རིན་པོ་ཆེའི་ཚོགས་ཞེས་བྱ་བའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) རཏྣ་ཚ་ད་ནཱ་མ་པཉྩི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖ · หน้า 272b
གེ་ཡའོ། །གཉིས་པའི་གསུམ་པ་ནི་ཡི་གེ་ཛའོ། །གསུམ་པའི་དང་པོ་ནི་ཡི་གེ་ཊའོ། །ལྔ་པའི་ལྔ་པ་ནི་ཡི་གེ་མའོ། །དང་པོའི་དང་པོ་ནི་ཡི་གེ་ཀའོ། །བཅུ་གཅིག་པ་ནི་ཡི་གེ་ཊའོ། །བཅུ་དྲུག་པ་ནི་ཡི་གེ་ཏའོ། །གསུམ་པའི་དང་པོ་ནི་ཡི་གེ་ཊའོ། །ཉི་ཤུ་རྩ་དྲུག་པ་ནི་ཡི་གེ་ཡའོ། །བཞི་པའི་
གསུམ་པ་ནི་ཡི་གེ་དའོ། །ཨུཥྨ་ཎའི་གཉིས་པ་ནི་ཡི་གེ་ཥའོ། །དང་པོའི་དང་པོ་ནི་ཡི་གེ་ཀའོ། །ཉི་ཤུ་རྩ་བདུན་པ་ནི་ཡི་གེ་རའོ། །ཉི་ཤུ་རྩ་བརྒྱད་པ་ནི་ཡི་གེ་ལའོ། །དང་པོའི་གསུམ་པ་ནི་ཡི་གེ་གའོ། །ལྔ་པའི་བཞི་པ་ནི་ཡི་གེ་བྷའོ། །སུམ་ཅུ་རྩ་གཅིག་པ་ནི་ཡི་གེ་ཥའོ། །བཅོ་ལྔ་པ་ནི་
ཡི་གེ་ཎའོ། །ཉི་ཤུ་རྩ་ལྔ་པ་ནི་ཡི་གེ་མའོ། །དང་པོའི་གཉིས་པ་ནི་ཡི་གེ་ཁའོ། །ཉི་ཤུ་རྩ་དྲུག་པ་ནི་ཡི་གེ་ཡའོ། །སུམ་ཅུ་རྩ་གཉིས་པ་ནི་ཡི་གེ་སའོ། །ཨུཥྨ་ཎའི་ཐ་མ་ནི་ཡི་གེ་ཧའོ། །སུམ་ཅུ་རྩ་གཉིས་པ་ནི་ཡི་གེ་སའོ། །ལྔ་པའི་བཞི་པ་ནི་ཡི་གེ་བྷའོ། །གཉིས་པའི་གསུམ་པ་ནི་ཡི་
གེ་ཛའོ། །ལྔ་པའི་བཞི་པ་ནི་ཡི་གེ་བྷའོ། །ཨུཥྨ་ཎའི་གསུམ་པ་ནི་ཡི་གེ་སའོ། །ཉི་ཤུ་རྩ་བདུན་པ་ནི་ཡི་གེ་རའོ། །ཨན་ཏསྠའི་དང་པོ་ནི་ཡི་གེ་ཡའོ། །ཉི་ཤུ་རྩ་གཅིག་པ་ནི་ཡི་གེ་པའོ། །ཨན་ཏསྠའི་གཉིས་པ་ནི་ཡི་གེ་རའོ། །སུམ་ཅུ་པ་ནི་ཡི་གེ་ཥའོ། །ལྔ་པའི་དང་པོ་ནི་ཡི་གེ་པའོ། །
ཨུཥྨ་ཎའི་དང་པོ་ནི་ཡི་གེ་ཤའོ། །དེ་བཞིན་ཡི་གེ་བརྒྱ་ཉིད་དང་། །ཞེས་བྱ་བ་ལ། རང་གི་གཟུགས་ཉིད་བསྟན་པས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ས་བོན་གསུངས་པ་ཡིན་ནོ། །བཞི་པའི་དང་པོ་ནི་ཡི་གེ་ཏའོ། །ཨུཥྨ་ཎའི་དང་པོ་ནི་ཡི་གེ་ཤའོ། །ཉི་ཤུ་རྩ་བརྒྱད་པ་ནི་ཡི་གེ་
ལའོ། །དང་པོའི་གཉིས་པ་ནི་ཡི་གེ་ཁའོ། །གསུམ་པའི་དང་པོ་ནི་ཡི་གེ་ཊའོ། །དང་པོའི་གསུམ་པ་ནི་ཡི་གེ་གའོ། །བཞི་པའི་བཞི་པ་ནི་ཡི་གེ་དྷའོ། །ཨན་ཏསྠའི་གཉིས་པ་ནི་ཡི་གེ་རའོ། །གསུམ་པའི་ལྔ་པ་ནི་ཡི་གེ་ནའོ། །ཞེས་དེའི་འོག་ཏུ་ཡི་གེ་བྱ་བ་ནི་དཔའ་བོར་བཤད་པའོ། །དང་པོའི་
བཞི་པ་ནི་ཡི་གེ་གྷའོ། །དེ་ནས་ཞེས་པ་ཉིད་ཀྱི་སྒྲ་ངེས་པར་བཟུང་བ་སྟེ། དང་པོའི་སྡེ་ཚན་གྱི་བརྒྱད་པ་ནི་ཛའོ། །ཡང་བརྒྱད་པ་ཞེས་གཞན་དུ་བརྗོད་དོ། །བཞི་པའི་ལྔ་པ་ནི་ཡི་གེ་ནའོ། །ལྔ་པའི་ལྔ་པ་ནི་ཡི་གེ་མའོ། །ཉི་ཤུ་རྩ་བདུན་པ་ནི་ཡི་གེ་རའོ། །བཞི་པའི་བཞི་པ་ནི་ཡི་གེ་དྷའོ། །ཉི་ཤུ་རྩ་
เล่ม ๑๖ · หน้า 273a
བདུན་པ་ནི་ཡི་གེ་རའོ། །ཉི་ཤུ་རྩ་དྲུག་པ་ནི་ཡི་གེ་ཡའོ། །ཉི་ཤུ་རྩ་ལྔ་པོ་ནི་ཡི་གེ་མའོ། །སུམ་ཅུ་རྩ་གསུམ་པ་ནི་ཡི་གེ་ཧའོ། །བཞི་པའི་བཞི་པ་ནི་ཡི་གེ་དྷའོ། །ལྔ་པའི་ལྔ་པ་ནི་ཡི་གེ་མའོ། །བཞི་པའི་ལྔ་པ་ནི་ཡི་གེ་ནའོ། །དང་པོའི་དང་པོ་ནི་ཡི་གེ་ཀའོ། །ཉི་ཤུ་རྩ་བདུན་པ་
ནི་ཡི་གེ་རའོ། །མཐར་གནས་པའི་བཞི་པ་ནི་ཡི་གེ་ཝའོ། །ཉི་ཤུ་རྩ་གཅིག་པ་ནི་ཡི་གེ་པའོ། །ཨུཥྨ་ཎའི་གཉིས་པ་ནི་ཡི་གེ་ཥའོ། །ཉི་ཤུ་རྩ་དྲུག་པ་ནི་ཡི་གེ་ཡའོ། །ཞེས་དེ་དག་ནི་དཔལ་ཧེ་རུ་ཀའི་གསང་སྔགས་ཀྱི་རྒྱལ་པོའོ། །ལེའུ་བཞི་པ་ལས་གསུངས་པའི་དཔའ་མོ་རྣམས་ཀྱི་རང་
རང་གི་མིང་དང་སྤེལ་བ་བཞིན། ཀ་ར་ཀ་ར་ལ་སོགས་པའི་སྔོན་དུ་སོང་བའི་ཧུཾ་ཧཱུཾ་ཕཊ་ཀྱི་མཐའ་ཅན་དུ་དུམ་བུ་ཕྱེད་པ་ལ་སོགས་པའི་དཔའ་བོ་རྣམས་ཀྱི་སྔགས་ལེགས་པར་བསྟན་པར་བྱ་བའི་ཕྱིར། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔགས་ཀྱི་ཆེ་བ་བསྟན་པར་བྱ་བའི་ཕྱིར། འདི་ལ་ཤིན་ཏུ་
མཆོག་གྱུར་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟ་བུའི་ཁྱད་པར་ཅན་གྱི། གསང་སྔགས་མཚན་ཅི་ཡིན་ཞེས་འདྲི་བའི་ལན་བསྟན་པའི་ཕྱིར། རྩ་བའི་སྔགས་སུ་རབ་ཏུ་བསྒྲགས། །ཞེས་སྨོས་པ་ལ། རྩ་བ་ནི་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་པའི་ལྷའི་འཁོར་ལོ་སྟེ། དེ་དག་གི་སྔགས་
ནི་རྩ་བའི་སྔགས་སོ། །དཀྱིལ་འཁོར་པ་ཐམས་ཅད་ཀྱི་སྔགས་ཞེས་བྱ་བའི་བར་དུའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་ཆོ་གའི་ལེའུ་སྟེ་ལྔ་པའོ།། །།དེ་ལ་སྔགས་དེ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། འོན་
ཀྱང་གཞན་ཡང་མང་དུ་ཡོད་པ་བསྟན་པར་བྱ་བའི་ཕྱིར། ལེའུ་དྲུག་པ་བཤད་པར་བྱ་སྟེ། གཞན་ཡང་ཡི་གེ་ཉི་ཤུ་གཉིས། །སྙིང་པོ་ཡིག་བདུན་ཉེ་སྙིང་པོ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རེ་ཞིག་རྐང་པ་དྲུག་པའི་དཔའ་བོའི་གོ་ཆའི་སྔགས་བཤད་པར་བྱ་སྟེ། ཡ་ཚོགས་བརྒྱད་པའི་ས་
བོན་དང་། །ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་སྡེ་ཚན་ལས་བརྒྱད་པ་ནི་ཡི་གེ་ཧའོ། །དེ་བཞིན་དུ་གུག་སྐྱེད་བཅུ་གཉིས་ཀྱི་ཞེས་བྱ་བ་ལ། མ་ནིང་གི་ཡི་གེ་སྤངས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་འཇིག་རྟེན་ལ་རབ་ཏུ་གྲུབ་པ་དེ་བཞིན་དུ་བསྟན་ཏེ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཞེས་བྱ་བར་
เล่ม ๑๖ · หน้า 273b
སྦྱར་རོ། །དེ་ལྟར་སྦྱར་ནས་ཅི་ཞིག་བྱ། །ཞེས་བརྗོད་ཅེ་ན། ཡི་གེ་བར་མ་དོར་བྱས་ལ། །ཡན་ལག་དྲུག་ནི་ཁྲག་འཐུང་བཤད། །ཅེས་བྱ་བ་ལ་ཡི་གེ་གཉིས་པའི་དང་པོ་ཉེ་བར་བླངས་ལ་བཤད་པར་གྱུར་པའི་ཚིག་དྲུག་པོ་ནི་ཧེ་རུ་ཀའི་ཡན་ལག་དྲུག་ཏུ་བཤད་དོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་དཔའ་བོ་དྲུག་
གི་ཡང་དག་པར་སྦྱོར་བ་ནི་དཔའ་བོ་དྲུག་གི་ཡང་དག་པར་སྦྱོར་བའོ། །དེས་མཚོན་པའི་ཟུང་རེ་རེ་ལས་ཡི་གེ་རེ་རེའི་ཚུལ་དུ་ཡང་དག་པར་གནས་པའོ། །གནས་པ་དེ་དག་ཀྱང་གང་བསྟན་ཞེ་ན། ཨོཾ་ན་མཿཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་ནི་ཧེ་རུ་ཀའི་ཡན་ལག་ཏུ་དགོད་པར་བྱ་བ་
གནས་བསྟན་པར་བྱ་བའི་ཕྱིར། དང་པོ་སྙིང་ག་ཉིད་དུ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། དཔའ་བོ་དྲུག་གི་གོ་ཆ་བཏུ་བའི་ལེའུ་སྟེ་དྲུག་པའོ།། །།ལེའུ་ལྔ་པ་ལས་བཏུས་པའི་གསལ་བྱེད་ཀྱི་ཡི་གེ་
དབྱངས་ཀྱི་ཡི་གེ་དང་སྦྱར་བར་བྱ་བའི་ཕྱིར། ལེའུ་བདུན་པ་བཤད་པར་བྱ་སྟེ། དེ་ནས་དབྱངས་ཡིག་བཅུ་གསུམ་ཉིད། །ཡི་གེ་གཉིས་དང་ཡང་དག་ལྡན། །ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་དེ་དག་ལས་བཅུ་གསུམ་པའི་དབྱངས་ཡིག་ནི་ཡི་གེ་ཨོའོ། །ཡི་གེ་གཉིས་པ་ནི་ཡི་གེ་མའོ། །
དབྱངས་དེས་ཡི་གེ་དང་སྦྱར་བར་བྱའོ། །དེ་བཞིན་དུ་གཞན་ཡང་སྦྱར་བར་བྱའོ། །དབྱངས་ཡིག་བཅུ་གཅིག་པ་ནི་ཡི་གེ་ཨེའོ། །ཡི་གེ་དྲུག་པ་ནི་ཏའོ། །དབྱངས་ཀྱི་བཞི་པ་ནི་ཡི་གེ་ཨིའོ། །ཡི་གེ་བདུན་པ་ནི་ཝའོ། །དབྱངས་ཀྱི་ཡི་གེ་བཅུ་གཅིག་པ་ནི་ཡི་གེ་ཨེའོ། །བརྒྱད་པ་ནི་ཡི་གེ་རའོ། །
དབྱངས་གཉིས་པ་ནི་ཡི་གེ་ཨའོ། །ཡི་གེ་དགུ་པ་ནི་ཤའོ། །དབྱངས་གཉིས་པ་ནི་དེ་ཉིད་དོ། །བཅུ་གཉིས་པ་ནི་ཡི་གེ་ཧའོ། །ཡི་གེ་ཉི་ཤུ་རྩ་གཅིག་པ་ནི་ཡི་གེ་པའོ། །དེ་ལ་དབྱངས་ཡིག་གཉིས་པ་ནི་ཡི་གེ་ཨཱའོ། །དེ་ལྟར་བཤད་པའི་ཡི་གེ་བཅུ་བཞི་པ་ཡི་གེ་ལ་ལ་སྦྱར་བར་བྱའོ། །
ཡི་གེ་བཅོ་ལྔ་པ་ནི་ཡི་གེ་གའོ། །དབྱངས་གཉིས་པ་ནི་ཡི་གེ་ཉི་ཤུ་པ་ནི་ན་དང་ལྡན་པ་སྟེ། དབྱངས་ཀྱི་གསུམ་པ་ནི་ཨི་དང་སྦྱར་བར་བྱའོ། །དབྱངས་བཅོ་ལྔ་པ་ནི་ཨཾ་ངོ་། །བཅུ་དྲུག་པ་ནི་ཡི་གེ་སའོ། །དེ་ཡི་གེ་ཨཾ་གིས་མཛེས་པ་ནི་ཡི་གེ་སའོ། །དབྱངས་གསུམ་པ་ཡི་གེ་ཨོ་དང་ལྡན་པ་ནི་
เล่ม ๑๖ · หน้า 274a
བཅུ་བདུན་པ་སྟེ་ཡི་གེ་ནའོ། །དབྱངས་གཉིས་པ་ཡི་གེ་ཨས་བཅོ་བརྒྱད་པའི་བྷ་ར་སྦྱར་བར་བྱའོ། །ཨ་དང་ཡང་དག་པར་ལྡན་པ་ཡི་གེ་ཉི་ཤུ་རྩ་གཅིག་པ་སྟེ། ཡི་གེ་ཊའོ། །དབྱངས་ལྔ་པ་ནི་ཡི་གེ་ཨུའོ། །དེ་དང་ལྡན་པའི་ཡི་གེ་ཉི་ཤུ་རྩ་གཉིས་པ་ནི་ཡི་གེ་མའོ། །
དབྱངས་བཅུ་གསུམ་པ་ནི་ཡི་གེ་ཨོའོ། །དེ་དང་ལྡན་པ་ཉི་ཤུ་རྩ་བཞི་པ་ནི་ཡི་གེ་ཊའོ། །སྡེ་ཚན་དང་པོའི་དང་པོ་ནི་ཡི་གེ་ཀའོ། །དེ་བླངས་ནས་ཉི་ཤུ་རྩ་ལྔ་པ་ནི་ཡི་གེ་ཏ་དང་སྦྱར་བར་བྱའོ། །སྡེ་ཚན་གསུམ་པའི་དང་པོ་ནི་ཡི་གེ་ཊའོ། །དེ་དབྱངས་གཉིས་པས་དབྱེ་བར་བྱའོ། །ཉི་ཤུ་རྩ་བརྒྱད་པ་ནི་ཡི་གེ་
ཏའོ། །དེ་ནི་བཅོ་ལྔ་པ་སྟེ་ཡི་གེ་ཨཾ་གིས་མཆོད་ཅིང་སྤྱི་བོ་ལ་སྦྱར་རོ། །གསུམ་པའི་དང་པོ་སྟེ་ཡི་གེ་ཊ་འོག་ཏུ་ར་དང་བཅས་པས་གཉིས་པའི་དབྱངས་ཀྱི་ཡི་གེ་ཨ་དང་ལྡན་པས་ཡི་གེ་ཉི་ཤུ་རྩ་དགུ་པ་ཥ་དང་སྦྱར་བར་བྱའོ། །སུམ་ཅུ་རྩ་གཅིག་པ་ནི་ཡི་གེ་རའོ། །དེ་གཉིས་པའི་དབྱངས་ཀྱིས་སྦྱར་བར་
བྱའོ། །ཡི་གེ་སུམ་ཅུ་རྩ་གཉིས་པ་ནི་ལའོ། །བཅུ་གསུམ་པ་ནི་ཡི་གེ་ཨོའོ། །དེ་དག་དང་ལྡན་པར་བྱའོ། །ཡི་གེ་སུམ་ཅུ་རྩ་གསུམ་པ་སྟེ་ག་ནི་ཉི་མ་སྟེ་ར་དང་ལྡན་པར་བྱའོ། །ཕྱི་མོའི་བཞི་པ་ནི་ཡི་གེ་ཨཱི་སྟེ། ཡི་གེ་ཉི་ཤུ་བཞི་དང་ལྡན་པར་བྱའོ། །ཕྱི་མོའི་ལྔ་པ་ནི་ཡི་གེ་ཨུའོ། །སུམ་ཅུ་རྩ་
བདུན་པ་ནི་མ་སྟེ་དེ་དང་སྦྱར་བར་བྱའོ། །སུམ་ཅུ་རྩ་བརྒྱད་པ་ནི་ཡི་གེ་ཁ་སྟེ། དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །བཞི་བཅུ་རྩ་གཉིས་པ་ནི་ཡི་གེ་ས་སྟེ་འོག་ཏུ་ར་དང་སྦྱར་རོ། །བཞི་བཅུ་རྩ་གསུམ་པ་ནི་བྷ་སྟེ། དབྱངས་ཡིག་ལྔ་པ་ཨུ་དང་སྦྱར་རོ། །བཞི་བཅུ་རྩ་ལྔ་པ་ནི་བྷ་སྟེ་གཉིས་
པའི་དབྱངས་ཀྱི་ཡི་གེ་ཨཱ་རིང་པོ་དང་སྦྱར་བར་བྱའོ། །ལྔ་པའི་དབྱངས་ནི་ཡི་གེ་ཨུ་སྟེ་བཞི་བཅུ་རྩ་དྲུག་པ་སྟེ་ས་དང་སྦྱར་བར་བྱའོ། །བཞི་བཅུ་རྩ་བདུན་པ་ནི་ཡི་གེ་རའོ། །གཉིས་པའི་དབྱངས་ཏེ་ཡི་གེ་ཨཱ་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་གཅིག་པ་ནི་ཡི་གེ་ཤ་སྟེ་ལྔ་པ་དབྱངས་ཀྱི་ཡི་གེ་ཨུ་དང་ངོ་། །
ལྔ་བཅུ་རྩ་གཉིས་པ་ནི་ཡི་གེ་པ་སྟེ་གཉིས་པ་སྟེ་དབྱངས་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་གསུམ་པ་ནི་ཡི་གེ་ཤའོ། །དབྱངས་ཡིག་བཅུ་གསུམ་པ་ནི་དབྱངས་ཡིག་ཨོ་དང་ལྡན་པར་བྱའོ། །ལྔ་བཅུ་རྩ་གཅིག་པ་ནི་ཡི་གེ་ཤ་སྟེ་ལྔ་པ་དབྱངས་ཀྱི་ཡི་གེ་ཨུ་དང་ངོ་། །ལྔ་བཅུ་རྩ་གཉིས་པ་ནི་ཡི་
เล่ม ๑๖ · หน้า 274b
གེ་པ་སྟེ་གཉིས་པའི་དབྱངས་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་གསུམ་པ་ནི་ཡི་གེ་ཤའོ། །དབྱངས་ཡིག་བཅུ་གསུམ་པ་ནི་ཡི་གེ་ཨོ་དང་ལྡན་པར་བྱའོ། །ལྔ་བཅུ་རྩ་དྲུག་པ་ནི་ཡི་གེ་ཤ་སྟེ་དབྱངས་ཡིག་དྲུག་པ་ཨཱུ་དང་སྦྱར་བར་བྱའོ། །མཐར་གནས་པའི་བཞི་པ་ནི་ཡི་གེ་ཝ་སྟེ། དབྱངས་
ཡིག་གཉིས་པ་ཨཱ་དང་དབྱངས་ཡིག་བཅོ་ལྔ་པ་དང་ལྡན་ཞིང་ལྔ་བཅུ་རྩ་དགུ་པ་སྟེ་ཊ་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་གཅིག་པ་ནི་ཡི་གེ་དྷེ་སྟེ་གཉིས་པའི་དབྱངས་དང་ལྡན་པའོ། །དྲུག་ཅུ་རྩ་གཉིས་པ་ནི་ཡི་གེ་རའོ། །གསུམ་པའི་དབྱངས་དང་སྦྱར་རོ། །དྲུག་ཅུ་རྩ་གསུམ་པ་ནི་ཡི་གེ་མ་སྟེ་
དབྱངས་ཀྱི་ཡི་གེ་ཨེ་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་ལྔ་པ་ནི་ཡི་གེ་གྷའོ། །རྡོ་རྗེ་སེམས་དཔའ་ནི་འོག་ཏུ་ར་དང་ལྡན་པར་བྱའོ། །དྲུག་ཅུ་རྩ་དྲུག་པ་ནི་ཡི་གེ་ཛའོ། །དབྱངས་ཡིག་གསུམ་པ་དང་སྦྱར་རོ། །དྲུག་ཅུ་རྩ་བདུན་པ་ནི་ཡི་གེ་ནའོ། །དབྱངས་ཡིག་གཉིས་པ་དང་སྦྱར་རོ། །
ཡི་གེ་དྲུག་ཅུ་རྩ་བརྒྱད་པ་ནི་བ་དང་སྦྱར་བར་བྱའོ། །བདུན་ཅུ་རྩ་གཅིག་པ་ནི་ཡི་གེ་རའོ། །བདུན་ཅུ་རྩ་བཞི་པ་ནི་ཡི་གེ་ཧ་སྟེ་གཉིས་ཀ་ལ་དབྱངས་ཡིག་གཉིས་པ་དང་སྦྱར་རོ། །བདུན་ཅུ་རྩ་ལྔ་པ་ནི་ཡི་གེ་ད་སྟེ་དབྱངས་ཡིག་ཨུ་དང་སྦྱར་རོ། །བདུན་ཅུ་རྩ་དྲུག་པ་ནི་ཡི་གེ་མ་སྟེ། དབྱངས་ཡིག་
གཉིས་པ་དང་སྦྱར་ཞིང་ཡི་གེ་ར་དང་ལྡན་པར་བྱའོ། །བདུན་ཅུ་རྩ་བདུན་པ་ནི་ཡི་གེ་ན་སྟེ་ཡི་གེ་ངྷ་དང་ལྡན་པར་བྱའོ། །བདུན་ཅུ་རྩ་བརྒྱད་པ་ནི་ཡི་གེ་ཀ་སྟེ་དབྱངས་ཡིག་གཉིས་པ་དང་སྦྱར་རོ། །ཡི་གེ་བརྒྱད་ཅུ་རྩ་གཅིག་པ་ནི་པ་སྟེ་དབྱངས་ཡིག་བཞི་པའི་མཐའ་དང་སྦྱར་རོ། །བརྒྱད་ཅུ་རྩ་
གཉིས་པ་ནི་ཡི་གེ་ཥའོ། །དབྱངས་ཡིག་གཉིས་པ་དང་སྦྱར་རོ། །ཚིག་རེ་རེ་ལ་ཡང་དང་པོ་ཨོཾ་དང་ཧུཾ་ཧཱུཾ་ཕཊ་ཀྱི་མཐའ་ཅན་ནི་རྩ་བའི་གསང་སྔགས་སོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ། རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། རྩ་བའི་སྔགས་བཏུ་བའི་ལེའུ་བདུན་པའོ།། །།
ལེའུ་དྲུག་པ་ལས་སྙིང་པོ་དང་ཉེ་བའི་སྙིང་པོ་བསྟན་ནས། ལྷ་མོ་དྲུག་གི་གོ་ཆ་དྲུག་བརྗོད་པར་བྱ་བའི་ཕྱིར་ལེའུ་བརྒྱད་པ་སྟོན་ཏེ། དེ་ནས་རང་གི་བདག་ཉིད་ཀྱི། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་བྱ་བ་ལ་སོགས་པ་ལ། བདག་ཅེས་བྱ་བ་ནི་རང་
เล่ม ๑๖ · หน้า 275a
གི་བདག་ཉིད་དེ། དང་ཞེས་བྱ་བ་ནི་དང་པོའི་དོན་ལ་གཉིས་པའི་མཐའ་ཅན་དུ་བྱས་པའོ། །རང་གི་དམ་ཚིག་ནི་བདག་ཉིད་ཀྱི་དོན་ཏེ། དེས་ན་རང་གི་བདག་ཉིད་དོ། །རང་གི་བདག་ཉིད་ཀྱི་གཟུགས་སུ་སྟོན་པ་དེ་གང་ཞེ་ན། དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་
འགྲོ་མ་ཡི་དྲ་བའི་སྡོམ་པ་སྟེ། སྙིང་པོ་དང་ཉེ་བའི་སྙིང་པོ་དང་རྟགས་ལ་བརྟེན་ནས་མ་ནིང་གི་རྟགས་སུ་བྱས་པའོ། །དཔའ་བོ་ཐམས་ཅད་ནི་དུམ་བུ་ཕྱེད་པ་ལ་སོགས་པ་ཉི་ཤུ་རྩ་བཞིའོ། །དེ་རྣམས་དང་ཡང་དག་པའི་སྦྱོར་བ་གང་ལ་ཡོད་པ་དེ་དག་ནི་དཔའ་བོ་ཐམས་ཅད་མཉམ་སྦྱོར་བ་སྟེ།
མཁའ་འགྲོར་མ་ཉི་ཤུ་རྩ་བཞིའོ། །དེ་རྣམས་ཀྱི་ཚོགས་ནི་དཔའ་བོ་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲ་བའོ། །དེ་དག་ཐམས་ཅད་ཡང་དག་པར་སྦྱོར་བར་བྱེད་པས་དཔའ་བོ་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་དྲ་བའི་སྡོམ་པ་དཔལ་འཁོར་ལོ་སྡོམ་པའོ། །སྔགས་
དང་ལྷ་རྣམས་དབྱེར་མེད་པའི་ཕྱིར་སྙིང་པོ་དང་ཉེ་བའི་སྙིང་པོ་ཡང་དཔའ་བོ་ཐམས་ཅད་དང་མཉམ་པར་མཁའ་འགྲོ་མའི་དྲ་བའི་སྡོམ་པ་ཡིན་པར་གསུངས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟློག་ནས་བསྟན་པའི་གསང་སྔགས་འདི་དག་ཡང་བཟློག་ནས་
བསྟན་ནས་གསལ་པོར་འགྱུར་རོ། །རིག་པའི་རྒྱལ་པོ་ནི་ཕྱག་བཞི་པ་ལ་སོགས་པ་ནས་ཕྱག་འབུམ་གྱི་བར་དུ་དཔལ་འཁོར་ལོ་སྡོམ་པའོ། །དེའི་སྙིང་པོ་ནི་བླ་ན་མེད་པའོ། །ཕའི་སྔགས་དང་འདྲ་བའི་ཉེ་བའི་སྙིང་པོ་བརྗོད་པར་བྱ་བའི་ཕྱིར་ཊཕ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔགས་འདི་ཡང་ཕྱིན་ཅི་
མ་ལོག་པར་ཁོང་དུ་ཆུད་པར་བྱའོ། །རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་བརྗོད་པར་བྱ་སྟེ། ཡི་གེ་བྃ་དང་ཡོཾ་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་བྃ་དང་ཡྃ་དང་མྃ་དང་ཧྲིཾ་དང་ཕཊ་དེ། རྐང་པ་དྲུག་པའི་སྔགས་སོ། །ཚིག་རེ་རེ་ལ་ཕན་ཚུན་ཡི་གེ་དྲུག་པོས་དེ་རྣམས་
ལ་སྦྱར་བར་བྱའོ། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྙིང་པོ་ནི་སྒྲ་ཇི་བཞིན་པ་སྟེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཞེས་བྱ་བ་ལ་སོགས་པའོ། །ལྷ་རྣམས་ཀྱི་གསང་སྔགས་བཟླས་པའི་ཕྱིར། ས་སྟེང་ན་ནི་རིན་ཆེན་བཞི། །ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཡིན་པའི་ཕྱིར། རིན་ཆེན་བཞི་སྟེ་བཅོམ་ལྡན་
เล่ม ๑๖ · หน้า 275b
འདས་ཀྱི་ཕྲེང་བའི་སྔགས་དང་ལྷ་མོའི་རྩ་བའི་སྔགས་དང་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། གོ་ཆའི་སྔགས་སོ། །མཁའ་འགྲོ་མའི་ཚོགས་གང་ལ་ཡོད་པ་དེ་ནི་མཁའ་འགྲོ་མའི་རིག་པ་ཆེན་མོ་སྟེ་རྡོ་རྗེ་ཕག་མོའོ། །རིག་པ་དེའི་རྒྱལ་པོ་ནི་དཔལ་འཁོར་ལོ་སྡོམ་པའོ་ཞེས་རིན་པོ་ཆེ་བཞིའོ། །
དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། སྙིང་པོ་དང་ཉེ་བའི་སྙིང་པོ་དང་རྣལ་འབྱོར་མ་དྲུག་གི་གོ་ཆ་བཏུ་བའི་ལེའུ་སྟེ་བརྒྱད་པའོ།། །།ཡང་དག་པར་བཤད་པའི་འདས་མ་ཐག་པའི་སྔགས་རྣམས་ཀྱི་དགོས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྩ་བའི་
གསང་སྔགས་ཀྱི། །ལས་མཆོག་གོ་རིམས་ཅི་བཞིན་དུ། །དེ་ནི་རྣམ་པར་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དེ་གང་ཞེ་ན། འཇིག་རྟེན་གསུམ་ན་གང་ཡིན་རུང་། །ཐམས་ཅད་སྐད་ཅིག་གིས་འགྲུབ་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པ་ནི་འདི་ཡིན་ཏེ་སྔགས་
འདི་ཕྱོགས་གཅིག་ཏུ་དགོས་པ་ནི་མ་ཡིན་ནོ། །འོན་ཀྱང་ལས་ཐམས་ཅད་བྱེད་ཅེས་སྟོན་ཏོ། །གང་ཡང་འདི་ནི་ཀླུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་རབ་ཏུ་གྲུབ་པ་ཡིན་ཏེ། སྔགས་འདི་གཅིག་པུ་ལས་ཐམས་ཅད་བྱེད་པ་མ་ཡིན་ཏེ། འོན་ཏེ་ཆོ་ག་དང་ལྡན་པ་ཡོངས་སུ་
གཅོད་པར་བྱ་བའི་ཕྱིར། བཤད་པའི་རྒྱུད་ལས་བསྟན་ཏེ། ལྷ་མོ་ཤེས་རབ་ཆེན་མོ་ཁྱོད། །རིག་པའི་རྒྱལ་པོ་བསྒྲུབ་པ་ཉོན། །ཞེས་བྱ་བ་ལ་སོགས་པ་རིག་པ་ནི་བཅོམ་ལྡན་འདས་ཡུམ་རྡོ་རྗེ་ཕག་མོ་སྟེ་ཤེས་རབ་བོ། །དེའི་གཙོ་བོ་ནི་རིག་པའི་རྒྱལ་པོ་སྟེ། དཔལ་འཁོར་ལོ་སྡོམ་པའོ། །རིག་
པའི་རྒྱལ་པོ་དེས་བསྒྲུབ་པའི་དངོས་གྲུབ་དང་། ལས་ཐམས་ཅད་ཇི་ལྟར་བསྐྱེད་པའི་ཐབས་དེ་ཉོན་ཅིག་པའོ། །དེ་གང་ཞེ་ན། གདེངས་ཀའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ་ཕྱོགས་ཐམས་ཅད་དུ་རིན་པོ་ཆེ་འབར་བའི་གདེངས་ཀ་དག་གི་བདག་པོ་ཡིན་པའི་ཕྱིར་རོ། །གདེངས་ཀའི་དབང་ཕྱུག་
དེ་ཡང་ཅི་ལྟ་བུ་ཞེ་ན། འདི་ཉིད་དབང་ལྡན་གྱི་ཕྱོགས་ལ་སོགས་པ་ནི་ཤར་ཕྱོགས་སུ། ཀྵྨཱཾ་ཀྵྨཱཾ། ནུབ་ཕྱོགས་སུ་ཧཾ་ཧཾ། ནོར་བདག་གི་ཕྱོགས་སུ་ཧིཾ་ཧིཾ། གཤིན་རྗེའི་ཕྱོགས་སུ་ཧཱུྃ་ཧཱུྃ། ཡི་དགས་ཀྱི་ཕྱོགས་སུ་ཀི་ལི་ཀི་ལི། སྲིན་པོའི་ཕྱོགས་སུ་ཧི་ལི་ཧི་ལི། ཁ་ཅིག་བི་ལི་བི་ལི་ཞེས་ཟེར་རོ། །རླུང་གི་ཕྱོགས་
เล่ม ๑๖ · หน้า 276a
སུ་སི་ལི་སི་ལི། མེའི་ཕྱོགས་སུ་དྷི་ལི་དྷི་ལིའོ། །རབ་གཏུམ་མོ་ལ་སོགས་པ་ནས་བརྩོན་འགྲུས་ཆེན་མོའི་བར་གྱི་ཚོགས་སོ། །འཁོར་ལོ་རིག་པས་འཁོར་ལོ་བཞིན། །སྔགས་པས་གསང་སྔགས་ཤེས་པར་བྱ། །ཧཱུཾ་དང་ཕཊ་ཀྱི་རྣམ་སྤེལ་ཞིང་། །བསྒྲུབ་བྱ་འཁོར་ལོའི་
དབུས་སུ་བྲི། །འཁོར་ལོ་མཚན་ཉིད་ཡང་དག་ལྡན། །འཁོར་ལོ་མཆོག་ནི་ཀུན་བྲིའོ། །ཅི་འདི་ཁོ་ན་ལས་ཐམས་ཅད་བྱེད་དམ་ཞེ་ན། གསང་སྔགས་འདི་བཟླས་བརྗོད་འབུམ་བྱས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔགས་འདི་འབུམ་བཟླས་པས་བཤད་པའི་ལས་བྱེད་པ་ཡིན་གྱི་འོན་ཀྱང་
སྔོན་བཟུང་ནས་འབུམ་བཟླས་པ་ནི་མ་ཡིན་ནོ། །ཤིང་ལ་འཛེགས་ཏེ་གང་འདོད་པ་དེར་འགྲོ་བར་བྱེད་དོ་ཞེས་བྱ་བ་ནི་གང་དེ་ནུས་པ་དང་ལྡན་པའི་བཤད་པར་གྱུར་པའི་མཚན་ཉིད་ཅན་གྱི་འཁོར་ལོ་ནི་ཤིང་གི་རྩེ་མོར་བསམས་ན། དེར་གནས་ཤིང་གང་དུ་འདོད་པ་དེར་རི་བོ་ཏི་སེ་ལ་སོགས་པ་དེར་
བགྲོད་པར་འགྱུར་རོ། །བགྲོད་པ་འདིས་ཀྱང་སྔགས་ཐམས་ཅད་འཕྲོག་པ་ལ་སོགས་པ་དེར་གལ་ཏེ་འགུགས་པར་བྱེད་པའི་སྔགས་པས་འཁོར་ལོའི་དབུས་སུ་གནས་པའི་རྩ་བའི་སྔགས་ཀྱིས་སྦྱོར་བས་ཡིན་གྱི་སྔགས་ཙམ་གྱིས་ནི་འགྲུབ་པ་མ་ཡིན་གྱི། འདི་གཉི་ག་ཡང་ལུགས་ལས་བཟློག་
པར་དངོས་གྲུབ་འདོད་པས་བླ་མ་དམ་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། གཞན་དུ་ན་དོན་མེད་པར་འགྱུར་རོ། །གང་ལ་གྲུབ་ཅིང་གང་གིས་བྱ་ཞེ་ན། ནམ་མཁའ་ལྡིང་དང་ཞེས་བྱ་བ་ལ་སོགས་པ་ལ། གདོང་གི་ཕྱོགས་གཅིག་ནི་གདོང་སྟེ། གདོང་གི་རྩེ་མོ་ཞེས་བྱ་བའི་བར་དུའོ། །ནམ་མཁའ་ལྡིང་
གི་གདོང་དང་འདྲ་བའི་ཕྱིར། ནམ་མཁའ་ལྡིང་སྟེ། ནམ་མཁའི་གདོང་ཅན་ནོ། །དེ་བཏུང་བ་ནི་གང་དུ་བཅོམ་ལྡན་འདས་བཞུགས་པ་དེ་ནི་ནམ་མཁའ་ལྡིང་གི་བཏུང་བ་སྟེ། ཡི་གེ་ཨེའི་རྣམ་པ་ཅན་གྱི་ཤེས་རབ་པོ། །དེ་འབྱིན་པ་ནི་སྤྲུལ་པ་སྟེ་འབྱིན་པའི་ས་ནས་དེའི་འོག་གི་སེམས་ཀྱི་རྡོ་རྗེ་ནི་ནམ་
མཁའ་ལྡིང་གི་བཏུང་བ་འབྱིན་པར་བྱེད་པ་བསྟན་ཏོ། །ཞི་བ་ནི་བཟླ་བའོ། །དེའི་རྒྱུ་ཨཱ་ལི་ཀཱ་ལིའི་ཡང་ཞི་བའོ། །དེ་གཉིས་བསྡུས་པ་ནི་ཞི་བའི་བསྡུས་པའོ། །དེ་ལ་ལྟོས་པའི་མཚན་ཉིད་ཅན་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་གྱིས་བསྡུས་པ་ནི་འབྱིན་པར་བྱེད་པའི་འདུས་པ་ཞི་བ་ནི་བསྲུང་བ་འདུས་པ་སྟེ།
เล่ม ๑๖ · หน้า 276b
བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་གང་གིས་སྤྱོད་ཅིང་ལོངས་སྤྱོད་པ་དེ་ནི་མི་མཆོག་སྟེ། སྐྱེས་བུ་དམ་པའོ། །དེ་བཤད་པའི་མཚན་ཉིད་ཅན་དེ་དག་གང་གིས་བསྒྲུབ་པ་དེའི་ལག་མཐིལ་ན་དཔལ་གནས་པ་སྟེ། བཤད་པའི་ལས་ཀྱི་དངོས་གྲུབ་ཕུན་སུམ་ཚོགས་པ་སྟེ། འཁྲུལ་འཁོར་དང་སྔགས་དང་
རྒྱུད་ཀྱི་སྦྱོར་བ་རྣམས་འགྲུབ་པར་འགྱུར་ཞེས་བྱ་བའི་བར་དུའོ། །ནམ་མཁའ་ལྡིང་གི་གདོང་འགྲོ་བ། །ཞེས་ཀྱང་གཞན་ལས་བརྗོད་དེ། དེ་ལ་གདོང་ནི་ཁ་སྟེ་ནམ་མཁའ་ལྡིང་འདྲ་བས་ནམ་མཁའ་ལྡིང་གི་གདོང་ངོ་། །གང་གི་ཕྱིར་ནམ་མཁའ་ལྡིང་གི་སྦོ་དང་གཤོག་པ་གཉིས་མཐོ་བ་དེའི་ཕྱིར་འོག་ཏུ་
ལྟ་བའི་གདོང་གིས་འདྲེན་པར་བྱེད་དོ། །དེ་དང་འདྲ་བའི་དབྱིབས་ཅན་ཞི་བའི་བསྡུས་པའི་དུས་སུ་སྟེང་དུ་འཛེགས་པའི་མཚན་ཉིད་ཅན་བརྗོད་དུ་མེད་པའི་གུག་སྐྱེད་འགྲོ་བའི་ཚུལ་ཅན་ནོ། །བདག་ཉིད་ཀྱིས་མཚོན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་གང་ལ་ཡོད་པ་
དེ་ནི་འགྲོ་བའོ། །སྔར་བཤད་པའི་ཕྱག་རྒྱ་དེ་ལས་འབྱིན་པར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །ཞི་བ་ནི་རང་བྱུང་མེ་ཏོག་གོ། །དེའི་བསྡུས་པ་ནི་ཀུན་དུ་བསྡུས་པ་སྟེ། དཔྱིད་ཀྱི་དུས་ཞེས་བྱ་བའི་བར་དུའོ། །དེ་གང་གིས་སྤྱོད་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་སྟེ། ལས་བྱེད་པའི་ནུས་པ་དང་
ལྡན་པར་འགྱུར་རོ། །ལས་དེ་དག་བྱེད་པ་ནི་ཀུན་དུ་སྤྱོད་པ་ཞེས་བསྟན་པ་དང་། དབང་བསྐུར་བ་གསུམ་པ་ཡང་བསྟན་ཏོ། །གང་གིས་གསུམ་པ་ཐོབ་པ་དེ་ཡང་སྒྲུབ་པ་པོ་ཉིད་སློབ་དཔོན་གྱི་རྣལ་འབྱོར་གྱི་སྟོབས་ཀྱིས་སློབ་དཔོན་ཉིད་དུ་བྱེད་ཅིང་འགྲུབ་པར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ། །
དེ་ལ་རྒྱུད་གཞན་དུ་བཤད་པའི་སྦྱོར་བ་འགའ་ཞིག་བཤད་པར་བྱའོ། །དུར་ཁྲོད་ཀྱི་སོལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་པོའི་ཉིན་ཞག་ལ་དུར་ཁྲོད་ཀྱི་རས་ལ་ཆོ་ག་བཞིན་དུ་བསྒྲུབ་བྱའི་འཁོར་ལོར་བྲིས་པའི་མིང་གང་ལ་བརྡེག་པ་དེ་མ་ཐག་ཏུ་ལྷུང་ཞིང་བྲིས་པའི་དོན་དང་ལྡན་པར་འགྱུར་རོ། །
དེ་བཞིན་དུ་ཉིན་ཞག་དེ་ཉིད་ལ་འབྲས་བུ་མེད་པའི་སྟར་གའི་ཁུ་བ་དང་དུར་ཁྲོད་ཀྱི་མེ་ཤི་བའི་ཐལ་བས་དེ་ཉིད་གྱི་མིང་ངམ་གཟུགས་བྲིས་ཤིང་བསམ་གཏན་ཙམ་གྱིས་སྤྲུལ་ན་ཤ་ཟས་གཟུང་བར་འགྱུར་རོ། །དེ་བཞིན་དུ་ཡང་ལན་ཅིག་བཟླས་པའི་དུར་ཁྲོད་ཀྱི་སོལ་བས་འབྱུང་པོའི་ཞག་གི་མཚན་མོར་སྤང་
เล่ม ๑๖ · หน้า 277a
ལེབ་བམ་རྩིག་པ་ལ་འཁོར་ལོ་གནས་པའི་སྙིང་གར་མིང་བྲིས་ན་གདོན་ཆེན་པོས་གཟུང་བར་འགྱུར་རོ། །ཨ་ཏི་མུཀ་ཏའི་ལྕུག་མ་ནི་ཤིང་ས་ཧ་ཀ་རིའི་ཡལ་ག་སྟེ། དེ་ཡང་རླུང་ཕྱོགས་སུ་བཞག་པ་བླངས་ཏེ། དྲིའི་ཆུ་ལ་ཉིན་ཞག་བདུན་དུ་སྦངས་ན་གང་ལ་བརྡེག་པ་དེ་རླུང་གི་
ཤུགས་ཀྱིས་འོང་བར་འགྱུར་རོ། །གུ་གུལ་ལ་ལན་ཅིག་ཡོངས་སུ་བཟླས་ཏེ། འཁོར་ལོ་ལ་གཏུལ་ན་སེམས་ཅན་ཐམས་ཅད་འདར་བར་འགྱུར་རོ། །ལག་པ་གཡོན་པའི་འཁོར་ལོ་ལ་གང་གི་མིང་བྲིས་ཤིང་གཡས་པས་བཀབ་ན་དུག་གིས་ཟིན་པ་སློང་བར་བྱེད་དོ། །དེ་བཞིན་དུ་མཁའ་འགྲོ་མས་ཟིན་
པ་ཡང་ལན་ཅིག་བཟླས་པའི་ཆུས་གྲོལ་བར་འགྱུར་རོ། །ཀ་ར་བཱི་རའི་སྨྱུ་གུས་སྐྱུ་རུ་རའི་འདབ་མ་ལ་བྲིས་ནས་ལན་ཅིག་བཟླས་པས་གང་དུ་འདོད་པ་དེར་འགྲོ་ཞིང་མངལ་དུ་འཕོ་བར་བྱེད་དོ། །གསང་སྔགས་འདི་ནི་འདོད་སྤྱོད་པ། །ཞེས་བྱ་བ་འདིས་ནི་སྦྱོར་བ་རྣམས་ཀྱི་ཕྱོགས་གཅིག་པའི་སྒོ་ཙམ་
བསྟན་ཏོ། །ཁ་དོག་ཕོ་ཉ་མོ་སོགས་བྱ། །ཞེས་འཁོར་ལོའི་ཡན་ལག་ཏུ་བཤད་དོ། །མ་བཤད་པ་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་མཆོག་ཏུ་བསྒོམ། །འོད་ཟེར་འབར་བ་རྣམས་ཀྱིས་དཀྲུགས། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །
དེ་ཡི་དབུས་སུ་རྩིབས་བརྒྱད་པའི། །འཁོར་ལོ་ལྟེ་བར་བྲི་བར་བྱ། །གཞན་ཡང་འཁོར་ལོ་བྲི་བྱ་ཞིང་། །རྡོ་རྗེའི་ཕྲེང་བ་ཀུན་འཕྲོ་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །དཀྱིལ་འཁོར་ཟླུམ་པོའི་རྣམ་པ་ཡིས། །རང་གི་ལུས་ལས་འོད་ཟེར་སྤྲོ། །ནམ་མཁའི་གཏོས་ནི་ཁྱབ་པར་བྱེད། །དཀར་དང་དམར་དང་
ནག་པོའི་གཟུགས། །ཁ་དོག་དབྱེ་བ་སོ་སོ་ཡིན། །དེ་ལྟར་ཆོ་གས་གོ་ཆ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །དེ་དབུས་བསྒྲུབ་བྱའི་མིང་དག་ནི། །ཅི་འདོད་པར་ནི་སྦྱར་བར་བྱ། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ། །འོད་ཟེར་འབར་བས་དཀྲུགས་པར་དགོད། །ལྷ་མོ་འདི་ནི་བསྲུང་བ་ཆེ། །བསྲུང་བ་ཀུན་གྱི་
བླ་མེད་དོ། །རིམས་དང་དུག་དང་ཚ་བ་རྣམས། །མཁའ་འགྲོ་གནོད་པ་གདོན་རྣམས་དང་། །བདུད་དང་ལོག་འདྲེན་ཉིད་དང་ནི། །གྲུལ་བུམ་དང་ནི་ལུས་སྲུལ་པོས། །སྒྲུབ་པོའི་བ་སྤུའང་མི་བསྐྱོད་ན། །དེ་ཡི་ལུས་ལྟ་སྨོས་ཅི་དགོས། །ཟླ་བའི་གཟུགས་བརྙན་ལྟར་མཐོང་ནས། །ཕྱོགས་བཅུ་དག་ཏུ་
เล่ม ๑๖ · หน้า 277b
དབྱེ་བར་འགྱུར། །དཀར་པོ་ཡི་ནི་ཞི་བ་སྟེ། །དེ་བཞིན་ནག་པོས་མྱུར་དུ་འཆི། །དམར་པོས་དབང་དུ་བྱེད་པ་སྟེ། །ལྗང་གུ་རྟག་ཏུ་འགུགས་པར་བྱེད། །རྒྱལ་པོ་དཔུང་དང་བཅས་པ་ནི། །ལྷ་མོ་སེར་པོས་ངེས་པར་བྱེད། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་
ལས། རྩ་བའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་དགུ་པའོ།། །།བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་དང་འཁྲུལ་འཁོར་གཉིས་ཀྱི་ལས་བསྟན་ནས། དེའི་སྐུ་གསུམ་བརྗོད་པར་བྱ་བའི་ཕྱིར། དེ་ནས་སྐུ་གསུམ་བཤད་བྱ་བ། །ཞེས་བྱ་བ་སྨོས་ཏེ། སྐུ་གསུམ་ནི། སྐུ་དང་གསུང་དང་
ཐུགས་ཏེ། དེ་དག་སྐུ་གསུམ་ཞེས་བཤད་པར་བྱའོ། །དེ་ཅི་ལྟར་བཤད་པར་བྱ་ཞེ་ན། ཧེ་རུ་ཀ་དཔལ་གཉིས་མེད་སྦྱོར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བོ་ཐམས་ཅད་སྐུ་གསུམ་ལས་མ་འདས་པའི་ཕྱིར་དཔལ་ཧེ་རུ་ཀར་བཤད་དོ། །དཔལ་ཧེ་རུ་ཀའི་སྐུ་གསུམ་དང་དབྱེར་མེད་ཅིང་
གཅིག་པ་ཉིད་དུ་གྲུབ་པས་ན། དཔལ་ཧེ་རུ་ཀའི་གཉིས་སུ་མེད་པའི་སྦྱོར་བ་དེས། ཡང་ན་གང་གིས་དེ་བརྗོད་པ་དེ་ནི་སྐུ་གསུམ་སྟེ་ཧེ་རུ་ཀ་ཡིན་ཞེས་དོན་གྱི་ཤུགས་ཀྱིས་རྟོགས་པ་ཡིན་ནོ། །དེ་བསྟན་པས་ཅི་ཞིག་བྱ་ཞེ་ན། གང་གིས་ཤེས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་གང་སྐུ་
གསུམ་ཤེས་པ་ཙམ་གྱིས་སྒྲུབ་པ་པོས་བསྒྲུབ་པའི་དཔལ་ཧེ་རུ་ཀའི་གཟུགས་རྫོགས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ཡིན་ན་དེའི་ཁྱད་པར་བཤད་པར་བྱ་སྟེ། ཆོས་ཀྱི་ལུས་ཅན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་
ཏུ་བཞུགས། །ཞེས་བྱ་བ་དེར་བསྟན་ཏོ། །ཡང་ན་ཕུང་པོའི་རྒྱུ་དང་ངེས་པར་འབྲེལ་པའི་བདེ་བ་དམ་པ། དབེན་པའི་གཟུགས་ཅན་ཁམས་བཅུ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནམ། ཡང་དག་པའི་མཐའ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་
བ་མཐའ་ཡས་སོ། །དེ་ལྟར་བཤད་པའི་མཚན་ཉིད་ཅན་གྱི་ཆོས་ཀྱང་ཡིན་ལ་སྐུ་ཡང་དེ་ཡིན་པས་ན་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་དེ་རྣམས་ལ་གང་གི་ཚེ་སྒྲུབ་པ་པོས་གང་ཞིག་བསྒོམ་པར་འདོད་པར་གྱུར་པ་དེའི་ཚེ། ཡེ་ཤེས་ཀྱི་སྐུ་སྟེ། ཆོས་ཉིད་ཙམ་བཤད་པར་བྱ་སྟེ། སྐུ་དེ་ཡང་གསང་བ་ལ་
เล่ม ๑๖ · หน้า 278a
སོགས་པའི་ཚིག་གིས་བསྟན་ཏོ། །ལོངས་སྤྱོད་པས་ན་ལོངས་སྤྱོད་དེ། རོ་རྗེས་སུ་མྱོང་བ་དེ་ཉིད་ཀྱི་སྐུ་ཡིན་པས་ན། ལོངས་སྤྱོད་རྫོགས་པའི་སྐུའོ། །གང་གི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་དེ་རྣམས་སྒྲུབ་པ་པོས་འདོད་པ་དེའི་ཚེ་བདག་གི་ལོངས་སྤྱོད་བསྟན་པ་ཡིན་ཏེ།
ལོངས་སྤྱོད་དེ་ཡང་ནམ་མཁའ་ལྡིང་གི་གདོང་གིས་བཏུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲུལ་པ་ནས་སྤྲུལ་པ་སྟེ། སངས་རྒྱས་བསྐྱེད་པའོ། །སྤྲུལ་པ་དེ་དག་མང་བས་ན། སྤྲུལ་པའི་སྐུའོ། །སྤྲུལ་པའི་སྐུ་དེ་རྣམས་བསྒྲུབ་པར་འདོད་པ་ལ། སྤྲུལ་པ་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །
སྤྲུལ་པ་དེ་ཡང་ལྟེ་བར་དགོད་པ་དཔའ་བོ་ནི། འཇིགས་བྱེད་ཆེན་པོའི་སྐུ་གཟུགས་ཅན་ལ་ཞེས་བྱ་བ་དེར་བསྟན་ཏོ། །དེ་ལྟར་སྒོམ་པ་པོ་སྟེ་རྣལ་འབྱོར་པ་ཡེ་ཤེས་དང་ལོངས་སྤྱོད་དང་སྤྲུལ་པ་དེས་ཐོབ་པར་འགྱུར་ཞིང་ཅི་སྲིད་ཧེ་རུ་ཀའི་བདག་ཉིད་དུ་རྣལ་འབྱོར་པ་འགྲུབ་ཅེས་བྱ་བར་བསྟན་ཏོ། །ཡང་
ན་སྐུ་གསུམ་ཞེས་བྱ་བ་ནི་འཁོར་ལོ་གསུམ་སྟེ། སྐུ་གསུམ་ལུས་ཀྱི་དབུས་སུ་ནི། །འཁོར་ལོའི་གཟུགས་སུ་བསྟན་པ་ཡིན། །ཞེས་བྱ་བའི་ཚིག་ལས་གསུངས་སོ། །སྐུ་གསུམ་པོ་དེ་ཡང་ངེས་པ་ཅན་གྱི་གནས་ཏེ། སྐྱེ་གནས་སྙིང་ག་མགྲིན་སྤྱི་བོར། །སྐུ་གསུམ་པོ་ནི་རྣམ་པར་གནས། །
ཞེས་གསུངས་སོ། །དེ་ལ་སྤྲུལ་པ་སྐྱེ་གནས་འཁོར་ལོའོ། །སྙིང་གར་ཆོས་ཀྱི་འཁོར་ལོ་ཡིན། །མགྲིན་པར་ལོངས་སྤྱོད་འཁོར་ལོ་སྟེ། །བདེ་བ་ཆེན་པོ་མགོ་ལ་གནས། །འཁོར་ལོ་དེ་དག་སྔགས་དང་འདབ་མའི་ཁྱད་པར་གྱི་ཁྱད་པར་དུ་བྱས་པའི་པདྨ་འདབ་མར་བཅས་པའོ། །དེ་ལ་སྐྱེ་གནས་ཀྱི་འཁོར་ལོ་ནི་
འདབ་མ་དྲུག་ཅུ་རྩ་བཞིའོ། །སྙིང་གའི་འཁོར་ལོ་ནི་འདབ་མ་བརྒྱད་དོ། །ལོངས་སྤྱོད་ཀྱི་འཁོར་ལོ་ནི་འདབ་མ་བཅུ་དྲུག་པའོ། །དེ་བཞིན་དུ་ཡང་བཤད་པ། དང་པོ་འདབ་མ་དྲུག་ཅུ་བཞི། །གཉིས་པ་འདབ་མ་བརྒྱད་དུ་བཤད། །གསུམ་པ་བཅུ་དྲུག་པར་ཤེས་བྱ། །སུམ་ཅུ་རྩ་གཉིས་བཞི་པའོ། །ཞེས་
བྱ་བ་འདབ་མའི་ཁྱད་པར་རོ། །སྡེ་ཚན་བརྒྱད་དང་བཅས་པ་སྟེ། སྡེ་ཚན་གྱི་གཙོ་བོ་ནི་སྤྲུལ་པ་ལའོ། །དབྱངས་ལྔ་དང་ལྡན་པའི་ཡི་གེ་ལྔ་དང་། ཡ་ར་ལ་ཝ་རྣམས་ནི་ཆོས་ལའོ། །མ་ནིང་གི་ཡི་གེ་བཞི་དང་བཅས་པའི་ཚངས་པ་ནི་མགྲིན་པར་རོ། །ཇི་སྐད་དུ། སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་
เล่ม ๑๖ · หน้า 278b
ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར། །གསང་སྔགས་རྣམས་ནི་བསྐྱེད་པ་སྟེ། །གཞན་དག་གང་ཅིའང་རུང་བའོ། །དབྱངས་ལྔ་དང་ནི་ཡང་དག་ལྡན། །ཡ་ར་ལ་བས་རྣམ་བརྒྱན་པ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། །ལུས་ལྡན་རྣམས་ཀྱི་ཡིད་དགའ་བའོ། །ཆ་ནི་བཞི་པར་ཡང་དག་ལྡན། །ཀུན་དུ་
ཡོངས་སུ་བསྐོར་བར་བྱ། །རོ་རྣམས་ཀུན་གྱི་བཞི་ཤེས་པར། །ལོངས་སྤྱོད་འཁོར་ལོ་ཡང་དག་བསྟན། །འཁོར་ལོ་གསུམ་དུ་བརྗོད་པའི་རྗེས་ལ། རྒྱུད་གཞན་ལས་གསུངས་པའི་ལས་བསྟན་པར་བྱ་སྟེ། གསང་སྔགས་འདི་ཡི་སྙིང་པོ་ནི། །བཤད་ཀྱིས་སྒྲུབ་པོ་རྣམས་ཉོན་ཅིག །ཅེས་བྱ་བ་ལ་
སོགས་པ་ལ། བཤད་མ་ཐག་པའི་སྔགས་ལས་བླ་ན་མེད་པའི་ཕྱིར། སྙིང་པོ་ཞེས་བྱ་བའི་སྔགས་ཀྱི་ལས་ཉོན་ཅིག་ཅེས་བྱ་བར་སྦྱར་བར་བྱའོ། །སྙིང་པོ་བཟླས་པས་དཔག་ཚད་བྱེ་བ་འཕགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་འདི་དག་ཐམས་ཅད་ལ་སོགས་པ་འཆད་པར་
འགྱུར་བའི་སྐྱེ་བ་བདུན་གྱི་ཤ་དང་། སྐུ་གསུམ་གྱི་ཤེས་པར་བྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། སྐུ་གསུམ་གྲུབ་པའི་སྙིང་པོའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །།སྐུ་གསུམ་སྒྲུབ་པའི་སྒོ་ནས་ལས་རྣམས་བརྗོད་ནས།
དེ་གྲུབ་ཀྱང་ལས་གཞན་རྣམས་བསྟན་པར་བྱ་བའི་ཕྱིར། ལེའུ་བཅུ་གཅིག་པ་བསྟན་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་ཅེས་བྱ་བ་ལ་སོགས་པ་ལ། དེ་ཇི་ལྟ་བུ་ཞེ་ན། གང་ཞིག་བསྟན་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པ་ཙམ་གང་གིས། མྱུར་དུ་དངོས་གྲུབ་
འཇུག་པ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་གྱུར་པའི་ཁམས་གསུམ་ན་རྙེད་པར་དཀའ་བ་གང་དུ་རྙེད་ཅེས་དྲིས་པ་དང་། སྐྱེས་བུ་གང་ཞིག་རྡུལ་དྲི་ཞིམ་པར་གྱུར་པ་དང་ཞེས་བྱ་བ་ལ་སོགས་པས་རྡུལ་དྲི་ཞིམ་པ་བྱུང་བའི་ཁྱད་པར་གྱིས་ཁྱད་པར་བྱས་པའོ། །སྐྱེ་བ་བདུན་པ་ཞེས་
བྱ་བ་ལ་སོགས་པ་ལ། སྐྱེ་བ་རྣམ་པ་བདུན་གང་ལ་ཡོད་པ་དེ་ནི་སྐྱེ་བ་བདུན་པའོ། །མི་འབའ་ཞིག་གི་སྐྱེ་བ་ཡིན་གྱི། ལྷ་མ་ཡིན་དང་། ཡི་དགས་དང་བྱོལ་སོང་ལ་སོགས་པ་གཞན་དུ་སྐྱེས་པ་ནི་མ་ཡིན་ནོ། །དེ་ལྟར་ཡིན་ན་ཡིན་མོད་དེས་ཅི་ཞིག་བྱ་ཞེ་ན། དེ་བསྟེན་ན་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་
เล่ม ๑๖ · หน้า 279a
བདུན་པ་དེ་བཤུགས་ནས་ཡང་དག་པར་སྲུང་བ་བྱས་པ་ལ། སྙིང་གི་གོ་རོ་ཙ་ན་གུར་གུམ་གྱི་མདོག་ཅན་སྐྱེ་བ་བདུན་པ་དེའི་སྙིང་པོ་ནི་མཆོག་དེར་རོ། །རོ་ཙ་ན་ནི་གསལ་བའི་ངང་ཚུལ་ཅན་རྟོག་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཁམས་གསུམ་གྱི་སྐུ་གཅིག་པའི་བདག་
ཉིད་ཀྱི་ཤེས་རབ་པོ། །དེ་ནི་རང་བློ་དང་འབྲེལ་པའི་སྙིང་རྗེ་དང་གཉིས་སུ་མེད་པ་བླངས་ནས་དཔལ་ཧེ་རུ་ཀའི་སྙིང་པོའི་གསང་སྔགས་ཀྱི་སྒྲ་ཙམ་གྱིས་ལན་བདུན་བཟླས་པའི་ཐིག་ལེས་ཁམས་གསུམ་དུ་ཁྱད་པར་དུ་གྱུར་པ་གང་གིས་བྱེད་པ་ནི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ལྟ་བ་འདིས་
ཕྱི་དང་ནང་གི་ཕྱོགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། སྐྱེ་བ་བདུན་པའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྙིང་པོས་སྐྱེ་བ་བདུན་པའི་མཚན་ཉིད་བརྗོད་པར་བྱས་ནས། ཉེ་བའི་སྙིང་
པོས་ཀྱང་བརྗོད་པར་བྱ་བའི་ཕྱིར་ལེའུ་བཅུ་གཉིས་པ་བསྟན་པར་བྱ་སྟེ། དེ་ནས་ཉེ་བའི་སྙིང་པོ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་པོ་དང་ཉེ་བའི་སྙིང་པོ་སྟེ། ཉེ་བ་དང་ཉེ་བའི་མཐའ་ཅན་ནོ། །དེས་ཅི་ཞིག་བྱ་ཞེ་ན། འཇིག་རྟེན་གསུམ་ན་གང་ཅུང་ཟད། །
ཅེས་བྱ་བ་ལ་སོགས་པ་ལ། ལུས་དང་ངག་ཡིད་མཐོ་རིས་དང་། །ས་བླ་དང་ས་འོག་གི་གཟུགས་ཀྱིས་སྤྲོས་པ་ནི་འཇིག་རྟེན་གསུམ་མོ། །འཇིག་རྟེན་གསུམ་ཁོ་ན་ནི་འཇིག་རྟེན་གསུམ་པོ་སྟེ། འཇིག་རྟེན་གསུམ་པོ་དེ་ལ་གང་ཅི་ཡོད་པ་དེ་མངའ་བའི་ཕྱིར་མ་རྟོགས་ཤིང་མངོན་པར་འདོད་པའི་ལས་དེ་
ཐམས་ཅད་འགྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །གང་གིས་ལས་བཤད་པའི་ཉེ་བའི་སྙིང་པོ་ནི་གསང་སྔགས་དེ་གང་ཞེ་ན། ཊཕ་ཞེས་བྱ་བ་ལ་སོགས་པ་ལུགས་ལས་བཟློག་པ་བརྗོད་པར་བྱའོ། །ཐུབ་པའི་སྙིང་པོ་ཉེ་བའི་སྙིང་པོ་ཞེས་བྱ་བའི་སྔགས་འདི་འབུམ་བཟླས་པས་མཁས་པ་འདར་བར་
འགྱུར་རོ། །ལྷ་དང་ལྷ་མ་ཡིན་དང་ཀླུ་རྣམས་འགུགས་པར་བྱེད་དོ་ཞེས་དེ་ཉེ་བའི་སྙིང་པོ་གསང་སྔགས་སྐྱེ་བ་བདུན་གྱི་དམ་ཚིག་གི་མཐུ་འདིར་བསྟན་ཏོ། །སྔགས་དང་འཁྲུལ་འཁོར་དང་བསྒྲུབ་བྱ་དབབ་པའི་ཆོ་གའི་ལེའུ་བཞི་བཅུ་རྩ་གཉིས་པ་ལས་རྟོགས་པར་བྱའོ། །དཔལ་འཁོར་ལོ་སྡོམ་པའི་
เล่ม ๑๖ · หน้า 279b
དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་ག་བསྟན་ནས། གོ་ཆའི་ལས་ཀྱང་བསྟན་པར་བྱ་བའི་ཕྱིར། ལེའུ་བཅུ་གསུམ་པ་བཤད་པར་བྱ་སྟེ། དེ་ནས་གོ་ཆའི་ལས་མཆོག་ནི། །ཞེས་བྱ་
བ་ལ་སོགས་པ་ལ་གོ་ཆའི་སྔགས་སོ། །སྔར་བཏུས་པ་བཤད་པར་བྱ་བ་ཉེ་བའི་སྙིང་པོ་དང་མཉམ་ཞེས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གསུམ་ན་གང་ཡོད་པ། །ཞེས་བྱ་བ་ལ་སོགས་པ་ལ། ཁམས་གསུམ་མམ་ཡིད་ལ་ཡོངས་སུ་ཡོད་པ་ཆོ་ག་དེས་འདི་ཐམས་ཅད་སྒྲུབ་པར་བྱེད་པས་ཉེ་བའི་
སྙིང་པོ་དང་མཚུངས་པར་བསྔགས་པ་ཡིན་ནོ། །སྐུ་གསུམ་དང་སྐྱེ་བ་བདུན་པའི་སྦྱོར་བས་སྙིང་པོ་དང་ཉེ་བའི་སྙིང་པོས་བཤད་པའི་ལས་བྱེད་པ་མ་ཡིན་ནོ། །ཆོ་ག་འདི་ནི་ཟློས་བཞིན་དུ་ལམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལས་ཀྱི་ཚོགས་འདིས་ཇི་ལྟར་བྱ་ཞེ་ན། དབང་པོ་གང་དང་གང་ལམ་
གྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་རྣམས་ཀྱི་ལམ་ནི་དབང་པོའི་སྒོའོ། །དེ་རྣམས་རབ་ཏུ་འཇུག་པའི་མཚན་ཉིད་ཀྱི་ལས་ནི་དབང་པོའི་ལམ་ཉིད་དོ། །གང་དང་གང་དུ་གྱུར་ཅིང་ཐོབ་པ་དེ་རྣམས་ནི་བདུད་རྩི་ལྔའི་རང་བཞིན་ནོ། །མཆོག་ནི་ཕུལ་དུ་བྱུང་བའོ། །མཉམ་པར་གཞག་པའི་
སྦྱོར་བ་ནི་སངས་རྒྱས་ལྔ་ཡིས་ངེས་པར་སྦྱར་བ་སྟེ་མཆོག་ཏུ་མཉམ་པར་སྦྱོར་བ་དེས་འདི་དག་ཐམས་ཅད་དུ་བདུད་རྩི་ལྔ་སངས་རྒྱས་ཀྱི་རང་བཞིན་དུ་འགྱུར་རོ། །དེ་ལྟར་གྱུར་པའི་བདུད་རྩིས་གསང་བ་རྟོགས་པར་བྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་
ལས། ཆོ་གའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཆོ་ག་དག་གིས་ངེས་པ་ཅན་གྱི་དམ་ཚིག་གི་ལས་རྣམས་བརྗོད་པར་བྱས་ནས། སྒྲུབ་པ་པོ་རྣམས་ཀྱི་ལས་གྲུབ་པའི་ཕྱིར། སྒྲུབ་པ་བསྟན་པའི་ལེའུ་བཅུ་བཞི་པ་བསྟན་པར་བྱ་སྟེ།
སྒྲུབ་པ་དེ་ནི་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པ་པོས་བསྒྲུབ་ཅིང་བློ་དང་མི་འགལ་བར་བྱེད་པས་ན་བསྒྲུབ་པའོ། །དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། གང་གིས་སྒྲུབ་པོ་འགྲུབ་པ་ཞེས་བྱ་བ་ལ་གང་གིས་སྒྲུབ་པ་པོ་ངེས་པར་སྣོད་དུ་རུང་བར་འགྱུར་བ་དེ་ལྟ་བུའི་སྒྲུབ་པ་
เล่ม ๑๖ · หน้า 280a
བདག་གིས་བཤད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་བཟང་མོད་ཀྱི་འོན་ཀྱང་དེ་གང་ཡིན་ཞེ་ན། བོང་བུའི་རྣམ་པའི་རྣལ་འབྱོར་བདག །ཅེས་བྱ་བ་ལ་སོགས་པ་ལ། བོང་བུའི་གདོང་ནི་བོང་བུའི་རྣམ་པའོ། །དཔེར་ན་སྣམ་བུ་ཚིག་ཅེས་བྱ་བ་དེར་ཕྱོགས་གཅིག་ཚིག་པ་ལ་ཐམས་
ཅད་ཀྱི་སྒྲ་འཇུག་པ་བཞིན་ནོ། །དེའི་ཕྱིར་དཔལ་བདེ་མཆོག་ལས། གཞན་མ་ཡིན་པའི་གཟུགས་ཀྱི་གདོང་ཙམ་གྱིས་བོང་བུ་ཡིན་ཏེ་བོང་བུའི་རྣམ་པའི་སྦྱོར་བའི་བདག་ཉིད་བཤད་དོ། །དཔལ་ཧེ་རུ་ཀ་ཤིན་ཏུ་མཛེས་པ་ཡིན་ན། ཅིའི་ཕྱིར་མི་སྡུག་པའི་གདོང་དུ་བསྒྱུར་ཞེ་ན། ཡིད་ཀྱི་ཤུགས་ལས་
བཟློག་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ཀྱི་ཤུགས་ནི་མགྱོགས་པའོ། །དེ་བཟློག་པའི་ཕྱིར་ཞེས་དགོས་པ་བསྟན་ཏོ། །གང་གི་ཕྱིར་ཡིད་ནི་ཐམས་ཅད་སོང་ཞིང་བཟློག་པར་དཀའ་བ་དེས་རྣལ་འབྱོར་པ་དེ་གྲུབ་པར་མི་འགྱུར་བ་དེའི་ཕྱིར་མ་གྲུབ་པས་བསྒྲུབ་པ་དེ་ནི་མ་གྲུབ་
པ་ཞེས་པའི་རིག་པ་ལས་བཤད་པའི་ལས་རྣམས་འགྲུབ་པར་མི་འགྱུར་རོ། །དེ་བས་ན་བདག་ཉིད་སྒྲུབ་པའི་ཕྱིར་དང་ཡིད་ཀྱི་ཤུགས་ཟློག་པར་བྱེད་པའི་བོང་བུའི་རྣམ་པ་བསྒོམ་པར་བྱ་བའི་ཕྱིར་ཉེ་བར་བསྟན་ཏོ། །ཅི་བཅོམ་ལྡན་འདས་གཅིག་པུ་ཁོ་ན་བོང་བུའི་གདོང་ཅན་ཡིན་ནམ།
གཞན་དག་ཀྱང་ཡིན་ཞེ་ན། རྣལ་འབྱོར་པ་ནི་ལཱ་མའི་གཟུགས། །དེ་བཞིན་དུ་ནི་མཁའ་འགྲོ་མ། །ཁཎྜ་རོ་ཧཱ་འདོད་གཟུགས་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་མ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའོ། །ལཱ་མ་ལ་སོགས་པ་ནི་རབ་ཏུ་གྲུབ་པ་ཉིད་དོ། །དེའི་ཕྱིར་མཁའ་
འགྲོ་མ་བཞི་དང་རྡོ་རྗེ་ཕག་མོ་སྟེ། ལྔ་དང་དཔལ་ཆེན་བདེ་མཆོག་དང་དྲུག་ནི་བོང་བུའི་གདོང་ཅན་དུ་བསྟན་ཏོ། །མཁའ་འགྲོ་མའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཁྲག་དང་རྐང་དང་རྩེ་གསུམ་བསྒོམས་པ་ནི་མཁའ་འགྲོ་མ་སྟེ། རལ་གྲིའམ་རྩེ་གསུམ་བསྣམས་པ་ཞེས་བྱ་བའི་དོན་ཏོ། །དྲུག་གི་
ཞལ་ནི་བཤད་ལ་སུམ་ཅུ་རྩ་གཅིག་ནི་མ་བཤད་མོད་ཀྱི། དེ་ཙམ་གྱིས་དངོས་གྲུབ་རྟོགས་པར་འགྱུར་རམ་ཞེ་ན། བཤད་པའི་རྒྱུད་ལས་ཀྱང་སུམ་ཅུ་རྩ་བདུན་གྱི་ཞལ་གསུངས་པ་ལ་འཇུག་པར་བྱ་སྟེ། སེང་གེའི་གདོང་ཅན་ནི་སྐུའི་འཁོར་ལོའོ། །རྨ་བྱའི་གདོང་ཅན་ནི་གསུང་གི་འཁོར་ལོའོ། །ནམ་
เล่ม ๑๖ · หน้า 280b
མཁའ་ལྡིང་གི་གདོང་ཅན་ནི་ཐུགས་ཀྱི་འཁོར་ལའོ། །ཁྭ་གདོང་མ་ལ་སོགས་པ་བཞི་ནི་ཁྭ་དང་འུག་པ་དང་ཁྱི་དང་ཕག་གི་གདོང་ཅན་ནོ། །གཤིན་རྗེ་སྲེག་མ་ལ་སོགས་པ་མཚམས་ཀྱི་ལྷ་མོ་ནི་མ་ཧེའི་གདོང་ཅན་ནོ། །དེ་ལྟ་ཡིན་དུ་ཟད་མོད་ཀྱི་བོང་བུའི་རྣམ་པའི་གདོང་འདི་དངོས་སུ་བྱས་པས་ཅི་འགྲུབ་ཅེ་ན།
ཚེ་ཟད་པ་དང་ཚེ་རིང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་གྲུབ་གྲུབ་ན་རྣལ་འབྱོར་པས་ཚེ་ཟད་པ་དང་ཚེ་རིང་བར་མཐོང་བ་ནི་འདི་ནི་རིང་ཞེས་བྱ་བ་དང་། འདི་ནི་ཐུང་ཞེས་བྱ་བ་ཤེས་པར་འགྱུར་བར་མ་ཟད་ཀྱི། སྔོན་ཁྱི་དང་གླང་པོ་དང་བོང་བུ་དང་བ་ལང་དང་ལུག་ལ་སོགས་པ་རྣམས་ཤེས་པར་
འགྱུར་རོ། །དེ་ཤེས་པས་དགོས་པ་ཅི་ཡོད་ཅེ་ན། དེ་གྲུབ་པ་ཡི་སྐྱེས་བུར་འགྱུར། །སྐྱེ་བ་བདུན་གྱི་རིམ་པ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། དཔལ་ཧེ་རུ་ཀ་བོང་བུའི་རྣམ་པའི་ཆོ་གའི་ལེའུ་སྟེ་བཅུ་བཞི་
བའོ།། །།སྐྱེ་བ་བདུན་པ་བཤད་པའི་ལས་ཀྱི་སྒྲུབ་པ་བཤད་ནས། རྒྱུད་གཞན་གྱི་རྣལ་འབྱོར་པའི་ཡུལ་མ་ཡིན་པ་འཇིག་རྟེན་གྱི་ཚིག་གིས་མཁས་པར་ཁས་འཆེས་པ་རྣམས་རྨོངས་པ་བསྐྱེད་པར་བྱ་བའི་ཕྱིར་དང་། འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཕན་ཚུན་དུ་ཐ་སྙད་དུ་འཇུག་པར་བྱ་བའི་
ཕྱིར་དང་། བདེ་མཆོག་འཁོར་ལོའི་རྣལ་འབྱོར་པའི་ང་རྒྱལ་དང་ལྡན་པ་བརྟག་པའི་ཕྱིར་བརྡའི་ལེའུ་བཅོ་ལྔ་པ་བསྟན་པར་བྱ་སྟེ། དེ་ནས་སྡོམ་པ་ཐམས་ཅད་ལ། །གང་ཞིག་བརྡ་ནི་ཤེས་གྱུར་པ། །ཞེས་བྱ་བ་ལ། དུས་དང་ཡུལ་དང་ས་དང་། དབྱངས་དང་གསལ་བྱེད་དང་། དཔའ་བོའི་
དབང་ཕྱུག་མ་དང་། འཁོར་ལོ་སྡོམ་པའི་མཚན་གྱི་རྒྱུད་བླ་མ་དང་། ཁ་སྦྱར་འབྱུང་བ་དང་། རྡོ་རྗེ་མཁའ་འགྲོ་དང་། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དང་། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་རྣམས་ནི་སྡོམ་པ་ཐམས་ཅད་དོ། །སྡོམ་པ་དེ་དག་ཐམས་ཅད་ལ་རྣལ་འབྱོར་པ་གང་
གིས་ཚུལ་ཇི་ལྟ་བ་བཞིན་དུ་བརྡ་རྣམས་ཤེས་པ་དེ་ངེས་པར་འགྲུབ་པར་འགྱུར་ཞེས་བརྡ་བརྗོད་པའི་དགོས་པ་བསྟན་ཏོ། །དེ་ལྟར་དགོས་པ་དང་ལྡན་པ་གང་བསྟན་ཞེ་ན། ཊཱ་ཞེས་བྱ་བ་སྨོས་ཏེ་སྐྱེས་པའམ་བུད་མེད་དུ་བཤད་པར་བྱ་བ་ལ་ཊཱི་ཞེས་བརྗོད་པ་ནི་བརྡ་སྟེ། དེ་ལྟར་བཤད་པ་རྟོགས་པ་ནི་
เล่ม ๑๖ · หน้า 281a
བརྡའོ། །དེ་བཞིན་དུ་ཡང་ཐམས་ཅད་ལ་བལྟ་བར་བྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ཡི་གེའི་བརྡའི་ལེའུ་སྟེ་བཅོ་ལྔ་པའོ།། །།བརྡ་རྣམས་བསྟན་ནས་དེས་འཇུག་པའི་སྒྲུབ་པ་པོ་རྣམས་ཀྱི་དབང་བསྐུར་བ་ལ་སོགས་པའི་དོན་དུ་
བཟའ་བ་དང་བཟའ་བ་མ་ཡིན་པའི་དམ་ཚིག་གི་མཚན་ཉིད་བརྗོད་པའི་ཕྱིར་ལེའུ་བཅུ་དྲུག་པ་བཤད་པར་བྱ་སྟེ། དེ་ནས། །གསང་བའི་བཟའ་དང་བཟའ་མིན་བཤད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་གསུང་ཐུགས་གསུམ་པོ་ནི་གསང་བའོ། །བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་
བཟའ་བ་དང་བཟའ་བ་མ་ཡིན་པའོ། །སྒྲུབ་པོ་ཞེས་བྱ་བ་ནི་སྒྲུབ་པ་པོའི་དམ་ཚིག་བཤད་པར་བྱ་བའི་དོན་ཏོ། །དེ་ལྟ་བུའི་བཟའ་བ་གང་དུ་རྙེད་ཅེ་ན། དམ་ཚིག་མཆོག་ལ་བཟའ་བ་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་ཚིག་ནི་རིགས་རྣམ་པ་བརྒྱའོ། །རིགས་དེ་དག་གི་མཆོག་ནི་དམ་
ཚིག་མཆོག་སྟེ་རྣལ་འབྱོར་མ་བདུན་གྱི་ཚོགས་སོ། །རྣལ་འབྱོར་མའི་འཁོར་ལོའི་དམ་ཚིག་གི་མཆོག་དེ་ལ་བཟའ་བའི་ཁྱད་པར་རྙེད་ཅེས་སྟོན་པར་བྱེད་དེ། དེ་ལྟར་གྱུར་པའི་བཟའ་བ་གང་སུ་ཡང་རུང་བ་ལ་སྦྱིན་ནམ། འོན་ཏེ་མི་སྦྱིན་ཞེ་ན། དད་ལྡན་རྣམས་ལ་སྦྱིན་པར་བྱ། །ཞེས་བྱ་བ་ནི་དད་པ་དང་ལྡན་
པ་ནི་གུས་པ་དང་ལྡན་པ་ལ་སྦྱིན་པ་ཡིན་གྱི། མ་དད་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་རོ། །དད་པ་དང་ལྡན་པ་རྣམས་ལ་སྦྱིན་པ་ནི་རེ་ཞིག་གཞག་ན། བཟའ་བ་ཡོད་པའི་རྣལ་འབྱོར་མ་དེ་གང་ཞེ་ན། ཁ་དོག་དབྱེ་བས་གསལ་བ་གང་། །ཞེས་བྱ་བ་ལ་གང་གིས་གསང་བ་དེ་དག་ནི་ཁ་དོག་གི་དབྱེ་བ་
སྟེ། དཀར་པོ་དང་སྔོན་པོ་ལ་སོགས་པ་བཤད་པར་བྱ་ཞེས་བྱ་བའི་ཚིག་སྔ་མ་དང་སྦྱར་རོ། །དེ་ཡང་གང་ཞེ་ན། དཔའ་བོ་གཉིས་མེད་རྣལ་འབྱོར་མ། །ཞེས་བྱ་བ་ལ་དཔའ་བོ་ནི་རྡོ་རྗེ་ཕག་མོ་དང་བདུན་ཏེ། རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་ལ་སོགས་པ་དང་དྲུག་གོ། །དེ་དག་གི་གཉིས་
སུ་མེད་པ་ནི་གཞན་མ་ཡིན་པའི་གཟུགས་ཀྱི་རང་བཞིན་ཡིན་ཡང་བུད་མེད་ཉིད་ཙམ་གྱིས་དབྱེ་བའི་དཔའ་བོ་གཉིས་མེད་དོ། །དེ་བས་ན་དཔའ་བོ་ཡང་ཡིན་པས། དཔའ་བོ་གཉིས་མེད་རྣལ་འབྱོར་མའོ། །ཁ་དོག་གི་དབྱེ་བས་ཅི་ཞིག་བྱ་ཞེ་ན། གང་ཞིག་ཤེས་པ་ཙམ་གྱིས་ནི། །ཞེས་བྱ་བ་དེ་ནི་གོ་སླའོ། །
เล่ม ๑๖ · หน้า 281b
དེའི་རིགས་རྒྱུད་ལས་བྱུང་ཞེས་བྱ་བ་ལ། རྡོ་རྗེ་འཆང་དང་དྲུག་གོ། །རྡོ་རྗེ་ཕག་མོ་དང་བདུན། རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ལྔ་ནི་རིགས་ལྔའོ། །དེ་ལས་གཞན་པ་ནི་རྡོ་རྗེ་སེམས་དཔའི་རིགས་ལས་རིགས་གཞན་ཏེ། རིགས་རྒྱུད་དེ་ལས་སྐྱེས་པ་ནི་རིགས་རྒྱུད་ལས་སྐྱེས་པའོ། །རྒྱུད་
འདི་ལ་ལྷ་མོ་ཁོ་ན་རིགས་ཡིན་ཞེས་བསྟན་ཏོ། །དེ་བས་ན་འདི་ལྟར་བསྟན་ཏེ། རྣལ་འབྱོར་མའི་རིགས་རྣམས་ནི། །དེ་ལྟར་བདུན་པོ་ངས་བཤད་དོ། །ཞེས་བྱ་བ་ལ། རྣལ་འབྱོར་མ་ནི་རིགས་བདུན་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པའི་གཟུགས་སུ་དྲུག་ཏུ་འབྱེད་པའོ། །ཁ་དོག་སོ་སོར་བསྟན་
ནས། སྤྱོད་པ་དང་ཕྱག་རྒྱའི་སྒོ་ནས་རྣལ་འབྱོར་མ་རྣམས་བསྟན་པར་བྱ་བའི་ཕྱིར། གཡོན་པའི་ཀུན་སྤྱོད་ལ་རྟག་དགའ། །ཞེས་བྱ་བ་ལ་སོགས་པ་ལ། གཙོ་བོར་གྱུར་པ་གཡོན་པའི་ལག་པ་དང་། རྐང་པའི་བྱ་བ་ནི་གཡོན་པའི་སྤྱོད་པའོ། །རིགས་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་ནི་རང་གི་ཕྱག་རྒྱ་སྟེ་
དཀར་པོ་དང་སེར་པོ་ལ་སོགས་པའི་ཁ་དོག་གོ། །ཕྱག་རྒྱ་དང་ཁ་དོག་གཉིས་ཀྱིས་དཀྲུགས་པ་ནི་རང་གི་ཕྱག་རྒྱའི་ཁ་དོག་གིས་དཀྲུགས་པའོ། །རིགས་ཀྱི་རིག་པའི་ཡི་གེ་ཞེས་བྱ་བ་ལ། རིགས་ཀྱི་རིག་པ་ནི་རིགས་ཀྱི་སྐྱེས་བུའོ། །དེ་རྣམས་ཀྱི་ཡི་གེ་ནི་མིང་སྟེ་གང་དང་གང་གི་རིགས་གང་ཡིན་པ་
དེ་དང་དེའི་དམ་ཚིག་གི་ཁྱད་པར་འབྱུང་བ་ཡིན་ནོ། །ཡང་ན་རིགས་ཀྱི་རིག་པའི་ཡི་གེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིགས་བདུན་ནོ། །རིག་པ་ཡང་བདུན་པོ་ཡང་དེ་ཉིད་དོ། །རིག་པ་དེ་དག་གམ་རིག་པའི་ཡི་གེ་ནི་རིག་པའི་ཡི་གེ་སྟེ། ཨོཾ་དང་ཧ་ལ་སོགས་པ་ནས་ཕཊ་ཀྱི་བར་དུ་ཚིག་དྲུག་གོ། །བདུན་
པ་དེ་དག་ཐམས་ཅད་ནི་རིགས་ཀྱི་ཡི་གེའོ། །ཨོཾ་དང་བྃ་ལ་སོགས་པ་ནས་ཕཊ་ཀྱི་ཚིག་དྲུག་པོ་ཐིམ་པའི་ཡི་གེ་དང་བདུན་པ་སྟེ། རིགས་ཀྱི་རིག་པའི་ཡི་གེའོ། །རིག་པ་ཡང་ཡིན་ལ་རིགས་ཀྱི་ཡི་གེ་ཡང་ཡིན་པས་ན་རིགས་ཀྱི་རིག་པའི་ཡི་གེའོ། །རིགས་གང་དང་གང་ཡིན་པ་དེ་དང་དེའི་ས་བོན་ནི་
རང་གི་རིགས་ཀྱི་ཡི་གེའོ། །དགའ་བ་དང་ཁྲོ་བ་དང་གློ་བུར་དུ་བརྗོད་ནས་རྣལ་འབྱོར་མ་ཡིན་པར་མཚོན་པར་བྱའོ་ཞེས་བསྟན་ཏེ། རང་གི་མདོག་དང་ཡང་དག་རིགས། །ཞེས་བྱ་བ་ལ་དཀར་པོ་དང་དམར་པོ་ལ་སོགས་པའི་ཁ་དོག་ནི་བཤད་ཟིན་ཏོ། །རང་གི་ཕྱག་རྒྱ་འཆིང་བ་དང་། །ཞེས་བྱ་བ་ནི་རང་གི་
เล่ม ๑๖ · หน้า 282a
རིགས་དང་མཐུན་པའི་ཕྱག་རྒྱ་སྟོན་པར་བྱེད་དོ། །རང་གི་རིགས་རྒྱུད་ཚིག་ཏུ་སྨྲ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་རིགས་གཞན་རྟོགས་པར་བྱ་བའི་ཕྱིར་སྨྲ་ཞེས་བྱ་བའི་དོན་ཏོ། །གཡོན་ནས་འགྲོ་བའི་བུད་མེད་གང་། །ཞེས་བྱ་བ་ནི་གང་དང་གང་གི་གཡོན་པའི་
རྐང་པ་དང་པོར་བསྐྱོད་པ་དེ་ནི་གཡོན་པར་འགྲོ་བ་ཞེས་བྱ་བར་བརྗོད་དོ། །རྟག་ཏུ་གཡོན་པ་ཞེས་བྱ་བ་ནི་གང་དང་གང་གཞན་གྱི་གཡོན་ནས་འགྲོ་བ་དེ་ནི་རྟག་ཏུ་གཡོན་པར་གྱུར་པ་ཞེས་བྱ་བ་ལ་སོགས་པའི་ཕྱག་རྒྱའི་བུད་མེད་དེ་དག་རྣལ་འབྱོར་མ་ཡིན་ཞེས་རྟོགས་པར་བྱའོ། །དཔལ་འཁོར་
ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། རྣལ་འབྱོར་མ་བདུན་གྱི་མཚན་ཉིད་བརྟག་པའི་ཆོ་གའི་ལེའུ་སྟེ་བཅུ་དྲུག་པའོ།། །།རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་བཤད་ནས་མིང་བརྗོད་པར་བྱ་བའི་ཕྱིར། ལེའུ་བཅུ་བདུན་པ་བསྟན་པར་བྱའོ། །དེ་ནས་རྙེད་
དཀའ་རྣལ་འབྱོར་མ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་མ་ནི་རབ་གཏུམ་མོ་ལ་སོགས་པ་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་དང་དུམ་སྐྱེས་མ་ལ་སོགས་པ་བཞིའོ། །གང་གི་ཕྱིར་རྣལ་འབྱོར་མ་དང་མཁའ་འགྲོ་མ་རྣམས་ཀྱི་ནང་ན་རྙེད་པར་དཀའ་ཞིང་སྤྱོད་ཡུལ་མ་ཡིན་པ་དེ་ཉིད་
ཀྱི་མིང་བརྗོད་པར་བྱ་སྟེ། རྣལ་འབྱོར་མ་དང་མཁའ་འགྲོ་མ་དག་གི་ཡང་སྤྱོད་ཡུལ་མ་ཡིན་པའི་དམ་ཚིག་ཏུ་དེ་ལ་ཡང་བསྟན་ཏོ། །ཡང་བཤད་པ་དགོངས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱང་ཨཱ་ལི་ཀཱ་ལི་མཉམ་པར་བྱས་ནས་འདབ་མ་དྲུག་ཅུ་རྩ་བཞིའི་བདག་ཉིད་དོ། །དེ་ལ་རེ་རེའི་
ཡན་ལག་དགུ་དགུའི་གཟུགས་འཕྲོག་པའི་ཕྱིར་དེ་དག་དཔའ་བོ་དང་གཉིས་སུ་མེད་པར་འགྱུར་རོ། །དེ་བས་ན་རྣལ་འབྱོར་མ་རྣམས་ཀྱི་རྙེད་པར་དཀའ་ཞེས་བརྗོད་དོ། །ཇི་སྐད་དུ། གཞན་ཡང་ཆོ་ག་དགོད་བྱ་བ། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དཔལ་ལྡན་བདེ་མཆོག་རྡོ་རྗེའི་ལྷ། །
དྲུག་ཅུ་རྩ་བཞིས་ཡོངས་སུ་བསྐོར། །ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དུས་ཀྱི་ཆ་རྣམས་གཟུགས་ཀྱི་མཚན་ཉིད་དུ་སྐྱེ་བར་འགྱུར་ཞེ་ན། བདུད་རྩི་ལྔ་ལས་ཡང་དག་འབྱུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་རྩི་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔའོ། །ཡང་ན་ཆོས་ཀྱི་བརྡ་
เล่ม ๑๖ · หน้า 282b
ནི་བདུད་རྩི་ལྔའོ། །སེམས་ཅན་གྱི་དོན་ལ་ཆགས་པ་ནི་ཁྲག་གོ། །ཆོས་རྣམས་མ་སྐྱེས་པ་ནི་ཤུཀྲའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ནི་ཤའོ། །མཉམ་པ་ཉིད་ལ་གནས་པ་ནི་ཆུའོ། །དབྱེ་བ་མི་དམིགས་པ་ནི་བཤང་བའོ། །ཡང་ན་དམ་ཚིག་ཅན་གྱི་སྐྱེ་བོ་རབ་ཏུ་གྲུབ་པའི་བདུད་རྩི་ལྔའོ། །དེ་
རྣམས་ཀྱི་རིགས་པ་ཇི་ལྟ་བ་བཞིན་དུ་འབྱུང་བ་ནི་ཕུལ་དུ་བྱུང་བའི་བདུད་རྩི་ལྔ་ལས་ཡང་དག་འབྱུང་ཞེས་བྱ་བ་སྟེ་སྐྱོན་མེད་དོ། །ཡང་ན་ཕྱོགས་སྔ་མ་བཞིན་བྱ་སྟེ། ཅིའི་ཕྱིར་དེ་དག་གི་མཚན་ཉིད་དང་མིང་རྣམས་ལ་ཚོལ་བས་ཅི་ཞིག་བྱ་སྙམ་ན། བདུད་རྩི་ལྔ་ལས་ཡང་དག་འབྱུང་། །ཞེས་བྱ་བ་ལ་
སོགས་པ་ནི་བདུད་རྩི་ལྔ་རྣམས་སུའམ། བདུད་རྩི་ལྔ་རྣམས་ཀྱི་ནང་ནས་དམ་པ་ནི་ཕུལ་དུ་བྱུང་བའི་བདུད་རྩི་ལྔ་སྟེ། དེ་བདུད་རྩི་ལྔའི་སྙིང་པོ་ཅན། བྱང་ཆུབ་ཀྱི་སེམས་འབྱུང་ཞིང་ཡང་དག་པར་འབྱུང་བར་གྱུར་པ་ནི། ལེའུ་བཅུ་གཅིག་པར་གྱུར་པར་བཤད་པའི་སྐྱེ་བ་བདུན་གྱི་མཚན་ཉིད་ཀྱི་
བྱང་ཆུབ་ཀྱི་སེམས་ཀྱི་སྣོད་དུ་རུང་པའི་ཕྱིར་བཙལ་བ་ཡིན་གྱི། དངོས་གྲུབ་ཀྱི་སྐལ་བ་མི་ལྡན་ཞིང་ཐ་དད་པའི་སྐྱོན་དང་ལྡན་པ་གཞན་རྣམས་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟ་མོད་ཀྱི་ཤེས་རབ་མཆོག །ཅེས་བྱ་བ་གང་ཞེ་ན། གཤིན་རྗེ་མ་དང་སྐྲག་བྱེད་མ། །ཞེས་བྱ་བ་ལ་སོགས་པ་ལ། གཤིན་
རྗེ་མ་དང་སྐྲག་བྱེད་མ་དང་། །ཟློག་བྱེད་མ་དང་། འཇིགས་གཟུགས་ཅན་མ་དང་། ཀུན་སྤྱོད་མ་དང་། འོད་ལྡན་མ་སྟེ། མཁའ་འགྲོ་མ་བདུན་ནོ། །ཀྱེ་མ་འདི་ནི་ཤིན་ཏུ་ངོ་མཚར་བྱེད་པའི་དཀྱིལ་འཁོར་བ་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་ནང་ན་མེད་ཅིང་ཆོས་ཀྱི་ཡི་གེ་ལ་སོགས་པའི་ནང་ན་ཡང་
མེད། སོ་སོར་ཡང་མ་བསྟན་དེ་ནས་ཀྱང་ལྔའམ་བཅུའམ་མང་དུ་ཡང་བསྡུས་པར་མི་སྣང་བ་དེའི་ཚེ་དེ་དག་གང་ཡིན་ཞེས་དེ་དག་བསྟན་པར་རིགས་ན། དེ་དག་ཀྱང་མ་བསྟན་ཏོ། །དེའི་ཕྱིར་ཁྱད་པར་དང་བཅས་པའི་རྣལ་འབྱོར་མ་བདུན་ནི་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་བཤད་པའི་རྒྱུད་ལས་
རྗེས་སུ་འབྲང་བར་བྱའོ། །དེ་ལ་རྒྱུད་དུ་ཉི་ཤུ་རྩ་བཞི་པོ་དྲུག་གིས་བསྡུས་སོ། །དེ་ལ་བཤད་པར་བྱ་སྟེ། རྡོ་རྗེ་དཀྱིལ་འཁོར་གཙོ་མོ་སྟེ། །མཁའ་འགྲོ་མ་རྣམས་ཡང་དག་བཤད། །རྣལ་འབྱོར་མ་དྲུག་དེ་ཤེས་བྱ། །ཀླ་ཀློའི་སྐད་དུ་གསུངས་པ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཀླ་ཀློའི་
เล่ม ๑๖ · หน้า 283a
བརྡ་ནི་འདི་ཡིན་ཏེ། འཁོར་ལོས་སྒྱུར་མ་དང་བརྩོན་འགྲུས་ཆེན་མོ་སྟེ་མཁའ་འགྲོ་མ་གཉིས་པོ་མ་མོ་ཞེས་བྱ་བའི་བརྡར་བརྗོད། ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མོ་ནི་རིགས་ཀྱི་འདྲེན་པ་ཞེས་བྱའོ། །མ་མོ་དང་རིགས་ཀྱི་འདྲེན་པ་དེ་གཉིས་གཤིན་རྗེ་མ་དང་གཟུགས་ཅན་མ་ཞེས་
བྱའོ། །དེ་ལྟར་གཞན་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །ཀོ་སྐོ་ཅན་དང་འཁོར་ལོའི་གོ་ཆ་མ་ནི་རིགས་ཀྱི་ལྷ་མོའོ། །འཁོར་ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་ནི་བྱིས་པ་མོའོ། །དེ་གཉིས་ཀྱང་སྐྲག་བྱེད་ཙུམ་བི་ཀའོ། །རྟ་རྣ་མ་དང་བྱ་གདོང་མ་ནི་ལྷན་ཅིག་སྐྱེས་པའི་གཟུགས་ཅན་མའོ། །
ལྗང་ལྷ་མོ་དང་ཤིན་ཏུ་བཟང་མོ་ནི་བརྟུལ་ཞུགས་སྤྱོད་མ་སྟེ། དེ་གཉིས་ཀྱང་རིའི་ལྷ་མོ་ཉིད་ལཱ་མའོ། །རླུང་གི་ཤུགས་ཅན་མ་དང་ཆང་འཐུང་མ་ནི་ཤ་ཟ་མའོ། །ས་སྲུང་མ་དང་འཇིགས་བྱེད་ཆེན་མོ་ནི་སྦོམ་པའི་དབང་ཕྱུག་མ་སྟེ། དེ་གཉིས་ཀྱང་འཇིགས་བྱེད་མའོ། །དེ་གཉིས་ཟློག་བྱེད་མ་
ཞེས་ཀྱང་བརྗོད་དོ། །ལངྐའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་གཉིས་ནི་ཁཎྜ་རོ་ཧཱིའོ། །བརྟན་པའི་བློ་གྲོས་མ་དང་མི་ཐུང་མ་ནི་བུ་མོ་སྟེ། དེ་གཉིས་ཀྱང་ཀུན་སྤྱོད་མ་དང་བྱིས་བཅས་མའོ། །འོད་ལྡན་མ་དང་སྣ་ཆེན་མ་ནི་མཁའ་འགྲོ་མའོ། །རབ་གཏུམ་མ་དང་གཏུམ་མིག་མ་ནི་མཁའ་
འགྲོ་མ་དང་དམ་པའི་དབང་ཕྱུག་མའོ། །མཁའ་འགྲོ་མ་དང་དམ་པའི་དབང་ཕྱུག་མ་གཉིས་ནི་བ་སུར་དང་མི་ལྡོག་མའོ། །བདུན་པ་ནི་དཔའ་བོའི་བློ་གྲོས་མ་ཆེན་མོ་སྟེ་ཚུ་རོལ་མའོ། །རྒྱུད་འདི་ལས་བདུན་ལས་ལྷག་པར་ནི་མ་གསུངས་ཀྱི་སྡུད་པར་བྱེད་མ་ཞེས་བྱ་བ་ཡང་གསུངས་སོ། །དེའི་
ཕྱིར་རྣལ་འབྱོར་མ་རྣམས་ཀྱི་རིགས་བདུན་ནོ། །མཚན་ཉིད་དག་དང་ལྡན་པ་དེའི་མིང་ཅན་དུ་འགྱུར་ཞིང་དེའི་མཚན་ཉིད་དང་མིང་སྔོན་དུ་འགྲོ་བ་བསྟན་པར་བྱ་བའི་ཕྱིར། གཟུགས་ཅན་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཅན་མ་དང་ཙུམ་བི་ཀ་དང་། ལཱ་མ་དང་ཡོངས་སུ་གྱུར་
པ་དང་། བྱིས་བཅས་མ་དང་། མི་ཟློགས་མ་དང་། ཚུ་རོལ་དང་། མཁའ་འགྲོ་མ་བདུན་པོ་ནི་ཡང་དག་པར་བསྡུས་པའོ། །གཉིས་མེད་དཔའ་བོ་བསྡུ་བར་བྱ། །ཞེས་བྱ་བ་ལ་དཔའ་བོ་ནི་དཔལ་བདེ་མཆོག་འཁོར་ལོའི་རྣལ་འབྱོར་པ་དེས་གཉིས་སུ་མེད་པའི་དངོས་གྲུབ་སྤྱོད་པའི་དཔའ་བོ་གཉིས་
เล่ม ๑๖ · หน้า 283b
མེད་བསྟན་པ་སྟེ། བཤད་པའི་མཚན་ཉིད་ཅན་ཤིན་ཏུ་གསལ་བའི་ཕྱག་རྒྱ་ཁོང་དུ་ཆུད་པར་བྱའོ། །སླར་ཡང་ཕྱག་རྒྱ་དག་གིས་ཀྱང་། །དེ་དག་མཚོན་པར་བྱ་བའི་ཕྱིར། །ཐོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོད་པ་དང་། དགྲ་སྟ་དང་། མཆེ་བ་དང་། འཁོར་ལོ་དང་། རྡོ་རྗེ་དང་། རྒྱལ་མཚན་
དང་། ཁ་ཊྭཱཾ་ག་ཉིད་ཀུན་དུ་སྐྲག་པར་བྱེད་པས་ཀུན་དུ་སྐྲག་བྱེད་དོ། །ཕྱག་རྒྱའོ། །འདིར་མ་བཤད་པ་ནི་སྡུད་པར་བྱེད། ཁྭ་གདོང་མ་ལ་སོགས་པ་བཞིན་ཕྱག་རྒྱ་བརྒྱད་པ་ནི་དུང་ངོ་། །མཁའ་སྤྱོད་དང་། ས་སྤྱོད་དང་། ས་འོག་ན་གནས་པ་གསུམ་དང་། མཁའ་འགྲོ་མ་ལ་སོགས་པ་བཞི་པོ་
དང་། ཤེས་རབ་ཀྱི་པདྨ་དང་བཅས་པའི་འཁོར་ལོ་གསུམ་དུ་འདུས་སོ། །རྣལ་འབྱོར་མ་བདུན་ནི་འཁོར་ལོ་ཐམས་ཅད་ཀྱི་རྣལ་འབྱོར་མ་སྟེ། རབ་གཏུམ་མ་ལ་སོགས་པའི་གཟུགས་ཇི་ལྟ་བ་བཞིན་དུ་གཞན་དུ་འགྱུར་བ་ནི་གཟུགས་བསྒྱུར་བའོ། །འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་
པོ་ཆེའི་ཚོགས་ཞེས་བྱ་བ་ལས། ཡོངས་སུ་བསྒྱུར་བ་དང་། ཕྱག་མཚན་དང་ཕྱག་རྒྱའི་ལེའུ་སྟེ་བཅུ་བདུན་པའོ།། །།རིགས་ཀྱི་རྣལ་འབྱོར་མ་རྣམས་མཚན་མ་དང་ཕྱག་རྒྱ་ལ་སོགས་པ་བརྗོད་ནས། མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ལེའུ་བཅོ་བརྒྱད་པ་བཤད་པར་བྱ་སྟེ། དེ་ནས་
གཞན་ཡང་བཤད་བྱ་བ། །མཁའ་འགྲོ་མ་རྣམས་མཚན་ཉིད་དག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ཅིར་འགྱུར་ཞེ་ན། གང་ཞིག་གང་དག་ཅེས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི། མཚན་ཉིད་གང་གིས་རྣལ་འབྱོར་པས་རྣལ་འབྱོར་མ་རྣམས་དམ་ཚིག་ལ་གནས་པར་
ཐེ་ཚོམ་མེད་པར་ཤེས་ཤིང་རྟོགས་པའི་མཚན་ཉིད་དེ། བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡིན་ན་མྱུར་དུ་སྨྲོས་ཤིག་སྙམ་ན། དམར་ཞིང་སེར་བའི་བུད་མེད་གང་། །ཞེས་བྱ་བ་ལ། དམར་བས་ཁྱབ་པའི་དཀར་པོའི་ཁ་དོག་ནི་དམར་སེར་རོ། །བུད་མེད་ཅེས་བྱ་བ་ལ་སོགས་པ་ནི་གོ་
སླའོ། །མཁའ་འགྲོ་མ་དེ་དག་གི་ཚོགས་བཤད་མ་ཐག་པའི་མཁའ་འགྲོ་མ་བདུན་གྱི་རང་བཞིན་ཡིན་པའི་ཕྱིར་དང་། དཀྱིལ་འཁོར་པ་ཡིན་པའི་ཕྱིར་དཔལ་ཧེ་རུ་ཀ་ཁོ་ན་ཡིན་ཞེས་གཞི་མཐུན་པ་ཉིད་ཀྱིས་གཞི་མཐུན་པའི་དྲུག་པ་ནི་འགལ་བ་མེད་དོ། །ཧེ་རུ་ཀ་ཡི་རིགས་ལས་བྱུང་། །
เล่ม ๑๖ · หน้า 284a
ཞེས་བྱ་བ་ལ། རིགས་གཞན་དགག་པར་བྱེད་པའི་རིགས་ནི་འདིར་དཔལ་ཧེ་རུ་ཀའོ། །རིགས་དེ་དང་འདྲ་བར་འབྱུང་བས་ན། རིགས་འབྱུང་སྟེ། དཔལ་བདེ་མཆོག་གི་རྣལ་འབྱོར་པའོ། །རིགས་འབྱུང་ནི་རིགས་ལས་ཞེས་བྱ་བར་འོས་པ་ལ། དབྱེ་བའི་ཚིག་ལྔ་པ་མ་བྱས་པའི་ཕྱིར་
བརྡ་ཉིད་དུ་རིགས་འབྱུང་ཞེས་བྱ་བར་སྟོན་ཏོ། །བྱེད་པའི་ཚིག་གིས་ཀྱང་སྒྲུབ་པ་པོའི་རིགས་ལས་བྱུང་བ་རྣམས་ལ་ཕན་པའི་ཕྱིར་གསང་བའི་མཚན་ཉིད་སྐུ་གསུམ་སྡུད་པར་བྱེད་པ་རྣལ་འབྱོར་མ་བདུན་གྱི་མཚན་ཉིད་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་ཐམས་ཅད་ཅེས་བྱ་བ་ནི་རྣལ་
འབྱོར་མ་ཐམས་ཅད་དོ། །དེའི་མཚན་ཉིད་ནི་མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་དོ། །དེ་རྗོད་པར་བྱེད་པའི་ལེའུ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་ལེའུའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། མཁའ་འགྲོ་མ་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ལེའུ་
སྟེ་བཅོ་བརྒྱད་པའོ།། །།མཁའ་འགྲོ་མའི་མཚན་ཉིད་བཤད་ནས། ལཱ་མ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར་ལེའུ་བཅུ་དགུ་པ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །སྒྲུབ་པ་པོ་ཡིས་ལཱ་མ་རྣམས། །མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲུག་འདུས་པ་
གཅིག་པུ་ཡང་མཁའ་འགྲོ་མ་བཞིན་དུ་མང་བའི་ཚིག་གི་མཐའ་ཅན་དུ་འདོད་དོ། །དེའི་ཕྱིར་ལཱ་མ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚན་ཉིད་དེ་ཅི་ལྟ་བུ་ཡིན་སྙམ་པ་ལ། ཡང་དག་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། ཡང་དག་པར་ཡན་ལག་དང་ཉིང་ལག་ཉིད་དུ་གྱུར་པ་
ཡིན་གྱི་བརྗོད་པ་ཙམ་ནི་མ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། གང་གིས་སྒྲུབ་པ་པོར་ཤེས་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་ཏུ་གྱུར་པའི་མཚན་ཉིད་གང་གིས་ལཱ་མ་འདི་དག་ཡིན་ཞེ་ན། རྣལ་འབྱོར་པས་ཤེས་པར་བྱ་བའི་ཕྱིར་མཚན་ཉིད་དེ་ཤེས་པར་བྱ་ཞེས་དགོངས་སོ། །དེ་
ཡིན་ན་སྨྲོས་ཤིག་སྙམ་ན། གང་གིས་རང་བཞིན་གྱི་དཀྱིལ་འཁོར་ནི། ཀུན་ནས་ཟླུམ་པོར་སྣང་གྱུར་ཅིང་། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཁའ་འགྲོ་མ་གཉིས་པ་དང་། གཟུགས་ཅན་མའི་གསུམ་པའི་ལཱ་མ་གཉིས་ཡོད་པའི་ཕྱིར་ངེས་པ་ཅན་གྱི་ཁྱད་པར་བཤད་པར་བྱ་སྟེ། རྡོ་རྗེ་ཕག་
เล่ม ๑๖ · หน้า 284b
མོ་ཁ་དོག་ནི་ཞེས་བྱ་བའི་རྡོ་རྗེ་ཕག་མོའི་རིགས་ལ་བྱུང་བའི་ལཱ་མ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བ་ཡིན་གྱི། གཞན་གྱི་མ་ཡིན་ནོ་ཞེས་སྟོན་ཏོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ལཱ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།
ལཱ་མ་རྣམས་ཀྱི་མཚན་ཉིད་བརྗོད་ནས། བརྡ་བསྟན་པའི་ཕྱིར་ལེའུ་ཉི་ཤུ་པ་གསུངས་ཏེ། དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་རྣམས་ཀྱི་བརྡ་རྣམས་ཏེ། །ཞེས་བྱ་བ་ལ་སོགས་པའོ། །དེས་ཅིར་འགྱུར་ཞེ་ན། གང་གིས་སྤུན་དང་སྲིང་མོ་རུ། །ཡང་དག་ཤེས་པར་འགྱུར་བའོ། །ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། བརྡ་གང་གིས་མིང་པོ་ནི་དམ་ཚིག་ཅན་དཔལ་བདེ་མཆོག་གི་རྣལ་འབྱོར་པའོ། །སྲིང་མོ་འདི་དེ་དང་འདྲ་བར་ཡང་དག་པར་ལེགས་པར་ཤེས་ཤིང་། གང་གིས་རྟོགས་པ་བཤད་པར་བྱ། །ཞེས་བྱ་བར་སྦྱར་རོ། །བརྡ་དེ་ཅི་ལྟ་བུ་ཞེ་ན། གང་ཞིག་ལག་གཡོན་གྱིས་
སྟོན་པ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕོ་ཉ་མོ་ནི་གང་ཡང་རུང་། །ཞེས་བྱ་བ་ནི་གང་ཡང་རུང་བའི་རྣལ་འབྱོར་མ་བཤད་པ་དང་མ་བཤད་པའི་མཚན་ཉིད་ཅན་ཕན་ཚུན་དུ་བརྡས་རྟོགས་པར་བྱ་ཞེས་བསྟན་ནོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས།
ལག་པ་གཡོན་པའི་བརྡའི་ལེའུ་སྟེ་ཉི་ཤུ་པའོ།། །།བརྡའི་ལས་བཤད་ནས། ཕྱག་རྒྱའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་གཅིག་པ་བརྗོད་པར་བྱའོ། །དེ་ནས་བསྟན་པའི་གསང་བ་ཆེ། །མཚན་ཉིད་ང་ཡིས་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ་མཐོང་བས་ན་
བསྟན་པའོ། །གསང་བ་ཆེན་པོ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་ཡན་ལག་དང་ཉིང་ལག་གོ། །དེའི་ཕྱག་རྒྱ་ཡང་གསང་བ་ཆེན་པོ་སྟེ་དེ་དང་དབྱེར་མེད་པའི་ཕྱིར་རོ། །གསང་བ་ཆེན་པོ་ནི་ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་མཐོང་བའི་གསང་བ་ཆེན་པོའོ། །མཚན་ཉིད་དེ་ཅི་ལྟ་བུ་ཞེ་ན།
བུད་མེད་གང་ཞིག་སྤྱི་གཙུག་རེག །ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་རྒྱ་དེ་གང་གི་ཡིན་ཞེ་ན། མཁའ་འགྲོ་མའི་ཞེས་བྱ་བ་ནི་བདུན་པའི་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཅི་ཞིག་བྱ་ཞེ་ན། དེ་དག་རྟག་ཏུ་མཐོང་བར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །དེ་དག་མཐོང་བས་
เล่ม ๑๖ · หน้า 285a
དགོས་པ་ཅི་ཞིག་ཡོད་ཅེ་ན། གསང་བ་པོ་རྣམས་མཐོང་བར་འགྱུར། །ཞེས་བྱ་བ་ལ་གསང་བའི་བདག་ཉིད་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་རྣལ་འབྱོར་པས་མཐོང་ཞིང་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་
ཚོགས་ཞེས་བྱ་བ་ལས། མཐོང་བའི་ཡན་ལག་གི་ཕྱག་རྒྱའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།མཐོང་བའི་ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་བཤད་ནས། ཡན་ལག་གི་ཕྱག་རྒྱའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་གཉིས་པ་བསྟན་པར་བྱ་སྟེ། དེ་ནས་
གཞན་ཡང་བཤད་བྱ་བ། །ཡན་ལག་ཕྱག་རྒྱ་ཁྱད་པར་དང་། །ཞེས་བྱ་བ་ལ་སོགས་པ་ལ། མཐོང་བའི་ཡན་ལག་གི་ཕྱག་རྒྱ་ལས་ཁྱད་པར་ནི་དེའི་ཡན་ལག་གི་བྱ་བས་དམ་ཚིག་གི་མཚན་མ་ཡན་ལག་གི་ཕྱག་རྒྱའོ། །དེའི་མཚན་ཉིད་ནི་མཚན་པ་སྟེ། ཡན་ལག་གི་ཕྱག་རྒྱའི་
མཚན་ཉིད་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱའི་དགོས་པ་བཤད་པར་བྱ་བའི་ཕྱིར། གང་གིས་ཤེས་པ་ཙམ་གྱིས་ནི། །སྲིང་མོ་ཡང་ནི་ཁྱད་པར་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱག་རྒྱ་དེ་གང་ཞེ་ན། སོར་མོ་གཅིག་ནི་སྟོན་པ་ཡིས། །བརྟན་པའི་ས་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །རྣལ་འབྱོར་མ་ཐམས་ཅད་ཅེས་བྱ་བ་ལ་དྲུག་པའི་དོན་དང་པོའི་མཐའ་ཅན་དུ་བྱས་པའོ། །དེས་ན་ཐམས་ཅད་ཅེས་བྱ་བ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་གྱིས། གཅིག་དང་གཉིས་ཀྱི་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །རེ་ཞིག་ཕྱག་རྒྱ་ནི་བསྟན་ན་དེའི་ཁྱད་པར་ཡང་
འདིར་གང་བསྟན་ཞེ་ན། ཕྱག་རྒྱ་གྲུས་འགྲོ་ཞེས་བྱ་བ་ལ་སོགས་པ་གྲུ་ནི་བཞོན་པའི་ཁྱད་པར་རོ། །འགྲོན་པོ་ལ་འགྲོ་བར་མངོན་པར་འདོད་པའི་དོན་ཐོབ་པར་བྱེད་པའོ། །བཞོན་པ་དང་འདྲ་བས་ན་བཞོན་པ་སྟེ་དཔའ་བོ་དང་དཔའ་མོའི་གནས་དང་ཉེ་བའི་གནས་ལ་སོགས་པར་བདེ་བར་འགྲོ་བའོ། །
གྲུ་དེས་འགྲོ་བས་ན་གྲུས་འགྲོ་སྟེ། དེའི་ཕྱག་རྒྱའོ། །མིང་ནི་རབ་ཏུ་གྲུབ་པའོ། །ལེའུ་གསུམ་པར་ཕྱག་རྒྱ་བསྟན་གྱི་མིང་ནི་མ་ཡིན་ནོ། །འདས་མ་ཐག་པའི་ཕྱག་རྒྱ་འདི་ཡང་གྲུས་འགྲོ་ཞེས་བྱ་བ་ལ་ཕྱག་རྒྱའི་ཁྱད་པར་བསྟན་ཏོ། །ཁྱད་པར་གྱི་ཕྱག་རྒྱ་ནི་གཅིག་པུའི་མིང་མ་ཡིན་ན།
เล่ม ๑๖ · หน้า 285b
འོན་ཀྱང་གཞན་ཡང་ཡོད་ཅེས་བསྟན་པར་བྱ་བའི་ཕྱིར། མཛུབ་སོར་གཉིས་བཀུག་མིག་གི་རྒྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་གི་དབྱིབས་ནི་མིག་གི་ཕྱག་རྒྱ་སྟེ། དེ་ཡང་ཅི་ལྟ་བུ་ཞེ་ན། སོར་མོ་གཉིས་ནི་ཁབ་ཏུ་བྱ། །ཞེས་བྱ་བ་ལ། གཉིས་ནི་མཛུབ་མོ་དང་གུང་མོ་གཉིས་ཁབ་ཏུ་བྱ་
བའོ། །ཅི་དེ་ཙམ་གྱིས་མིག་གི་ཕྱག་རྒྱར་འགྱུར་རམ་ཞེ་ན། མཛུབ་མོ་ཅུང་ཟད་དགུག་པར་བྱ། །ཞེས་བྱ་བ་ལ་མཛུབ་མོ་ཅུང་ཟད་བཀུག་པ་ལས་སྤྱན་དང་འདྲ་བས་ན་སྤྱན་གྱི་ཕྱག་རྒྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ཡན་ལག་གི་ཕྱག་རྒྱའི་
ཁྱད་པར་གྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཡན་ལག་གི་ཕྱག་རྒྱའི་ཁྱད་པར་བསྟན་ནས། མཁའ་འགྲོ་མ་དག་གི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་གསུམ་པ་བསྟན་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་མ་ཡི་མཚན་ཉིད་རྣམས། །ཞེས་
བྱ་བ་ལ་སོགས་པ་ལ། མཁའ་ནི་སྐྱེས་བུའི་ཁྱད་པར་རྒྱུད་འདི་རུ་བསྟན་ཏོ། །འགྲོ་ནི་འཇིག་རྟེན་དུ་གྲུབ་པའི་བདེ་བ་སྟེ་སྐྱེས་བུའི་བདེ་བའོ། །དེ་བས་ན་མཁའ་འགྲོ་སྟེ་འབྲས་བུའི་རྡོ་རྗེ་འཆང་ངོ་། །ཞུ་བའི་ཁམས་བཅུ་དྲུག་གི་རྒྱུའི་བདག་པོའི་ཚུལ་ཅན་ནི་རྡོ་རྗེ་སེམས་དཔའོ། །དེའི་བདག་པོ་ཉིད་གང་
ལ་ཡོད་པ་དེ་ནི་ཁམས་ཏེ་མཁའ་འགྲོ་མར་བརྗོད་པར་བྱའོ། །ཅི་སྐད་དུ། མཁའ་འགྲོ་མ་ནི་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །ཁམས་ཉིད་མཁའ་འགྲོ་མ་ཡིན་ཏེ། །བྷུ་སོགས་སྐད་དབྱིངས་འདིར་མ་གྲུབ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །ཡང་གསུངས་པ། དེ་དག་རྣམ་
པ་བཅུ་དྲུག་སྟེ། །ཁམས་རྣམས་མཁའ་འགྲོ་མ་རུ་བཤད། །བྷུ་ལ་སོགས་པ་སྐད་དབྱིངས་མིན། །དེ་ནི་མཁའ་འགྲོའི་ཚུལ་མ་ཡིན། །ཞེས་གསུངས་སོ། །དེ་ལ་གལ་ཏེ་མཁའ་འགྲོ་དང་མཁའ་འགྲོ་མའི་སྒྲ་སྒྲུབ་པ་ལ། ནམ་མཁའ་ལ་འགྲོ་བ་སྐད་ཀྱི་དབྱིངས་མེད་པར་གྱུར་ན། དེའི་ཚེ་
ནམ་མཁའ་ཐམས་ཅད་ལ་འགྲོ་བའི་དངོས་གྲུབ་མཁའ་འགྲོ་མ་དེ་ཅི་ལྟར་འགྲུབ་པར་འགྱུར་ཞེས་རྒོལ་བ་ལ་རྗེ་བཙུན་གྱིས་ཞུས་པ་ལས། ནམ་མཁའི་སྒྲས་ཀྱང་སེམས་བརྗོད་པ་ཡིན་ཏེ། ཇི་ལྟར་ནམ་མཁའ་ཐམས་ཅད་ཀྱི་གོ་འབྱེད་པ་དེ་བཞིན་དུ། སེམས་ཀྱང་གོ་འབྱེད་པས་ན་ནམ་མཁའ་ཞེས་
เล่ม ๑๖ · หน้า 286a
བརྗོད་དོ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཚན་ཉིད་དང་མིང་གི་དགོས་པ་བཤད་པར་བྱ་སྟེ། གང་གིས་ཕོ་ཉ་དཔའ་བོ་དང་། །དཔའ་བོའི་སྲིང་མོར་ཤེས་གྱུར་པ། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་གང་གིས་དཔའ་བོ་སྟེ། བདེ་མཆོག་གི་
རྣལ་འབྱོར་པ་རྣམས་དང་རྣལ་འབྱོར་མ་དང་མཁའ་འགྲོ་མ་དམ་ཚིག་ལ་རྗེས་སུ་ཆགས་པར་རྟོགས་པའི་མཚན་ཉིད་དེ་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་དམ་ཚིག་ལ་རྗེས་སུ་ཆགས་པར་རྟོགས་པར་བྱ་ཞེ་ན། དམ་ཚིག་ཅན་གང་རྗེས་ཆགས་པ། །དཔའ་བོའི་ལོངས་སྤྱོད་ས་གཞི་ཡིན། །
ཞེས་བྱ་བ་ལ་སོགས་པ་ལ་གང་གི་མཁའ་འགྲོ་མ་སྟེ་དམ་ཚིག་དང་ལྡན་པའི་དཔའ་བོས་ས་གཞི་སྟེ་ལས་ཀྱི་ཕྱག་རྒྱ་ལོངས་སྤྱད་པར་བྱའོ། །ཇི་ལྟར་ལོངས་སྤྱད་ཅེ་ན། གཞི་ནི་ས་གཞི་བྱས་ནས་སུ། །ཞེས་བྱ་བ་ལ། ས་གཞི་ནི་བཤད་པའི་ཕྱག་རྒྱའོ། །གཞི་ནི་རོལ་པའི་གནས་སོ། །རྣལ་
འབྱོར་མ་སྡོམ་པ་ཞེས་བྱ་བ་ནི་འདོད་པའི་བསྟན་བཅོས་ལས་གསུངས་པའི་ཡང་དག་པར་སྦྱར་བའི་དམ་ཚིག་སྤྱོད་ཅེས་ཀུན་དུ་སྤྱོད་པའོ། །དེ་ལྟར་ལེའུ་བཅུ་དྲུག་པ་ལས་བསྟན་པའི་བཟའ་བ་དང་བཟའ་བ་མ་ཡིན་པ་བསྟན་ཏོ། །ཡང་རྣལ་འབྱོར་སྡོམ་པ་ཞེས་བྱ་བ་ནི་དཔལ་བདེ་མཆོག་གི་
མཚན་ཉིད་མཚན་པར་བྱའོ། །སྡོམ་པ་བསྟན་པར་བྱ་བའི་ཕྱིར། གོ་བཟློག་པ་ཡིས་བལྟ་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། གོ་བཟློག་པ་ནི་གཡོན་དུ་བལྟ་ཞིང་ལོགས་སུ་བལྟ་བ་དེ་ལ་སོགས་པ་ཕྱིའི་འདོད་པ་དང་མཚན་ཉིད་རྟོགས་པར་བྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་
རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། མཁའ་འགྲོ་མའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།མཁའ་འགྲོ་མའི་མཚན་ཉིད་བརྗོད་ནས། ངག་གི་བརྡ་བརྗོད་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་བཞི་པ་བརྗོད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །སྒྲུབ་པའི་བརྡ་
ཡི་སྐད་རྣམས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། སོ་སོའི་སྐྱེ་བོ་རྨོངས་པར་བྱེད་པའི་བརྡ་སྟེ་སྒྲའི་བརྡའོ། །དེ་བརྗོད་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། སྤུན་དང་སྲིང་མོར་ངེས་པ་ནི། །གང་གིས་ཤེས་པར་འགྱུར་བ་ཡི། །ཞེས་བྱ་བ་ལ་སོགས་པའི་དགོས་པ་བསྟན་ནས། དེའི་མིང་
เล่ม ๑๖ · หน้า 286b
བརྗོད་པར་བྱ་བའི་ཕྱིར། གྲུས་འགྲོ་གསོང་པོར་སྨྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ངག་གི་བརྡའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།ཚིག་གི་བརྡ་བརྗོད་ནས། རྩ་བའི་སྔགས་ཀྱི་གསང་བ་བསྟན་
པའི་ཆོ་ག་བཤད་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་ལྔ་པ་བརྗོད་པར་བྱ་སྟེ། དེ་ནས་དོན་ཀུན་འདོད་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་ནི་སངས་རྒྱས་ཉིད་ལ་སོགས་པར་ཉེ་བར་སྦྱོར་བ་ཐམས་ཅད་ཀྱི་དོན་ཏོ། །དེར་འདོད་པ་གང་ལ་ཡོད་པ་དེ་ནི་ཐམས་ཅད་འདོད་པ་སྟེ།
བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའོ། །དེའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པའམ། དེ་ལ་སྔགས་གསལ་བར་འགྱུར་རོ། །སྔགས་དེ་ཅི་ལྟ་བུ་ཞེ་ན། སྦ་བྱ་བརྒྱད་པའི་མཐའ་སྦྱར་ཏེ། །ཞེས་བྱ་བ་ལ་ཚིག་བརྒྱད་ཀྱི་མཐའ་ནི་བརྒྱད་པའི་མཐའོ། །ཚིག་སོ་སོའི་མཐར་ཡི་གེ་ཧུཾ་ཧཱུྃ་དང་
ཕཊ་ཕཊ་སྦྱར་རོ། །སྦ་བ་ཡང་ཡིན་ལ་བརྒྱད་པོའི་མཐའ་ཡིན་པས་ན། སྦ་བྱ་བརྒྱད་པའི་མཐའ་སྦྱར་བའོ། །དེ་ལྟར་གྱུར་པས་ན་གསལ་བར་འགྱུར་རོ། །གང་གི་དོན་དུ་མཐའ་སྦ་བར་བྱ་ཞེ་ན། མོས་པ་དམན་པའི་སེམས་ཅན་དག །ཅེས་བྱ་བ་ལ། མོས་པ་དམན་པ་ནི་གསོད་པ་དང་སྐྲོད་
པ་ལ་སོགས་པའི་ལས་ལ་མོས་པ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །མོས་པ་དམན་པའི་སེམས་ཅན་དེ་ལ་སྦས་པ་ཡིན་གྱི། སེམས་ཅན་ཐམས་ཅད་འདོད་པའི་ངང་ཚུལ་ཅན་ལ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་དགོངས་པས་སྔགས་སྦ་བར་བྱ་སྙམ་ན། ངན་སྟེགས་མི་
ཤེས་སེམས་ཅན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ངན་སྟེགས་ནི་སྣོད་མ་ཡིན་པ་སྟེ། རྒྱུན་ཆད་པའི་སེམས་ཅན་དེ་ལྟ་བུའོ། །སྔགས་དང་རྒྱུད་ལ་སོགས་པས་རྗེས་སུ་གཟུང་བར་ཡོངས་སུ་ཤེས་པ་མེད་ཅིང་བྱ་བ་མ་ཡིན་པ་སེམས་པ་ནི་ངན་སྟེགས་མི་ཤེས་སེམས་ལྡན་ནོ། །
དེས་ན་ངན་སྟེགས་མི་ཤེས་པའི་སེམས་དང་འབྲེལ་པ་རྣམས་ལ་སྔགས་འདི་འབད་པས་སྦ་བར་བྱ་ཞེས་བྱ་བའི་དོན་ཏོ། །སྔགས་འདི་དག་ཀྱང་གང་ལ་གསལ་བར་འགྱུར་ཞེ་ན། འདོད་པ་ཐམས་ཅད་ཀྱི་སྐྱེས་བུ་དེ་ཉིད་ལ་གསལ་གྱི། གཞན་ངན་སྟེགས་ཅན་ལ་མ་ཡིན་ནོ། །ཅི་རྐང་པ་བརྒྱད་པ་
เล่ม ๑๖ · หน้า 287a
ཁོ་ནའི་མཐའ་སྦ་བར་བྱའམ་ཞེ་ན། དཔའ་བོ་རྣལ་འབྱོར་མའི་མཐའ་དག་མ་གསུངས་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཡང་སྔགས་ཀྱི་མཐའ་དག་མ་གསུངས་ཤིང་གསལ་བར་མ་བྱས་ཞེས་བསྟན་ཏོ། །མཐའ་སྦས་པའི་སྔགས་
དེ་གང་ཞེ་ན། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཐའ་སྦ་བ་གསལ་བར་སྦྱོར་བ་ནི། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུྃ་ཕཊ། ཅེས་བྱ་བ་ལ་སོགས་པའི་ཚིག་རེ་རེ་ལ་ཡང་ཤེས་པར་བྱའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་
ཚོགས་ཞེས་བྱ་བ་ལས། རྩ་བའི་སྔགས་སྦ་བྱའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།རྩ་བའི་སྔགས་ཀྱི་སྦས་པའི་མཚན་ཉིད་ཀྱི་ཆོ་ག་བསྟན་ནས། སྔགས་འདི་ཉིད་ཀྱི་ཆེ་བ་བསྟན་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་དྲུག་པ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། སྔགས་འདི་ཤེས་ཤིང་བསྟན་པར་བླངས་ནས། སྔགས་གཞན་མི་གཟུང་བ་དེའི་རྒྱུ་བསྟན་པར་བྱ་བའི་ཕྱིར། རིམ་དང་རིམ་ལས་བཟློག་པ་ཡིས། །ཕོ་ཉ་རྣམས་ནི་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འབྱོར་པ་ན་རྣལ་འབྱོར་རོ། །ཅི་ལྟར་ཡི་གེ་ཨོཾ་དང་ཀ་
ར་ཀ་ར། ཁཎྜ་ཀ་པཱ་ལི་ཧུཾ་ཧཱུྃ་ཕཊ་ཅེས་བྱ་བ་ལ་སོགས་པ་དང་། དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་ཡང་དག་པར་བསྡུ་བའོ། །དཔའ་བོའི་སྔགས་ཀྱི་གོ་རིམས་དེ་ལས་རིམ་པ་ཟློག་པ་ནི་རིམ་ལས་བཟློག་པའོ། །རིམ་ལས་བཟློག་པའི་གོ་རིམས་དེས་རང་གི་མིང་དང་བརྗོད་པའི་སྔགས་ཕོ་ཉ་མོ་
ཉི་ཤུ་རྩ་བཞི་ནི་དཔའ་མོའི་སྔགས་ཏེ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པ་ཡང་དག་པར་གནས་པས་གཞན་དག་གི་རིགས་ཀྱི་སྔགས་སུ་མ་གཏོགས་པའི་སྔགས་སྤང་བར་བྱ་བའི་དོན་ཏོ། །གང་གིས་རྗེས་སུ་འགྲོ་བས་སྔགས་འདི་ཕུལ་དུ་གྱུར་པ་དེ་དག་ཅི་ལྟ་བུ་ཞིག་སྙམ་ན། སྟེང་
དང་འོག་གི་དངོས་གྲུབ་སྩོལ། །ཞེས་བྱ་བ་ལ་སོགས་པ་ལ། འོག་ནི་ས་འོག་གོ། །སྟེང་ནི་ནམ་མཁའ་སྟེ། དེ་གཉིས་ལས་དབུས་ཀྱང་གཟུང་བར་བྱའོ། །སྟེང་དང་འོག་དང་དབུས་དེ་དག་སྦྱོར་བ་ཇི་ལྟ་བ་བཞིན་དུ། མཁའ་སྤྱོད་མ་དང་ས་འོག་སྤྱོད་མའི་དངོས་གྲུབ་མ་སྟེ། སྟེང་དང་འོག་གི་
เล่ม ๑๖ · หน้า 287b
དངོས་གྲུབ་པོ། །དེ་སྟེར་བས་ན། སྟེང་དང་འོག་གི་དངོས་གྲུབ་སྩོལ། །ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་སྩོལ་བ་དེ་དག་གང་དུ་བལྟ་བར་བྱ་ཞེ་ན། བདག་གི་ཕོ་ཉ་མོ་རྗེས་འགྲོ་ཞེས་བྱ་བ་ལ། བདག་ཉིད་ཀྱི་ཕོ་ཉ་མོ་ནི་བདག་གི་ཕོ་ཉ་མོ་སྟེ། དྲིལ་བུའི་རང་བཞིན་རང་གི་ཕྱག་རྒྱ་རྡོ་རྗེ་ཕག་མོ་དེ་ནི་བདག་
གི་ཕོ་ཉ་མོ་སྟེ། དཔལ་བདེ་མཆོག་གི་བཙུན་མོའོ། །དེ་ལ་དེ་དག་ཐམས་ཅད་རྩ་བའི་རང་བཞིན་ཉིད་དུ་རྗེས་སུ་ཞུགས་པར་རྙེད་པ་ཁོ་ན་ཡིན་ཞེས་དགོངས་སོ། །གང་གི་ཕྱིར་དེ་དག་དེའི་རྗེས་སུ་འགྲོ་བ་ཡིན་པས་དངོས་གྲུབ་ཐམས་ཅད་སྟེར་ཞེས་བསྟན་ཏོ། །ཇི་ལྟར་བསྟན་ཞེ་ན། མཐོང་བ་དང་
ནི་རེག་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ་དེ་དག་ཇི་ལྟར་འགྱུར་བ་དེ་བཞིན་དུ་མཐོང་བ་ནི་ཡོངས་སུ་ཤེས་པའོ། །རེག་པ་ནི་ཉེ་བར་ལོངས་སྤྱོད་པ་དེས་དངོས་གྲུབ་སྟེར་ཞེས་བྱ་བའི་དོན་ཏོ། །མཐོང་བ་དང་རེག་པ་འབའ་ཞིག་གིས་མ་ཡིན་གྱི། འོན་ཀྱང་གཞན་གྱིས་བསྟན་པར་བྱ་བའི་ཕྱིར།
ཙུམྦ་ན་དང་རྟག་པར་འཁྱུད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་དུ་གྲུབ་ཅེ་ན། རྣལ་འབྱོར་གནས་ནི་ཁྱད་པར་དུ། །ཞེས་བྱ་བ་ལ་སོགས་པ་ལ་མགྲིན་པ་དང་མཁུར་ཚོས་ལ་སོགས་པ་གནས་ཅི་ལྟ་བ་བཞིན་དུ་རྣལ་འབྱོར་གྱི་གནས་སུ་རྩ་ཐམས་ཅད་ཀྱི་སྒོ་བདེ་བ་ལ་སོགས་པའི་ལས་
ཀྱི་ཁྱད་པར་རྣལ་འབྱོར་པས་ཀུན་སྤྱོད་ཅེས་བྱ་བའི་དོན་ཏོ། །དེ་གང་ཞེ་ན། ཇི་སྲིད་རྣལ་འབྱོར་ཚོགས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུམ་སྒྲུབ་པ་ལ་སྦྱོར་བ་ན་རྣལ་འབྱོར་དེ་ཆགས་པའི་སྦྱོར་བའོ། །དེ་དག་གི་ཚོགས་ནི་རྣལ་འབྱོར་གྱི་ཚོགས་སོ། །ཅི་སྲིད་ཡོད་པ་དེ་སྲིད་དུ་སྦྱོར་བར་བྱའོ། །
དེ་ལ་གྲངས་ཀྱི་ངེས་པ་ནི་མ་ཡིན་ཞེས་དགོངས་སོ། །དེ་དག་ཅིའི་ཕྱིར་སྦྱོར་ཞེ་ན། ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །ཅེས་བྱ་བ་ནི་གང་གི་ཕྱིར་དེ་དག་དངོས་གྲུབ་འདོད་པས་སྦྱར་བར་བྱ་ཞེས་བྱ་བའི་དོན་ཏོ། །ལ་ལས་སྐབས་ཁ་ཅིག་ཏུ་ནུས་པར་མི་འགྱུར་སྙམ་ན། བདེན་པ་ཐམས་ཅད་སྦྱིན་
བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ། ཐམས་ཅད་ཀྱི་བདེན་པར་བསྒོམ་ཞིང་སོ་སོར་སྣང་བས་ན་ཐམས་ཅད་བདེན་པ་དེ་དག་རང་བཞིན་དང་རྗེས་སུ་མཐུན་པར་སྦྱིན་པ་ཡིན་གྱི། ཡུལ་དང་མཐུན་པ་ཅི་སྲིད་ནི་མ་ཡིན་ཞེས་བསྟན་པར་བྱ་བའི་ཕྱིར། གཞན་དུ་ནམ་ཡང་མ་ཡིན་ནོ། །ཞེས་བྱ་བ་སྨོས་སོ། །
เล่ม ๑๖ · หน้า 288a
གང་གིས་ལམ་བཤད་པའི་ཕོ་ཉ་མོ་དེ་དག་གང་ཞེ་ན། མ་དང་བུ་མོ་སྲིང་མོ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཅིའི་ཕྱིར་ཆོས་ཀྱི་བརྫུན་གྱིས་འཇིག་རྟེན་གྱི་སྤྱོད་པ་ལ་འཇུག་པ་རྣམས་ཀྱིས་བགྲོད་པ་མ་ཡིན་པ་དང་། སྲིང་མོ་ལ་སོགས་པ་ཕོ་ཉ་མོ་ཉིད་དུ་བསྟན་
ཞེ་ན། གང་གི་རྟག་ཏུ་སྔགས་སྦྱིན་པ། །ཞེས་བྱ་བ་ལ། གང་ལ་སྔགས་བྱིན་པ་ཕོ་ཉ་མོ་ཡིན་གྱི། སྐྱེ་གནས་ཀྱི་འབྲེལ་པ་མ་ཡིན་ཞེས་འགལ་བ་འགའ་ཡང་མེད་དོ། །དེ་ལ་སྔགས་ཀྱི་འབྲེལ་པས་བླ་མའི་ཕྱག་རྒྱ་ནི་མའོ། །ལྷན་ཅིག་ཉན་པ་ནི་སྲིང་མོའོ། །རང་གི་ཆོས་བསྟན་པ་ནི་བུ་མོའོ། །
བླ་མས་བྱིན་པ་ནི་ཆུང་མའོ། །བཤད་པའི་ཕོ་ཉ་མོ་བསྙེན་པའི་དུས་སུ་བསྟན་པར་བྱ་བའི་ཕྱིར། རྙེད་དཀའི་དམ་ཚིག་ང་ཡིས་བཤད། །ཅེས་བྱ་བ་ལ་སོགས་པ་ལ། མཉམ་པར་བྱ་བས་ན་དམ་ཚིག་སྟེ་བརྒྱད་དོ། །མཉམ་པར་བྱེད་པས་ན་དམ་ཚིག་སྟེ་མཚན་ཉིད་རྣམས་སོ། །དེ་དག་
དེ་ལྟར་གྱུར་པའི་དམ་ཚིག་རྣལ་འབྱོར་གྱི་རྒྱུད་དུ་རྙེད་པ་དཀའ་བ་བདག་གིས་བཤད་ཅེས་ཚིག་སྔ་མ་དང་སྦྱར་རོ། །དེ་ལ་རེ་ཞིག་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། སྐྱེས་པ་བུད་མེད་གཡོན་ནས་འགྲོ། །ཞེས་བྱ་བ་ནི། གཡོན་ནི་རྐང་པ་གཡོན་པས་སོ། །བུད་མེད་དམ་སྐྱེས་པ་འགྲོ་བར་
གྱུར་ན་གཡས་པས་ཕྱི་ནས་སོ། །བྱ་བ་དེ་དག་དངོས་གྲུབ་མཚོན་ཅིང་རྒྱུར་གྱུར་པའི་རྟགས་གང་ཡིན་པ་དེ་དག་ཤེས་པར་བྱའོ། །རྟགས་དེ་གང་ཡིན་ཞེ་ན། ཧེ་རུ་ཀ་ལས་སྦྱོར་གཞན་མེད། །ཅེས་བྱ་བ་ནི། ཧེ་རུ་ཀ་ལས་གཞན་ནི་གཞན་གྱི་ལྷའི་སྦྱོར་བའོ། །རང་གི་རྣམ་པ་དང་སྦྱར་བས་ན་
ཧེ་རུ་ཀ་ལས་གཞན་གྱི་ལྷའི་སྦྱོར་བ་གང་ལ་ཡོད་པ་དེ་མེད་པར་རྟོགས་པར་བྱའོ། །དེ་བཤད་པའི་མཚན་ཉིད་འདིས་སློབ་དཔོན་དང་རྣལ་འབྱོར་གྱི་མ་མོ་རྣམས་མཚོན་པར་བྱའོ། །མངོན་པར་རྟོགས་པའི་རིམ་པ་ཅི་ལྟ་བས་འཁོར་ལོ་གསུམ་ཡོངས་སུ་རྫོགས་པ་ནི་རྣལ་འབྱོར་རོ། །དེ་
བསྲུང་བས་ན་རྣལ་འབྱོར་བསྲུང་བ་སྟེ། ཁྭ་གདོང་མ་ལ་སོགས་པ་བཤད་པའི་མཚན་ཉིད་ཅན་གྱི་མ་མོ་བརྒྱད་དོ། །དེ་དག་གང་གིས་མཚོན་པར་བྱ་ཞེ་ན། རྒྱུད་འདིར་ནི་སྒྲུབ་པ་པོ་ཞེས་བྱ་བ་ལ། རྒྱུད་འདིའི་ཚུལ་གྱིས་སྒྲུབ་པ་པོ་གང་ལེགས་པར་ཇི་ལྟ་བ་བཞིན་དུ་གྱུར་པ་དེ་ལྟར་དེ་དག་གིས་
เล่ม ๑๖ · หน้า 288b
མཚོན་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ཞེས་བསྟན་ཏོ། །ཅི་དེ་དག་ཤེས་ནས་སྨད་པར་བྱ་བ་ཡིན་ཞེ་ན། བརྙས་མི་བྱ་ཞིང་སྤང་མི་བྱ། །ཞེས་བྱ་བ་ལ་སོགས་པ་ལ་དང་གི་སྒྲ་དེ་ནི་ངེས་པར་གཟུང་བའོ། །དད་པས་ཅི་ལྟར་ནུས་པ་ནི་མཆོད་པར་བྱ་ཞེས་དགོངས་སོ། །དཔལ་བདེ་མཆོག་
འཁོར་ལོ་ལས་གཞན་མ་ཡིན་པའི་སློབ་དཔོན་རེ་ཞིག་མཆོད་པར་བྱ་བ་ཡིན་ན། མ་མོ་རྣམས་ཅིའི་ཕྱིར་མཆོད་ཅེ་ན། ཕོ་ཉ་མོ་བརྒྱད་ཁྭ་གདོང་སོགས། །མོས་པས་དད་པ་འཕེལ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ལ། བཤད་པའི་མཚན་ཉིད་ཅན་གྱི་རྣལ་འབྱོར་མ་ཉིད་མཆོད་པ་
ཡིན་གྱི། གཞན་ནི་ཞེས་ཁྱད་པར་གྱི་ཚིག་གིས་རྟོགས་པར་བྱེད་དེ། དེ་བས་ན། ལྷ་མོ་གཞན་དང་ཀུན་སྦྱོར་བས། །འདོད་རྨོངས་པས་ནི་འདོད་མི་བྱ། །ཞེས་བྱ་བ་ལ། བཤད་པའི་མཚན་ཉིད་ཅན་བརྒྱད་པོ་ལས་གཞན་ནི་ལྷ་མོ་གཞན་ཏེ། དེ་མཉམ་པར་སྦྱོར་བ་ནི་གང་གིས་སྤྱོད་པ་དེ་
ནི་འདོད་ལ་རྨོངས་པ་སྟེ། དེ་དངོས་གྲུབ་ཀྱི་སྣོད་མ་ཡིན་ཞེས་བྱ་བར་བསྟན་ནོ། །དེ་དག་ཅི་ལྟར་མཆོད་ཅེ་ན། གཉིས་སུ་མེད་དང་ཐོགས་པ་མེད། །ཅེས་བྱ་བ་ལ། གཉིས་སུ་ཕྱེ་བ་ནི་གཉིས་ཏེ་འདི་ནི་ཤེས་རབ་པོ་འདི་ནི་ཐབས་སོ་ཞེས་པའོ། །སོ་སོར་རྟོགས་ཤིང་ཉེ་བར་ལོངས་སྤྱོད་པ་
ཙམ་ལ་ཆགས་པའོ། །དེ་ཅི་ལྟར་གཉིས་སུ་མི་འགྱུར་བ་དེ་ལྟར་ཐོགས་པ་མེད་པར་མཆོད་པར་བྱའོ། །དམ་ཚིག་སྤྱོད་པ་སྤྱད་པར་བྱ། །ཞེས་བྱ་བ་ལ། དམ་ཚིག་ལྔ་རྣམས་ལས་གང་ཡང་རུང་བ་ཞིག་སྤྱོད་པ་ནི་དམ་ཚིག་སྤྱོད་པ་སྟེ། ཇི་ལྟར་གྱུར་པ་ཞེས་བྱ་བའི་ཁྱད་པར་རོ། །དམ་ཚིག་
བརྒྱད་བསྟན་པར་བྱ་བའི་ཕྱིར། བུད་མེད་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པའི་མཚན་ཉིད་ཅན་གྱི་ལྷ་མོ་ནི་བུད་མེད་དོ། །སྤྱད་པ་ནི་ལས་སོ། །བསྲུབ་པ་ནི་དངོས་གྲུབ་རྫོགས་པར་བྱེད་པའོ། །ཚངས་པ་ནི་རྫོགས་པའི་འབྲས་བུའོ། །སྤྱོད་པ་ནི་དེ་བསྲུང་བའོ། །བསམ་གཏན་
ནི་དེ་ཁོ་ན་ཉིད་བསྒོམས་པས་ཇི་ལྟ་བ་བཞིན་དུ་གནས་པའོ། །ཁྲོ་མེད་ཅེས་བྱ་བ་ནི་དབང་པོ་ལ་མི་འཇུག་པའོ། །རྒྱུད་ཀུན་སྤྱོད་པ་ནི་རྩ་བའི་ལམ་ལས་འབྱུང་བ་སྟེ། དེ་དག་དམ་ཚིག་བརྒྱད་དོ། །བྱེད་པའི་ཚིག་གཙོ་བོ་མ་ཡིན་པའི་ཕྱིར། བསྲུབ་པ་དང་བསམ་གཏན་ཞེས་བྱ་བ་དེར་དང་པོའོ། །
เล่ม ๑๖ · หน้า 289a
དོན་ལ་བདུན་པའི་མཐའ་ཅན་དུ་བྱས་པའོ། །བཤད་པའི་དམ་ཚིག་བསྟན་པ་བླང་བར་བྱ་བའི་ཕྱིར། སྒྲུབ་པོས་རྟག་ཏུ་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་ཚིག་བརྒྱད་པོ་དེ་དག་སྒྲུབ་པ་པོས་རྟག་ཏུ་སྟེ་ཡང་དང་ཡང་དུ་ཤེས་པར་བྱའི། རྗེད་པར་བྱ་བ་ནི་མ་
ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་ལ་གནས་ཞེས་བྱ་བ་ལ། གང་གི་ཕྱིར་བསྒྲུབ་པ་ནི་དངོས་གྲུབ་ཀྱི་རྒྱུའི་ཚུལ་དུ་སྟེ་དེ་ལ་གནས་པ་ནི་དེའི་ཕྱིར་རོ། །ཡང་ན་སྒྲུབ་པ་ལ་གནས་ཞེས་བྱ་བ་ནི་སྒྲུབ་པས་ན་བསྒྲུབ་པ་སྟེ། སྦྱོར་བ་དེ་ལ་གནས་པས་ན་བསྒྲུབ་ལ་གནས་པའོ། །གང་གི་ཕྱིར་
བསྒྲུབ་པ་མ་གཏོགས་པར་ལས་ཙམ་གྱིས་དངོས་གྲུབ་འགྲུབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །རྒྱུད་འདི་ཉིད་ལ་བརྟེན་ནས་དམ་ཚིག་འདི་དག་བསྟན་པ་མ་ཡིན་གྱི། གཞན་དག་ཀྱང་བསྟན་པར་བྱ་བའི་ཕྱིར། རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་ཚིག་སྟོན་པ་
ནི་རྒྱུད་ཐམས་ཅད་ཀྱི་ཡིན་གྱི། སོ་སོར་ངེས་པ་ཅན་གྱི་རྒྱུད་ཀྱི་ནི་མ་ཡིན་ནོ། །དེ་སྐད་སུ་ཞིག་སྨྲ་སྟེ། མཚན་ཉིད་གང་གིས་འདི་དག་མཆོད་ཅིང་སྤང་བར་བྱ་བ་ནི་མ་ཡིན་སྙམ་སེམས་ན། གཏན་ཚིགས་འདས་པ་བཅོམ་མི་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་ལས་འདས་པ་སྟེ།
གཏན་ཚིགས་གཞན་མ་མཐོང་བ་དག་གིས་འདིའི་མཚན་ཉིད་ཅན་གྱི་གཏན་ཚིགས་ལ་བརྙས་པ་ནི་རྒྱུ་མེད་པ་སྟེ། དེ་དག་གིས་བརྙས་པར་མི་བྱའོ། །གལ་ཏེ་འཇུག་པའི་ཡན་ལག་མཆོག་མི་ཤེས་ན་ཇི་ལྟར་བཟུང་ཞེ་ན། དད་པ་ཉིད་ཀྱི་བླང་བྱ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་
དང་བའི་མཚན་ཉིད་ཅན་གྱི་དད་པ་འབའ་ཞིག་ཏུ་དངོས་གྲུབ་སྟེར་བ་དེ་དག་བཟུང་བ་ཡིན་གྱི། མིག་གིས་གཟུགས་གཟུང་བ་ཙམ་དུ་འཇུག་པ་རྒྱུ་མེད་པ། དབང་པོ་དམན་པ་གཉིས་སུ་གཟུང་བའི་སྐྱོན་དང་ལྡན་པས་གཟུང་བ་ནི་མ་ཡིན་ཞེས་དགོངས་སོ། །དངོས་གྲུབ་སྟེར་བ་བཤད་པའི་མཚན་
ཉིད་ཅན་གྱི་ཆེ་བ་བསྟན་པར་བྱ་བའི་ཕྱིར། གསང་བ་འདི་ནི་མི་བསྟན་ཅིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལས་ཤེས་པ་རྣམས་ཀྱི་དངོས་གྲུབ་མི་འཐོབ་པ་དེ་ཐོབ་པར་བྱ་བའི་ཕྱིར། བློ་ལྡན་མཐེའུ་ཆུང་བསྐྱོད་པར་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པདྨའི་མཐེའུ་ཆུང་སྟེ་དེས་བྱིན་གྱིས་
เล่ม ๑๖ · หน้า 289b
བརླབས་པའི་ལྟེ་བ་དུམ་མཐེའུ་ཆུང་སྟེ་དེ་བསྐྱོད་པར་བྱ་ཞེས་སྦྱར་རོ། །དེ་གང་གི་ཡིན་ཞེ་ན། ཕོ་ཉ་མོ་ནི་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པ་ལ། མཚན་ཉིད་དང་ལྡན་པའི་ཕོ་ཉ་མོ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །ཕོ་ཉ་མོ་བསྟན་ནས། སྒྲུབ་པ་རྣམས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར།
དག་དང་མ་དག་འདྲེས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་པ་ནི་དམ་ཚིག་ཅན་ནོ། །མ་དག་པ་ནི་གཙང་སྦྲ་ལ་ཡང་དག་པར་སྤྱོད་པའོ། །འདྲེས་པ་ནི་གཉི་གའི་སྤྱོད་པའོ། །གསུམ་པོ་དེ་དག་ཀྱང་ཕྱག་རྒྱས་འགྲུབ་པར་འགྱུར་ཞེས་བསྟན་ཏོ། །སློབ་དཔོན་གྱི་མཚན་ཉིད་བསྟན་ནས།
སློབ་མའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། མཉེས་བྱེད་རྣམ་པར་དག་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉེས་པར་བྱེད་པ་ནི་སློབ་དཔོན་གྱི་གྲིབ་མ་བཞིན་དུ་རྗེས་སུ་འགྲོ་བའོ། །རྣམ་པར་དག་པ་ནི་དགེ་བའི་ལས་བྱེད་པའོ། །གསལ་བར་བྱེད་པར་ནི་བླ་མ་ལ་སྦྱིན་པར་
བརྩོན་པའོ། །ཡོན་ཏན་དང་ལྡན་པ་ནི་བཟོའི་བསྟན་བཅོས་རིག་པའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། སློབ་མ་ཡོངས་སུ་བརྟག་པ་དང་སྡོམ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།སློབ་མ་ཡོངས་སུ་བརྟག་པ་དང་སྡོམ་པའི་
ཆོ་ག་བསྟན་ནས། སྤྱོད་པའི་བརྟུལ་ཞུགས་བསྟན་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་བདུན་པ་བརྗོད་པར་བྱ་སྟེ། དེ་ནས་སྤྱོད་པའི་བརྟུལ་ཞུགས་དཔའ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་པའི་ཕྱིར་ན་སྤྱོད་པ་སྟེ། གནས་དང་ཉེ་བའི་གནས་ལ་སོགས་པ་གནས་སུ་རྣལ་འབྱོར་མ་
ཚོལ་བའོ། །དེ་ཉིད་དཀའ་ཐུབ་ཡིན་པས་བརྟུལ་ཞུགས་ལྟར་བརྟུལ་ཞུགས་ཏེ་དེ་བཤད་པར་བྱ་ཞེས་དྲངས་ནས་ཤེས་པར་བྱའོ། །བརྟུལ་ཞུགས་དེ་ཅི་ལྟ་བུ་ཞེ་ན། དཔའ་བོས་རྣལ་འབྱོར་མ་ཀུན་བསྒྲུབ། །ཅེས་པ་ལ། བརྟུལ་ཞུགས་གང་གིས་འདས་མ་ཐག་པའི་ལེའུར་གསུངས་པའི་
མཚན་ཉིད་ཅན་རྣལ་འབྱོར་པས་རྣལ་འབྱོར་མ་ཐམས་ཅད་སྒྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ནི་བཟའ་ན་རྣལ་འབྱོར་མ་ཉིད་གང་ཞེ་ན། མཚན་ཉིད་དབྱེ་བ་ཤེས་ནས་སུ། །ཞེས་བྱ་བ་ལ། ཐ་མལ་པའི་བུད་མེད་དང་ཐུན་མོང་མ་བསྟན་པ་མ་ཡིན་གྱི། གཞན་དག་ཀྱང་བསྟན་པར་བྱ་བའི་
เล่ม ๑๖ · หน้า 290a
ཕྱིར། རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་ཚིག་སྟོན་པ་འདི་རྒྱུད་ཐམས་ཅད་ཀྱི་ཡིན་གྱི་སོ་སོར་ངེས་པ་ཅན་གྱི་རྒྱུད་ཀྱི་ནི་མ་ཡིན་ནོ། །དེ་སྐད་ཅེས་སུ་ཞིག་སྨྲ་སྟེ། མཚན་ཉིད་གང་གིས་འདི་དག་ཡིན་པའི་རྣལ་འབྱོར་མའི་སྤྱོད་ཡུལ་གྱི་མཚན་
ཉིད་ནི་མཚན་ཉིད་ཀྱི་དབྱེ་བ་སྟེ། ཁྱད་པར་དེ་ཤེས་ཤིང་མཚན་ཉིད་དེས་ཡང་དག་པར་མཚོན་ནས་རྣལ་འབྱོར་མ་རྣམས་བསྙེན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་བསྙེན་པ་ལས་ཅིར་འགྱུར་ཞེ་ན། དགོས་པ་བསྟན་པར་བྱ་བའི་ཕྱིར། མྱུར་དུ་དངོས་གྲུབ་རབ་ཏུ་འཇུག །ཅེས་བྱ་བ་ལ་
སོགས་པ་སྨོས་སོ། །གལ་ཏེ་དེ་ལྟར་ཡིན་ན་དེ་དག་ཀྱང་གང་དུ་རྙེད་པར་འགྱུར་ཞེ་ན། ཡུལ་དང་ཡུལ་དུ་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་དང་ཡུལ་དུ་ཚོལ་ཞིང་ཁ་ཅིག་ནས་རྙེད་པར་འགྱུར་ཞེས་སྟོན་ཏོ། །ཅི་དེ་དག་ཚོལ་བ་ཁོ་ན་བརྟུལ་ཞུགས་ཡིན་ནམ་ཞེ་ན། ཕོ་ཉའི་གཟུགས་ཀྱི་
མཚན་མ་བརྟག །ཅེས་བྱ་བ་ལ་སོགས་པ་ལ། ཕོ་ཉ་ནི་ཕོ་ཉ་མའི་གཟུགས་ཀྱི་མཚན་ཉིད་དེ། ཕྲ་བའི་མཚན་ཉིད་སོ་སོར་རྟོག་པ་ཡིན་གྱི། རྗེས་སུ་ཚོལ་བ་ནི་མ་ཡིན་ནོ། །ཡུལ་དང་ཡུལ་དུ་ཚོལ་བ་དེ་དག་ཇི་ལྟ་བུ་ཞེ་ན། ཕོ་ཉ་རལ་གྲི་སོ་འདྲ་ཞིང་། །ཞེས་བྱ་བ་ལ་ཕོ་ཉ་མོ་ནི་འཆད་
པར་གྱུར་པའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་མ་དང་། འཇིག་རྟེན་ལ་རབ་ཏུ་གྲུབ་པའི་རལ་གྲི་སོའི་བརྟུལ་ཞུགས་འདི་གཉིས་ནི་དག་པར་བྱེད་ཅིང་བསོད་ནམས་འཕེལ་བར་བྱེད་པའོ། །དེ་དག་ཚོལ་བའི་ཕྱིར་སྒྲུབ་པ་པོ་དད་པས་དེ་དག་ཚོལ་བ་ལ་འགལ་བ་མེད་དོ། །དེ་ལ་དག་བྱེད་དང་བསོད་
ནམས་འཕེལ་བ་ཙམ་གྱིས་འབྲས་བུ་དེ་དག་ཚོལ་བ་གལ་ཏེ་བརྟུལ་ཞུགས་ཡིན་ན། དེ་ནི་རེ་ཞིག་བཞག་སྟེ། དག་བྱེད་ཀྱི་བསོད་ནམས་བསྒྲུབ་པར་སླ་བ་སྟེ། ཅི་ནུས་པར་བླ་མ་དང་སངས་རྒྱས་ལ་བསྙེན་བཀུར་བྱ་སྙམ་ན། སྒྲུབ་པ་པོ་ཡི་དངོས་གྲུབ་ཐོབ། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།
བསོད་ནམས་དང་དག་བྱེད་ཀྱི་དངོས་གྲུབ་རྗེས་སུ་ཚོལ་བའི་འབྲས་བུ་འདིར་བཤད་དེ། དེ་བཞིན་དུ་དེ་དང་འདྲ་བ་རྣམས་དང་རེག་པ་ལ་སོགས་པས་སྒྲུབ་པ་པོས་དངོས་གྲུབ་ཐོབ་ན། མང་དུ་སྨྲས་པས་ཅི་ཞིག་དགོས། །ཞེས་དགོངས་སོ། །དངོས་གྲུབ་ཀྱི་ཡང་ཐབས་གཞན་མེད་དམ་སྙམ་ན། དེའི་
เล่ม ๑๖ · หน้า 290b
ཁྱད་པར་བཤད་པ། བཟླས་བརྗོད་བསམ་གཏན་མེད་པ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་གྲུབ་ཀྱི་ཐབས་མང་དུ་ཡོད་མོད་ཀྱི། འོན་ཀྱང་བསྒྲུབ་པ་དཀའ་བ་སྟེ། ཐབས་འདི་ཡང་སླ་བ་ཁོ་ནས་སྒྲུབ་པ་པོས་རྣམ་པར་བསྒོམ་པར་བྱ་བ་ཉིད་དོ། །བཟླས་པ་དང་བསམ་
གཏན་ལ་སོགས་པ་མ་གཏོགས་པར་གྲུབ་པར་མི་འགྱུར་ཞེས་མཁས་པ་རྣམས་ཁས་མི་ལེན་ཏོ་སྙམ་ན། མཆོད་པ་ཉིད་ལ་རབ་ཏུ་འཇུག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་མ་བསྙེན་པ་ལ་འཇུག་པ་ཆོས་ཐམས་ཅན་ཀྱི་རང་བཞིན་ཤེས་པ་དགེ་བ་ཐམས་ཅད་ལ་རྒྱུན་དུ་ཞུགས་
ཤིང་འབྱུང་བའི་རྣལ་འབྱོར་པ་དེ་ལ་དབུལ་བ་ཅི་ཞིག་ཡོད་ཅེས་བྱའོ། །མཆོད་པ་དང་ཕྱག་རྒྱ་དང་གསང་སྔགས་ཀྱི་སྤྲོས་པ་སློབ་མ་བཞིན་དུ་བྱང་ཆུབ་ཀྱི་གཉེན་པོར་གྱུར་པ་དག་གི་ཞེན་པས་ཅི་ཞེས་པའི་དོན་ཏོ། །གལ་ཏེ་འདི་ལྟར་རྒོལ་ན་མཆོད་པ་རྣམ་པ་ལྔ་དང་ལྡན་པའི་ཕྱིར་མཆོད་པ་ཆེན་པོ་
ཡིན་གྱི། རྣལ་འབྱོར་འདི་དག་གི་མཆོད་པ་ནི་ཆུང་ཞེང་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ནོ་སྙམ་ན། འདི་ལས་གཞན་པ་མཆོད་པ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་མ་འདི་དག་གི་མཆོད་པ་ནི་འདིའི་མཆོད་པ་སྟེ། དེ་ལས་གཞན་མཆོད་པ་མེད་དེ། གལ་ཏེ་ཡོད་ན་འདི་ཉིད་ཅེས་
བྱ་བའི་དོན་ཏོ། །དེ་སྐད་དུ་སྨྲ་ཞེས་གཞན་མ་ཡིན་པའི་ཚིག་གི་སྐྱོན་སྤང་བར་བྱ་བའི་ཕྱིར་དངོས་སུ་འཇུག་པར་བྱའམ་ཞེ་ན། དེ་ལྟར་བསྟན་བཅོས་ངེས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སླར་ཡང་མི་མཐུན་པའི་སྒོ་ནས་ནང་གི་སྦྱོར་བའི་ཁྱད་པར་བཤད་པར་བྱ་སྟེ། ཕོ་ཉའི་ལམ་
ལ་རྟག་ཏུ་དགའ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕོ་ཉ་ནི་ལྷ་མོའི་འཁོར་ལོའོ། །དེའི་ལམ་ནི་གང་དུ་དེ་དག་ཚོལ་བར་བྱེད་པའོ། །ཆོས་དང་ལོངས་སྤྱོད་དང་སྤྲུལ་པའམ། རྩིབས་སུམ་ཅུ་རྩ་དྲུག་གི་ལམ་དུ་སོང་བའི་ཕོ་ཉ་མོ་རྣམས་སོ། །སྒྲུབ་པ་པོ་ནི་རྣལ་འབྱོར་པ་སྟེ། དངོས་གྲུབ་ལ་
བརྩོན་ཞིང་དངོས་གྲུབ་འདོད་པའོ། །དེས་ཅི་ཞིག་བྱེད་ཅེ་ན། ལོངས་སྤྱོད་རྟག་ཏུ་སྤྱད་པར་བྱ། །ཞེས་བྱ་བ་ལ། སྤྱོད་ཅིང་ལོངས་སྤྱོད་པས་ན་ལོངས་སྤྱོད་དེ་བདུད་རྩིའོ། །ལོངས་སྤྱོད་དེ་བསྒྲུབ་པར་བྱ་བ་འབའ་ཞིག་ཏུ་མ་ཡིན་ཏེ། བཟའ་བར་ཡང་བྱའོ་ཞེས་བྱ་བའི་དོན་ཏོ། །བཟའ་བ་ནི་དགའ་བ་
เล่ม ๑๖ · หน้า 291a
མངོན་དུ་ལོངས་སྤྱོད་པའོ། །གང་གིས་བཟའ་བར་བྱ་ཞེ་ན། རིག་པ་གསང་སྔགས་ཡང་དག་ལྡན། །མཉམ་པར་གཞག་པའི་རྣལ་འབྱོར་པས། །ཞེས་བྱ་བའོ། །ལོངས་སྤྱོད་གང་དུ་བཟའ་བར་བྱ་ཞེ་ན། ཡི་གེ་རྣམས་ལ་སྤྱད་པར་བྱ། །ཞེས་བྱ་བ་ལ། ཡི་གེ་ང་ཉ་གཉིས་སྤངས་
པའི་སུམ་ཅུ་རྩ་གཉིས་སོ། །དེ་རྣམས་ལས་ནི་དེ་རྣམས་སུ་སྟེ། དབྱངས་ཀྱི་ཕོ་ཉ་མོ་འཇུག་ཅིང་སྤྱོད་ཅེས་བྱ་བར་ལོངས་སྤྱོད་སྒྲུབ་པའོ། །ཡང་ན་ཡི་གེ་ཐམས་ཅད་ལས། །ཞེས་བྱ་བ་ལ། འཇིག་རྟེན་ལ་རབ་ཏུ་གྲུབ་པའི་རིགས་ལྔར་རོ། །བཟའ་མིན་པར་ནི་མི་བརྟག་གོ། །ཞེས་བྱ་བ་ལ་བཟའ་
བའི་བརྟག་པ་ལས་འདས་པར་གྱུར་པའོ། །དེས་ཅིར་འགྱུར་སྙམ་ན། དེ་ཉིད་ཀྱིས་ནི་དབྱེར་མེད་འགྱུར། །ཞེས་བྱ་བ་ལ། དབྱེར་མེད་པ་ནི་རྡོ་རྗེའི་དེ་ཁོ་ན་ཉིད་དེ། གཉིས་སུ་མེད་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཡང་དག་པར་འབྱུང་བས་སྒྲུབ་པ་པོ་རྡོ་རྗེའི་སྐུར་འགྱུར་ཞེས་བྱ་བའི་དོན་ཏོ། །སྒྲུབ་
པ་པོས་ཕོ་ཉ་མོ་དེ་རྙེད་ནས་ཀྱང་གྲུབ་ན། ཕོ་ཉ་མོ་དེ་གང་དུ་འགྲོ་སྙམ་ན། གང་འདིར་དེ་ཡི་ཕོ་ཉ་དང་། །སྒྲུབ་པ་ལ་ནི་གཉི་ག་སྒྲུབ། །ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་ནི་ཕོ་ཉ་མོ་དང་། སྒྲུབ་པ་པོ་གཉིས་སྒྲུབ་པའི་ཚེ། གཉི་ག་རང་བཞིན་གྱིས་རྣམ་པར་གནས་སོ། །དེའི་འོག་ཏུ་ཡང་
ཅིར་འགྱུར་ཞེ་ན། རྣམ་པ་གཉིས་སུ་སྤྱོད་པ་ནི། །ཕོ་ཉ་གཅིག་པུ་ཁོ་ན་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དངོས་གྲུབ་སྒྲུབ་པའི་དུས་སུ་ཡང་། །ཕོ་ཉ་མོ་གཅིག་པུ་ཕུལ་དུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་ཕོ་ཉ་མོ་དངོས་གྲུབ་སྟེར་བ་ཐམས་ཅད་ལ་བརྗོད་པར་བྱ་བ་མ་ཡིན་ནོ། །
འོན་ཀྱང་ཤིན་ཏུ་དུལ་བར་བྱ་བའི་སློབ་མ་ལ་བཤད་པར་བྱའོ། །ཞེས་བསྟན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། བླ་མ་བརྒྱུད་པའི་རིམ་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། བླ་མ་རྣམས་ཀྱི་མན་ངག་ནི། །བླ་མ་བརྒྱུད་པའི་རིམ་པའོ། །བླ་མའི་རིམ་པ་དེ་དག་གིས་ཀྱང་བླ་མ་བརྒྱུད་པའི་
རིམ་པ་ཡིན་གྱི། རང་འབྱུང་བའི་རིམ་པས་ནི་མ་ཡིན་ནོ། །དཔལ་དང་ལྡན་པ་མཚན་མཆོག་བླ་མའི་རྒྱུད་ལེའུ་བཞི་བཅུ་གསུམ་པ་ལས་གསུངས་པའི་ཧེ་རུ་ཀ་འབྱུང་བའི་རིམ་པའི་གཞུང་ལུགས་ཀྱི་དབང་བསྐུར་ཞིང་ཤིན་ཏུ་ཐུལ་བའི་སློབ་མ་མཆོག་ལ་ཕོ་ཉ་མོ་དེ་དག་ཡང་དག་པར་བཤད་དོ། །
เล่ม ๑๖ · หน้า 291b
ཕྱག་རྒྱའི་ལེགས་སྦྱོར་ངང་ཚུལ་ལྡན། །ཞེས་བྱ་བ་ལ། ཕྱག་རྒྱ་ནི་ཕོ་ཉ་མོའོ། །དེ་རྣམས་དང་ལྷན་ཅིག་ལེགས་པར་སྦྱོར་བ་ནི་ཕྱག་རྒྱའི་ལེགས་པར་སྦྱོར་བའོ། །དེ་ལ་ངང་ཚུལ་ནི་ཕྱག་རྒྱའི་ལེགས་པར་སྦྱོར་བ་ཡོངས་སུ་ཤེས་པའོ། །དེ་ཡང་སློབ་མའི་མཆོག་དེ་ཉིད་ལ་བརྗོད་པར་བྱ་ཞེས་བྱ་
བའི་དོན་ཏོ། །ཕོ་ཉ་མོ་ཡོངས་སུ་ཤེས་པར་འདོད་པ་རྣམས་ལ་ཕོ་ཉ་མོའི་མཚན་ཉིད་བཤད་དུ་ཆུག་ན་ཡང་། ཅིའི་ཕྱིར་སློབ་མ་མཆོག་ལ་བཤད་པ་ཡིན་གྱི། གཞན་ལ་མ་ཡིན་ནོ་སྙམ་ཞེ་ན། ཡོངས་རྫོགས་ཡེ་ཤེས་ལུས་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོངས་སུ་རྫོགས་
ཤིང་མ་ཚང་བ་མེད་པའོ། །ཡེ་ཤེས་ཁོ་ན་ལུས་གང་ལ་ཡོད་པ་དེ་ནི་ཡོངས་རྫོགས་ཡེ་ཤེས་ཀྱི་ལུས་ཏེ་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་སྐྱེས་པ་ནི་ཡོངས་རྫོགས་ཡེ་ཤེས་ལུས་ལས་སྐྱེས་པའོ། །དེ་ལྟར་ཡེ་ཤེས་ལུས་ཅན་གྱི་ཕོ་ཉ་མོ་རྣམས་རྒྱུད་གཞན་གྱི་མན་ངག་རྟོགས་པའི་སློབ་
དཔོན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་སློབ་མ་ཙམ་ལ་ཇི་ལྟར་བཤད་ཅེས་བྱ་བར་དགོངས་སོ། །བླ་མའི་ཞལ་ནས་རྟོགས་པར་བྱ་བའི་ཕོ་ཉ་མོ་རེ་ཞིག་བཞག་ན། ཕྱག་རྒྱའི་ལེགས་པར་སྦྱོར་བའི་ངང་ཚུལ་ཅན་དེ་ཅི་ལྟ་བུ་ཡིན་ཞེ་ན། ནང་པར་ལངས་ནས་བསམ་བདག་ཉིད། །ལུས་ནི་
ཆ་དང་བཅས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་གྱི་གཉིད་ལས་སད་པ་ནི་ལངས་པའོ། །བསམ་པ་ནི་བསམ་གཏན་ནོ། །དེ་ལ་སྐུ་གསུམ་པོ་གང་གིས་ངེས་པར་སྦྱར་བ་དེ་ནི་བསམ་པའི་བདག་ཉིད་དེ་རྣལ་འབྱོར་པའོ། །ཆ་ནི་བཅུ་དྲུག་སྟེ་ཡར་དང་མར་གྱི་ཁྱད་པར་
གྱིས་རེ་ཞིག་གསལ་བྱེད་དང་ལྡན་པ་སུམ་ཅུ་རྩ་གཉིས་པོ་དེ་དག་ལས་ཀྱི་དབྱེ་བས་དམར་པོ་དང་། ནག་པོ་དང་། དུད་ཀ་དང་། ལྷན་ཅིག་སྟེང་དང་འོག་དང་རྐང་པ་དང་བྱིན་པ་དང་བརླ་དང་། བཤང་བའི་ལམ་དང་། ཀུན་འདར་དང་། ལྟེ་བ་དང་། དེའི་སྟེང་དང་། སྙིང་ག་དང་། མགྲིན་པ་དང་།
རྐན་དང་། གདོང་དང་། ཀླད་པ་དང་། དཔྲལ་བ་དང་། རྒྱབ་རྣམས་སུ་དགོད་པ་ནི་ཆ་དང་བཅས་པའོ། །ཆ་དང་མ་བཅས་ཤིང་མི་ཤེས་པ་དེ་ཆ་དང་ལྡན་པ་ནི་ལུས་ཆ་དང་བཅས་པར་བྱའོ། །ཡན་ལག་མ་ཡིན་བསྟན་བཅོས་རྣམས། །ལུས་ལ་གནས་པར་ཀུན་དུ་སྤྱད། །ཅེས་པ་ལ། ཨཱ་ལི་ཀཱ་ལི་
เล่ม ๑๖ · หน้า 292a
ལས་གཞན་མ་ཡིན་པའི་ཕྱིར་སྔགས་དང་རྒྱུད་ཀྱི་ཡན་ལག་རེ་ཞིག་བཞག་ནས། བྱང་ཆུབ་ཀྱི་ཡན་ལག་མ་ཡིན་པའི་སྒྲའི་བསྟན་བཅོས་དང་སྡེབ་སྦྱོར་ཡང་། ལུས་ལ་གནས་པར་ཀུན་དུ་ཤེས་པ་ནི། ཕྱག་རྒྱའི་སྦྱོར་བའི་ངང་ཚུལ་ལན། །ཞེས་བདག་གི་དེ་ཁོ་ན་ཉིད་བསྟན་ཏོ། །
ཅི་སྐད་དུ། དབང་དང་དགུག་ལ་དམར་པོ་སྟེ། །ནག་པོ་ཀུན་དུ་གསོད་པ་ཡིན། །བསྐྲད་པ་ལ་ནི་དུད་ཀ་ཉིད། །བསམ་པས་ངེས་པར་འགྲུབ་པར་འགྱུར། །འདི་ནི་བདག་ཉིད་དེ་ཉིད་མཆོག །དབྱངས་ཀུན་ལ་ནི་རབ་ཏུ་གནས། །དེ་ལྟར་བདག་ཉིད་ཆ་བཅས་པར། །སྒྲུབ་པ་མཆོག་གིས་བྱ་
བ་ཡིན། །ཞེས་འབྱུང་ངོ་། །དེ་ཡང་སྔགས་ཀྱི་བདག་ཉིད་ཀྱིས་ལུས་དག་པར་བྱེད་པར་འགྱུར་རོ། །རྣལ་འབྱོར་གནས་རྣམས་ངེས་བསྟན་ཞིང་། །ཞེས་བྱ་བ་ལ། འོག་དང་སྟེང་དང་རྐང་པ་གཉིས་དང་རྒྱབ་ལ་སོགས་པ་ཞེས་ཆ་དགོད་པའི་གནས་ཉེ་བར་བསྟན་ཏོ། །རང་རང་གིས་ངོ་བོ་ཉིད་ཀྱིས་
བསྟན་བཅོས་ལ་སོགས་པའི་སྒོམ་པ་བསྟན་པར་བྱ་བའི་ཕྱིར། བསྟན་བཅོས་རྣམས་ནི་བསྒོམ་མི་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་བཅོས་མི་བསྒོམ་པ་དང་། དམ་ཚིག་ཅན་མི་བརྙས་པ་དེ་ཙམ་གྱིས་ཅི་གྲོལ་བ་ཡིན་ནམ་ཞེ་ན། དེ་དང་ལྷན་ཅིག་བདེ་བར་བྱ། །ཞེས་བྱ་བ་ལ་
སོགས་པ་ལ། ཕྱི་དང་ནང་དུ་གྱུར་པ་དེ་རྣམས་དང་ལྷན་ཅིག་བདེ་བར་བྱ་བ་ཡིན་ནོ། །དེ་གང་གིས་ཅི་ཞིག་བྱེད་ཅེ་ན། གྲོལ་བའི་དོན་དང་བདེ་དོན་དུ། །ཞེས་བྱ་བ་ལ་སོགས་པ་ལ། གྲོལ་བའི་དོན་ནི་རྣལ་འབྱོར་པ་སྟེ། རྒྱུད་འདིར་བཤད་པ་དང་། འདོད་པའི་རྒྱུད་དུ་དམ་ཚིག་སྤྱོད་པས་གྲོལ་བར་
འདོད་པའོ། །བདེ་དོན་ཞེས་བྱ་བའི་ཕྱི་དང་ནང་གི་རྣལ་འབྱོར་མ་རྣམས་བདག་གིས་བྱས་ནས་སོ། །དེ་དང་ལྷན་ཅིག་ས་རྣམས་སྤྱོད། །ཅེས་བྱ་བ་ནི་ཕོ་ཉ་དང་ལྷན་ཅིག་གནས་དང་ཉེ་བའི་གནས་ལ་སོགས་པར་བགྲོད་པ་ནི་ས་ལ་རྣམ་པར་སྤྱོད་པའོ། །དེ་ཉིད་བརྗོད་པར་བྱ་བའི་ཕྱིར། མཚན་མོ་རྟག་པར་
ནམ་མཁའི་གོས། །ཞེས་བྱ་བ་ལ་སོགས་པ་ལ། ཡང་ནི་ངེས་པར་གཟུང་བའོ། །དེ་བས་ན་མཚན་མོ་ཁོ་ནར་གཅེར་བུ་སྟེ། ཉིན་པར་ནི་སྟག་གི་པགས་པ་གོན་པའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། །སྲོག་ཆགས་ཡན་ལག་ལས་བྱུང་གོན། །ཞེས་བྱ་བ་ལ། གཅེར་བུའམ་ནི་པགས་གྱོན་པའོ། །
เล่ม ๑๖ · หน้า 292b
ཅི་སྨྱོན་པ་ལྟར་སྤྱོད་པ་སྤྱོད་དམ་ཞེ་ན། གནག་དང་དམར་བར་རྟག་འགྱུར་བྱ། །ཞེས་བྱ་བལ་སོགས་པ་ལ། གནག་པ་ནི་བཅོམ་ལྡན་འདས་སོ། །དམར་པོ་ནི་བཅོམ་ལྡན་འདས་མའོ། །དེའི་རྣམ་པའི་རྣལ་འབྱོར་མི་འདོར་ཞིང་གནས་ཇི་ལྟ་བ་བཞིན་དུ་ལྷ་མོ་སུམ་ཅུ་རྩ་དྲུག་གི་འཁོར་ལོ་བསྡུས་པའི་
རྣལ་འབྱོར་བ་ནག་པོ་དང་དམར་པོ་རྟག་ཏུ་གྱུར་པར་གསུངས་པ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གྱུར་ནས་སྤྱོད་པ་སྤྱད་པ་ཡིན་གྱི། སོ་སོའི་སྐྱེ་བོ་ལྟར་ན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱོད་པའི་རྒྱན་བསྟན་པར་བྱ་བའི་ཕྱིར། མགུལ་རྒྱན་སྤྱི་གཙུག་དཔུང་རྒྱན་དང་། །ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། སྤང་བར་མི་བྱ་བའི་དམ་ཚིག་བསམ་གཏན་གྱི་མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱ་རྒྱན་དུ་སྤྱད་པར་བྱ་བ་བསྟན་ཏོ། །ཅི་སྤྱོད་པ་སྤྱད་ཅིང་གླང་པོའི་པགས་པ་འཛིན་ནམ་ཞེ་ན། རྡོ་རྗེ་དང་བཅས་པའི་སྣོད་དང་། ཁ་ཊྭཱཾ་ཅང་ཏེའུ་ཧཱུཾ་གི་སྒྲ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེས་མཚན་པའི་པད་
སྣོད་ནི། །རྡོ་རྗེ་དང་བཅས་པད་སྣོད་དོ། །ཁ་ཊྭཱཾ་ག་དང་ཅང་ཏེའུ་ནི་ཕྱག་མཚན་ཏེ། ལག་པས་འཛིན་ཅིང་ཡི་གེ་ཧཱུཾ་གི་སྒྲ་བརྗོད་པར་བྱའོ། །དེ་གཅིག་པུ་ཡིན་ནམ་ཞེ་ན། རྣལ་འབྱོར་མ་བཅས་དཔའ་བོ་ཀུན། །གོ་ཆ་གཉིས་ཀྱིས་རྣམ་པར་བརྒྱན། །ཞེས་བྱ་བ་ལ། དཔའ་བོ་ཉི་ཤུ་རྩ་བཞི་དཔའ་
མོ་དེ་དག་དང་ལྷན་ཅིག་གོ་ཆ་གཉིས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །ཞེས་བྱ་བ་ལ། སྲོག་ཆགས་ཀྱི་ཡན་ལག་ནི་སྲོག་ཆགས་ཡན་ལག་སྟེ། དེ་ཉིད་གོས་དང་འདྲ་བས་ན་གོས་སོ། །སྲོག་ཆགས་ཀྱི་ཡན་ལག་གིས་ཏེ། སྟག་གི་པགས་པ་བགོ་
བར་བྱའོ། །བདེ་བ་འདོད་པས་བདེ་བ་སྤང་། །ཞེས་བྱ་བ་ནི་བདེ་བས་དོན་འདོད་པ་ནི། བདེ་བ་འདོད་པའི་བདེ་བའོ། །དེས་ཅི་སྤང་བ་འདི་ནི་སྟག་གི་པགས་པའི་གོས་དང་མགུལ་རྒྱན་ལ་སོགས་པ་བཞིན་དུ་ངེས་པར་རྟག་ཏུ་བགོ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མཆོད་ཕྱིར་ཐོགས་ནི་ཡངས་སྤངས་
གཅད། །ཅེས་བྱ་བ་ལ། མཆོད་ཕྱིར་ཐོགས་ཀྱང་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། གཙང་མ་གཅིག་པུའི་རྒྱུར་གྱུར་པ་རྩ་བའི་གསང་སྔགས་ཀྱི་རང་བཞིན་མཆོད་ཕྱིར་ཐོགས་པ་སྤང་བ་ཅི་མི་གཙང་བར་འགྱུར་སྙམ་མམ། གཙང་མ་ཧེ་རུ་ཀ་ལ་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
เล่ม ๑๖ · หน้า 293a
ལུས་རྣམ་པར་དག་པ་བྱེད་པ་ཙམ་གྱིས་ཚངས་པའི་སྐུད་པ་རེ་ཞིག་གཞག་སྟེ། རྣལ་འབྱོར་པ་ལ་ཡང་ཤྲཱི་ཧེ་རུ་ཀའི་མཉམ་པར་སྦྱོར་བ་ནི་གཙང་སྦྲ་ཆེན་པོའོ། །ཅི་སྐད་དུ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ལ་སོགས་པས་སྟོང་། །རུ་ནི་བཀོད་དང་བྲལ་བ་ཉིད། །ཀི་ནི་གང་
དུའང་མི་གནས་པ། །ཞེས་བྱའོ། །དཔལ་ཧེ་རུ་ཀའི་བདག་ཉིད་ཀྱི་རྣལ་འབྱོར་པ་རྟག་ཏུ་དག་པའི་རྣལ་འབྱོར་པའོ་ཞེས་དགོངས་སོ། །མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱ་ཡང་དེའི་ཚེ་སྤང་ངམ་ཞེ་ན། ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །དུས་ཀུན་དུ་ནི་ཡང་དག་སྤྱད། །ཅེས་བྱ་བ་ལ། སངས་
རྒྱས་ལྔ་དང་མི་འགལ་བའི་ཕྱག་རྒྱ་ལྔ་པོ་དེའི་བདག་ཉིད་དཔལ་ཧེ་རུ་ཀ་སྤངས་པས་རྣལ་འབྱོར་པ་གཉིས་མེད་ཅེས་པས་སྤང་བར་བྱ་བ་མ་ཡིན་ནོ། །ཕྱག་རྒྱ་མི་སྤོང་ན་ཁ་དོག་ལ་སོགས་པ་ཡང་སྤོང་ངམ་ཞེ་ན། མདོག་དང་མདོག་མིན་གདོང་ཚམ་ངམ། །སྤྱི་གཙུག་བཅིངས་པ་ལ་སོགས་སྤང་། །
ཞེས་བྱ་བ་ལ་ཁ་དོག་ནི་དབུས་ཀྱི་ཞལ་ལྟར་ནག་པའོ། །མདོག་མ་ཡིན་པ་ནི་གཡོན་ལ་སོགས་པའི་སེར་པོ་དང་དམར་པོ་དང་ལྗང་གུའོ། །གདོང་གི་ཚམ་ངམ་ནི་གདོང་གི་འགྱུར་བའོ། །སྤྱི་གཙུག་ནི་གཙུག་ཕུད་དོ། །སོགས་པས་ནི་མིག་གསུམ་བསྡུས་སོ། །དེ་དག་གྲོལ་བ་རྣམས་
ཀྱིས་བཅིང་བ་དེ་དག་སྤངས་པ་ནི། མདོག་དང་མདོག་མིན་གདོང་ཚམ་ངམ། །སྤྱི་གཙུག་བཅིང་བ་ལ་སོགས་སྤངས་པ་ཇི་ལྟར་གྱུར་པ་དེ་ལྟར་སྤྱད་པར་བྱ་ཞེས་བྱ་བའི་དོན་ཏོ། །གང་ཡང་གནས་དང་ཉེ་བའི་གནས་ལ་ཡོངས་སུ་འཁྱམ་པ་ལ་དགའ་བས་ཧེ་རུ་ཀའི་སྦྱོར་བ་བརྗེས་པར་གྱུར་ཅིང་
དེའི་རྣམ་པ་ཙམ་ལ་ང་རྒྱལ་དང་ལྡན་པ་དེ་ཇི་ལྟར་གྲུབ་སྙམ་པ་ལ། ཕོ་ཉ་གཙང་སྦྲ་དང་པོ་ཡིན། །གཉིས་པ་ཟླ་བ་ཡིན་པར་འདོད། །ཟས་གཅིག་ཏུ་ནི་ལོངས་སྤྱོད་པ། །གཙང་སྦྲ་གསུམ་པ་ཡིན་པར་བཤད། །ཅེས་པའོ། །གཙང་སྦྲའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གཙང་
སྦྲ་འདི་དག་རབ་བསྐྱངས་པས། །ཞེས་བྱ་བ་ལ་སོགས་པའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། སྤྱོད་པའི་བརྟུལ་ཞུགས་དང་། མཆོད་པ་དང་། གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།སྤྱོད་པའི་བརྟུལ་ཞུགས་
เล่ม ๑๖ · หน้า 293b
དང་མཆོད་པ་བརྗོད་ནས། ནང་གི་སྦྱིན་སྲེག་བཤད་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་བརྒྱད་པ་བསྟན་པར་བྱ་སྟེ། དེ་ནས་མཆོད་པས་དག་བདག་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་སྤྱོད་པའི་བརྟུལ་ཞུགས་ཀྱི་འོག་ཏུའོ། །གནས་དང་ཉེ་བའི་གནས་སུ་དཔའ་བོ་དང་དཔའ་
མོའི་ཚོགས་ལ་མཆོད་པས་རྣམ་པར་དག་པའི་བདག་ཉིད་རྣལ་འབྱོར་པས་སྤྲུལ་པ་ལས་བྱུང་བའི་དཔའ་བོ་རྣམས་མཆོད་ཅེས་བྱ་བར་སྦྱར་རོ། །སྤྲུལ་པས་ན་སྤྲུལ་པ་སྟེ་འགྱེད་པའོ། །དེའི་དོན་དུ་ངེས་པར་འབྱུང་ཞིང་འབྱིན་པ་སྟེ། བྱུང་བར་གྱུར་པའོ། །རྣམ་པ་གཞན་དུ་ན་སྤྲུལ་ཅིང་འབྱིན་པ་
ནི་སྤྲུལ་པ་སྟེ། ཕྱག་དང་ཞབས་ལ་སོགས་པ་དང་ལྡན་པའི་དབྱིབས་སོ། །གཟུགས་འདིས་རྫོགས་པ་ནི་སྤྲུལ་པ་ལ་ངེས་པར་འབྱུང་བའོ། །དེ་ལྟར་གཟུགས་སུ་གྱུར་བའི་དཔའ་བོ་མཆོད་ཅེས་བྱ་བ་ནི་ཆོ་གའོ། །དེ་ལྟ་བུའི་གཟུགས་སུ་གྱུར་ཀྱང་མཆོད་པར་གྱུར་པའི་དཔའ་བོ་དེ་གང་ཞེ་ན།
ཕྱོགས་སྔ་མ་ལ་བརྟེན་ནས་བཤད་པར་བྱ་སྟེ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔལ་ཧེ་རུ་ཀའི་ཚུལ་དུ་རྫོགས་པའི་རྣལ་འབྱོར་པས་ཕ་རོལ་གྱི་ཕྱོགས་ལ་མི་བལྟ་བར་བདག་ཉིད་ཁོ་ན་མཆོད་པར་བྱའོ། །ཅི་མཆོད་པར་བྱ་བ་མ་ཡིན་པ་མཆོད་དམ། འོན་ཏེ་མཆོད་པར་བྱ་བ་
མཆོད་ཅེ་ན། སངས་རྒྱས་ལ་སོགས་ཀུན་གྱིས་མཆོད། །ཅེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ནི་དཔའ་བོ་དང་རྣལ་འབྱོར་མ་དེ་དག་གི་མཆོད་པའོ། །རྣམ་པར་སྣང་མཛད་ལ་སོགས་པས་སངས་རྒྱས་གཞན་རྣམས་ནི་རེ་ཞིག་གཞག་ན། དུམ་བུ་ཕྱེད་པ་ལ་སོགས་པའི་དཔའ་བོ་རྣམས་དང་
རབ་གཏུམ་མ་ལ་སོགས་པའི་དཔའ་མོ་རྣམས་ཀྱིས་ཀྱང་མཆོད་པ་དེའི་ཕྱིར། རྣལ་འབྱོར་པས་མཆོད་པར་བྱ་བ་ཁོ་ན་ཞེས་དགོངས་སོ། །མཆོད་པ་དེས་ཇི་ལྟར་འགྱུར་སྙམ་ན། དཔའ་བོ་ཀུན་དང་རྣལ་འབྱོར་མ། །བརྟན་པ་དག་དང་གཡོ་བ་དང་། །ཞེས་བྱ་བ་ནི་གང་གིས་བདག་ཉིད་གཅིག་པུ་
མཆོད་པ་དེས་བརྟན་པ་དང་གཡོ་བའི་མཐར་ཐུག་པར་མདོར་ན། ཁམས་གསུམ་ཐམས་ཅད་མཆོད་པ་ཡིན། །ཞེས་བསྟན་ཏོ། །གང་གིས་བདག་ཉིད་གཅིག་པུ་མཆོད་པས་ཁམས་གསུམ་ཡང་མཆོད་ཅེས་བྱ་བའི་རྣལ་འབྱོར་པ་ཅི་ལྟ་བུ་ཡིན་ཞེ་ན། སྤུན་དང་སྡུག་པ་ལྷན་ཅིག་མཆོད། །ཅེས་
เล่ม ๑๖ · หน้า 294a
བྱ་བ་ལ། སྤུན་ནི་དཔའ་བོ་ཉི་ཤུ་རྩ་བཞིའོ། །སྡུག་པ་ནི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པའོ། །དེ་གང་གིས་མཆོད་པ་དེས་ཐམས་ཅད་མཆོད་པ་ཡིན་གྱི། ཧེ་རུ་ཀའི་ང་རྒྱལ་ཙམ་དུ་གནས་པས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་དག་མཆོད་པ་ཡིན་ན་ཡང་གཅིག་ཏུ་གྱུར་པ་
གང་དུ་རྙེད་པར་འགྱུར་སྙམ་ན། ཞི་བའི་འདུས་པ་ལ་གནས་པའི། །ཞེས་བྱ་བ་ལ་ཞི་བ་ནི་ཟླ་བའོ། །དེ་ལ་འདུས་པ་གཅིག་ཏུ་གྱུར་པ་དེར་བསྡུས་ནས་ཡང་དག་པར་དེའི་རྣམ་པས་གནས་ཏེ། ཞི་བ་འདུས་པ་ལ་གནས་པ་དེར་གཅིག་ཏུ་རྙེད་པར་གྱུར་ཞེས་བྱ་བའི་དོན་ཏོ། །ཞི་བ་བསྡུས་པར་སོང་
བ་རྣམས་རང་རང་གི་ངོ་བོ་ཉིད་མེད་པ་ཡིན་ན་མཆོད་པར་བྱེད་པ་དང་། མཆོད་པར་བྱ་བ་དང་མཆོད་པ་དེས་ཅིར་འགྱུར་ཞེ་ན། དེ་ལྟར་བསམ་པར་བྱ་བ་མ་ཡིན་ཏེ། མཆོད་པའི་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དངོས་མེད་གོ་འཕང་གོམས་པ་དང་། །ལྷ་ཡི་གཟུགས་ནི་
བསྒོམ་པ་ཡིས། །མཉམ་ཉིད་མཆོད་པ་ཆེན་པོ་སྟེ། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་པའོ། །ཞེས་བྱ་བའོ། །བདེ་བས་ཐམས་ཅད་འགྲུབ་པ་སྟེ། །དཀའ་ཐུབ་ཀྱིས་ནི་འགྲུབ་པར་དཀའ། །ཞེས་འབྱུང་ངོ་། །དཔའ་བོ་དང་དཔའ་མོ་རྣམས་ཟླ་བར་ཐིམ་པར་གྱུར་ན། ཟླ་བ་དེ་ཉིད་གང་
ལ་རྙེད་སྙམ་པ་ལ། དེའི་ལན་རིང་ནས་བཤད་དེ། །ཡེ་ཤེས་དེར་ནི་བསྟན་མི་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། །ཟླ་བ་རྙེད་པ་ཁོ་ན་སྟེ། །འོན་ཀྱང་ཡེ་ཤེས་གང་གིས་ཐོབ། །སྐལ་བ་དང་ཡེ་མི་ལྡན་པ་ལ་བཅོམ་ལྡན་འདས་ཀྱིས་བསྟན་པར་མི་བྱ་ཞེས་པ་དག་
གོ། །དེ་ཇི་ལྟར་ཤེས་པར་འགྱུར་བའི་ཁྱད་པར་སྨོས་ཤིག་སྙམ་ན། དེའི་ཁྱད་པར་སོ་སོར་བཟླས་ནས་བཤད་པར་བྱ་སྟེ། སྤུན་དང་བུ་རྣམས་ལྷན་ཅིག་ཏུ། །ཞེས་བྱ་བ་ལ། སྤུན་ནི་རྒྱུད་འདིར་བཤད་པའི་རྣལ་འབྱོར་པའོ། །བུ་དང་བུ་མོ་ནི་དཔའ་བོ་དང་དཔའ་མོ་རྣམས་སོ། །དེ་དག་གི་གཟུགས་
གཅིག་ནི་སྤུན་དང་བུ་རྣམས་ལྷན་ཅིག་གོ། །དེ་དང་ལྷན་ཅིག་པ་ནི་སྤུན་དང་བུ་རྣམས་ལྷན་ཅིག་སྟེ། སྤུན་དང་བུ་རྣམས་ཀྱི་གཟུགས་དབྱེར་མེད་ཅེས་བྱ་བའི་དོན་ཏོ། །བདེ་དང་སྡུག་བསྔལ་ཀུན་འབྱུང་བ། །ཞེས་བྱ་བ་ལ། བདེ་བ་ནི་མྱ་ངན་ལས་འདས་པའོ། །སྡུག་བསྔལ་ནི་འཁོར་བའོ། །
เล่ม ๑๖ · หน้า 294b
དེ་གཉིས་ཡང་དག་པར་འབྱུང་བ་ནི་བདེ་བ་དང་སྡུག་བསྔལ་ཀུན་འབྱུང་བའོ། །དེ་ལ་ནི་ཟླ་བ་དེ་ལའོ། །གལ་ཏེ་དེ་ལྟ་ཡིན་ན་དེའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ན། མཁས་པས་ཀྱང་ཇི་ལྟར་ཤེས་པར་བྱ་ཞེ་ན། སྔགས་དང་དེ་བཞིན་ཕྱག་རྒྱ་དང་། །ཞེས་བྱ་བ་ལ་གུག་སྐྱེད་ཙམ་ནི་སྔགས་སོ། །དེ་ཡོངས་སུ་
གྱུར་པས་ནི་མཚན་མའི་ཕྱག་རྒྱའོ། །དེ་གཉིས་ཀྱང་བཤད་པར་བྱ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །སྦྱིན་སྲེག་གི་རྒྱུ་བསྟན་ནས། སྦྱིན་སྲེག་བཤད་པར་བྱ་བ་སྟེ། །དག་བྱེད་ཟས་ལ་སྤྱོད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོ་གས་རབ་ཏུ་བསྒྲུབས་པའི་ཟླ་བ་ནི་དག་བྱེད་ཟས་སོ། །ཞི་བ་
ལས་བྱུང་བའམ་དག་བྱེད་ཀྱི་ཟས་དེ་སྤྱད་པར་བྱའོ། །དེ་གང་ཡིན། ཇི་ལྟ་བུ་ཞེ་ན། དག་བྱེད་ཅེས་བྱ་བ་ལ་དག་བྱེད་ནི་དམ་ཚིག་གི་དུས་སུ་བྱ་བ་བྱས་པ་གང་ལ་ཡོད་པ་དེ་ནི་དམ་ཚིག་སྤྱོད་པ་བྱས་པ་སྟེ་སྔར་བཤད་པའི་རྣལ་འབྱོར་པའོ། །དམ་ཚིག་སྤྱོད་པ་ལ་འཇུག་པའི་རྣལ་འབྱོར་པའི་
སྡོམ་པ་བཤད་པར་བྱ་སྟེ། གསང་སྔགས་སུ་ལ་འང་སྦྱིན་མི་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པའི་སྤྱོད་པས་ཕོ་ཉ་མོ་དང་ཕོ་ཉ་མོ་མ་ཡིན་པ་ཡང་སྒྲུབ་པར་མི་འགྱུར་ཏེ། དེ་ཅི་ཕོ་ཉ་མོ་ཡང་འདོད་པར་མི་བྱའམ་སྙམ་ན། ཕོ་ཉ་མ་གཏོགས་གཞན་དག་ལ། །ཞེས་བྱ་བ་ལ། བླ་
མས་བསྟན་པའི་མཚན་ཉིད་ཅན་གྱིས་ཕོ་ཉ་མོ་ཐོབ་ནས་དེ་སྤངས་ཤིང་ཕོ་ཉ་མོ་གཞན་ལ་བགྲོད་པར་མི་བྱ་ཞེས་དགག་པ་ཡིན་ནོ། །ཕོ་ཉ་མོ་ཁོ་ན་བསྟེན་པར་བྱ་བའི་ཡོན་ཏན་གང་ཞེ་ན། མི་འདའ་བ་ཡིས་ལོངས་སྤྱོད་བྱ། །ཞེས་བྱ་བའོ། །ཕོ་ཉ་ཉེ་བར་སྤྱོད་པ་ཡིན་ན་ཕོ་ཉ་མ་ཡིན་པ་ལ་མི་
སྤྱོད་དམ་སྙམ་ན། བསྙེན་བཀུར་ཉིད་ནི་བྱ་བ་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་ལོངས་སྤྱོད་པ་རེ་ཞིག་གཞན་ལ་བསྙེན་བཀུར་ཉིད་ཀྱང་བྱ་བ་མིན་པར་བསྟན་ཏོ། །སྐྱོན་ཅི་ཡོད་ཅེ་ན། རིགས་ནི་དམན་ཞིང་ཆགས་ལ་གནས། །ཞེས་བྱ་བ་ལ། རིགས་ལྔ་སྟེ་སྐྱེ་བའི་གནས་
སོ། །དེ་ལས་གཞན་དུ་སྐྱེས་པ་ནི་རིགས་དམའ་བའོ། །ཆགས་པ་ཁོ་ནའི་ཕྱིར་གནས་པ་ནི། ཆགས་པ་ལ་གནས་པའོ། །རིགས་ལས་སྐྱེས་པ་ཡང་ཐར་པ་སྟེར་བ་ཅི་ལྟ་བུ་ཞེ་ན། མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མོ་ཉིད་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། མ་
เล่ม ๑๖ · หน้า 295a
ནི་བླ་མའི་ཕྱག་རྒྱའོ། །སྲིང་མོ་ནི་ལྷན་ཅིག་ཉན་པའོ། །བུ་མོ་ནི་རང་གི་མན་ངག་བྱིན་པའོ། །ཆུང་མ་ནི་བླ་མས་བྱིན་པའོ། །གལ་ཏེ་དེ་དག་ལས་གཞན་བསྟེན་ན། དེའི་ཚེ། ངེས་པར་དངོས་གྲུབ་ཟད་པར་འགྱུར། །ཞེས་བཟློག་ནས་སྐྱོན་བསྟན་ཏོ། །ཕོ་ཉ་མ་ཡིན་པ་སྤང་བ་
དང་། ཕོ་ཉ་བསྟེན་པ་རེ་ཞིག་གཞག་ན། དེའི་འོག་ཏུ་ལས་དང་མཐུན་པ་ཇི་ལྟར་བཤད་ཅེ་ན། མཆོག་གི་ལྷན་ཅིག་འགུགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགུགས་པ་ནི་འདྲེན་པའོ། །མཆོག་ནི་རྣལ་འབྱོར་པའོ། །ལྷན་ཅིག་ནི་ཅིག་ཅར་དུའོ། །དེས་ཅིར་འགྱུར་ཞེ་ན།
དེ་ལྟར་རྫས་ནི་རྣམས་ངེས་ཡིན། །ཞེས་བྱ་བ་ལ། དེ་ལྟར་རྫས་དང་རྫས་མ་ཡིན་པ་ངེས་པར་རྟོགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །སྦྱིན་སྲེག་བསྒྲུབ་པའི་རྒྱུའི་དམ་ཚིག་གཞན་བསྟན་པར་བྱ་བའི་ཕྱིར། རྣལ་འབྱོར་པ་རྟག་གཡོན་ནས་སྤྱོད། །ཅེས་བྱ་བ་ལ་སོགས་པ་ལ་སྨོས་སོ། །སྦྱིན་
སྲེག་གང་གིས་བྱ་ཞེ་ན། བ་ལང་ཤ་དང་རྟ་ཡི་ཤ །ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་ངག་དང་ཡིད་རྡོ་རྗེ་སྟེ། བ་ལང་དང་རྟ་དང་ཁྱིའོ། །དེ་དག་གི་དམིགས་པ་ནི་བ་ལང་དང་རྟ་དང་ཁྱི་ཤའོ། །དེ་ཅི་ལྟ་བུ་ཞེ་ན། སྣ་ཚོགས་ཞེས་བྱ་བ་ནི་དམར་པོ་དང་། ནག་པོ་དང་། དཀར་པོས་སྦྱིན་
སྲེག་བྱའོ། །ཅི་ལྟར་ཞེ་ན། དཀྱིལ་འཁོར་གྲུ་གསུམ་དག་ཏུ་བྱ། །ཞེས་བྱ་བ་ལ། དེ་དག་ལ་ཆ་ཁོ་ན་གྲུ་གསུམ་གྱི་དཀྱིལ་འཁོར་ཏེ། དེའི་དམིགས་པ་གཞན་ཡིན་ཞིང་ཟུར་གསུམ་ནི་ཕྱོགས་གསུམ་སྟེ། སྐྱེ་གནས་དང་སྙིང་ག་དང་མགྲིན་པའོ། །དེ་དག་གི་འཁོར་ལོ་ནི་ཟུར་གསུམ་གྱི་
དཀྱིལ་འཁོར་དེར་སྦྱིན་སྲེག་བྱའོ། །མངོན་སྤྱོད་ཀྱི་དགོས་པ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་ཉོན་མོངས་པ་ལྔ་སྟེ། རིགས་ལ་བརྟེན་པ་གཅིག་གི་མཐའ་ཅན་དུ་བྱས་སོ། །སངས་རྒྱས་ཀྱང་ངེས་པར་འཇིག་
ན་དེའི་རྗེས་སུ་སོང་བ་རྟོག་པ་གཞན་དག་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དེ་ཇི་ལྟ་བུ་ཞེ་ན། སྔགས་དང་ཕྱག་རྒྱ་ཞི་བར་ལྡན། །ཞེས་བྱ་བ་ལ་སོགས་པ་ལ་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་ཞི་བ་ནི་རབ་ཏུ་ཞི་བ་གང་ལ་ཡོད་པ་དེ་ནི་སྔགས་དང་ཕྱག་རྒྱས་རབ་ཏུ་ཞི་བའོ། །དཀྱིལ་
เล่ม ๑๖ · หน้า 295b
འཁོར་གྱི་དབྱེ་བ་ཡང་གཉིས་ཏེ། དེ་ལ་རེ་ཞིག་སྦྱིན་སྲེག་གི་ཐབ་ཁུང་བཤད་ཟིན་ཏོ། །དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱི་ཡང་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། དཔའ་བོ་རྣམས་ཀྱི་ཟས་དེ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ལྟར་གསང་སྔགས་དང་ཕྱག་རྒྱ་དང་ཞི་བ་
དང་ལྡན་པའི་དཀྱིལ་འཁོར་ཡིན་པ་དེ་ལྟར་ཟས་ཉེ་བར་ལོངས་སྤྱོད་པ་དེ་ཡིན་ཞེས་བསྟན་ཏོ། །སྦྱིན་སྲེག་གི་སྤྱོད་པའི་རྒྱུད་གཞན་གྱི་རྣལ་འབྱོར་པ་དག་གི་སྤྱོད་ཡུལ་མ་ཡིན་ཞེས་བསྟན་པར་བྱ་བའི་ཕྱིར། ཤྲཱི་ཧེ་རུ་ཀའི་སྤྲུལ་པ་ཞེས་བྱ་བ་ལ་སོགས་པ་ལ། དཔལ་ཧེ་རུ་ཀའི་རྣལ་འབྱོར་པའི་ཉེ་བར་
སྤྱོད་པའོ། །ཉེར་སྤྱོད་བསྟན་བཅོས་ཀུན་རྣམས་མཆོག །ཅེས་བྱ་བ་ལ། རྒྱུད་གཞན་གྱི་མཚན་ཉིད་དང་མི་འདྲ་བའི་དོན་ཏོ། །ཉེ་བར་སྤྱོད་པའི་དགོས་པ་བཤད་པར་བྱ་བའི་ཕྱིར། ལས་རྣམས་ཐམས་ཅད་བསྲུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡི་གེ་གཅིག་པུ་ནི་མཆོག་
གོ། །ཡང་ན་ཡི་གེ་ཐམས་ཅད་ཀྱི་ངོ་བོ་དེའི་ཆོ་ག་ནི་ཡི་གེ་གཅིག་གི་ཆོ་གའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་ཚོགས་ཞེས་བྱ་བ་ལས། ནང་གི་སྦྱིན་སྲེག་དང་ཡི་གེ་གཅིག་པུའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ནང་གི་སྦྱིན་སྲེག་བརྗོད་ནས། ཕོ་ཉའི་
མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ལེའུ་ཉི་ཤུ་རྩ་དགུ་པ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བསྟན་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེའུ་བཅུ་བདུན་པ་ལས་བཤད་པའི་ཕོ་ཉ་མོའི་མཚན་ཉིད་བསྟན་པ་ལས། གཞན་བསྟན་ཅིང་གསུངས་པའོ། །ཕོ་ཉའི་མཚན་ཉིད་ཤེས་
པར་བྱ་བ་དང་། མཁའ་འགྲོ་མའི་མཚན་མ་ཤེས་པར་བྱ་བའི་ཕྱིར། མཚན་མ་དེ་ཐེ་ཚོམ་མེད་པར་བྱ་བར་གསུངས་སོ། །གང་གིས་ཡང་དག་ཤེས་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཉིད་གང་གིས་ཐེ་ཚོམ་མེད་པར་རྣལ་འབྱོར་པས་རྣལ་འབྱོར་མ་རྣམས་དམ་ཚིག་དང་ལྡན་
པར་ཤེས་པར་འགྱུར་བའི་མཚན་ཉིད་དེ་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ད་ལྟ་ཡིན་ན་ལེགས་ཏེ། དེ་ཇི་ལྟར་བསྟན་པར་བྱ་སྙམ་ན། སྤུན་དང་ཡང་ན་ཕ་དང་ནི། །བདག་པོ་ཉིད་དུ་སྐད་ཅིག་མཐོང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི་སྤྱོད་པ་ལ་ཤིན་ཏུ་ཞེན་ཅིང་
เล่ม ๑๖ · หน้า 296a
བདག་པོ་ལྟར་ཉེ་བར་ལོངས་སྤྱད་པ་དང་། སྤུན་དང་ཕ་དང་འདྲ་བར་བལྟ། །ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་བསམ་པ་ཅན་ཡིན་ན་ཡང་ཅི་ལྟར་མཚོན་པར་བྱ་ཞེ་ན། ལྕེ་སྦོམ་ཞེས་བྱ་བ་ལ་སོགས་པ་སྨས་པའོ། །དེ་ལྟར་གྱུར་པའི་ཕོ་ཉ་མོ་རྣམས་ཅིའི་ཕྱིར་ཉེ་བར་བསྟེན་སྙམ་ན།
དངོས་གྲུབ་ཀུན་གྱི་ཐུན་མོང་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་ཚིག་སྤྱད་པ་དང་རྗེས་སུ་མཐུན་པའི་དངོས་གྲུབ་ཐམས་ཅད་ཀྱི་ཐུན་མོང་ངོ་། །དངོས་གྲུབ་དེ་དག་གི་ཕྱག་རྒྱ་དེ་དག་ཡིན་གྱི། གོང་དུ་བཤད་པའི་མཆོག་གི་དངོས་གྲུབ་ཀྱི་ནི་མ་ཡིན་ནོ་ཞེས་དགོངས་སོ། །དེ་བཞིན་དུ་
བཤད་པའི་རྒྱུད་ལས་ཀྱང་དངོས་གྲུབ་ཀྱི་དབྱེ་བས་མང་དུ་བཤད་དེ། འདི་ལྟ་སྟེ། གནག་དང་དཀར་དང་ལྗང་བ་སྟེ། །དེ་དག་རིམ་པས་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ནག་པོ་དང་དཀར་པོ་དང་ལྗང་གུ་ཞེས་བྱ་བ་ནི་ཁ་དོག་གི་སྒོ་ནས་སོ། །རྣམ་པ་གསུམ་པོ་དེ་ལ་
རེ་རེ་ཡང་བཞི་བཞིར་གནས་སོ། །རྩུབ་པ་དང་འཇམ་པ་དང་སྐྲ་བཟངས་དང་བརྟན་པ་ཞེས་བྱ་བའོ། །དེ་ལ་བའི་ལྕེ་དང་བོང་བུའི་རྟགས་ཅན་ནི་རྩུབ་པའོ། །པདྨའི་འདབ་མ་རེག་པ་དང་འདྲ་བ་ནི་འཇམ་པའོ། །སྟོབས་དང་ལྡན་པ་ནི་སྐྲ་བཟངས་མའོ། །དུང་དང་ཆུ་སྐྱེས་འདྲ་བའི་མཚན་མ་ནི་
བརྟན་པའོ། །དབྱིབས་བརྟག་པ་ནི་རིང་བ་དང་ཐུང་བ་དང་བར་མ་དང་གསུམ་སྟེ། དེ་ལ་སྦོམ་པའི་ཆུ་སྐྱེས་དང་ཆུ་འཛིན་གྱི་གདོང་ཅན་ནི་ཐུང་བའོ། །གདོང་དང་ལག་པ་དང་རྐང་པ་རིང་ཞིང་ཤའི་དྲི་ཅན་གྱི་རྡུལ་འཛག་པ་ནི་རིང་བའོ། །ཟླ་བའི་གདོང་ཅན་ཁ་དོག་ལྗང་བ་ནི་པདྨའི་དྲི་དང་ལྡན་པའི་རྡུལ་
ཅན་དང་། རི་དགས་སྐྲག་པའི་ལྟེ་བ་ཅན་དང་། རི་དགས་ཀྱི་མགྲིན་པ་དང་། རི་དགས་ཀྱི་རྒྱལ་པོ་ལྟར་རྐེད་པ་ཕྲ་བ་ནི་བར་མ་སྟེ་པདྨ་ཅན་ཞེས་ཀྱང་བྱའོ། །དེ་དག་ལ་སོགས་པའི་མཚན་ཉིད་ནི། མང་པོ་ལྡན་པའི་ཕོ་ཉ་མོ། །དང་པོ་ནད་ལས་གྲོལ་བ་ཡིན། །གཉིས་པ་དམ་ཚིག་དོན་ཞེས་བྱ། །
གསུམ་པ་དངོས་གྲུབ་གྲུབ་ཕྱིར་རོ། །ཞེས་འབྱུང་ངོ་། །རྟག་ཏུ་དྲན་པ་ཡང་དག་ལྡན། །ཞེས་བྱ་བ་ལ། རྟག་པ་ནི་དགའ་བ་རྨད་དུ་བྱུང་བའི་ཚེ་ཕོ་ཉ་མོ་ལ་རྣལ་འབྱོར་མ་དང་མཁའ་འགྲོ་མའི་སྒྲ་བརྗོད་པ་ནི་དྲན་པ་དང་ལྡན་ནོ། །གང་གིས་དྲན་པས་རྣལ་འབྱོར་མ་དེ་དག་ཕོ་ཉ་མོར་སྦྱོར་བ་དེ་གང་དུ་
เล่ม ๑๖ · หน้า 296b
ཞེ་ན། མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྩ་སུམ་ཅུ་རྩ་གཉིས་ཁོ་ན་རྣལ་འབྱོར་མ་ཡིན་ན། དེ་ཅིའི་ཕྱིར་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ཡིན་ཞེས་རྒོལ་བའི་ལན་རྒྱུད་གཞན་དག་ལས་བཤད་པར་བྱ་སྟེ། རྩ་ནི་སུམ་ཅུ་རྩ་གཉིས་བཤད། །དེ་
རྣམས་ཀྱི་ནི་མཆོག་གི་མཆོག །ལྷ་མོ་བཅུ་གཉིས་ཕྲག་གཉིས་ཏེ། །དབྱངས་ཀྱི་རྗེས་འགྲོའི་མཚན་ཉིད་ཅན། །ཡར་དང་མར་ངོའི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཡང་དག་གསུངས། །ཞེས་བྱ་བ་འབྱུང་ངོ་། །ནུས་པ་བསྐྱེད་པར་བྱ་བའི་ཕྱིར། །རྩ་བའི་སྔགས་ནི་རྟག་ཏུ་བཟླ། །
ཞེས་བྱ་བ་ལ། དཔའ་བོ་དང་དཔའ་མོ་ཉི་ཤུ་རྩ་བཞི་ལས་གཞན་མ་ཡིན་པའི་སྔགས་བཟླ་བར་བྱ་ཞེས་བསྟན་ཏོ། །འདི་ཁོ་ན་བཟླའི་གཞན་དག་མི་བཟླའམ་སྙམ་ན། གང་ཕྱིར་འདི་ལས་སྔགས་ཀུན་སྐྱེས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་བཟླ་ཞེ་ན། སྔགས་དང་ཕྱག་རྒྱ་
ཡང་དག་ལྡན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔགས་ནི་རང་གི་ས་བོན་ནོ། །ཕྱག་རྒྱ་ནི་རང་གི་མཚན་མའོ། །གང་གི་ཕྱིར་ཡང་དག་པར་བསྡུས་ཤིང་གཅིག་གི་ངོ་བོར་བྱས་ནས། བྱིན་གྱི་རླབས་བསྐྱེད་པ་དེ་ནི་ཡང་དག་པར་ལྡན་པ་ནི་སྔགས་དང་ཕྱག་རྒྱ་ཡང་དག་ལྡན་ནོ། །
ཡང་ན་གཙང་ཞིང་དག་པའི་རྡོ་རྗེ་འཛིན་པའི་རྒྱུ་མཐུན་པ་ནི། སྔགས་དང་ཕྱག་རྒྱ་ཡང་དག་ལྡན། །ཞེས་བསྟན་ཏོ། །དེ་ལྟ་བུའི་སྒྲུབ་པ་པོ་དེ་དངོས་གྲུབ་ཀྱི་སྣོད་ཡིན་གྱི། གཞན་དག་ནི་དངོས་གྲུབ་ཀྱི་སྣོད་མ་ཡིན་ཞེས་བསྟན་ཏོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་རིན་པོ་ཆེའི་
ཚོགས་ཞེས་བྱ་བ་ལས། ཕོ་ཉ་མོའི་མཚན་ཉིད་དང་། ནུས་པའི་གནས་སྐབས་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ནུས་པའི་གནས་སྐབས་བརྗོད་ནས། ཞལ་བཞི་པའི་སྔགས་བཏུ་བར་བྱ་བའི་ཕྱིར། ལེའུ་སུམ་ཅུ་པ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་
བྱ་བ། །ཤིན་ཏུ་རྙེད་དཀའི་བཀོད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའི་ལེའུ་ལས་སོ། །གཞན་ཡང་ཞེས་བྱ་བ་ནི་ལེའུ་ལྔ་པ་ལས་རྩ་བའི་སྔགས་རྣམས་ཆ་དང་བྲལ་བར་གསུངས་ལ། ད་ནི་ཆ་དང་བཅས་པ་བཀོད་པར་བྱའོ། །བཀོད་
เล่ม ๑๖ · หน้า 297a
པ་ནི་ཡི་གེ་དང་ཕྱི་མོ་བཀྲམ་པའོ། །རྙེད་པར་དཀའ་བ་རྒྱུད་གཞན་གྱི་སློབ་དཔོན་གྱིས་རྟོགས་པར་དཀའ་བའོ། །བཀོད་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། གང་གིས་ཤེས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། བཀོད་པ་ཤེས་པ་ཙམ་གྱིས་སྔགས་ཡོངས་སུ་ཤེས་པའི་
དངོས་གྲུབ་སྒྲུབ་པ་པོས་རབ་ཏུ་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ཡིན་ན་བཀོད་པ་དེ་གང་དུ་བྱ་ཞེ་ན། ས་ཕྱོགས་མཉམ་ཞིང་ཡིད་འོང་བར། །ཞེས་བྱ་བ་ལ་སོགས་བའོ། །བདག་ཉིད་བྱ་བ་ཀུན་བྱས་ནས། །ཞེས་བྱ་བ་ལ། ཀུན་ནི་མ་ལུས་པ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་
གྱིས་བརླབས་པའི་ལྷ་མོ་བཅུ་བདུན་དང་། གོ་ཆ་གཉིས་དང་སྐུ་གསུང་ཐུགས་ཀྱི་ལྷ་མོ་གསུམ་དང་། དཔའ་བོ་ཉི་ཤུ་རྩ་བཞི་དང་། རྣལ་འབྱོར་མ་དང་བཅས་པས་དགུ་བཅུ་རྩ་གཉིས་ཀྱི་ལྷའི་འཁོར་ལོ་སྟེ། དེ་ལྟར་དང་མི་ལྡན་པའི་བདག་ཉིད་ཆ་དང་བཅས་པར་བྱས་ནས་ཞེས་པ་ནི་ལྷ་
མོའི་འཁོར་ལོ་དེ་གནས་ན་ཅི་ལྟ་བ་བཞིན་དུ་བདག་ཉིད་བཅུག་ནས་མདོར་བསྡུས་ན། རྡོ་རྗེ་ཕག་མོ་དང་དཔའ་བོ་གཅིག་པུར་བདེ་མཆོག་ཉིད་གྱུར་ཞེས་བྱ་བའི་དོན་ཏོ། །ཆ་དང་ཡང་བཅས་བྱས་ནས་ཞེས་བྱ་བ་དེར་ཡང་གི་དོན་ནི་བསྡུས་པའི་དོན་ཏོ། །ཆ་དང་ལྷན་ཅིག་བྱུང་བས་ན་ཆ་བཅས་ཏེ་ཡི་གེ་
སུམ་ཅུ་རྩ་བཞི་དེ་དག་གིས། བདག་ཉིད་གཅིག་པུ་ཆ་དང་བཅས་པར་བྱ། །ཞེས་བྱ་བའི་དོན་ཏོ། །ཕྱོགས་བཅིང་བ་ནི་བྱས་ནས་སུ། །ཞེས་བྱ་བ་ལ། རྡོ་རྗེ་ས་གཞི་དང་། ར་བ་དང་། དྲ་བ་དང་། བླ་རེ་དང་། མདའི་དྲ་བ་དང་། མེའི་འོད་རྣམས་དགོད་པར་བྱའོ། །དེ་ལྟར་ཕྱོགས་བཅིང་བ་ལ་སོགས་པ་
བྱས་ནས། ཇི་ལྟར་དགོད་པར་བྱ་སྙམ་ན། །དེ་ནས་རྫ་རྔ་བཅིང་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི། ཕྱོགས་བཅིང་བའི་འོག་ཏུ་རྫ་རྔ་བཅིང་བ་བྱས་ནས་དགོད་པར་བྱའོ། །རྫ་རྔའི་བཅིང་བ་ནི་རེའུ་མིག་ཏུ་ཡི་གེ་ཕྱི་མོ་འཁྲུལ་པར་དགོད་པ་དེ་ཡང་རེའུ་མིག་སུམ་ཅུ་རྩ་
གཉིས་བླངས་ནས་བཏུ་བའི་གོ་རིམས་ཀྱིས་རེ་ཁཱ་བརྒྱད་ཀྱིས་འགྱུར་གྱི་དགུས་ནི་མ་ཡིན་ནོ། །དེ་འདི་མཉམ་པའི་ཆ་གང་ལ་ཡོད་པ་དེ་ནི་ཆ་མཉམ་པ་སྟེ། དེ་བྱས་ནས་ཞེས་ཁས་བླང་བར་བྱའོ། །ཐུབ་པའི་རེའུ་མིག་སུམ་ཅུ་རྩ་གཉིས་མ་གཏོགས་པར། རེ་ཁཱ་དག་ནི་ཀུན་དུ་ཟླུམ། །ཞེས་བྱ་བར་
เล่ม ๑๖ · หน้า 297b
ཁ་ཅིག་རབ་ཏུ་དགོད་དོ། །རྩ་བར་ནི་རྫ་རྔའི་བཅིང་བ་བྱས་ནས་ཕྱི་མོའི་ཡི་གེ་ཙམ་རབ་ཏུ་དགོད་པར་བྱའོ། །དེ་ནས་རྩ་བ་ལ་བརྟེན་ནས་རྫ་རྔ་བཅིང་བ་རེ་ཁཱ་བརྒྱད་ཀྱིས་དགོད་པར་བྱའོ། །ཡི་གེ་ནི་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི་དང་། ཕྱི་མོ་ནི་ཨ་ལ་སོགས་པ་བཅུ་དྲུག་པ་དེ་དག་རྫ་རྔ་བཅིང་
བ་ལ་སློབ་དཔོན་གྱིས་དགོད་པར་བྱའོ། །སློབ་དཔོན་དེ་ཅི་ལྟ་བུ་ཞེ་ན། ཤིན་ཏུ་མཉམ་པར་གཞག་སྟེ་བཏུ། །ཞེས་བྱ་བ་ལ། དད་པ་དང་། རིགས་དང་། ཡོངས་སུ་ཤེས་པ་དང་། བརྟན་པ་ལ་སོགས་པ་དང་ལྡན་པའོ། །དེར་གནས་དཔའ་བོ་བཏུ་བར་བྱ། །ཞེས་བྱ་བ་ལ། རྫ་རྔ་ལ་
གནས་པའི་སྔགས་ཀྱི་བདག་ཉིད་བཅོམ་ལྡན་འདས་དཔའ་བོ་བདེ་མཆོག་བཏུ་བར་བྱའོ། །ཇི་ལྟར་བཏུ་བར་བྱ་ཞེ་ན། །རིམ་དང་རིམ་ལས་བཟློག་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་བསྟན་པ་ལས་གྲགས་པའི་དབྱངས་དང་གསལ་བྱེད་བཏུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །
གང་ལས་བཏུ་བར་བྱ་ཞེ་ན། དེ་ལྟའི་གྲངས་སུ་གྱུར་པ་ལས། །ཞེས་བྱ་བ་ལ་སོགས་པ་ལ། དབྱངས་དང་གསལ་བྱེད་རྣམས་ཀྱི་གྲངས་ནི་དེའི་གྲངས་སོ། །དེའི་གྲངས་ཀྱི་ནང་དུ་ཆུད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་ཕྱིར་གྲངས་དེའི་ནང་དུ་ཆུད་པ་ལས་བཏུ་བར་བྱ་
ཞེས་བྱའོ། །དེ་ཇི་ལྟར་བཏུ་སྙམ་ན། ཐུབ་པའི་རེ་མིག་སུམ་ཅུ་རྩ་གཉིས་པ་བླང་ཞེས་བྱ་བ་ལ་སོགས་པ་སྟེ། ཐུབ་པ་ནི་ཀ་ལ་སོགས་པའོ། །དེའི་སུམ་ཅུ་རྩ་གཉིས་པའི་རེའུ་མིག་ལ་གནས་པའི་ཡི་གེ་སའོ། །ལྔ་པས་དབྱེ་ཞེས་བྱ་བ་ནི་གནས་ཇི་ལྟ་བའི་དབྱངས་ཀྱི་ཡི་གེ་ཨུ་
སྦྱར་བར་བྱའོ། །བརྒྱའི་ཕྱེད་ཕྱེད་ཅེས་བྱ་བ་ནི་ཉི་ཤུ་རྩ་ལྔ་པ་སྟེ་ཡི་གེ་མའོ། །དེ་བཞིན་དུ་ཉི་ཤུ་རྩ་བཞི་བས་ཕྱེ་བ་ཞེས་བྱ་བ་ནི་ཐུབ་པ་དེ་ཉིད་ཀྱི་ཉི་ཤུ་རྩ་བཞི་པ་ཡི་གེ་བྷ་དེས་དབྱེ་བ་སྟེ་ལྡན་པའོ། །སུམ་ཅུ་རྩ་དྲུག་པ་བླངས་ཞེས་བྱ་བ་ནི་སུམ་ཅུ་རྩ་དྲུག་པ་སྟེ་ཡི་གེ་ནའོ། །རེའུ་མིག་
གསུམ་པས་རྣམ་པར་དབྱེ། །ཞེས་བྱ་བ་ནི། རེའུ་མིག་གསུམ་པ་ནི་ཡི་གེ་ཨི་དང་ཡང་དག་པར་ལྡན་པའོ། །སུམ་ཅུ་རྩ་གཉིས་པ་བླང་ཞེས་བྱ་བ་ནི་ཡི་གེ་སའོ། །ལྔ་པས་དབྱེ་བ་ཞེས་བྱ་བ་ནི་ཡི་གེ་ཨུ་དང་ཡང་དག་པར་ལྡན་པའོ། །དེ་ནས་ཉི་ཤུ་ལྔ་པ་གཟུང་། །ཞེས་བྱ་བ་ནི་ཡི་གེ་
เล่ม ๑๖ · หน้า 298a
མའོ། །ཉི་ཤུ་རྩ་བཞི་པ་དང་སྦྱར། །ཞེས་བྱ་བ་ནི་ཉི་ཤུ་རྩ་བཞི་པ་ནི་ཡི་གེ་བྷ་སྟེ་དེ་དང་ལྡན་པའོ། །སུམ་ཅུ་རྩ་གསུམ་ཡང་དག་བླང་། །ཞེས་བྱ་བ་ལ། སུམ་ཅུ་རྩ་གསུམ་པ་ནི་ཡི་གེ་ཧའོ། །རེའུ་མིག་བཅོ་ལྔས་ཡང་དག་མཆོད། །ཅེས་བྱ་བར་ནི་ཡི་གེ་ཨཾ་དང་ལྡན་
པའོ། །ལྔ་པ་དག་དང་ཡང་དག་བཅས། །ཞེས་བྱ་བ་ལ། ཡི་གེ་ཨུས་བརྒྱན་པའོ། །དང་པོའི་ཚིག་ནི་ཡང་དག་གསུང་། །ཞེས་བྱ་བ་ལ། དང་པོའི་ཚིག་ནི་ཡི་གེ་བཏུ་བའོ། །ཡི་གེ་བཅུ་དགུ་པ་བླང་ཞེས་བྱ་བ་ནི་ཡི་གེ་གའོ། །མེའི་བུ་ནི་ར་སྟེ་དེ་དང་ལྡན་པའོ། །རེའུ་མིག་གསུམ་
པར་ཕྱེ་ཞེས་བྱ་བ་ནི་ཡི་གེ་ཨི་དང་ལྡན་པའོ། །ཡ་ཚན་བརྒྱད་པའི་ས་བོན་ཞེས་བྱ་བ་ལ། ཡ་ཚན་བརྒྱད་ནི་ཡི་གེ་ཧའོ། །རེའུ་མིག་སུམ་ཅུ་རྩ་དྲུག་པ་ནི་ཡི་གེ་ན་དང་ཡང་དག་པར་ལྡན་པའོ། །སླར་ཡང་ཡི་གེ་དེ་དག་ཉིད་ཅེས་བྱ་བ་ནི་ཚིག་འདི་ཉིད་ལན་གཉིས་བརྗོད་པར་བྱ་བའོ། །དེ་ནས་
རང་འབྱུང་བླངས་ནས་ནི། །ཞེས་བྱ་བ་ལ། རང་འབྱུང་ནི་ཡི་གེ་ཧའོ། །ལྔ་པས་དབྱེ་བ་ནི་ཡི་གེ་ཨུ་དང་ལྡན་པའོ། །ཐིག་ལེས་སྤྱི་བོ་རྣམ་པར་བརྒྱན། །ཞེས་བྱ་བ་ནི། རྗེས་སུ་དབྱངས་དང་ལྡན་པར་བྱ། །ཞེས་ཚིག་གཉིས་པ་བཏུ་བར་བྱའོ། །རེ་མིག་བཅུ་དགུ་པ་ཉིད་ལ། །ཞེས་བྱ་བ་
ལ། བཅུ་དགུ་པ་ནི་ཡི་གེ་གའོ། །ཉི་ཤུ་རྩ་བདུན་པ་ཡིས་ཕྱེ། །ཞེས་བྱ་བ་ནི་ར་དང་ལྡན་པར་བྱའོ། །གསུམ་པ་དང་ནི་ཡང་དག་ལྡན། །ཞེས་བྱ་བ་ནི་ཡི་གེ་ཨི་དང་ལྡན་པར་བྱའོ། །སུམ་ཅུ་རྩ་གསུམ་ལེགས་བླངས་ཏེ། །ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པ་ནི་ཧའོ། །རེའུ་
མིག་གཉིས་པ་ནི་དབྱངས་ཀྱི་ཡི་གེ་གཉིས་དང་ལྡན་པའོ། །ཡི་གེ་ཉི་ཤུ་པ་དང་ལྡན། །ཞེས་བྱ་བ་ལ་ཉི་ཤུ་པ་ནི་ན་དང་ལྡན་པའོ། །རེའུ་མིག་ཉི་ཤུ་རྩ་གཅིག་པ་ཞེས་བྱ་བ་ནི་ཡི་གེ་པའོ། །དེ་བཞིན་ཉི་ཤུ་དྲུག་པ་ནི་ཡི་གེ་ཡའོ། །ཚིག་ནི་ལན་གཉིས་གོམས་པ་ཉིད། །ཅེས་བྱ་བ་ནི།
ཚིག་འདི་ཡང་རྣམ་པ་གཉིས་སུ་དགོད་པར་བྱའོ། །གོ་རིམས་བསྟན་ནས། ད་ནི་རིམ་པ་བཟློག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་གོ་རིམས་བཟློག་པས་གཟུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེའུ་མིག་དང་པོ་ནི་ཡི་གེ་ཧའོ། །བཞི་པའི་མཐའ་དང་ཡང་དག་ལྡན། །ཞེས་བྱ་བ་
เล่ม ๑๖ · หน้า 298b
ནི་ཡི་གེ་ཨུ་དང་ལྡན་པའོ། །བཅོ་ལྔ་པས་མཆོད་པ་ནི་ཡི་གེ་ཨཾ་དང་ལྡན་པ་ཞེས་ཚིག་གསུམ་པ་བཏུ་བའོ། །རེའུ་མིག་གཉིས་པའི་ས་བོན་ཞེས་བྱ་བ་ནི་དབྱངས་ཡིག་གཉིས་པའོ། །སུམ་ཅུ་རྩ་དྲུག་བ་ནི་ཡི་གེ་ནའོ། །དེ་བཞིན་དུ་ཉི་ཤུ་རྩ་དྲུག་པ་ནི་ཡི་གེ་ཡའོ། །སུམ་ཅུ་རྩ་གསུམ་ཡང་
དག་བླང་། །ཞེས་བྱ་བ་ལ། སུམ་ཅུ་རྩ་གསུམ་པ་ནི་ཡི་གེ་ཧའོ། །རེའུ་མིག་བཅུ་གསུམ་པ་ཡིས་མཆོད། །ཅེས་བྱ་བ་ནི་ཡི་གེ་ཨོ་དང་ལྡན་པའོ། །རེའུ་མིག་བཅུ་པ་ཉིད་ཅེས་བྱ་བ་ནི་གོ་བཟློག་བའི་ཕྱིར་ཡི་གེ་བྷའོ། །བཅུ་དགུ་པ་ཞེས་བྱ་བ་ནི་ཡི་གེ་གའོ། །ཉི་ཤུ་གསུམ་པ་
ཉིད་ཅེས་བྱ་བ་ནི་ཡི་གེ་པའོ། །རེའུ་མིག་གཉིས་དང་ཡང་དག་ལྡན། །ཞེས་བྱ་བ་ནི། དབྱངས་ཡིག་གཉིས་པ་དང་ཡང་དག་ལྡན་པའོ། །ཐིག་ལེས་སྤྱི་བོར་བརྒྱན་པ་ནི། །རྗེས་སུ་དབྱངས་དང་ལྡན་པའོ། །དེ་ནས་ཆུ་ཡི་ས་བོན་གཟུང་། །ཞེས་བྱ་བ་ལ། ཆུའི་ས་བོན་ནི་ཡི་གེ་ཝའོ། །
བརྒྱད་པའི་མཐའ་ཞེས་བྱ་བ་ནི་ཡི་གེ་ཛའོ། །མེའི་བུས་དབྱེ་བ་ནི་ཡི་གེ་ར་དང་ལྡན་པའོ། །ཧཱུཾ་ཧཱུཾ་ཕཊ་ཀྱིས་མཐའ་སྦྱར་བ། །ཞེས་བྱ་བ་ནི་མཐར་ཧཱུཾ་ཧཱུཾ་དང་ཕཊ་སྦྱར་བའོ། །ཚིག་བཞིའི་བདག་ཉིད་ཀྱི་སྔགས་འདི་ཁམས་གསུམ་ལས་རྒྱལ་བའི་ངང་ཚུལ་དང་ལྡན་པའི་ཕྱིར། འཇིག་རྟེན་
གསུམ་ལས་རྣམ་པར་རྒྱལ་བའོ། །ཨོཾ་ནི་ཀུན་ལས་གསལ་བྱེད་ཡིན། །ཞེས་བྱ་བ་ལ། དང་པོའི་ཡི་གེ་ཨོཾ་གྱིས་གསལ་བར་གྱིས་ཤིག །ཡི་གེ་ཧཱུཾ་དང་ཕཊ་ཀྱི་ཚིག་གི་ཁྱད་པར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་འདི་གང་གིས་ཡིན་ཞེ་ན། རིག་པའི་རྒྱལ་པོ་
འཁོར་ལོས་སྒྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་པ་ནི་སྐུ་ཡིན་ཏེ། དེའི་གཟི་བརྗིད་དང་ལྡན་པས་ན་རིག་པའི་རྒྱལ་པོའོ། །འཁོར་ལོ་ནི་ལྔ་སྟེ། སྐུ་དང་གསུང་དང་ཐུགས་དང་དམ་ཚིག་དང་ཡེ་ཤེས་ཀྱི་འཁོར་ལོ་སྟེ། ལྔ་པོ་དེའི་དབུས་ན་གནས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་
འཁོར་ལོས་སྒྱུར་བའོ། །རིག་པའི་རྒྱལ་པོ་འཁོར་ལོས་སྒྱུར་བའི་རྡོ་རྗེ་ཧཱུཾ་མཛད་དེའི་སྔགས་འདི་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་མ་བསྟན་པའི་བདག་ཉིད་བཅོམ་ལྡན་འདས་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་ལ་བཤད་པའི་རྒྱུད་ལས། ནམ་མཁའི་ཁམས་སུ་ཡིད་འོང་པར། །
เล่ม ๑๖ · หน้า 299a
པདྨའི་ལྟེ་བའི་དབུས་གནས་པར། །གདུག་པ་ཐམས་ཅད་གནོན་བྱེད་པའི། །རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱ། །ཕྱག་ནི་བཅུ་དྲུག་ཡང་དག་ལྡན། །ཞལ་ནི་བརྒྱད་པོ་རྣམ་པར་འཇིགས། །མཆེ་བ་གཙིགས་ཤིང་དྲག་པོའི་ཞལ། །ཐོད་པའི་ཕྲེང་བར་ཡང་དག་ལྡན། །ཡན་ལག་
རྒྱན་རྣམས་ཀུན་གྱིས་བརྒྱན། །སངས་རྒྱས་ལྔ་ཡི་སྤྱི་གཙུག་ཅན། །དམར་པོ་སྤྱན་གསུམ་ཉིད་དང་ནི། །ཕྱག་རྒྱ་དྲུག་གིས་རྣམ་པར་མཛེས། །གཡས་བརྐྱང་ཞབས་ཀྱིས་སྐལ་ལྡན་མགོ །སྐལ་ལྡན་མ་ཡི་ནུ་མ་གནོན། །མགོ་ཡི་ཆུན་འཕྱང་སྐུ་ལུས་དྲག །ཐོད་ཕྲེང་སྐུ་རེགས་
འཆིང་མཛད་ཅིང་། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །ཁམས་གསུམ་རྣམ་རྒྱལ་ཞེས་བྱའོ། །དཔྲལ་བ་དང་ནི་སྙིང་ག་ཉིད། །ཕྱག་རྒྱ་འདི་ཡིས་བགེགས་འཇོམས་པ། །མཛུབ་མོ་ལྕགས་ཀྱུ་བཅིངས་པ་ནི། །ཁམས་གསུམ་རྣམ་རྒྱལ་ཞེས་བཤད་དོ། །ཐོད་པ་ཁྲི་ཡི་ཡན་
ལག་དང་། །དེ་བཞིན་རལ་གྲི་ལྕགས་ཀྱུ་འཛིན། །ཞགས་པ་སྡིགས་མཛུབ་འཁོར་ལོ་དང་། །རིན་ཆེན་ཐོ་བ་དག་ཀྱང་འཛིན། །རྩེ་གསུམ་མགོ་བོ་ཅང་ཏེའུ་དང་། །མི་ཡི་ལྤགས་རློན་སྟེང་དུ་འཛིན། །སྟག་གི་པགས་པའི་གོས་གྱོན་ཅིང་། །རང་འོད་རིག་པའི་བདེ་ཐོབ་པ། །སྔོ་དང་
སེར་དང་དེ་བཞིན་དམར། །ལྗང་གུ་གཡོན་པའི་ཞལ་དགེ་བ། །དཀར་དང་སྔོ་དང་དེ་བཞིན་སེར། །སྟེང་གི་ཞལ་ནི་དམར་པོར་གསུངས། །ཁྲོ་བོ་བཞི་དང་ཡང་དག་ལྡན། །ཞེས་བྱ་བར་གསུངས་སོ། །དེ་ལ་ཁྲོ་བོ་བཞི་བཤད་པར་བྱ་སྟེ། འདོད་པའི་རྒྱལ་པོ་དབྱིག་སྔོན་དང་། །
སྟོབས་པོ་ཆེ་དང་མི་གཡོ་མགོན། །གསུམ་ནི་དཀར་དང་ལྗང་དང་དམར། །བཞི་པ་དེ་བཞིན་སྔོན་དམར་རོ། །མཆེ་བ་གཙིགས་ཤིང་ཞལ་དྲག་པོ། །ཐོད་པའི་ཕྲེང་བས་གཡས་བརྐྱང་བས། །བདུད་བཞི་གནོན་པ་མིའི་རུས་རྒྱན་གྱིས་འཇིགས་སུ་རུང་བ། འོད་ཟེར་འཕྲོ་བའི་འབར་བས་
འཁྲུག་པར་རང་གི་འོད་ཀྱི་རིག་པས་འཁྱུད་ཅིང་། ཁྲོ་བོའི་ལྟ་བས་བལྟ་བ། ཕྱག་དྲུག་དང་ལྡན་ཞིང་ཕྱག་གཉིས་ཀྱིས་རྣམ་པར་རྒྱལ་པའི་ཕྱག་རྒྱ་དཔྲལ་བར་བཅིངས་པས་འབྲེལ་པ། ཕྱག་ལྷག་མ་བཞི་པོ་གོ་རིམས་བཞིན་དུ་ཐོ་བ་དང་། དབྱིག་པ་དང་། རྩེ་གསུམ་དང་། རལ་གྲི་དང་།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด