ตัวบทไม่มีชื่อ — ประโยคแรก: དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗ · หน้า 353b

༄༅༅། །དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ། དཔལ་བདེ་མཆོག་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཀུན་འགྲོ་ཀུན་སྙིང་ནམ་མཁའི་དབུས་གྱུར་མཆོག་ཞི་བ། །ཧེ་རུ་ཀ་དཔལ་མཆོག་ཏུ་མྱ་ངན་འདས་པ་དེ་ཉིད་དངོས། །ཐབས་དང་

ཤེས་རབ་ལས་བྱུང་རབ་གསལ་ཉེ་བར་འབར་བའི་འོད། །ཉི་གཞོན་ཕུན་ཚོགས་བདེ་མཆོག་ཞབས་བཏུད་དེ་ཉིད་བཤད་པར་བྱ། །འགྲེལ་པ་དག་གིས་རྒྱུད་རྒྱལ་ནི། །མ་ལུས་རྣམ་པར་མ་བཀྲོལ་ཞེས། །རྩ་བའི་རྒྱུད་ལས་བདག་གིས་ནི། །གཏམ་དུ་དྲིས་པ་བཞིན་དུ་ཐོས། །བདག་ནི་ཤིན་

ཏུ་བློ་དམན་ཡང་། །བླ་མས་བྱིན་གྱིས་བརླབས་པ་དང་། །བཤད་རྒྱུད་ཡང་དག་རྟོགས་པ་ཡིས། །དེ་དོན་རྩོམ་ཕྱིར་ཉེས་པ་མེད། །རྒྱུད་ཀྱི་བརྗོད་པར་བྱ་བ་ནི་གང་། དགོས་པའི་དགོས་པ་ནི་གང་ཞིག །དེ་ནས་ཞེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་རྗོད་པར་བྱེད་པའི་རྒྱུད་ཡིན་ལ།

དེ་ནས་བརྗོད་པར་བྱ་བ་ནི་རྒྱུའི་རྒྱུད་དང་ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་དོ། །དེ་ལ་རྒྱུའི་རྒྱུད་ནི་ལེའུ་ཉི་ཤུ་རྩ་དྲུག་པ་ལས་སྟོན་པའི་གང་ཟག་རྣམ་པ་གསུམ་མོ། །ཐབས་ཀྱི་རྒྱུད་ནི་བསྐྱེད་རྫོགས་གཉིས་སོ། །འབྲས་བུའི་རྒྱུད་ནི་སྐུ་གསུམ་མོ། །དེ་ལ་གཙོ་བོར་ཐབས་ཀྱི་རྒྱུད་གསུངས་པ་

ནས་དེ་བརྗོད་པར་བྱ་སྟེ། དེ་ལ་ལེའུ་དང་པོའི་ཚིགས་བཅད་གཅིག་གིས་རྒྱུད་ཀྱི་དགོས་པ་བསྟན་ཏོ། །ཚིགས་བཅད་ཕྱེད་ཀྱིས་མཚན་བསྟན་ཏོ། །ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་རྒྱུད་ཀྱི་གླེང་གཞི་བསྟན་ཏོ། །ཚིགས་བཅད་གཉིས་ཀྱིས་ནི་ལུས་རྣམ་གཞག་བསྟན། ལེའུ་དང་པོའི་ལྷག་མས་

ནི་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་གནས་དང་བཅས་པ་མདོར་བསྟན་པའོ། །ལེའུ་གཉིས་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ཏོ། །ལེའུ་གསུམ་པས་སློབ་མ་དབང་བསྐུར་བ་བསྟན་ཏོ། །ལེའུ་བཞི་པས་ལྷ་དགོད་པ་བསྟན་ཏོ། །དེ་ལྟར་ལེའུ་གསུམ་པ་དང་བཞི་པས་བསྐྱེད་པའི་

རིམ་པ་བསྒོམ་པ་གསུངས་སོ། །ལེའུ་ལྔ་པས་རྐང་པ་བརྒྱད་པའི་གསལ་བྱེད་བཏུ་བ་བསྟན་ཏོ། །ལེའུ་དྲུག་པས་དཔའ་བོ་དྲུག་གི་སྔགས་བཏུ་བ་བསྟན་ཏོ། །ལེའུ་བདུན་པས་རྐང་པ་བརྒྱད་པའི་དབྱངས་ཡིག་བཏུ་བ་བསྟན། ལེའུ་བརྒྱད་པས་སྙིང་པོ་བཞི་དང་གོ་ཆའི་ལྷ་མོ་དྲུག་གི་སྔགས་བཏུ་བ་བསྟན། ལེའུ་

เล่ม ๑๗ · หน้า 354a

དགུ་པས་རྩ་བའི་སྔགས་ཀྱི་ཕྲིན་ལས་ལྔ་བཅུ་བསྟན། ལེའུ་བཅུ་པས་སྙིང་པོ་སྔགས་ཀྱི་མཆོག་དང་འཇིག་རྟེན་པའི་སྔགས་གྲུབ་པ་བསྟན། ལེའུ་བཅུ་གཅིག་པས་དངོས་གྲུབ་ཀྱི་ཁ་ཟས་སྐྱེ་བ་བདུན་པ་བསྟན། ལེའུ་བཅུ་གཉིས་པས་ཉེ་བའི་སྙིང་པོའི་ཕྲིན་ལས་བསྟན། ལེའུ་

བཅུ་གསུམ་པས་གོ་ཆའི་སྔགས་ཀྱི་ཕྲིན་ལས་བསྟན། དེ་ལྟར་ལེའུ་ལྔ་པ་ནས་བཅུ་གསུམ་པའི་བར་གྱིས་བསྐྱེད་པའི་རིམ་པའི་བཟླས་པ་བསྟན་ཏོ། །ལེའུ་བཅུ་བཞི་པས་དངོས་གྲུབ་ཀྱི་དཀྱིལ་འཁོར་ཚོགས་ཀྱི་འཁོར་ལོ་བསྟན། ལེའུ་བཅོ་ལྔ་པ་ནས་ཉི་ཤུ་རྩ་ལྔའི་བར་གྱིས་ཚོགས་ཀྱི་འཁོར་ལོའི་ཡན་

ལག་བསྟན་ཏོ། །ལེའུ་བཅོ་ལྔ་པས་དག་བྱེད་ཀྱི་ལྷ་མོའི་ཡི་གེའི་བརྡ་བསྟན། བཅུ་དྲུག་པས་དག་བྱེད་ཀྱི་ལྷ་མོའི་བརྡའི་མཚན་ཉིད་བསྟན། བཅུ་བདུན་པས་དབང་གི་ལྷ་མོའི་མཚན་ཉིད་བསྟན། བཅོ་བརྒྱད་པས་དཔའ་བོའི་ལྷ་མོའི་མཚན་ཉིད་བསྟན། བཅུ་དགུ་པས་བཀའ་བསྒོ་བའི་མཚན་ཉིད་བསྟན། ཉི་ཤུ་

པས་དབང་གི་ལྷ་མོའི་བརྡ་བསྟན། ཉི་ཤུ་རྩ་གཅིག་པས་དཔའ་བོའི་ལྷ་མོའི་མཚན་ཉིད་དང་། རྩ་གཉིས་པ་ལས་བཀས་གནང་བའི་ལྷ་མོའི་བརྡ་དང་། རྩ་གསུམ་པ་ལས་ཀུན་སྤྱོད་མའི་མཚན་ཉིད་དང་། རྩ་བཞི་པ་ལས་དེའི་བརྡ་དང་། རྩ་ལྔ་པ་ལས་ལྷ་མོ་ལྔའི་ལུས་ལ་དཔའ་བོ་དང་དཔའ་མོ་

དགོད་པའི་སྔགས་སོ། །ལེའུ་ཉི་ཤུ་རྩ་དྲུག་པ་ནས་རྩ་དགུའི་བར་གྱིས་ལེའུ་དང་པོའི་རྫོགས་རིམ་རྒྱས་པར་བཤད་པ་ལས། རྩ་དྲུག་པས་རྒྱུ་དང་ཐབས་དང་འབྲས་བུ་གསུམ་བསྟན། རྩ་བདུན་པས་སྦྱོར་བ་དང་དངོས་གཞི་དང་རྗེས་གསུམ་བསྟན། རྩ་བརྒྱད་པས་རྫོགས་པའི་རིམ་པའི་གཞན་དོན་

བསྟན། རྩ་དགུ་པས་དབང་བཞི་པ་བསྟན། ལེའུ་སུམ་ཅུ་པས་བསྐྱེད་པའི་རིམ་པ་སྲུང་བའི་འཁོར་ལོ་བསྟན་ཏོ། །སུམ་ཅུ་རྩ་གཅིག་ནས་བཞི་བཅུ་པའི་བར་གྱིས་དངོས་གྲུབ་ལེན་པའི་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་བསྟན། བཞི་བཅུ་རྩ་གཅིག་པ་ནས་ལྔ་བཅུའི་བར་གྱིས་དངོས་གྲུབ་ལེན་པའི་གསང་

སྔགས་ཀྱི་འཁོར་ལོ་བསྟན་ཏོ། །ལེའུ་ང་གཅིག་པས་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་བསྟན་པའོ། །དེ་ལྟར་ན་ལེའུ་ལྔ་ནི་རྫོགས་པའི་རིམ་པ་ཡིན་ལ། ལེའུ་བཅུ་གསུམ་ནི་བསྐྱེད་པའི་རིམ་པ་ཡིན། ལེའུ་བཅུ་གཉིས་ནི་གཉིས་ཀའི་ཡན་ལག་ཚོགས་ཀྱི་འཁོར་ལོ་ཡིན་ལ། མཚན་མ་ཐོབ་ནས་དངོས་

เล่ม ๑๗ · หน้า 354b

གྲུབ་ལེན་པ་ནི་ལེའུ་ཉི་ཤུ་ཡིན་ལ། ཐབས་ཀྱི་ཁ་སྐོང་བ་ནི་ལེའུ་ང་གཅིག་པ་ཡིན་ནོ། །དེ་ལྟར་ན་ཐབས་འབྲས་བུ་དང་བཅས་པ་ནི་བརྗོད་པར་བྱ་བ་ཡིན་ལ། ཐོས་བསམ་སྒོམ་གསུམ་གྱིས་དེ་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ལ། མཚན་མ་ཐོབ་ནས་དངོས་གྲུབ་གསུམ་བསྐྱེད་པ་ནི་དགོས་པའི་ཡང་དགོས་པ་ཡིན་

ནོ། །འབྲེལ་བ་ནི་དེའི་བདག་ཉིད་དང་ཐབས་དང་ཐབས་ལས་བྱུང་བའོ། །དེའི་བསྡུས་པའི་དོན་ནི་ཐབས་དང་བསྐྱར་བའི་ཆོ་ག་དང་དངོས་གྲུབ་ལེན་པའི་ཁ་བསྐང་བའོ། །བསྐྱེད་རྫོགས་གཉིས་ནི་ཐབས་ཡིན་ལ། ཚོགས་ཀྱི་འཁོར་ལོ་ནི་བསྐྱར་བའི་ཆོ་ག་ཡིན་ལ། རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་ནི་འབྲས་

བུ་དངོས་གྲུབ་ལེན་པ་ཡིན་ལ། ལེའུ་ང་གཅིག་པ་ནི་ཁ་བསྐང་བའི་མན་ངག་གོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྩ་བའི་རྒྱུད་ལེའུ་འབུམ་པ་དང་། རྒྱུད་ཕྱི་མ་ཤློ་ཀ་འབུམ་པ་རྫོགས་པའི་རྗེས་ལ་ལེའུ་ང་གཅིག་པ་སྟོན་པར་བཞེད་ནས་ད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །

དེ་ཡང་དཔའ་བོ་དང་དཔའ་མོ་བརྗོད་ཀྱིས་མི་ལང་བས་ཕྱག་འཚལ་ནས་བདུད་རྩི་རྣམ་པ་ལྔས་མཆོད་དེ་བསྟོད་ནས་གསོལ་བ་བཏབ་པའི་རྗེས་ཐོགས་ལ། དེ་ནས་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ཡང་ཐོག་མར་རྒྱུད་ཀྱི་བརྗོད་བྱ་སྟོན་པར་བཞེད་ནས། གསང་བ་བཤད་བྱ་བ་ཞེས་པ་གསུངས་ཏེ། གསང་

བའི་དོན་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པའི་གསང་བ་ནི་གཉིས་ཏེ། དཔའ་བོ་གཅིག་པུ་བསྒོམ་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའོ། །དེ་ཅིའི་ཕྱིར་གསང་བ་ཡིན་ཞེ་ན། དཔལ་མཆོག་དང་པོ་ལས་ཡེ་ཤེས་སེམས་

དཔའ་སྙིང་གར་བཅུག་པས་ན་གསུངས་པའི་ཕྱིར་རོ། །རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང་། །གསང་ཆེན་ཐེག་པ་འདི་རུ་ནི། །ཞུགས་པ་གང་དང་གང་ཡིན་པ། །རྒྱལ་བའི་གནས་ཀྱི་ས་ཐོབ་འགྱུར། །ཞེས་གསུངས་སོ། །རྫོགས་པའི་རིམ་པ་ནི་ཕྱག་རྒྱ་བཞི་དང་ཐབས་བཞི་དང་ལྡན་པས་གསང་བའོ། །ཅིའི་ཕྱིར་

གསང་བ་ཡིན་ཞེ་ན། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱིས་མ་གོམས་པར་བདེ་བ་སྟོང་པ་ཉིད་མ་རྟོགས་པའི་ཕྱིར་རོ། །དེ་ཡང་འདི་ཉིད་ལས། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་

เล่ม ๑๗ · หน้า 355a

དང་། ཁ་སྦྱོར་ལས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་པས་ན་གསང་བ་ཞེས་གསུངས་སོ། །བཤད་བྱ་ཞེས་བྱ་བ་ནི་སྒྲའི་དགོས་པ་བསྟན་པ་སྟེ། སྔོན་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ཁོང་དུ་ཆུད་པ་ཡིན་ཡང་། ད་ལྟར་རྣལ་འབྱོར་པ་རྣམས་

ཀྱིས་རྟོགས་པའོ། །དེའི་རྗོད་པར་བྱེད་པ་ཇི་ལྟར་ཡིན་ཞེ་ན། མདོར་བསྡུས་པ་སྟེ་རྒྱས་པར་མིན། །ཞེས་བྱ་བ་གསུངས་ཏེ་རྒྱུད་ལེའུ་འབུམ་པ་ལས་འདིར་མདོར་བསྡུས་པ་དང་། ཤློ་ཀ་འབུམ་པ་ལས་མདོར་བསྡུས་པས་ན་རྒྱས་པར་མིན་པ་སྟེ་ལྟོས་ས་གཉིས་ནས་ཕྱི་མའི་ཕྱི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

བརྗོད་པར་བྱ་བ་དེ་ཉིད་གསལ་བར་བསྟན་པ་ནི། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །ཞེས་བྱ་བ་གསུངས་ཏེ། མཚན་ཉིད་པ་སྐུ་གསུམ་གྱི་རང་བཞིན་ཡིན་ཡང་དེའི་རྒྱུ་བ་བསྐྱེད་རྫོགས་གཉིས་ཀྱི་ཐབས་ལ་དཔལ་ཧེ་རུ་ཀ་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྡར་བཏགས་པ་ཡིན་ནོ། །ཡང་དག་སྦྱོར་

ཞེས་བྱ་བ་ནི་ཤེས་རབ་སྟོན་ཏོ། །དངོས་ཀྱི་ཡུམ་ས་བཅུ་གཉིས་པའི་སྟོང་པ་ཉིད་ཤེས་རབ་ཡིན་ལ། དེའི་རྒྱུའི་བསྐྱེད་རྫོགས་གཉིས་ཀྱི་ཤེས་རབ་ལ་བཙུན་མོ་ཞེས་བརྡར་བཏགས་པ་ཡིན་ནོ། །ཐབས་ནི་དུ། ཤེས་རབ་ནི་དུ་ཞེ་ན། བསྐྱེད་པའི་རིམ་པའི་དཔའ་བོ་གཅིག་པུ་དང་། དཀྱིལ་འཁོར་འཁོར་ལོ་རྫོགས་

པའི་ཐབས་དང་ཤེས་རབ་དང་། རྫོགས་པའི་རིམ་པའི་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོའི་ཐབས་དང་ཤེས་རབ་བོ། །དེའི་མཚན་ཉིད་ཕྱིས་བཤད་པར་བྱའོ། །ཡང་དག་སྦྱོར་ཞེས་བྱ་བ་ནི་མཉམ་པར་སྦྱོར་བའི་དོན་ཡིན་ཏེ། ཇི་ལྟར་ན་མཉམ་པར་སྦྱོར་བའི་དོན་

ཡིན། རྣམ་པར་རྟོག་པའི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་བདེ་བ་རྟོགས་པ་མངོན་སུམ་དུ་སྐྱེ་བ་དང་། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མཐོང་བས་ཡུལ་ཇི་ལྟ་བ་བཞིན་གྱི་རྣམ་པར་ཤེས་པ་སྐྱེས་པས་མཉམ་པར་སྦྱོར་ཞེས་བྱའོ། །ས་བཅུ་གཅིག་པའི་ཡེ་ཤེས་ཀྱི་

ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་མཉམ་པར་སྦྱོར་བ་ནི་འདིར་མ་ཡིན་ནོ། །དགོས་པ་གང་ཞེ་ན། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་རྣམས་ཀྱི་འདོད་པའི་དོན་ནི་འཇིག་རྟེན་པའི་དངོས་གྲུབ་འདོད་པའི་ཁམས་ཀྱི་ཡོན་ཏན་དང་། ཐུན་མོང་གི་དངོས་གྲུབ་བསམ་གཏན་

เล่ม ๑๗ · หน้า 355b

དང་། གཟུགས་མེད་ཀྱི་ཏིང་ངེ་འཛིན་དང་། མཆོག་གི་དངོས་གྲུབ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ། །སངས་རྒྱས་ཀྱི་གཞན་དོན་སྐུ་གཉིས་ཀྱི་མཛད་པ་ནི་འདིར་རྒྱུའི་སྐབས་ཡིན་པས་བརྗོད་པར་མི་བྱའོ། །དགོས་པ་དེ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་ཡིན་ན་བདེ་བར་

གཤེགས་པས་ད་ལྟར་གྱི་རྒྱུད་གང་ཞིག་གསུངས་པ་སྙམ་དུ་བྱང་ཆུབ་སེམས་དཔའ་རྣམས་རྟོག་པ་ལ། ཕྱི་མ་ལས་ཀྱང་ཕྱི་མ་སྟེ། མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་མཚན་གསུངས་པ་ཡིན་ནོ། །མཚན་ནི་རྡོ་རྗེའི་ཚིག་ཡིན་པས་བརྗོད་བྱ་རྣམ་པ་གསུམ་དུ་གྱུར་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་

སའི་སྙིང་པོས་དབྱིངས་སུ་རྟོགས་པ་དང་། སྤྱན་རས་གཟིགས་ཀྱིས་སྔགས་སུ་རྟོགས་པ་དང་འཇམ་དཔལ་གྱིས་ཆོས་སུ་རྟོགས་པའོ། །དེ་ལ་དབྱིབས་ནི་རྩའི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ཕབ་པས་དགའ་བ་བཞི་སྡོམ་པའོ། །སྔགས་ནི་དབུགས་འབྱུང་རྔུབ་ཀྱིས་འཁོར་ལོ་སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་པས་མི་

རྟོག་པའི་སྡོམ་པའོ། །ཆོས་ཉིད་སྟོང་པ་ཉིད་ལ་སྒྱུ་མའི་ཡེ་ཤེས་སྐྱེས་པས་བདེ་བ་ཆེན་པོས་སྡོམ་པའོ། །ཅིའི་ཕྱིར་ཕྱི་མའི་ཕྱི་མ་ཡིན་ཞེ་ན། ལེའུ་འབུམ་པ་ནི་རྩ་བའི་རྒྱུད་ཡིན་ལ། །ཤློ་ཀ་འབུམ་པ་ནས་ནམ་མཁའ་དང་མཉམ་པའི་ཕྱིར་ཕྱི་མ་ཡང་ལེའུ་ལྔ་བཅུ་རྩ་གཅིག་པ་ནི་ཕྱི་མའི་ཕྱི་མ་ཡིན་པས་

སོ། །སྤྲུལ་པའི་སྐུ་ཅིའི་ཕྱིར་བདེ་མཆོག་མ་ཡིན་ཞེ་ན། དེ་ནི་རྗོད་པར་བྱེད་པ་མ་ཡིན་ཏེ། ལ་ལས་གཟུགས་ཀྱི་རྣམ་པར་རྟོག་པས་ཆོས་སྟོན་པ་དང་། ལ་ལ་སྒྲའི་རྣམ་པར་རྟོག་པས་ཆོས་སྟོན་པའི་ཕྱིར་རོ། །དེ་ལ་གཟུགས་ཀྱི་རྣམ་པར་རྟོག་པ་ལ་མོས་པ་ལ་ལྷའི་སྐུ་བསྒོམ་པ་དང་། སྒྲའི་རྣམ་

པར་རྟོག་པ་ལ་མོས་པས་སྔགས་བཟླས་པས་བཅོས་མ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རང་བཞིན་མ་གྲུབ་རྟོག་པའི་ཕྱིར། །ཕྱི་རོལ་བཅོས་མ་རབ་ཏུ་སྦྱར། །ཞེས་གསུངས་པས་སོ། །སྟོན་པ་ནི་སུ་ཞིག །གནས་ནི་གང་དུ། དུས་ནི་ནམ་གྱི་ཚེ་འཁོར་ནི་སུ་དག་དང་། ཆོས་ནི་ཅི་ཞིག་བསྟན་སྙམ་པ་ལ་བཅོམ་

ལྡན་འདས་ཀྱིས་གླེང་གཞི་གསུངས་པ་ནི། གསང་བ་མཆོག་གི་དགྱེས་པ་ན། །ཞེས་པ་ནས། མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་གསང་བ་ནི་དགའ་བའི་གནས་སོ། །མཆོག་ནི་མཆོག་དགའི་གནས་སོ། །དགྱེས་པ་ནི་ལྷན་ཅིག་སྐྱེས་དགའི་གནས་སོ། །

เล่ม ๑๗ · หน้า 356a

འཛམ་བུའི་གླིང་གྲུ་གསུམ་ན་བཞུགས་པའོ། །ཐམས་ཅད་བདག་ཉིད་ནི་གཅིག་སྟེ། གདུལ་བྱའི་འཁོར་དྲག་པོ་འཇིགས་བྱེད་དང་། ཉན་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སྤྲུལ་པའི་འཁོར་རིགས་ལྔའི་དཔའ་བོ་དཔའ་མོ་དང་། སྡུད་པ་པོའི་འཁོར་ལྕང་

ལོ་ཅན་གྱི་བདག་པོའོ། །རྟག་ཏུ་བཞུགས་ཞེས་བྱ་བ་ནི་དུས་དེ་གཉིས་ལྡན་གྱི་དུས་སུ་དྲག་པོ་འཇིགས་བྱེད་བཏུལ་བའི་ཚེའོ། །བཞུགས་ཞེས་བྱ་བ་ནི་གནས་དང་སྦྱར་ན་སངས་རྒྱས་ཀྱི་ཞིང་དུ་སྟོན་པ་ཡིན་ལ། སྟོན་པ་དང་སྦྱར་ན་དབང་བྱས་པ་དང་ལོངས་སྤྱོད་པའི་མཛད་པ་རྣམས་དང་ལྡན་པར་སྟོན་པ་ཡིན་

ནོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་བྱ་བ་ནི་སྤྲུལ་པའི་སྐུ་སྟེ་འབྲས་བུའི་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་ནི་གཉིས་ཏེ། རྟོག་པ་མེད་པའི་ཞི་གནས་ཀྱི་ནམ་མཁའ་བསམ་གཏན་བཞི་དང་གཟུགས་མེད་པར་འགྲོ་བ་དང་གཟུང་འཛིན་དང་བྲལ་བའི་ལྷག་མཐོང་སྟོང་པ་

ཉིད་ཀྱི་ནམ་མཁའ་སྟེ་ས་བཅུ་གཅིག་ཏུ་འགྲོ་བའོ། །ཀུན་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་ཐོབ་པ་ནི་འཇིག་རྟེན་གྱི་མཁའ་འགྲོ་དུར་ཁྲོད་བརྒྱད་ན་གནས་པ་ཀུན་ནམ། ས་བཅུ་གཅིག་རྟོགས་པའི་འཇིག་རྟེན་ལས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་

འཁོར་ལོ་ལྔའི་དབུས་ན་བདག་པོ་འབྲས་བུ་ཧེ་རུ་ཀ་ནི་གཙོ་བོ་ཡིན་པས་དངོས་ཞེས་བྱའོ། །སེམས་ནི་སྙིང་རྗེའི་དབང་གིས་རྒྱ་ཆེ་བའི་སེམས་ཅན་ལ་དམིགས་པའམ། ཤེས་རབ་ཀྱི་དབང་གིས་ཟབ་པའི་ཆོས་ཉིད་ལ་གཟིགས་པས་ན་སེམས་དཔའོ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་བྱ་བ་

ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་རྒྱུའི་ཧེ་རུ་ཀའོ། །རྡོ་རྗེ་ནི་ས་བཅུ་གཅིག་པའི་སྟོང་པ་ཉིད་དེ་དེ་ལ་སེམས་དཔའ་ནི་དག་པའི་འཇིག་རྟེན་པའི་ཡེ་ཤེས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བས་ན་དཔའ་བའོ། །སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་རོ་གཅིག་པས་ན་བདེ་མཆོག་ནི་ཇི་སྙེད་པའམ་ཇི་ལྟ་བ་

མཁྱེན་པའི་ཡེ་ཤེས་སོ། །འདི་ནི་རང་བྱུང་བཅོམ་ལྡན་དཔའ། །ཞེས་བྱ་བ་ནི་ཆོས་ཀྱི་སྐུ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །རང་བྱུང་ནི་སེམས་རང་གི་འོད་གསལ་ཉམས་སུ་མྱོང་བའི་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་གྱི་གློ་བུར་གྱི་རྒྱུ་རྐྱེན་ལས་མ་སྐྱེས་པས་ན་རང་བྱུང་ངོ་། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་

เล่ม ๑๗ · หน้า 356b

འདས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་སྤངས་པས་ན་དཔའ་བའོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་བྱ་བ་ནི་བཤད་པའི་ཆོས་ཏེ་སྤྲུལ་པའི་སྐུ་དཔའ་བོ་དང་དཔའ་མོའི་དྲ་བའི་སྡོམ་པའམ་དབྱིབས་དང་སྔགས་དང་ཆོས་ཀྱི་བདེ་མཆོག་ཡིན་པས་ན་སྡོམ་པའོ། །ཕུན་སུམ་

ཚོགས་པ་ལྔའི་གླེང་གཞི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་གྲུབ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགོངས་པ་ཅི་ཡོད་ཅེ་ན་འདི་ནི་དགོངས་པས་བཤད་པ་ཡིན་ཏེ། སའི་སྙིང་པོས་དབྱིངས་སུ་གོ་བ་དང་། སྤྱན་རས་གཟིགས་ཀྱིས་སྔགས་སུ་གོ་བ་དང་། འཇམ་དཔལ་གྱིས་ཆོས་

སུ་གོ་བའོ། །དེ་ལ་དབྱིངས་ནི་ལས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་བྷ་ག་ནི་གནས་ཡིན་ལ་དེ་ཡང་མཚན་ཉིད་གསུམ་སྟེ། དགའ་བ་འབྱུང་བས་གསང་བ་དང་། མཆོག་དགའ་འབྱུང་བས་མཆོག་དང་། ལྷན་ཅིག་སྐྱེས་དགའ་འབྱུང་བས་ན་དགྱེས་པའོ། །ཐམས་ཅད་བདག་ཉིད་འཁོར་ལོ་སྟེ་རྩ་དྲུག་ཅུ་རྩ་

བཞིའོ། །རྟག་ཏུ་བཞུགས་ནི་དགའ་བ་བཞིའི་དུས་སོ། །སྐུ་གསུམ་ནི་ལྐོག་མ་དང་སྙིང་ག་དང་ལྟེ་བར་ཕྱིན་པའི་བདེ་བའོ། །སྟོན་པ་དེས་བཤད་པའི་འཁོར་ལོ་བཞི་ཁྱབ་པ་ནི་འཁོར་རོ། །སྔགས་ནི་དཀྱིལ་འཁོར་གྱི་ལུས་ཀྱི་གནས་ན་དབུགས་འབྱུང་རྔུབ་གསུམ་གྱི་མཚན་ཉིད་དང་ལྡན་པས་ན་གསང་

བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །རྟག་ཏུ་བཞུགས་ནི་རླུང་གཉིས་འགོག་པའི་དུས་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའོ། །སྟོན་པ་པོ་ནི་རྩ་གསུམ་གྱི་རླུང་དབུས་སུ་ཆུད་པས་མི་རྟོག་པ་སྐྱེས་པའོ། །དེས་བཤད་པའི་ཆོས་ནི་དབུགས་ཉི་ཁྲི་ཆིག་སྟོང་

དྲུག་བརྒྱའི་དྲ་བ་སྡོམ་པ་ལས་བདེ་བ་སྐྱེས་པའོ། །དེ་ལ་ཆོས་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་གནས་སོ། །དེ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དང་ལྡན་པས་གསང་བ་མཆོག་གི་དགྱེས་པ་ནའོ། །ཐམས་ཅད་བདག་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་

སུམ་ཅུ་རྩ་བདུན་ནོ། །རྟག་ཏུ་བཞུགས་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ། ཤེས་རབ་ཡེ་ཤེས་ཡུལ་གྱི་སྟོང་པ་ཉིད་དང་དབང་བཞི་པ་ཡུལ་ཅན་གྱི་སྟོང་པ་ཉིད་མཐོང་བའི་དུས་སོ། །རྟག་ཏུ་བཞུགས་ནི་སེམས་འོད་གསལ་བའི་རང་བཞིན་གྱིས་གནས་པའོ། །སྟོན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་གོང་

เล่ม ๑๗ · หน้า 357a

བུའི་གཟུགས་ལས་འདས་པར་གྱུར་པ་སྤྲུལ་པའི་སྐུ་དང་དངོས་པོ་མེད་པ་ཡིན་ཞེས་གསུངས་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ཡང་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་པས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་སྟོན་པ་དེས་བཤད་པའི་སེམས་ཀྱི་བདེ་མཆོག་གི་དྲ་བ་

སྡོམ་པའོ། །དེ་ལྟ་བས་ན་སྟོན་པའི་གླེང་གཞི་བཤད་པ་ལས་ཀྱི་ཕྱག་རྒྱ་ཆགས་ལམ་བསྒོམ་པ་དང་། ཆོས་དང་། དམ་ཚིག་གིས་ཕྱག་རྒྱ་གྲོལ་བའི་ལམ་བསྟན་པ་དང་། ཕྱག་རྒྱ་ཆེན་པོ་བསྒོམ་པར་རང་ལྷག་པར་གནས་པའི་ལམ་བསྟན་པའོ། །བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ཐིག་

ལེ་ལས་དཀྱིལ་འཁོར་བྷ་གའི་དབང་དུ་བྱས་ནས་འབྱུང་བ་བཞིའི་རྩའི་དབུས་སུ་ནམ་མཁའི་རྩ་གནས་སུ་བཤད་པས་འབྱུང་བ་ལྔ་དང་སྦྱར་བ། དཀྱིལ་འཁོར་ལུས་ཀྱི་དབང་དུ་བྱས་ནས་རླུང་ལྔ་སྟོན་པ་དང་། དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་དབང་དུ་མཛད་ནས་ཡི་གེ་བཅུ་དྲུག་གིས་ཀུན་བརྟགས་

པ་དང་གཞན་དབང་གི་སྣང་བ་སྤངས་པའི་ཡོངས་སུ་གྲུབ་པའི་འོད་གསལ་བའི་སྣང་བ་བཤད་པས་སྟོང་པ་ཉིད་བཅུ་དྲུག་མཚོན་པ་ཡིན་པས་བཤད་པའི་རྒྱུད་ཀྱི་དོན་ལ་རྨོངས་པར་མི་བྱའོ། །དེ་ལྟར་གླེང་གཞི་བཤད་ནས་རྒྱུད་ཀྱི་ལུས་མདོར་གཞག་པར་བཞེད་པ་ནི། སྒྲ་ཡི་ཚུལ་ལ་ངེས་འབྱུང་

རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ནི་རླུང་དབུས་མ་ལས་འབྱུང་བའི་ཡི་གེ་ཧཱུཾ་ངོ་། །དེ་ལས་འབྱུང་བ་ནི་ལྷ་དྲུག་ཅུ་རྩ་གཉིས་ཏེ། སྤྲུལ་པ་ལས་འབྱུང་དཔའ་བོ་རྣམས། །ཡན་ལག་དྲུག་ཅུ་སེམས་ཀྱིས་སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་

བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དམ་ཚིག་སྤྱོད་པ་ནི་རྟེན་གྱི་གང་ཟག་རྣལ་འབྱོར་པའོ། །སྤྱོད་ཡུལ་ནི་ལྷའི་འཁོར་ལོའོ། །དེ་ཡང་ཇི་ལྟ་བུར་བསྒོམ་པར་བྱ་ཞེ་ན། ཐོག་མ་དབུས་མཐར་རྣམ་པར་བཞེས། །ཞེས་བྱ་བར་གསུངས་ཏེ། ཐོག་མ་ནི་གནས་པའི་རྣལ་འབྱོར་ཏེ་ཚད་མེད་པ་

བྱིན་གྱིས་བརླབས་པ་དང་ཚོགས་བསགས་པ་དང་། སྟོང་པ་ཉིད་ལ་གནས་པའི་རྣལ་འབྱོར་རོ། །དབུས་ནི་ལྡང་བ་འཇུག་པ་ཡོངས་སུ་རྫོགས་པ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། སྲུང་བའི་འཁོར་ལོ་དང་། མཆོད་པའི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་དེ་རྣམ་པ་གསུམ་

เล่ม ๑๗ · หน้า 357b

མོ། །མཐར་ཉེ་བར་བསྡུ་བ་དང་ཀུན་དུ་སྤྱོད་པ་སྟེ་ལྡང་བའི་རྣལ་འབྱོར་རོ། །རྣམ་པར་གནས་ཞེས་བྱ་བ་ནི་རྣལ་འབྱོར་རྒྱུད་ལ་སྦྱོར་བ་དང་དངོས་གཞི་རྗེས་འཇུག་དགེ་བར་གནས་པའོ། །དེའི་ཕན་ཡོན་ཅི་ཞིག་ཅེ་ན། འཇིག་རྟེན་གསུམ་དུ་རྙེད་དཀའ་ཞེས་བྱ་བ་གསུངས་ཏེ། ས་བླ་དང་

ས་འོག་དང་ས་སྟེངས་གསུམ་དུ་ཡེ་ཤེས་སེམས་དཔའ་ལུས་ལ་འཇུག་པ་དང་འཆིང་བའི་ཚེ་ཡེ་ཤེས་སེམས་དཔའ་ལ་ཕར་འཇུག་པ་རྙེད་པར་དཀའ་བའོ། །བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཟབ་མོའི་རྫོགས་པའི་རིམ་པའི་དབང་དུ་མཛད་ནས་སྒྲ་ནི་ཨ་ཝ་དྷཱུ་ཏཱིའི་རླུང་ཡིན་ལ་འབྱུང་

བ་ནི་དགའ་བ་བཞིའི་ཤེས་པ་ཡིན་ལ་དམ་ཚིག་སྤྱོད་པ་ནི་སྐྱེ་མཆེད་བཅུ་གཉིས་བདེ་བས་ཁྱབ་པ་ཡིན་ལ། སྤྱོད་ཡུལ་ནི་བདག་བྱིན་གྱིས་རློབ་པའི་ལམ་ལས་ཐམས་ཅད་བདེ་བས་ཁྱབ་པར་རྟོགས་པ་ཡིན་ནོ། །རང་རིག་འོད་གསལ་གྱི་བདེ་བ་དེ་དུས་ཐམས་ཅད་དུ་གནས་པས་ན། ཐོག་མ་

དབུས་མཐར་ཡང་དག་གནས། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དབང་བཞི་པའི་དུས་ཀྱི་ཚེ་མངོན་སུམ་དུ་རྟོགས་པ་ནི་འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བ་ཡིན་ནོ། །དེ་ཡང་ཐབས་གང་གིས་རྟོགས་པར་བྱ་ཞེ་ན། ཤེས་རབ་ཐབས་ཀྱིས་སྦྱོར་ཇི་བཞིན། །ཞེས་པས་ཕྱག་རྒྱ་བཞི་ལས་

བདེ་བ་སྟོང་པ་ཉིད་དུ་རྟོགས་པར་བྱའོ་ཞེས་གསུངས་པས་བཤད་པའི་རྒྱུད་ལ་རྨོངས་པར་མི་བྱའོ། །རྫོགས་པའི་རིམ་པའི་དབང་དུ་མཛད་ནས། ཐབས་དང་ཤེས་རབ་སྦྱོར་བ་བཞིན། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་བྱ་བ་གསུངས་ཏེ། བདེ་བ་རྟོག་པ་མེད་པ་ལྷན་

ཅིག་སྐྱེས་པ་དང་། བདེ་བ་སྟོང་པ་ཉིད་དུ་ཤེས་པ་དོན་གྱི་ལྷན་ཅིག་སྐྱེས་པ་གཉིས་གྲུབ་པར་བྱེད་པའི་ཐབས་ནི་ཤེས་རབ་ཕྱག་རྒྱ་བཞི་དང་ཐབས་བཞི་སྟེ། དེ་ཡང་ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་ནི་ལོ་བརྒྱད་ནས་ཉི་ཤུ་རྩ་བཞིའི་བར་གྱི་བུད་མེད་ཀྱི་ཨ་ཝ་དྷཱུ་ཏཱི་ནམ་མཁའི་རྩའི་རེག་བྱའོ། །

ཆོས་ཀྱི་ཕྱག་རྒྱ་ནི་འདོད་པའི་ཡོན་ཏན་ལྔ་ཡིད་དུ་མི་འོང་བ་དང་། བར་མ་སྤངས་པའི་གཟུགས་སྡུག་པ་དང་སྒྲ་སྙན་པ་དང་དྲི་ཞིམ་པ་དང་རེག་བྱ་རྣམས་ཀྱིས་ཡིད་དུ་འོང་བའོ། །དམ་ཚིག་གི་ཕྱག་རྒྱ་ནི་ས་དང་ཆུ་དང་རླུང་སྤངས་པའི་རླུང་མེའི་དྲོད་ཅན་ནོ། །ཕྱག་རྒྱ་ཆེན་པོ་ནི་རྗེས་སུ་དཔག་པ་དང་ལུང་གིས་བསྟན་

เล่ม ๑๗ · หน้า 358a

པ་དང་ལྐོག་ཏུ་གྱུར་པ་མ་ཡིན་པ་ཆོས་ཉིད་མངོན་སུམ་གྱིས་རྟོགས་པའོ། །ཐབས་ནི་འཁྲུལ་འཁོར་གྱིས་བྱང་ཆུབ་ཀྱི་སེམས་འཛིན་པར་ནུས་པའི་རྣལ་འབྱོར་པའི་ཕྱིའི་ལུས་ཀྱི་དབང་པོ་མངོན་སུམ་ལས་ཀྱི་ཕྱག་རྒྱའི་ཐབས་སོ། །ཆོས་ཀྱི་ཐབས་ནི་ཡུལ་འདོད་པའི་ཡོན་

ཏན་ལྔ་ཡིད་དུ་འོང་བ་ལས་སྐྱེས་པའི་བདེ་བ་ཡིད་ཀྱི་མངོན་སུམ་མོ། །དམ་ཚིག་ཕྱག་རྒྱའི་ཐབས་ནི་ནང་གི་རེག་བྱ་བདེ་བ་སྐྱེས་པའི་ལུས་ཀྱི་དབང་པོ་མངོན་སུམ་མོ། །ཕྱག་རྒྱ་ཆེན་པོའི་ཐབས་ནི་རང་རིག་པའི་མངོན་སུམ་གྱིས་ཆོས་ཉིད་མཐོང་བའི་རྣལ་འབྱོར་པའི་མངོན་སུམ་མོ། །སྦྱོར་ཇི་

བཞིན་ནི་དགའ་བ་གསུམ་ལ་རང་བཞིན་བརྒྱད་ཅུ་དང་བྲལ་ནས་རྟོག་པ་མེད་པའི་རྣམ་པར་ཤེས་པ་དང་། བདེ་བ་སྟོང་པ་ཉིད་ཤེས་པའི་འོད་གསལ་བའི་ཡེ་ཤེས་སོ། །ཡུལ་ཇི་ལྟ་བ་བཞིན་དུ་མངོན་སུམ་གྱི་ལམ་གྱིས་རྟོགས་པས་ན་སྦྱོར་ཇི་བཞིན་ནོ། །སྔགས་བཟླས་ནི་

དབུགས་འབྱུང་རྔུབ་ཨ་ཝ་དྷཱུ་ཏཱིར་བཅུག་པའོ། །བསམ་གཏན་ནི་རྟོག་མེད་ཀྱིས་མཐོང་བའི་སྟོང་པ་ཉིད་དེ་སྣང་བའོ། །སོགས་ནི་བླ་ན་མེད་པའི་སྦྱིན་སྲེག་དང་མཆོད་སྦྱིན་དང་སློབ་དཔོན་ནོ། །དེ་ཡང་ཁ་སྦྱོར་ལས། འབྱུང་རྔུབ་འཁོར་བས་བཟླས་པ་ཡིན། སྒོམ་པ་སོ་སོར་

སྣང་བས་ན། །སློབ་དཔོན་སེམས་ཀྱི་རྒྱལ་པོ་ཡིན། །ཨེ་ཝཾ་ལ་སོགས་གང་གསུངས་པའོ། །ཞེས་གསུངས་སོ། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི་མཚན་ཉིད་ཀྱི་ཐེག་པ་ལྟར་གོམས་པ་ལམ་དུ་བྱེད་པ་མ་ཡིན་པ་ཕྱག་རྒྱ་བཞིའོ། །རྒྱུ་རྐྱེན་བསགས་པ་ལས་བྱུང་བའི་ཡེ་ཤེས་བླ་མའི་མན་

ངག་མངོན་སུམ་གྱི་གཞན་དོན་གྱིས་བསྐྱེད་པས་ན་མཆོག་གི་ཡེ་ཤེས་སོ། །རྒྱུད་ལས་གསུངས་པ་ཞེས་པ་ནི་ལེའུ་འབུམ་པ་དང་ཤློ་ཀ་འབུམ་པ་ལས་སོ། །ཉན་པར་གྱིས་ཞེས་བྱ་བ་ནི་སྡུད་པ་པོ་ལག་ན་རྡོ་རྗེ་ལ་སེམས་རྩེ་གཅིག་པས་ཉོན་ཅིག་ཅེས་པའོ། །དེ་ལྟར་ཚིགས་སུ་བཅད་པ་

གཉིས་ཀྱིས་ལེའུ་ལྔ་བཅུ་རྩ་གཅིག་གི་ལུས་མདོར་གཞག་གསུངས་ནས། དེ་ནི་ལེའུ་དང་པོ་རྫོགས་པའི་རིམ་པའི་མདོར་བསྟན་གནས་དང་བཅས་པ་རྒྱས་པར་བཤད་པར་བཞེད་ནས་དབུགས་འབྱུང་བར་མ་མཆོག་དག་དང་། །དྲི་ཡི་ཞེས་བྱ་བ་གསུངས་ཏེ། དང་པོ་སྣོད་གཅིག་ཏུ་

เล่ม ๑๗ · หน้า 358b

ཟ་བ་ཚོགས་ཀྱི་འཁོར་ལོ་བསྟེན་པའི་རྫས་དང་། དབུགས་འབྱུང་བྱང་ཆུབ་ཀྱི་སེམས་དང་། བར་མ་རང་བྱུང་གི་ཁྲག་དང་། མཆོག་ཤ་ཆེན་པོ་དང་། དྲི་ནི་བཤང་བ་དང་རོའི་ཆུ་ནི་གཅི་བ་དང་། བཅས་པ་ནི་རྟ་དང་གླང་པོ་དང་ཁྱི་དང་བ་ལང་དང་མི་ཤ་སྟེ་ལྔའོ། །དེ་

ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ནས་རིགས་ལྔའི་རང་བཞིན་ཅན་གྱིས་རོ་རྡོ་རྗེ་མར་བསྐྱེད་པའོ། །རྣལ་འབྱོར་པས་དུས་རྟག་ཏུ་ཁྱད་པར་རིགས་ལྡན་རྣམས་ནི་མཆོད་པར་བྱའོ་ཞེས་བྱ་བ་ནི་ཐུན་བཞིའམ་དུས་དྲུག་ཏུ་ཚོགས་ཀྱི་འཁོར་ལོའི་ལྷ་མཆོད་པར་བྱའོ། །རྣལ་

འབྱོར་པ་ནི་རྟེན་གྱི་གང་ཟག་གོ། །དུས་རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པར་དུས་དྲུག་གོ། །ཁྱད་པར་ནི་རྟོག་པ་མེད་པའི་ཤེས་པས་རོ་མྱང་བའི་རིགས་ལྡན་ནི་ལྷ་དྲུག་ཅུ་རྩ་གཉིས་སུ་བསྐྱེད་པའོ། །མཆོད་པ་ནི་ནང་དུ་འཁོར་ལོ་བཞི་པ་ལ་དཀྱིལ་འཁོར་བཞི་བསྒོམ་པ་དང་།

ལུས་ཀྱི་དཀྱིལ་འཁོར་དང་ལྔ་ལ་ནང་གི་སྦྱིན་སྲེག་དབུལ་བའོ། །ཚོགས་ཀྱི་འཁོར་ལོ་དེ་ཡང་གཉིས་སུ་གྱུར་ཏེ་བདུད་རྩི་ལྔའི་རོ་རྡོ་རྗེ་མ་ལ་ཡིད་ནང་དུ་ཆུད་པས་བདེ་བ་རྟོག་མེད་ཀྱི་འདོད་པའི་དངོས་གྲུབ་སྒོམ་པའམ། གལ་ཏེ་ཡིད་ཕྱིར་བྱུང་ན་དུས་དྲུག་ཏུ་རིགས་ལྡན་དཀྱིལ་འཁོར་ལ་སྦྱིན་

སྲེག་གིས་མཆོད་པའོ། །རོ་འབའ་ཞིག་གིས་ཚོགས་ཀྱི་འཁོར་ལོ་བྱའམ་ཞེ་ན། ཕོ་ཉ་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་བྱ་བ་གསུངས་ཏེ། ཕོ་ཉ་ནི་མཚན་ཉིད་དང་ལྡན་པའི་བུད་མེད་དགེ་བསྙེན་མའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་

པ་དང་སྔགས་ཀྱི་དབང་བསྐུར་ཐོབ་པའོ། །དེ་ཡང་། གཞི་ནི་ས་གཞིར་བྱས་ནས་སུ། །རྣལ་འབྱོར་པ་ཡིས་ལོངས་སྤྱོད་བྱ། །ཞེས་གསུངས་སོ། །ལྷན་ཅིག་སྐྱེས་པའི་དངོས་གྲུབ་ནི། གོམས་པ་ལས་བྱུང་བ་མ་ཡིན་པ། བདེ་བ་རྟོག་མེད་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པའི་དགའ་བ་བཞི་

ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་བོ། །མཆོག་ནི་ལས་ལས་སྐྱེས་པ་སྟེ་སྐྱེ་བ་སྔ་མར་གསང་སྔགས་ཀྱི་སྒོམ་པ་གོམས་པའི་ཚོགས་ལམ་དང་སྦྱོར་ལམ་མཐོང་ལམ་སྒོམ་ལམ་ཐོབ་པའི་བྱང་ཆུབ་སེམས་མའོ། །འབྲིང་ནི་ཞིང་སྐྱེས་ཏེ་གནས་ཉི་ཤུ་རྩ་བཞི་དང་ཡུལ་དབུས་སུ་སྐྱེས་པ་དང་

เล่ม ๑๗ · หน้า 359a

དབང་པོ་ཚང་བ་དང་ལས་ཀྱི་མཐའ་མ་ལོག་པས་དགེ་བ་ལ་འཇུག་པ་དང་། སྔགས་ཀྱི་བསྟན་པ་ལ་དད་པ་དང་། བསྟན་པ་དང་ཕྲད་པ་སྟེ་བདག་གི་འབྱོར་བ་ལྔ་དང་ལྡན་པའོ། །ཐ་མ་ནི་སྔགས་ལས་སྐྱེས་མ་སྟེ་རྡོ་རྗེ་སློབ་དཔོན་གྱི་ཕྱག་རྒྱར་གྱུར་པས་མ་

དང་། རང་དང་ལྷན་ཅིག་དབང་བསྐུར་བའི་སྲིང་མོ་དང་། རང་གིས་དབང་བསྐུར་བའི་བུ་མོ་དང་། སློབ་མས་དབང་བསྐུར་བའི་ཚ་མོ་དང་། རང་གི་སྒོམ་པའི་ཡན་ལག་ཏུ་གྱུར་པ་ཕོ་ཉ་མའོ། །ཚིག་དེ་རྣམས་ནི་རེག་བྱ་རྡོ་རྗེ་མ་ཡིན་ལ་དེ་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་།

རེག་བྱ་དང་ལྡན་པས་ཚོགས་ཀྱི་འཁོར་ལོའི་ཡུལ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་ནོ་ཞེས་བསྟན་ཏོ། །ཡིད་ནི་ནང་དུ་ཆུད་པ་ཡིན། འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་ལ་ཡིད་ནི་རྣམ་པར་རྟོག་པའོ། །ནང་དུ་ཆུད་པ་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པས་འདོད་ཡོན་ལྔ་ལ་ཤེས་པ་རྟོག་པ་མེད་པར་སྐྱེས་

པའོ། །འདོད་པའི་དངོས་གྲུབ་ནི་བདེ་བ་རྟོག་པ་མེད་པ་བསམ་གཏན་གྱི་སྡོམ་པ་མི་གཡོ་བའི་ལས་སོ། །གལ་ཏེ་རྟོག་པ་སྐྱེ་བར་གྱུར་ན་ཇི་ལྟར་བྱ་ཞེ་ན། རང་རྫས་ཐིག་ལེས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དགའ་བྲལ་དུ་སོང་བའི་བྱང་ཆུབ་ཀྱི་

སེམས་ཀྱིས་ཕུང་པོ་ལྔའི་སངས་རྒྱས་དང་། དབང་པོ་དྲུག་གི་བྱང་ཆུབ་སེམས་དཔའ་དང་། འབྱུང་བ་ལྔའི་ཡུལ་མཆོད་པར་བྱའོ། །དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ལ་དགའ་བྲལ་དུ་སོང་ན་གཟུགས་རྡོ་རྗེ་མ་ལ་སོགས་པས་ཕྱི་དང་ནང་གི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །

དེ་སྐད་དུ་ཡང་མཉམ་སྦྱོར་ལས། །ལྷ་ལ་དམིགས་པ་བྱེད་པ་དག །རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། །རང་གི་དམ་ཚིག་བདག་སྦྱོར་བ། །མི་འགྱུར་དམ་པ་གྲུབ་པར་འགྱུར། །གཟུགས་བརྙན་ལུགས་མ་ལ་སོགས་པ། །རྣལ་འབྱོར་འབྱུང་བར་མི་འགྱུར་ཀྱང་། །

བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་གསུངས་སོ། །ལས་ཀྱི་ཕྱག་རྒྱ་སྤངས་པ་ཡི། །འགྲོ་བའི་ལམ་ལ་ཇི་ལྟར་ཡིན། །ནང་དུ་ཆུད་པར་བྱ་ཞེ་ན། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །ཞེས་བྱ་བ་གསུངས་ཏེ།

เล่ม ๑๗ · หน้า 359b

མཐོང་བ་གཟུགས་རྡོ་རྗེ་མ་ནས་རེག་བྱ་རྡོ་རྗེ་མའི་བར་དུ་ཐོས་པ་སྒྲ་རྡོ་རྗེ་མ་དང་། དྲན་པ་ཆོས་ཀྱི་རྡོ་རྗེ་མ་ལས་མ་རྨོངས་པ་དྲན་པའི་འདུ་བྱེད་སྔོན་ཉམས་སུ་མྱོང་བའི་དོན་ཏོ། །དེ་ལ་ཡིད་ནང་དུ་ཆུད་པ་རྟོག་པ་མེད་པ་སྐྱེས་པས་རྟོག་པ་ལས་གྲོལ་བར་འགྱུར་བའམ། ཡིད་ཕྱིར་

བྱུང་ནས་རྟོག་པ་སྐྱེས་ན་དང་བའི་དད་པས་གཟུགས་རྡོ་རྗེ་མ་ལ་སོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པར་བྱེད་པ། དེ་ལྟར་གྲོལ་བའི་ལམ་འདི་ལ་ཡང་ཐེ་ཚོམ་མེད་པར་མཆོད་པར་འགྱུར་རོ། །དེའི་ཕན་ཡོན་གསུངས་པ་ནི་ཡིད་ནང་དུ་ཆུད་པས། རྣལ་

འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། །བསོད་ནམས་མཆོག་གི་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་དགུའོ། །དག་ནི་རྒྱུ་ཀུན་འབྱུང་དག་པའོ། །སྡིག་པ་འཇིག་པ་ནི་སྡུག་བསྔལ་གྱི་བདེན་པ་ཟད་པའོ། །གལ་ཏེ་ཡིད་ཕྱིར་འབྱུང་བ་

ལ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ནི། གསང་སྔགས་ཟློས་པའི་བཟླས་བརྗོད་དང་། །བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། གསང་སྔགས་ཟློས་པའི་དུས་དྲུག་ཏུ་རིས་དྲུག་གི་བཟླས་པ་ཟློས་པའོ། །བཟླས་བརྗོད་ནི་དབུགས་འབྱུང་

རྔུབ་ཀྱི་བཟླས་པའོ། །བསམ་གཏན་ནི་རྡོ་རྗེ་སེམས་དཔའ་དང་རྣམ་སྣང་དང་པདྨ་གར་དབང་དང་ཧེ་རུ་ཀ་དང་རྡོ་རྗེ་ཉི་མ་དང་རྟ་མཆོག་གི་ཏིང་ངེ་འཛིན་བསྒོམས་ནས་དུས་དྲུག་ཏུ་བདུད་རྩི་རྣམ་པ་དྲུག་མྱ་ངན་གྲུབ་པར་འགྱུར་རོ། །ཀྱང་ཞེས་པ་ནི་ཡིད་ནང་དུ་ཆུད་པ་ལས་ཕྱིར་འབྱུང་བ་

ཡང་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའོ། །དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོ་ལས། ཐོ་རངས་དགུན་སྨད་གྱུར་པ་ན། །དཔྱིད་དང་དབྱར་ནི་ཉི་ཆ་གཉིས། །ཉིན་ཕྱེད་མཁས་པས་སོས་ཀ་སྦྱར། །སྲོད་ནི་དེ་བཞིན་སྟོན་ཀ་སྟེ། །དགུན་སྟོད་མཚན་ཕྱེད་ཆ་ཡིན་ནོ། །ཞེས་གསུངས་སོ། །

རྡོ་རྗེ་འདི་རྣམས་ཀྱི་རང་བཞིན་ཤེས་པར་བྱས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། རྡོ་རྗེ་སེམས་དཔའ་དགུན་སྨད་དེ། །རྣམ་པར་སྣང་མཛད་ཐུབ་པ་དཔྱིད། །དེ་བཞིན་རྟ་མཆོག་སོས་ཀ་སྟེ། །དགུན་ནམ་དབྱར་ན་ཧེ་རུ་ཀ །རྡོ་རྗེ་ཉི་མ་སྟོན་ཀ་ལ། །པདྨ་གར་དབང་

เล่ม ๑๗ · หน้า 360a

དགུན་སྟོད་དོ། །སོས་ཀ་མར་མེ་བཟའ་བྱ་སྟེ། །དེ་བཞིན་དུ་ནི་དབྱར་ཀ་ཆུ། །སྟོན་གྱི་དུས་སུ་མར་ཁུ་སྟེ། །དེ་བཞིན་དགུན་སྟོད་མེ་ཏོག་གོ། །ཀྱེ་ཧོ་དགུན་སྨད་ག་པུར་ཏེ། །དེ་བཞིན་དཔྱིད་ནི་བཞི་མཉམ་མོ། །དེ་རྣམས་སྨན་ནི་ཆེན་པོ་སྟེ། །དུས་དྲུག་ཏུ་

ནི་ཡོངས་ཤེས་བྱའོ། །དུས་མཆོག་འདི་དང་མཉམ་མེད་དེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །རང་བཞིན་དེ་རྣམས་རྫོགས་པར་ནི། །ནམ་ཞིག་རྣལ་འབྱོར་པར་གྱུར་ན། །རྣལ་འབྱོར་མ་རྣམས་མཉེས་འགྱུར་ཏེ། །རྣལ་འབྱོར་མཁའ་འགྲོ་མ་སྡུད་པའོ། །ཞེས་གསུངས་པས་

སོ། །སོ་ག་དང་དབྱར་དང་སྟོན་ཀ་དང་དགུན་སྟོད་དང་དགུན་སྨད་དང་དུས་དྲུག་ནི་རིགས་དྲུག་གི་འདོད་པའི་ལྷ་ཀུན་གསལ་བར་བྱས་ལ། འདོད་པའི་ཡོན་ཏན་ལྔས་དྲན་པའི་བདེ་བ་དང་ལྡན་པ་ལས་ཕྱིར་འཕྲོས་པའི་བསོད་ནམས་ཀྱི་ཚོགས་བསག་པར་བྱའོ། །དངོས་གྲུབ་ཀྱི་

རྒྱུ་གང་ཞེ་ན། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་མཉམ་གཞག་ནི་རྣལ་འབྱོར་པ་སེམས་རྩེ་གཅིག་པའོ། །དམ་ཚིག་ནི་རིག་པའི་དབང་བསྐུར་བའི་རིགས་ལྔའི་དམ་ཚིག་བཅུ་བཞི་དང་ཕྱིར་མི་ལྡོག་པའི་དབང་

གི་སྡོམ་པ་རྡོ་རྗེ་སློབ་དཔོན་སྨོད་པ་ནས་ཤེས་རབ་བུད་མེད་སྨོད་པའི་བར་དུ་བཅུ་བཞི་དང་གསང་བའི་བཞི་དང་ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་བརྒྱད་དེ་བཞི་བཅུ་དུས་དྲུག་ཏུ་དྲན་པས་རྟག་ཏུ་བསྐྱང་བར་བྱའོ། །བཞི་བཅུ་དེ་ཁོ་ན་སྐྱོང་ངམ་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱི་སྲུང་བ་ཡིན་ཏེ། ཀུན་

རྫོབ་བྱང་ཆུབ་ཀྱི་སེམས་བདེ་བ་རྟོག་མེད་བསམ་གཏན་གྱི་སྡོམ་པ་དང་དོན་དམ་པ་བྱང་ཆུབ་སེམས་ཀྱི་བདེ་བ་སྟོང་པ་ཉིད་ཤེས་པ་ཟག་མེད་ཀྱི་སྡོམ་པའོ། །དྲན་པས་ནི་དམ་ཚིག་བསྲུང་བ་ཡིན་ལ། དམ་ཚིག་གིས་ནི་བྱང་ཆུབ་ཀྱི་སེམས་བསྲུང་བ་ཡིན་ནོ། །གལ་ཏེ་ཉམས་ན་ཅི་ཞེ་ན།

དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་བྱ་བ་གསུངས་ཏེ། དམ་ཚིག་བསྲུང་བའི་སེམས་མེད་པས་ཉམས་ན་དབང་བསྐུར་མི་ཐོབ་པ་དང་ཉོན་མོངས་པའི་དབང་གིས་དམ་ཚིག་ཉམས་ན་དངོས་གྲུབ་ཐོབ་པར་མི་འགྱུར་བའོ། །འདི་སྐད་

เล่ม ๑๗ · หน้า 360b

སྟོན་པ་ཡིན་ཏེ། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དང་ཡིག་འབྲུ་དང་ཕྱག་མཚན་དང་ལག་པའི་ཕྱག་རྒྱ་ཆེན་པོ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞག་ནས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དང་། རྣལ་འབྱོར་པ་ཉི་ཤུ་རྩ་ལྔའི་རང་བཞིན་དུ་བསྐྱེད་ནས་རང་རང་གི་གནས་སུ་

རང་རང་གི་ཕྱག་རྒྱ་དང་། སྒོམ་པ་དང་བཟླས་པ་དང་ངག་གི་བརྡ་དང་ལུས་ཀྱི་བརྡ་དང་བཅས་པས་འདོད་པའི་ཡོན་ཏན་ལྔ་ལ་རྒྱུ་རྐྱེན་ཚོགས་པ་ལས་ལུས་བདེ་བ་དང་ཡིད་བདེ་བའི་བསམ་གཏན་གྱི་ཏིང་ངེ་འཛིན་བསྐྱེད་པའམ། གལ་ཏེ་རྟོག་པ་བྱུང་ན་དད་པ་དང་དང་བའི་སེམས་

ཀྱིས་ལྷའི་འཁོར་ལོ་ལ་ནང་གི་སྦྱིན་སྲེག་དབུལ་བར་བྱའོ། །ཡང་ན་རྡོ་རྗེ་མཁའ་འགྲོ་ལས་བྱུང་བ་ལྟར་གོ་ཆ་དྲུག་གི་ལྷར་བསྐྱེད་པར་བྱའོ། །ཡང་ན་རྒྱུད་བླ་མ་ནས་བྱུང་བ་བཞིན། མཁའ་སྤྱོད་བྱ་ཡི་གཟུགས་ཅན་གྱིས། །ཐུགས་ཀྱི་འཁོར་ལོ་བསྒྲུབ་པ་དང་། །ས་སྤྱོད་

མ་ཡི་གཟུགས་ཅན་གྱིས། །གསུང་གི་འཁོར་ལོ་སྒྲུབ་པ་དང་། ས་འོག་དུད་འགྲོའི་གཟུགས་ཅན་གྱི་བོང་བུའི་རྣམ་པས་ཧེ་རུ་ཀ་སྐུའི་གྲུབ་པ་བསྒྲུབ་པར་བྱའོ། །འཇིག་རྟེན་པའི་ལུས་དང་ངག་གི་སྤྱོད་ལམ་དོར་ནས་ལུས་ངག་གི་བརྡ་བྱ་བ་ཡིན་ཏེ། དེ་སྐད་དུ་ཡང་མཉམ་སྦྱོར་ལས། །

དེ་ནས་ཁྲུས་བྱས་དྲི་ཞིམ་ལུས། །ཅི་འདོད་པ་ཡི་གོས་དང་རྒྱན། །སྣ་ཚོགས་གོས་ནི་བགོས་ནས་ཀྱང་། །མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ། །གང་གིས་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབས་ལ། །སྐལ་བཟང་དག་ནི་ཕྱག་རྒྱས་མཚན། །ཚོགས་ཀྱི་འཁོར་ལོ་

བརྟག་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བཤད་ནས། ཞི་བའི་བཏུང་བ་བཤད་པར་བྱ་སྟེ། སྦྲང་རྩི་མཚལ་དང་ག་པུར་བཅས། །ཙནྡན་དམར་དུ་སྦྱར་བ་ནི། །ཞེས་བྱ་བ་གསུངས་ཏེ་གསང་བའི་དབང་བསྐུར་བའི་ཡུལ་རྡོ་རྗེ་མར་སྟོན་པ་ཡིན་

ནོ། །དེ་ཡང་གང་ཞེ་ན་སྦྲང་རྩི་སྟེ་གཅི་བ་དང་། མཚལ་ཏེ་རང་བྱུང་དང་། ག་པུར་ཏེ་བྱང་ཆུབ་སེམས་དང་། དམར་ཏེ་ཤ་ཆེན་པོ་དང་། ཙནྡན་ཏེ་བཤང་བ་དང་སྦྱར་བའི་ཤ་ལྔ་དང་བསྲེས་ནས་རོ་མཉམ་པར་བྱས་པའོ། །དེ་གང་དུ་གཞག་པར་བྱ་ཞེས་གསུངས་ཏེ།

เล่ม ๑๗ · หน้า 361a

ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབུས་ཐོད་པ་བཞིའི་གནས་སུའོ། །ལྷ་དེ་རྣམས་ཇི་ལྟ་བུ་ཞེ་ན། ཐམས་ཅད་རྡོ་རྗེའི་མཚན་མ་འཛིན། །ཞེས་བྱ་བ་གསུངས་ཏེ། དཔྲལ་བར་རྡོ་རྗེའི་ཕྲེང་བས་བརྒྱན་པའོ། །དེ་ལྟར་མྱང་བར་བྱ་ཞེ་ན། སྦོམ་པོ་མཐའ་ལྟག་རྩེ་སྦྱར་

བས། །ཞེས་བྱ་བ་གསུངས་ཏེ། མཐེ་བོང་དང་སྲིན་ལག་གཉིས་ཀྱིས་ལྕེའི་སྟེང་དུ་རོ་གཞག་པར་བྱའོ། །ཇི་ལྟར་ཤེས་པས་ཞི་བའི་བཏུང་བར་འགྱུར་ཞེ་ན། རྣལ་འབྱོར་རིག་པས་རྟག་ཏུ་དཔྱད། །ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་བསམ་གཏན་གྱི་བདེ་བའོ། །

རིག་པ་ནི་ལྕེའི་དབང་པོའི་མངོན་སུམ་གྱིས་དགའ་བ་བཞིའི་བྱེ་བྲག་རྟོགས་པ་དང་། དེ་ཡང་བདུད་རྩི་ལྔའི་རོ་ལ་དང་པོར་སྐྱེས་པའི་བདེ་བའི་རང་བཞིན་དགའ་བ་དང་། མཆོག་དགའ་ཡིད་བདེ་བ། ལྷན་ཅིག་སྐྱེས་དགའ་སྐྱེས་པའི་རྗེས་ལ་བླ་མའི་མངོན་སུམ་གྱིས་གཞན་དོན་གྱི་

རོའི་སྟོང་པ་ཉིད་རྟོགས་པ་རྣལ་འབྱོར་གྱི་མངོན་སུམ་སྐྱེས་པ་ནི་རྟག་ཏུ་དཔྱད་ཅེས་བྱ་བ་ཡིན་ཏེ། ཁ་སྦྱོར་ལས་ཀྱང་། རྣམ་ཤེས་དང་ནི་ཡེ་ཤེས་ཀྱིས། ཡུལ་གྱི་རིག་པ་རྟག་ཏུ་དཔྱད། །ཅེས་བྱ་བ་གསུངས་སོ། །དེ་ལྟར་ན་ལྕེའི་དབང་པོའི་མངོན་སུམ་དང་། རྣལ་འབྱོར་གྱི་

མངོན་སུམ་གྱི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་རོའི་སྟོང་པ་ཉིད་ཉམས་སུ་མྱོང་བ་ནི་ཞི་བའི་བཏུང་བ་ཞེས་བྱའོ། །གདན་བཞི་ལས་ཆོས་ཀྱི་དབུས་ནི་ལུས་ཀྱི་དཀྱིལ་འཁོར་ཡིན་ལ་རྡོ་རྗེའི་མཚམས་འཛིན་པ་ནི་ཁ་སྦྱོར་བ་ཡིན་ལ། སྦོམ་པོ་ནི་གསང་བའི་རྡོ་རྗེ་སྲིན་ལག་གི་ནི་པདྨ་

དེ་སྦྱར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་པས་རིག་པ་ནི་ཞི་བའི་བཏུང་བ་ཡིན་ནོ་ཞེས་གསུངས་ཏེ། གཞན་གྱི་དོན་སློབ་མ་དབང་བསྐུར་བའི་དོན་དུ་གསུངས་པས་བཤད་པའི་རྒྱུད་ལ་རྨོངས་པར་མི་བྱའོ། །དེ་ལྟར་ཤེས་པས་རྟོག་པ་མེད་པར་གྱུར་པས་ཞི་བའི་བཏུང་བ་མྱངས་ན། དངོས་

གྲུབ་རྟག་པར་ཐོབ་པར་འགྱུར། །ཞེས་གསུངས་ཏེ། ཞི་བའི་བཏུང་བ་ནི། རི་བོང་འཛིན་ལས་རྩྭ་ཞི་བ། །ཞེས་གྲགས་པས་སྐྱེས་པ་སྐར་མ་རྒྱལ་དང་གཟའ་ཕུར་བུ་ལ་བཏུས་ནས་བཱ་རཱ་ཎ་སཱིའི་རིག་བྱེད་ཀྱི་གནས་སུ་བ་གི་ཝང་ཅན་གྱི་པགས་པ་ལ་སྔགས་སྟོང་རྩ་བརྒྱད་བཟླས་ནས་བཀྲུས་ཏེ་དེའི་ཆུ་

เล่ม ๑๗ · หน้า 361b

འཐུངས་ན་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པོ་ཞེས་རིག་བྱེད་ཀྱི་གཞུང་ནས་བྱུང་བས། དཔེ་དེ་བཞིན་དུ་བདུད་རྩི་ལྔའི་རོ་ལས་ཤེས་པ་རྟོག་མེད་སྐྱེས་ནས་ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ། །གལ་ཏེ་ཤེས་པ་རྟོག་མེད་སྐྱེས་ནས་དེ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ནི།

འདི་ནི་མི་འཆི་བཅུ་ཕྱེད་གྱུར། །དངོས་གྲུབ་ཐམས་ཅད་འཇུག་བྱེད་ཡིན། །ཞེས་བྱ་བ་གསུངས་ཏེ། མི་འཆི་བཅུ་ཕྱེད་ནི་བདུད་རྩི་ལྔས་དྲི་མ་མེད་པའི་དེ་ཁོ་ན་ཉིད་དང་། འདོད་པའི་དབང་ཕྱུག་གི་དེ་ཁོ་ན་ཉིད་དང་། ཚེ་འཕེལ་བའི་དེ་ཁོ་ན་ཉིད་དུ་གྲུབ་པས་ན་དངོས་གྲུབ་

ཐམས་ཅད་གྲུབ་ཅེས་བཤད་དོ། །དེ་ལྟར་ཞི་བའི་བཏུང་བ་བཤད་ནས་ད་ནི་ཕོ་ཉའི་གཙང་སྦྲ་བཤད་པར་བྱ་སྟེ། མཆོད་བཞི་རྣལ་འབྱོར་མ། དབང་གཉིས་སྙོམས་པར་འཇུག་པ་ཡི། །ཞེས་བྱ་བ་གསུངས་ཏེ། མཆོད་བཞི་ནི་དཔེས་སྟོན་པ་ཡིན་ཏེ། དུང་ཅན་མ་དང་པདྨ་ཅན་

ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང་། ཡིད་དུ་འོང་བའི་ཡུལ་ཆོས་ཀྱི་ཕྱག་རྒྱ་དང་། སྦྱོར་བ་ལེགས་པའི་གཏུམ་མོ་མེ་དྲོད་ཅན་དང་། མངོན་སུམ་གྱིས་མཐོང་བའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལས་བདེ་བ་ཟག་པ་མེད་པ་དེ་བཞིན་དུ་ཐ་མལ་པ་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་མ་ལ་

ཡང་བསྙེན་སྒྲུབ་བཞིས་སྦྱངས་པའི་ས་ཆུ་གཉིས་ཀྱི་ཕ་རོལ་མེ་རླུང་གཉིས་ཀྱི་ཚུ་རོལ་ན་དབུས་མ་ནམ་མཁའི་རླུང་དང་ཁ་སྦྱར་ནས་བདེ་བ་རྟོག་པ་མེད་པ་ནི་རྒྱུ་རྐྱེན་གྱི་ཚོགས་པ་ལས་སྐྱེས་ལ་བླ་མའི་གདམས་ངག་མངོན་སུམ་གྱི་གཞན་དོན་ལ་ནི་རེག་བྱ་སྟོང་པ་ཉིད་དུ་རྟོགས་པས་རྣལ་འབྱོར་

པའི་མངོན་སུམ་སྐྱེ་སྟེ། དེ་ཉིད་ཟག་པ་མེད་པའི་བདེ་བ་ཤེས་རབ་ཡེ་ཤེས་ཡིན་པས། དབང་གཉིས་སྙོམས་པར་འཇུག་པ་ཡི། །སྙོམས་པར་འཇུག་པའང་དེ་ཉིད་འཛིན། །ཞེས་བྱ་བ་གསུངས་ཏེ། སྙོམས་པར་འཇུག་པ་དང་པོས་ནི་རྟོག་པ་མེད་པ་ཞི་གནས་སྐྱེ་ལ། སྙོམས་

པར་འཇུག་པ་གཉིས་པས་ནི་རེག་བྱ་ཡུལ་གྱི་སྟོང་པའི་དེ་ཁོ་ན་ཉིད་འཛིན་ཅིང་རྟོགས་པའོ། །འབྱུང་བ་བཞིའི་དབུས་མ་ནམ་མཁའི་རྩ་དང་སྤྲད་པ་ལས་ཇི་ལྟར་བདེ་བ་སྐྱེ་ཞེ་ན། མཉམ་སྦྱོར་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་

เล่ม ๑๗ · หน้า 362a

གསུངས་ཏེ། དེ་ལ་སྟོང་པ་ཉིད་ཇི་ལྟར་རྟོགས་ཤེ་ན། བླ་མས་སློབ་མའི་རྣ་དྲུང་དུ། །རབ་ཏུ་འབད་དེ་བཀླག་པར་བྱ། །ཞེས་གསུངས་པས། བླ་མའི་ཚིག་གིས་སྟོང་པ་ཉིད་ལས་དྲན་པའི་ངེས་པ་དྲངས་ནས་ཨ་ས་མ་ས་མ་ཞེས་ཏེ་ངེས་པའི་ཤེས་པ་མངོན་སུམ་གྱིས་

ཟློས་གར་བྱེད་པ་ནི་མན་ངག་ཡིན་ནོ། །དེའི་ཕན་ཡོན་ནི། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཏེ། ལྷ་ནི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་བསམ་གཏན་གྱི་བདེ་བའོ། །མི་ནི་མཁས་པ་རྣམས་ཀྱིས་

རྗེས་དཔག་གིས་སྟོང་པ་ཉིད་རྟོགས་པའི་ཡིད་བདེ་བ་བསྡུས་ཀྱང་མངོན་སུམ་གྱི་བདེ་བ་ཟག་པ་མེད་པ་ཉིད་ཀྱི་བཅུ་དྲུག་ཆར་ཡང་མི་ཕོད་པའོ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། །རྩ་བཅུ་དྲུག་ལ་བརྟེན་པའི་ཁམས་བཅུ་དྲུག །གཏུམ་མོ་དྲོད་ཀྱིས་བཞུ་ནས་བདེ་བ་ཟག་པ་མེད་པ་གཅིག་ཏུ་

ཤེས་པས་བསྒྲིལ་བའི་རྩའི་སྐུད་པ་གཅིག་གི་བདེ་བ་སྟོང་པ་ཉིད་རྟོགས་པའི་ཆར་ཡང་མི་ཕོད་པའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་བཤད་ནས། རི་སུལ་ཚང་ཚིང་ཕུག་རྣམས་དང་། །ཆུ་བོ་དག་གི་ངོགས་དག་དང་། །གདོད་ནས་གྲུབ་

པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ། སྒྲ་ཇི་བཞིན་པའི་གནས་བཞི་ནི་བུམ་པའི་དབང་བསྐུར་བའི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་རྟེན་ཡིན་ནོ། །དབྱིབས་ཀྱི་དབང་དུ་བྱས་ན་རི་སུལ་ནི་བདེ་བ་ཆེན་པོའི་འཁོར་ལོ། །ཚང་ཚིང་ཕུག་ནི་

ལོངས་སྤྱོད་ཀྱི་འཁོར་ལོ། ཆུ་བོའི་ངོགས་ནི་ཆོས་ཀྱི་འཁོར་ལོ། །དུར་ཁྲོད་ནི་སྤྲུལ་པའི་འཁོར་ལོ་སྟེ་ལུས་གྱི་དཀྱིལ་འཁོར་རོ། །སྔགས་ཀྱི་དབང་དུ་བྱས་ན་རི་སུལ་ནི་ལོ་བཅུ་གཉིས་མ་ཚང་ཚིང་ཕུག་ནི་བཅུ་དྲུག་མ་དང་། ཆུ་བོའི་ངོགས་ནི་ཉི་ཤུ་མ་དང་། དུར་ཁྲོད་ནི་རྩ་

བཞི་མ་སྟེ་བྷ་གའི་དཀྱིལ་འཁོར་རོ། །ཆོས་ཀྱི་དབང་དུ་བྱས་ན་རི་བོ་ནི་སྟོང་པ་ཉིད་དང་ཚང་ཚིང་ཕུག་ནི་མཚན་མ་མེད་པ་དང་། ཆུ་བོ་ནི་སྨོན་པ་མེད་པའོ། །དུར་ཁྲོད་ནི་འོད་གསལ་ཏེ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང་རྒྱུད་བླ་མ་ལས། དཀྱིལ་འཁོར་

เล่ม ๑๗ · หน้า 362b

ལུས་ཞེས་བྱ་བ་དང་། །དཀྱིལ་འཁོར་བྷ་ག་ཞེས་སུ་བཤད། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཡིན་ཏེ། །རྣམ་པ་གསུམ་དུ་ངེས་པ་ཡིན། །ཞེས་གསུངས་སོ། །ལེའུ་དང་པོའི་རྣམ་པར་བཤད་པའོ།། །།དེ་ལྟར་རྫོགས་པའི་རིམ་པ་བཤད་ནས་བསྐྱེད་པའི་

རིམ་པའི་འཁོར་ལོ་གསུངས་པ་ནི། དེ་ནས་ལྕི་བ་མ་ལྷུང་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་ལེའུ་གཉིས་པས་ནི་སློབ་དཔོན་གྱི་ལས་བཤད་པ་དང་། ལེའུ་གསུམ་པས་སློབ་མའི་ལས་བཤད་པ་དང་། ལེའུ་བཞི་པས་ལྷ་དགོད་པ་བཤད་ནས་བསྐྱེད་པའི་རིམ་

པར་གྱུར་པ་ཡིན་ནོ། །དེ་ལ་ཐོག་མར་གཙང་སྦྲ་གསུམ་གྱིས་རྫོགས་པའི་རིམ་པའི་བསྙེན་པ་བྱས་ནས་དཀྱིལ་འཁོར་བྲི་བའམ། ཡང་ན་ཕྱིས་འཆད་པར་འགྱུར་བའི་བསྙེན་པ་ལ་ལྟོས་ནས་བསྐྱེད་རིམ་གྱི་བསྙེན་པ་མ་གསུངས་སོ། །དེ་ཡང་རྒྱུད་བླ་མ་ལས། གཙང་སྦྲ་

གསུམ་གྱིས་བསྙེན་པ་བྱས་ནས་དཀྱིལ་འཁོར་བྲི་ཞེས་གསུངས་སོ། །སའི་ཆོ་ག་ཅིའི་ཕྱིར་མ་གསུངས་ཤེ་ན། བཤད་པའི་རྒྱུད་ལ་ལྟོས་པའམ་སྦྱང་མི་དགོས་པའི་དབང་དུ་མཛད་པ་ཡིན་ནོ། །བསྙེན་པ་དང་སའི་ཆོ་གའི་རྗེས་ལ་དཀྱིལ་འཁོར་གྱི་མཚན་ཉིད་བཤད་པར་བཞེད་

ནས། བ་ཡི་ལྕི་བ་མ་ལྷུང་བས། །དཀྱིལ་འཁོར་ས་ནི་ལེགས་པར་བྱུག །ཅེས་གསུངས་ཏེ། བའི་རྣམ་ལྔས་བྱུགས་པ་ནི་རྒྱུད་སྡེ་བཞིའི་ཐུན་མོང་ཡིན་ནོ། །ཁྱད་པར་དུ་རྣལ་འབྱོར་མའི་རྒྱུད་ལས་དུར་ཁྲོད་ཀྱི་ཐལ་བ་དང་བདུད་རྩི་རྣམ་པ་ལྔས་བྱུགས་ནས་དཀྱིལ་འཁོར་

རྩོམ་པར་བསྟན་ཏོ། །དུར་ཁྲོད་ཀྱི་ཐལ་བ་དང་མི་གཙང་བས་ཅི་ཞིག་བྱེད་ཅེ་ན། ཤི་བ་དང་མ་ཤི་བ་དང་གཙང་བ་དང་མི་གཙང་བར་རོ་མཉམ་པར་སྟོན་པར་བཞད་པ་ཡིན་ནོ། །དཀྱིལ་འཁོར་གྱི་མཚན་ཉིད་བཤད་ནས། ཚོན་གྱི་མཚན་ཉིད་བཤད་པར་བཞེད་ནས། དུར་ཁྲོད་

དུ་ནི་ཀུན་སྤྱོད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་སྤྱོད་པ་ནི་མཉམ་པར་སྤྱོད་པ་སྟེ་རིན་པོ་ཆེ་དང་ཚོན་རྩི་དང་དུར་ཁྲོད་ཀྱི་རྫས་ལ་དབྱེ་བ་མེད་པའོ། །རོ་བསྲེགས་པའི་སོལ་བའི་ཕྱེ་མ་དང་། ཞེས་བྱ་བ་ནི་རུས་པའི་ཕྱེ་མ་དཀར་པོ་དང་། སོལ་བའི་ཕྱེ་

เล่ม ๑๗ · หน้า 363a

མ་ནག་པོའོ། །དུར་ཁྲོད་སོ་ཕག་ལྡན་པ་ཡི། །ཞེས་བྱ་བས་མཚོས་པ་ལས་སེར་པོ་དང་། ཚོས་པ་ལས་དམར་པོའོ། །ལྗང་གུ་ནི་རུས་པ་དང་ཚོན་ལྗང་གུ་བསྲེས་པའོ། །དཀྱིལ་འཁོར་བཟང་པོ་བྲི་བར་བྱ། །ཞེས་བྱ་བ་ནི་དྲག་པོ་འཇིགས་བྱེད་

ཞེ་སྡང་ཆེན་པོས་འདུལ་བས་ན་བཟང་པོའོ། །སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་སེམས་ཅན་དོན་འགྱུར་བས། །དེས་ན་འདི་ནི་བཟང་པོ་སྟེ། །བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའི། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཚོན་གྱི་མཚན་ཉིད་བསྟན་

ནས། སློབ་དཔོན་གྱི་མཚན་ཉིད་སྟོན་པ་ནི། སློབ་དཔོན་མཚན་ཉིད་ཐམས་ཅད་པ། །ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་ཉིད་ཐམས་ཅད་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཡང་དག་ཤེས་ནི་རྒྱུད་སྡེ་བཞིའི་

ལྟ་བ་ཤེས་པའོ། །རྒྱུད་ཤེས་པ་ནི་རྒྱུད་སྡེ་བཞིའི་སྤྱོད་པ་ཤེས་པའོ། །ངག་གི་མཚན་ཉིད་ནི་དཔལ་ལྡན་ཁྲག་འཐུང་གི་སྐུ་གསུང་ཐུགས་ཏེ། གསང་སྔགས་ཤེས་ཞེས་བྱ་བ་གསུངས་ཏེ། སྔགས་ནི་སྙིང་པོ་ནས་གནོད་མཛེས་ཀྱི་བར་གྱི་སྔགས་བཅུ་གཅིག་གོ །སེམས་ཀྱི་མཚན་

ཉིད་ནི། ཁྲོ་མེད་སྙིང་རྗེ་དང་ལྡན་པ། །གཙང་ཞིང་ལྟུང་བས་མ་གོས་པ། །མཁས་པ་དེ་ཉིད་བཅུ་ཤེས་པ། །སྦྱོར་ཤེས་ཞི་གནས་ཤེས་པ་དང་། །ཡེ་ཤེས་ལྷག་མཐོང་ཤེས་པ་དང་། །ཕ་རོལ་འགྲོ་ཞེས་བསྐྱེད་རིམ་གྱི་རྟགས་གསུམ་དང་། རྫོགས་རིམ་གྱི་རྟགས་ལྔ་དང་ལྡན་

པའོ། །ལུས་ཀྱི་མཚན་ཉིད་ནི་ཐོད་པ་ལྔས་སྤྱི་བོར་བརྒྱན་པ་དང་། ཐལ་བས་བྱུགས་པའི་བར་གྱིས་ཕྱག་རྒྱ་དྲུག་དང་ལྡན་པ་དང་། གོ་ཆའི་ཡི་གེ་དྲུག་བཀོད་པས་གུག་སྐྱེད་ཀྱིས་བརྒྱན་པ་དང་། རུས་པའི་ཕྲེང་བ་ཚངས་པའི་སྐུད་པ་དང་། དུམ་བུ་གཅིག་པ་ལས་བྱས་པ་སྤྱི་

གཙུག་གི་ནོར་བུ་དང་། རུས་པའི་ཕྲེང་བའི་དོ་ཤལ་དང་། ལག་པ་གཡོན་པས་ཁ་ཊྭཱཾ་ག་བསྣམས་པ་སྟེ། སློབ་དཔོན་གྱི་མཚན་ཉིད་བཅུ་དྲུག་པོ་འདི་དག་གིས་ཉེ་བར་མཚོན་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་མཚན་ཉིད་བཤད་ནས་དཀྱིལ་འཁོར་བསྒྲུབ་པ་བསྟན་པ་ནི།

เล่ม ๑๗ · หน้า 363b

བདག་ཉིད་དཔལ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་བསྐྱེད་རིམ་གྱི་བསྙེན་པ་བསམ་གཏན་གྱི་འཁོར་ལོ་བཤད་པར་བཞེད་ནས་བདག་ཉིད་དཔལ་ཧེ་རུ་ཀར་བྱས་ནས་དེའི་འོག་ཏུ་ནི། དཔལ་ལྡན་ཧེ་རུ་ཀ་དྲན་བྱ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ཧེ་རུ་ཀར་བྱ་ཞེ་ན། ལེའུ་

ལྔ་བཅུ་རྩ་གཅིག་པ་ནས་བྱུང་བ་ལྟར་དེ་ཉིད་བཅུ་བཞིའི་ཚུལ་གྱིས་བསྐྱེད་པ་འམ་ཡང་ན། གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབས་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཞེས་གསུངས་པས། ལྷ་

བསྐྱེད་ནས་དེའི་འོག་ཏུ་དཔལ་ཧེ་རུ་ཀ་དྲན་པར་བསྒོམ་པ་དང་། བསྒོམས་པས་སྐྱོན་ཐུན་བཞིར་སྙིང་གར་འཁོར་ལོ་བཀོད་པ་དེ་ཉེ་བར་བསྡུ་བ་དང་། ཚམ་ངམ་གྱི་སྔགས་ཀྱིས་བསྲུངས་ལ་ལྡང་བར་བྱའོ། །དེ་ལྟ་བུས་མཚན་དང་གྲངས་དང་དུས་ཀྱི་བསྙེན་པ་བྱས་ནས་སའི་ཆོ་ག་ཟིན་པའི་

རྗེས་ལ། སྟ་གོན་གྱི་ཆོ་ག་བཤད་པ་ནི། དེ་ལྟར་བདག་ཉིད་གོ་བགོས་ནས། རབ་རྣམས་ནི་ཕྱོགས་སུ་དགོད། །ཅེས་བྱ་བ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔ་མ་བསྙེན་པའི་ཆོ་ག་ལྟར་སྔོན་འགྲོའི་རྣལ་འབྱོར་ལྔ་དང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་བྱས་ནས་སའི་

ལྷ་མོའི་ཆོ་ག་བྱས་ནས་སྤྲུལ་པའི་འཁོར་ལོ་སྙིང་གར་བཀོད་དེ་མིག་དང་རྐང་པ་བྱིན་གྱིས་བརླབས་ནས་ཁྲོ་བོའི་བསྟོད་པས་བསྟོད་ཅིང་བགེགས་ལ་བཀའ་བསྒོས་ནས་བགེགས་ཉེ་བར་ཞི་བའི་ཆོ་ག་བྱ་བ་ནི་དེ་ལྟར་བདག་ཉིད་ཅེས་བྱ་བ་ནི་སྒྲའི་དོན་ཡིན་ནོ། །གོ་བགོས་ནས་ཞེས་བྱ་བ་

ནི་བགེགས་ཉེ་བར་ཞི་བའི་ཐོག་མར་གོ་ཆ་བགོ་བར་བྱའོ། །དཔའ་བོ་དང་དཔའ་མོའི་སྟང་སྟབས་བྱས་པའི་རྗེས་ལ། བཛྲ་བྷཉྫ་ར་ཎ་ཧཱུཾ་ཞེས་བྱ་བས་ར་བ་རྣམས་ཕྱོགས་སུ་དགོད་པ་དང་། བཛྲ་མེ་དི་ནཱི་བནྡྷ་བཾ་ཧཱུཾ་ཞེས་པས་སྣ་ཚོགས་རྡོ་རྗེའི་མཚོན་ཆ་བྱ་བ་དང་། བཛྲ་པྲཱ་ཀཱ་ར་

ཧཾ་ཞེས་བྱ་བས་འཁོར་ལོ་ལྟར་ཟླུམ་པོའི་བདག་ཉིད་རྡོ་རྗེ་ར་བའི་མཚོན་ཆ་ཉེ་བར་དགོད་པ་དང་། སྭ་ར་ཛཱ་ལ་ཧཱུཾ་ཏྲཾ་ཧཱུཾ་ཞེས་པས་སྟེང་དུ་རྡོ་རྗེ་བླ་རེའོ། འོག་ཏུ་མདའི་དྲ་བ་བྱ་བ་དང་། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་པས་མེ་འོད་ཀྱི་ཕྲེང་བ་བསྐོར་བའི་དབུས་ན་མཚོན་ཆའི་དྲ་བ་

เล่ม ๑๗ · หน้า 364a

བྱས་པས་བསྐོར་བའོ། །དེའི་ཕན་ཡོན་ནི་དེ་ལྟར་གོ་ཆ་བགོས་པ་ལ་སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གཞིག་པར་མི་ནུས་པའོ། །དེའི་རྗེས་ལ་དྲིའི་ཐིག་ལེ་བྱས་ནས་ལྷ་ལྷག་གནས་བྱ་བ་དང་། ངེས་བརྗོད་ལས་བྱུང་བ་

བཞིན་དུ་བུམ་པ་ལྷག་པར་གནས་པ་དང་། ཕྱི་དང་ནང་གི་སྦྱིན་སྲེག་ལྷག་པར་གནས་པ་དང་། གཏོར་མ་ལྷག་པར་གནས་པ་དང་། སློབ་མ་ལྷག་པར་གནས་པ་ནི་རྡོ་རྗེ་མཁའ་འགྲོ་ལས་ཁ་བསྐང་བར་ཤེས་པར་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ་སྐར་མ་

རྒྱལ་དང་གཟའ་ཕུར་བུའི་ཞག་ལ་སྔར་བསྟན་པའི་གནས་ཡིད་དང་མཐུན་པར་དབང་ཐོབ་པའི་རྣལ་འབྱོར་པས་སྒྲུབ་པའི་གྲོགས་པོ་དང་བཅས་པས་བདུད་རྩི་རྣམ་པ་ལྔའི་རི་ལུ་ཁར་བཅུག་ནས་སྔོན་དུ་བསྙེན་པ་བྱ་བ་ཡིན་ཏེ། དེ་ཡང་ཐོག་མར་མཆོད་པ་རྣམ་པ་ལྔ་བྱིན་གྱིས་

བརླབས་ནས་རྡོ་རྗེ་དྲིལ་བུ་བཟུང་ཞིང་ཅོད་པན་དང་རྒྱན་བཏགས་ནས་སྟོད་གཡོགས་དང་སྨད་གཡོགས་བགོས་ཏེ་ཚད་མེད་པའི་རྣལ་འབྱོར་དང་། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང་། བསྲུང་བའི་རྣལ་འབྱོར་དང་། ཚོགས་བསགས་པའི་རྣལ་འབྱོར་དང་། སྟོང་

པ་ཉིད་ཀྱི་རྣལ་འབྱོར་ཏེ་སྦྱོར་བ་ལྔ་དང་། དངོས་གཞིའི་ཏིང་ངེ་འཛིན་རྣམ་པ་གསུམ་དང་། ལྡང་བའི་རྣལ་འབྱོར་གྱི་ཉེ་བར་བསྡུ་བ་དང་། ཀུན་དུ་སྤྱོད་པ་བྱེད་ཅིང་མཚན་མ་དང་དུས་དང་གྲངས་ཀྱི་བསྙེན་པ་བྱའོ། །དེའི་རྗེས་ལ་རྡོ་རྗེ་མཁའ་འགྲོ་དང་ངེས་པར་བརྗོད་པ་

ལས་བྱུང་བ་བཞིན་དུ་སའི་ཆོ་ག་བྱའོ། །གཉུག་མར་གནས་པ་སའི་ཆར་སྔ་མ་བཞིན་དུ་སྦྱོར་བ་དང་དངོས་གཞི་དང་རྗེས་བསྒོམས་ལ་དཀྱིལ་འཁོར་མ་བཏེག་པའི་སྔོན་དུ་སྒྲུབ་པའི་གྲོགས་པོས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ཅིང་རང་ཉིད་ཁྲོ་བོའི་ང་རྒྱལ་བསྒོམས་ལ། སའི་

ལྷ་མོའི་ཆོ་ག་རྣམ་སྣང་སྒྱུ་དྲ་ནས་འབྱུང་བ་བཞིན་དུ་བྱ་ཞིང་རྡོ་རྗེ་མཁའ་འགྲོ་མ་བཞིན་དུ་དཀྱིལ་འཁོར་ནམ་མཁའ་ལ་འདེགས་པའམ་རྩ་བའི་རྒྱུད་འདི་ཉིད་བཞིན་དུ་དཀྱིལ་འཁོར་སྙིང་གར་དགོད་པར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་སྟེང་དུ་འདུག་ལ་ཕྱོགས་བཅུའི་སངས་

เล่ม ๑๗ · หน้า 364b

རྒྱས་ལ་ཕྱག་བྱ་བ་དང་། ཁྲོ་བའི་བསྟོད་པ་བྱ་བ་དང་། བགེགས་ལ་བཀའ་བསྒོ་བ་དང་། ལྷག་པ་དང་མ་ཚང་བ་ཁ་བསྐང་བའི་ཕྱིར་བསྐོར་བ་ལན་བདུན་བྱ་བ་དང་། ལྟ་བས་བགེགས་བསལ་བ་དང་། དཔའ་བོ་དང་དཔའ་མོའི་སྟང་སྟབས་བྱ་བ་དང་། གནོད་མཛེས་ཀྱི་འཁོར་

ལོས་སྲུང་བའི་འཁོར་ལོ་བྱ་བ་དང་། ཕུར་བུས་བཏབ་ནས་དྲིའི་ཐིག་ལེ་བྱ་བ་དང་། ལྷ་ལྷག་པར་གནས་པར་བྱ་བ་དང་། རྩ་བའི་རྒྱུད་ནས་བཤད་པའི་བུམ་པ་དགུའམ། བཤད་པའི་རྒྱུད་ནས་བྱུང་བའི་བུམ་པ་དྲུག་ལ་ལྷག་པར་གནས་པར་བྱ་བ་དང་། ནང་གི་སྦྱིན་སྲེག་

ཚོགས་ཀྱི་འཁོར་ལོ་དང་། ཕྱི་རོལ་གྱི་སྦྱིན་སྲེག་གང་ཡང་རུང་བས་ལྷག་པར་གནས་པར་བྱ་བ་དང་། ཁ་སྦྱོར་དང་མཁའ་འགྲོ་ལྟར་གཏོར་མ་ལྷག་པར་གནས་པར་བྱ་བ་དང་། དེ་ཉིད་བསྡུས་པའི་རྒྱུད་དང་། རྡོ་རྗེ་མཁའ་འགྲོ་ལྟར་སློབ་མ་ལྷག་པར་གནས་པའི་ཆོ་

ག་བྱའོ། །འདིའི་ཆོ་ག་རྒྱ་ཆེར་ནི་ཡིད་འོང་ཕྲེང་བར་བལྟ་བར་བྱའོ། །དེ་ལྟར་ལྷག་པར་གནས་པ་བྱས་ནས་ཕྱི་དེ་ནང་པར་ཉི་མ་འཆར་ཀར་དཀྱིལ་འཁོར་ནམ་མཁར་བཏེག་ལ་ཐིག་གདབ་པར་བྱའོ། །དེ་ལྟར་བདག་ཉིད་རབ་བསྲུང་ཞིང་། །སྔགས་དང་ཕྱག་

རྒྱས་རྣམ་བརྒྱན་ནས། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཞེས་བྱ་བས་ནི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་ལས་མདོར་བསྟན་པ་ཡིན་ནོ། །དེ་ལྟར་བདག་ཉིད་རབ་བསྲུང་ཞེས་བྱ་བ་ནི་སྟ་གོན་གྱི་ཆོ་ག་རྫོགས་ནས་ཕྱི་དེའི་

ཉིན་པར་ཚད་མེད་པའི་རྣལ་འབྱོར་དང་། བྱིན་གྱིས་བརླབས་པའི་རྣལ་འབྱོར་དང་། བསྲུང་བའི་རྣལ་འབྱོར་དང་། ཚོགས་སོགས་པའི་རྣལ་འབྱོར་དང་། སྟོང་པ་ཉིད་ཀྱི་རྣལ་འབྱོར་བྱས་ནས་དང་པོ་སྦྱོར་བའི་དང་དཀྱིལ་འཁོར་རྒྱལ་མཆོག་གི་ལྷར་བསྐྱེད་

དེ་ལས་ཀྱི་རྒྱལ་མཆོག་གི་དུས་སུ་ཆོ་ག་དྲུག་གི་སྔགས་ཀྱིས་ལྷར་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་ཞིང་ཏིང་ངེ་འཛིན་བསྒོམས་ནས་ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན་པས་དངོས་གྲུབ་ཐམས་ཅད་སྟེར་བའི་དཀྱིལ་འཁོར་ཐིག་

เล่ม ๑๗ · หน้า 365a

གདབ་ཅིང་བྲི་བར་བྱའོ། །དེ་ནས་སེམས་མེད་སྲད་བུ་ཞེས་བྱ་བ་ནི་རོའི་རས་ཀྱི་སྐུད་པ་ལས་བྱས་པའི་སྲད་བུའོ། །རུ་དྷི་ར་ཆེན་པོ་ཞེས་བྱ་བ་ནི་མཚོན་པ་ཡིན་ཏེ། བདུད་རྩི་ལྔ་དང་ལྡན་པའི་ཚོན་གྱིས་ཁ་བསྒྱུར་བར་བྱའོ། །དཔལ་ལྡན་ཁྲག་

འཐུང་གྲོང་ཁྱེར་མཆོག །དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། །ཞེས་བྱ་བ་ནི་ཐིག་གདབ་པའི་ཆོ་ག་མདོར་བསྟན་པའོ། །ཁྲུ་བཞི་པའམ་ཁྲུ་བརྒྱད་པ། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མའི་ཚད་ལྟེ་བར་ཁྲུ་དྲུག་པ་ཡང་གཟུང་བར་བྱའོ། །དེ་ཉིད་ཉེ་བར་མཚོན་པ་ཡིན་

པས་ཅི་ནུས་པར་བྱ་ཞེས་པའི་དོན་ཏོ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཞེས་པ་གོ་སླའོ། །སྔགས་པས་ཉིས་འགྱུར་རྣམ་དཔྱད་ཅིང་། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་ཉིས་འགྱུར་གྱི་ཚད་དོ། །མཁའ་འགྲོ་དྲ་བའི་བདེ་མཆོག་

མཆོད། །ཅེས་བྱ་བ་ནི་ཐིག་གདབ་པའི་རྟེན་གྱི་དཀྱིལ་འཁོར་ལ་མཆོད་པའམ་ཐིག་གི་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔས་མཆོད་པའོ། །དེ་ཡི་དབུས་སུ་པདྨ་ནི། །འདབ་བརྒྱད་ལྟེ་བ་འབར་དང་བཅས། །གེ་སར་ཡང་དག་ལྡན་པར་བཞག །ཅེས་བྱ་

བ་ནི། ཡེ་ཤེས་ཀྱི་འཁོར་ལོའི་རྟེན་བྲི་བ་བསྟན་ཏེ་པདྨ་འདབ་མ་བརྒྱད་པའི་ས་གཞི་ནི་སེར་པོའོ། །ཤར་གྱི་པདྨའི་འདབ་མ་སྔོན་པོ་ལྷོ་སེར་པོ་ནུབ་དམར་པོ་བྱང་ལྗང་གུ་མཚམས་ནི་ཕྱེད་ཀྱི་མདོག་ཅན་ནོ། །རིན་པོ་ཆེའི་ཕྲེང་བས་བསྐོར་བའོ། །ཐུགས་ཀྱི་འཁོར་ལོ་

ནག་པོ་རྩིབས་བརྒྱད་པ་ཀ་བ་བརྒྱད་དང་ལྡན་པ་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །གསུང་གི་འཁོར་ལོ་རྩི་བས་བརྒྱད་དམར་པོ་ཀ་བ་བརྒྱད་དང་ལྡན་པ་པདྨའི་ཕྲེང་བས་བསྐོར་བའོ། །སྐུའི་འཁོར་ལོ་རྩི་བས་བརྒྱད་དཀར་པོ་ཀ་བ་བརྒྱད་དང་ལྡན་པ་འཁོར་ལོའི་ཕྲེང་བས་ཡོངས་སུ་བསྐོར་

བའོ། །དམ་ཚིག་གི་འཁོར་ལོ་ནི་སྒོ་བཞི་དང་ལྡན་པ་རིན་པོ་ཆེ་ལྔའི་རྩིག་པ་ཁ་ཁྱེར་རྟ་བབས་དང་བཅས་པ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་རྡོ་རྗེ་ར་བ་དང་མེ་འོད་ཀྱིས་བསྐོར་བའོ། །དེ་ལྟར་རྟེན་གྱི་དཀྱིལ་འཁོར་བསྟན་ནས་བརྟེན་པ་ལྷ་དགོད་པ་ནི། ལྟེ་བར་དགོད་བྱ་དཔའ་བོ་

เล่ม ๑๗ · หน้า 365b

ནི། །ཞེས་བྱ་བ་གསུངས་ཏེ། ལུགས་སུ་བླུགས་པའམ་འབུར་དུ་བརྐོས་པའམ་རི་མོར་བྲིས་པ་ཅི་རིགས་པས་དགོད་པར་བྱའོ། །དཔའ་བོ་ནི་བདུད་བཞི་ལས་རྒྱལ་བའི་འབྲས་བུའི་ཧེ་རུ་ཀའོ། །འཇིགས་བྱེད་དྲག་པོའི་གཟུགས་ཅན་ཞེས་བྱ་བ་ནི་གར་གྱི་ཉམས་དགུ་དང་

ལྡན་པའོ། །དེ་ཡང་ཞི་བའི་སྐུ་ནི་མཚན་དང་དཔེ་བྱད་དང་ལྡན་པའོ། །རྒྱས་པའི་སྐུ་ནི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །དབང་གི་སྐུ་ནི་འོད་ཟེར་དམར་པོ་འཕྲོ་བའོ། །མངོན་སྤྱོད་ཀྱི་སྐུ་ནི་སྒེག་པ་དང་། དཔའ་བ་དང་འཇིགས་སུ་རུང་བའི་སྐུའི་ཉམས་དང་།

དགོད་པ་དང་གཤེ་བ་དང་རྔམ་པ་གསུང་གི་ཉམས་དང་། སྙིང་རྗེ་དང་ཞི་བ་དང་ངོ་མཚར་ཐུགས་ཀྱི་ཉམས་ཏེ་དེ་དང་ལྡན་པའི་འཇིགས་བྱེད་ཆེན་པོའི་གཟུགས་ཅན་ནོ། །དེའི་མཚན་ཉིད་ཕྱིས་རྒྱས་པར་བཤད་པར་བྱའོ། །མདངས་དང་ལྡན་ཞིང་རབ་ཏུ་འབར། །ཞེས་བྱ་བ་ནི་

བསྐལ་པའི་མེ་ལྟར་གཟི་བརྗིད་ཆེ་བའོ། །ཧ་ཧ་ཞེས་བྱ་སྒྲ་ཆེར་བཞད། །ཅེས་བྱ་བ་ནི་ཞལ་གཡས་པ་ཚངས་པ་འདུལ་བས་བཞད་པ་དང་། རྒྱབ་མས་ཚོགས་བདག་འདུལ་བས་མཆེ་བ་གཙིགས་པས་གཤེ་བ་དང་། ཞལ་གཡོན་པས་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཛིན་

འདུལ་བས་ཚངས་པའི་མགོ་བོ་ཞལ་དུ་སྟོབས་ཤིང་རྔམ་པའོ། །ཞལ་མདུན་མ་ནི་སྒེག་པའི་ཉམས་ཅན་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །ཐོད་པའི་ཕྲེང་བའི་རྒྱན་དང་ལྡན། །ཞེས་བྱ་བ་ནི་སངས་རྒྱས་ལྔའི་ཅོད་པན་ཅན་ལ་ཐོད་པ་ལྔས་མཛེས་པར་བྱས་པའོ། །བཟང་པོའི་

སྤྱན་གསུམ་ནི་སྨིན་མའི་དབུས་ན་སྤྱན་མངའ་བ་དང་གསུམ་མོ། །ཞལ་བཞི་མངའ་བ་ནི་བཤད་ཟིན་པའི་ཉམས་བཞི་དང་ལྡན་པ། སྔོན་པོ་དང་སེར་བ་དང་དམར་བ་དང་ལྗང་གུ་དང་ཞལ་བཞི་པ་ཕྱག་བཅུ་གཉིས་སྟོན་པར་བཞེད་ནས་གཉིས་ཀྱིས་གླང་པོ་ཆེ་དཀར་པོའི་

པགས་པ་བསྣམས་པ་དང་། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུས་འཁྱུད་པ་དང་། སྨིན་མ་བཟང་པོ་རྡོ་རྗེ་དབྱེས། །ཞེས་བྱ་བ་ནི་སྨིན་མ་རྡོ་རྗེ་འཁྱོག་པ་དང་འདྲ་བ་ཡོད་པའོ། །ཕྱག་དང་པོ་རྡོ་རྗེ་བསྣམས་པས་ནི་གཡས་ཀྱི་ཕྱག་མཚན་ལྷག་མ་བཞི་ཉེ་བར་མཚོན་པ་

เล่ม ๑๗ · หน้า 366a

ཡིན་ཏེ། ཅང་ཏེའུ་དང་གྲི་གུག་དང་དགྲ་སྟ་དང་རྩེ་གསུམ་པ་བསྣམས་པའོ། །ཕྱག་ན་ཁ་ཊྭཱཾ་ག་བསྣམས་ཤིང་། །ཞེས་བྱ་བ་ནི་གཡོན་པའི་དབུས་མས་ཁ་ཊྭཱཾ་ག་བསྣམས་པས་བཞི་ཉེ་བར་མཚོན་པ་ཡིན་ཏེ། དྲིལ་བུ་དང་ཀ་པཱ་ལ་དང་ཞགས་པ་དང་

ཚངས་པའི་མགོ་བོ་བསྣམས་པའོ། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །ཞེས་པ་ནི་མི་མགོ་ལྔ་བཅུའི་དོ་ཤལ་ཅན་ནོ། །གཡས་པ་བརྐྱང་བའི་རྣམ་པས་བཞུགས་ཤིང་འཇིགས་བྱེད་དང་དུས་མཚན་མནན་པ་ནི་ལེའུ་ལྔ་བཅུ་རྩ་གཅིག་པར་བཤད་པས་གོ་བར་དགོངས་ནས་

མ་གསུངས་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་བཤད་ནས་དེའི་ཡུམ་གྱི་མཚན་ཉིད་བཤད་པ་ནི། དེ་མདུན་གནས་པའི་ལྷ་མོ་ནི། །རྡོ་རྗེ་ཕག་མོ་ཞེས་བྱ་བ། །གསུངས་ཏེ། མདུན་ནས་འཁྱུད་པའི་ཚུལ་གྱིས་བཞུགས་པའི་སྐུ་མདོག་དམར་མོ་ལྷ་མོ་རྡོ་རྗེ་དབྱིངས་

ཀྱི་དབང་ཕྱུག་མ་ཡིན་ཡང་དྲག་པོ་འཇིགས་བྱེད་ལ་རྡོ་རྗེ་ཕག་མོ་ཞེས་གྲགས་སོ། །རབ་འཇིགས་ཞེས་བྱ་བ་ནི་ཞལ་ཅུང་ཟད་མཆེ་བ་གཙིགས་པའོ། །རབ་འཇིགས་འཇིགས་བྱེད་ཆེ་ལ་ཕྱོགས། །ཞེས་བྱ་བ་ནི་འཇིགས་བྱེད་དང་དུས་མཚན་འདུལ་བའི་ཡུམ་བཅོམ་ལྡན་

འདས་ལ་འཁྱུད་པའོ། །སྤྱན་གསུམ་དྲག་པོའི་གཟུགས་ཅན་ཞེས་བྱ་བ་ནི་སྐུ་མདོག་དམར་པོ་སྤྱན་གསུམ་པ་གཡོན་བརྐྱང་བས་དྲག་པོའི་གཟུགས་ཅན་ནོ། །དེའི་ཕྱག་གཡོན་པ་ན་ཀ་པཱ་ལ་ཁྲག་གིས་བཀང་བ་བསྣམས་པའོ། །ཞལ་ནས་རུ་དྷི་ར་འཛག་པ་ནི་གསུང་རབ་ཡན་

ལག་བཅུ་གཉིས་གསུང་པའི་རྟགས་སོ། །ལྷ་དང་ལྷ་མིན་མིར་བཅས་པ། །ཞེས་བྱ་བ་ནི་ཕྱག་གཡས་པ་གྲི་གུག་བསྣམས་པས་ལྷ་དང་དྲི་ཟ་དང་གནོད་སྦྱིན་དང་སྲིན་པོ་དང་ཀླུ་དང་ལྷ་མ་ཡིན་དང་མི་དང་མིའམ་ཅི་སྟེ་བརྒྱད་དང་བཅས་པ་འཇོམས་པའི་ཕྱིར་སྡིགས་མཛུབ་

མཛད་པའོ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྔོན་མོ་བརྒྱད་དང་། གསུང་གི་འཁོར་ལོ་དམར་མོ་བརྒྱད་དང་། སྐུའི་འཁོར་ལོ་དཀར་མོ་བརྒྱད་དེ་གྲི་གུག་དང་ཀ་པཱ་ལ་བསྣམས་པ་ཕྱག་གཉིས་

เล่ม ๑๗ · หน้า 366b

པ་ཕྱག་རྒྱ་ལྔས་བརྒྱན་པའོ། །རྡོ་རྗེ་ཕག་མོའི་རིགས་ལས་བྱུང་། །ཞེས་བྱ་བ་ནི་སྟོང་པ་ཉིད་ཉི་ཤུ་རྩ་བཞིས་མཚོན་པའོ། །ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་དང་། །ཞེས་བྱ་བ་ནི་ཕྱོགས་ནི་ནང་གི་ཡེ་ཤེས་ཀྱི་ལྷ་མོ་བཞི་དང་སྒོ་མ་བཞིའོ། །མཚམས་ནི་གཤིན་རྗེ་

བརྟན་མ་ལ་སོགས་པའོ། །འཁོར་ལོ་ལྟེ་བར་མཆོད་པ་བྱ། །ཞེས་བྱ་བ་ནི་གཞལ་ཡས་ཁང་གི་དབུས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བྱ་བ་ཡིན་ནོ། །དེ་བཞིན་འདིར་ནི་དཔའ་བོ་ཡང་། །ཞེས་བྱ་བ་ནི་ཐུགས་དང་གསུང་དང་སྐུའི་དཔའ་བོ་ནག་པོ་དང་དམར་པོ་དང་དཀར་པོ་སྟེ་

ཞལ་གཅིག་པ་ཕྱག་བཞི་པ་རྡོ་རྗེ་དང་དྲིལ་བུ་ཅང་ཏེའུ་དང་ཁ་ཊྭཱཾ་ག་བསྣམས་པའོ། །འཁོར་ལོ་ཡང་དུས་གཞན་ཞེས་བྱ་བ་ཡིན་ནོ། །སྔར་བཤད་པའི་འཁོར་ལོ་གསུམ་ལ་གནས་པའོ། །མཆོད་ཅེས་བྱ་བ་ནི་དཔའ་མོ་ཉི་ཤུ་རྩ་བཞི་དང་སྙོམས་པར་ཞུགས་ཏེ་དེ་ཡང་མཆོད་པ་

རྣམ་པ་ལྔས་མཆོད་པ་ཡིན་ནོ། །སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད། །ཅེས་བྱ་བ་ནི་དངོས་གྲུབ་ལེན་པའི་ཚེ་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། གཉིས་མེད་དཔའ་བོ་མཆོད་པར་བྱ། །ཞེས་བྱའོ། །འདིར་ནི་རྗེས་འཇུག་རྣལ་འབྱོར་པའི་དབང་དུ་མཛད་ནས་

གཟུགས་བརྙན་བྲི་བ་གསུངས་པ་ཡིན་ནོ། །སྔོན་ནས་སངས་རྒྱས་ཀྱི་སྤྲུལ་པའི་འཁོར་ལོས་སྐུའི་སྒོ་ནས་ཆོས་སྟོན་པར་མཛད་པའི་ཚེ་ན་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་ཐོད་པའི་ཕྲེང་བའི་སངས་རྒྱས་ལྔ་ནི་འབྱུང་བ་ལྔའོ། །སྤྱི་གཙུག་གི་རྩ་ལྔ་དང་སྤྱན་གསུམ་དང་

ཞལ་བཞི་ལྐོག་མ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་བཞི་དང་། ཕྱག་བཅུ་གཉིས་ཀྱི་རྩ་ལྷག་མ་བཅུ་གཉིས་དང་། ཕྱག་དྲུག་གིས་དབང་པོ་དྲུག་གི་རྩ་དང་། གཡས་བརྐྱང་བས་བཤང་གཅི་གཉིས་ཀྱི་རྩ་མཚོན་པས་མ་འོངས་པའི་རྣལ་འབྱོར་པས་རྩའི་འཁོར་ལོ་བསྒོམ་མོ་

ཞེས་སྟོན་པ་ཡིན་ནོ། །སྤྱན་རས་གཟིགས་དབང་ཕྱུག་གི་དབང་དུ་བྱས་ན་ཐོད་པ་ལྔ་ནི་སྤྱི་གཙུག་གི་འཁོར་ལོའི་རླུང་ལྔ་མཚོན་པ་དང་། སྤྱན་གསུམ་ནི་རླུང་གསུམ་དང་། ཞལ་བཞི་ནི་ལྐོག་མའི་རླུང་བཞི་དང་། ཕྱག་བཅུ་གཉིས་ཀྱིས་ལྐོག་མའི་རླུང་བཅུ་གཉིས་དང་། ཕྱག་དྲུག་

เล่ม ๑๗ · หน้า 367a

ནི་དབང་པོ་དྲུག་གི་རླུང་དང་། ཞབས་གཉིས་ཀྱིས་བཤང་གཅི་གཉིས་ཀྱི་རླུང་འགོག་པའོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་དབང་དུ་བྱས་ན་ཐོད་པ་ལྔ་ནི་ཡེ་ཤེས་ལྔ་དང་། ཞལ་བཞི་ནི་ཡེ་ཤེས་བཞི་དང་། སྤྱན་གསུམ་རྣམ་པར་ཐར་

པའི་སྒོ་གསུམ་དང་། ཕྱག་བཅུ་གཉིས་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་། ཕྱག་རྒྱ་དྲུག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཞབས་གཉིས་སྲིད་པ་དང་ཞི་བ་ལ་མི་གནས་པ་དང་། སྟག་གི་པགས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་དང་། མི་མགོ་

ལྔ་བཅུ་རྩ་གཅིག་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་རྣམ་པར་དག་པའོ། །དེ་ལྟར་ཡང་ཁ་སྦྱོར་ལས་བཤད་པས་ཐེ་ཚོམ་མི་བྱའོ། །བུམ་པ་བཞི་ནི་ཡེ་ཤེས་བཞི་དང་། སྟོང་པ་ཉིད་བཞི་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐུགས་ཀྱི་འཁོར་ལོར་སྣང་བ་དང་། སོ་སོར་རྟོག་པའི་ཡེ་ཤེས་

གསུང་གི་འཁོར་ལོར་སྣང་བ་དང་། མེ་ལོང་ལྟ་བུ་སྐུའི་འཁོར་ལོར་སྣང་བ་དང་། ཕྲིན་ལས་ཀྱི་འཁོར་ལོར་བྱ་བ་ནན་ཏན་གྱི་འཁོར་ལོ་དང་། རྩིག་པ་ལྔ་ཡེ་ཤེས་ལྔར་སྣང་བ་དང་། སྒོ་བཞི་རྣམ་པར་ཐར་པ་བཞིར་སྣང་བ་དང་། བསམ་གཏན་བཞི་རྟ་བབས་བཞིར་སྣང་བ་དང་། དུར་ཁྲོད་བརྒྱད་ནི་

སངས་རྒྱས་ཀྱི་ཞིང་ཁམས་བརྒྱད་དུ་སྣང་བ་དང་། ཤིང་བརྒྱད་བྱང་ཆུབ་ཀྱི་ཤིང་བརྒྱད་དང་། ཀླུ་བརྒྱད་ཡོན་གྱི་བདག་པོ་བརྒྱད་དང་། ཕྱོགས་སྐྱོང་བརྒྱད་རྣམ་པར་གཟིགས་ལ་སོགས་པའི་སངས་རྒྱས་བརྒྱད་དང་། ཕོ་ཉ་བརྒྱད་ཉན་ཐོས་བརྒྱད་དང་། སྤྲིན་བརྒྱད་མྱ་ངན་ལས་འདས་

པའི་ཚུལ་སྟོན་པའི་རང་རྒྱལ་བ་བརྒྱད་དང་། ཚིག་པ་དང་མ་ཚིག་པ་ལ་སོགས་པ་བརྒྱད་ནི་སངས་རྒྱས་ཀྱི་ཞིང་བརྒྱད་དེ། དེ་ལྟར་ན་རྣམ་པར་གཟིགས་ལ་སོགས་པའི་མཚན་ཉིད་ཀྱི་ཐེག་པའི་ཆོས་ཀྱི་འཁོར་ལོ་བརྒྱད་ཀྱིས་མཐའ་བསྐོར་བའི་དབུས་ན་འཁོར་ལོ་བདེ་མཆོག་བཞུགས་པ་ནི་

བསྟན་པའི་སྙིང་པོ་མངོན་སུམ་གྱི་ལམ་ཡིན་པས་ས་བཅུ་གཅིག་པ་ལ་ཐམས་ཅད་ཀྱང་མངོན་སུམ་གྱི་ལམ་འཁོར་ལོ་བདེ་མཆོག་ཏུ་སངས་རྒྱས་སོ་ཞེས་བྱ་བའི་དོན་ཡིན་ནོ། །རྡོ་རྗེ་ར་བ་ནི་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མེ་འོད་ནི་ཉོན་མོངས་པ་དང་ཤེས་བྱའི་

เล่ม ๑๗ · หน้า 367b

སྒྲིབ་པ་བསྲེག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ལྷ་དགོད་པའི་ཆོ་ག་བསྟན་ནས་དཀྱིལ་འཁོར་བཏེག་ནས་སྟ་གོན་གྱི་ལྷ་དབབ་པ་དང་བསྲེས་ཏེ་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་ལན་བདུན་བསྐོར་བ་བྱས་ནས་ལྷག་པ་དང་མ་ཚང་བ་བསྐང་བར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ད་ནི་བུམ་པ་གཞུག་

པར་བྱ་བ་ཡིན་པས། དེ་ནས་བུམ་པ་བྱ་བ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུམ་པའི་རྒྱུ་རིན་པོ་ཆེའམ་ས་ལས་བྱས་པ་ཁ་གྱེད་པ་གསུས་པ་ལྡིར་བ་མགྲིན་པ་ཕྲ་བ་མཆུ་འཕྱང་བ་ལ་ཆོ་ག་བྱ་ཞེས་བྱ་བའི་དོན་ཏོ། །རྩ་བ་ལ་སོགས་ནག་ནོག་མེད། །ཅེས་བྱ་བ་ནི་ལེགས་པར་

བཀྲུས་ནས་དྲིས་བྱུགས་པའོ། །མུ་ཏིག་གསེར་དང་རིན་ཆེན་དང་། །བྱི་རུ་དངུལ་དང་ཟངས་མ་སྟེ། །ཞེས་བྱ་བ་ནི་རིན་པོ་ཆེ་ལྔ་དང་འབྲུ་ལྔ་དང་སྨན་ལྔ་དང་བདུད་རྩི་ལྔ་དང་ལྡན་པའི་བུམ་པའི་སྟེང་དུ་བཟའ་བ་ཀུན་བཀང་བའོ། །སྣོད་ནི་སྟེང་དུ་གཞག་པར་བྱ། །ཞེས་བྱ་བ་ནི་

བདུད་རྩི་རྣམ་པ་ལྔ་དང་ལྡན་པའི་ཐོད་པའི་སྟེང་དུ་གཞག་གོ། །མགྲིན་པ་སྲད་བུས་དཀྲིས་པ་དང་། །ཞེས་བྱ་བ་ནི་ཚོན་སྣ་ལྔའི་སྐུད་པ་བཏགས་པའོ། །ཁ་ནི་འདབ་མས་བརྒྱན་པར་བྱ། །ཞེས་བྱ་བ་ནི་འབྲས་བུ་དང་ལྡན་པས་ཁ་བརྒྱན་པའོ། །གོས་ཟུང་གིས་ནི་ལེགས་དཀྲིས་

པ། །ཞེས་བྱ་བ་ནི་བུམ་པ་བརྒྱད་ལ་ཐབས་དང་ཤེས་རབ་ཀྱི་གོས་ཟུང་རེས་དཀྲིས་པའོ། །བརྒྱད་ནི་སྒོ་རུ་རྣམ་པར་དགོད། །ཅེས་བྱ་བ་ནི་རྒྱལ་བ་དང་བཀྲ་ཤིས་དང་དངོས་གྲུབ་དང་རྫུ་འཕྲུལ་དང་རྒྱལ་བ་དང་རྣམ་པར་རྒྱལ་བ་དང་གྲུབ་པ་དང་སྲུང་བ་བརྒྱད་སྒོ་བཞི་དང་མཚམས་བཞིར་དགོད་

པའོ། །གོས་ཟུང་གིས་ནི་ལེགས་དཀྲིས་པའི། །བུམ་པ་དགུ་པ་དབུས་སུ་གཞག །ཅེས་བྱ་བ་ནི་གོས་དམར་པོ་དང་ནག་པོས་དཀྲི་བར་བྱའོ། །རྣམ་པར་རྒྱལ་བའི་བུམ་པའོ། །གསེར་རམ་དངུལ་ལམ་རིན་ཆེན་ནམ། །མུ་ཏིག་རྣམས་ཀྱིས་མཛེས་པར་བྱ། །ཞེས་པ་ནི་བུམ་པ་

རིན་པོ་ཆེ་རྣམས་ཀྱི་ཕྲ་བཀོད་པ་དང་ལྡན་པའོ། །བུམ་པ་གཅིག་པུ་རིན་པོ་ཆེས་བྱའམ་ཞེ་ན། དཀྱིལ་འཁོར་ཀུན་དུ་རིན་ཆེན་དང་། །གསེར་རྣམས་ཀྱིས་ནི་ལེགས་པར་སྤྲས། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚན་མ་ཡང་རིན་པོ་ཆེས་མཛེས་པར་བྱའོ། །དེ་ལྟ་བུའི་

เล่ม ๑๗ · หน้า 368a

འཁོར་ལོ་བདེ་མཆོག་གི་གྲོང་ཁྱེར་མཆོག་ཡིད་དུ་འོང་བ་བུམ་པས་མཆོད་ན་དངོས་གྲུབ་ཏུ་གྱུར་པ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་བུམ་པ་བཤད་ནས་ད་ནི་མཆོད་པའི་རྫས་བྱིན་གྱིས་བརླབ་པ་ནི། བདག་ཉིད་ཀུན་ནས་བསྒོ་བ་ཡི། །དྲི་ཡི་ཆུ་ཡིས་ལེགས་པར་

གདབ། །ཅེས་བྱ་བ་ནི་ཧཱུཾ་མཛད་ཞལ་བཞི་པའི་སྔགས་ཀྱིས་ཀུན་ནས་བསྒོ་སྟེ་དེས་མཆོད་པ་རྣམས་བསང་བར་བྱའོ། །གལ་ཏེ་དངོས་གྲུབ་འདོད་པས་མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་ཆབ་དང་། མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་བྱ་བ་ནི་དཔའ་བོ་ལྔའི་ཤའི་

སྣོད་བརྒྱ་ལྷ་མོར་བསྐྱེད་ཅིང་དབུལ་བའོ། །དེ་ལྟར་བསགས་ཤིང་བྱིན་གྱིས་བརླབས་ནས་མཆོད་པར་བྱ་བ་དང་། དབུལ་བ་ནི་མར་མེ་བརྒྱ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྫས་བསགས་པ་ནི་བྱིན་གྱིས་བརླབས་ནས། ད་ནི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ནི། ནམ་

མཁའི་མཁའ་འགྲོ་མ་རྣམས་ནི། ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕེཾ་ཕེཾ་གྱི་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བར་སྣང་དུ་བྱོན་པ་ལ་མཁའ་འགྲོ་མའི་སྙིང་པོ་རྡོ་རྗེ་མཁའ་འགྲོ་ནས་འབྱུང་བའི་མཚན་

བརྒྱ་རྩ་བརྒྱད་པས་བསྟོད་ཅིང་རྡོ་རྗེ་མཁའ་འགྲོའི་རྒྱུད་ནས་འབྱུང་བ་བཞིན་དུ་མཆོད་ཡོན་དབུལ་བར་བྱའོ། །སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ལ་ཐུགས་ཀྱི་འཁོར་ལོ་སྟེ་མཁའ་སྤྱོད་ཀྱི་གནས་སུ་བཞུགས་པ་དང་། ས་སྟེངས་ཀྱི་མཁའ་འགྲོ་མ་གསུང་ལ་བཞུགས་པ་དང་།

ས་འོག་གི་འཁོར་ལོ་སྐུ་ལ་བཞུགས་པ་དང་། མ་མོ་བཅུ་གཉིས་ཕྱོགས་དང་མཚམས་སུ་བཞུགས་པའོ། །དེ་ནས་དབང་བསྐུར་བའི་གསོལ་བ་བཏབ་ལ་མེ་ལོང་གི་ངོས་ལ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་ལ་སྐུ་ཁྲུས་གསོལ་ཞིང་བདག་ལ་དབང་བསྐུར་བར་

བྱའོ། །དེ་ནས་དཀྱིལ་འཁོར་མཆོད་པར་བྱ་བ་ནི། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་ལ་སོགས་པ་གྲངས་བརྒྱ་སྙེད་ཀྱིས་དཔལ་ལྡན་ཁྲག་འཐུང་གི་དཀྱིལ་འཁོར་གྱི་དཔའ་བོ་དང་དཔའ་མོ་དྲུག་ཅུ་རྩ་གཉིས་ལ་མཆོད་པར་

เล่ม ๑๗ · หน้า 368b

བྱའོ། །དེ་ནས་བསོད་ནམས་བསགས་པའི་རྗེས་གཟུགས་སྡུ་གུ་དང་སྒྲ་སྙན་པ་ལ་སོགས་པ་ལ་རོ་དང་རེག་བྱ་འབུལ་བར་བྱ་བ་ལས་ཐ་མར་རེག་བྱ་བཤད་པ་ནི། རྒྱལ་མཚན་དམར་དང་དེ་བཞིན་སེར། །ཞེས་བྱ་བ་སྟེ། རྒྱལ་མཚན་ནི་རོའི་གོས་སམ་བདུད་རྩི་ལྔ་དང་དུར་ཁྲོད་

ཀྱི་ཐལ་བའི་ཐིག་ལེ་བྱས་པའོ། །དམར་བ་ནི་གསུང་དང་། སེར་བ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་། དཀར་བ་ནི་སྐུ་དང་། ནག་པོ་ནི་ཐུགས་དང་། སེར་སྐྱ་ནི་སྒོ་མ་རྣམས་དང་། སྣ་ཚོགས་པའི་མཚམས་ཀྱི་ལྷ་མོ་རྣམས་དབུལ་བར་བྱའོ། །དཀྱིལ་

འཁོར་གྱི་རྫས་ནི་མེ་ཏོག་གི་ཕྲེང་བ་ཤར་སྔོ་བ་དང་། ལྷོ་སེར་བ་དང་། ནུབ་དམར་བ་དང་། བྱང་ལྗང་བ་དུ་མ་དང་། བླ་རེ་དང་། རྡོ་རྗེ་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེས་མཚན་པའོ། །བསྲུང་བའི་རྫས་ནི་དར་དང་བཅས་པའི་མདའ་ཤིན་ཏུ་མཛེས་པ་དང་། ཕུར་པ་

བཅུ་དང་། ཡུངས་ཀར་དང་གུ་གུལ་དང་བཅས་པའོ། །ནང་གི་སྦྱིན་སྲེག་གི་རྫས་ནི། །དེ་བཞིན་བཟའ་བ་བཏུང་བ་ཡིས། །ཞེས་བྱ་བ་གསུངས་ཏེ། ཁ་ཟས་རོ་བརྒྱ་པ་དང་རྒུན་ཆང་ལ་སོགས་པའོ། །མཉམ་པར་གཞག་སྟེ་མཆོད་པར་བྱ། །ཞེས་བྱ་བ་ནི་སྒྲུབ་པའི་

གྲོགས་པོ་དང་བཅས་པ་ཚོགས་ཀྱི་འཁོར་ལོའི་ལྷར་བསྐྱེད་ལ་ལག་པ་གཡས་གཡོན་དགང་གཟར་དང་བླུགས་གཟར་གྱིས་ལུས་ཀྱི་འཁོར་ལོའི་ལྷ་ལ་མཆོད་པར་བྱའོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ་དང་པོར་རེ་ཞིག་ཉི་མ་འཆར་ཀར་དཀྱིལ་འཁོར་ནམ་མཁར་

བཏེག་ལ་རས་བལ་གྱི་སྐུད་པ་ལ་དུར་ཁྲོད་ཀྱི་ཐལ་བས་བྱུགས་ལ་ལེགས་པར་བསྒྲིལ་ལ་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དང་ལྡན་པ་ལ་སྦོམས་སུ་སྒོའི་ཉི་ཤུའི་ཆ་དང་ལྡན་པ་ཁྲག་ཆེན་པོ་དང་བདུད་རྩི་ལྔ་དང་ལྡན་པའི་ཚོན་སྣ་ལྔར་ཁ་བསྒྱུར་བ་ལ་ཧཱུཾ་ཨོཾ་ཏྲཱཾ་ཧྲཱིཿཨཿཞེས་

བྱ་བ་བཀོད་ལ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་ལ་མིག་དང་ཐིག་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བཅུག་ལ་མཆོད་པ་ལྔས་མཆོད་ལ། གསེར་ལ་སོགས་པའི་སྣོད་དུ་བཞག་ལ་ཨོཾ་བཛྲ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བས་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །

เล่ม ๑๗ · หน้า 369a

ལྷ་ཐམས་ཅད་ཀྱི་སྔགས་བཟླས་པའི་དྲིའི་ཆུས་བྱུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡི་གེ་ཛཿསེར་པོ་མིག་ལ་བཀོད་པའི་ཉི་མ་དང་ཟླ་བ་སོ་སོར་སྣང་བས་དབུས་དང་སྒོ་གནས་གང་དུ་འོང་བ་བལྟས་ལ། སྒྲུབ་པའི་གྲོགས་མཆོག་ཡི་གེ་ཧཱུཾ་དང་

སྣའི་དབུགས་ཀྱིས་བརྔུབས་ནས་གསང་བའི་རྡོ་རྗེའི་ལམ་ནས་ཕྱུང་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་གཞག་གོ། །དེའི་ལག་པར་ཛཿཛཿཞེས་བྱ་བས་ཐིག་སྐུད་གཏད་ལ་སློབ་དཔོན་ཤར་དུ་ཁ་བལྟས་ཏེ་སློབ་མས་དྲངས་ལ་ནུབ་ཏུ་ཁ་བལྟས་པས་ཚངས་པའི་ཐིག་དང་པོར་གདབ་

པར་བྱའོ། །སློབ་དཔོན་བྱང་དུ་ཁ་བལྟས་ཏེ་ཚངས་པའི་ཐིག་གཉིས་པ་གདབ་པར་བྱའོ། །སློབ་དཔོན་མེ་རུ་གནས་ནས་བྱང་དུ་བལྟས་ཏེ་ཤར་གྱི་ཐིག་གདབ་པར་བྱའོ། །སློབ་དཔོན་རླུང་དུ་གནས་ནས་ལྷོར་བལྟས་ཏེ་ནུབ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །ཡང་བསྐོར་

ནས་དེ་ཉིད་དུ་འདུག་ལ་ཤར་དུ་བལྟས་ནས་བྱང་དུ་ཐིག་གདབ་པར་བྱའོ། །མེའི་ཕྱོགས་སུ་འདུག་སྟེ་ནུབ་ཏུ་བལྟས་ཏེ་ལྷོའི་ཐིག་གདབ་པར་བྱའོ། །དེ་བཞིན་དུ་ཁ་ཁྱེར་དང་མཚམས་ཀྱི་ཐིག་གདབ་པར་བྱའོ། །ཚངས་པའི་ཐིག་ནས་བརྩམས་ཏེ་ཆ་བཅུ་བདུན་པཉྩ་རེ་ཁཱའི་

རྩེག་པ་དང་། ཉི་ཤུ་པ་ལ་སྒོ་འགྲམ་གྱི་རྩིག་པ་དང་། རྩ་གསུམ་པ་ལ་ཡ་ཕུབས་ཀྱི་རྩིག་པ་དང་། རྩ་བཞི་པ་ལ་བཅུ་གཅིག་རྡོ་རྗེ་དང་སུམ་ཅུ་རྩ་གཉིས་ཀྱི་བར་གྱིས་རྟ་བབས་གདུགས་དང་བཅས་པ་རྫོགས་པར་བྱའོ། །སྒོ་འཁོར་ལོའི་བརྒྱད་ཆ་ལ་སྒོའི་དབུས་ནས་བརྩམས་ནས་གསུམ་པ་དང་

ལྔ་པ་ལ་སྒོ་ཁྱུད་དང་ལོགས་ཀྱི་རྩིག་པ་བྱའོ། །དེ་ལྟར་ཟུར་བཞི་པའི་ཐིག་རྫོགས་ནས་བདུད་རྩི་འཁྱིལ་པའི་ཕུར་བུ་སྟོད་ཁྲོ་བོ་ལ་སྨད་རྡོ་རྗེ་རྩེ་གཅིག་པ་དབུས་སུ་བཏབ་ལ་དེ་ལ་སྲད་བུ་ཉིས་ལྡབ་ཏུ་བཏགས་ནས་ཚང་ས་པའི་ཐིག་ནས་བརྩམས་ཏེ་ཆ་གསུམ་ནི་པདྨ། ཆ་གཅིག་ནི་

གྲི་གུག་གམ་རིན་པོ་ཆེས་བསྐོར་བའོ། །དེའི་ཕྱི་རོལ་དུ་ཆ་གསུམ་ནི་འཁོར་ལོ་ཆ་གཅིག་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོ་ཆ་གསུམ་ནི་པདྨས་བསྐོར་ལ། དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ་ཆ་གསུམ་ནི་འཁོར་ལོའི་ཕྲེང་བས་བསྐོར་བའོ། །དེའི་ཕྱི་རོལ་དུ་

เล่ม ๑๗ · หน้า 369b

རྡོ་རྗེ་ར་བ་མེ་འོད་རིམ་པ་གཉིས་ཐམས་ཅད་ཀྱི་མཐའ་ནས་བསྐོར་བར་བྱའོ། །དེ་ལྟར་ཐིག་བཏབ་ནས་བར་ཆད་ཀྱི་བགེགས་བཟློག་པའི་ཕྱིར་ཕྱོགས་སྐྱོང་ལ་ཕུར་བུས་བཏབ་ལ་ཚོན་དགྱེ་བར་བྱའོ། །ཡོད་ཅིང་འབྱོར་ན་གསེར་ལ་སོགས་པའི་རིན་པོ་ཆེའམ་ཡང་ན་བསྲེས་

པའམ་ཚོན་རྩི་ལས་བྱས་པ་དུར་ཁྲོད་དུ་རུས་པའི་ཕྱེ་མ་ལས་དཀར་པོའོ། །ཐལ་བ་ལས་ནག་པོ་དང་། སོ་ཕག་ཚོས་པ་དང་མ་ཚོས་པ་ལས་དམར་པོ་དང་སེར་པོ། མི་རུས་དང་བསྲེས་པའི་ལྗང་གུ་ལ་རིགས་ལྔའི་ས་བོན་བཀོད་ནས་ལྷར་བསྐྱེད་དེ་ཡེ་ཤེས་སེམས་

དཔའ་བཅུག་སྟེ་མཆོད་པ་ལྔས་མཆོད་དེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བས་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ཡི་གེ་ཧིཿདང་བཅས་པས་གཟི་བྱིན་བསྐྱེད་པར་བྱའོ། །དེ་ནས་ཐོག་མར་སློབ་དཔོན་གྱིས་སྒོ་རྣམས་ཕྱེ་ལ་འཁོར་ལོ་བྲིས་ནས་དབུས་ཀྱི་ཕུར་བུའི་བུ་ག་

བཀང་ལ་དབང་ལྡན་གྱི་མཚམས་སུ་ཚོན་གྱི་པྲ་བརྟགས་ནས་སློབ་མས་ཀྱང་ཅི་བདེ་བར་བྲི་བར་བྱའོ། །སྔར་བཤད་པ་བཞིན་དུ་འཁོར་ལོ་ལྔ་བཀོད་ལ་ལྷའི་ཡིག་འབྲུའམ་ཕྱག་མཚན་ནམ་སྐུ་ཕྱག་རྒྱ་ཆེན་པོར་བཀོད་དེ་ཚོན་སྣ་ལྔའི་ས་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་

དཀར་པོའི་རིམ་པས་བྲིས་ལ་འདོད་ཡོན་གྱིས་དམར་པོའོ། །རིན་ཆེན་ཕ་གུ་དཀར་པོ། དྲ་བ་དྲ་ཕྱེད་ཀྱིས་ནག་པོའོ། །ཤར་དུ་རྟ་བབས་རྡོ་རྗེས་མཚན་པ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ་དང་། བྱང་དུ་སྣ་ཚོགས་རྡོ་རྗེས་མཚན་པའི་རྟ་བབས་བྲི་བར་བྱའོ། །དེའི་ལོགས་བརྒྱད་དུ་སྔར་

བསྟན་པ་བཞིན་དུ་དུར་ཁྲོད་བརྒྱད་བྲི་བར་བྱའོ། །དེ་ནས་དགོངས་ཀའི་དུས་སུ་དཀྱིལ་འཁོར་གྱི་ས་གཞི་ཀུན་དུ་དྲིས་ཉེ་བར་བྱུགས་ལ་བུམ་པ་ལ་སོགས་པའི་རྫས་ཐམས་ཅད་བསགས་ཏེ་ཕུར་བུ་དང་མདའ་ལ་སོགས་པ་བསྲུང་བའི་རྫས་རྣམས་ཀྱང་བྲིས་ཏེ། རྡོ་རྗེ་སློང་བའི་ཕྱག་རྒྱས་

དཀྱིལ་འཁོར་བསླངས་ལ་སོ་སོའི་སྙིང་པོས་ལྷ་རྣམས་ཕབ་སྟེ་དཀྱིལ་འཁོར་དུ་ཞུགས་ནས་དེ་བཞིན་གཤེགས་པ་ལ་ཕྱག་བྱ་ཞིང་ཁྲོ་བོའི་བསྟོད་པས་བསྟོད་དེ། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བགེགས་བསལ་ནས་ལྷག་པ་དང་མ་ཚང་བ་ཁ་བསྐང་བའི་ཕྱིར་ཡི་གེ་བདུན་

เล่ม ๑๗ · หน้า 370a

ཟློས་ཤིང་ལན་བདུན་བསྐོར་བ་བྱས་ལ། སྔར་ཇི་སྐད་བཤད་པ་བཞིན་དུ། གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབས་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཞེས་བྱ་བའི་བར་

དུ་བྱས་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་སྦྱིན་སྲེག་དང་གཏོར་མ་ཡང་བྱའོ། །རྒྱས་པ་ནི་ཡིད་འོང་ཕྲེང་བར་བལྟ་བར་བྱའོ། །ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སློབ་དཔོན་གྱི་ལས་རྣམས་རྫོགས་ནས། ད་ནི་སློབ་

མ་འཇུག་པ་དང་། དབང་བསྐུར་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། །ཞེས་བྱ་བ་ནི་སྒྲུབ་པ་པོ་ནི་ལྷག་པར་གནས་པ་བྱས་པའི་སློབ་མའོ། །དངོས་ཀུན་གྱིས་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའོ། །དང་པོར་སློབ་དཔོན་མཉེས་པར་བྱ། །ཞེས་བྱ་བ་ནི་སློབ་

དཔོན་དང་སྒྲུབ་པའི་གྲོགས་པོ་ལ་འདོད་པའི་ཡོན་ཏན་ལྔས་ཚོགས་ཀྱི་འཁོར་ལོ་བྱའོ། །འགྲུབ་འདོད་ཤིན་ཏུ་མཉམ་གཞག་པས། །ཞེས་བྱ་བ་ནི་སློབ་མ་སེམས་རྩེ་གཅིག་པ་དང་བཅས་པའོ། །ཅི་ནུས་པས་ནི་བླ་མ་མཆོད། །ཅེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔས་

ཅི་འབྱོར་བའི་ཚོགས་ཀྱིས་མཆོད་པར་བྱའོ། །དེ་ལྟར་ཐོག་མར་སློབ་དཔོན་མཉེས་པར་བྱས་ནས་སློབ་དཔོན་གྱིས་སྒྲུབ་པའི་ཆོ་ག་བྱ་བ་ཡིན་ཏེ། དཀྱིལ་འཁོར་བྲིས་པའི་ནུབ་མོ་དེ་ཉིད་གཟུགས་རྡོ་རྗེ་མ་དང་སྒྲ་རྡོ་རྗེ་མ་དང་དྲི་དང་། རོ་དང་རེག་བྱ་རྡོ་རྗེ་མ་རྣམས་ཀྱིས་དཀྱིལ་

འཁོར་མཆོད་པར་བྱས་ནས་སློབ་མ་དབང་བསྐུར་བར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དྲིལ་སྦྱངས་མེ་ཏོག་སྤོས་ཀྱིས་བརྒྱན། །ཞེས་བྱ་བ་ལ་སོགས་པ་ལ་འདོད་པའི་ཡོན་ཏན་ལྔའི་གཟུགས་ཀྱིས་མཆོད་པ་བྱ་བའམ། ཡང་ན་སྔ་མ་དེ་ཉིད་སློབ་དཔོན་གྱིས་ལས་བྱས་

ནས་ཕྱི་དེ་ཉིན་སློབ་མ་འཇུག་པར་འདོད་པས། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་འདྲ། །ཞེས་བྱ་བ་གསུངས་པས། ཤེས་རབ་ཀྱི་ཡན་ལག་དང་བཅས་པས་བསྒྲུབ་པར་བྱ་སྟེ། བཅུ་གཉིས་མ་དང་བཅུ་དྲུག་མ་དང་ཉི་ཤུ་མའི་ལས་ཀྱི་ཕྱག་རྒྱ་དང་བཅས་

เล่ม ๑๗ · หน้า 370b

པས་ཚད་མེད་པ་དང་། བྱིན་གྱིས་བརླབ་པ་དང་། བསྲུང་བ་དང་སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་དང་པོར་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལས་ཀྱི་རྒྱལ་མཆོག་བསྒོམས་ལ་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དྲིལ་སྦྱངས་ཞེས་བྱ་བ་སྟེ་

དགེ་བསྙེན་གྱི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་བྱིན་ནས་སྔགས་ཀྱི་ལྷར་བསྐྱེད་པ་ནི་སྦྱངས་པའི་ལུས་ལྷ་མོ་བཅུ་དྲུག་གི་གནས་སུ་དྲིའི་ཐིག་ལེ་བྱས་ཏེ། མེ་ཏོག་སུམ་ཅུ་རྩ་དྲུག་བཀོད་ལ་སྤོས་ཀྱིས་བདུགས་ཤིང་ལུས་ཀྱི་འཁོར་ལོའི་ལྷ་ཡིས་བརྒྱན་

པར་བྱའོ། །ཤིན་ཏུ་སྒྲ་སྙན་ཞེས་བྱ་བ་ནི་ལོ་བཅུ་དྲུག་མ་སྟེ་གཟུགས་ཡིད་དུ་འོང་བ་སྒྲ་སྙན་པ་དྲི་ཞིམ་པོ་དང་རོ་དང་རེག་བྱ་ཡིད་དུ་འོང་བ་དང་ལྡན་པས་ཉེ་བར་མི་ཚོན་པས་ན་སྒྲ་སྙན་ཞེས་བྱའོ། །དྲིལ་བུ་དཀྲོལ་ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱིའི་རྩའི་མིང་ཡིན་ནོ། །སྒྲུབ་པ་པོ་ཡིས་

རྔ་བརྡུང་ཞིང་། །ཞེས་བྱ་བ་ནི་ཉི་ཤུ་མ་སྟེ་ལོངས་སྤྱོད་པའི་གཞིར་གྱུར་པའོ། །དེ་རྣམས་དང་བསམ་གཏན་གྱི་བདེ་བ་དང་ཟག་མེད་ཀྱི་བདེ་བ་སྐྱེ་བར་བྱའོ། །བྱིང་རྨུགས་དང་རྒོད་པ་བྱུང་ན་གཉེན་པོས་བཟློག་པ་བཞིན་དུ་དགའ་བྲལ་བུ་གྱུར་ན། ཧ་ཧ་ཞེས་ནི་བརྗོད་པར་བྱ། །

ཞེས་བྱ་བ་སྟེ་རླུང་གི་འཁྲུལ་འཁོར་གྱེན་དུ་བཟློག་པའི་ཐབས་ཡིན་ནོ། །དེ་ལྟར་བསྒྲུབས་ཟིན་པའི་རྗེས་ལ་སློབ་མ་འཇུག་པའི་ཆོ་ག་བསྟན་པ་ནི། དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར། །ཞེས་བྱ་བ་གསུངས་ཏེ། ཆོ་ག་བཞིན་དུ་ལྷ་དྲུག་ཅུ་

རྩ་གཉིས་བསྒོམ་པའོ། །དཀྱིལ་འཁོར་ལ་འདོད་པའི་ཡོན་ཏན་ཀུན་དང་ལྡན་པས་དཀྱིལ་འཁོར་ལ་མཆོད་པར་བྱའོ། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ནང་ན་གནས་བཞིན་དུ་ལས་ཀྱི་སློབ་དཔོན་གྱིས་སློབ་མ་ཡོལ་བའི་རྒྱབ་ཏུ་ཡི་གེ་བདུན་པ་བཟླས་པའི་སྨད་གཡོགས་

དང་། ཧཱུཾ་མཛད་བཟླས་པའི་སྟོད་གཡོགས་དང་། སྒོ་བ་བཞི་བཟླས་པའི་གདོང་གཡོགས་དང་། རྡོ་རྗེ་གཙུག་ཏོར་བཟླས་པའི་ཟེའུ་ཀ་བཅིངས་ལ་སྙིམ་པ་མེ་ཏོག་གིས་བཀང་ནས་ཡོལ་བའི་ནང་དུ་བཅུག་སྟེ་ཀ་སྟཾ་བྷོ་ཞེས་དྲི་བར་བྱའོ། །སློབ་མས་སྐལ་བ་དང་ལྡན་པ་བདག་

เล่ม ๑๗ · หน้า 371a

ལགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་བདུན་རྣམ་པར་དག་པ་བྱས་ལ་སྡོམ་པ་བཟུང་ནས་སྙིང་གར་རྡོ་རྗེ་བཞག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དཔའ་བོ་གཅིག་པུའི་ལྷར་བསྐྱེད་ནས་མཆོད་དེ་ཕྱི་རོལ་གྱི་བུམ་པའི་ཆུས་དབང་བསྐུར་བར་བྱའོ། །དེ་ནས་

བསྐོར་བ་བྱས་ནས་ཀྱང་། །ཞེས་པས་ནང་གི་འཇུག་པ་སྟོན་ཏེ་ལག་ན་རྡོ་རྗེ་ཐོགས་པའི་སློབ་མས་ཀཱ་ཀཱ་སྱེ་ཧཱུཾ་ཛཿཞེས་བྱ་བས་ཤར་ཕྱོགས་ཀྱི་སྒོ་ནས་འདུག་པ་དང་། དེ་ནས་བསྐོར་ལ་བྱང་ཕྱོགས་ཀྱི་སྒོ་ནས་ཨུ་ལཱུ་ཀཱ་སྱེ་ཧཱུཾ་ཞེས་པས་གཞུག་པ་དང་། དེ་ནས་བསྐོར་ལ་ནུབ་ཕྱོགས་

ཀྱི་སྒོ་ནས་ཨོཾ་ཤྭ་ནཱ་སྱེ་བཾ་ཞེས་པས་བཅིང་བ་དང་། དེ་ནས་བསྐོར་ཏེ་ལྷོ་ཕྱོགས་ཀྱི་སྒོ་ནས་ཨོཾ་སཱུ་ཀ་རཱ་སྱེ་ཧོ་ཞེས་པས་དབང་དུ་བྱ་བའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་བཅུག་ལ་ཨཱ་ཁཾ་བཱི་ར་ཧོ་ཞེས་སྨྲས་ནས་སློབ་མ་ནམ་མཁའ་དང་མཉམ་པའི་དཀྱིལ་འཁོར་དུ་ཞུགས་སོ་ཞེས་

བརྗོད་དུ་གཞུག་གོ། །དེ་ནས་ལྷའི་དམ་ཚིག་བསྒྲགས་པ་དང་སློབ་དཔོན་གྱི་དམ་ཚིག་བསྒྲགས་པ་ནི། ཀྱང་ཞེས་བྱ་བའི་དོན་ཡིན་ནོ། །དེའི་རྗེས་ལ་ཡེ་ཤེས་དབབ་པ་ནི། སློབ་དཔོན་ཤིན་ཏུ་མཉམ་གཞག་པས། །ཞེས་བྱ་བ་སྨོས་ཏེ། སློབ་དཔོན་ཤིན་ཏུ་སེམས་རྩེ་གཅིག་པས་

སྒོ་དབྱེ་བའི་ཕྱག་རྒྱས་སློབ་མའི་སྙིང་ག་དང་རང་གི་སྙིང་ག་ཕྱེ་ནས་རང་གི་སྙིང་གའི་ཟག་པ་མེད་པའི་རྡོ་རྗེ་སློབ་མའི་སྙིང་གར་བཅུག་ལ། ལུས་ཀྱི་འཁྲུལ་འཁོར་དང་ངག་དང་སེམས་ཀྱི་འཁྲུལ་འཁོར་དང་། རྫས་ཀྱི་འཁྲུལ་འཁོར་གྱིས་དབབ་པར་བྱའོ། །མ་བབས་ན་དབང་

བསྐུར་བར་མི་བྱའོ། །གྲོང་ཁྱེར་དམ་པ་དེར་གཞུག་བྱ། །ཞེས་བྱ་བ་ནི་སྤྲུལ་པའི་སྐུའི་ཡེ་ཤེས་ཀྱི་ལྷ་དེ་མཐོང་བར་གཞུག་པར་བྱའོ། །ཡེ་ཤེས་བབས་ནས་སྤྲུལ་པའི་དཀྱིལ་འཁོར་དམ་པ་མཐོང་བར་གྱུར་པ་ཡིན་ནོ། །དེ་ལྟར་གསང་བའི་དཀྱིལ་འཁོར་དུ་འཇུག་པ་སྟོན་པ་

ནི། །ལྷོའི་ཕྱོགས་སུ་བསྟེན་ནས་སུ། ཞེས་བྱ་བ་ནི་སློབ་དཔོན་གྱི་གཡོན་ངོས་ནས་འཇུག་པ་ཡིན་ནོ། །དེ་ལ་སྙིམ་པ་མེ་ཏོག་དོར། །ཞེས་བྱ་བ་ནི་པྲ་ཏཱིཙྪ་ཧོ་ཞེས་བྱ་བས་དོར་བར་བྱའོ། །གང་གི་སྟེང་དུ་བབས་པ་དེ་བླངས་ལ་པྲ་ཏི་གྲིཧྣ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བས་བཅིང་བར་

เล่ม ๑๗ · หน้า 371b

བྱའོ། །དེ་ནས་གདོང་གཡོགས་བཀྲོལ་ཞིང་དེ་ལ་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྟན་པར་བྱའོ། །དེ་ལྟར་ཕྱིའི་འཇུག་པ་ལྔ་དང་ནང་གི་འཇུག་པ་བརྒྱད་བྱས་ནས་དེའི་རྗེས་ལ་དབང་བསྐུར་བར་བྱའོ། །དེ་ནས་སློབ་དཔོན་ལེགས་པར་ནི། །མཉམ་པར་གཞག་

སྟེ་ཕྱག་རྒྱས་མཆོད། །ཅེས་པ་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་བསྒོམས་ཏེ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སློབ་མའི་ཁ་ནས་བཅུག་ནས་སློབ་མ་ཡུམ་གྱི་མཁའ་གསང་ནས་བཏོན་ནས་དཔའ་

བོ་གཅིག་པུ་ཡབ་ཡུམ་དུ་བསྐྱེད་དེ་ཡེ་ཤེས་སེམས་དཔའ་བཅུག་ནས་གོ་ཆ་བསྐོན་ནས་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་རྡོ་རྗེ་བརྟུལ་ཞུགས་དང་ཕྱག་མཚན་གྱི་བརྟུལ་ཞུགས་དང་། སྔགས་ཀྱི་བརྟུལ་ཞུགས་དང་མཆོད་པ་ལྔའི་བརྟུལ་ཞུགས་སྦྱིན་པར་བྱའོ། །

དེ་ནས་སློབ་མ་ཕྱིར་མི་ལྡོག་པའི་དབང་བསྐུར་བར་བྱའོ། །གསོལ་བ་འདེབས་སུ་བཅུག་ལ། རྡོ་རྗེ་སློབ་དཔོན་སྨད་པ་དང་། །ཞེས་བྱ་བ་བཅུ་ལ་སོགས་པ་ཕས་ཕམ་པ་བཅུ་བཞི་བྱིན་ནས་སེང་གེའི་ཁྲིའི་ཁ་ལ་བཞག་སྟེ། ལྷ་དྲུག་ཅུ་རྩ་གཉིས་ལུས་ལ་བསྐྱེད་དེ་ཡེ་ཤེས་

སེམས་དཔའ་བཅུག་པ་དང་གོ་ཆ་བསྐོན་ལ་ཕྱིར་མི་ལྡོག་པའི་རྣམ་པར་རྒྱལ་བའི་བུམ་པས་སྔ་མ་བཞིན་དུ་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་མིག་དབྱེ་བ་སྤངས་པ་དང་མེ་ལོང་བསྟན་པ་དང་ཡེ་ཤེས་དང་མདའ་གཞུ་གཏད་པས་སྤྲུལ་པ་འགྱེད་པའི་སྐུ་དང་། དྲིལ་བུ་གསུང་

དང་། ཡང་མེ་ལོང་བསྟན་པས་ཐུགས་དང་། རྒྱུད་ཐམས་ཅད་ཀྱི་རྗེས་སུ་གནང་བ་རྣམ་པ་ལྔ་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བརྟུལ་ཞུགས་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། རྗེས་སུ་གནང་བ་བྱིན་པ་དང་། ཡན་ལག་

བཅུ་དང་ལྡན་པ་སྟེ། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བུམ་པའི་དབང་བསྐུར་བ་ནི་མཉམ་པར་གཞག་པ་སྟེ། ཕྱག་རྒྱ་མཆོད་ཅེས་བྱ་བ་ནི་མདོར་བཤད་པ་ཡིན་ནོ། །ད་ནི་ལུས་ཀྱི་དཀྱིལ་འཁོར་ལ་གསང་བའི་དབང་བསྐུར་བ་ནི། དེ་ནས་སློབ་མ་ཕྱི་དེ་ཉིན། །

เล่ม ๑๗ · หน้า 372a

ཞེས་བྱ་བ་སྨོས་ཏེ་རྡུལ་ཚོན་གྱི་ལྷ་གཤེགས་སུ་གསོལ་ནས་ཚོགས་ཀྱི་འཁོར་ལོ་ལ་དབྱེ་སྟེ། གསང་བའི་དབང་བསྐུར་བའི་གསོལ་བ་སློབ་མས་བཏབ་ནས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བའི་སྡོམ་པ་བཞི་ཕོག་ནས་རྒྱུད་ཀྱི་རིམ་པ་དང་སྔགས་ཀྱི་

རིམ་པ་དང་ཡེ་ཤེས་ཀྱི་རིམ་པ་སྒོམ་དུ་བཅུག་ནས། མཚལ་ཆེན་ལན་གསུམ་བཟླས་པ་ཡི། །དེ་ལ་ཐིག་ལེ་བྱ་བ་ཡིན། །ཞེས་བྱ་བ་ནི་གནས་གསུམ་དུ་བདུད་རྩི་ལྔའི་དྲིའི་ཐིག་ལེ་བྱས་ལ། མཚལ་ཆེན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་སློབ་མས་རྡོ་རྗེའི་རྩེ་

མོ་ལས་སམ་པདྨའི་རྩེ་མོ་ལས་སྲིན་ལག་གིས་སམ་དུང་ཆོས་ལས་བླང་བར་བྱའོ། །སློབ་དཔོན་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་ནས་ཞུ་བའི་ཐིག་ལེ་སློབ་མའི་ལྕེ་ལ་ཕབ་ནས་རོ་རྡོ་རྗེ་མ་ལ་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྐྱེད་པས་བསམ་གཏན་གྱི་སྡོམ་པ་དང་། བཞི་པ་རོའི་སྟོང་

པ་ཉིད་ཤེས་པས་ཟག་པ་མེད་པའི་སྡོམ་པ་བསྐྱེད་ནས་ངོ་མཚར་བདེ་བ་ཆེ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་གཞུག་གོ། །དེ་ནས་དེའི་ཚོགས་ཀྱི་འཁོར་ལོ་བྱས་ལ་དཀྱིལ་འཁོར་བྷ་ག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱའོ། །ཕ་མའི་ཐབས་དང་ཤེས་རབ་ལས་སྒྱུ་མ་

ལྟ་བུའི་ལྷར་བསྐྱེད་པས་ཟླ་བ་ས་བཅུ་དང་། ཨ་ཧཾ་འདོན་པ་སྔགས་དང་། ཁྲུ་མ་ཆོས་གོས་དང་། ཐལ་མོ་སྦྱར་བའི་ཕྱག་རྒྱ་དང་། རྒྱུ་རྐྱེན་གྱི་ཚོགས་པ་ལས་ལྷར་བསྐྱེད་དོ་ཞེས་མེ་ལོང་གི་གཟུགས་བརྙན་བསྟན་ནས་ཤེས་རབ་ཀྱི་དབང་བསྐུར་བའི་གསོལ་བ་འདེབས་

སུ་བཅུག་ལ། བླ་མ་དང་ཤེས་རབ་ཀྱི་ཞབས་ལ་ཕྱག་འཚལ་ནས་སྡོམ་པ་དག་ཀྱང་མནོས་ཏེ། དེ་ཡང་བསྙེན་སྒྲུབ་བཞིས་སྦྱངས་པའི་རྫས་དང་མེ་ཏོག་གི་ཐིག་ལེས་བརྒྱན་པའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཆེད་དུ་གཏད་ལ་འབྱུང་བ་བཞིའི་དབུས་མ་

ནམ་མཁའི་རྩ་དང་རེག་པར་གྱུར་པས་རེག་བྱ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྟོགས་པ་ནི་གདོང་ཕྱེ་དཀྱིལ་འཁོར་བསྟན་ཞེས་བྱ་བ་ཡིན་ནོ། །གང་གི་ལྷ་གནས་གང་ཡིན་པ། །ཞེས་བྱ་བ་ནི་བདེ་བ་སྟོང་ཉིད་ཟག་མེད་ནི་ལྷ་ཡིན་ལ། དེའི་གནས་ནི་དུད་ཅན་དང་པདྨ་ཅན་དང་རི་

เล่ม ๑๗ · หน้า 372b

དགས་ཅན་ནོ། །དེར་དེ་ཡང་དག་བསྟན་པར་བྱ། །ཞེས་བྱ་བ་ནི་སློབ་མ་དེ་བདེ་བ་སྟོང་པ་ཉིད་ཀྱི་ཚོགས་པ་དེ་སློབ་དཔོན་གྱི་མངོན་སུམ་གྱི་གཞན་དོན་གྱི་མན་ངག་གིས་སློབ་མ་ལ་ངེས་པ་སྐྱེས་པ་ནི་ཡང་དག་པར་བསྟན་པའོ། །སློབ་མ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་

ལ་ཞི་གནས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་སྒོ་ནས་ལྷག་མཐོང་སྟོང་པ་ཉིད་བརྒྱད་ཁྲི་བཞི་སྟོང་གི་མངོན་སུམ་གྱི་ལམ་སྟོན་ཅིང་ཞེས་བརྗོད་དུ་གནང་བ་སྦྱིན་པར་བྱའོ། །དེ་ནས་ཉི་མ་འཆར་ཀར་སློབ་དཔོན་ལ་ཡོན་དབུལ་བར་བྱའོ། །དེ་ནས་ཕྱག་འཚལ་བ་དང་བསྐོར་བ་

བྱས་ལ་དཀྱིལ་འཁོར་བྷ་ག་དང་བླ་མ་སློབ་དཔོན་ལ་སྔགས་དང་ཕྱག་རྒྱའི་ཆོ་གས་ཕྱག་བྱའོ། །དེ་ནས་བླ་མ་དག་ལ་ཡོན། །ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་ངེས་པར་བྱ་བ་ནི། སྒྲུབ་པ་པོ་ཡིས་རབ་མཉེས་བྱ། །ཞེས་པ་དབང་བསྐུར་བ་ངེས་པར་ཐོབ་པའི་རྗེས་ཐོགས་ལ་ངེས་

པར་ཡོན་དབུལ་བར་བྱའོ། །དེ་ནས་དབང་བསྐུར་བའི་ཕན་ཡོན་བསྟན་པ་ནི། །དེ་ནས་དེ་ལ་མཁའ་འགྲོ་མ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་དང་། མཁའ་འགྲོ་མ་ལ་སོགས་པ་ཡེ་ཤེས་ཀྱི་ལྷ་མོ་བཞི་དང་། སྒྲུབ་པ་པོ་ལྷན་ཅིག་

ཏུ་དགའ་བ་བཞིའི་ཏིང་ངེ་འཛིན་སྤྱོད་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །ཕན་ཡོན་གཉིས་པ་ནི་དབང་བསྐུར་བ་ཁྱད་པར་ཅན་འདི་གྲུབ་ན་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བར་ཆད་བྱ་བར་མི་ཟློས་ཤིང་མི་སྣང་བ་དང་། ས་འོག་ཏུ་འགྲོ་བ་དང་། ནམ་མཁའ་ལ་རྒྱུ་བ་དང་།

རྐང་མགྱོགས་དང་བཅུད་ལེན་ལ་སོགས་པ་རྣལ་འབྱོར་པ་འདོད་པ་ཙམ་གྱིས་དུས་ཐམས་ཅད་དུ་སྐྱེ་བར་འགྱུར་རོ། །ཕན་ཡོན་གསུམ་པ་ནི་གཟུགས་དུ་མ་བྱེད་པ་དང་། ནམ་མཁའ་ལ་སོང་ནས་མཁའ་འགྲོ་མ་རྣམས་ལ་བཀའ་བསྒོ་ཞིང་ཆད་པས་བཅད་པ་དང་། ཕན་འདོགས་དག་

ཀྱང་བལྟས་པ་ཙམ་གྱིས་སྐད་ཅིག་གིས་སྐྱེད་པར་བྱེད་དོ། །གལ་ཏེ་དབང་མ་ཐོབ་ན་དེས་ཅི་ཞིག་ཏུ་འགྱུར་ཞེ་ན། སྔགས་པས་དཀྱིལ་འཁོར་མ་མཐོང་བ། །ཞེས་བྱ་བ་སྨོས་ཏེ། དབང་མ་ཐོབ་བཞིན་དུ་བསྒོམ་བཟླས་བྱས་ཀྱང་གྲུབ་པར་མི་འགྱུར་བའི་དཔེ་གསུངས་པ་ནི། སྒྲ་

เล่ม ๑๗ · หน้า 373a

སྙན་པ་འབྱུང་དུ་རེ་བས་ནམ་མཁའ་ལ་ཁུ་ཚུར་བརྡེག་པ་དང་སྨིག་རྒྱུའི་ཆུ་འཐུང་བ་བཞིན་ནོ། །རྒྱུད་སྡེ་ཐམས་ཅད་ལས་ཁྱད་པར་དུ་གྱུར་པར་བསྟན་པ་ནི། རྣལ་འབྱོར་འདི་ནི་མཆོག་རབ་དང་། །ཞེས་བྱ་བ་གསུངས་ཏེ། འཁོར་ལོ་བདེ་མཆོག་ཏུ་

དབང་ཐོབ་ན་རྒྱུད་སྡེ་བཞིའི་སློབ་དཔོན་དུ་གྱུར་པ་དང་། རྒྱུད་སྡེ་བཞིའི་དངོས་གྲུབ་ཏུ་རུང་བ་ཡིན་ཏེ། དེ་ཡང་ལྷ་ལ་སོགས་པ་དྲག་པོ་འཇིགས་བྱེད་ཉི་ཤུ་རྩ་བཞི་ཟིལ་གྱིས་གནོན་པས་དགོད་པ་དང་བལྟ་བ་དང་ལག་བཅངས་དང་འཁྱུད་པ་ལ་སོགས་པ་ནི་འདིར་དབང་བསྐུར་བར་

གྱུར་པས་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །གཞན་དུ་དབང་བསྐུར་བས་བདེ་མཆོག་གི་སློབ་དཔོན་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། མངོན་སུམ་གྱི་ལམ་སྟོན་པའི་དཀྱིལ་འཁོར་གྱི་མཆོག་འདི་ནི་སངས་རྒྱས་འོད་སྲུངས་ལ་སོགས་པ་ལ་ཡང་མ་བྱུང་ལ། མ་བྱོན་པའི་རྒྱལ་བ་

བྱམས་པ་ལ་སོགས་པའི་རིང་ལ་ཡང་འབྱུང་བར་མི་འགྱུར་རོ། །དེ་ལྟར་ན་རྒྱུད་ཐམས་ཅད་ཀྱི་དོན་ལ་བདེ་མཆོག་གི་རྒྱུད་ཀྱི་དོན་གྱིས་ཁྱབ་བམ་ཞེ་ན། བཤད་དང་མ་བཤད་གང་ཅི་འང་རུང་། །དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས། །ཞེས་བྱ་བ་གསུངས་ཏེ། རྒྱུད་སྡེ་བཞི་བཤད་

པ་དང་མ་བཤད་པའི་འཁོར་ལོ་བདེ་མཆོག་གི་རྒྱུད་ཀྱི་དོན་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ནི་སྐུ་གསུམ་གྱི་རང་བཞིན་དཔལ་ཧེ་རུ་ཀ་བརྗོད་བྱར་བསྟན་པ་ཡིན་ནོ། །ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དབང་བསྐུར་བ་བཤད་ནས། ད་ནི་ལྷ་དགོད་

པ་བཤད་པར་བྱ་བ་ནི། དེ་ནས་རྣལ་འབྱོར་མ་རྣམས་ཀྱིས། །ས་ལ་རྣམ་པར་རོལ་པ་སྟེ། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་མ་རྣམས་ནི་སུམ་ཅུ་རྩ་བདུན་ནོ། །ས་ལ་རྣམ་པར་རོལ་པ་ནི་དབང་བྱས་པ་དང་། ལོངས་སྤྱད་པ་དང་ཐིམ་པ་གསུམ་གྱིས་གདུལ་བྱ་འདུལ་བའོ། །ཅིའི་ཕྱིར་

ལྷ་དགོད་པ་དབང་བསྐུར་བའི་རྗེས་ལ་བཤད་ཅེ་ན། རྡུལ་ཚོན་གྱི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར་དང་བྷ་གའི་དཀྱིལ་འཁོར་གསུམ་ལ་ཐུན་མོང་དུ་ལྷ་དགོད་པར་བཤད་པ་ཡིན། །དེ་རྣམས་ཀྱི་མཚན་ཉིད་སློབ་མ་འཇུག་པའི་རིམ་པ་དང་སྦྱར་ནས་སྐུའི་འཁོར་ལོ་ནས་བརྩམས་

เล่ม ๑๗ · หน้า 373b

ཏེ་ཐུགས་ཀྱི་འཁོར་ལོའི་བར་དུ་བསྟན་པ་ཡིན། སྐུ་གསུང་ཐུགས་ཀྱི་དབུས་སུ་གནས་པ་ནི། ཕྱི་རོལ་ཇི་ལྟར་དེ་བཞིན་ནང་། །ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་ནི་གཟུགས་བརྙན་དང་། ནང་ནི་ལུས་དང་། གསང་བ་ནི་བྷ་གའོ། །མཁའ་འགྲོ་མ་ནི་ཉི་ཤུ་རྩ་བཞི་ཞེས་བྱའོ། །

སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ་གཙོ་བོར་བསྟན་པ་ཡིན་ནོ། །འདི་དག་སྔོན་ཉིད་གྲུབ་པ་ཡིན། །ཞེས་བྱ་བ་ནི་དཀྱིལ་འཁོར་གསུམ་དུ་དགོད་པའི་ལྷ་ནི་སྔོན་ཉིད་ནས་གྲུབ་པའི་ལྷ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷ་དགོད་པ་བསྟན་ནས་དེའི་སྔགས་བསྟན་པ་ནི།

རང་མིང་བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧཱུཾ་ཧཱུཾ་ཕཊ་དང་སྦྱར། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གསུམ་ལ་ལྷ་དགོད་པ་བཟླས་པའི་སྔགས་སོ། །རྣལ་འབྱོར་མཆོག་ནི་འདི་མཐོང་ན། །ཞེས་བྱ་བ་ནི་ལྷ་དཔའ་བོ་དང་དཔའ་མོའི་སྔགས་འདི་མཐོང་ན། གཞན་དག་སྙིང་པོ་

མེད་རྩྭར་མཚུངས། །ཞེས་བྱ་བ་གསུངས་ཏེ། འབྲས་བུ་འདོད་པས་ཕུབ་མ་བརྡུང་བ་བཞིན་ནོ། །ཨོཾ་ནི་ཐམས་ཅད་གསལ་བྱེད་དེ། །གྲུབ་པ་འདོད་པ་ཐམས་ཅད་སྟེར། །ཞེས་བྱ་བ་ཡིན་ཏེ། དངོས་གྲུབ་གསུམ་སྟེར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ལྷར་དགོད་

པའི་བཟླས་པ་དག་གི་ཕན་ཡོན་གསུངས་པ་ནི། དཔའ་བོ་ཉིད་འགྱུར་གྲུབ་པ་ནི། །ཞེས་བྱ་བ་གསུངས་ཏེ། མཚན་མ་ཐོབ་པའི་བསྙེན་པ་གྲུབ་པའོ། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །ཞེས་བྱ་བ་ནི་གཟུགས་བརྙན་དང་ལུས་བྷ་ག་གསུམ་རང་གི་གནས་སུ་མཐོང་བའོ། །དེ་

ཤེས་ནས་མངོན་སུམ་གྱི་ལམ་གྱིས་རྟག་ཏུ་སྒོམ་པ་ནི་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་གསུངས་སོ། །འདིས་ནི་ཤུགས་ལ་དཔའ་མོ་རྣམས་ཀྱི་སྔགས་བཏུ་བ་ཡང་བསྟན་པ་ཡིན་ཏེ། ཡབ་ཡུམ་གྱི་སྙིང་པོ་དང་། ཉེ་བའི་སྙིང་པོ་བཞི་དང་།

དཔའ་བོ་དང་དཔའ་མོའི་སྔགས་དང་། གོ་ཆའི་སྔགས་གཉིས་དང་། རྐང་པ་བརྒྱད་པའི་སྔགས་གཉིས་དང་། གནོད་མཛེས་དང་བཅུ་གཅིག་ལ་སྔགས་བཏུ་བའི་ཐབས་རྣམ་པ་བཞི་ཡིན་ཏེ། མིང་མཚན་གྱི་དང་པོ་འཁྲུལ་འཁོར་གྱི་སྒོ་ནས་བཏུ་བ་དང་། མིང་གི་སྒོ་

เล่ม ๑๗ · หน้า 374a

ནས་བཏུ་བ་དང་། དབྱངས་དང་གསལ་བྱེད་ཀྱི་སྒོ་ནས་བཏུ་བ་དང་ཕྱེད་བཏུས་པའོ། །རྩ་བའི་རྒྱུད་འདིར་ནི་དཔལ་མོ་རྣམས་ཀྱི་སྔགས་མིང་གིས་བཏུས་པ་དང་། རྐང་པ་བརྒྱད་པའི་སྔགས་དབྱངས་དང་གསལ་བྱེད་ཀྱིས་བཏུས་པ་དང་། གོ་ཆ་གཉིས་

ཕྱེད་བཏུས་པ་སྟེ་བཞི་འདིར་བཏུ་བ་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག་དང་པོར་དཔའ་མོ་རྣམས་ཀྱི་སྔགས་མིང་གིས་བཏུ་བ་ཤུགས་ལ་བསྟན་ནོ། །ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་གསུམ་གྱིས་ལྷ་བསྒོམ་པ་བཤད་ནས་

བཟླས་པའི་སྔགས་བཏུ་བ་བསྟན་པ་ནི་དང་པོར་རྩ་བའི་སྔགས་བཏུ་བ་བསྟན་པ་ཡིན་ནོ། །དེ་ལ་སྔགས་བཏུ་བའི་གཞི་ནི། དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ །ཞེས་བྱ་བ་གསུངས་ཏེ། སའི་ཕྱོགས་ཆ་མཉམ་པར་བའི་རྣམ་

ལྔ་བདུད་རྩི་ལྔས་བྱུགས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་ལྟེ་བ་ལ་མི་ཤིགས་པའི་ཡི་གེ་ཨ་དགེ་བ་བྲི་བར་བྱའོ། །བྲིས་ནས་ཆོ་ག་བཞིན་དུ་སྔགས། །ཆོས་ཀུན་གཅིག་ཏུ་འདུས་པར་བྱ། །ཞེས་བྱ་

བ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མ་དབྱངས་ཡིག་དང་། གསལ་བྱེད་ལྔ་བཅུ་གསུང་གི་ཆོས་གཅིག་ཏུ་བསྡུས་པ་བྲི་བར་བྱའོ། །བཏུ་བའི་དོན་བསྟན་པ་ནི་འདིར་སྔགས་ཚིག་འདི་ཡིན་ཏེ། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་བྱ་བ་གསུངས་ཏེ། པདྨ་འདབ་བརྒྱད་ལ་ཨཱ་ལི་གཅིག་དང་

ཀཱ་ལི་བདུན་བདུན་བཀོད་པས་མཉམ་པར་འགྱུར་རོ། །བཞི་བཞི་རུ་ནི་ཤེས་བྱས་ལ། །ཞེས་པ་ནི་བཞི་མཉམ་པའི་སྡེ་ཚན་བརྒྱད་དེ་དེ་བཏུས་པས་ཅི་ཞིག་ཅེ་ན། འདིར་དོན་ཐམས་ཅད་གྲུབ་པར་བྱེད་པ་སྟེ། སྔགས་བཏུ་བ་འདི་ལ་བརྟེན་ནས་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་

གསུམ་སྐྱེད་པར་མཛད་དེ། དེ་ཡང་རྫོགས་པའི་རིམ་པ་ལུས་ཀྱི་འཁོར་ལོ་དང་སྦྱར་ན་སྒྲ་རང་གི་མཚན་ཉིད་བསྐྱེད་པའི་རྒྱུ་ལྟེ་བ་སྤྲུལ་པའི་འཁོར་ལོ་གྲུ་གསུམ་གྱི་དབུས་ན་རྩ་དྲུག་ཅུ་རྩ་བཞི་པདྨའི་ལྟེ་བ་འདབ་མ་བརྒྱད་པ་དེ་ལ་ཨཱ་ལིའི་ནང་དུ་འཇུག་པ་དང་། ཀཱ་ལི་ཕྱིར་རྒྱུ་བའི་རླུང་གིས་

เล่ม ๑๗ · หน้า 374b

བརྒྱན་པའི་གནས་དེ་ལ་སློབ་དཔོན་སེམས་ཀྱི་རྒྱལ་པོས་རྐན་དང་ལྐོག་མ་ལ་སོགས་པ་གནས་བརྒྱད་ནས་སྔགས་ཀྱི་ཚུལ་དུ་འབྱུང་བ་ཡིན། ཆོས་འབྱུང་གྲུ་གསུམ་དེ་ཡང་ལུས་ཀྱི་དཀྱིལ་འཁོར་གྱི་དབུས་ཡིན་ནོ། །རྐང་པ་རླུང་དང་ལྟེ་བ་མེ་དང་ལྟོ་བ་ཆུ་དང་སྙིང་ག་ས་དང་

མགོ་བོ་ནམ་མཁའི་དཀྱིལ་འཁོར་གྱི་དབུས་ན་ཡན་ལག་བརྒྱད་ཀྱི་རྐང་པ་དང་ལྡན་པའི་དབུས་ན་སྒོ་བཞི་ཉེ་བར་མཚོན་པའི་དཀྱིལ་འཁོར་ལ་སྔགས་བཏུ་བར་བྱའོ་ཞེས་བྱ་བ་ཤུགས་ཀྱིས་སྟོན་པ་ཡིན་ནོ། །དེ་ལ་བཏུ་བའི་ཐབས་ནི་ལྔ་པའི་ལྔ་པ་ནི་མའོ། །ལྔ་པའི་

བཞི་པ་ནི་བྷའོ། །དང་པོའི་གསུམ་པ་ནི་གའོ། །ཉི་ཤུ་རྩ་དགུ་པ་ནི་ཝའོ། །བཞི་པའི་དང་པོ་ནི་ཏའོ། །མཐར་གནས་པའི་བཞི་པ་ནི་ཝའོ། །མཐར་གནས་པའི་གཉིས་པ་ནི་རའོ། །སུམ་ཅུ་པ་ནི་ཤའོ། །ཉི་ཤུ་དྲུག་པ་ནི་ཡའོ། །བརྒྱའི་ཕྱེད་ཀྱི་ཕྱེད་ནི་མའོ། །

སུམ་ཅུ་རྩ་གསུམ་པ་ནི་ཧའོ། །དང་པོའི་དང་པོ་ནི་ཀའོ། །མཐར་གནས་པའི་གསུམ་པ་ནི་ལའོ། །དང་པོའི་གསུམ་པ་ནི་གའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་བཞི་པ་ནི་བྷའོ། །མཐར་གནས་པའི་དང་པོ་ནི་ཡའོ། །གཉིས་པའི་

གསུམ་པ་ནི་ཛའོ། །གསུམ་པའི་དང་པོ་ནི་ཊའོ། །ལྔ་པའི་ལྔ་པ་ནི་མའོ། །དང་པོའི་དང་པོ་ནི་ཀའོ། །བཅུ་གཅིག་པ་ནི་ཊའོ། །ཡི་གེ་བཅུ་དྲུག་པ་ནི་ཏའོ། །གསུམ་པའི་དང་པོ་ནི་ཊའོ། །དང་པོའི་དང་པོ་ནི་ཀའོ། །གསུམ་པའི་དང་པོ་ནི་ཊའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །

བཞི་པའི་གསུམ་པ་ནི་དའོ། །ཨུཥྨའི་གཉིས་པ་ནི་ཥའོ། །དང་པོའི་དང་པོ་ནི་ཀའོ། །རྩ་བདུན་པ་ནི་རའོ། །དང་པོའི་གསུམ་པ་ནི་གའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །ལྔ་པའི་བཞི་པ་ནི་བྷའོ། །སུམ་ཅུ་རྩ་གཅིག་པ་ནི་ཥའོ། །བཅོ་ལྔ་པ་ནི་ཎའོ། །ཉི་ཤུ་རྩ་ལྔ་པ་ནི་མའོ། །

དང་པོའི་གཉིས་པ་ནི་ཁའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །ཨུཥྨ་ཥའི་མཐའ་མ་ནི་ཧའོ། །སུམ་ཅུ་རྩ་གཉིས་པ་ནི་སའོ། །ལྔ་པའི་བཞི་པ་ནི་བྷའོ། །གཉིས་པའི་གསུམ་པ་ནི་ཛའོ། །ལྔ་པའི་བཞི་པ་ནི་བྷའོ། །ཨུཥྨ་ཥའི་གསུམ་པ་ནི་སའོ། །

เล่ม ๑๗ · หน้า 375a

ཉི་ཤུ་རྩ་བདུན་པ་ནི་རའོ། །ཨནྟསྠའི་དང་པོ་ནི་ཡའོ། །ཉི་ཤུ་རྩ་གཅིག་པ་ནི་པའོ། །ཨནྟ་སྠའི་གཉིས་པ་ནི་རའོ། །སུམ་ཅུ་རྩ་གསུམ་པ་ནི་སའོ། །དེ་བཞིན་ཡི་གེ་དྷ་ཉིད་དང་། །ཞེས་བྱ་བ་ནི་རང་གི་གཟུགས་ཉིད་བསྟན་པ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱའི་

ས་བོན་གསུངས་པ་ཡིན་ནོ། །བཞི་པའི་དང་པོ་ནི་ཏའོ། །ཨུཥྨའི་དང་པོ་ནི་ཤའོ། །ཉི་ཤུ་རྩ་བརྒྱད་པ་ནི་ལའོ། །དང་པོའི་གཉིས་པ་ནི་ཁའོ། །བཞི་པའི་བཞི་པ་ནི་དྷའོ། །ཨནྟ་སྠའི་གཉིས་པ་ནི་རའོ། །གསུམ་པའི་ལྔ་པ་ནི་ཎའོ། །དེའི་འོག་ཏུ་ཡི་གེ་བྱཱ་ནི་དཔའ་བོ་

བཤད་པའོ། །དང་པོའི་བཞི་པ་ནི་གྷའོ། །དེ་ནས་དེ་བཞིན་ཞེས་བྱ་བ་ནི་དང་པོའོ། །ཉིད་ཀྱི་སྒྲས་ནི་ངེས་པར་གཟུང་བ་སྟེ། དང་པོའི་སྡེ་ཚན་བརྒྱད་པ་ནི་ཛའོ། །ཡང་ན་དེ་བཞིན་དུ་ཡང་བརྒྱད་པའོ་ཞེས་གཞན་དུ་བཤད་དོ། །བཞི་པའི་ལྔ་པ་ནི་ནའོ། །ལྔ་པའི་ལྔ་པ་ནི་མའོ། །

ཉི་ཤུ་རྩ་བདུན་པ་ནི་རའོ། །བཞི་པའི་བཞི་པ་ནི་དྷའོ། །ཉི་ཤུ་རྩ་བདུན་པ་ནི་རའོ། །རྩ་དྲུག་པ་ནི་ཡའོ། །རྩ་ལྔ་པ་ནི་མའོ། །སུམ་ཅུ་རྩ་གསུམ་པ་ནི་ཧའོ། །བཞི་པའི་བཞི་པ་ནི་དྷའོ། །ལྔ་པའི་ལྔ་པ་ནི་མའོ། །བཞི་པའི་བཞི་པ་ནི་དྷའོ། །དང་པོའི་དང་པོ་ནི་ཀའོ། །རྩ་བདུན་

པ་ནི་རའོ། །མཐར་གནས་པའི་བཞི་པ་ནི་ཝའོ། །རྩ་གཅིག་པ་ནི་པའོ། །ཨུཥྨ་ཥའི་གཉིས་པ་ནི་ཥའོ། །ཉི་ཤུ་རྩ་དྲུག་པ་ནི་ཡའོ། །དེ་དག་དཔལ་ཧེ་རུ་ཀའི་གསང་སྔགས་ཀྱི་རྒྱལ་པོའོ། །ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་དཔའ་བོའི་སྔགས་ནི་ངེས་བརྗོད་བླ་མར་

བཏུ་བར་དགོངས་ཏེ། འདིར་མ་གསུངས་སྔགས་འདི་ནི་ཁ་སྦྱོར་གྱི་རྒྱུད་ལས་རིགས་ལྔའི་ཧེ་རུ་ཀའི་ནང་ནས་དོན་ཡོད་གྲུབ་པ་ཧེ་རུ་ཀའི་སྔགས་ཡིན་ཏེ། དེར་སྤྲུལ་པའི་སྐུ་དཔའ་བོ་ཉི་ཤུ་རྩ་བཞི་ཆར་བགོས་ནས་སྔགས་སུ་བྱས་པ་ལ་ཡིན་གྱི་རང་རང་གི་སྡེ་སྔགས་སུ་བྱས་

པས་ནི་ཁཎྜ་ཀ་པཱ་ལ་ལ་སོགས་པ་ཡིན་ནོ། །རྐང་པ་བརྒྱད་པ་དང་སྔགས་འདི་བསྡམས་པ་ལ་རྩ་བའི་སྔགས་ཞེས་མིང་དུ་འདོགས་ཏེ། དེ་ལ་ཡང་རྐང་པ་བརྒྱད་པ་ཆ་བརྒྱད་དུ་མ་བགོས་ཤིང་སྔགས་འདི་ཚན་ཉི་ཤུ་རྩ་བཞིར་མ་བགོས་པའི་ཐོག་མ་ཨོཾ་གཅིག་མཐའ་མར་ཧཱུཾ་ཧཱུཾ་ཕཊ་གཅིག་དང་

เล่ม ๑๗ · หน้า 375b

བཅས་པ་ལས་ཐམས་ཅད་བྱེད་ཅེས་པའི་རྩ་བའི་སྔགས་ཡིན་ལ། རྐང་པ་བརྒྱད་པ་ཆ་བརྒྱད་དུ་བགོས་ནས་ཨོཾ་བརྒྱད་དང་ཧཱུཾ་ཧཱུཾ་ཕཊ་བརྒྱད་དང་བཅས་པ་ནི་ཨ་ཙ་ན་མནྡྲ་ཞེས་བྱ་སྟེ་མཆོད་པ་སྤྲུལ་པའི་སྔགས་ཡིན་ནོ། །སྔགས་འདི་ཆ་ཉི་ཤུ་རྩ་བཞིར་བགོས་པ་ནི་བསྟོད་པ་དང་

བཟླས་པའི་སྔགས་ཡིན་ནོ། །རིག་པའི་རྒྱལ་པོའི་གསང་སྔགས་ཏེ། །ཞེས་བྱ་བ་ནི་ཕན་ཡོན་སྟོན་པའོ། །འཇིག་རྟེན་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་གྲུབ་པར་ཡོད་པ་དང་། བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་སྔགས་འདི་མཆོག་ཏུ་གྱུར་པ་གཞན་ན་མེད་

པའོ། །གཞན་དག་སྙིང་པོ་མེད་རྩྭར་མཚུངས། །ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་འབེབས་པས་ན་སེམས་འོད་གསལ་བའི་སྣང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་ལྔ་པས་རྩ་བའི་སྔགས་བཏུ་བ་

བཤད་ནས། །གོ་ཆའི་སྔགས་བཏུ་བ་བསྟན་པ་ནི། གཞན་ཡང་ཡི་གེ་ཉི་ཤུ་གཉིས། །ཞེས་བྱ་བ་སྨོས་ཏེ། རྒྱུད་བླ་མར་ལྷ་ཉི་ཤུ་རྩ་གཉིས་ཀྱི་མིང་མཚན་གྱི་དང་པོ་འཁྲུལ་འཁོར་གྱི་ཡི་གེ་བཏུ་བ་ལ་དགོངས་ནས་འདིར་མིང་ཙམ་ལས་མ་གསུངས་སོ། །སྙིང་པོ་ཡི་གེ་བདུན་ཉེ་སྙིང་། །

ཞེས་བྱ་བ་ལ་སྙིང་པོ་ཆོས་ཀྱི་སྐུ་སྟོན་པ་ཡིན་ལ་ཉེ་བའི་སྙིང་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་ཡིན་ནོ། །རྩ་བའི་སྔགས་ཀྱི་ཡི་གེ་སྤྲུལ་པའི་སྐུ་སྟོན་པ་ཡིན་ནོ། །ཉེ་བའི་སྙིང་པོ་ནི་རྒྱུད་བླ་མར་ལྷ་བདུན་གྱི་ཡི་གེ་བཏུ་བའི་འཁྲུལ་འཁོར་གྱིས་བསྟན་པས་འདིར་མིང་

ཙམ་ལས་མ་བསྟན་པ་ཡིན་ནོ། །སྙིང་པོ་དང་ཉེ་བའི་སྙིང་པོ་གཉིས་ཀྱི་སྔགས་དངོས་ནི་ལེའུ་བརྒྱད་པ་ལས་གོ་བཟློག་ནས་སྟོན་པ་ཡིན་ནོ། །གོ་ཆའི་སྔགས་ཕྱེད་བཏུ་བར་བྱ་བ་ནི། །ཡ་ཚོགས་བརྒྱད་པའི་ས་བོན་དང་། །ཞེས་བྱ་བ་གསུངས་ཏེ། ཡ་ནས་བགྲངས་པའི་སྡེ་ཚན་བརྒྱད་

པ་ནི་ཧའོ། །གུག་སྐྱེད་བཅུ་གཉིས་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་དང་སྦྱར་བས་ཧ་བཅུ་གཉིས་སུ་འགྱུར་རོ། །ཡི་གེ་བར་མ་དོར་བྱས་པ་ནི་རིང་པོ་དྲུག་ཕྱི་བའོ། །ཡན་ལག་དྲུག་གི་ཧེ་རུ་ཀ །ཞེས་བྱ་བ་ནི་ཧེ་རུ་ཀ་དྲུག་གི་ས་བོན་ཧ་ཐུང་ངུ་དྲུག་ཏུ་གྱུར་པ་ལ་བྱའོ། །དཔའ་བོ་དྲུག་དང་

เล่ม ๑๗ · หน้า 376a

མཉམ་སྦྱོར་བ། །ཞེས་བྱ་བ་ནི་སྔགས་དང་མཉམ་པར་སྦྱོར་བ་སྟེ། དེ་ཡང་ཇི་ལྟར་ཡིན་ཞེ་ན། ཨོཾ་ཧ་སྙིང་གར། ན་མ་ཧི་མགོ་བོར། སྭཱ་ཧཱ་ཧུ་སྤྱི་གཙུག་ཏུ། པཽ་ཥཊ་ཧེ་ཕྲག་པར། ཧཱུཾ་ཧཱུཾ་ཧོ་མིག་ཏུ། ཕཊ་ཧཾ་ཡན་ལག་ལྔ་ལ་བཀོད་པས་དཔའ་བོ་དྲུག་གི་སྙིང་

པོར་གྱུར་པས་ན། ཡི་གེ་གཅིག་ཏུ་ཡང་དག་གནས། །ཞེས་བྱ་བ་ནི་སྔགས་དྲུག་པོ་དང་སྦྱར་བས་ན་ཡང་དག་ལྡན་ཞེས་བྱ་བ་ཡིན་ནོ། །སྒྲུབ་པོས་སྙིང་པོར་ཤེས་པར་བྱ། །ཞེས་བྱ་བ་ནི་གོ་ཆའི་སྙིང་པོར་གྱུར་པའོ། །དེ་ཡང་ལས་ལ་སྦྱར་བའི་ཚེ་ཐམས་ཅད་གསུམ་དུ་འགྱུར་

ཏེ། བསྐྱེད་པའི་རིམ་པ་ལྷའི་སྐུར་བསྒོམས་སྙིང་ག་ནས་ཡན་ལག་གི་བར་དུ་གོ་ཆ་བགོས་ནས་བཟླས་པ་བྱ་བ་ནི་མནྟྲ་སྟེ་སྔགས་ཞེས་བྱའོ། །འཁོར་ལོ་རྩིབས་ལྔ་ལ་བཀོད་ནས་འཁྲུལ་འཁོར་བཅིང་བ་ནི་ཡནྟྲ་སྟེ་འཁྲུལ་འཁོར་ཞེས་བྱའོ། །ཐོད་པར་བསྐྱེད་པའི་ས་བོན་

དང་སྨན་ཨ་གོ་ཏ་ལ་སོགས་པས་མཚོན་ཆ་བཟློག་ཅིང་བསྲུང་བའི་གོ་ཆའི་ལས་བྱེད་པས་ཏནྟྲ་སྟེ་སྨན་གྱི་རྒྱུད་ཡིན་ནོ། །ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་གོ་ཆའི་སྔགས་ཀྱི་ཕྱེད་བཏུ་བ་བཤད་ནས། རྐང་པ་བརྒྱད་པའི་དབྱངས་དང་སྦྱར་བས་

བཤད་པ་ནི། དེ་ནས་དབྱངས་ཡིག་བཅུ་གསུམ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དབྱངས་ཡིག་བཅུ་གསུམ་པ་ནི་ཨོའོ། །ཡི་གེ་གཉིས་པ་ནི་མའོ། །དབྱངས་དེ་ཡི་གེ་དང་སྦྱར་བར་བྱ་སྟེ་དེ་བཞིན་དུ་གཞན་ཡང་སྦྱར་བར་བྱའོ། །དབྱངས་ཀྱི་བཅུ་གཅིག་

པ་ནི་ཨེའོ། །དབྱངས་ཡིག་བཞི་པ་ནི་ཨཱིའོ། །ཡི་གེ་བདུན་པ་ནི་ཝའོ། །དབྱངས་ཡིག་བཅུ་གཅིག་པ་ནི་ཨེའོ། །བརྒྱད་པ་ནི་རའོ། །དབྱངས་ཡིག་གཉིས་པ་ནི་ཨའོ། །ཡི་གེ་དགུ་པ་ནི་ཤའོ། །དབྱངས་ཡིག་གཉིས་པ་ནི་ཨཱའོ། །བཅུ་གཉིས་པ་ནི་ཧའོ། །ཡི་གེ་ཉི་ཤུ་

གསུམ་པ་ནི་གསལ་བྱེད་རྩ་གསུམ་པ་སྟེ་འདི་ཉིད་དུ་བཏུས་པའོ། །དེ་ལ་དབྱངས་ཀྱི་ཡི་གེ་གཉིས་པ་ནི་ཨཱའོ། །དེ་དང་ལྡན་པ་ནི་བཅུ་བཞི་པ་སྟེ་ཡི་གེ་ལ་དང་སྦྱར་བར་བྱའོ། །ཡི་གེ་བཅོ་ལྔ་པ་ནི་ག་སྟེ་གསལ་བྱེད་བཅོ་ལྔ་པའོ། །ཡི་གེ་ཉི་ཤུ་པ་ནི་ན་དང་ལྡན་པ་སྟེ་དབྱངས་ཡིག་

เล่ม ๑๗ · หน้า 376b

གསུམ་པ་ཨི་དང་སྦྱར་བར་བྱའོ། །དབྱངས་ཡིག་བཅོ་ལྔ་པ་ནི་ཨཾ་ངོ་། །བཅུ་དྲུག་པ་ནི་སའོ། །ཡི་གེ་ཨཾ་གིས་མཛེས་པ་ནི་སཾ་མོ། །དབྱངས་ཡིག་གསུམ་པ་ཨི་དང་ལྡན་པ་ནི་བཅུ་བདུན་པ་སྟེ་ནའོ། །དབྱངས་ཡིག་གཉིས་པ་ནི་ཨཱ་སྟེ་དེས་གཙོ་བོ་བརྒྱད་པ་བྷ་དང་སྦྱར་

བའོ། །དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པའི་ཡི་གེ་ཉི་ཤུ་རྩ་གཅིག་པ་ནི་ཊའོ། །དབྱངས་ཡིག་ལྔ་པ་ནི་ཨུའོ། །དེ་དང་ལྡན་པའི་ཡི་གེ་ཉི་ཤུ་རྩ་གཉིས་པ་ནི་མའོ། །དབྱངས་ཡིག་བཅུ་གསུམ་པ་ནི་ཨོའོ། །དེ་དང་ལྡན་པའི་རྩ་བཞི་པ་ནི་ཏའོ། །སྡེ་ཚན་དང་པོ་ནི་

ཀའོ། །དེ་བླངས་ནས་ཉི་ཤུ་ལྔ་པ་ནི་ཧ་དང་སྦྱར་བར་བྱའོ། །སྡེ་ཚན་གསུམ་པའི་དང་པོ་ནི་ཊ་སྟེ་དེ་ལ་དབྱངས་ཡིག་གཉིས་པ་ནི་དབྱེ་བར་བྱའོ། །ཉི་ཤུ་རྩ་བརྒྱད་པ་ནི་དའོ། །དེ་བཅོ་ལྔ་པ་སྟེ་ཨོཾ་གྱི་མགོར་སྦྱར་བར་བྱའོ། །གསུམ་པའི་དང་པོ་སྟེ་འོག་ཏུ་ར་དང་བཅས་པ་

དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པ་ལ་ཡི་གེ་ཉི་ཤུ་པ་ཥ་དང་སྦྱར་བའོ། །སུམ་ཅུ་རྩ་གཅིག་པ་ནི་ར་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །ཡི་གེ་སུམ་ཅུ་རྩ་གཉིས་པ་ནི་ལའོ། །བཅུ་གསུམ་པ་ནི་ཨོ་སྟེ་དེ་དང་ལྡན་པར་བྱའོ། །ཡི་གེ་སུམ་ཅུ་རྩ་གསུམ་པ་སྟེ་ག་ནི་

ཉི་མ་དང་བཾ་དེ་དང་ལྡན་པར་བྱའོ། །ཕྱི་མོ་བཞི་པ་ནི་ཨཱི་སྟེ་ཡི་གེ་ཉི་ཤུ་རྩ་བཞི་པ་བྷ་དང་ལྡན་པར་བྱའོ། །ཕྱི་མོ་ལྔ་པ་ནི་ཨུའོ། །སུམ་ཅུ་རྩ་བདུན་པ་ནི་མ་སྟེ་དེ་དང་སྦྱར་བའོ། །སུམ་ཅུ་རྩ་བརྒྱད་པ་ནི་ཁ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །བཞི་བཅུ་རྩ་གཉིས་པ་ནི་ས་སྟེ་

འོག་ཏུ་སྦྱར་བར་བྱའོ། །བཞི་བཅུ་རྩ་གསུམ་པ་ནི་བྷ་སྟེ་ཡི་གེ་ལྔ་པ་ཨུ་དང་སྦྱར་བར་བྱའོ། །བཞི་བཅུ་རྩ་ལྔ་པ་ནི་བ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །དབྱངས་ཡིག་ལྔ་པ་ནི་ཨུ་སྟེ་བཞི་བཅུ་རྩ་དགུ་པ་ས་དང་སྦྱར་བར་བྱའོ། །བཞི་བཅུ་རྩ་བདུན་པ་

ནི་ར་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་གཅིག་པ་ནི་ཤ་སྟེ་དབྱངས་ཡིག་དྲུག་པ་ཨཱུ་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་གཉིས་པ་ནི་བ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་གསུམ་པ་ནི་ཤ་སྟེ་དབྱངས་ཡིག་བཅུ་གསུམ་པ་ཨོཾ་

เล่ม ๑๗ · หน้า 377a

དང་སྦྱར་བར་བྱའོ། །ལྔ་བཅུ་རྩ་དགུ་པ་ནི་ཤ་སྟེ་དབྱངས་ཡིག་དྲུག་པ་ཨཱུ་དང་སྦྱར་བར་བྱའོ། །མཐར་གནས་པའི་བཞི་པ་ནི་ཝ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །དབྱངས་ཡིག་བཅོ་ལྔ་པ་ཨཾ་དང་ལྡན་ཞིང་ལྔ་བཅུ་རྩ་དགུ་པ་ཧ་དང་

སྦྱར་བར་བྱའོ། །དྲུག་ཅུ་རྩ་གཅིག་པ་ནི་དྷ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པར་བྱའོ། །དྲུག་ཅུ་རྩ་གཉིས་པ་ནི་ར་སྟེ་དབྱངས་ཡིག་གསུམ་པ་ཨི་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་གསུམ་པ་ནི་ན་སྟེ་དབྱངས་ཡིག་བཅུ་གཅིག་པ་ཨེ་དང་སྦྱར་བར་བྱའོ། །དྲུག་ཅུ་

རྩ་བཞི་པ་ནི་ཝ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་ལྔ་པ་ནི་གྷའོ། །རྡོ་རྗེ་སེམས་དཔའ་ནི་ར་སྟེ་དེ་དང་ལྡན་པར་བྱའོ། །དྲུག་ཅུ་རྩ་དྲུག་པ་ནི་ཛ་སྟེ་དབྱངས་ཡིག་གསུམ་པ་ཨི་དང་སྦྱར་བར་བྱའོ། །དྲུག་ཅུ་རྩ་བདུན་པ་ནི་ན་སྟེ་དབྱངས་ཡིག་གཉིས་པ་ཨཱ་

དང་སྦྱར་བར་བྱའོ། །ཡི་གེ་དྲུག་ཅུ་རྩ་བརྒྱད་པ་ནི་མ་སྟེ་བ་དང་སྦྱར་བར་བྱའོ། །བདུན་ཅུ་རྩ་བཞི་པ་ནི་ཧ་སྟེ་གཉིས་ཀ་ལ་དབྱངས་ཡིག་གཉིས་པ་སྟེ་ཨཱ་དང་སྦྱར་བར་བྱའོ། །བདུན་ཅུ་རྩ་ལྔ་པ་ནི་ད་སྟེ་དབྱངས་ཡིག་དྲུག་པ་ཨཱུ་དང་སྦྱར་བར་བྱའོ། །བདུན་ཅུ་རྩ་དགུ་པ་ནི་མ་སྟེ་དབྱངས་

ཡིག་གཉིས་པ་དང་ལྡན་ཞིང་ར་དང་ལྡན་པར་བྱའོ། །བདུན་ཅུ་རྩ་བདུན་པ་ནི་ན་སྟེ་ཏ་དང་ལྡན་པར་བྱའོ། །བདུན་ཅུ་རྩ་བརྒྱད་པ་ནི་ཀ་སྟེ་དབྱངས་ཡིག་གཉིས་པ་དང་ལྡན་པར་བྱའོ། །ཡི་གེ་བརྒྱད་ཅུ་རྩ་བཞི་པ་ནི་མ་སྟེ་དབྱངས་ཡིག་བཞི་པའི་མཐའ་དང་སྦྱར་བར་བྱའོ། །བརྒྱད་

ཅུ་རྩ་གཉིས་པ་ནི་ཤ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ། །ཚིག་རེ་རེ་ལ་ཡང་ཨོཾ་དང་ཐ་མར་ཧཱུཾ་ཧཱུཾ་ཕཊ་དང་སྦྱར་བ་ནི་རྩ་བའི་སྔགས་སུ་གྱུར་པས་མཁས་པས་ཤེས་པར་བྱའོ། །དངོས་གྲུབ་ཀུན་གྱི་གནས་ཡིན་ཞིང་། །ཞེས་བྱ་བ་ནི་གང་ཟག་འབའ་ཞིག་བསྒོམ་

པ་དང་བཟླས་པའི་སྒོ་ནས་དངོས་གྲུབ་ཏུ་འགྱུར་བ་དང་། འཁྲུལ་འཁོར་གྱི་སྒོ་ནས་དངོས་གྲུབ་ཏུ་འགྱུར་བ་དང་། སྨན་གྱི་ཚོགས་པས་དངོས་གྲུབ་ཏུ་འགྱུར་བས་ན་གནས་ཡིན་ཞིང་ཞེས་བྱའོ། །མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན། །ཞེས་བྱ་བ་ནི་སྔགས་བརྗོད་ནས་བཀའ་བསྒོ་བ་ཙམ་

เล่ม ๑๗ · หน้า 377b

གྱིས་ཇི་སྐད་སྨྲས་པ་བཞིན་དུ་བྱེད་པས་ནི་སྙིང་འཇོམས་པའོ། །དཔལ་ལྡན་ཁྲག་འཐུང་ལྷ་རིག་རྒྱལ། །བཀླགས་པས་གྲུབ་པ་དོན་ཡོད་པ། །ཞེས་བྱ་བ་ནི་ཡེ་ཤེས་བབས་པ་ལ་སློབ་དཔོན་གྱིས་སྔགས་ཀྱི་གནང་བ་བྱིན་ནས་བཟླས་མི་དགོས་པ་དངོས་གྲུབ་ཡིན་ནོ། །ཨོཾ་དང་པོར་

སྦྱར་ཞིང་ཧཱུཾ་ཕཊ་ཐ་མར་སྦྱར་བ་ནི་གོ་སླའོ། །འདི་ནི་རྩ་བའི་གསང་སྔགས་ཏེ། སྒྲུབ་པོ་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་བྱ་བ་ནི་གང་དང་གང་སྒྲུབ་པའི་ཆོ་ག་དེ་ལ་ཐེ་ཚོམ་མེད་པར་གྱུར་པ་བསྣན་ནས་སྒྲུབ་བྱེད་ཡིན་ནོ། །བསྣན་པའི་དོན་ནི་འདི་ལྟ་སྟེ། ཀླུང་ནི་རྒྱུན་

ལས་བཟློག་ཀྱང་སྲིད་ལ། །ཉི་མ་དང་ཟླ་བ་ས་ལ་ལྷུང་ཡང་སྲིད་དེ་གསང་སྔགས་འདི་ཡིས་མི་འགྲུབ་པར་ཡང་མི་སྲིད་དོ། །ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལྟར་རྩ་བའི་སྔགས་བཏུ་བ་བསྟན་ནས། ད་ནི་གོ་ཆའི་མཁའ་འགྲོ་མའི་སྔགས་བཏུ་བ་

བསྟན་པར་བྱའོ། །དེ་ནས་རང་གི་བདག་ཉིད་ཀྱི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་པས་ན་རང་གི་བདག་ཉིད་ཀྱང་ངོ་། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་ཡི། །འཁོར་ལོ་བདེ་མཆོག་ཡིན་པར་འདོད། །

ཅེས་བྱ་བ་ནི་སྐུ་རྩ་བའི་དྲ་བའི་བདེ་མཆོག་དང་། གསུང་མཁའ་འགྲོ་དྲ་བའི་བདེ་མཆོག་དང་། ཐུགས་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་ཀྱི་བདེ་མཆོག་གསུམ་སྟོན་པར་བྱེད་པའི་སྙིང་པོ་ནི་དབང་དང་མངོན་སྤྱོད་ལ་བཟློག་ནས་བཟླས་པ་དང་ཞི་བ་དང་རྒྱས་པ་ལ་ལུགས་སུ་འབྱུང་བ་ལྟར་

ཟློས་པའི་སྙིང་པོའི་དང་པོའི་ཡི་གེ་ཨོཾ་ནི་རྩའི་འཁོར་ལོའི་སྐུའོ། །ཤྲཱི་ནི་རྩའི་འཁོར་ལོའི་གསུང་ངོ་། །བཛྲ་ནི་རྩའི་འཁོར་ལོའི་ཐུགས་སོ། །ཧེ་ཧེ་ནི་གསུང་གི་འཁོར་ལོའི་སྐུའོ། །རུ་རུ་ནི་གསུང་གི་འཁོར་ལོའི་གསུང་ངོ་། །ཀཾ་ནི་གསུང་གི་འཁོར་ལོའི་ཐུགས་སོ། །ཧཱུཾ་ནི་ཐུགས་ཀྱི་འཁོར་ལོའི་

སྐུའོ། །ཧཱུཾ་གཉིས་པ་ནི་ཐུགས་ཀྱི་གསུང་ངོ་། །ཕཊ་ནི་ཐུགས་ཀྱི་ཐུགས་སོ། །ཚིག་ལྷག་མ་ནི་བདེ་མཆོག་སྟོན་པ་ཡིན་ནོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ནི་འོག་མིན་གྱི་ཕོ་བྲང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དུས་ཐམས་ཅད་དུ་སྟོན་པ་ཡིན་

เล่ม ๑๗ · หน้า 378a

ཡང་འཛམ་བུའི་གླིང་དུ་སྔར་མ་བྱུང་ཞིང་ཕྱིས་འབྱུང་བར་མི་འགྱུར་བའོ། །ཉེ་བའི་སྙིང་པོ་ཡི་གེ་བདུན་ནི་ས་བཅུ་གཅིག་པའི་ཡན་ལག་བདུན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན་ཏོ། །ཡུམ་གྱི་ཉེ་བའི་སྙིང་པོ་གཉིས་པ་འདི་དང་རྣལ་འབྱོར་མ་དྲུག་གི་མིང་གི་ཡི་

གེ་དང་པོ་དང་སྦྱར་ནས་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་སུ་འགྱུར་རོ། །དེ་ལ་སྔགས་ཀྱི་ཡི་གེ་ཨོཾ་དང་ཕག་མོའི་མིང་མཚན་གྱི་དང་པོ་བཾ་དང་། ཡི་གེ་གཉིས་པ་ཧཾ་དང་གཤིན་རྗེ་མའི་མིང་མཚན་གྱི་དང་པོ་ཡོཾ་དང་ཡི་གེ་གཉིས་པ་ཧྲིཾ་དང་། རྨོངས་བྱེད་མའི་མིང་གི་དང་པོ་མཾ་

དང་ཡི་གེ་བཞི་པ་ཧྲེཾ་དང་། སྐྱེད་བྱེད་མའི་མིང་གི་དང་པོ་ཧྲིཾ་དང་། སྔགས་ཀྱི་ལྔ་པ་ཧཱུཾ་དང་། སྐྲག་བྱེད་མའི་མིང་གི་དང་པོ་ཧཱུཾ་དང་། སྔགས་ཀྱི་ཕཊ་དང་། གཏུམ་མོའི་མིང་གི་དང་པོ་ཕཊ་དང་། སྔགས་ཀྱི་དྲུག་པ་ཕཊ་དང་སྦྱར་བ་ནི་རྣལ་འབྱོར་མ་དྲུག་གི་སྔགས་སོ། །དེ་

ལྟར་ན་ཡུམ་གྱི་ཉེ་བའི་སྙིང་པོ་གཉིས་པ་དང་རྣལ་འབྱོར་མའི་མིང་དྲུག་གི་ཕྱེད་བཏུས་པ་ཡིན་ནོ། །རྣལ་འབྱོར་མའི་སྙིང་པོ་ཡི་གེ་བཅུ་གསུམ་པ་ནི་རང་དོན་ཆོས་ཀྱི་སྐུ་སྟོན་པ་ཡིན་ལ། ཉེ་བའི་སྙིང་པོ་ནི་གཞན་དོན་གཟུགས་ཀྱི་སྐུ་སྟོན་པ་ཡིན་ནོ། །མ་བྱུང་འབྱུང་བར་མི་འགྱུར་

རོ། །ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །ས་སྟེངས་ན་ནི་རིན་ཆེན་བཞི། །ཞེས་བྱ་བ་ནི་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་བཞི་སྟེ་རང་དང་གཞན་གྱི་དོན་རྫོགས་པས་རིན་པོ་ཆེ་དང་འདྲ་བའི་ཕྱིར་རོ། །ཧེ་རུ་ཀ་འབྱུང་བ་ལས་སངས་རྒྱས་དཀོན་མཆོག་གི་སྙིང་པོ་ཆོས་དཀོན་མཆོག་ཡིན་

པས་ན་རིན་པོ་ཆེ་ཞེས་གསུངས་སོ། །ཕྲེང་བའི་སྔགས་ཀྱི་དམ་པ་ཡིན། །ཞེས་བྱ་བ་ནི་སྔགས་བཟླས་ནས་བསྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །རིག་པའི་རྒྱལ་པོ་ཧེ་རུ་ཀ།།ཞེས་བྱ་བ་ནི་གསུངས། སེམས་འོད་གསལ་བའི་རང་བཞིན་གྱི་སྔགས་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། འདུས་པའི་རྒྱུད་ཕྱི་མ་

ལས། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །འབྱུང་བ་ལྔ་ཡི་རང་བཞིན་དབུགས། །ཞེས་གསུངས་པའི་ཕྱིར་རོ། །ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སྔགས་བཏུས་པས་ཡི་གེ་ཀུན་ཚོགས་པར་གྱུར་ནས་བཟླས་པ་མཚན་མ་ཐོབ་པ་དང་། སྔར་

เล่ม ๑๗ · หน้า 378b

བཤད་པའི་དཀྱིལ་འཁོར་ཉིད་ལ་དངོས་གྲུབ་བསྒྲུབ་པའམ། རྐང་པ་བརྒྱད་ལས་འཁྲུལ་འཁོར་བྲིས་ནས་བསྒྲུབ་པའམ། སྨན་གྱི་ཚོགས་ལས་བསྒྲུབ་པ་ཡིན་པས་དེ་ནས་རྩ་བའི་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་མཆོག་རིམ་པ་

བཞིན་དུ་ཞེས་བྱ་བ་ནི་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་རིམ་པའོ། །དེ་ནི་རྣམ་པར་བཤད་པར་བྱ། །ཞེས་བྱ་བ་ནི་ལས་ལྔ་བཅུ་པར་ཕྱེ་ནས་སོ། །འཇིག་རྟེན་གསུམ་གང་ཡོད་པ་རྣམས། །ཞེས་བྱ་བ་ནི་དངོས་གྲུབ་གསུམ་མོ། །ཐམས་ཅད་སྐད་ཅིག་གིས་

འགྲུབ་འགྱུར། །ཞེས་བྱ་བ་ནི་མནྟྲ་དང་ཏནྟྲ་དང་ཡནྟྲས་མྱུར་དུ་གྲུབ་པར་འགྱུར་བའོ། །ལས་རྣམས་ཐམས་ཅད་བྱེད་པའོ། །ཞེས་བྱ་བ་ནི་གཞན་གྱི་དོན་དུ་ཕྲིན་ལས་བྱེད་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ལྷ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་

སྨོས་པ་སྟེ། སྔོན་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དང་ཀླུ་དང་སྲིན་པོ་དང་ལྷ་མ་ཡིན་ལ་དབང་བྱས་པ་དང་ལོངས་སྤྱོད་པ་དང་ཐིམ་པ་བཞིན་དུ་ལྷ་ཐམས་ཅད་ལ་བསྒོམ་པ་དང་བཟླས་པས་བཀའ་བསྒོས་ནས་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་བྱེད་པའམ། གང་ཟག་འབའ་

ཞིག་འཁྲུལ་འཁོར་དང་གཉིས་ཀས་བྱེད་པའམ། གང་ཟག་ལ་ལས་སྨན་དང་གསུམ་ཀས་བྱེད་པའམ་སོ་སོར་གྲུབ་པ་ཡང་སྲིད་དོ། །དེ་ལ་ལྷ་ཐམས་ཅད་དྲན་པ་ཙམ་གྱིས་གསོད་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱི་ཐ་མར་མཱ་ར་ཡ་ཕཊ་ཅེས་བྱ་བ་མཚན་ཐོག་ཐག་བཟླས་སོ། །

ཀླུ་ལ་སོགས་པ་ཐམས་ཅད་ཀྱང་དེ་བཞིན་དུ་འགྱུར་བ་ཡིན་ནོ། །གནོད་སྦྱིན་དང་དྲི་ཟ་རྣམས་ལ་ཡང་དེ་ཉིད་ཀྱིས་འགྱུར་རོ། །གལ་ཏེ་ཐམས་ཅད་ལ་ཐུགས་ཀྱི་འཁོར་ལོའི་བདག་པོ་བསྒོམས་ན་རྐང་པ་བརྒྱད་པ་བཟླས་པས་སོ། །གནོད་སྦྱིན་དང་སྲིན་པོ་ཐམས་ཅད་ལ་

གསུང་གི་འཁོར་ལོ་རྐང་པ་བརྒྱད་པ་བཟླས་པས་སོ། །ཀླུ་དང་ལྷ་མ་ཡིན་ཐམས་ཅད་ལ་སྐུའི་འཁོར་ལོ་ནམ་མཁའ་ལྡིང་གི་གདོང་ཅན་བསྒོམས་ནས་རྐང་པ་བརྒྱད་པ་བཟླས་པས་སོ། །སྤྲིན་ཐམས་ཅད་དྲན་པ་ཙམ་གྱིས་རློག་པར་བྱེད་ཅེས་བྱའོ། །རྒྱུད་བླ་མ་ལས་

เล่ม ๑๗ · หน้า 379a

གསུངས་པའི་ཀླུ་བརྒྱད་འདུལ་བའི་ཆོ་ག་སྟེ་ཆུ་བོ་དང་། རྒྱ་མཚོ་དང་། ཁྲོན་པ་དང་། རྫིང་བུའི་འགྲམ་རྣམས་སུ་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་བྲི་བར་བྱ་སྟེ། པདྨ་འདབ་མ་བརྒྱད་པ་བྲིས་ལ་ཤར་གྱི་འདབ་མ་ལ་མཐའ་ཡས། བྱང་དུ་ནོར་རྒྱས། ནུབ་ཏུ་

འཇོག་པོ། ལྷོར་པདྨ། དབང་ལྡན་དུ་པདྨ་ཆེན་པོ། མེ་མཚམས་སུ་དུང་སྐྱོང་། བདེན་བྲལ་དུ་སྟོབས་ཀྱི་རྒྱུ། རླུང་གི་མཚམས་སུ་མ་དྲོས་པ། དཀར་བ་དང་། སྔོ་བ་དང་། དམར་བ་དང་། ལྗང་བ་དང་། སེར་བ་དང་། དུད་ཀ་དང་། ལྗང་བ་དང་སེར་སྐྱ་དེ་དག་ཀྱང་རིན་པོ་

ཆེའི་ཅོད་པན་དང་སྦྲུལ་མགོའི་གདེང་ཀ་དང་ལྡན་པའོ། །ཀླུ་བརྒྱད་ཐལ་མོ་སྦྱར་བའོ། །དེའི་ལྟེ་བའི་དབུས་སུ་བཅོམ་ལྡན་འདས་ནམ་མཁའ་ལྡིང་གི་གདོང་ཅན་ཞལ་མཆེ་བ་གཙིགས་ཤིང་ཞལ་བཞི་པ་ཕྱག་བརྒྱད་པ་ལྔ་པ་བྱ་ཁྱུང་གི་ཞལ་ནི་དམར་པོ་ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་

ཅན་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་བསྣམས་ཤིང་སྡིགས་མཛུབ་མཛད་པ། གཞན་གཉིས་ཀྱིས་ཀླུའི་དབང་པོའི་པགས་པ་བསྣམས་པ། གསུམ་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཁ་ཊྭཱཾ་ག་བསྣམས་པ། བཞི་པ་གཉིས་ཀྱིས་མདུང་དང་ཅང་ཏེའུ་འཛིན་པའོ། །ཞབས་བཞིས་ཆུ་ལྷ་ཁྱོ་

ཤུགས་དང་ཀླུ་བརྒྱད་ཀྱི་མཇུག་མ་གནོན་པ་བྲིས་ལ་དེའི་མདུན་དུ་རྣལ་འབྱོར་པ་བློ་གྲོས་ཆེན་པོས་དེ་དང་འདྲ་བའི་བཅོམ་ལྡན་འདས་བྱ་ཁྱུང་ཆེན་པོ་བསྒོམས་ལ་བྲིས་པའི་དཀྱིལ་འཁོར་གྱི་མདུན་དུ་བསྙེན་པ་འབུམ་བྱའོ། །དེས་མཚན་མ་བྱུང་བ་དང་ལས་ལ་སྦྱར་བའི་ཕྱིར་འོ་མའི་

སྦྱིན་སྲེག་འབུམ་ཕུལ་བས་སྤྲིན་ཐམས་ཅད་འཇིག་པར་བྱེད་ཅིང་ཆར་འབེབས་པར་བྱེད་པ་དང་ཆར་ཟློག་པ་ཡང་བྱེད་དོ། །ཡང་ན་རྐང་པ་བརྒྱད་པའི་འཁྲུལ་འཁོར་བྱ་སྟེ། སྔར་བཤད་པའི་ཀླུ་བརྒྱད་ཀྱི་འཁོར་ལོ་གྲོ་གའམ་རས་དཀར་པོ་ལ་བྲིས་ལ་ཕྱི་རོལ་ནས་འཁོར་ལོ་གསུམ་གྱིས་བསྐོར་

ཞིང་དུག་དང་ལན་ཚྭ་དང་། སྐེ་ཚེ་དང་ཚ་བ་གསུམ་དང་དུར་ཁྲོད་ཀྱི་སོལ་བས་སྣག་ཚ་བྱས་ནས་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་སྔགས་བྲིས་ལ་ཀླུ་བརྒྱད་ཀྱི་སྙིང་གར་ཧཱུཾ་ནཱཾ་ཧཱུཾ་ཞེས་བྱ་བ་དང་། ལྟེ་བར་བཅོམ་ལྡན་འདས་ཀྱི་སྐྱིན་པར་ཧཱུཾ་ནཱཾ་ཧཱུཾ་སརྦ་ནཱ་ག་བཪྵ་མ་ན་ཡཥྠི་ཤཱི་གྷྲཾ་ཕཊ་ཅེས་བྱ་

เล่ม ๑๗ · หน้า 379b

བ་བྲིས་པའི་འཁྲུལ་འཁོར་གྲོག་མཁར་གྱི་ས་དང་བའི་རྣམ་ལྔ་བསྲེས་པ་ལས་ནོར་རྒྱས་ཀྱི་གཟུགས་གདེངས་ཀ་བདུན་དང་ལྡན་པ་མཐོ་གང་གི་ཚད་ཙམ་བྱས་ལ་དེའི་སྙིང་གར་བཅུག་སྟེ། དགུག་པ་ལ་སོགས་པའི་ཆོ་ག་བྱས་ནས་ཀ་ར་བཱི་རའི་ལྕུག་མས་བཀབ་སྟེ་གུ་གུལ་གྱི་དུད་པས་བདུག་

ཅིང་རྒྱུན་མི་འཆད་པར་ཆུའི་ཁྲུས་བྱའོ། །དེ་ལྟར་བྱས་ན་ཆར་འབབ་པར་འགྱུར་བ་དང་མ་བབས་ན་ཉི་མ་བདུན་པ་ལ་ལུས་དུམ་བུར་བྱས་ནས་བུམ་པར་བཅུག་ནས་ཆུ་བོར་བསྒྱུར་ན་ཆར་འབབ་པར་འགྱུར་རོ། །ཟློག་པར་བྱེད་ན་སྔ་མ་བཞིན་དུ་འཁྲུལ་འཁོར་བྲིས་ལ་ནོར་

རྒྱས་ཀྱི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ་ཡུངས་ཀར་གྱིས་བརྡེགས་པའམ། ཡང་ན་རྡོ་རྗེ་འཛིན་པ་ལ་ཕུལ་བའི་མེ་ཏོག་རྙིང་པ་གུ་གུལ་དང་བསྲེས་པའི་བདུག་པས་རྩ་བའི་སྔགས་ཟློས་ཤིང་ནམ་མཁའ་ལ་བདུགས་ན་ཟློག་པར་བྱེད་དོ། །རྒྱ་མཚོ་སྐེམས་པར་བྱེད་དོ་ཞེས་བྱ་བ་

ཀླུ་བརྒྱད་གནོན་པའི་ཞལ་ལྔ་པ་མཁའ་ལྡིང་གི་ཧེ་རུ་ཀ་བསྒོམས་ན་མཚན་མ་བྱུང་བ་དང་། རྒྱ་མཚོ་ཆེན་པོའི་དབུས་སུ་འདུག་པར་བསམས་ལ་ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་དང་ལྡན་པས་གདོན་མི་ཟ་བར་སྐེམས་པར་བྱེད་དོ། །ཁ་ཊྭཱཾ་གའི་ཐོད་པ་ལ་པདྨ་འདབ་མ་བརྒྱད་པ་རེ་རེ་ཞིང་

རྐང་པ་བརྒྱད་པའི་སྔགས་བྲིས་ལ་ཆུ་བོ་ལ་ཁ་ཊྭཱཾ་གས་བསྣུན་ན་རྒྱུན་ཕྱོགས་ལས་ཟློག་པར་བྱེད་དོ། །དཔའ་བོ་ཟློག་པར་བྱེད་དོ་ཞེས་བྱ་བ་ནི་ཐོག་བབས་པ་སྟེ་ལག་པ་གཡོན་པའི་མཐིལ་དུ་རྐང་པ་བརྒྱད་པའི་འཁྲུལ་འཁོར་བསྒོམས་ནས་སྡིགས་མཛུབ་བྱས་ན་རྡོ་རྗེའི་ཐོག་ཟློག་

པར་བྱེད་དོ། །ས་གཡོ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཞལ་བཞི་པ། ཕྱག་བཅུ་གཉིས་པ་བསྒོམས་ནས་ཏྲི་ཤཱུ་ལ་རྩེ་གསུམ་པ་ས་ལ་བསྣུན་ན་གཡོ་བར་བྱེད་དོ། །ཤིང་ལ་འཛེགས་ཏེ་གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་སྔོན་དུ་བསྙེན་པས་མཚན་

མ་ཐོབ་པ་དང་རྐང་པ་བརྒྱད་པའི་འཁྲུལ་འཁོར་རྐང་པ་གཉིས་ལ་བསྒོམས་ཏེ། ནམ་མཁའ་ལ་སྐས་གདང་གི་ཕྲེང་བ་ཡོད་པར་བསྒོམས་ནས་འཛེགས་ན་གར་འདོད་པ་དེར་འགྲོའོ། །སྔགས་འཕྲོག་པར་བྱེད་ཅེས་པ་ནི་རང་ལ་བྱད་བྱེད་པའི་སྔགས་ཀྱི་འཁྲུལ་འཁོར་གྱི་སྟེང་དུ་

เล่ม ๑๗ · หน้า 380a

རྐང་པ་བརྒྱད་པའི་འཁྲུལ་འཁོར་དུག་དང་ཁྲག་དང་། ལན་ཚྭ་དང་སྐེ་ཚེས་བྲིས་ལ་མནན་ནས་རི་རབ་དང་གསེར་གྱི་ས་གཞིས་ཀྱང་མནན་ན་སྔགས་འཕྲོག་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་འཕྲོག་པ་ནི་སྔར་བསྙེན་པ་འབུམ་བྱས་ལ་མཚན་མ་ཐོབ་པ་

དང་། དངོས་གྲུབ་འདོད་པའི་གཟུགས་བརྙན་བྱས་ལ་དེའི་སྙིང་གར་རྐང་པ་བརྒྱད་པའི་འཁྲུལ་འཁོར་བཅུག་ནས་སྦྱིན་སྲེག་བྱ་བའམ་ཆུ་བོར་དོར་བའམ་ས་འོག་ཏུ་གཞུག་པར་བྱའོ། །ཁྲག་འདྲེན་པར་བྱེད་ན་ཞེས་བྱ་བ་ནི་སྤྲ་ཚིལ་གྱི་ལིངྒ་སོར་བརྒྱད་པ་བྱས་ལ་དེའི་སྙིང་གར་རྐང་

པ་བརྒྱད་པའི་འཁྲུལ་འཁོར་ཁྲག་དང་བཅས་པ་གཞུག་པར་བྱ་ཞིང་གསང་བའི་གནས་སུ་ཟངས་མའི་མོ་ཁབ་བཙུགས་ན་ཁྲག་འདྲེན་པར་བྱེད་དོ། །སླར་འོ་མས་བཀྲུས་ན་འཚོ་བར་འགྱུར་རོ། །གཟུགས་བརྒྱ་སྟོང་ཕྲག་དུ་མར་བྱེད་དོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་ལས་སྨན་གྱི་རྒྱུད་

བཤད་པར་བྱ་སྟེ། མིའི་ཐོད་པར་ཨེ་རཎྜ་དང་སྨྱོ་བྱེད་ཀྱི་ས་བོན་བཏབ་ལ་བཀང་སྟེ་བསྐྱེད་ནས་སྨིན་པ་དང་མར་གྱི་ངོའི་ཉི་ཤུ་དགུ་ལ་དམངས་རིགས་ཀྱི་བུད་མེད་ཀྱི་ཁྲག་དང་བདུད་རྩི་ལྔས་དེའི་འབྲས་བུ་སྨིན་པ་ན་བསྒོས་ཏེ། སྲོག་ཆགས་གང་ཡང་རུང་བའི་སྤུ་དང་སྐུད་པ་བྱས་ལ་

སྲོག་ཆགས་དེའི་མགུལ་དུ་བཏགས་ན་དེའི་གཟུགས་སུ་འགྱུར་རོ། །འདོད་ན་སྣང་བར་འགྱུར་ཞིང་མི་འདོད་ན་མི་སྣང་བར་འགྱུར་རོ་ཞེས་བྱ་བ་ནི་གསེར་ཤིང་གི་ས་བོན་བླངས་ལ་ཉི་ཤུ་དགུ་ལ་ཁྲའི་ཐོད་པའི་ནང་དུ་སྦྲུལ་ནག་པོའི་ཞག་གིས་བསྒོས་ཏེ་བསྐྱེད་ལ་སྨིན་པ་དང་བླངས་ལ་

གང་གི་མགུལ་དུ་བཅིངས་ན་དེ་མི་སྣང་བར་འགྱུར་ཞིང་བཀྲོལ་ན་སྣང་བར་འགྱུར་རོ། །ཁང་བཟངས་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ་ཞེས་བྱ་བ་ནི་ཞལ་བཞི་ཕྱག་བཅུ་གཉིས་པའི་བདེ་མཆོག་བསྒོམས་ནས་དགྲ་སྟ་ལ་ཡི་གེ་རྐང་པ་བརྒྱད་པའི་འཁྲུལ་

འཁོར་བྲིས་ཏེ་བསྣུན་ན་ཕྱེ་མར་འགྱུར་རོ། །དུག་བདུད་རྩིར་བྱེད་པ་ནི་ལག་པ་གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྐང་པ་བརྒྱད་པའི་འཁོར་ལོ་བཀོད་ནས་སྣ་བུག་གཡོན་པའི་རླུང་གིས་རེག་ན་དུག་བདུད་རྩིར་བྱེད་དོ། །བདུད་རྩི་དུག་ཏུ་བྱེད་པ་ནི་སྐྱུར་བའམ་ཁ་

เล่ม ๑๗ · หน้า 380b

བའི་ས་བོན་བླངས་ནས་སྦྲུལ་ནག་པོའི་ཞག་གིས་བྱུགས་ཏེ་གཟའ་མིག་དམར་གྱི་ཞག་ལ་ལམ་གྱི་བཞི་མདོར་སྦྲུལ་གྱི་ཐོད་པ་ཡང་བཀང་སྟེ་བསྐྱེད་ལ་དེའི་ཁུ་བས་དཔྲལ་བར་ཐིག་ལེ་བྱས་ན་བཟའ་བཏུང་ལ་བལྟས་པ་ཙམ་གྱིས་དུག་ཏུ་འགྱུར་རོ། །ཟླ་བ་ཆུར་བྱེད་པ་ནི་སྨན་ཨརྐའི་

མེ་སྦར་ལ་པདྨའི་སྣལ་མའི་ཕྱེ་མ་དང་འོ་མས་ལན་མང་དུ་བྱུགས་ཏེ་སྦྱིན་སྲེག་ཕུལ་བའི་ཐལ་བས་ཙི་ཏྲ་ཀའི་ཁུ་བ་དང་སྦྲུས་ཏེ་རི་ལུ་གྲིབ་མ་ལ་བསྐམས་ཏེ་སོག་མའི་ནང་དུ་བཅུག་ལ་ཆང་གི་སྣོད་དུ་བླུགས་ན་འོ་མ་ལྟ་བུའི་ཁ་དོག་ཏུ་འགྱུར་རོ། །ཀུ་སུ་མའི་ཕྱེ་མ་དང་འཛམ་བུ་རའི་འབྲས་

བུའི་ཁུ་བ་དང་འོ་མའི་ནང་དུ་བླུགས་ན་ཆང་འདྲ་བར་འགྱུར་རོ། །རོ་འཕྲོག་པ་ནི་ཚེར་མ་དང་བཅས་པའི་ཤིང་ཀ་རཉྫའི་ཕྱེ་མ་དང་ན་རང་གའི་ཤུན་པའི་ཕྱེ་མ་དང་བསྲེས་པའི་ཕྱེ་མས་བདུགས་ན་དྲི་འཕྲོག་པར་བྱེད་དོ། །གང་དུ་འདོད་པ་དེར་ཐོབ་པར་བྱེད་དོ་ཞེས་བྱ་བ་ནི་ཀ་རཉྫ་དང་ན་རང་

གའི་ཕྱེ་མས་གུ་གུལ་དང་བསྲེས་པས་གླ་རྩི་ལ་བདུགས་ན་གུ་གུལ་གྱི་དྲི་བྲོ་བར་འགྱུར་རོ། །གླ་རྩི་དང་བསྲེས་པས་གུ་གུལ་ལ་བདུགས་ན་གླ་རྩིའི་དྲི་བྲོ་བར་འགྱུར་རོ། །ནམ་མཁའ་ལྡིང་གི་མདོག་གིས་འགྲོ་བ་འབྱིན་པར་བྱེད། ཅེས་བྱ་བ་ནི་ཡནྟྲ་དང་ཏནྟྲ་སྤངས་པའི་ཏིང་ངེ་

འཛིན་ཐམས་ཅད་བརྟན་པ་ཡིན་ཏེ་ནམ་མཁའ་ལྡིང་གི་མདོག་ནི་གསང་བའི་རྡོ་རྗེའོ། །འགྲོ་བ་འབྱིན་པ་ནི་ཁུ་བ་གྱེན་དུ་བཟློག་པའོ། །ཤི་བའི་དུས་ཀྱི་ལྷ་མོ་དང་ཀུན་སྤྱོད། །ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་བདེ་བ་ཐོབ་པའོ། །དེ་ལྟར་བསམ་གཏན་གྱི་བདེ་

བའི་ཏིང་ངེ་འཛིན་ཐོབ་ན་མིའི་མཆོག་དེའི་དངོས་གྲུབ་སྔ་མ་ཐམས་ཅད་ཀྱི་དཔལ་སུས་ཀྱང་འཕྲོག་པར་མི་ནུས་སོ། །རྣམ་པ་དེ་ལྟ་བུ་དང་ལྡན་པའི་དངོས་གྲུབ་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དགའ་བྲལ་དུ་མི་གཏོང་བའི་ཏིང་ངེ་འཛིན་ཡོད་ན་དངོས་གྲུབ་ཐམས་ཅད་འབྲས་བུ་དང་

བཅས་པར་འགྱུར་རོ། །དྲན་པ་ཙམ་གྱིས་གསོད་པར་བྱེད་དེ་ཞེས་བྱ་བ་ནི་རས་སམ་ཤིང་ཤུན་ལ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྐང་པ་བརྒྱད་པའི་འཁྲུལ་འཁོར་བྲིས་ལ་དུར་ཁྲོད་ཀྱི་ཐལ་བ་དང་སོལ་བ་ལས་གཟུགས་བརྙན་བྱས་ཏེ། སྙིང་གར་བཅུག་ནས་བསྒྲུབ་བྱ་བཀུག་

เล่ม ๑๗ · หน้า 381a

ཅིང་མི་རུས་ཀྱི་ཕུར་བུས་སྙིང་གར་བཏབ་ནས་ཆུ་ཚན་བླུགས་ཏེ་དུར་ཁྲོད་ཀྱི་སར་སྦས་ན་ཉི་མ་བདུན་གྱིས་གསོད་པར་བྱེད་དོ། །སྤྲ་ཚིལ་གྱི་དབུས་སུ་མུ་ཟི་དང་མེ་ཤེལ་བཅུག་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ་ལན་སྟོང་ཕྲག་གཅིག་ཏུ་བསྐོར་ནས་འཕངས་ན་གནས་

དེར་མེ་སྐྱེད་པར་བྱེད་དོ། །ས་བོན་རྣམ་པར་འཇོམས་པ་ཞེས་བྱ་བ་ནི་ཏིལ་གྱི་མར་གྱིས་བསྐུས་ལ་རྡོ་རྗེ་རྩེ་གཅིག་པ་ལ་རྐང་པ་བརྒྱད་པ་སྟོང་རྩ་བརྒྱད་བཟླས་ནས་བསྣུན་ན་འཇོམས་པར་བྱེད་དོ། །སེར་བ་འབེབ་པ་ནི་སྒྲ་གཅན་འཛིན་རྒྱུ་བའི་དུས་སུ་རྐང་པ་བརྒྱད་པ་སྟོང་རྩ་བརྒྱད་བཟླས་པའི་

ཁྲག་གི་ཐོད་པ་མེ་ལ་བླུགས་ན་སེར་བ་འབེབས་སོ། །མདུང་རྩེ་གསུམ་པ་ལ་སྟོང་རྩ་བརྒྱད་བཟླས་ནས་སྤྱི་བོ་ལ་བསྐོར་ན་སེར་བ་ཟློག་པར་བྱེད་དོ། །ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་གཞུག་པ་ནི་རྐང་པ་བརྒྱད་པའི་འཁྲུལ་འཁོར་ལྷ་རྣམས་ཀྱི་སྙིང་གར་བཅུག་ལ་འོད་མའི་

གཞུ་ལ་ཀ་ར་བཱི་རའི་ལྕུག་མའི་མདའ་མཚལ་ཆེན་གྱིས་བསྐུས་ལ་ཐུགས་ཀར་འཕངས་ན་ལྷའི་གཟུགས་བརྙན་གར་བྱེད་པར་འགྱུར་རོ། །ཐོད་པ་ཤ་མེད་པར་བཏོགས་པ་ལ་སྲིན་ལག་གཡོན་པའི་ཁྲག་གིས་གཟུགས་བརྙན་བྲིས་ལ་གང་གི་མིང་དང་སྤེལ་བ་དེའི་སྙིང་གར་འཁྲུལ་

འཁོར་བྲིས་ལ་མིང་ནས་བཟུང་སྟེ་ལན་རེ་ཞིང་རྐང་པ་བརྒྱད་པ་དང་སྤེལ་ནས་བཟླས་ཤིང་ཁྲག་དང་མཉེས་ན་མོད་ལ་འཆི་བར་འགྱུར་རོ། །ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་ཅེས་བྱ་བ་ནི་བ་ལང་གི་ཤ་དང་བཅས་པ་ལ་རྐང་པ་བརྒྱད་པའི་སྔགས་སྟོང་རྩ་བརྒྱད་ཟློས་ཤིང་སྦྱིན་སྲེག་བྱས་ན་རྒྱལ་སྲིད་ཐོབ་

པར་འགྱུར་རོ། །འདོད་ན་སྡུད་པར་འགྱུར་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་ཀྱིས་སྐྱོན་ཞི་བའི་སྦྱིན་སྲེག་གིས་རྒྱལ་སྲིད་ཀྱི་གཡེང་བ་སྡུད་པར་འགྱུར་རོ། །དེ་ལ་སྤྱོད་པ་ཇི་ལྟ་བུས་བྱ་ཞེ་ན། བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པ་འདི་ཟློས་པའི་ཚེ་བརྟུལ་ཞུགས་མི་དགོས་སྤྱོད་པ་

དང་། སྨྱུང་བ་མི་དགོས་ཆོ་ག་ཐམས་ཅད་ཅི་བདེ་བས་ལས་བྱས་ན་འགྲུབ་པར་འགྱུར་རོ། །གལ་ཏེ་ཁྲོས་པས་ལན་ཅིག་བཟླས་པས་འཚོ་བར་འགྱུར་རོ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་མི་རུས་ཀྱི་སྨྱུ་གུས་དུག་དང་དུར་ཁྲོད་ཀྱི་སོལ་བའི་ཁུ་བས་འཁྲུལ་འཁོར་བྲིས་ལ་དབུས་སུ་མཱ་ར་ཡ་ཕཊ་ཅེས་བྱ་བ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด