མཉེས་པར་འགྱུར། །ཞེས་བྱ་བ་ལ་རྣལ་འབྱོར་མ་མོ་ནི་སུམ་ཅུ་རྩ་དྲུག་གོ། །རྣལ་འབྱོར་གྱི་དཀྱིལ་འཁོར་གྱི་ཚུལ་དུ་བདག་ཉིད་ལ་བརྟག་པར་བྱ་ཞིང་། བདག་ཉིད་ཀྱི་རྩ་བའི་འཁོར་ལོའི་རང་བཞིན་ནོ། །དེ་དག་དགྱེས་པས་ཅིར་འགྱུར་ཞེ་ན། དེ་དག་རྣམ་དཔྱོད་འགྲོ་བ་ཀུན། །ཞེས་བྱ་བ་ལ་སོགས་

པ་ཀུན་ལ། མཁའ་འགྲོ་མ་དེ་དག་དང་ལྷན་ཅིག་ཁམས་གསུམ་དུ་ཡོངས་སུ་འཁྱམ་པའོ། །འཁྱམ་ན་འཁྱམ་མོད། དེས་ཅིར་འགྱུར་ཞེ་ན། སྒྲུབ་པ་པོ་ནི་དེ་དག་གི །ཅི་བགྱི་བྱེད་པར་ཐེ་ཚོམ་མེད། །ཅེས་བྱ་བ་ལ་སོགས་པ་ལ། དཔལ་ཧེ་རུ་ཀའི་རྣལ་འབྱོར་པ་ལ་བཀའ་བསྒོ་ཞིང་། ལྷན་ཅིག་སྤྱོད་

เล่ม ๑๖ · หน้า 270b

ཅིང་འགྲོ་བར་འགྱུར། །ཞེས་བྱ་བའི་དོན་ཏོ། །དེ་དང་ལྷན་ཅིག་སྤྱོད་པས་དགོས་པ་ནི་ཅི་འགྲུབ་ཅེ་ན། རྣལ་འབྱོར་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁའ་འགྲོ་མ་ལ་སོགས་པ་དེ་དག་གི་བདག་ཉིད་ནི་རྣལ་འབྱོར་ཏེ། དེའི་དངོས་གྲུབ་ནི་རྣལ་འབྱོར་གྱི་དངོས་གྲུབ་ཅེས་བྱ་བ་ནི་དགོས་པའོ། །

རྣལ་འབྱོར་གྱི་དངོས་གྲུབ་དེ་ཇི་ལྟ་བུ་ཞེ་ན། མི་སྣང་ཕུག་དང་ནམ་མཁར་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁར་འགྲོ་བ་ནི་འཕུར་བའོ། །འདི་སྐད་བཤད་པ་ཡིན་ཏེ། ཅི་རྣལ་འབྱོར་མ་བཞིའི་སྦྱོར་བ་ཉིད་ཀྱིས་དངོས་གྲུབ་ཐོབ་པ་ཡིན་ནམ་ཞེ་ན། གསུངས་དང་མ་གསུངས་གང་ཅིའང་

རུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསུངས་པ་ནི་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །མ་གསུངས་པ་ནི་དེ་ལས་གཞན་པ་ལ་ཡང་སྟེ་སུམ་ཅུ་རྩ་གཉིས་སོ། །གསུངས་པ་དང་མ་གསུངས་པ་རྣམས་ནི་གསུངས་པ་དང་མ་གསུངས་པ་རྣམས་སོ། །གང་ཅི་ཡང་རུང་ཞེས་བྱ་བ་

འདིས་སྔགས་དང་ཕྱག་རྒྱའི་ཚོགས་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་དཔལ་ཧེ་རུ་ཀ་ལ་གནས་ཞེས་བྱ་བ་འདིས་འདི་ལྟར་སྟོན་པ་ཡིན་ཏེ། གང་མཁའ་འགྲོ་མ་ལ་སོགས་པ་བཞི་པོ་དེ་དག་གསུངས་པ་ཁོ་ནའོ། །གཞན་ཡང་མ་གསུངས་པ་གང་ཡིན་པ་དེ་ནི་གསུངས་པ་ཁོ་ན་

སྟེ། གང་གི་ཕྱིར་ཐམས་ཅད་ཀྱི་བདག་ཉིད་དཔལ་ཧེ་རུ་ཀ་ཁོ་ན་བདག་པོ་ཉིད་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་དགོངས་པའོ། །དཔལ་ལྡན་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ཡོན་དང་བཅས་པའི་དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་གསུམ་

པའོ།། །།གསུངས་པ་ལ་ཅིག་ཤོས་རྣལ་འབྱོར་མ་ཉི་ཤུ་རྩ་བཞིར་རྗོད་པར་བྱེད་པའི་ལེའུ་བཞི་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་མཁའ་འགྲོ་མ་རྣམས་ནི། །ས་ལ་རྣམ་པར་རོལ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་བཤད་

པའི་མཐོ་རིས་དང་ས་བླ་དང་ས་འོག་གི་དཀྱིལ་འཁོར་དུ་རྣམ་པར་རོལ་པར་མཛད་པའོ། །མཁའ་འགྲོ་མ་དེ་དག་གི་གྲངས་དང་མིང་གང་ཞེ་ན། སྐུའི་འཁོར་ལོའི་དབང་དུ་བྱས་ནས་གསུངས་པ། བརྩོན་ཆེན་འཁོར་ལོས་སྒྱུར་མ་ཞེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་འབྱུང་བ་ཅིའི་ཕྱིར་མ་བསྟན་ཞེས་

เล่ม ๑๖ · หน้า 271a

སྙམ་པ་ལ། དེ་དག་ངེས་པར་སྔོན་གྲུབ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ལྷ་མོ་ནི་ཉི་ཤུ་རྩ་བཞི་པོ་དག་བཅོམ་ལྡན་འདས་ཀྱི་རྒྱུར་གྱུར་པའི་ཕྱིར་སྔོན་གྲུབ་པ་ཁོ་ན་སྟེ། དེ་དག་གི་འབྱུང་གནས་ཀྱིས་ཅི་ཞིག་བྱ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་བཟླས་པ་བསྟན་

པའི་ཕྱིར། རང་མིང་བརྗོད་པའི་སྔགས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨོཾ་གྱིས་གསལ་བར་བྱས་ཤིང་ཧུཾ་ཧཱུཾ་ཕཊ་ཀྱི་མཐའ་ཅན་ལ་དེ་རྣམས་ཀྱི་རང་རང་གི་མིང་དང་སྤེལ་བའི་སྔགས་རྣམས་སོ། །ཅི་དེ་དག་གཅིག་པུ་ཡིན་ནམ་ཞེ་ན། དཔའ་བོ་ཉིད་འགྱུར་འགྲུབ་པ་ནི། །ཞེས་བྱ་བ་ལ་སོགས་

པ་ལ། དཔའ་བོ་རྣམས་ཀྱི་ཚུལ་ནི་དཔའ་བོ་ཉིད་དེ་དེ་ཐོབ་པ་ནི་དཔའ་བོ་ཉིད་དུ་སོང་ཞིང་དཔའ་མོ་རྣམས་དང་སྙོམས་པར་ཞུགས་པའོ། །གྲུབ་པ་ནི་ཡོངས་སུ་རྫོགས་པའི་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་དེ་དག་དང་ཅི་ཞིག་བྱ་ཞེ་ན། ཁྱིམ་དུ་དཀྱིལ་འཁོར་མཐོང་བ་དང་། །དེ་ཤེས་རྟག་ཏུ་

བསྒོམ་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དཀྱིལ་འཁོར་འབའ་ཞིག་ཏུ་མ་ཟད་ཀྱི། ཁྱིམ་སྟེ་རང་གི་ལུས་ལ་ཡང་སློབ་དཔོན་གྱི་མན་ངག་གིས་དཀྱིལ་འཁོར་དུ་བལྟ་ཞིང་བསྒོམ་པའོ། །ཡང་གི་སྒྲ་ནི་བསྡུ་བའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་

བྱ་བ་ལས། དཔའ་བོ་དང་དཔའ་མོའི་རྣལ་འབྱོར་མ་གཉིས་སུ་མེད་པའི་ལེའུ་སྟེ་བཞི་པའོ།། །།གང་རྣམས་ཀྱི་གཉིས་སུ་མེད་པའི་ཆོ་ག་བསྟན་པ་དཔའ་བོ་དང་དཔའ་མོ་དེ་དག་གང་ལས་བྱུང་བ་དེའི་འབྱུང་གནས་བསྟན་པར་བྱ་བའི་ཕྱིར། ལེའུ་ལྔ་པ་བསྟན་པར་བྱ་སྟེ། ཐམས་ཅད་ཆོས་

འབྱུང་སྣ་ཚོགས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ནི་དཔའ་བོ་དང་དཔའ་མོ་ཉི་ཤུ་རྩ་བཞིའི་ངོ་བོ་ཉིད་དང་འཕེལ་བ་དང་འགྲིབ་པའི་མཚན་ཉིད་ཅན་ཟླ་བ་ཡར་ངོ་དང་མར་གྱི་ངོ་གཉིས་ལ་ཚེས་ཉི་ཤུ་རྩ་བཞིའི་བདག་ཉིད་ལུས་འཛིན་པར་བྱེད་པའི་ཁམས་རྣམས་སོ། །

ཡང་ན་བཤད་པ་ལས་གཞན་དུ་གསལ་བྱེད་བསྡུས་པ་སུམ་ཅུ་རྩ་དྲུག་དང་། གཟའ་དང་རྒྱུ་སྐར་གྱི་འཁོར་ལོའོ། །འདུ་བྱེད་བརྒྱད་ཀྱི་མཐར་ཐུག་པ་དང་། ཕུང་པོ་དང་ཁམས་ལ་སོགས་པ་སུམ་ཅུ་རྩ་གཉིས་ནི་ཆོས་ཐམས་ཅད་དོ། །དེ་རྣམས་གང་ལས་འབྱུང་བ་ནི་ཆོས་འབྱུང་བའོ། །དེ་གང་ཞེ་ན།

เล่ม ๑๖ · หน้า 271b

སྣ་ཚོགས་ཞེས་བྱ་བ་ལ་སྣ་ཚོགས་ནི་སྣ་ཚོགས་པདྨ་སྟེ། སྤྲུལ་པའི་འཁོར་ལོ་ལ་གནས་པའོ། །ལྟེ་བ་ནི་ལྟེ་བ་ལའོ། །མི་ཤིགས་པ་ནི་སྐྱེ་བ་དང་འཇིག་པ་དག་གིས་དབྱེ་བར་མི་ནུས་པའི་ཕྱིར་མི་ཤིགས་པའི་ཡི་གེའོ། །འདི་དག་ཐམས་ཅད་ནི་རིན་པོ་ཆེ་ཁ་སྦྱར་ལས་གསལ་བར་གསུངས་

ཏེ། དེ་བས་ན་སྲིད་པ་དང་མྱ་ངན་ལས་འདས་པ་ཚུལ་གཅིག་པ་ཉིད་དུ་བཅོམ་ལྡན་འདས་ཀྱི་མི་ཤིགས་པས་བསྟན་པའི་ཕྱིར་ཞི་བའོ། །སྔགས་པས་ཆོ་ག་བཞིན་བྲིས་ནས། །ཞེས་བྱ་བ་ལ། རྣལ་འབྱོར་པས་ཡིད་ཀྱིས་དྲི་དང་མེ་ཏོག་གིས་བྱུགས་པའི་ས་གཞིར་རྡུལ་གྱིས་སོ། །བཤད་

པའི་མཚན་ཉིད་ཀྱི་མི་ཤིགས་པ་རྐང་པ་བརྒྱད་པའི་གཞི་ཡིན་པའི་ཕྱིར། ཆོས་ཐམས་ཅད་གཅིག་ཏུ་བསྡུས་པའོ། །འདི་ལ་ཡིད་དང་རྡུལ་གྱིས་བྲིས་པས་ཅི་ཞིག་བྱ་ཞེ་ན། རྣལ་འབྱོར་པ་འདིར་སྔགས་ཀྱི་ཚིག་ནི་འདི་དག་ཡིན་ཏེ་ཞེས་བྱ་བ་ལ། སྔགས་རྣམས་ཀྱི་རབ་ཏུ་གནས་པའི་གཞི་

ནི་ཚིག་ཐམས་ཅད་དེ། དེ་དག་ཐམས་ཅད་ཀ་ལ་སོགས་པ་གསལ་བྱེད་འབའ་ཞིག་གང་ལ་ཡོད་པ་དེ་ནི་འདིར་སྔགས་པས་བྲི་བར་བྱ་ཞེས་གསུངས་པ་ཁོ་ནའོ། །སྔགས་རྣམས་ཀྱི་རབ་ཏུ་གནས་པའི་གཞི་གང་ཡིན་ཞེ་ན། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་བྱེད་པའི་ཚིག་དབྱེ་བས་བསྟན་ནོ། །དེས་ན་ཨཱ་ལི་ཀཱ་ལི་ཞེས་བལྟ་བར་བྱའོ། །ཡི་གེ་ཨས་ཉེ་བར་མཚོན་པའི་ཡི་གེ་སུམ་ཅུ་རྩ་བཞི་ནི་ཨཱ་ལིའི་སྒྲས་མཚོན་ཏོ། །དབྱངས་དེ་དག་དང་ཡི་གེ་རྣམས་ནི་ཨཱ་ལི་ཀཱ་ལི་ལ་སོགས་པའོ། །ཨཱ་ལི་ཀཱ་ལི་ནི་ཨཱ་ལི་

ཀཱ་ལི་སྟེ། མཉམ་པ་ནི་ཕན་ཚུན་མཐུན་པའོ། །སྡེ་ཚན་ལ་ནི་ཡོངས་སུ་བསྟིམ། །ཞེས་བྱ་བ་ལ་སྡེ་ཚན་ནི་ཚོགས་རྣམ་པར་འཇོག་པའོ། །ཨ་ནས་བརྩམས་ཏེ་ཨཿའི་བར་དུ་ནི་སྡེ་ཚན་དང་པོའོ། །ཡི་གེ་ཀ་ནས་བརྩམས་ཏེ་ངའི་བར་ཞེས་བྱ་བ་ནས་བརྩམས་ཏེ་བརྒྱད་ནི་སྡེ་ཚན་བརྒྱད་དོ། །ཨ་ཀ་ཙ་

ཊ་ཏ་པ་ཡ་ཤ་ཞེས་བྱ་བ་ལ་སོགས་པ་ནི་སྡེ་ཚན་རྣམས་སོ། །ཨོཾ་དང་ཕཊ་དང་ཧཱུཾ་རྣམས་སྡེ་ཚན་རྣམས་སུ་བསྟིམ་པ་ནི་སྡེ་ཚན་རྣམས་ཀྱི་ཚུལ་དུ་རྣམ་པར་འཇོག་པའོ། །ཨཱ་ལི་ཀཱ་ལི་དེ་གཉིས་མཉམ་པར་བྱེད་པ་ནི་ཅི་ལྟ་བུའི་དབྱེ་བས་སྡེ་ཚན་དུ་གྱུར་ཞེ་ན། བཞི་བཞི་རུ་ནི་ཤེས་བྱས་ལ། །ཞེས་བྱ་བ་

เล่ม ๑๖ · หน้า 272a

ལ་སོགས་པ་སྨོས་ཏེ། བཞི་པོ་བསྒྲེས་པས་བཞི་བཞི་སྟེ་བཅུ་དྲུག་གམ་སུམ་ཅུ་རྩ་གཉིས་སོ། །དེ་བས་ན་མཉམ་པ་ནི་ང་ཉ་གཉིས་སྤངས་པས་བཅུ་དྲུག་ཕྲག་གཉིས་སུ་བྱའོ། །གལ་ཏེ་ཡི་གེ་བཞི་བཅུ་རྩ་བརྒྱད་སྡེ་ཚན་དུ་གྱུར་ན་ཡང་དེ་ལ་བཞི་བཞི་ཞེས་བྱ་བ་འདིས་སྡེ་ཚན་

གྱི་གྲངས་གཞན་མ་བསྟན་པའི་ཕྱིར་སྡེ་ཚན་ནི་བརྒྱད་ཁོ་ནའོ། །དེ་ལ་ཁྱད་པར་ནི་འདི་ཡིན་ཏེ། བཞི་དང་བཞི་ནི་བཞི་བཞི་སྟེ། བཞི་ཕྲག་གཉིས་བརྒྱད་དུ་ཤེས་པར་བྱའོ། །སྡེ་ཚན་བརྒྱད་དུ་འགྱུར་ན། དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། ཐུབ་པ་མཆོག་ནི་རབ་ཏུ་དགྲམ། །ཞེས་བྱ་བ་ལ་སོགས་པ་ལ།

སྡེ་ཚན་བརྒྱད་པོ་དེ་ལ་ཐུབ་པའི་མཆོག་ཏུ་དགྲམ་པར་བྱའོ། །ཐུབ་པ་ནི་ཡི་གེ་སུམ་ཅུ་རྩ་དྲུག་གོ། །དེ་རྣམས་ཁོ་ན་ལྷའི་གཟུགས་ཅན་དུ་བསྡུ་ཞིང་མཆོག་ཡིན་པའི་ཕྱིར། ཐུབ་པའི་མཆོག་ནི་དགྲམ་པར་བྱ། །ཞེས་བྱ་བའི་དོན་ཏོ། །བཀྲམ་ནས་ཅི་ཞིག་བྱ་ཞེ་ན། དེར་གནས་དཔའ་བོ་

བཏུ་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་དགྲམ་པའོ། །བཏུ་བ་ནི་འབྱུང་བའོ། །དཔའ་བོ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྒྱུ་ཡིན་པའི་ཕྱིར་གསང་སྔགས་སོ། །སྔགས་ཀྱི་ཆེ་བ་བསྟན་པར་བྱ་བའི་ཕྱིར། འདོད་དོན་ཐམས་ཅད་སྒྲུབ་བྱེད་པ། །ཞེས་བྱ་བ་ལ། འདོད་

པ་ཐམས་ཅད་དང་དོན་ཐམས་ཅད་སྒྲུབ་པ་ནི་འདོད་པའི་དོན་ཀུན་སྒྲུབ་པའོ། །བཏུ་བའི་རིམ་པ་བསྟན་པར་བྱ་བའི་ཕྱིར། བཞི་པའི་ལྔ་པ་གང་ཡིན་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཞི་པའི་ལྔ་པ་ནི་ཡི་གེ་ནའོ། །ལྔ་པའི་ལྔ་པ་ནི་ཡི་གེ་མའོ། །ལྔ་པའི་བཞི་པ་ནི་ཡི་གེ་བྷའོ། །དང་

པོའི་གསུམ་པ་ནི་ཡི་གེ་གའོ། །ཉི་ཤུ་རྩ་དགུ་པ་ནི་མཆུའི་ཡི་གེ་ཝའོ། །བཞི་པའི་དང་པོ་ནི་ཏའོ། །མཐར་གནས་པའི་བཞི་པ་ནི་ཡི་གེ་ཝའོ། །མཐར་གནས་པ་ཉིད་ཀྱི་གཉིས་པ་ནི་ཡི་གེ་རའོ། །སུམ་ཅུ་པ་ནི་ཡི་གེ་ཤའོ། །ཉི་ཤུ་རྩ་དྲུག་པ་ནི་ཡི་གེ་ཡའོ། །བརྒྱ་ཕྱེད་ཀྱི་ཕྱེད་ནི་ཡི་གེ་

མའོ། །སུམ་ཅུ་རྩ་གསུམ་པ་ནི་ཡི་གེ་ཧའོ། །དང་པོའི་དང་པོ་ནི་ཡི་གེ་ཀའོ། །མཐར་གནས་པའི་གསུམ་པ་ནི་ཡི་གེ་ལའོ། །དང་པོའི་གསུམ་པ་ནི་ཡི་གེ་གའོ། །སུམ་ཅུ་རྩ་གཉིས་པ་ནི་ཡི་གེ་སའོ། །བཞི་པའི་ལྔ་པ་ནི་ཡི་གེ་ནའོ། །ལྔ་པའི་བཞི་པ་ནི་ཡི་གེ་བྷའོ། །མཐར་གནས་པའི་དང་པོ་ནི་ཡི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด