ตัวบทไม่มีชื่อ — ประโยคแรก: དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗ · หน้า 381b

བྲི་བར་བྱའོ། །དེ་ནས་བསྙེན་པ་འབུམ་བྱས་ལ་དུག་དང་ཁྲག་དང་སྐེ་ཚེ་དང་། ལན་ཚྭ་དང་ཡུངས་ཀར་དང་རྐང་རྗེས་དང་བསྲེས་པ་ལས་བྱས་པའི་ལིངྒའི་སྙིང་གར་བཅུག་ནས་ལས་ལ་སྦྱར་བའི་ཚེ་ལན་ཅིག་བཟླས་ན་འཆི་བར་འགྱུར་ཞིང་། འོ་མས་བཀྲུས་ན་འཚོ་བར་

འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་པ་བྱས་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞི་དང་དགུ་ལ་རོ་བསྲེགས་པའི་མེ་ལ་ཤིང་ཨརྐ་བསྲེགས་ལ་ད་དུ་རའི་ཁུ་བས་མེ་བསད་ལ་དུག་དང་ལན་ཚྭ་དང་བཅས་པའི་སོལ་བའི་ཁུ་བ་མི་རུས་ཀྱི་སྨྱུ་གུས་ཉི་མའི་དཀྱིལ་འཁོར་ཀྱི་དབུས་སུ་

རྐང་པ་བརྒྱད་པའི་འཁྲུལ་འཁོར་བྲིས་ལ་དུར་ཁྲོད་ཀྱི་ཐལ་བ་ལས་བྱས་པའི་གཟུགས་བརྙན་སོར་བརྒྱད་པའི་སྙིང་གར་མིང་དང་སྤེལ་བའི་འཁྲུལ་འཁོར་བཅུག་ནས་དགུག་པ་ལ་སོགས་པ་བྱས་ནས་གུ་གུལ་གྱིས་བདུག་ཅིང་དུར་ཁྲོད་ཀྱི་སོལ་བའི་སྟ་རེ་བྱས་ཏེ་ལིངྒ་གཏུབས་ན་དེའི་

མོད་ལ་ལྟུང་བར་འགྱུར་ཞིང་འཆི་བར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་སྔགས་བཟླས་ཏེ་བསྣུན་ན་དེའི་མོད་ལ་ཤ་ཟས་གཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་སྔགས་ལན་ཅིག་བཟླས་ནས་ཞེས་བྱ་བ་ནི་སྔར་བསྟན་པའི་ཤིང་ཨརྐའི་ཐལ་བ་ཉི་ཤུ་རྩ་དགུའི་མཚན་མོ་སྤང་

ལེབ་བམ་རྩིག་པ་ལ་གཟའ་ཆེན་པོ་བརྒྱད་བྲིས་ལ་སྙིང་གའི་དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་བའི་འཁྲུལ་འཁོར་བཅུག་ལ་བདུད་རྩི་ལྔའི་དུད་པས་བདུག་ཅིང་སྔགས་བཟླས་ན་གཟའ་ཆེན་པོ་བརྒྱད་ཀྱིས་གདོན་མི་ཟ་བར་གཟུང་བར་འགྱུར་རོ། །འོ་མས་བཀྲུས་ན་སླར་འཚོ་བར་

འགྱུར་རོ། །ཨ་ཏི་མུཀྟ་ཀའི་ལྕུག་མ་ལ་ལན་ཅིག་བཟླས་པ་ཞེས་བྱ་བ་ནི་ཙནྡན་དམར་པོའི་རི་ལུ་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་དུར་ཁྲོད་ཀྱི་རས་ལ་རོའི་སེན་རྩི་དང་གི་ཝང་གིས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཁྲུལ་འཁོར་བྲིས་ལ་བཅུག་ནས་དགུག་པ་ལ་

སོགས་པ་བྱས་ཏེ་དྲིའི་ཆུས་སྐུ་ཁྲུས་གསོལ་ཞིང་ཨ་ཏི་མུཀྟ་ཀའི་ལྕུག་མ་ལ་སྔགས་ལན་བདུན་བཟླས་ཏེ་བསྣུན་པར་བྱའོ། །བསྣུན་པའི་ཚེ་བསྒོམ་པར་བྱ་བ་ནི་གཅེར་བུ་སྐྲ་གྲོལ་བ་བྱང་ཆུབ་ཀྱི་སེམས་འབབ་ཅིང་ཁ་དོག་ཉམས་ཤིང་འཇིགས་པས་བརྒྱལ་བ་རླུང་གི་དཀྱིལ་

เล่ม ๑๗ · หน้า 382a

འཁོར་གྱི་སྟེང་དུ་རྔ་མོ་ལ་བསྐྱོན་ནས་རང་གི་རྐང་པའི་དྲུང་དུ་ལྟུང་བར་བསམ་པར་བྱའོ། །གསེག་མ་ལ་ལན་ཅིག་བཟླས་ཏེ་ཞེས་བྱ་བ་ནི་མིའི་ཐོད་པའི་དུམ་བུ་ལ་བ་བླ་དང་ཡུང་བས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་འཁྲུལ་འཁོར་མིང་དང་སྤེལ་

བ་བྲིས་ཏེ་དུར་ཁྲོད་དམ་ལམ་གྱི་བཞི་མདོར་ཁྲུ་གང་ཙམ་བརྐོས་ཏེ་སྦ་ཞིང་ཁ་སྦུབ་ལ་གསེག་མ་ལ་སྔགས་བཟླས་ཤིང་གང་ལ་འདེབས་པ་དེ་རེངས་པར་འགྱུར་རོ། །གང་དུ་ལྡིང་བ་དེར་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་ཚུབ་མས་ཁྱེར་བའི་ཤིང་ལོ་ལ་མཆིལ་མ་དང་ཁྭའི་ཁྲག་གིས་

བྱ་རོག་གི་སྒྲོའི་སྨྱུ་གུ་བྱས་ལ་འཁྲུལ་འཁོར་བྲིས་ཏེ་ཚུབ་མ་ཆེན་པོ་གྱེན་དུ་ལྡང་བ་ལ་བསྐུར་ན་བསྐྲད་པའི་གནས་དེར་འགྲོ་བར་འགྱུར་རོ། །གུ་གུལ་ཆེན་པོས་བདུགས་ན་ཞེས་བྱ་བ་ནི་ར་ཐུག་གི་རྭ་དང་རྨིག་པ་བཞི་དང་མིའི་ཚིལ་དང་བཤང་བ་ཆ་མཉམ་ལ་ཆང་གིས་སྦྲུས་

ཏེ། དུད་པས་བདུགས་ན་སེམས་ཅན་ཐམས་ཅད་ལ་མཁའ་འགྲོ་མ་འབེབས་པར་འགྱུར་རོ། །ལག་པ་གཡོན་པས་ཆང་བཀབ་ལ་གཡོན་པའི་སྲིན་ལག་ཁར་བཅུག་གནས་ཚིགས་གསུམ་གྱི་གནས་སུ་ལྕེས་རེག་ཅིང་གཞིབས་ན་དུས་སུ་ཟིན་པའི་དུག་གསོ་བར་བྱེད་དོ། །

མཁའ་འགྲོ་མས་རྒྱས་བཏབ་པ་ལ་ཞེས་བྱ་བ་དུར་ཁྲོད་ཀྱི་རས་ལ་ཤིང་ཨ་ཏི་མུཀྟ་ཀའི་སྨྱུ་གུས་སྔར་བཤད་པའི་འཁྲུལ་འཁོར་བྲིས་ཏེ་ལྟེ་བའི་དབུས་སུ་ཨེ་གྲུ་གསུམ་བྲིས་ལ་ཟུར་གསུམ་དུ་ཨ་མ་ཧཱུཾ་གསུམ་དང་དབུས་སུ་རཀྵ་ཞེས་བྱ་བ་བཞི་མིང་དང་སྤེལ་བ་བྲིས་ཏེ་བསྒྲུབ་བྱའི་

མགུལ་དུ་བཏགས་ལ། ཆུ་ལ་རྐང་པ་བརྒྱད་པ་བཟླས་ཤིང་གདོན་གྱི་གཟུགས་བརྙན་བྱས་པའི་སྙིང་གར་གདོན་གྱི་མིང་བཅུག་ལ་ཆུས་ཡང་དང་ཡང་དུ་བསྣུན་ཞིང་སླར་གཏོར་ན་གདོན་རེངས་པར་འགྱུར་རོ། །ཀ་ར་བཱི་རའི་ལྕུག་མ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་

མིང་དང་སྤེལ་བའི་འཁྲུལ་འཁོར་བྲིས་ལ་བུད་མེད་ཀྱི་རོ་བསྲེགས་པའི་ཐལ་བ་དང་ཙནྡན་དམར་པོའི་རྡུལ་དང་བསྲེས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ་ཀ་ར་བཱི་རའི་ལྕུག་མ་ཁྲུ་དོ་ཡོད་པ་དུར་ཁྲོད་ཀྱི་མེ་ལ་གདུངས་ནས་སླར་ཡང་བླངས་ཏེ་སྤྱི་བོ་ལ་བསྐོར་

เล่ม ๑๗ · หน้า 382b

ཞིང་སྔ་མའི་གཟུགས་བརྙན་གྱི་ལྟེ་བར་བསྣུན་ན་མངལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །དེ་ལ་འཁྲུལ་འཁོར་ནི་འདི་ཡིན་ཏེ་ཨེ་གྲུ་གསུམ་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་བྲིས་ལ། དེའི་སྟེང་དུ་འཁོར་ལོ་གསུམ་བྲིས་ཏེ་ལྟེ་བར་སྣ་ཚོགས་རྡོ་རྗེ། །དེའི་ལྟེ་

བར་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བར་བཅོམ་ལྡན་འདས་ཀྱི་ས་བོན་ཧཱུཾ་དང་ཡུམ་གྱི་ས་བོན་བཾ་པདྨ་འདབ་མ་བརྒྱད་ལ་རྐང་པ་བརྒྱད་པའི་སྔགས་བྲིས་ལ་འཁོར་ལོ་གསུམ་ལ་རང་གི་ལྷའི་སྙིང་པོ་བྲིས་ལ་རྡོ་རྗེ་དང་པདྨ་དང་འཁོར་ལོས་བསྐོར་བ་དང་སྒོ་དང་མཚམས་སུ་མཁའ་

འགྲོ་མའི་སྙིང་པོ་དང་དུར་ཁྲོད་བརྒྱད་ཀྱི་གནས་སུ་རྐང་པ་བརྒྱད་པའི་སྔགས་དང་རྡོ་རྗེ་ར་བ་དང་མེ་འོད་ཀྱི་བར་དུ་ཀ་ར་བཱི་རའི་སྔགས་བྲི་བར་བྱའོ། །དབུས་སུ་བསྒྲུབ་བྱའི་མིང་ཞི་བ་དང་རྒྱས་པ་ལ་སོགས་པ་དང་སྤེལ་བའི་མིང་ལ་ལས་བཅུ་གཉིས་བྱེད་པར་འགྱུར་རོ། །པདྨ་འདབ་

མ་བརྒྱད་པ་རེ་མིག་བརྒྱད་དུ་བྱས་ཤིང་རྡོ་རྗེ་རོལ་པ་རྟའི་འགྲོས་སམ་གཤིན་རྗེ་དབྱུག་པ་འཆང་བའམ་ཡི་དགས་སྲིན་པོའི་གདོང་ངམ་མ་མོ་རིགས་ལྡན་མའི་འཁོར་ལོ་དགོད་པར་བྱའོ་ཞེས་མཁའ་འགྲོ་ལས་གསུངས་སོ། །དེ་ལྟར་ལས་ལྔ་བཅུ་བཤད་ནས་ཕན་ཡོན་

སྟོན་པ་ནི་དཔལ་ལྡན་ཁྲག་འཐུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐང་པ་བརྒྱད་པའི་སྔགས་མི་ཤེས་པར་དངོས་གྲུབ་འདོད་པ་རྨོངས་པ་འབྲས་འདོད་པས་ཕུབ་མ་བརྡུང་བ་དང་མཚུངས་སོ། །གསང་སྔགས་འདི་མེད་པར་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་

དངོས་གྲུབ་གསུམ་མིའི་རྣལ་འབྱོར་པས་ཐོབ་པར་མི་འགྱུར་རོ། །གསང་སྔགས་འདི་མི་ཤེས་ན་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ཡང་ངལ་བ་དོན་མེད་ཅིང་། ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡང་ཐོབ་པར་མི་འགྱུར་རོ། །ཅིའི་ཕྱིར་མི་འགྱུར་སྙམ་ན་སྤྲུལ་པའི་

སྐུའི་སྔགས་རྐང་པ་བརྒྱད་པ་ནི་གཞན་གྱི་དོན་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་དགོངས་སོ། །གསང་སྔགས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་བདེ་བར་གཤེགས་པས་རྒྱུད་སྡེ་བཞིར་གསུངས་པའི་གསང་སྔགས་ཀྱི་དངོས་གྲུབ་རྐང་པ་བརྒྱད་པའི་སྔགས་དང་ཕྱག་རྒྱའི་དངོས་

เล่ม ๑๗ · หน้า 383a

གྲུབ་དེ་ལྟ་བུའི་འབྲས་བུ་མ་གྲུབ་ན་ཇི་ལྟར་བྱ་ཞེ་ན། བཟའ་དང་བཏུང་བ་ལ་སོགས་པ། །ཞེས་སྨོས་ཏེ་ཚོགས་ཀྱི་འཁོར་ལོས་བསྐྱར་བའི་ཆོ་ག་བྱས་ནས་བསྒྲུབས་ན་ཟས་ཀྱི་མཆོག་བཅུད་ཀྱིས་ལེན་དང་བཅུད་ལ་སོགས་པ་དངོས་གྲུབ་ཐམས་ཅད་སྟེར་

བར་འགྱུར་རོ། །ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།རྩ་བའི་སྔགས་ཀྱི་དངོས་གྲུབ་དང་ལས་བཤད་ནས་སྙིང་པོའི་དངོས་གྲུབ་དང་ལས་བཤད་པ་ནི། དེ་ནས་ཧེ་རུ་ཀ་གཉིས་མེད། །ཅེས་བྱ་བ་སྨོས་ཏེ། ཧེ་རུ་ཀ་ནི་རྣམ་པ་གསུམ་སྟེ། སེམས་ཀྱི་འཁོར་

ལོ་དང་། ལུས་ཀྱི་འཁོར་ལོ་དང། སྤྲུལ་པའི་འཁོར་ལོའོ། །དེ་དང་གཉིས་སུ་མེད་པའི་སྦྱོར་བ་གང་གིས་ཤེས་པ་ཙམ་གྱིས་སྐུ་གསུམ་གྱི་འབྲས་བུའི་དངོས་གྲུབ་དང་། འཇིག་རྟེན་གྱི་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་པས་ན་རེ་ཞིག་དང་པོར་སྐུ་གསུམ་བཤད་པར་བྱའོ། །དེ་ལྟར་

མདོར་བསྟན་ནས་རྒྱས་པར་བཤད་པ་ནི་ཆོས་ཀྱི་སྐུ་ཅན་དུ་ཞེས་བྱ་བ་གསུངས་ཏེ། གང་གི་སེམས་ཀྱིས་འཁོར་ལོ་བདེ་མཆོག་བསྒོམ་པའི་ཚེ་སྒྲུབ་པ་པོ་དངོས་གྲུབ་བརྒྱད་ཐོབ་པར་འགྱུར་བ་ན་ཡེ་ཤེས་ཀྱི་སྐུ་གྲུབ་པ་ཡིན་ནོ། །གང་གི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་ལུས་

ཀྱི་དཀྱིལ་འཁོར་སྒྲུབ་པ་པོས་བསྒོམས་ནས་གྲུབ་པར་འགྱུར་བ་དེའི་ཚེ་རྒྱུའི་ཧེ་རུ་ཀ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །གང་གི་ཚེ་སྤྲུལ་པའི་འཁོར་ལོ་བདེ་མཆོག་སྤྲུལ་པའི་སྐུའི་རང་བཞིན་དུ་སྒྲུབ་པ་པོས་བསྒོམས་ན་སྤྲུལ་སྐུ་ཐོབ་པར་འགྱུར་བ་ཡིན་ནོ། །ཡང་ན་རྫོགས་པའི་

རིམ་པའི་དབང་དུ་བྱས་ནས་དབང་བཞི་པ་ཐོབ་ནས་སེམས་ཀྱི་སྟོང་པ་ཉིད་རྟོགས་པས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་ཏེ་བདེ་བ་ཆེན་པོའི་རྒྱས་བཏབ་ནས་བསམ་གྱིས་མི་ཁྱབ་པར་བསྒོམས་ན་དེའི་ཚེ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་

ཐོབ་ནས་ལས་ཀྱི་ཕྱག་རྒྱ་ལ་བདེ་སྟོང་རེག་བྱའི་སྟོང་པ་ཉིད་རྟོགས་ནས་གཟུང་བ་རང་བཞིན་མེད་པར་ཤེས་པ་འོད་གསལ་བའི་སྟོང་པ་ཉིད་བསྒོམས་ན་དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ། །གསང་བའི་དབང་ཐོབ་ནས་རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུར་རྟོགས་པས་ཆོས་ཀྱི་ཕྱག་རྒྱ་

เล่ม ๑๗ · หน้า 383b

ལ་བརྟེན་ནས་སྒྱུ་མ་ལྟ་བུའི་རང་བཞིན་བདག་བྱིན་གྱིས་རློབ་པའི་ལམ་བསྒོམས་ན་སྤྲུལ་པའི་སྐུའི་རང་བཞིན་ཐོབ་པར་འགྱུར་རོ་ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤད་དོ། །ཡང་ན་རྩའི་འཁོར་ལོ་བསྒོམས་པས་སྤྲུལ་པའི་སྐུ་དང་། རླུང་གི་འཁོར་ལོ་བསྒོམས་པས་ལོངས་

སྤྱོད་རྫོགས་པའི་སྐུ་དང་། སེམས་ཀྱི་འཁོར་ལོ་བསྒོམས་པས་ཆོས་ཀྱི་སྐུ་ཐོབ་པོ་ཞེས་ཁ་སྦྱོར་ལས་གསུངས་སོ། །བདག་ཉིད་ཤྲཱི་ཧེ་རུ་ཀར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ནི་རྩ་གསུམ་ཀྱི་ཧེ་རུ་ཀར་གྱུར་པ་ལ་ཐེ་ཚོམ་མེད་པའོ། །སྙིང་པོའི་

འབྲས་བུ་ཇི་ལྟར་འགྱུར། །ཞེ་ན། བསྐྱེད་རྫོགས་གཉིས་བསྒོམ་པ་ལ་སྙིང་པོའི་སྔགས་བཟླས་པས་སྐུ་གསུམ་གྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མཆོག་གི་དངོས་གྲུབ་བཤད་ནས་འཇིག་རྟེན་གྱི་དངོས་གྲུབ་གསུངས་པ་ནི། །གསང་སྔགས་ཀྱི་ནི་སྙིང་པོ་འདི། །

འབྲས་བུ་བཤད་ཀྱིས་སྒྲུབ་པོ་ཉོན། །ཞེས་བྱ་བ་ནི་དངོས་གྲུབ་དང་ལས་ཀྱི་ཚོགས་ཉོན་ཅིག་པའོ། །སྙིང་པོ་བཟླས་པས་དཔག་ཚད་བྱེ་བར་འཕགས་པར་འགྱུར་ཞིང་འགྲོ་བ་དང་འོང་བར་འགྱུར་རོ་ཞེས་བྱ་བ་འདིའི་དོན་ཏོ། །རྡོ་རྗེ་མཁའ་འགྲོ་ལས་ཡུངས་ཀར་ལ་བགེགས་བསྐྲད་

པའི་རོའི་ཁྲག་དང་ཞག་གིས་བསྐུས་ལ་ཉི་ཤུ་བཞིའི་ཞག་སྐར་མ་རྒྱལ་དང་གཟའ་ཉི་མ་འཛོམ་པའི་དུས་སུ་དུར་ཁྲོད་ཀྱི་ས་ལ་ཁྲག་དང་ཞག་གིས་སྦྲུས་ཏེ་མིའི་ཐོད་པར་ཡུངས་ཀར་བསྐྱེད་ལ་སྨིན་པའི་ཚེ་ས་ལ་མ་ལྷུང་བར་དམངས་རིགས་ཀྱི་བུ་མོའི་ལག་པར་བཞག་ནས་དེའི་མར་ཁུ་

བཙིར་ལ་མིའི་ཐོད་པར་སྦས་ལ་བསྲུང་བར་བྱའོ། །དེ་ནས་འགེགས་པའི་རོ་བཙལ་ལ་དཀྱིལ་འཁོར་སྟེང་དུ་རོ་བཞག་ནས་དེའི་སྙིང་གར་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་བཅུག་ནས་ཤ་དང་ཁྲག་དང་ལྡན་པའི་གཏོར་མ་བྱིན་ལ་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ཏེ་དུར་ཁྲོད་བརྒྱད་ཀྱི་བགེགས་

སྤྱན་དྲང་བར་བྱའོ། །དེའི་ཚེ་རོའི་ལུས་ལས་སྣ་ཚོགས་ཀྱི་བགེགས་འབྱུང་བ་དང་། ཧེ་རུ་ཀ་ཕྱག་འབུམ་པ་བསྒོམས་ལ་བདུད་རྩི་ལྔ་ཆང་དང་ལྡན་པ་དེའི་ལྕེ་ལ་བཞག་ནས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །

เล่ม ๑๗ · หน้า 384a

རིགས་རྣམས་མྱུར་དུ་ཐལ་བར་རློག །ཨོཾ་ཧ་ན་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་བཅས་པས་རོའི་ཁར་བླུགས་ལ་སྔར་བཤད་པའི་མར་ཁུས་རང་གི་ལུས་པོ་ལ་བྱུགས་ཏེ་རོའི་སྟེང་དུ་ཞོན་ནས་མཁའ་སྤྱོད་ཀྱི་གནས་སུ་ཁྱེར་ཅིག་ཅེས་བྱས་ན་འགྲོ་

བ་དང་འོང་བ་ཐམས་ཅད་བཀའ་བཞིན་བྱེད་པར་འགྱུར་རོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་དོ་ཞེས་བྱ་བ་ནི་ཡུངས་ཀར་གྱི་ས་བོན་ལ་བྱི་ཏང་ཀའི་ཁུ་བ་དང་ཁྲག་གིས་བྱུགས་ལ་ཉ་ཕྱིས་ཀྱི་སྣོད་དུ་དུར་ཁྲོད་ཀྱི་སས་བཀང་ལ། བསྲུང་བ་བྱས་ཏེ་བཙུགས་ནས་ཡོངས་སུ་སྨིན་

པའི་དུས་སུ་འབྲས་བུ་དེ་གཞོན་ནུ་མའི་ལག་པར་ས་ལ་མ་ལྷུང་བར་བཞག་ལ་སྙིང་པོའི་སྔགས་བཟླས་ཤིང་ཁར་བཅུག་ན་དེའི་གཟུགས་འཛིན་པར་འགྱུར་རོ། །དེ་བཞིན་དུ་ཁྭ་དང་ཅེ་སྤྱང་དང་རྨ་བྱ་དང་། ངང་པ་དང་ཁྱིམ་བྱ་དང་རྟ་དང་། བ་ལང་དང་བོང་བུ་དང་ཁྱི་

དང་ཕག་དང་། ལུག་ལ་སོགས་པའི་ཐོད་པར་ས་བོན་བསྐྱེད་ནས་བསྲུང་བ་བྱས་ཏེ་ས་ལ་མ་ལྷུང་བར་དམངས་རིགས་ཀྱི་བུ་མོའི་ལག་པར་བཞག་ནས་སྙིང་པོ་བཟླས་ཤིང་བདག་ཉིད་ཀྱི་ཁར་བཅུག་ན་དེ་དང་དེའི་གཟུགས་སུ་འགྱུར་རོ། །ཁ་ནས་བཏོན་ན་སྔ་མ་

བཞིན་དུ་འགྱུར་རོ། །ཁང་བཟངས་དང་ཤིང་དང་ཁྱིམ་རྣམས་ལ་འཛེགས་ཏེ་ཞེས་བྱ་བ་ནི་ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་ལ་སྐར་མ་རྒྱལ་དང་། གཟའ་ཉི་མ་འཛོམ་པའི་ཞག་ལ་བིལ་བའམ། མ་དུ་ལུང་ག་གང་ཡང་རུང་བའི་ས་བོན་བླངས་ལ་མིའི་ཐོད་པར་

དུར་ཁྲོད་ཀྱི་སས་བཀང་ལ་བསྐྱེད་དེ། རྐང་དང་ཐལ་བས་བྱུགས་ཏེ་བསྐྱེད་ལ་སྣོད་མཆུ་ཅན་གྱིས་རྐང་པ་བརྒྱད་པ་བཟླས་པའི་ཆུ་ལས་བཅུ་ཞིང་གཤིན་རྗེ་གཤེད་དང་། བགེགས་མཐར་བྱེད་ཀྱི་གཏོར་མ་བྱིན་ཏེ་སྤྱན་གྱི་སྔགས་ཀྱིས་བཅུས་ལ། མཱ་མ་ཀཱིའི་སྔགས་

ཀྱིས་ཆུ་བླུགས། སྒྲོལ་མས་ཕུར་མ་བསལ་ལ། གོས་དཀར་མོའི་སྔགས་ཀྱིས་བསྲུངས་པའི་འབྲས་བུ་དེ་སྨིན་པའི་ཚེ་ས་བོན་བླངས་ལ་ལྕགས་གསུམ་གྱིས་དཀྲིས་ཏེ་རི་ལུ་བྱས་ནས་ཁར་བཅུག་ན་རྣལ་འབྱོར་མ་དང་ལྷན་ཅིག་དཔག་ཚད་བྱེ་བར་འགྲོ་བ་དང་། ནམ་མཁའ་

เล่ม ๑๗ · หน้า 384b

ལ་འགྲོ་ཞིང་འོང་བ་དང་། ཁ་ནས་བཏོན་ནས་སྣང་བར་འགྱུར་ཞིང་མ་བཏོན་ན་མི་སྣང་བར་འགྱུར་རོ། །བྱིས་པ་དང་རྒན་པོ་དང་དར་ལ་བབ་པའི་ཐོད་པར་བསྐྱེད་ན་དེའི་གཟུགས་འཛིན་པར་འགྱུར་རོ་ཞེས་གསུངས་སོ། །འདོད་ན་བྱིས་པ་དང་། །རྒན་པོ་དང་།

དར་ལ་བབ་པ་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་སྟོན་པ་ཡིན་ཏེ། ས་སྤྱོད་གསུང་གི་དངོས་གྲུབ་སྒྲུབ་པའི་ཚེ་གསུང་གི་འཁོར་ལོའི་ལྷ་དགུ་བྱིས་པའམ་རྒན་པོའམ་དར་ལ་བབ་པའི་གཟུགས་སུ་བསྒོམ་སྟེ་ཚོགས་ཀྱི་འཁོར་ལོ་བྱས་ན་དེའི་གཟུགས་འཛིན་པར་འགྱུར་རོ། །

འདོད་ན་གླང་པོ་ཆེ་དང་ཞེས་བྱ་བ་ས་འོག་ཏུ་མཁའ་སྤྱོད་སྐུའི་འཁོར་ལོ་སྒྲུབ་པར་འདོད་པ་དེའི་ཚེ་སྐུའི་འཁོར་ལོའི་ལྷ་དགུ་གླང་པོ་ཆེ་ལ་སོགས་པའི་གཟུགས་སུ་བསྒོམས་ཏེ་ཚོགས་ཀྱི་འཁོར་ལོ་བྱས་ན་དེའི་གཟུགས་འཛིན་པར་འགྱུར་རོ། །འདོད་ན་རྨ་བྱ་དང་ཞེས་བྱ་བ་ནི་མཁའ་སྤྱོད་

ཐུགས་ཀྱི་དངོས་གྲུབ་སྒྲུབ་པའི་ཚེ་རྨ་བྱ་དང་ཁྱིམ་བྱ་ལ་སོགས་པའི་གཟུགས་སུ་བསྒོམས་ན་དེའི་གཟུགས་འཛིན་པར་འགྱུར་རོ། །གང་འདོད་པའི་གཟུགས་སུ་བྱེད་དོ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བསྒོམས་ན་དེའི་གཟུགས་སུ་འགྱུར་

རོ། །ཚིག་འཕྲོག་པ་དང་ཞེས་བྱ་བ་ནི་མི་རུས་ལས་བྱས་པའི་སོར་བརྒྱད་པའི་ཕུར་བུ་ལ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བནྡྷ་བནྡྷ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་འབུམ་བཟླས་ཏེ། ཙནྡན་དམར་པོའི་རྒྱུ་ལས་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་དུར་ཁྲོད་ཀྱི་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བས་

འཁྲུལ་འཁོར་བྲི་བར་བྱ་སྟེ། འཁྲུལ་འཁོར་ནི་སྒོ་བཞི་སྒོ་ཁྱུད་དང་ལྡན་པའི་དབུས་སུ་འདབ་མ་བརྒྱད་དང་བཅུ་དྲུག་རིམ་པ་གཉིས་སུ་བཀོད་ལ་ལྟེ་བར་བསྒྲུབ་བྱའི་མིང་དང་སྤེལ་བའི་ཡབ་ཡུམ་གྱི་སྙིང་པོ་ཧཱུཾ་ཧྲི་དགོད་པར་བྱའོ། །ནང་མའི་འདབ་མ་བརྒྱད་ལ་ཕྱོགས་བཞིར་ཨོཾ་ཧེ་ཧེ་

རུ་བཞི་དང་བུམ་པ་བཞི་དགོད་པར་བྱའོ། །ཕྱི་རོལ་གྱི་བཅུ་དྲུག་ལ་རུ་ཀཾ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་བཀོད་ལ། བསྒྲུབ་བྱའི་སྙིང་གར་བཅུག་ནས་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ལ་དགུག་པ་ལ་སོགས་པ་བྱས་ན་སྔར་བཤད་པའི་ཕུར་བུ་ལྐོག་མར་བཏབ་ན་ཚིག་

เล่ม ๑๗ · หน้า 385a

འཕྲོག་པ་དང་། མིག་ཏུ་བཏབ་ན་མཐོང་བ་འཕྲོག་པ་དང་། རྣ་བར་བཏབ་ན་ཐོས་པ་འཕྲོག་པ་དང་། སྣ་ལ་བཏབ་ན་དྲི་འཕྲོག་པ་དང་། ལྕེ་ལ་བཏབ་ན་རོ་འཕྲོག་པར་བྱེད་དོ། །གང་འདོད་པ་དེར་ཁྲག་འདྲེན་པ་ཞེས་བྱ་བ་ནི་ཙནྡན་དམར་པོའི་རྒྱུ་ལས་བྱས་པའི་

བསྒྲུབ་བྱའི་ལྟེ་བར་འཁྲུལ་འཁོར་བཅུག་ལ་བུད་མེད་ཡིན་ན་བྷ་ག་ནས་སྐུད་པ་འདོན་པའོ། །སྐྱེས་པ་ཡིན་ན་སྣ་བུག་ནས་སྐུད་པ་བཏོན་ནས་སྐུད་པ་འཐོན་ཞིང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྒོམས་ཏེ་སྙིང་པོའི་སྔགས་ཀྱིས་བཟླས་པར་བྱའོ། །དེ་ནས་ཚ་བ་གསུམ་

དང་སྤྲ་ཚིལ་གྱིས་བྱུགས་ལ་སེང་ལྡེང་གི་མེ་མདག་ལ་བདུགས་ན་ངེས་པར་ཁྲག་འདྲེན་པར་འགྱུར་རོ། །གནོད་པར་བྱེད་ཅེས་བྱ་བ་ནི་སྔ་མ་བཞིན་དུ་སྙིང་པོའི་འཁྲུལ་འཁོར་བྲིས་ལ་བསྒྲུབ་བྱའི་རྐང་རྗེས་དང་ཙནྡན་དམར་པོའི་རྒྱུ་ལས་དུར་ཁྲོད་ཀྱི་ཟས་ཀྱི་ལྷག་མ་དང་གཅིག་ཏུ་བྱས་པའི་

ལིངྒའི་སྙིང་གར་འཁྲུལ་འཁོར་བཅུག་ལ་སྦྱིན་སྲེག་བྱས་ན་ཡང་ཁྲག་འདྲེན་པར་བྱེད་དོ། །གནོད་པར་ཡང་བྱེད་དོ། །ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་སྙིང་པོ་དང་སྔགས་ཀྱི་དངོས་གྲུབ་དང་ལས་བཤད་ནས། ད་ནི་དངོས་གྲུབ་ཀྱི་ཡན་ལག་གི་

རྫས་བཤད་པར་བྱ་སྟེ། །དེ་ནས་གཞན་ཡང་སྒྲུབ་པ་པོ། །གང་ཞིག་བསྟེན་པ་ཙམ་གྱིས་ནི། །ཞེས་བྱ་བ་ནི་དངོས་གྲུབ་སྒྲུབ་པའི་ཁ་ཟས་བཤད་པ་ཡིན་ཏེ། གང་ཞིག་བསྟེན་པ་ཙམ་གྱིས་དངོས་གྲུབ་འཇུག་ཅིང་དངོས་གྲུབ་ཐོབ་པ་ནི་སྐྱེ་བ་བདུན་པའི་འགྲོ་བ་ཤ་ལ་སོགས་པ་ཡིན་

པས་དེའི་ཐབས་བཤད་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་སྐྱེས་བུ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་དྲི་ཞིམ་པོ་ནི་སྐྱེ་བ་དང་པོའི་རྟགས་སོ། །བདེན་པར་སྨྲ་བ་གཉིས་པའི་རྟགས་སོ། །མིག་མི་འཛུམས་པ་གསུམ་པའོ། །ཁྲོ་བ་མེད་པ་བཞི་པའོ། །ཁའི་

དབུགས་དྲི་ཞིམ་པ་ནི་ལྔ་པའོ། །ངེས་བརྗོད་ལས་གསུངས་པའི་གྲིབ་མ་བདུན་ནི་དྲུག་པའོ། །བདུན་པ་ངང་པའི་འགྲོས་ཅན་རྣམས་ཏེ་སྐྱེ་བ་བདུན་པའི་རྟགས་དེ་རྣམས་ཤེས་ནས་དེ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་བསྟེན་པ་དང་། འཆི་བའི་དུས་ཀྱི་ཚེ། ཁྱེད་ཀྱི་དངོས་གྲུབ་བདག་

เล่ม ๑๗ · หน้า 385b

ལ་སྩོལ་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ཁ་ན་མ་ཐོ་བ་མེད་པར་ཤི་བ་དང་། དེའི་སྙིང་ག་ན་གི་ཝང་ཡོད་པ་བླངས་ལ་དཔལ་ཧེ་རུ་ཀའི་སྙིང་པོའམ་ཉེ་བའི་སྙིང་པོ་ལ་སོགས་པ་གང་ཡང་རུང་བ་བརྒྱ་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་ནམ་མཁའ་ལ་ལྡིང་བར་འགྱུར་

ཞིང་དཔག་ཚད་བྱེ་བར་འགྲོ་བར་འགྱུར་རོ། །སྙིང་གར་ཐིག་ལེ་བྱས་ན་གཞན་གྱི་སེམས་ཤེས་པ་དང་། མིག་ཏུ་ཐིག་ལེ་བྱས་ན་ལྷའི་མིག་ཐོབ་པ་དང་། རྣ་བར་ཐིག་ལེ་བྱས་ན་ལྷའི་རྣ་བ་འབྱུང་བ་དང་། རྐང་པར་ཐིག་ལེ་བྱས་ན་རྐང་མགྱོགས་ཀྱི་དངོས་གྲུབ་འབྱུང་བ་ལ་སོགས་

པ་ནི་རྒྱུད་བླ་མ་ལས་བལྟ་བར་བྱའོ། །དེ་ལྟར་བསྟེན་པ་ཙམ་གྱིས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་ཡེ་ཤེས་དང་ལྡན་པའི་སངས་རྒྱས་སུ་འགྱུར་རོ། །དཔག་ཚད་ཅེས་བྱ་བ་ནི་སྐྱེ་བ་བདུན་པའི་ཤ་ཟོས་ན་དཔག་ཚད་ལྔ་བཅུར་འགྲོ་བ་དང་འོང་བར་ནུས་པར་འགྱུར་རོ། །དེ་ནི་འཇིག་

རྟེན་གྱི་དངོས་གྲུབ་བོ། །དེའི་སྙིང་ཟོས་ན་བསམ་གཏན་དང་གཟུགས་མེད་ཀྱི་ལུས་ཐོབ་པར་འགྱུར་བ་ཐུན་མོང་གི་དངོས་གྲུབ་བོ། །དཔལ་ཧེ་རུ་ཀའི་སྙིང་པོ་དང་ཉེ་བའི་སྙིང་པོ་གང་གིས་ཤེས་པའི་ཕྱིས་འཆད་པར་འགྱུར་བ་ལས་བཅུ་གཉིས་པོ་གང་དང་གང་འདོད་པ་དེ་དང་དེ་

ཐམས་ཅད་ཐོབ་པར་འགྱུར་རོ། །སྤྱོད་པ་དང་བྱ་བ་དང་གཉི་ག་དང་རྣལ་འབྱོར་གྱི་རྒྱུད་ལ་ནི་སྨྱུང་བར་གནས་པས་དངོས་གྲུབ་ཐོབ་པ་ཡིན་ལ། འདིར་ནི་སྨན་བཅུད་ཀྱིས་ལེན་ནམ་བདུད་རྩི་ལྔའམ། སྐྱེ་བ་བདུན་པའི་ཤ་ཟོས་ནས་དངོས་གྲུབ་བསྒྲུབ་པར་བྱའོ། །ཅི་སྐྱེ་བ་བདུན་པའི་ཤ་འབའ་

ཞིག་ཟོས་པས་ཐོབ་བམ་ཞི་ན། སྐྱེ་བ་བདུན་པའི་ཤ་དང་ཐོད་པ་སྲུབས་མེད་དང་། ཡིད་བཞིན་ནོར་བུ་བསམ་འཕེལ་དང་། སྨན་བཅུད་ཀྱིས་ལེན་དང་། ལས་ཀྱི་ཕྱག་རྒྱ་དུང་ཅན་མ་དང་། པདྨ་ཅན་དང་། རི་དགས་ཀྱིས་ཀྱང་བསམ་གཏན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ལེའུ་

བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དངོས་གྲུབ་ཀྱི་རྫས་བཤད་ནས། ད་ནི་ཉེ་བའི་སྙིང་པོ་བཤད་པར་བྱ་སྟེ། དེ་ནས་ཉེ་བའི་སྙིང་པོ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཉེ་བའི་སྙིང་པོ་ནི་ཆོས་ཀྱི་སྐུ་དང་ཉེ་བའི་སྙིང་པོའོ། །དངོས་གྲུབ་ཐམས་

เล่ม ๑๗ · หน้า 386a

ཅད་ཐོབ་བྱེད་ཅིང་། །ཞེས་བྱ་བ་ནི་དངོས་གྲུབ་གསུམ་ངེས་པར་ཐོབ་པར་བྱེད་དོ། །འཇིག་རྟེན་གསུམ་ན་གང་ཅུང་ཟད། །ཅེས་བྱ་བ་ནི་ཁམས་གསུམ་གྱི་ཡོན་ཏན་ཐམས་ཅད་དོ། །དེ་ཀུན་སྐད་ཅིག་གིས་སྒྲུབ་བཤད། །ཅེས་བྱ་བ་ནི་མནྟྲ་དང་ཡནྟྲ་ཏནྟྲ་གསུམ་དང་

ལྡན་པས་དངོས་གྲུབ་ཡིན་ནོ། །ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་བཟླས་པ་དང་། འཁྲུལ་འཁོར་སྟོན་པ་ཡིན་ཏེ། བཟླས་པ་ནི་ཞལ་བཞི་ཕྱག་བཅུ་གཉིས་པ་བསྒོམས་ནས་བཟླས་པར་བྱ་བའམ། ཡི་གེ་བདུན་པའི་རང་ཉིད་ལྷ་བསྒོམས་ནས་ཟློ་བའོ། །འཁྲུལ་འཁོར་ནི་དུར་ཁྲོད་ཀྱི་རས་

ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་འདབ་མ་དྲུག་པ་བྲིས་ལ། དབུས་སུ་ཧཱུཾ་ལྷག་མ་འདབ་མ་དྲུག་ལ་བཀོད་དེ་མཐའ་ནས་རྡོ་རྗེའི་ཕྲེང་བས་བསྐོར། དུར་ཁྲོད་ཀྱི་སེན་རྩི་དང་གི་ཝང་དང་རང་གི་ཁུ་བ་དང་བཅས་པས་བྲི་བར་བྱའོ། །བྲིས་ནས་གསང་སྔགས་བཅུ་པ་བཟླས་པས་

འཇིག་རྟེན་གསུམ་གྱི་ས་གཡོ་བར་བྱེད་པའི་རྟགས་འབྱུང་བར་འགྱུར་རོ། །དེ་ལྟར་མཚན་མ་བྱུང་ནས་ལས་ལ་སྦྱར་བའི་ཚེ་ཙནྡན་དམར་པོའི་རྡུལ་དང་སྐེ་ཚེ་དང་ཆུ་བོ་ཕར་འགྲམ་ཚུར་འགྲམ་གྱི་ས་བླངས་ལ་ལྷ་ལ་སོགས་པའི་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་འཁྲུལ་

འཁོར་བཅུག་ལ་སྔགས་བཟླས་ན་ལྷ་ནས་བརྩམས་ནས་མིའམ་ཅིའི་བར་དུ་ཐམས་ཅད་འགུགས་པར་བྱེད་དོ། །རྒྱ་མཚོ་དང་ཆུ་བོ་དང་རྫིང་ལ་སོགས་པ་སྐེམས་ཤིང་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་དུ་ཀླུ་བརྒྱད་ཀྱི་དབུས་སུ་ནམ་མཁའ་ལྡིང་གི་གདོང་ཅན་གྱི་ཧེ་རུ་ཀ་བསྒོམས་

ནས་བ་སྤུའི་བུ་ག་ཐམས་ཅད་དུ་ཡི་གེ་བདུན་པའི་འཁྲུལ་འཁོར་རྩི་བས་དྲུག་ལ་བཀོད་ལ། བསྐལ་པའི་མེ་འབར་བ་ལྟ་བུའི་འོད་ཟེར་གྱི་ཕུང་པོ་དང་ལྡན་པ་བསྒོམས་ནས་རྒྱ་མཚོ་དང་ཆུ་བོར་ཞུགས་ནས་སྐེམས་པར་བྱའོ། །གང་དུ་བཟླས་པའི་གནས་དེར་ཞེས་བྱ་བ་ནི་གནས་

གང་དུ་ཡི་གེ་བདུན་པའི་འཁྲུལ་འཁོར་བསྒོམས་པ་དེར་མཁའ་འགྲོ་མའི་གཟུགས་བྱས་ལ་མཁའ་འགྲོ་མ་དགུག་པ་ལ་སོགས་པ་བྱས་ནས་དེའི་མིག་ཏུ་ལག་པ་གཡོན་པའི་སྲིན་ལག་བཙུགས་པ་འགུགས་ན་གང་གཡོ་བ་དང་། འགུལ་བར་འགྱུར་བ་དང་། བཀའ་

เล่ม ๑๗ · หน้า 386b

བསྒོ་ན་སྒྲུབ་པ་པོའི་མངག་གཞུག་བྱེད་པར་འགྱུར་རོ། །འདི་ཆུ་ལ་ཡོངས་སུ་བཟླས་ཏེ་ཞེས་བྱ་བ་ནི་བུམ་པའི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་སྔགས་བཟླས་ལ་མཆོད་པ་བྱས་ནས་ཆུར་ཞུ་བར་གྱུར་པ་ལས་རང་གི་མིག་བཀྲུས་ན་སྐྱེ་བ་བདུན་ཤེས་པར་འགྱུར་རོ། །

ཚེ་ཟད་ཅིང་ཞེས་པ་ནི་དུས་ཇི་ཙམ་ན་འཆི་བ་དང་། སྲོག་དང་བཅས་པ་སྣང་བར་ཡང་འགྱུར་རོ། །ལག་པ་གཡོན་པའི་སྲིན་ལག་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ནས་ཨཉྫ་ནའི་ཕྱེ་མ་དང་། དུར་ཁྲོད་ཀྱི་རས་ཀྱི་སྡོང་བུ་ཟད་པ་བདུད་རྩི་ལྔ་དང་བསྲེས་པའི་མིག་ལ་

མངོན་པར་བསྔགས་ཏེ་གང་ལ་བལྟས་པ་དེ་མཐོང་བར་འགྱུར་རོ། །མིའི་རོ་ཞེས་བྱ་བ་ནི་མིའི་རོའི་རྐང་མཐིལ་གྱི་པགས་པ་དང་། མིའི་ཁྲག་དང་མཉམ་དུ་བཏགས་ལ་འུག་པའི་སྒྲོ་རྐང་གི་ནང་དུ་ལིག་བུ་མིག་དང་ལྡོང་རོས་དང་གི་ཝང་དང་གུར་གུམ་དང་རང་གི་ཁྲག་དང་བསྲེས་ཏེ་རི་ལུར་བྱས་ལ་

གསེར་དང་དངུལ་དང་ཟངས་མ་གསུམ་གྱིས་དཀྲིས་ཏེ། ཡང་ལྷག་པར་གནས་པར་བྱས་ལ་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཡི་གེ་བདུན་པ་སྟོང་རྩ་བརྒྱད་བཟླས་ལ་སྐར་མ་རྒྱལ་དང་གཟའ་ཕུར་བུའི་དུས་སུ་དུར་ཁྲོད་ཀྱི་གནས་སུ་དཔལ་ཧེ་རུ་ཀའི་གཟུགས་བརྙན་བྲིས་ལ།

དེའི་གནས་སུ་གུ་གུལ་གྱི་དུད་པས་བདུག་ཅིང་མཆོད་པ་ཕུལ་ནས་རང་དཔལ་ཧེ་རུ་ཀར་བསྒོམས་པའི་གནས་སུ་བཅུག་ལ་ལག་པ་གཡོན་པས་ཁ་བཀབ་ལ་རྗེས་ཐོགས་ལ་ཡང་ཡི་གེ་བདུན་པ་བརྒྱ་རྩ་བརྒྱད་བཟླས་ན་དེའི་མདོ་ལས་སྤྱོད་པ་རྣམས་ལ་མི་སྣང་བར་འགྱུར་ཞིང་། ས་འོག་ལ་སྤྱོད་པ་རྣམས་ལ་གྲིབ་

མ་ཡང་མི་སྣང་བར་འགྱུར་ཞིང་། མཁའ་སྤྱོད་ཀྱི་ལྷ་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་རོ། །ཁ་ནས་བཏོན་ན་སྣང་བར་འགྱུར་རོ། །རི་ལུ་འདི་ནི་རྒྱུད་འདིར་ཡུམ་ཕག་མོས་མ་ཞུས་པར་དཔའ་བོ་ཉིད་ཀྱིས་ཐུགས་རྗེའི་དབང་གིས་གསུངས་པ་ཡིན་ནོ། །དགྲ་བོའི་ཐོད་པ་ཤ་མེད་པར་བྱས་

ལ་དགྲ་བོའི་གཟུགས་བརྙན་བྲིས་ཏེ་དེའི་སྙིང་གར་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་བཟླས་ཏེ་རང་གི་སྲིན་ལག་གི་ཁྲག་དང་མཉེས་ན་དེའི་ཁྲག་འདྲེན་པར་འགྱུར་རོ། །གི་ཝང་ལ་བཟླས་ཏེ་ཞེས་བྱ་བ་ནི་གི་ཝང་ལ་ཡི་གེ་བདུན་པ་བཟླས་ནས་དཔྲལ་བར་ཐིག་ལེ་

เล่ม ๑๗ · หน้า 387a

བྱས་ཏེ་མིག་གཉིས་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་གང་ལ་བལྟ་བ་དེ་རྒྱས་བཏབ་སྟེ་འགུགས་པར་འགྱུར་རོ། །མཛུབ་མོ་ལ་ཞེས་བྱ་བ་ནི་ལག་པ་གཡོན་པར་ཉི་མའི་དཀྱིལ་འཁོར་བཀོད་ལ། དེའི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་བསམས་

ཏེ། ལག་པའི་སོར་མོ་རྣམས་འོད་ཟེར་དུ་བྱས་ལ་གང་ལ་སྡིགས་མཛུབ་བྱས་ན་དེའི་མོད་ལ་ལྟུང་བར་འགྱུར་རོ། །སྔགས་བཟླས་ན་ཞེས་བྱ་བ་ནི་ཉི་མ་ཕྱེད་ན་སེམས་ཁྲོས་པ་དང་བཅས་པས་དུར་ཁྲོད་ཀྱི་རས་སམ་ཤིང་ཨརྐའི་འདབ་མ་ལ་མི་རུས་ཀྱི་སྨྱུ་གུས་དུག་དང་ཁྲག་དང་དུར་ཁྲོད་ཀྱི་སོལ་བ་ལ་

སོགས་པས་འཁྲུལ་འཁོར་བྲིས་ལ། དུར་ཁྲོད་ཀྱི་ཐལ་བ་ལས་བྱས་པའི་དགྲ་བོའི་གཟུགས་བརྙན་གྱི་སྙིང་གར་སྐེ་ཚེ་བྱུགས་ལ་ཡང་དང་ཡང་དུ་གསོ་བར་བྱས་ན་ལུས་ཚ་བས་བཏབ་སྟེ་ས་ལ་བརྒྱལ་བར་འགྱུར་རོ། །དེ་དུར་ཁྲོད་ཀྱི་ཐབ་ཀྱི་འོག་ཏུ་སྦས་ནས་མི་རུས་ཀྱི་ཕུར་བུས་སྙིང་གར་བཏབ་

ནས་སྙིང་གར་ཆུ་ཚན་བླུགས་ཤིང་ཡུངས་ཀར་དང་སྐེ་ཚེ་ལ་སྔགས་བཟླས་ཤིང་བསྣུན་ན་དེའི་མོད་ལ་འཆི་བར་འགྱུར་རོ། །ཆུ་ལ་བཟླས་ཏེ་བཏབ་ན་སླར་འཚོ་བར་འགྱུར་རོ། །སྔགས་བཟླས་ནས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་ཡུང་བ་དང་ལྡོང་རོས་ཀྱིས་འཁྲུལ་འཁོར་བྲིས་ལ་ཙནྡན་དམར་

པོའི་རྡུལ་དང་སྐེ་ཚེ་དང་ལན་ཚྭ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་ལྕགས་ཕྱེ་དང་བསྲེས་ནས་དགྲ་བོའི་གཟུགས་བརྙན་བྱས་ལ་ལམ་གྱི་བཞི་མདོར་སྦས་ན་དགྲ་བོའི་དཔུང་ཡང་གནོན་པར་འགྱུར་རོ། །ཚིག་གིས་འགྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་བཏོན་ལ་འོ་མས་བཀུས་ན་གྲོལ་བར་འགྱུར་རོ། །

སྨེ་ཤ་ཅན་གྱི་ཐལ་བ་ལས། །ཞེས་པ་ནི་སྨེ་ཤ་ཅན་གྱི་རོ་བསྲེགས་པའི་ཐལ་བ་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། གང་གི་མིང་དང་བཅས་པའི་འཁྲུལ་འཁོར་སྙིང་གར་བཅུག་ནས་སེམས་ཅན་དེ་བ་ལང་དང་ཁྱི་ལ་སོགས་པར་གྱུར་ཅིག་ཅེས་བསམས་ནས་ཐལ་བས་བྱུགས་ན་དེ་དང་དེའི་

གཟུགས་འཛིན་པར་འགྱུར་རོ། །སྦྱིན་སྲེག་མེ་ཡི་ཐལ་བ་ལས། །ཞེས་པ་ནི་ཤིང་ཨརྐ་བསྲེས་པའི་ཐལ་བ་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་འཁྲུལ་འཁོར་བཅུག་ནས་བཟླས་བརྗོད་བྱས་ན་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ་། །གུ་གུལ་ཆུ་ལ་ལན་བདུན་བཟླས་ཏེ་གཏོར་ན་སྣང་བར་འགྱུར་རོ། །ཐོད་

เล่ม ๑๗ · หน้า 387b

པའི་ཕྱག་རྒྱ་ཁ་སྦྱར་ཞེས་བྱ་བ་ཁྱི་སྨྱོན་པའི་ཐོད་པ་ཁ་སྦྱར་བའི་ནང་དུ་སྨྱོ་བྱེད་ལྔ་དང་ལྡན་པའི་ཁུ་བས་འཁྲུལ་འཁོར་བྲིས་ལ་ཚོན་སྣ་ལྔའི་སྐུད་པས་བཅིངས་ལ་དུར་ཁྲོད་ཀྱི་སར་སྦས་ན་སྨྱོ་བར་འགྱུར་ཏེ། །སྐྱེ་བོ་སྟོང་ལ་བྱས་ཀྱང་སྨྱོ་བར་འགྱུར་རོ། །ཁང་སྟོང་དུ་གནས་ཏེ་མིའི་ཐོད་པར་བསྐྱེད་

པའི་ཡུངས་ཀར་ཁར་བཅུག་ཅིང་གཙུག་ཕུད་ལ་བཅིངས་ཏེ་མདུན་ནས་སྔགས་བཟླས་ན་མཁའ་འགྲོ་མ་ཐམས་ཅད་བཅིང་བར་འགྱུར་རོ། །ཁང་སྟོང་དུ་སོང་སྟེ་ཐོད་པར་བསྐྱེད་པའི་ཡུངས་ཀར་སྤྱི་བོར་བཅིངས་ལ་མིག་ཏུ་བཀོད་དེ་ཡི་གེ་བདུན་པ་བཟླས་པ་དེའི་སྲད་བུ་མི་སྣང་བར་འགྱུར་རོ། །

ཐོད་པ་དང་བཅས་པ་ལ་ཞེས་བྱ་བ་ནི་ཐོད་པའི་དབུས་སུ་འཁྲུལ་འཁོར་བྲིས་ལ་སྔར་བཤད་པའི་ཡུངས་ཀར་སྟེང་དང་འོག་དང་ཕྱོགས་བཅུར་གཏོར་ན་ལྷ་དག་དྲི་ཟ་དང་མཁའ་སྤྱོད་དང་། གནོད་སྦྱིན་དང་། སྲིན་པོ་དང་། ས་སྤྱོད་དང་ཀླུ་དང་ལྷ་མ་ཡིན་ས་འོག་ཏུ་སྤྱོད་པ་རྣམས་བཅིང་བར་འགྱུར་རོ། །

ཐོད་པ་དང་བཅས་པ་ལ་ཞེས་བྱ་བ་ནི་ཐོད་པའི་ནང་དུ་འཁྲུལ་འཁོར་བྲིས་ལ་ཆུ་བོའི་སྣ་ཟུག་པར་བཅུག་ན་བཟློག་པར་འགྱུར་ཞིང་བཏོན་ན་འབབ་པར་འགྱུར་རོ། །དབའ་རླབས་གནོན་ཞེས་བྱ་བ་ནི་རྒྱ་མཚོར་གྲུ་ལ་འགྲོ་བ་དེའི་ཚེ་ཐོད་པ་ལ་འཁྲུལ་འཁོར་བྲིས་ཏེ་ཁ་སྦྱར་ན་དབའ་རླབས་

གནོན་པར་འགྱུར་རོ། །ཁ་ཕྱེ་ན་ཁ་ཕྱིར་ལྡོག་པར་འགྱུར་རོ། །སྟེང་དུ་བལྟས་ཏེ་ཞེས་བྱ་བ་ནི་ནམ་མཁའ་ལ་འཁྲུལ་འཁོར་བསམས་ཏེ་སྔགས་སྟོང་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ། །གཞན་གྱི་དཔུང་མངོན་དུ་ཕྱོགས་པ་ན་ཞེས་བྱ་བ་ནི་ལག་པ་གཡོན་པའི་མཐིལ་དུ་ལྡོང་

རོས་སམ་ཡུང་བས་འཁྲུལ་འཁོར་བྲིས་ཏེ་ཁུ་ཚུར་བཅངས་ནས་གཡུལ་འགྱེད་པའི་ཕྱོགས་སུ་བསྟན་ན་རེངས་པར་འགྱུར་བ་དང་། གཡུལ་དུ་ཞུགས་ན་མཚོན་ཆ་བརྒྱས་བསྣུན་ཀྱང་གནོད་པའི་ཚོར་བ་མི་འབྱུང་ངོ་། །མཚོན་གྱིས་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་

འགྲོ་ལས་ལག་པས་འཕེན་པའི་མཚོན་ཆ་འཁོར་ལོ་དང་། མི་འཕེན་པའི་རལ་གྲི་དང་འཁྲུལ་འཁོར་གྱིས་འཕེན་པ་མདའ་དང་། འཕངས་ནས་གཟུང་བ་ཞགས་པ་དང་། སྟོབས་འགྱེད་པ་རྣམས་ལ་སྨན་ལེགས་མཐོང་གིས་བསྐུས་ན་འཁོར་ལོས་མི་ཚུགས་པ་དང་། སྨན་

เล่ม ๑๗ · หน้า 388a

ས་ཏས་ལུས་ལ་བསྐུས་ན་མདས་མི་ཚུགས་པ་དང་། དཎྜ་ཨུཏྤ་ལས་ལུས་ལ་བསྐུས་ན་ཞགས་པས་མི་ཟིན་པ་དང་། གཞན་གྱིས་མི་ཐུབ་པ་དཀར་པོས་ལུས་ལ་བསྐུས་ན་ལག་སྟོབས་ཀྱིས་མི་ཐུབ་པ་དང་། སྨྱོ་བྱེད་ཀྱིས་ལུས་ལ་བསྐུས་ན་རལ་གྲི་

ལ་སོགས་པས་མི་ཚུགས་པར་འགྱུར་རོ། །སྨན་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། བྲམ་ཟེའི་ཐོད་པར་རོ་བསྲེགས་པའི་སས་བཀང་བ་ལ་སྨན་དེ་རྣམས་ཀྱི་ས་བོན་བདུད་རྩི་ལྔ་དང་། སྨེ་ཤ་ཅན་གྱི་བུ་མོའི་ཁྲག་གིས་བྱུགས་ན་ཉི་ཤུ་བརྒྱད་དང་། ཉི་ཤུ་དགུའི་དུས་སུ་ས་

བོན་བཏབ་ན་མཱ་མ་ཀཱིའི་སྔགས་ཀྱིས་ཆུ་བླུགས་ལ། སྒྲོལ་མའི་སྔགས་ཀྱིས་གཏོར་མ་ལ་སོགས་པ་བྱིན་ལ་སྐར་མ་རྒྱལ་དང་གཟའ་ཉི་མ་ལ་སྨིན་པའི་འབྲས་བུ་ས་ལ་མ་ལྷུང་བར་བླངས་ཏེ། སྨན་གྱི་ཐུམ་བུ་དེ་མགུལ་དུ་བཏགས་པའམ་མགོ་ལ་བཅིངས་པའམ་ལྟོ་

སྨན་གྱི་ཁུ་བས་ལུས་ལ་བསྐུས་ན་མཚོན་གྱིས་ཚུགས་པར་མི་འགྱུར་རོ། །བིནྡྷ་རཱ་ག་ཞེས་བྱ་བའི་སྨན་དང་། ཨ་ཤོ་ཀ་ཞེས་བྱ་བའི་སྨན་དང་། པེ་ཏ་རོ་ཞེས་བྱ་བའི་སྨན་གསུམ་གྱིས་ཀྱང་མཚོན་ཆས་མི་ཚུགས་པར་འགྱུར་རོ། །གཞན་ཡང་ནག་པོ་ཆེན་པོ་ཞེས་བྱ་

བའི་སྨན་དང་ཁྱུ་མཆོག་གི་རྭ་ལ་ཆགས་པ་ཞེས་བྱ་བ་དང་བསྲེས་ནས་ལུས་ལ་བསྐུས་ཀྱང་མཚོན་གྱིས་ཆོད་པར་མི་འགྱུར་རོ། །རྡོ་རྗེའི་ལུས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ནགས་ཀྱི་རས་བལ་བུ་མོ་གཞོན་ནུ་མས་སྐུད་པ་བསྒྲིལ། ཡི་གེ་བདུན་པ་བཟླས་པའི་མདུད་པ་བདུན་

བོར་ཏེ། ལུས་སམ་མགུལ་དུ་བཏགས་ན་མཚོན་ཆས་མི་ཆོད་པར་རྡོ་རྗེའི་ལུས་སུ་འགྱུར་རོ། །ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཉེ་བའི་སྙིང་པོའི་དངོས་གྲུབ་དང་ལས་བཤད་ནས། ད་ནི་གོ་ཆའི་ལས་བཤད་པར་བྱ་བ་ནི། དེ་ནས་གོ་ཆའི་

ལས་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་ཆའི་ལས་ནི་བདག་དང་གཞན་བསྲུང་བའོ། །དེ་ཡང་གོ་ཆའི་ལྷར་སྒོམ་པའམ་ལྷ་གང་ཡང་རུང་བ་ལ་གོ་ཆས་བསྲུངས་པའི་ཏིང་ངེ་འཛིན་ནམ་འཁྲུལ་འཁོར་རམ་སྨན་གྱི་རྒྱུད་དོ། །དེ་ལ་འཁྲུལ་འཁོར་ནི་ཟླ་བའམ་ཉི་

เล่ม ๑๗ · หน้า 388b

མ་གང་ཡང་རུང་བར་དབུས་སུ་པདྨ་འམ་འཁོར་ལོ་རྩིབས་དྲུག་པ་གུར་གུམ་དང་སེན་རྩི་དང་། ཁྲག་དང་གི་ཝང་གིས་གྲོག་ལ་བྲིས་ཏེ་སྐར་མ་རྒྱལ་དང་གཟའ་ཉི་མའི་དུས་སུ་སྐུ་བྲིས་ནས་བཅང་བའམ་སྔར་བསྟན་པ་རྣམས་ཀྱིས་ལུས་ལ་བསྐུ་བའོ། །འཇིག་རྟེན་གསུམ་ན་གང་

ཡོད་པ། །ཞེས་བྱ་བ་ནི་ས་འོག་དང་ས་བླ་དང་། ས་སྟེངས་ན་ཡོད་པའི་ཡོན་ཏན་ནི། ཡིད་ལ་འདོད་པ་ཀུན་བྱེད་པ། །ཞེས་བྱ་བ་ནི་ཕྱིས་འཆད་པར་འགྱུར་བའི་ལས་བཅུ་གཉིས་སོ། །གོ་རིམས་བཞིན་དུ་བཤད་པར་བྱ་བ་ནི་འཁྲུལ་འཁོར་དང་དངོས་གྲུབ་དང་ལས་རྣམས་རྒྱུ་འབྲས་

ཡིན་པས་གོ་རིམས་བཞིན་དུ་རྟོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གོ་ཆ་ཟློས་བཞིན་དུ། །ཞེས་བྱ་བ་ནི་སྔར་བཤད་པའི་འཁོར་ལོ་རྩིབས་དྲུག་པ་དཔའ་བོ་དྲུག་གི་ས་བོན་བཀོད་ལ། དབུས་སུ་འཇམ་པའི་དབྱངས་ཀྱི་ས་བོན་བཀོད་ནས་འཁྲུལ་འཁོར་གྱི་མཐའ་མ་ལ་མདུད་ནས་ལམ་

དུ་ཞུགས་ན་སེང་གེ་དང་གླང་པོ་དང་། སྦྲུལ་དང་མེ་དང་། རྐུན་མ་དང་ཆུ་བོ་དང་རྒྱལ་པོའི་ཆད་པ་དང་ཡི་དགས་ཀྱི་འཇིགས་པ་ལ་སོགས་པ་མི་འབྱུང་ཞིང་མི་སྣང་བར་འགྱུར་རོ། །གོ་ཆ་ཟློས་བཞིན་དུ་རྒྱལ་པོའི་ཕོ་བྲང་དུ་ཞེས་པ་ནི་སྔ་མའི་འཁྲུལ་འཁོར་སྙིང་གར་དང་ལག་པ་གཡོན་

པར་བྲིས་ལ་སྡིགས་མཛུབ་བྱས་ནས་སླས་ཀྱི་ནང་དུ་ཞུགས་ན་གང་འདོད་པ་དེར་བྱུང་ནས་འགྲོ་བར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་མི་མཐོང་ཞེས་པ་ནི་ནྱ་གྲོ་དྷའི་འབྲས་བུ་གོ་བོས་ཟོས་པའི་བྱ་ཐལ་བླངས་ལ་མིའི་ཐོད་པར་རོ་བསྲེགས་པའི་སས་བཀབ་སྟེ་སྐར་མ་རྒྱལ་གྱི་ཞག་ལ་སྤྱན་གྱི་སྔགས་བཟླས་ཤིང་ས་བོན་བཙུགས་ལ་མཱ་

མ་ཀཱིའི་སྔགས་བཟླས་ཤིང་བདུད་རྩི་ལྔས་བཅུས་ལ་འདབ་མ་གཉིས་ཙམ་ཐོན་པའི་ཚེ་གོས་དཀར་མོའི་སྔགས་ཀྱིས་བསྲུང་ཞིང་སྒྲོལ་མའི་སྔགས་ཀྱིས་བླངས་ལ་ལྕགས་གསུམ་གྱིས་དཀྲིས་ནས་མཆོད་པ་ཆེན་པོ་བྱས་ཏེ་གོ་ཆའི་སྔགས་བཟླས་ནས་ཁར་བཅུག་ན་ལྷ་རྣམས་ཀྱིས་ཀྱང་མི་མཐོང་བར་

འགྱུར་རོ། །གོ་ཆའི་སྔགས་ཟློས་པའི་ལག་པས་ཞེས་པ་ནི་དུར་ཁྲོད་ཀྱི་རས་ལ་སྨན་བིར་ཙི་ཏི་ཀའི་ཁུ་བས་བླངས་ལ་ལྡོང་རོས་དང་ཡུང་བའི་ཁུ་བས་ཨ་ཤོ་ཀའི་སྨྱུ་གུས་གོ་ཆའི་འཁྲུལ་འཁོར་བྲིས་ནས་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་ལ་

เล่ม ๑๗ · หน้า 389a

འཁོར་ལོ་སྙིང་གར་བཅུག་ལ་མེ་ཏོག་སེར་པོས་གཏོར་ཞིང་ལག་པ་གཡོན་པས་མནན་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གང་ཞིག་མིང་ནས་བཟུང་བ་དེའི་སྙིང་གར་ལག་པས་རེག་ན་མདུང་བཞིན་དུ་རེངས་པར་འགྱུར་ཞིང་སུམ་ཅུ་རྩ་གསུམ་པས་ཀྱང་བསྐྱོད་པར་

མི་ནུས་སོ། །སྔགས་བཟླས་ཤིང་རྐང་པས་བསྣུན་ན་ཐར་བར་འགྱུར་རོ་ཞེས་བྱ་བ་ནི། འོ་མས་བསྐུས་ཤིང་རྐང་པའི་མཐིལ་དུ་འཁྲུལ་འཁོར་ཀྱི་སྔགས་བཟླས་ཏེ་བཀོད་ན་དེ་རེག་ནས་ཐར་བར་འགྱུར་རོ། །རང་གི་ཁྲག་གིས་ཞེས་བྱ་བ་ནི་རང་གི་སྲིན་ལག་གི་ཁྲག་གིས་མི་

རུས་ཀྱི་སྨྱུ་གུ་དང་ཐོད་པ་ཤ་མེད་པར་བཏོགས་ལ་གཟུགས་བརྙན་བྲིས་པའི་སྙིང་གར་འཁྲུལ་འཁོར་བཀང་ནས་ཁྲག་གིས་མཉེས་ན་ཁྲག་འདོན་པར་བྱེད་དོ། །གང་གི་ཁྱིམ་དུ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་གནས་སུ་དགྲ་བོའི་ཁང་པ་དང་མཐུན་པར་བྲིས་ལ་དགྲ་བོ་འཁོར་དང་བཅས་པ་

ཐམས་ཅད་ཀྱི་གཟུགས་བརྙན་འཁོར་དང་བཅས་པ་ཁང་པའི་ནང་དུ་བྲིས་ནས་ཐམས་ཅད་ཀྱི་སྙིང་གར་འཁྲུལ་འཁོར་བཀོད་དེ་རང་ཉིད་དཔལ་ཧེ་རུ་ཀར་བསམས་ལ་གོ་ཆའི་སྔགས་ཟློས་ཤིང་སྟང་སྟབས་སྟོང་གིས་དགྲ་བོའི་གཟུགས་བརྙན་ཐམས་ཅད་མཉེས་ན་ཐམས་ཅད་རིམས་ཀྱིས་བཏབ་པར་

འགྱུར་རོ། །ཆུ་ལ་ལན་བདུན་བཟླས་ཏེ་ཞེས་བྱ་བ་ནི་གོ་ཆའི་སྔགས་བཟླས་ཤིང་འོ་མས་བཀྲུས་ན་འཚོ་བར་འགྱུར་རོ། །གང་གི་གདོང་ལ་བལྟས་ཏེ་ཞེས་བྱ་བ་ནི་དགྲ་བོའི་རྐང་རྗེས་ལས་གཟུགས་བརྙན་བྱས་པའི་ཁར་དུར་ཁྲོད་ཀྱི་རས་ལ་དུག་གིས་བྲིས་པའི་འཁྲུལ་འཁོར་བཅུག་

ནས་ཁྲོ་བོའི་ལྟ་བས་བལྟས་ཤིང་དེའི་སྔགས་བཟླས་ན་ཚིག་འཕྲོག་པ་དང་འགུགས་པར་འགྱུར་རོ། །ཆུ་བོ་དང་རྫིང་བུར་གནས་ཏེ་ཞེས་བྱ་བ་ནི་ཆུ་ལྷའི་གཟུགས་བརྙན་བྱས་ལ་དེའི་སྙིང་གར་འཁྲུལ་འཁོར་བཅུག་ནས་ཆུ་ལྷའི་ཅོད་པན་དེ་བཞིན་གཤེགས་པ་ལྔའི་གཟུགས་སུ་

བསམས་ནས་ཆུའི་སྟེང་དུ་ཆགས་ན་ཐང་ལ་ཇི་ལྟ་བ་བཞིན་དུ་ཆུ་ལ་ཡང་འགྲོ་བར་འགྱུར་རོ། །ཆུ་ལ་ཡང་ཞུགས་ན་ཆུ་བོ་གཡོ་བ་མེད་པའི་རྒྱ་མཚོ་བཞིན་དུ་བརྟན་པར་འགྱུར་རོ། །ལག་པ་གཉིས་ཀྱི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་འཁྲུལ་འཁོར་གྱི་དབུས་སུ་བུད་མེད་

เล่ม ๑๗ · หน้า 389b

ཆེ་གེ་མོ་ཝ་ཤཾ་མཱ་ར་ཡ་སྭཱ་ཧཱ་ཞེས་བྱ་བ་བྲིས་ལ་ལག་པ་གཉིས་ཉེད་བཞིན་དུ་ལན་སྟོང་བཟླས་ན་རྣལ་འབྱོར་མ་རྣམས་དབང་དུ་འགྱུར་རོ། །རྣལ་འབྱོར་མ་སྣ་ཚོགས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་མོ་སུམ་ཅུ་རྩ་བདུན་གང་ཡང་རུང་བ་ཝ་ཤཾ་མཱ་ར་ཡ་ཧེ་ཞེས་མིང་དང་སྤེལ་ནས་དབུས་སུ་

བྲིས་ནས་ལག་པ་གཉིས་མཉེས་ན་ཐམས་ཅད་དེའི་དབང་དུ་འགྱུར་རོ། །སྐར་མ་རྒྱལ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་ལས་སྦྲུལ་གྱི་རྒྱལ་པོ་རྙེད་ནས་སྦྲུལ་དཀར་ནག་གི་རི་མོ་མཚོན་རྣོན་པོས་སོ་སོར་ཕྱེ་ནས་བཅད་ལ་རས་བལ་གྱི་ས་བོན་ལ་བསྐུས་ཏེ་རས་བལ་གྱི་ཞིང་སར་

སྐར་མ་རྒྱལ་གྱི་ཉིན་པར་སྤྱན་གྱི་སྔགས་ཀྱིས་བཙུགས་པ་དང་། དེ་བཞིན་དུ་ནག་པོ་ཡང་ཟླ་བ་མར་གྱི་ངོའི་སྐར་མ་རྒྱལ་ལ་སྤྱན་གྱི་སྔགས་ཀྱིས་རས་བལ་གྱི་ས་བོན་བསྐྱེད་པ་དང་མཱ་མ་ཀཱིའི་སྔགས་བཟླས་པའི་དཀར་པོའི་ཞག་དང་ཤ་ཡར་ངོ་ལ་བསྐྱེད་པ་བཅུ་ཞིང་

ནག་པོའི་ཤ་དང་ཁྲག་གིས་མར་ངོ་ལ་བསྐྱེད་པ་བཅུས་ལ། གོས་དཀར་མོའི་སྔགས་ཀྱིས་བསྲུངས་པ་སྨིན་པའི་ཚེ་འབྲས་བུ་གཉིས་བླངས་ལ་དཀར་པོ་ལ་བསྐྱེད་པ་ནི་རྒྱལ་རིགས་ཀྱི་བུ་མོ་དཀར་མོ་འཐག་ཏུ་ཞུགས་པ་དང་། མར་ངོ་ལ་བསྐྱེད་པ་ནི་དམངས་རིགས་ཀྱི་

བུ་མོ་སྔོན་མོས་འཐག་ཏུ་གཞུག་པ་དང་། རས་ཡུག་དྲུབ་པའི་ཚེ་གུ་གུལ་དང་སྦྲུལ་དཀར་ནག་གི་ཤའི་དུད་པས་བདུག་ཅིང་སྟོང་ཕྲག་བཅུ་བཟླས་ནས་སྟོད་གཡོགས་དང་སྨད་གཡོགས་བྱས་ཏེ། དེ་གྱོན་པའི་ལུས་དཔག་ཚད་སྟོང་དུ་སོང་ན་ལམ་ཁར་རྐུན་མས་

མི་སྣང་བར་འགྱུར་བ་དང་། རྒྱ་མཚོའི་མཐར་ཐུག་པར་སོང་ན་འཛམ་བུའི་གླིང་པ་རྣམས་ཀྱིས་མཐོང་བར་མི་འགྱུར་བ་དང་། རིག་འཛིན་གྱི་དངོས་གྲུབ་ཐོབ་ནས་རས་དེ་ལུས་ལ་གྱོན་ན་འོག་མིན་གྱི་མཐར་ཐུག་པར་སྟེང་དུ་འགྲོ་བར་འགྱུར་རོ། །དེ་ལྟར་འཇིག་རྟེན་གྱི་དངོས་གྲུབ་

བཤད་ནས། དངོས་གྲུབ་བསྟན་པས་ཏིང་ངེ་འཛིན་གང་དང་གང་ལྡན་པས་འགྲུབ་པར་འགྱུར་ཞེ་ན། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་བྱ་བ་གསུངས་

เล่ม ๑๗ · หน้า 390a

ཏེ། དབང་ཐོབ་པའི་རྣལ་འབྱོར་གསུམ་གྱི་དབང་དུ་བྱས་ནས་ཏིང་ངེ་འཛིན་གསུམ་དུ་འགྱུར་ཏེ། དེ་ལ་བསྐྱེད་པའི་རིམ་པ་དབང་ཐོབ་ནས་དབང་པོ་དྲུག་སེམས་དཔའ་དྲུག་ཏུ་བསྐྱེད་ནས་གང་དང་གང་གི་ལམ་དུ་གྱུར་པའི་གཟུགས་ལ་སོགས་པ་ནས་དེ་དང་དེའི་

ངོ་བོར་ཏེ་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་ངོ་བོར་བྱའོ། །མཉམ་པར་གཞག་པའི་གནས་སྐབས་ན་ཡང་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་པར་བསྒོམ་པ་ནི་མཆོག་ཏུ་མཉམ་པར་གཞག་པའི་སྦྱོར་བས་འགྱུར་ཏེ། དངོས་རྗེས་རོ་མཉམ་པའི་ཕྱིར་ཐམས་

ཅད་སངས་རྒྱས་ཀྱི་རང་བཞིན་དུ་འགྱུར་རོ། །གསང་བའི་དབང་བསྐུར་བ་ཐོབ་པའི་དབང་དུ་བྱས་ནས་མིག་གི་དབང་པོ་ལ་སོགས་པ་གང་དང་གང་ཤེས་པ་རྟོག་པ་མེད་པར་སྐྱེས་པ་དེའི་ལམ་དུ་གྱུར་པའི་ཡུལ་གཟུགས་ལ་སོགས་པ་རྣམས་ལ་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་

དགའི་ངོ་བོ་བདེ་བ་དེའི་ངོ་བོར་བྱས་ཏེ། མཉམ་པར་གཞག་པའི་གནས་སྐབས་ན་ཡང་གཟུགས་ལ་རང་བཞིན་བརྒྱད་ཅུ་དང་བྲལ་བ་ནི་དེ་བཞིན་དུ་སྒྲ་དང་། དྲི་དང་རོ་དང་། རེག་བྱ་རྣམས་ལ་ཡང་དགའ་བ་གསུམ་གྱི་ངོ་བོར་མཆོག་ཏུ་མཉམ་པར་གཞག་པའི་སྦྱོར་བ་ཡིན་ནོ། །ཅིའི་

ཕྱིར་ཞེ་ན། དངོས་རྗེས་རོ་མཉམ་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་པ་ཐམས་ཅད་འབྲས་བུ་སངས་རྒྱས་ཀྱི་རང་བཞིན་དུ་འགྱུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་མིག་ལ་སོགས་པའི་དབང་པོ་གང་དང་གང་ཡིན་པ་སྟོང་པར་ཤེས་ནས་ལམ་དུ་གྱུར་པའི་ཡུལ་

རྣམས་སྟོང་པ་ཉིད་དེ་དང་དེའི་ངོ་བོར་བྱས་ཏེ། ཐམས་ཅད་དེར་དགའ་བའི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་རྒྱས་བཏབ་པའི་མཉམ་པར་གཞག་པའི་ཚེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པ་ནི་མཆོག་ཏུ་མཉམ་པར་གཞག་པའི་སྦྱོར་བ་ཡིན་ཏེ། དངོས་རྗེས་བདེ་བ་

ཆེན་པོར་རོ་མཉམ་པའི་ཕྱིར་རོ། །དེ་ནས་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་རྟོགས་པར་འགྱུར་རོ། །དེ་སྐད་དུ་ཡང་། བདེ་བར་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །ཞེས་གསུངས་པའི་ཕྱིར་རོ། །

เล่ม ๑๗ · หน้า 390b

འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་བཟང་དང་རི་མོ་མཁན་བཟང་ལྟར། །གང་དུ་བདེ་བ་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དེ། །ཞེས་གསུངས་པ་དང་། ཀླུང་ཉིད་དང་བར་འགྱུར་པ་ལས། །ཉ་དག་མྱུར་དུ་འཕར་བ་

ལྟར། །དེ་བཞིན་སྟོང་གསལ་རང་གི་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ནམ་གྱི་ཚེ་གོ་ཆའི་ལས་གྱི་ཚོགས་རྣམས་བྱ་ཞེ་ན། ཤིང་ཡོངས་འདུའི་ཁུ་བཅུད་བླངས་ལ་ཞེས་བྱ་བ་གསུངས་ཏེ། ཕྱིས་འཆད་པར་འགྱུར་བའི་ལས་ཀྱི་ཕྱག་རྒྱ་དང་

སྙོམས་པར་ཞུགས་ཤིང་ཡོངས་འདུ་ཞེས་བྱ་བ་རྩ་ཨ་ཝ་དྷཱུ་ཏཱིའི་ཁུ་བཅུད་གྱེན་དུ་བཟློག་པའི་ཕྱིར་ཡི་གེ་ཧཱུཾ་གི་རླུང་གིས་གྱེན་དུ་བཟློག་པའི་བཟླས་བརྗོད་སྟོང་བྱས་ཏེ། གང་ལ་བྱང་ཆུབ་སེམས་ཀྱི་ཐིག་ལེར་བྱས་པའི་བྱང་ཆུབ་ཀྱི་སེམས་མི་ལྟུང་བར་ཤིང་བཞིན་དུ་གནས་པར་འགྱུར་རོ། །

དེའི་ཚེ་བསམ་གཏན་དང་པོའི་བདེ་བ་ཐོབ་པ་ཡིན་པས་ན་ལས་གང་བྱས་ཀྱང་གྲུབ་པར་འགྱུར་རོ། །ཆུ་ལ་བཟླས་ཏེ་གཏོར་ན་ཞེས་བྱ་བ་ནི་དགའ་བྲལ་དུ་གྱུར་པའི་ཐ་ཚིག་གོ། །འདི་དག་གླང་པོའི་རྐང་རྗེས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་རྩ་ཨ་ཝ་དྷཱུ་ཏཱི་འཕྲལ་དུ་བྱུང་བའི་བྱང་ཆུབ་སེམས་

ནི་རྡུལ་ཏེ། རླུང་གྱེན་དུ་བཟློག་པའི་ཕྱིར་ཡི་གེ་ཧཱུཾ་གིས་རླུང་འདྲེན་པའི་བཟླས་བརྗོད་སྟོང་བྱས་ལ་ལས་ཀྱི་ཕྱག་རྒྱ་ཨ་ཝ་དྷཱུ་ཏཱི་ནི་ནམ་མཁའི་རྩ་བསྣུན་པ་དེ་གླང་པོ་ཆེ་ལྟར་བྱང་ཆུབ་ཀྱི་སེམས་དགའ་བྲལ་དུ་མི་འགྱུར་རོ། །དུས་དེའི་ཚེ་ལས་གང་བྱས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །

ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་བསྐྱེད་པའི་རིམ་པ་ལེའུ་བཅུ་གསུམ་བཤད་ནས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་སྒྲུབ་པའི་ཡན་ལག་མཚན་མ་འབྱིན་པ་དང་དངོས་གྲུབ་ལེན་པ་དང་ཉམས་པ་གསོ་བ་དང་གསུམ་གྱི་

དོན་གྱི་ཕྱིར་ཚོགས་ཀྱི་འཁོར་ལོ་བཤད་པར་བྱ་སྟེ། དེ་ནས་བོང་བུའི་རྣལ་འབྱོར་བདག །ཅེས་བྱ་བ་གསུངས་ཏེ། དྲིའི་ཐིག་ལེ་དང་། མེ་ཏོག་བཀོད་པ་དང་། ཡིག་འབྲུ་དང་། ཕྱག་མཚན་དགོད་པའི་ཕྱག་རྒྱ་དང་སྐུ་ཕྱག་རྒྱ་ཆེན་པོ་དགོད་པའི་དཀྱིལ་འཁོར་ལ་མ་

เล่ม ๑๗ · หน้า 391a

གཏོགས་པའི་མིའི་རྣལ་འབྱོར་པ་དང་། རྣལ་འབྱོར་མ་ལྷའི་རྒྱན་དང་ཁ་དོག་དང་ཆ་བྱད་དུ་བྱས་ནས་སྒྲུབ་པ་ནི་ཚོགས་ཀྱི་འཁོར་ལོ་ཞེས་བྱའོ། །དེ་སྐད་དུ་ཡང་མཉམ་སྦྱོར་ལས་ཞེས་གསུངས་སོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། བོང་བུའི་རྣལ་འབྱོར་

བདག་ཅེས་བྱ་བ་ནི་ས་འོག་ཏུ་སྤྱོད་པ་འདུལ་བའི་ཕྱིར་བོང་བུའི་ཧེ་རུ་ཀ་དུད་འགྲོའི་གཟུགས་ཀྱི་རྣམ་པར་སྣང་མཛད་སྤྲུལ་པའི་སྐུའི་གཟུགས་བརྙན་གྱི་འཁོར་ལོའི་ཆ་བྱད་དུ་བྱའོ། །གལ་ཏེ་ས་སྤྱོད་འདུལ་ན་མིའི་གཟུགས་ཀྱི་ཆ་བྱད་ཅན་གྱི་སྤྲུལ་པའི་སྐུའི་གཟུགས་བརྙན་བྱའོ། །

མཁའ་སྤྱོད་འདུལ་ན་མཁའ་ལྡིང་གི་གཟུགས་ཅན་གྱི་སྤྲུལ་པའི་སྐུའི་གཟུགས་ཅན་གྱི་ཚོགས་ཀྱི་འཁོར་ལོ་བྱའོ་ཞེས་ཀུན་སྤྱོད་ལས་གསུངས་པའི་ཕྱིར་འདི་ལ་ཐེ་ཚོམ་མི་བྱའོ། །ཡིད་ཀྱི་གཟུགས་ལ་འཇུག་པའི་ཕྱིར། །ཞེས་བྱ་བ་ནི་རྣལ་འབྱོར་པའི་ཡིད་ཀྱིས་ཤུགས་ཀྱིས་སྤྲུལ་

པའི་སྐུའི་ཆ་བྱད་ལ་འཇུག་པར་བྱ་བའི་ཕྱིར་རོ། །དུས་ནམ་གྱི་ཚེ་ཞེ་ན། གང་གིས་སྒྲུབ་པ་པོའི་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་པོ་བོང་བུའི་ཧེ་རུ་ཀ་ལ་སོགས་པ་མཐོང་བའི་ཚེ་རང་དོན་ཕུན་སུམ་ཚོགས་པ་དང་གཞན་དོན་ཕུན་སུམ་ཚོགས་པའི་ཕྲིན་ལས་འགྲུབ་པར་འགྱུར་རོ། །སྒྲུབ་པ་དེ་ནི་བཤད་པར་བྱ། །

ཞེས་བྱ་བ་ནི་ཞི་གནས་མངོན་སུམ་དུ་བསྐྱེད་པའི་ཐབས་ཀྱི་འཁོར་ལོ་ནི་སྒྲུབ་པའི་ཐབས་བཤད་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། རྣལ་འབྱོར་མ་ནི་ལཱ་མའི་གཟུགས། །དེ་བཞིན་དུ་ནི་མཁའ་འགྲོ་མ། །ཁཎྜ་རོ་ཧ་འདོད་གཟུགས་ཅན། །ཞེས་བྱ་བ་ནི་

མཁའ་འགྲོ་མ་ནི་བོང་བུའི་གདོང་ཅན་དང་། ལཱ་མ་ནི་སེང་གེའི་གདོང་ཅན་དང་། ཁཎྜ་རོ་ཧ་ནི་གླང་པོའི་གདོང་ཅན་དང་། གཟུགས་ཅན་མ་ནི་མཁའ་ལྡིང་གདོང་ཅན་ནོ། །གྲི་གུག་དང་ཐོད་པ་དང་། མདུང་རྩེ་གསུམ་པ་དང་ཁ་ཊྭཱཾ་ག་བསྣམས་པ་ཕྱག་བཞི་པ་རོའི་གདན་ལ་བཞུགས་པ་

བསྒོམ་ཞིང་མཚན་མ་དང་རྒྱན་དང་གོས་དང་ཆ་བྱད་ཇི་ལྟ་བ་བཞིན་དུ་བྱའོ། །ཐུགས་ཀྱི་འཁོར་ལོ་ཇི་ལྟར་བྱ་ཞེ་ན། དཔའ་བོ་དང་དཔའ་མོ་ཐམས་ཅད་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མཁའ་ལྡིང་གི་གདོང་ཅན་ནོ། །གསུང་གི་འཁོར་ལོ་ཐམས་ཅད་པདྨ་དང་དྲིལ་བུ་བསྣམས་པ་རྨ་བྱའི་

เล่ม ๑๗ · หน้า 391b

གདོང་ཅན་ནོ། །སྐུའི་འཁོར་ལོ་ཐམས་ཅད་འཁོར་ལོ་དང་དྲིལ་བུ་བསྣམས་པ་སེང་གེའི་གདོང་ཅན་ནོ། །གཤིན་རྗེ་བརྟན་མ་ལ་སོགས་པ་བཞི་ནི་མ་ཧེའི་གདོང་དང་ཤ་བ་དང་། སྟག་དང་གཟིག་གི་གདོང་ཅན་ནོ། །སྒོ་མ་བཞི་ནི་ཁྭ་གདོང་ལ་སོགས་པ་བཞི་ཡིན་ནོ། །སྐུ་མདོག་ནི་ཕྲིན་

ལས་བཅུ་གཉིས་ཀྱི་དབང་གིས་གདོང་བཅུ་གཉིས་སུ་འགྱུར་བའམ། ཡང་ན་མཁའ་སྤྱོད་སྒྲུབ་པའི་ཚེ་ཐམས་ཅད་ནག་པོ་ས་སྤྱོད་ཀྱི་ཚེ་ཐམས་ཅད་དམར་པོ་ས་འོག་ཏུ་སྤྱོད་པ་དཀར་པོར་བྱའོ། །མཁའ་འགྲོ་མ་བརྒྱད་ནི་གྲི་གུག་དང་ཀ་པཱ་ལ་དང་ཅང་ཏེའུ་དང་ཁ་ཊྭཱཾ་ག་བསྣམས་པའི་ཕྱག་བཞི་མའོ། །

གཙོ་བོ་ཧེ་རུ་ཀ་ཇི་ལྟ་ཞེ་ན། དཔའ་བོའི་རྣམ་པ་ཁྲག་གི་གདོང་། །མཁའ་འགྲོ་རྩེ་གསུམ་ལག་ན་ཐོགས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་དང་དྲིལ་བུ་དང་རྩེ་གསུམ་དང་། ཁ་ཊྭཱཾ་ག་བསྣམས་པ་ཕྱག་བཞི་པ་སྒོམ་པའམ་ཡང་ན་ཞལ་བཞི་ཕྱག་བཅུ་གཉིས་པ་ཞལ་མདུན་མ་བོང་བུའི་

གདོང་པར་སྣང་བ་བསྒོམ་པར་བྱའོ། །དེ་ཡང་ཆོ་ག་གང་གིས་བསྒྲུབ་པར་བྱ་ཞེ་ན། དེ་ཡང་། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲ། །སྒྲ་སོགས་སྟོང་པ་སྔོན་འགྲོ་བ། །ཞེས་བྱ་བ་ལ་སོགས་པ་དེ་ཉིད་བཅུ་བཞིའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ལྟར་

འདོད་པའི་ཡོན་ཏན་ལྔ་ལ་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་གྱི་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་ནས་འབྲས་བུ་མངོན་པར་ཤེས་པ་སྐྱེ་བར་འགྱུར་བ་ནི། ཚེ་ཟད་པ་དང་ཚེ་རིང་བ། །སྒྲུབ་པ་ཉིད་ལ་སྣང་བ་ཡིན། །ཞེས་བྱ་བ་སྨོས་ཏེ་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ཡིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པ་

འདི་ནི་བོང་བུ་འདྲ། རྣལ་འབྱོར་པ་འདི་ནི་བོང་བུ་འདྲ་བར་བལྟ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། འགྲོ་བ་རིགས་དྲུག་གི་གནས་གང་དང་གང་ནས་འཆི་འཕོས་པ་དེ་དང་དེའི་གཟུགས་སུ་ད་ལྟར་སྣང་བར་འགྱུར་རོ། །ད་ལྟར་གྱི་རྟགས་འདི་ལས་སྐྱེ་བ་སྔ་མ་དཔོག་པ་ཡིན་ན་སྐྱེ་བ་སྔ་མ་གླང་པོ་ཆེ་

ལས་ཚེ་འཕོས་ཀྱང་གླང་པོ་ཆེའི་གཟུགས་སུ་མཐོང་བ་ཡིན་ནོ། །གང་དང་གང་གིས་སྐྱེ་བ་ནི། །ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་རིགས་དྲུག་གི་གཟུགས་སུ་སྣང་བ་འགྲོ་བ་རིགས་དྲུག་གིས་དཔོག་པའོ། །འདི་ནི་གྲུབ་པའི་སྐྱེས་བུར་འགྱུར། །ཞེས་བྱ་བ་ནི་མངོན་པར་ཤེས་པ་དང་ལྡན་པ་སྟེ་ལྷའི་མིག་

เล่ม ๑๗ · หน้า 392a

དང་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་ཟག་པ་ཟད་པའི་མངོན་པར་ཤེས་པ་དང་ལྡན་པའོ། །སྐྱེ་བ་བདུན་གྱི་རིམ་པའི་ཤ །ཞེས་བྱ་བ་ནི་བསྐྱར་བའི་ཆོ་ག་དང་སྐྱེ་བ་བདུན་པའི་ཤ་ཁ་ན་མ་ཐོ་བ་མེད་པ་དེ་ཡིས་གཏོར་མ་དང་ཚོགས་ཀྱི་འཁོར་ལོ་བྱའོ། །དེ་བྱས་པས་

ཅིར་འགྱུར་ཞེ་ན། སྒྲུབ་པ་པོ་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་བསྐྱེད་པའོ། །དེ་བཞིན་དཔག་ཚད་སྟོང་ཕྲག་ནི། །ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡེ་ཤེས་པའི་མངོན་པར་ཤེས་པས་དཔག་ཚད་སྟོང་གི་སྟེང་

དུ་སྐད་ཅིག་ལ་མྱུར་བར་འགྲོ་བར་འགྱུར་རོ། །རྣལ་འབྱོར་སྔགས་མཆོག་དམ་པ་སྟེ། །ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་བོང་བུའི་ཧེ་རུ་ཀ་སྟོན་པ་ཡིན་ཏེ། དེ་སྐད་དུ་ཡང་གདན་བཞི་ལས། །གཡས་དང་གཡོན་གྱི་ངོས་གཉིས་ནི། །ཉི་མ་ཟླ་བར་རབ་ཏུ་བཤད། །ཆུ་ཤིང་མེ་ཏོག་

ལྟ་བུ་ནི། །ལྟེ་བའི་དབུས་ནས་གྲོལ་བར་གནས། །བ་ལང་རྨིག་རྗེས་པདྨ་ནི། །བོང་བུའི་རྣམ་པར་ཤེས་པར་བྱ། །ཞེས་གསུངས་པས། གཡས་པ་ར་ས་ནཱ་དང་གཡོན་པར་ལ་ལ་ནཱ་ནི་རྩ་སྲུབ་ཐག་ཡིན་ཞིང་དབུས་མ་ཨ་ཝ་དྷཱུ་ཏཱི་ནི་སྲུབ་ཤིང་ཡིན་ཏེ། ལྟེ་བ་ཁྲག་གི་ཐིག་ལེ་གཙུབ་གཏན་

ཡིན་པས་མི་ཤིགས་པ་ནམ་མཁའི་རླུང་གཡས་གཡོན་གྱི་རླུང་གིས་བསྲུབས་ན་རླུང་མེའི་དྲོད་ཙམ་དུ་གྱུར་པ་ཡིན་ནོ། །དེས་ན་གཡས་གཡོན་གྱི་རླུང་ལ་སྔགས་མཆོག་དམ་པ་སྟེ་ཞེས་བྱའོ། །མཁའ་འགྲོ་མ་ནི་སྦྱོར་སྒྲུབ་བྱེད། །ཅེས་བྱ་བ་ནི་མགོ་བོ་ནམ་མཁའི་དཀྱིལ་འཁོར་དུ་འགྲོ་བས་ལྟེ་

བའི་གཏུམ་མོ་དྲོད་ལ་ནམ་མཁའ་འགྲོ་མ་ཞེས་བྱའོ། །སྦྱོར་སྒྲུབ་བྱེད་ཅེས་བྱ་བ་ནི་གཡས་གཡོན་གྱི་རླུང་གིས་བསྲུབས་པའོ། །རྣལ་འབྱོར་མཚན་མ་གང་ཟློས་ནས། །ཞེས་བྱ་བ་ནི་ས་ཆུ་ལ་ཐིམ་པས་དུ་བ་ལྟ་བུ་དང་། ཆུ་མེ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུ་དང་། མེ་རླུང་ལ་ཐིམ་

པས་སྲིན་བུ་མེ་ཁྱེར་ལྟ་བུ་དང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་སྒྲོན་མ་ལྟ་བུའོ། །རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་ནམ་མཁའ་ལྟ་བུའི་རྟགས་མཐོང་ནས་གང་ཟློས་པ་ཞེས་པ་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པའོ། །ཟླ་གཅིག་གིས་ནི་གྲུབ་པར་འགྱུར། །ཞེས་བྱ་བ་

เล่ม ๑๗ · หน้า 392b

ནི་གཏུམ་མོ་སྲུབ་ཤིང་གིས་འཁོར་ལོ་བསྲུབ་པའི་ཐབས་ཀྱིས་སོ། །གསང་བའི་རྒྱུད་ནི་འདིའོ། །སྙིང་པོ་ཤིན་ཏུ་དགའ་བ་ཡིན། །ཞེས་བྱ་བ་ནི་གཡས་གཡོན་གྱི་རྩའི་སྣ་བ་ལང་གི་རྨིག་རྗེས་ལྟ་བུའི་རྩའི་ནང་ནས་སྲོག་དང་རྩོལ་བ་གཉིས་ཨ་ཝ་དྷཱུ་ཏཱིར་ཆུད་པ་ནི་གསང་

བའི་རྒྱུད་ཅེས་པའོ། །དེ་ལས་བྱང་ཆུབ་ཀྱི་སེམས་བབས་པས་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའི་རྟོག་པ་མེད་པ་སྐྱེས་པ་ནི་ཤིན་ཏུ་དགེ་བའོ། །གང་ཞིག་དེ་ནས་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པ་རྩ་གསུམ་གྱི་རླུང་ཨ་ཝ་དྷཱུ་ཏཱིར་བཅུག་པས་རྣམ་པར་རྟོག་

པའི་རྐྱེན་མ་ཚང་བས་རླུང་ཨ་ཝ་དྷཱུ་ཏཱིར་ཆུད་པའི་ཚེ་རྟོག་མེད་སྐྱེས་པ་དེའི་ཚེ་སྒྲིབ་པ་རྣམ་པར་སྤངས་ནས་འདས་པ་དང་མ་འོངས་པ་ལ་སོགས་པ་དུས་གསུམ་དུ་ཤེས་པར་འགྱུར་རོ། །དེ་ཡང་གདན་བཞི་ལས། མི་གཡོ་རྣམ་པར་མི་འཁོར་བ། །རྣམ་པར་མི་འབྱུང་གང་ཡང་

མེད། །སྒྲིབ་པ་ལྔ་ནི་རྣམ་སྤངས་པ། །རང་ཉིད་ཧེ་རུ་ཀར་གསལ་འགྱུར། །ཞེས་གསུངས་སོ། །དེ་འདིར་རྣལ་འབྱོར་པ་ཉིད་དུ། །ཐེ་ཚོམ་མེད་ཅེས་བྱ་བ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་རྒོད་མའི་ཁ་ཞེས་བྱ་བ་བ་ལང་གི་རྨིག་རྗེས་ལྟ་བུའི་རླུང་བཅུག་

ན་བྱང་ཆུབ་ཀྱི་སེམས་བདེ་བ་རྟོག་མེད་སྐྱེ་བ་ལ་ཐེ་ཚོམ་མེད་དོ། །འདི་ཉིད་ནི། མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །ཞེས་བྱ་བ་ནི་དངོས་གྲུབ་སྒྲུབ་པའི་ཚོགས་ཀྱི་འཁོར་ལོ་བདེ་མཆོག་ཡིན་ནོ། །ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཚོགས་ཀྱི་

འཁོར་ལོ་བཤད་ནས། ད་ནི་སྒྲུབ་པའི་ཡན་ལག་ལས་ཀྱི་ཕྱག་རྒྱ་སྟོན་པ་ནི། དེ་ནས་སྡོམ་པ་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཐམས་ཅད་སྒྲུབ་པའི་ཡན་ལག་ཡེ་ཤེས་ལས་སྐྱེས་པ་དང་། གནས་ལས་སྐྱེས་པ་དང་།

སྔགས་ལས་སྐྱེས་པ་གསུམ་གྱིས་བསྒྲུབ་པར་བྱ་བ་ཡིན་ཏེ། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་བྱ་བ་གསུངས་སོ། །དེ་ཡང་འཛམ་བུའི་གླིང་གནས་ཉི་ཤུ་རྩ་བཞི་ནས་སྤྲུལ་པའི་སྐུ་རྒྱུན་མི་འཆད་པར་བཞུགས་པས་

เล่ม ๑๗ · หน้า 393a

རྣལ་འབྱོར་པ་གདུལ་བྱ་དུས་ལ་བབ་པར་གཟིགས་ན་ཡེ་ཤེས་ལས་སྐྱེས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བུད་མེད་ཀྱི་གཟུགས་སུ་བྱོན་ནས་ཞི་གནས་དང་ལྷག་མཐོང་དགའ་བ་བཞིའི་ཏིང་ངེ་འཛིན་སྟོན་པར་མཛད་པའམ། ཡང་ན་གནས་

ཉི་ཤུ་རྩ་བཞིར་སྐྱེས་པ་དབང་པོ་ཚང་བ་ལ་སོགས་པ་བདག་གི་འབྱོར་བ་དང་ལྡན་པས་བདེ་བའི་ཏིང་ངེ་འཛིན་སྒྲུབ་པར་འགྱུར་བའམ། དབང་བསྐུར་བ་ཐོབ་པ་སྔགས་ཀྱི་རྣལ་འབྱོར་མས་ལུས་ཀྱི་འཁྲུལ་འཁོར་གྱིས་ཨ་ཝ་དྷཱུ་ཏཱིར་སོང་ནས་བསམ་གཏན་དང་ཟག་

མེད་ཀྱི་བདེ་བ་སྐྱེས་པར་གྱུར་པས་ན་དང་པོ་ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱི་མཚན་ཉིད་ཤེས་ནས་ཡན་ལག་དང་ཉིང་ལག་གི་བརྡ་དང་། ཡི་གེ་དང་ཚིག་གི་བརྡ་དང་མིག་དང་མཆུའི་བརྡས་སྒྲུབ་པའི་ཡན་ལག་གི་བྱང་ཆུབ་སེམས་དཔའ་དེ་ཤེས་པར་བྱའོ། །

དེ་ཡང་། དུ་བ་ལས་ནི་མེར་ཤེས་ཤིང་། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །བྱང་ཆུབ་སེམས་དང་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་གསུངས་སོ། །རྒྱུ་མཚན་དེ་བས། གང་ཞིག་བརྡར་ནི་ཤེས་འགྱུར་ཏེ། །བརྡ་དྲུག་ཤེས་པས་དེ་ཉིད་ཀྱིས། །

དེ་གྲུབ་པ་ནི་ཞེས་བྱ་བ་སྟེ་བརྡ་དང་སྤྱོད་ལམ་ཤེས་པ་དེས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྤྲུལ་པའི་སྐུའི་རྣལ་འབྱོར་མ་རྙེད་ནས་ལས་ཀྱི་ཕྱག་རྒྱའི་རྒྱུ་རྐྱེན་ཚོགས་པ་དེ་ལས་ཏིང་ངེ་འཛིན་སྒྲུབ་པར་ཐེ་ཚོམ་མེད་པར་ཤེས་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་

བཤད་པ་ནི། ད་ཞེས་བྱ་བ་སྐྱེས་བུར་བཤད། །ཅེས་བྱ་བ་གསུངས་ཏེ། ལེའུ་བཅོ་ལྔ་པ་ནི་དག་བྱེད་ཀྱི་བརྡ་ཡིན་ལ་བཅུ་དྲུག་པ་ནི་དག་བྱེད་ཀྱི་ལྷ་མོའི་མཚན་ཉིད་དོ། །དེ་ལས་དང་པོར་དག་བྱེད་ཀྱི་ལྷ་མོའི་བརྡ་སྟོན་པ་ལ་དབང་དང་དཔའ་བོ་དཔའ་མོ་དང་བཀས་གནང་

བ་དང་ཀུན་སྤྱོད་ཀྱི་བརྡ་ལྔ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་བརྡ་ལྔ་སྟོན་ཅེ་ན། དག་བྱེད་ཀྱི་ལྷ་མོ་ནི་དུང་ཅན་མ་དང་རི་དགས་ཅན་ཡིན་པས་སེམས་གཟུང་བ་དང་དབང་བསྐུར་བ་དང་ཚོགས་ཀྱི་འཁོར་ལོ་དང་བཀས་གནང་བ་དང་ཁམས་བརྟ་བ་ཀུན་དུ་སྤྱོད་པ་ཡིན་ནོ། །དེ་ལ་དང་པོར་

เล่ม ๑๗ · หน้า 393b

དབང་བསྐུར་བའི་བརྡ་སྟོན་ཏེ། ད་ཞེས་བྱ་བ་ནི་དབང་བསྐུར་བའི་སྐྱེས་བུའི་ཕྱག་རྒྱའོ། །དེ་ཞེས་བྱ་བ་ནི་དབང་བསྐུར་བའི་བུད་མེད་ཀྱི་ཕྱག་རྒྱའོ། །སྤུ་ཞེས་བྱ་བ་ནི་འཁྱུད་པར་སྟོན་པའོ། །སུ་ཞེས་བྱ་བ་ནི་དབང་བསྐུར་བའི་བཟའ་བ་སྟོན་པའོ། །མ་ཞེས་བྱ་བ་ནི་

རྡོ་རྗེ་སློབ་དཔོན་དབང་བསྐུར་བ་སྟོན་པའོ། །ལས་ཞེས་བྱ་བ་ནི་རང་གི་ལས་ཀྱི་ཕྱག་རྒྱའོ། །པི་ཞེས་བྱ་བ་ནི་རང་དང་དུས་མཉམ་དུ་དབང་བསྐུར་བའོ། །ལུ་ནི་རང་གིས་དབང་བསྐུར་བའོ། །སྲི་ནི་གསང་བའི་དབང་བསྐུར་བའོ། །རང་བྱུང་ནི་ཁྲག་གོ། །སོ་ནི་གསང་

བའི་དབང་བསྐུར་བའི་ཞི་བའི་བཏུང་བའོ། །པི་ཞེས་བྱ་བ་ནི་སྨན་སྣ་བརྒྱ་རྩ་བརྒྱད་དུ་བསྐོལ་བའི་ཐུག་པའོ། །ཧི་ཞེས་བྱ་བ་ནི་ཤ་ལྔའོ། །བྷ་ཞེས་བྱ་བ་ནི་དབང་བསྐུར་བའི་ཚེ་ཁ་ཟས་འབྲས་ཆན་ལ་སོགས་པའོ། །ནུ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །

འདི་ཙམ་གྱིས་ནི་དབང་གི་ལྷ་མོའི་བརྡ་བསྟན་ཏེ། ད་ནི་དག་བྱེད་ཀྱི་ལྷ་མོའི་བརྡ་སྟོན་ཏོ། །པི་ཞེས་བྱ་བ་ནི་སེམས་འཛིན་པའི་གནས་སུ་ཁྲོད་པའོ། །ངུ་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་རོ་ཁ་ཟས་སུ་ཟ་བའོ། །དི་ཞེས་བྱ་བ་ནི་ཡུམ་རྡོ་རྗེ་ཕག་མོའི་རིགས་སོ། །ད་ཞེས་བྱ་བ་ནི་སྒྲོལ་

མའོ། །ཧྲི་ཞེས་བྱ་བ་ནི་སངས་རྒྱས་སྤྱན། ཀུ་ཞེས་བྱ་བ་ནི་མཱ་མ་ཀཱི། ཧ་ཞེས་བྱ་བ་ནི་གོས་དཀར་མོ། ཛ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་མོ་དེ་རྣམས་དང་བྱིན་པ་གཉིས་ཀྱིས་འཁྱུད་པའི་སེམས་འཛིན་པའོ། །ད་ནི་དཔའ་བོའི་ལྷ་མོའི་བཤད་པར་བྱ་སྟེ། ཐོག་མ་ཕྲད་པའི་ཆེ་

བ་ཞེས་བྱ་བ་ཕྱག་འཚལ་བ་སྟོན་ལ། སོ་ཞེས་བྱ་བ་ནི་ཕྱག་འཚལ་བའི་ལན་ནོ། །ནི་ཞེས་བྱ་བ་ནི་ཤ་ལ་སོགས་པའི་བཟའ་བྱའོ། །བྱོ་ཞེས་བྱ་བ་ནི་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས་བཟའ་བའོ། །བྷི་ཞེས་བྱ་བ་ནི་རྡོ་རྗེ་ཆུར་བྱིན་གྱིས་བརླབས་པའོ། །ག་ཞེས་བྱ་བ་ནི་དབང་

བསྐུར་བ་ལ་བགྲོད་པར་བྱ་བ་ཡིན་གྱི་མ་བསྐུར་བ་ལ་དམ་ཚིག་དང་མི་ལྡན་པའོ། །རིག་མ་བསྟེན་པར་དགའ་བ་དང་། །ཞེས་བྱ་བ་ནི་ཉེས་པར་བྱུང་བས་བགྲོད་པར་མི་བྱའོ། །ད་ནི་བཀས་གནང་བའི་ལྷ་མོའི་མཆོད་པའི་ལྷ་མོ་སྟོན་ཏེ། ཀ་ཞེས་བྱ་བ་ནི་རིགས་ལྔའི་ལྷ་མོ་སོ་

เล่ม ๑๗ · หน้า 394a

སོར་འདོད་པར་བྱའོ། །ས་ཞེས་བྱ་བ་ནི་སྐྱེས་པ་གཞན་གྱི་གམ་དུ་མི་འགྲོ་བའོ། །ར་ཞེས་བྱ་བ་ནི་བདག་པོ་མེད་པ་དང་མཆོད་པའི་ཕྱག་རྒྱའོ། །ད་ནི་ཀུན་སྤྱོད་མ་སྟོན་ཏེ། ངུ་ཞེས་བྱ་བ་ནི་གཟུགས་འཚོང་བའོ། །སུ་ཞེས་བྱ་བ་ནི་རྒྱས་པ་ལ་དད་པའོ། །

ན་ཞེས་བྱ་བ་ནི་མུ་སྟེགས་པ་ལ་དད་པའོ། །ས་ཞེས་བྱ་བ་ནི་དབང་བསྐུར་བ་ཐོབ་པའོ། །ཨ་ཞེས་བྱ་བ་ནི་དབང་བསྐུར་བ་མ་ཐོབ་པའོ། །ཡཱ་ཞེས་བྱ་བ་ནི་དད་པས་འོངས་པའོ། །ན་ཞེས་བྱ་བ་ནི་དད་པ་མེད་པས་མ་འོངས་པའོ། །སོ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་ཡུལ་དུ་གྱུར་པའོ། །

ཡི་གེ་རེ་རེའི་བརྡ་འདི་དག་ཚོར་བ་སྡུག་བསྔལ་དང་། བཏང་སྙོམས་སྤངས་ནས་ཚོར་བ་བདེ་བ་སྒོམ་ཞིང་རྟོག་པ་མེད་པ་མངོན་སུམ་གྱི་ལམ་ལ་དད་པ་ལ་སྦྱིན་པར་བྱའི་མ་དད་པ་ལ་མི་སྦྱིན་པ་དང་། གྲོལ་བའི་ལམ་ལ་ཡང་མ་ཡིན་ཞེས་ཤེས་པར་བྱའོ། །ལེའུ་བཅོ་ལྔ་པའི་རྣམ་པར་བཤད་

པའོ།། །།ད་ནི་སེམས་འཛིན་པའི་དག་བྱེད་ཀྱི་ལྷ་མོའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ནས་བཟའ་དང་བཟའ་མིན་བྱ། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཡིད་དུ་འོང་བ་གཟུགས་སྡུ་གུ་མིག་གིས་བཟའ་བར་བྱ་བ་དང་། སྒྲ་སྙན་པ་རྣ་བ་དང་། དྲི་ཞིམ་པོ་སྣ་དང་།

རོ་ཞིམ་པོ་ལྕེའི་དང་། ནམ་མཁའི་རྩའི་དང་རེག་པ་ལུས་ཀྱི་བཟའ་བར་བྱ་བ་སྟེ། ལོངས་སྤྱད་པར་བྱའོ། །བཟའ་བར་མི་བྱ་བ་ནི་ཡིད་དུ་མི་འོང་བའོ། །དེ་ནས་རབ་ཏུ་བཤད་པར་བྱ། །ཞེས་བྱ་བ་ནི་དག་བྱེད་ཀྱི་ལྷ་མོ་བཤད་པར་བྱ་ཞེས་པའོ། །མི་ཐུབ་ཟླ་བ་དང་བྷ་བ་

བའི་ཞལ་སྔ་ནས་བཟའ་བར་བྱ་བ་ནི་གནས་ཉི་ཤུ་རྩ་བཞི་ན་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐུ་དང་། དེ་རྣམས་ལ་འདོད་པའི་ཡོན་ཏན་གྱི་གཟུགས་ཀྱི་ཞི་གནས་དང་ལྷག་མཐོང་གིས་ཆོས་སྟོན་པས་བཞུགས་པ་ལ་ལས་དང་པོ་པའི་རྣལ་

འབྱོར་པས་མཚན་ཉིད་མ་རྟོགས་པས་མཚན་ཉིད་བརྟགས་ནས་སྤྲུལ་པའི་སྐུའི་ལྷ་ཡེ་ཤེས་ཀྱི་ལྷ་མོ་དེ་དང་སྙོམས་པར་ཞུགས་པས་མེ་ལོང་གི་གཟུགས་བརྙན་ལ་དེ་ཉིད་མཐོང་བ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་ཆར་ལ་སྟོང་ཉིད་མཐོང་བར་གྱུར་པས་དེའི་མཚན་ཉིད་

เล่ม ๑๗ · หน้า 394b

བསྟན་པ་ཡིན་ནོ་ཞེའོ། །རིན་ཆེན་རྡོ་རྗེའི་ཞལ་སྔ་ནས། ཕོ་ཉས་ལྷན་ཅིག་སྐྱེས་དངོས་གྲུབ། །མཆོག་དང་འབྲིང་དང་ཐ་མ་ཡི། །ཞེས་གསུངས་པ། མཆོག་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐུའི་ཡེ་ཤེས་ཀྱི་ལྷ་མོ་ཡང་ཡིན་ལ་གནས་ཉི་ཤུ་རྩ་བཞིར་

སྐྱེས་པ་དབང་པོ་ཚང་བ་ལས་ཀྱི་མཐའ་མ་ལོག་པ་ནི་འབྲིང་པོ་ཡིན་ནོ། །སྡོམ་པ་གསུམ་ལ་གནས་ཤིང་དབང་བསྐུར་བ་ཐོབ་པ་ནི་སྔགས་ལས་སྐྱེས་པ་སྟེ་ཐ་མ་ཡིན་ནོ། །དེ་དག་གསུམ་ཆར་གྱི་མཚན་ཉིད་བསྡོམས་ནས་སྟོན་པ་ནི་ཡེ་ཤེས་ཀྱི་ལྷ་མོ་ཁོ་ན་ཡིན་ཞེས་མི་

བྱའོ། །དེ་གསུམ་ཆར་ལས་ཀྱང་ཞི་གནས་རྟོག་པ་མེད་པ་དང་། ལྷག་མཐོང་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེའོ། །སྒྲུབ་པ་མཆོག་ཏུ་དམ་ཚིག་ལ་གནས་པ། །ཞེས་བྱ་བ་ནི་ཆགས་པའི་ལམ་བསྒོམ་པའི་རྟེན་གྱི་གང་ཟག་གོ། །བཟའ་བྱ་རྗེས་གནང་ཕན་སྤྱོད་པ། །ཞེས་བྱ་བ་ནི་

མཚན་ཉིད་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་དེ་སློབ་དཔོན་གྱིས་རྗེས་སུ་གནང་ནས་ཞི་གནས་དང་ལྷག་མཐོང་གི་ཤེས་པ་སྐྱེ་བ་ལ་ཕན་འདོགས་པར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་ཆོས་འཕགས་བཞིན་དུ་བུད་མེད་ཀྱི་བསམ་གཏན་དང་ཟག་མེད་ཀྱི་ཏིང་ངེ་འཛིན་སྐྱེ་བའི་ཕྱག་

རྒྱ་དེ་རབ་ཏུ་སྦྱོར་བར་བྱའོ། །དེ་དང་རྣལ་འབྱོར་པས་ཅི་ཞིག་བྱ་ཞེ་ན། ཡུལ་ལྔ་དང་དབང་པོའི་ཤེས་པས་ལས་ཀྱི་ཕྱག་རྒྱའི་ཡུལ་དང་གཉིས་སུ་མེད་པར་བྱ་བའི་རྣལ་འབྱོར་པ་དེ་བླང་བྱ་དང་དོར་བྱའི་རིགས་ཀྱི་བྱེ་བྲག་ཤེས་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། གང་

གིས་ཤེས་པ་ཙམ་གྱིས་ནི། །ཞེས་བྱ་བ་གསུངས་ཏེ། བཅོམ་པ་མོ་བཤེས་གཉེན་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཞིན་དུ་སྒྲུབ་པ་པོ་རྣམས་ཀྱིས་སྙོམས་པར་ཞུགས་པ་ལས་དངོས་གྲུབ་ཐོབ་པར་འགྱུར་རོ། །

དེ་བས་ན་དེ་ཐོབ་པའི་ཐབས་ཀྱི་ཆོ་ག་བཤད་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བུད་མེད་པད་རྩ་ལྟར་དཀར་ཞིང་། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ལས་སྐྱེས་པ་དང་ཞིང་སྐྱེས་དང་སྔགས་སྐྱེས་ཀྱི་དག་བྱེད་ཀྱི་ལྷ་མོ་མཚན་ཉིད་བསྡོམས་ནས་བཤད་པ་ཡིན་ཏེ། དེ་ལ་མཚན་ཉིད་

เล่ม ๑๗ · หน้า 395a

གསུམ་སྟེ། ཁ་དོག་དབྱིབས་སྤྱོད་ལམ་གྱི་མཚན་ཉིད་དོ། །ཁ་དོག་ནི་དཀར་བ་དང་། དབྱིབས་ནི་མིག་དཀྱུས་རིང་བ་དང་། གོས་དཀར་པོ་ལ་དགའ་བ་དང་། ཙནྡན་སར་པའི་དྲི་ཡོད་པ་དང་། དཀོན་མཆོག་གསུམ་ལ་དད་པ་ནི་རིན་པོ་ཆེའི་

རིགས་ཀྱི་བུད་མེད་དོ། །བུད་མེད་གང་ཞིག་ཁ་དོག་སེར་བ་དང་། དམར་སེར་གྱི་གོས་ལ་དགའ་བ་དང་། ཛཱ་ཏི་དང་ཙམྤ་ཀའི་དྲི་ཡོད་པ་དང་། དེ་ཡང་དཀོན་མཆོག་གསུམ་གྱི་བསྟན་པ་བཟང་པོའི་རྗེས་སུ་འགྲོ་བ་ནི་པདྨའི་རིགས་སོ། །བུད་མེད་གང་ཞིག་ཁ་དོག་

སྔོ་བསངས་ནི་གོས་སྔོན་པོ་ལ་དགའ་བ་ཨུཏྤ་ལའི་དྲི་ཡོད་པ་དཔའ་བོ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲང་བའི་ཧེ་རུ་ཀའི་རིགས་སོ། །བུད་མེད་གང་ཞིག་མདོག་དཀར་བ་སྤྱོད་ལམ་པདྨའི་རྩ་བའི་དྲི་ཡོད་པ་ཐུགས་ཀྱི་འཁོར་ལོའི་དཔའ་བོ་བླ་མ་སྟེ་མི་བསྐྱོད་པའི་རིགས་སོ། །

བུད་མེད་གང་ཞིག་ཁ་དོག་དམར་བ། གོས་དམར་པོ་ལ་དགའ་བ་མ་ལི་ཀ་དང་ཨུཏྤ་ལའི་དྲི་ཡོད་པ་དེ་ནི་རྡོ་རྗེ་ཕག་མོའི་རིགས་སོ། །བུད་མེད་གང་ཞིག་ཁ་དོག་ལྗང་སེར་གོས་དཀར་པོ་ལ་དགའ་བ་མགོ་ལ་པདྨའི་དྲི་ཡོད་པ་ནི་དོན་ཡོད་གྲུབ་པའི་རིགས་སོ། །བུད་མེད་གང་ཞིག་

ཁ་དོག་དམར་ཞིང་གོས་དམར་བ་ལ་དགའ་བ་ག་པུར་གྱི་དྲི་དང་ལྡན་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་སོ། །དེ་ལྟར་ན་རྣལ་འབྱོར་མ་བདུན་པོ་དེ་དག་ནི་གཡོན་པ་ལ་སྤྱོད་པ་བདེ་བ་ལམ་དུ་བྱེད་པ་ལ་རྟག་ཏུ་དགའ་བ་ནི་རྣལ་འབྱོར་མ་བདུན་གྱི་ཐུན་མོང་གི་རྟགས་བསྟན་པ་ཡིན་ནོ། །དེ་དག་

གི་ལུས་ཀྱི་རྟགས་ཇི་ལྟ་བུ་ཞེ་ན། རྟགས་བདུན་གྱི་ཁ་དོག་ཅན་ནོ། །འདི་རྣམས་ཀྱི་སྟོན་པའི་ཡི་གེ་རྣམས་ཀྱང་ཁ་དོག་དྲུག་ཏུ་དབྱེ་བ་ཡིན་ནོ། །རང་གི་ཕྱག་རྒྱའི་འཚོ་བ་ཞེས་བྱ་བ་ནི་རིགས་དྲུག་གི་ཕྱག་རྒྱ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་འཆང་བའོ། །རིགས་

བདུན་པ་ཆོས་ཀྱི་དབྱིངས་ཕག་མོ་ཡིན་པས་ཁྱབ་པར་སྟོན་ཏོ། །ངག་གི་རྟགས་ཇི་ལྟ་ཞེ་ན། རང་རིགས་ལས་བྱུང་ཚིག་ཏུ་སྨྲ། །ཞེས་བྱ་བ་གསུངས་ཏེ། རིས་དྲུག་གི་ས་བོན་གྱི་ཡི་གེ་དང་མཐུན་པའི་སྐད་འབྱིན་པའོ། །གཡོན་ལ་འགྲོ་བའི་བུད་མེད་གང་། །ཞེས་བྱ་བ་ནི་དབང་

เล่ม ๑๗ · หน้า 395b

མ་བསྐུར་བའི་ཚེ་བདེ་བ་ལ་མོས་པའོ། །རྣལ་འབྱོར་མ་ཡང་གཡོན་ལ་བརྟགས། །ཞེས་བྱ་བ་ནི་དབང་བསྐུར་བའི་རྣལ་འབྱོར་མར་གྱུར་ནས་བདེ་བ་བསྒོམ་པ་སྟེ་སེམས་ཀྱི་རྟགས་སོ། །དེ་ལྟར་ཐུན་མོང་གི་རྟགས་བཤད་ནས་ཐབས་ཀྱི་མཚན་ཉིད་ནི་ལག་པ་གཡོན་གྱིས་

ཤེས་རབ་མ་ལ་མཆོད་པ་དང་། མིག་གཡོན་པས་ཤེས་རབ་ལ་བལྟ་བ་དང་། བདེ་བ་བསྐྱེད་པའི་གཏམ་སྨྲ་བ་དེ་ནི་ལུས་ཀྱི་ཕྱག་རྒྱའི་དམ་ཚིག་དང་ལྡན་པར་བཤད་དོ། །དེ་ཅི་བསྒོམ་ཞེ་ན། རིགས་ཀྱི་ས་བོན་རབ་ཏུ་བསྒོམ། །ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་ས་བོན་རབ་ཏུ་བསྒོམ་པའི་རིགས་ཀྱི་བྱ་བ་དེར་མི་བྱ་བ་ནི་

ཙུམྦ་ན་དང་ཙུ་ཤ་ན་ལ་སོགས་པའི་བྱ་བ་དང་ལྡན་པའི་རང་རྟགས་གསུངས་པ། སྤོང་མིན་ཞེས་བྱ་བ་ནི་ཐབས་ཀྱི་ཏིང་ངེ་འཛིན་མི་སྤོང་བའོ། །ངག་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རང་གི་རིགས་ཀྱི་རིག་པ་བཟླས། །ཞེས་བྱ་བ་སྨོས་ཏེ་ལྷ་མོ་རིག་པ་ཟློས་པའོ། །ལུས་ཀྱི་

མཚན་ཉིད་ཇི་ལྟ་བུ་ཞེ་ན། ཤེས་རབ་ལ་འདུད་པ་དང་། ལྷ་མོ་ལ་ཕྱག་འཚལ་བའི་སྒྲ་ཀུན་དུ་སྨྲ་བ་དེ་ནི་ངེས་པར་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་མཐར་ཕྱིན་པའི་བདེ་བར་འགྲོ་བའོ། །རྣལ་འབྱོར་མའི་མཚན་ཉིད་བཤད་པ་ནི་དགའ་བ་དང་པོ་སྣ་ཚོགས་ཀྱི་དུས་སུ་

མཐེ་བོང་གཡོན་པས་ས་ལ་རི་མོ་འདྲི་བ་དང་། འདིར་འཇུག་པ་དང་ཟུར་གྱིས་བལྟ་ཞིང་ལག་པ་སྟོན་པའོ། །མཆོག་དགའ་རྣམ་པར་སྨིན་པའི་དུས་སུ་རང་གི་རིག་པའི་ཐབས་དྲན་པ་དང་། མཁུར་བའམ་ཀོ་སྐོའམ་སྣར་ཐལ་མོ་སྟོན་པའོ། །ལྷན་ཅིག་སྐྱེས་དགའ་

མཚན་ཉིད་དང་བྲལ་བའི་དུས་སུ་ཟུར་གྱིས་བལྟ་ཞིང་ཨ་ན་ཧའི་སྔགས་ཟློས་པ་དང་། རིག་པ་ལ་ལྟ་བའོ། །དེས་ཅིར་འགྱུར་ཞེ་ན། བདེན་པར་སྨྲ་བའི་རྣལ་འབྱོར་པ། །ཞེས་བྱ་བ་སྟེ། དོན་དམ་པའི་བདེན་པ་སྟོན་པའི་རྣལ་འབྱོར་མའོ། །ལེའུ་བཅུ་དྲུག་པའི་རྣམ་པར་

བཤད་པའོ།། །།དེ་ལྟར་དག་བྱེད་ཀྱི་ལྷ་མོ་བཤད་ནས། དབང་གི་ལྷ་མོ་བཤད་པ་ནི། །དེ་ནས་རྙེད་དཀའ་རྣལ་འབྱོར་མ། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དང་གནས་དང་སྔགས་ལས་སྐྱེས་པའི་ལྷ་མོ་བྱང་ཆུབ་ཀྱི་སེམས་དུས་མཉམ་དུ་འབྱིན་པ་ནི་རྙེད་པར་

เล่ม ๑๗ · หน้า 396a

དཀའ་བའོ། །དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི། །ཞེས་བྱ་བ་ནི་ཞི་གནས་ཀྱི་ནམ་མཁའ་དང་ལྷག་མཐོང་གི་ནམ་མཁར་འགྲོ་བའི་ཕྱག་རྒྱའོ། །དེ་ལྟར་ཅི་ཞིག་བྱེད་ཅེ་ན། བདུད་རྩི་ལྔ་རྣམས་ཡང་དག་འབྱུང་། །ཞེས་བྱ་བ་སྨོས་ཏེ། སློབ་མའི་

ཁར་བྱང་ཆུབ་སེམས་ཀྱི་བདུད་རྩི་འབེབས་པའོ། །དེ་ཡང་དུ་ཡིན་ཞེ་ན། རྒྱུད་འབུམ་པ་ལས་བདུན་དུ་གསུངས་ཏེ། སངས་རྒྱས་སྤྱན་དང་། ཉེ་བའི་སངས་རྒྱས་སྤྱན་དང་། སྒྲོལ་མ་དང་། ཉེ་བའི་སྒྲོལ་མ་དང་། གོས་དཀར་མོ་དང་། ཉེ་བའི་གོས་དཀར་མོ་དང་།

མཱ་མ་ཀཱི་འབའ་ཞིག་དང་བདུན་ཏེ། དེ་རྣམས་ལ་ཞི་བའི་གཟུགས་སུ་བཤད་པས། ཡ་མི་ནི་དང་སྐྲག་བྱེད་མ། །འོད་ལྡན་མ་དང་འཇིགས་གཟུགས་ཅན། །ཀུན་སྤྱོད་ཚེ་ཟད་བ་སུ་ར། །མཁའ་འགྲོ་མ་ནི་རྣམ་པ་བདུན། །ཞེས་གསུངས་སོ། །དེ་མདོར་བསྡུས་

པའི་མཚན་ཉིད་རྒྱུད་ཕྱི་མ་དང་ནམ་མཁའ་དང་མཉམ་པའི་རྒྱུད་དུ་བཤད་པ་ནི། གཟུགས་ཅན་མ་དང་ཙུམྤི་ཀ །ལཱ་མ་ཡོངས་འགྱུར་བྱིས་བཅས་མ། །མི་ལྡོག་ལྷ་མོ་ཨེ་ཧི་ཀ །ཞེས་བྱ་བ་གསུངས་ཏེ། ཅུང་ཞིག་ཁྲོ་བོའི་ཆ་བྱད་སྟོན་པ་ནི་གཟུགས་ཅན་མ་དང་།

ཉེ་བའི་གཟུགས་ཅན་མ་དང་། ལཱ་མ་དང་ཉེ་བའི་ལཱ་མ་དང་། ཁཎྜ་རོ་ཧ་དང་ཉེ་བའི་ཁཎྜ་རོ་ཧ་དང་། མཁའ་འགྲོ་མ་འབའ་ཞིག་གོ། །དེ་རྣམས་ཀྱི་མཚན་ཉིད་ལེའུ་ལྔ་བཅུ་རྩ་གཅིག་འདིར་བཤད་པ་ནི་རྣལ་འབྱོར་པ་ལ་མངོན་པར་བལྟ་བ་དང་། སྨིན་མ་

འདེགས་ཤིང་གར་བྱེད་པ་དང་། སྔར་བཞིན་ཁྲོ་བ་ལས་ཕྱིས་དེ་ཞིག་ནས་འཛུམ་པ་དང་། གཟུགས་ཅན་མ་སྟེ་སངས་རྒྱས་སྤྱན་གྱི་མཚན་ཉིད་དོ། །དཔའ་བོ་དང་གཉིས་སུ་མེད་པ་ལ་དགའ་བ་དང་། བྱིས་པ་སྡུག་ཀྱང་རུང་། མི་སྡུག་ཀྱང་རུང་། བྱིན་པས་འཁྱུད་

ཅིང་འོ་བྱེད་པ་ནི་ཙུམྦི་ཀ་སྟེ་ཉེ་བའི་གཟུགས་ཅན་མ་སྟེ་རྒྱལ་རིགས་གཉིས་སོ། །ཟུར་གྱིས་བལྟ་ཞིང་ཁྲོ་གཉེར་དང་སྨིན་མ་བསྒྱུར་ཞིང་སྡིགས་མཛུབ་བྱེད་པ་དང་། མ་རངས་པས་དབུགས་མི་འབྱིན་པ་ལྟར་བྱེད་པ་ནི། ལཱ་མ་སྟེ་རྗེའུ་རིགས་སོ། །ཕག་ལ་

เล่ม ๑๗ · หน้า 396b

སོགས་པའི་སྲོག་ཆགས་རྣམས་འཇིགས་པར་བྱེད་པ་ནི་ཉེ་བའི་ལཱ་མ་སྟེ་རིགས་གཉིས་ཡིན་ནོ། །ཤིན་ཏུ་རྒོད་པ་དང་སླར་གནས་ནས་སོང་ནས་ཕྱིར་མི་ལྡོག་པ་ཁཎྜ་རོ་ཧ་སྟེ་བྲམ་ཟེའི་རིགས་སོ། །ཡིད་ཀྱིས་ཀུན་དུ་སྦྱོར་བས་སྙོམས་པར་འཇུག་པ་དང་། རྐང་པའམ་གོས་

ཀྱིས་རེག་ན་མི་འཚོ་བ་ནི་ཁཎྜ་རོ་ཧ་དང་ཉེ་བའི་ཁཎྜའི་རིགས་སོ། །མཁའ་འགྲོ་མ་ནི་འདིར་ཞེས་པ་ནི་དམངས་རིགས་མཐའ་ཡས་ཡིན་པས་མཚན་ཉིད་རྒྱ་ཆེར་མ་བཤད་དོ། །དེས་ཅི་ཞིག་བྱེད་སྙམ་ན། དབང་པོའི་དབང་སོགས་ཡིན་པར་འདོད། །ཅེས་བྱ་བ་ནི་དབང་

བསྐུར་བ་དང་། ཚོགས་འཁོར་བྱེད་པ་དང་། མཆོད་པ་བྱེད་པ་དང་། ཁམས་བལྟ་བ་དང་། བཞི་ཀར་རུང་བའོ། །དེ་དག་ནི་ཁྱིམ་དུ་ཅི་ཞིག་འདྲི་ཞེ་ན། གཟུགས་ཅན་མས་ཐོད་པ། ཉེ་བའི་གཟུགས་ཅན་མས་དགྲ་སྟ། ལཱ་མས་མཆེ་བ། ཉེ་བའི་ལཱ་

མས་རལ་གྲི། གོས་དཀར་མོས་དགྲ་སྟ། ཉེ་བའི་གོས་དཀར་མོས་རྡོ་རྗེ། མཁའ་འགྲོ་མས་ནི་དུང་འདྲི་བ་ཡིན་ནོ། །མི་ཐུབ་ཟླ་བ་དང་བྷ་བ་པའི་ཞལ་སྔ་ནས་ནི་སྐུའི་འཁོར་ལོའི་བརྩོན་འགྲུས་ཆེན་པོ་ནས་བརྩམས་ནས། ཐུགས་ཀྱི་འཁོར་ལོའི་རབ་

གཏུམ་མའི་བར་དུ་ཉི་ཤུ་རྩ་བཞི་ཡོད་པ་ལ། རིས་དྲུག་དང་སྦྱར་ན་རྡོ་རྗེ་སེམས་དཔའ་ལ་བཞི། ཉེ་བའི་གཟུགས་ཅན་མ་དང་རྣམ་པར་སྣང་མཛད་ལ་བཞི། ཙུམྦི་ཀ་དང་པདྨ་གར་གྱི་དབང་ཕྱུག་ལ་བཞི། ལཱ་མ་དང་དཔལ་ཧེ་རུ་ཀའི་བཞི། ཡོངས་གྱུར་མ་དང་། རྡོ་

རྗེ་ཉི་མའི་བཞི་ལ་བྱིས་བཅས་མ་དང་། རྟ་མཆོག་གི་བཞི་ལ་མི་ལྡོག་པ་བཞིས་བྱས་ཏེ། དེ་ལྟར་ཉི་ཤུ་རྩ་བཞི་ཡིན་ལ་ཨེ་ཧི་ཀ་ནི་རྡོ་རྗེ་ཕག་མོའི་རིགས་ཡིན་ནོ་ཟེར་རོ། །ཡེ་ཤེས་ཀྱི་ལྷ་མོ་ཁོ་ན་བཤད་པ་ནི་མ་ཡིན་གྱི་ཞིང་སྐྱེས་དང་སྔགས་སྐྱེས་ཀྱང་བཤད་པ་ཡིན་ཏེ། མི་

ལྡོག་པ་ནི་ཞེས་བྱ་སྟེ། སྒྲུབ་མིན་པར་ནི་དེ་བཤད་དོ། །ཞེས་གསུངས་པའོ། །ལས་དང་པོའི་རྣལ་འབྱོར་མའི་བྱེ་བྲག་ཀྱང་བཤད་པ་ཡིན་ནོ། །ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དབང་གི་ལྷ་མོ་བཤད་ནས། ད་ནི་ཚོགས་ཀྱི་འཁོར་

เล่ม ๑๗ · หน้า 397a

ལོ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་པ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཡན་ལག་ནི་དབང་བསྐུར་བས་ལས་གཞན་ནོ། །མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ཕྱིས་མཆོད་པའི་ལྷ་མོ་བརྒྱད་

ཀྱི་མཚན་ཉིད་དོ། །དེ་རྣམས་ཀྱི་མཚན་ཉིད་ཤེས་ནས་ནམ་མཁའ་འགྲོ་མའི་དམ་ཚིག་ལ་གནས་པས་བདེ་བ་རྙེད་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། དམར་ཞིང་སེར་བའི་བུད་མེད་གང་། །ཞེས་བྱ་བ་སྨོས་ཏེ། ཁ་དོག་དམར་ཞིང་

སེར་བ་དང་། །སྤྱོད་ལམ་པདྨའི་དྲི་གཏོང་དང་། །དབྱིབས་ཀྱི་ལྟ་སྟངས་ཞི་བ་དང་། །རྣལ་འབྱོར་པ་ལ་ཞེན་པས་བལྟ། །ཞེས་པ་ལ་སོགས་པའི་མཚན་ཉིད་ཅན་ནི་གསུང་སྣང་བ་མཐའ་ཡས་ཀྱི་རིགས་ཅན་ནོ། །སྨིན་མའི་དབུས་ན་རྩེ་གསུམ་ཡོད། །ཅེས་བྱ་བ་ནི་རི་

མོ་གསུམ་པའི་དབྱིབས་ལ་ཁ་དོག་སྔོ་སྐྱ་ལ་སོགས་པའི་མཚན་ཉིད་ཅན་ནི། ཐུགས་མི་བསྐྱོད་པའི་རིགས་སོ། །གང་གི་དཔྲལ་བར་རྩེ་གསུམ་པ། །ཞེས་བྱ་བ་ནི་དཔྲལ་བར་རྩེ་གསུམ་པའི་དབྱིབས་དང་། ཁ་དོག་དམར་སེར་ལ་སོགས་པའི་མཚན་ཉིད་དང་

ལྡན་པ་ནི་སྒྲོལ་མ་སྟེ་ཧེ་རུ་ཀའི་ལཱ་མའི་རིགས་སོ། །འཁོར་ལོ་གང་གི་དཔྲལ་བའམ། །ཞེས་བྱ་བ་ནི་དབྱིབས་དང་ཁ་དོག་སྔོན་པོ་དང་ལྡན་པའི་མཚན་ཉིད་དང་ལྡན་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་སོ། །གང་ཞིག་མིག་སྨན་ནག་འདྲ་ཞིང་། །ཁ་དོག་དཀར་ཞིང་

མཐོ་བ་དང་། །ཞེས་བྱ་བ་ནི་དབྱིབས་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ཡུམ་རྡོ་རྗེ་ཕག་མོའི་རིགས་སོ། །སེར་ཞིང་སེར་བའི་མདོག་འདྲར་སྣང་། །ཞེས་བྱ་བའི་ཁ་དོག་དང་། མིག་མི་གཡོ་བ་ལ་སོགས་པའི་དབྱིབས་དང་ལྡན་པའི་ཁཎྜ་རོ་ཧའི་རིགས་སོ། །

གང་ཞིག་རྟག་པར་ཤ་ལ་དགའ། །ཞེས་བྱ་བ་སྤྱོད་ལམ་དང་། མིག་སྨན་གྱི་མདོག་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་ནམ་མཁའ་འགྲོ་མའི་རིགས་སོ། །སྤྲིན་གྱི་མདོག་འདྲའི་བུད་མེད་གང་། །ཞེས་བྱ་བའི་ཁ་དོག་དང་། སོ་ནི་མི་མཉམ་པར་གནས་

เล่ม ๑๗ · หน้า 397b

ཤིང་། །ཞེས་བྱ་བའི་དབྱིབས་དང་། རྟག་གདུག་པ་ཡི་ལས་ལ་དགའ། །ཞེས་བྱ་བ་ལ་སོགས་པའི་སྤྱོད་ལམ་དང་ལྡན་པ་ནི་གཟུགས་ཅན་མའི་རིགས་སོ། །མཁའ་འགྲོ་མ་ཡི་ཚོགས་འདི་དག །ཅེས་བྱ་བ་ནི། རིགས་གསུམ་ཡབ་ཡུམ་ལྔའི་ཚོགས་སོ། །ཞེས་

བྱ་བ་ཅིའི་ཕྱིར་གསུངས་ཤེ་ན། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཀྱི་འཁོར་ལོ་ལ་ཕན་པའི་ཕྱིར་རོ། །ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། །།ཚོགས་ཀྱི་འཁོར་ལོའི་ལྷ་མོ་བཤད་ནས། །མཆོད་པའི་ལྷ་

མོ་བཤད་པ་ནི། །དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། །དཔའ་བོའི་ལྷ་མོ་ལ་གཞན་ཡང་བཀས་གནང་བས་མཆོད་པ་བྱེད་པའི་ལྷ་མོ་བཤད་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན་གྱི་རྣལ་འབྱོར་པ་ལ་མཆོད་པའི་

ཡན་ལག་ཏུ་བཀས་གནང་བ་ཡིན་ནོ། །སྒྲུབ་པ་པོ་ཡིས་ལཱ་མ་ཡིན། །ཞེས་བྱ་བ་ནི་མཆོད་པའི་ཕྲིན་ལས་བྱེད་པའི་སྒྲོལ་མའི་རིགས་ཀྱི་ལྷ་མོ་ནི་ལཱ་མའོ། །དེ་ཡང་རིགས་ཀྱི་བྱེ་བྲག་གིས་ལྔ་ཡོད་པས་མཚན་ཉིད་ཀྱི་ཁྱད་པར་དང་ཞེས་བྱ་བ་སྨོས་ཏེ། དེ་ཡང་ཁ་དོག་གི་

མཚན་ཉིད་ཀྱི་ཁྱད་པར་དང་། དབྱིབས་ཀྱི་མཚན་ཉིད་ཀྱི་ཁྱད་པར་དང་། སྤྱོད་ལམ་གྱི་ཁྱད་པར་དང་། ཟླ་མཚན་འབྱུང་བའི་ཁྱད་པར་དང་བཅས་པའི་ཕྱག་རྒྱ་དང་། ཕྱག་རྒྱའི་ཡན་ལག་གི་ཁྱད་པར་གྱི་ཡན་ལག་གི་ཚིག་ཤེས་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་

པར་བཤད་པ་ནི། བུད་མེད་གང་ཞིག་བཞིན་ཟླུམ་ཞིང་སྨ་ར་དང་སྨིན་མ་རིང་བ་དབྱིབས་ཀྱི་མཚན་ཉིད་དོ། །གོས་གཙང་བ་དང་། སེམས་ཞི་བ་དང་། བདེན་པར་སྨྲ་བ་དང་། དམ་པའི་ཆོས་ལ་དགའ་བ་ནི་སྤྱོད་ལམ་གྱི་མཚན་ཉིད་དོ། །དེའི་ཡན་ལག་གི་ཕྱག་རྒྱ་

ནི་རྣལ་འབྱོར་བས་མཐེ་ཆུང་དང་། མཐེ་བོ་གཉིས་སོ་སོར་གཤིབས་ལ་སོར་མོ་རྣམས་བརྐྱང་བ་ནི་པདྨའི་ཕྱག་རྒྱའོ། །ལག་པ་གཡོན་པས་ཁ་སྦུབ་ཏུ་བྱས་པ་ལ་གཡས་པས་དེའི་སྟེང་དུ་ཁ་སྦུབས་ནས་གཡོན་པའི་སོར་མོའི་བར་དུ་གཡས་པའི་སོར་མོ་གཞག་པ་ནི་རུས་སྦལ་

เล่ม ๑๗ · หน้า 398a

གྱི་ཕྱག་རྒྱའོ། །དེའི་ལེན་དུ་རྣལ་འབྱོར་མས་པདྨའི་ལན་རི་དགས་ཀྱི་ཕྱག་རྒྱ་འཛིན་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་སྟེ། གཡོན་པའི་ཁུ་ཚུར་ནུ་མ་གཡོན་པའི་སྟེང་དུ་བཞག་པ་ནི་རུས་སྦལ་གྱི་ལན་དུ་རྡོ་རྗེ་ཁུ་ཚུར་པུས་མོའི་སྟེང་དུ་

བཞག་པ་ནི་བྱམས་པའི་ཕྱག་རྒྱའོ། །ཚེས་བཅུ་ལ་ཟླ་མཚན་འབྱུང་བ་དང་། སྤྱོད་ལམ་ནི་ཁྱིམ་དུ་པདྨ་བྲི་བའོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་ལཱ་མ་བཤད་ནས་པདྨ་རིགས་ཀྱི་ལཱ་མ་བཤད་པ་ནི། མཆུ་རིང་ཞིང་མིག་དཀྱུས་རིང་བ་ནི་དབྱིབས་སོ། །དམར་སེར་ནི་ཁ་དོག་གོ། །

ཕྱུག་པ་ལ་སོགས་པ་ནི་ཡོན་ཏན་ནོ། །རིང་མིན་ཐུང་མིན་ནི་དབྱིབས་སོ། །སྣ་ཚོགས་པའི་གོས་ལ་དགའ་བ་ནི་སྤྱོད་ལམ་མོ། །དཔྲལ་བར་རི་མོ་གསུམ་ཡོད་པ་དང་། སྐྲ་མཚམས་གྱེན་དུ་བལྟས་པ་ནི་དབྱིབས་སོ། །དགོད་ཅིང་དགའ་བ་ལ་སོགས་པ་ནི་སྤྱོད་ལམ་མོ། །

དེ་ལ་རྣལ་འབྱོར་པས་མཛུབ་མོ་གཡོན་པ་བསྒྲེང་བ་མདུང་གི་ཕྱག་རྒྱ་བསྟན་པ་དང་རྐང་པ་གཡོན་པ་བསྐུམ་པའི་གར་བསྟན་ནས་རྣལ་འབྱོར་མས་ལན་དུ་ལག་པ་གཡོན་པའི་མདུང་ནི་ཕྱག་རྒྱ་བྱེད་པ་དང་། གཡོན་པ་བསྐོར་ནས་འགྲོ་བ་ནི་ཕྱག་རྒྱའི་ལན་ནོ། །བཅུ་བཞི་དང་ཚེས་

བརྒྱད་ནི་ཟླ་མཚན་གྱི་དུས་སོ། །ཁྱིམ་དུ་མདུང་རྩེ་གསུམ་པ་བྲི་བ་ནི་སྤྱོད་ལམ་མོ། །འཇིག་རྟེན་དབང་ཕྱུག་གི་ལཱ་མ་སྟོན་པ་ནས། ལས་ཀྱི་རིགས་ཀྱི་ལཱ་མ་སྟོན་པའི་བར་མཁུར་ཚོས་སུ་ཁུང་བུ་སྣང་བ་ནི་དབྱིབས་སོ། །དམར་སེར་ནི་ཁ་དོག་གོ། །སྐྲ་འཁྱིལ་བ་ནི་དབྱིབས་སོ། །

དཔྲལ་བ་དར་གྱིས་བཅིངས་པ་ནི་སྤྱོད་ལམ་མོ། །དཔྲལ་བར་རི་མོ་གཅིག་ཡོད་ཅིང་མགྲིན་པ་རིང་བ་ནི་དབྱིབས་སོ། །གོས་དམར་པོ་ལ་དགའ་བ་ནི་སྤྱོད་ལམ་མོ། །གཡས་པའི་ཁུ་ཚུར་གྱི་མཛུབ་མོ་བསྒྲེངས་ནས་མདུང་གི་ཕྱག་རྒྱ་བྱ་བ་དང་། གཡོན་པའི་པུས་མོའི་ཐད་ཀར་ཁ་

ཐུར་དུ་བྱ་བ་ནི་དྲིལ་བུའི་ཕྱག་རྒྱ་བསྟན་པའོ། །རྣལ་འབྱོར་པས་གཡོན་ནས་ལྡོག་པ་ལན་ཡིན་ནོ། །ལས་ཀྱི་ལཱ་མ་བསྟན་ནས་ཧེ་རུ་ཀའི་ལཱ་མ་བསྟན་པ་ནི་ཐུང་ཞིང་བྱིན་པ་སྦོམ་པ་ནི་དབྱིབས་སོ། །གོས་སེར་ལ་དགའ་བ་ནི་སྤྱོད་ལམ་མོ། །བུད་མེད་དེ་གཡས་པའི་ཁུ་ཚུར་གྱི་

เล่ม ๑๗ · หน้า 398b

གུང་མོ་བསྒྲེང་བ་ནི་རྡོ་རྗེའི་ཕྱག་རྒྱའོ། །གཉིས་པ་དུང་གི་ཕྱག་རྒྱ་ནི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་བཅུམ་པའོ། །རྣལ་འབྱོར་མས་གཡོན་ནས་ཡོངས་སུ་ལྡོག་པ་ནི་ཕྱག་རྒྱའི་ལན་ནོ། །བཅུ་བཞི་ནི་ཟླ་མཚན་འབྱུང་བའི་དུས་སོ། །ཁྱིམ་དུ་རྡོ་རྗེ་འདྲི་བ་ནི་སྤྱོད་ལམ་མོ། །ཧེ་རུ་

ཀའི་ལཱ་མ་བསྟན་ནས། ཕག་མོའི་ལཱ་མ་ནི་ལུས་ཀུན་ལ་སྤུ་ཡོད་པ་ནི་དབྱིབས་སོ། །མིག་ནག་ཅིང་སེར་བ་ནི་ཁ་དོག་གོ། །སྦོམ་པ་ལ་སོགས་པ་ནི་དབྱིབས་སོ། །གླུ་མཁས་པ་ནི་སྤྱོད་ལམ་མོ། །སྤྲིན་གྱི་མདོག་ཅན་ནི་ཁ་དོག་གོ། །དེ་ལ་རྣལ་འབྱོར་པས་

ལག་པའི་སོར་མོ་བཅུ་བརྐྱང་ནས་གླུའི་ཕྱག་རྒྱ་བསྟན་པ་ནི་ཁུ་ཚུར་གཡོན་ནས་མཛུབ་མོ་བསྒྲེང་བ་མདུང་གི་ཕྱག་རྒྱ་བསྟན་པར་བྱའོ། །རྣལ་འབྱོར་མས་གཡོན་ནས་ལྡོག་པ་ནི་ཕྱག་རྒྱའི་ལན་ནོ། །ཚེས་བཅུ་གཅིག་ནི་ཟླ་མཚན་འབྱུང་བའི་དུས་སོ། །ཁྱིམ་དུ་རྡོ་རྗེ་འདྲི་བ་ནི་སྤྱོད་

ལམ་མོ། །ལེའུ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལྷ་མོ་གསུམ་གྱི་མཚན་ཉིད་བསྟན་ནས། ལྷ་མོ་གསུམ་གྱི་བརྡ་བསྟན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། དེ་ལ་དང་པོ་དབང་གི་ལྷ་མོའི་བརྡ་བསྟན་ཏེ། མཁའ་འགྲོ་

གཡོན་གྱི་གྲྭ་རྣམས་ཏེ། །ཞེས་བྱ་བ་ནི་ཡེ་ཤེས་དང་གནས་དང་སྔགས་ལས་སྐྱེས་པས་སོ། །གཡོན་གྱི་བརྡ་ནི་ཞི་གནས་ཀྱི་བདེ་བ་དང་། ལྷག་མཐོང་སྟོང་པ་ཉིད་སྒོམ་པ་ནི་བརྡའོ། །དགོས་པ་ཅི་ཡིན་ཞེ་ན། སྤུན་དང་སྲིང་མོར་ཤེས་པའོ། །ཁ་སྦྱོར་དང་མཉམ་སྦྱོར་ལས་བརྡ་

འདི་རྣམས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡ་ཡིན་པས་ཐ་མལ་པའི་སྤྱོད་ལམ་བཞག་ནས་ཟག་པ་མེད་པའི་སྤྱོད་ལམ་ལ་འཇུག་པ་ཡིན་ནོ་ཞེས་གསུངས་སོ། །རྒྱུད་འདིར་སྦྱོར་བའི་དུས་སུ་སྤུན་དང་སྲིང་མོར་ཤེས་པར་བྱ་བ་དང་། དངོས་གཞིའི་ཚེ་དེ་བཞིན་

གཤེགས་པའི་བརྡ་བྱེད་པ་དང་གཉིས་ཀ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་ལག་པ་གཡོན་པ་སྟོན་པས་ཕྱག་འཚལ་བ་དང་སྲིན་ལག་སྟོན་པས་ཕྱག་འཚལ་བ་ལ་སོགས་པའི་ལན་དུ་སྟོན་པ་ནི་སྦྱོར་བའི་ཚེ་ནའོ། །ངོ་ཤེས་པར་བྱེད་པ་

เล่ม ๑๗ · หน้า 399a

དང་། དངོས་གཞི་ཟག་བཅས་ཀྱི་སྤྱོད་པ་བཏུལ་ནས་ཟག་མེད་ཀྱི་སྤྱོད་པ་ལ་འཇུག་པ་ཡིན་ནོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དབང་གི་ལྷ་མོའི་བརྡ་བསྟན་ནས། ཚོགས་

ཀྱི་འཁོར་ལོ་དཔའ་བོའི་ལྷ་མོའི་བརྡ་བཤད་པ་ནི། དེ་ནས་ཡང་དག་ཕྱག་རྒྱ་ཡི། །མཚན་ཉིད་ང་ཡིས་བཤད་པར་བྱ། །ཞེས་བྱ་བ་སྨོས་ཏེ། ལག་པའི་ཕྱག་རྒྱའི་མཚན་ཉིད་ནི་སྦྱོར་བའི་ཚེ་ན་ངོ་ཤེས་པར་བྱེད་པའམ་དངོས་གཞིའི་ཚེ་སངས་རྒྱས་ཀྱི་སྤྱོད་ལམ་སྟོན་པའོ། །

དངོས་གཞི་དེ་ལྟར་བྱས་ཀྱང་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། གསང་བའམ་ནི་དོན་ཆེན་ལ། །ཕྱག་རྒྱ་འདི་ནི་སྦྱར་བར་བྱ། །ཞེས་གསུངས་པས། དངོས་གྲུབ་ལྷ་ལས་ལེན་པའམ། རྣལ་འབྱོར་མ་ལས་ལེན་པ་གཉིས་སུ་ཤེས་པར་བྱས་ཏེ། དངོས་གྲུབ་ལྷ་ལས་

ལེན་པ་ནི་ལྷའི་སྙིང་གར་བཅུག་པས་རྣལ་འབྱོར་མངོན་སུམ་བསྐྱེད་པའི་བྱིན་རླབས་ཀྱིས་ལམ་སྟོན་པ་ཡིན་ལ། རྣལ་འབྱོར་མ་ལས་དངོས་གྲུབ་ལེན་པ་ནི་སྟོང་པ་ཉིད་ཀྱི་ལམ་མངོན་སུམ་དུ་རྟོགས་པས་མངོན་སུམ་གྱི་ལམ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་

པར་བཤད་པ་ནི། བུད་མེད་གང་སྤྱི་གཙུག་ལ་རེག་པ་ཞེས་བྱ་བ་སྨོས་ཏེ། བུད་མེད་གང་ཞིག་ཡེ་ཤེས་དང་ཞིང་དང་སྔགས་ལས་སྐྱེས་པས་སོ། །དེ་སྤྱི་གཙུག་ལ་རེག་པའི་ཚེ་ཁོ་མོ་ལ་རྩ་ཨ་ཝ་དྷཱུ་ཏཱི་ནམ་མཁའི་རྩ་ཡོད་ཅེས་སྟོན་པ་ཡིན་ནོ། །ཕྱག་རྒྱའི་ལན་དུ། མགོ་བོ་དེ་ལ་

བསྟན་པར་བྱ། །ཞེས་བྱ་བ་ནི་ཁོ་བོའི་བདེ་བ་ནི་སྟོང་པ་ཉིད་རྟོགས་པར་འདོད་ཅེས་སྨྲ་བ་ཡིན་ནོ། །དེ་ལྟ་བུ་གང་ཞིག་དཔྲལ་བ་སྟོན་པ་ལ་སོགས་པ་ཐམས་ཅད་ནི་ནམ་མཁའི་རྩ་སྟོན་པར་ནུས་སོ་ཞེས་སྟོན་པ་ཡིན་ལ། མཁུར་ཚོས་སྟོན་པ་ལ་སོགས་པ་ལན་གྱི་ཕྱག་རྒྱ་ཐམས་

ཅད་ནི་བདེ་བ་སྟོང་པ་ཉིད་མངོན་སུམ་དུ་སྒོམ་ཞེས་སྟོན་པ་ཡིན་ནོ། །བརྡ་མི་འདྲ་བ་མང་པོ་ནི་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱི་ཁྱད་པར་རོ། །ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་དཔའ་བོའི་བརྡ་བསྟན་ནས། བཀས་

เล่ม ๑๗ · หน้า 399b

གནང་བ་མཆོད་པའི་ལྷ་མོའི་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། ཡན་ལག་ཇི་བཞིན་ཆོ་ག་བཞིན། །ཞེས་བྱ་བ་ནི་ཉིང་ལག་གི་སོར་མོའི་བརྡའོ། །དགོས་པ་ཅི་ཞིག་ཅེ་ན། སྤུན་དང་སྲིན་མོར་ཤེས་པར་འགྱུར་བའོ། །དེ་ལྟར་མདོར་བསྟན་

ནས་རྒྱས་པར་བཤད་པ་ནི། སོར་མོ་གཅིག་སྟོན་པ་ནི་ཕྱག་འཚལ་བའོ། །གཉིས་སྟོན་པ་ནི་ཕྱག་འཚལ་བའི་ལན་ནོ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཞེས་བྱ་བ་ནི་དག་བྱེད་ཀྱི་དབང་གི་ལྷ་མོ་དང་དཔའ་བོའི་ལྷ་མོ་བཀའ་བསྒོ་བ་བསྐྱེད། དེ་འོག་མ་ལུས་ཀུན་སྤྱོད་

མ། །ཞེས་བྱ་བ་ནི་རིགས་ལྔའོ། །ཐུན་མོང་གི་ཕྱག་འཚལ་བ་དང་དེའི་ལན་ཡིན་ནོ། །མཛུབ་སོར་གཉིས་བཀུག་མིག་གི་རྒྱ། །ཞེས་པ་ནི་ཨ་ཝ་དྷཱུ་ཏཱི་ཁ་འབྱེད་ཤེས་སམ་ཞེས་དྲིས་པ་ཡིན་ནོ། །སྔགས་པས་གང་ལ་དེ་བསྟན་ཏེ། །ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་སུམ་ཅུ་

རྩ་བདུན་པའོ། །དེའི་ཕྱག་རྒྱའི་ལན་དུ་མཛུབ་སོར་གཉིས་བཀུག་ནས་དེ་ནས་བརྩམས་ཏེ་ཇི་སྲིད་འཚོའི་བར་དུ་བརྟན་པ་ནི་བདེ་བ་མི་ཉམས་པ་ལ་དབང་ཐོབ་པར་ཐེ་ཚོམ་མེད་དོ། །རྡོ་རྗེ་ཕག་མོ་ལྟ་བུ་གང་ཞིག་གུང་མོ་སྟོན་པར་བྱེད་ན་རྣལ་འབྱོར་པས་མཛུབ་མོ་བསྟན་པར་བྱའོ། །

གང་ཞིག་སྲིན་ལག་སྟོན་པ་ནི་རབ་ཏུ་གཏུམ་མའོ། །དེ་ནས་བརྩམས་ཏེ་གང་ཞིག་དཔྲལ་བ་སྟོན་པ་ཞེས་བྱ་བ་ཐ་མར་བསྟན་པ་ནི་ཤིང་གྲིབ་མའི་བརྡའོ། །དེའི་ལན་ལྕེ་ནས་བརྩམས་ཏེ་ལྟེ་བའི་བར་དུ་བསྟན་པ་ནི་དཔའ་མོའི་བརྡ་སྟེ། ཐུགས་ཀྱི་འཁོར་ལོ་ལ་བསྟན་པ་བཞིན་དུ་སྐུ་དང་གསུང་

ལ་སོགས་པ་ལ་བསྟན་པ་ཡིན་ནོ་ཞེས་བསྒྲེ་བར་བྱ་བའི་ཕྱིར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །རིམ་བཞིན་ཡན་ལག་ཕྱག་རྒྱ་ཡི། །ཞེས་བྱ་བ་སྨོས་ཏེ། ཐུགས་ཇི་ལྟ་བ་བཞིན་དུ་གསུང་དང་སྐུ་དང་དམ་ཚིག་མཁའ་འགྲོ་མ་ལས་ཀྱང་གོ་རིམས་བཞིན་དུ་ཡན་ལག་ཕྱག་རྒྱ་ཡིན་ནོ། །

འདི་དག་རྟགས་བདུན་བསྟན་གསང་བ། །ཞེས་བྱ་བ་ནི་ཆགས་པའི་ལམ་གསང་བ་པ་རྣལ་འབྱོར་མའི་བརྡའི་རྟགས་ཤེས་ནས། ཡང་དག་ལྟ་བ་གྲུབ་པར་འགྱུར། །ཞེས་བྱ་སྟེ། ས་བཅུ་གཅིག་གི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྣལ་འབྱོར་པ་ཁ་དོག་དང་དབྱིབས་

เล่ม ๑๗ · หน้า 400a

ཀྱི་མཚན་ཉིད་དང་བརྡ་ཡང་མི་ཤེས་ལ་རྣལ་འབྱོར་མ་དབང་བསྐུར་བ་ཐོབ་ཀྱང་བརྡ་མི་ཤེས་ན་ཇི་ལྟར་རིགས་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་ཞེ་ན། རྡོ་རྗེ་མཁའ་འགྲོ་ལས་ལྷའི་འཁོར་ལོ་བྲིས་ལ་མེ་ཏོག་འཕང་བའམ་ལག་པས་རེག་པའམ།

ཡི་གེའི་སྡེ་ཚན་ལྔར་བྱས་ལ་ལག་པས་རེག་པའམ། མེ་ཏོག་འཕངས་ན་དེའི་རིགས་སུ་ཤེས་པར་འགྱུར་རོ། །ཡི་གེ་དེ་ཡང་གང་ཞེ་ན། ཨ་རིང་ཐུང་གཉིས་དང་སྡེ་ཚན་ལྔའི་དང་པོ་ལྔ་དང་མཐར་གནས་པའི་དང་པོ་གཉིས་ཀྱི་སྟེང་དུ་ཡི་གེ་བདུན་ནི་དེ་བཞིན་གཤེགས་པའི་རིགས་སོ། །ཨི་ཨཱི་གཉིས་དང་སྡེ་ཚན་གྱི་

གཉིས་པ་ལྔ་དང་། མཐར་གནས་ཀྱི་འོག་གཉིས་དང་དགུ་ནི་རིན་པོ་ཆེའི་རིགས་སོ། །ཨུ་ཨཱུ་དང་སྡེ་ཚན་གྱི་གསུམ་པ་ལྔ་དང་། མཐར་གནས་ཀྱི་གཉིས་དང་དགུ་ནི་པདྨའི་རིགས་སོ། །ཨེ་ཨི་གཉིས་དང་སྡེ་ཚན་གྱི་བཞི་པ་ལྔ་དང་དྲོ་བ་དང་མཐར་གནས་ཀྱི་ཐ་མ་གཉིས་

ནི་ལས་ཀྱི་རིགས་སོ། །ཨོ་ཨཽ་དང་ཨཾ་ཨཿདང་དབྱངས་བཞི་དང་སྡེ་ཚན་གྱི་ཐ་མ་ལྔ་དང་། མཐར་གནས་ཀྱི་དང་པོ་གཉིས་དང་བདུན་ནི་རྡོ་རྗེའི་རིགས་སོ། །ལས་དང་པོ་པས་གཞན་རྟོགས་པའོ། །ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།

དེ་ལྟར་དག་བྱེད་དང་དབང་དང་། དཔའ་བོ་དང་བཀས་གནང་བའི་མཚན་ཉིད་ཀྱི་ལེའུ་བཞི་དང་བརྡའི་ལེའུ་བསྟན་ནས་ཀུན་སྤྱོད་ཀྱི་མཚན་ཉིད་བསྟན་པར་བྱ་བ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། མཁའ་འགྲོ་མ་ཡི་མཚན་ཉིད་དེ། །ཞེས་བྱ་བ་

གསུངས་ཏེ། མཁའ་འགྲོ་མ་ནི་ཀུན་སྤྱོད་མའི་རིགས་ཏེ་ལྔའོ། །གང་གིས་ཤེས་ན་ཕོ་ཉ་མོ། །ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཤེས་ནས་ཕོ་ཉ་མོ་དེ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའོ། །དཔའ་བོ་སྲིང་མོར་ཤེས་འགྱུར་བ། །ཞེས་བྱ་བ་ནི། སྔགས་སྐྱེས་ཀྱི་ལྷ་

མོར་ཤེས་པའོ། །དེ་ལྟར་མདོར་བསྟན་ནས། །རྒྱས་པར་བཤད་པ་ནི། དམ་ཚིག་ཅན་གང་རྗེས་ཆགས་པས། །ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་མ་བསྒྲུབ་པའི་ཆོ་ག་སྟོན་པ་ཡིན་ནོ། །རྣལ་འབྱོར་མ་དམ་ཚིག་ཅན་གང་ཡིད་དུ་འོང་བ་ལ་རྗེས་སུ་ཆགས་པའོ། །དེ་ཇི་ལྟར་

เล่ม ๑๗ · หน้า 400b

སྒྲུབ་ཅེ་ན། རྣལ་འབྱོར་ལོངས་སྤྱོད་ས་གཞི་ཡིན། །ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ལོ་ཏོག་བསྐྱེད་པའི་ས་གཞི་ལས་ཀྱི་ཕྱག་རྒྱའོ། །དེ་ཡང་མཉམ་སྦྱོར་ལས། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་

གསུངས་སོ། །གཞི་ནི་ས་གཞིར་བྱས་ནས་ནི། །ཞེས་བྱ་བ་ནི་དགེ་བསྙེན་གྱི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྔགས་ཀྱི་དམ་ཚིག་བྱིན་པས་ས་གཞིར་བྱས་ནས། རྣལ་འབྱོར་པའི་ལུས་ཀྱི་འཁོར་ལོ་སྡོམ་པ་མཆོད་པར་བྱའོ། །གསང་བ་

འདུས་པ་དང་ཁ་སྦྱོར་ལས། མི་ཡི་བུད་མེད་མ་རྙེད་ན། །ཁམས་བལྟ་དུད་འགྲོ་བསྟེན་པར་བྱའོ། །ཞེས་གསུངས་པ་སྟེ། སྒྲའི་ཁམས་ལས་དྲངས་ནས་འཁོར་བའི་འགྲམ་ལས་ཕ་རོལ་ཏུ་རྒལ་བར་བྱེད་པའི་ལས་ཀྱི་ཕྱག་རྒྱ་ཀུན་སྤྱོད་མ་འདི་ལ་བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།

དེ་ཡང་རྡོ་རྗེ་རྩེ་མོ་ལས་དུད་འགྲོ་སྟེ། འཁོར་བའི་ཆུ་བོ་རྒལ་དཀའ་བས། །སེམས་ཅན་དག་ནི་ཐམས་ཅད་གནས། །ཅི་ལྟར་མི་ཤེས་རྨོངས་འགྱུར་བ། །དེ་བཞིན་ང་ཡིས་སྒྲོལ་བར་བྱེད། །ཅེས་གསུངས་པའི་ཕྱིར་ཀུན་སྤྱོད་མ་བྱོལ་སོང་གི་ལམ་ཞེས་བྱའོ། །བསྒྲུབ་

པ་བཤད་ནས་ཐུན་མོང་གི་རྟགས་བསྟན་པ་ནི་གོ་བཟློག་པ་ནི་ཞེས་བྱ་བ་སྨོས་ཏེ། མིག་ཕབ་ནས་ཟུར་མིག་བལྟ་བའོ། །བཞིན་རྣམ་པར་འགྱུར་བ་ནི་ཆགས་པས་ཁྱབ་པས་བདེ་བའོ། །རྟག་ཏུ་བཞིན་གྱི་སྨིན་མ་གཡོ། །སྣ་ཚོགས་མྱུར་དུ་ཤེས་བྱ་བ། །ཞེས་བྱ་བ་ནི་དགའ་

བའི་དུས་མཚོན་པ་ཡིན་ནོ། །རྣམ་པར་སྨིན་པ་དང་རྣམ་པར་བསྐྱོད་པ་དང་མཚན་ཉིད་དང་བྲལ་བ་ནི་ཤུགས་ཀྱིས་གོ་བར་འགྱུར་རོ། །དེ་བཞིན་མཁའ་འགྲོ་འགྱུར་བའོ། །ཞེས་བྱ་བ་ནི་སྔར་གྱི་ལྷ་མོ་བཞིན་དུ་འདིར་ཡང་མཁའ་འགྲོ་མའི་རིགས་སུ་འགྱུར་

བར་ཤེས་པར་བྱའོ། །དེ་ལྟར་སྐུའི་རིགས་བཤད་པ་ནི། རྣམ་འགྱུར་འཁོར་བ་ཞེས་བྱས་ཏེ། ཞེས་བྱ་བ་གསུངས་ཏེ། བཞིན་བསྒྱུར་ཞིང་ངག་གི་དཀྱིལ་འཁོར་བསྐུལ་བ་དང་། རི་མོ་གསུམ་དཔྲལ་བ་ན་ཡོད་པ་ནི་སྐུའི་རིགས་སུ་ངེས་པར་འགྲོ་བའོ། །ཐུགས་ཀྱི་

เล่ม ๑๗ · หน้า 401a

མཁའ་འགྲོ་མ་ནི། གལ་ཏེ་ལྡོག་པར་གྱུར་ན་ནི། །ཞེས་བྱ་བ་ལ་གལ་ཏེ་བསམ་པར་གྱུར་ན། སྔར་བཤད་པའི་དོན་རྟོག་མེད་བསྐྱེད་པའི་ཏིང་ངེ་འཛིན་ལ་སྤྱོད་པ་གཏོགས་པས་དེའི་གདོང་རྣམ་པར་འཇིགས་པ་བཞིན་འགྱུར་བ་སྟེ་རྡོ་རྗེ་ལྟ་

བུའི་སྐད་གསལ་པོར་སྨྲ་བ་ཡིན་ནོ། །གསུང་གི་རིགས་ནི་སྒྲ་ཁུ་བྱུག་ལྟར་གསལ་བ་ཡིན་ནོ། །དེ་ཀུན་སྤྱོད་པ་ལ་རིགས་ལྔ་སྟོན་པ་ནི་ཁྱིམ་དུ་རྡོ་རྗེ་མེ་ལོང་འདྲི་ན་ནམ་མཁའི་རྩ་ཡོད་པས་སྙོམས་པར་འཇུག་པ་སྔར་སྟོན་པས་ཐུགས་ཀྱི་རིགས་དང་། རལ་གྲི་མེ་ལོང་

དང་བཅས་པས་རིན་པོ་ཆེའི་རིགས་དང་། རྒྱལ་མཚན་མེ་ལོང་དང་བཅས་པས་པདྨའི་རིགས་དང་། མདུང་མེ་ལོང་དང་བཅས་པས་སྐུའི་རིགས་དང་། མེ་ལོང་ཁ་སྦྱོར་འདྲི་བའི་མཚན་ཉིད་འདི་དག་དང་ལྡན་པའི་མཁའ་འགྲོ་མ་ཀུན་སྤྱོད་མ་རྣམས་ཀྱི་ནང་ནས་མཆོག་

ཡིན་པར་ཤེས་པར་བྱའོ། །ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཀུན་སྤྱོད་མའི་མཚན་ཉིད་བཤད་ནས་དེའི་བརྡ་བཤད་པ་ནི། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། སྒྲུབ་པ་པོའི་བརྡ་རྣམས་བྱས་པས་སྤུན་

དང་སྲིན་མོར་ཤེས་པར་འགྱུར་བ་ནི་དགོས་པའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་པོ་ཏངྒི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁ་སྦྱོར་ལས་དངོས་གྲུབ་སྒྲུབ་པའི་ཚེ་བཟའ་བ་དང་བཅས་པའི་སྤྱོད་པ་བཏུལ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་

བརྡར་གྱུར་པའི་སྤྱོད་པ་ལ་ཞུགས་པ་དང་དངོས་གྲུབ་ལེན་པའི་ཐབས་སུ་གསུངས་སོ། །ཅིའི་ཕྱིར་ཐབས་ཡིན་ཞེ་ན། ཟག་པ་མེད་པའི་བརྡ་ཡིན་པའི་ཕྱིར་རོ། །ཐོག་མར་ཕྱག་འཚལ་ནས་ག་མུཿདང་ལུམྤཱ་ཞེས་འགྲོ་འོང་སྟོན་པ་དང་། དེ་ཧི་ཞེས་བྱ་བ་ནས་བརྩམས་ཏེ་

ཨ་མྲྀ་ཏ་ནའི་བར་གྱིས་དབང་བསྐུར་བའི་རྟགས་དང་། ས་ག་མོ་ནས་ཞེས་བྱ་བའི་བར་གྱིས་ཚོགས་ཀྱི་འཁོར་ལོ་ཡན་ལག་གི་བརྡའོ། །ཀུནྟ་ཞེས་བྱ་བ་ནས་ཨནྟ་ཞེས་བྱ་བའི་བར་གྱིས་མཆོད་པའི་ཡན་ལག་གོ། །ཤ་ནཾ་ཞེས་བྱ་བ་ནས་བརླ་ལ་རེག་པ་ཞེས་བྱ་བའི་བར་

เล่ม ๑๗ · หน้า 401b

གྱིས་ཁམས་ལྟ་བའི་ཡན་ལག་གོ། །ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་ལྔས་ལྷ་མོའི་བརྡ་བཤད་ནས། ལྷ་མོ་དང་རྣལ་འབྱོར་པའི་ལུས་ལ་ལྷ་དགོད་ནས་མཆོད་པ་བྱ་བ་ནི། དེ་ནས་དོན་ཀུན་འདོད་པ་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། དངོས་གྲུབ་ཀྱི་དོན་ཐམས་ཅད་བསྐྱེད་པའི་རྩ་བའི་སྔགས་སོ། །བྱ་བ་བྱེད་པ་ནི་ཡི་གེ་བཏུ་བའི་ཚེ་མི་གསལ་བ། རྣལ་འབྱོར་པ་མོས་པ་དམན་པའི་སེམས་ཅན་རྨོངས་ཤིང་མི་ཤེས་པར་འགྱུར་པས་རྩ་བའི་གསང་སྔགས་གསལ་བར་གསུངས་པའོ། །དེ་ལྟར་མདོར་

བསྟན་ནས་རྒྱས་པར་བཤད་པ་ནི་དཔའ་བོ་དང་རྣལ་འབྱོར་མའི་ལུས་ལ་དགོད་པའི་སྔགས་ཡི་གེ་བཏུ་བའི་ཚེ་མི་གསལ་བ་གསུངས་པ་ནི་འདི་ཡིན་ཏེ། ན་མོ་བྷ་ག་ཝ་ཏེ་ཞེས་བྱ་བ་ལ་སོགས་པའོ། །རྐང་པ་བརྒྱད་པོ་དེས་བདུད་རྩི་ལྔ་དང་ཅང་ཏེའུ་དང་ཆང་དང་འཁྱུད་པའི་ལྷ་མོ་

བརྒྱད་ཀྱིས་མཆོད་པ་ཡིན་ནོ། །ཀ་ར་ཀར་ཞེས་བྱ་བ་ལ་སོགས་པ་དང་དཔའ་བོ་ཉི་ཤུ་རྩ་བཞི་དགོད་པ་དང་། སྐུ་གསུང་ཐུགས་ཀྱི་དཔའ་མོ་སུམ་ཅུ་རྩ་བདུན་པ་དགོད་པར་བྱའོ། །ཧཱུཾ་དང་ཕཊ་ཀྱི་མཚམས་མ་ཕྱེ་བའི་རྩ་བའི་སྔགས་འདི་ནི་རྣལ་འབྱོར་མ་ལ་ཡེ་ཤེས་འབེབས་པས་

ན་གསང་བའི་ཚིག་གི་ལེའུ་ཞེས་བྱ་བར་གསུངས་ཏེ། རྣལ་འབྱོར་མ་སྒྲུབ་པའི་ཆོ་གའོ། །ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ཚོགས་ཀྱི་འཁོར་ལོ་ལེའུ་བཅུ་གཉིས་བཤད་ནས། ལེའུ་དང་པོ་རྫོགས་པའི་རིམ་པ་རྒྱས་པར་བཤད་པ་བསྟན་

པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་ཡང་འཇིག་རྟེན་ནི། གསུམ་པོ་དག་ན་ཡོད་མིན་པ། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ལས་གཞན་པ་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་ནི་ས་འོག་དང་། ས་སྟེང་དང་། ས་བླ་

གསུམ་དུ་རྙེད་པར་དཀའ་བའོ། །ཡང་ན་འདོད་པ་དང་གཟུགས་དང་གཟུགས་མེད་པར་རྙེད་པར་དཀའ་བས་ན་ཡོད་མིན་པ་ཞེས་བྱའོ། །ཤྲཱི་ཧེ་རུ་ཀའི་སྔགས་ཤེས་ན། །ཞེས་བྱ་བ་ནི་ཡིད་སྐྱོབ་པར་བྱེད་པའི་གསང་སྔགས་ཏེ། གཙང་སྦྲ་རྣམ་པ་གསུམ་མོ། །གསང་

เล่ม ๑๗ · หน้า 402a

སྔགས་ཐམས་ཅད་ཡོངས་དོར་བ། །ཞེས་བྱ་བ་ནི་སྤྱོད་པ་དང་བྱ་བ་དང་གཉིས་ཀ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་སྔགས་ཐམས་ཅད་ཡོངས་སུ་འདོར་བའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། རིམ་དང་རིམ་མིན་བཟློག་པ་

ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་དང་རིམ་ལས་བཟློག་པ་གང་ཞིག་ཡིན་ཞེ་ན། ཕོ་ཉ་རྣམས་ཞེས་བྱ་བ་གསུངས་ཏེ། ཕོ་ཉ་ནི་ཕྱག་རྒྱ་བཞི་སྟེ་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའོ། །དེ་དག་གང་མཚན་ཉིད་ནི་རིམ་དང་རིམ་ལས་བཟློག་

པའོ། །ཆགས་པའི་ལམ་པའི་ལས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ན་གཡས་སྐོར་དང་གཡོན་སྐོར་གྱིས་བཀོད་པ་ནི་རིམ་དང་རིམ་ལས་བཟློག་པའོ། །གྲོལ་བའི་ལམ་པའི་དབང་དུ་བྱས་པའི་ཆོས་དང་དམ་ཚིག་གི་ཕྱག་རྒྱ་ནི་དབུགས་ཕྱིར་རྒྱུ་བ་དང་། ནད་དུ་འཇུག་པའི་རིམ་

དང་རིམ་ལས་བཟློག་པའོ། །རང་ལྷག་པར་གནས་པའི་དབང་དུ་བྱས་ནས་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་ནི་རིམ་དང་རིམ་ལས་བཟློག་པའོ། །མཚན་ཉིད་དེ་དང་ལྡན་པའི་ཕོ་ཉ་མོ་རྣམས་ནི་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་སྐྱེ་བའི་རྒྱུར་ཡང་དག་གནས་ཞེས་བྱའོ། །

དེས་འབྲས་བུ་ཅིར་འགྱུར་ཞེ་ན། འོག་དང་སྟེང་གྲུབ་རྟག་ཏུ་སྟེར། །ཞེས་བྱ་བ་སྨོས་ཏེ། འོག་ནི་སྐུའི་དངོས་གྲུབ་བོ། །སྟེང་ནི་ཐུགས་ཀྱི་དངོས་གྲུབ་བོ། །སྟེང་གི་སྒྲས་འཕངས་པས་ས་སྤྱོད་གསུང་གི་དངོས་གྲུབ་འགྲུབ་པའོ། །རྟག་ཏུ་སྟེར་ཞེས་བྱ་བ་ནི་ཕྱག་

རྒྱ་བཞི་རྒྱུ་ནུས་པ་ཐོགས་མེད་ཡིན་པས་འབྲས་བུ་སྐྱེ་བར་གདོན་མི་ཟ་བའོ། །དངོས་གྲུབ་ཐམས་ཅད་ཇི་ལྟར་སྟེར་བར་འགྱུར་ཞེ་ན། བདག་གི་ཕོ་ཉ་མོ་ཀུན་འགྲོ། །ཞེས་གསུངས་ཏེ། དངོས་གྲུབ་གསུམ་ལ་ཁྱབ་པས་ན་ཀུན་འགྲོའོ། །ཕོ་ཉ་མོ་དེ་ཀུན་གྲུབ་སྟེར། །

ཞེས་བྱ་བ་ནི་རྒྱུ་ཡིན་པ་དེས་ན་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ལྟར་བསྒྲུབས་པའི་འབྲས་བུ་བཤད་ནས་དད་པའི་འབྲས་བུ་ནི། མཐོང་དང་དེ་བཞིན་རེག་པ་དང་། ཞེས་བྱ་བ་སྨོས་ཏེ། གྲོལ་བའི་ལམ་པའི་བྱང་ཆུབ་སེམས་དཔས་ཡིད་དུ་འོང་བའི་གཟུགས་མཐོང་བ་ནས་

เล่ม ๑๗ · หน้า 402b

བརྩམས་ཏེ། སྒྲ་ཐོས་པ་དང་དྲི་བསྣམས་པ་དང་རོ་མྱངས་པ་དང་ཡིད་དུ་འོང་བའི་རེག་བྱའི་བར་དུའོ། །དེ་ཡང་ཆགས་པའི་ལམ་པའི་དབང་དུ་བྱས་ནས། ཙུམྤ་ན་དང་རྟག་ཏུ་འཁྱུད། །ཅེས་བྱ་བ་སྨོས་ཏེ། ཁས་ཁ་ལ་རེག་པ་དང་འཁྱུད་པ་དང་སྙོམས་པར་ཞུགས་པ་ལ་

སོགས་པས་ནམ་མཁའི་རྩའི་རེག་བྱ་ཡུལ་དུ་བྱས་པའོ། །རྣལ་འབྱོར་གནས་པའི་ཁྱད་པར་ཉིད། །ཅེས་བྱ་བ་ནི། ཕོ་ཉའི་ལམ་པའི་རྣལ་འབྱོར་དང་གྲོལ་བའི་ལམ་དང་རང་ལྷག་པར་གནས་པའི་རྣལ་འབྱོར་པའོ། །གནས་ཀྱི་ཁྱད་པར་ནི་ཕྱག་རྒྱའི་དབྱེ་བས་རྣམ་པ་བཞིར་

ཕྱེ་བའོ། །ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི། །ཞེས་བྱ་བ་ནི་ཆགས་པའི་ལམ་དང་གྲོལ་བའི་ལམ་དང་རང་ལྷག་པར་གནས་པའོ། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །ཅེས་བྱ་བ་ནི་ཕྱག་རྒྱ་གསུམ་གྱིས་བསམ་གཏན་གྱི་ཏིང་ངེ་འཛིན་མངོན་སུམ་དུ་བསྐྱད་པ་

དང་ཕྱག་རྒྱ་ཆེན་པོས་ཟག་པ་མེད་པ་ལྷག་མཐོང་ཐོབ་པས་ནི། ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །ཅེས་གསུངས་སོ། །དེ་ལྟར་གྲུབ་པའི་འབྲས་བུ་དང་དང་པོའི་འབྲས་བུ་གཉིས་བཤད་ནས། ད་ནི་རྒྱུ་སྟོན་པ་ཡིན་ཏེ། བདེ་བ་ཀུན་ལ་སྦྱིན་བྱ་ཡི། །ཞེས་བྱ་བ་ནི་ཞི་

གནས་བདེ་བ་དང་ལྷག་མཐོང་སྟོང་པ་ཉིད་མངོན་སུམ་དུ་བྱེད་པར་སྦྱིན་པར་བྱ་ཞེས་ས་བོན་སྟོན་པ་ཡིན་ནོ། །གཞན་དུ་ནམ་ཡང་མ་ཡིན་ནོ། །ཞེས་བྱ་བ་ནི། རྣམ་བཤད་ནི་རྣམ་པ་བདུན་ཏེ་སྡེ་སྣོད་གསུམ་ལ་གནས་པའི་གོ་རིམས་ལམ་དུ་བྱེད་པ་དང་། རྒྱུད་སྡེ་བཞི་ལ་བསྐྱེད་

པའི་རིམ་པའི་དབང་ཐོབ་པ་རྣམས་ལ་ནམ་ཡང་སྦྱིན་པར་མི་བྱའོ། །བདེ་ཅན་ཀུན་ཞེས་བྱ་བ་གང་ཡིན་ཞེ་ན། །མ་དང་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་དང་དབང་དུས་གཅིག་ཏུ་བསྐུར་བ་དང་། སྲིང་མོ་ནི་རང་དང་ལྷན་ཅིག་ཏུ་དབང་བསྐུར་བའོ། །བུ་མོ་ནི་རང་གིས་དབང་བསྐུར་བའོ། །

ཆུང་མ་ནི་བླ་མས་གནང་བའོ། །དེ་རྣམས་ཤུགས་ཀྱི་རྡོ་རྗེ་སློབ་དཔོན་དང་བདག་ཉིད་དང་རང་གིས་དབང་བསྐུར་བའི་སློབ་མ་དང་། རྣལ་འབྱོར་མ་ལ་ལྟོས་ཏེ་རྣལ་འབྱོར་པ་རྣམས་ཀྱང་མཚོན་པ་ཡིན་ནོ། །གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །ཞེས་བྱ་བ་ནི་ཡིད་སྐྱོབ་པར་

เล่ม ๑๗ · หน้า 403a

བྱེད་པའི་སྔགས་དེའི་དབང་བྱིན་པ་རྣལ་འབྱོར་པ་དེ་རྣམས་ཀྱི་གཙང་སྦྲ་གསུམ་པོ་དེ་ཉིད་མངོན་སུམ་གྱི་ལམ་གྱི་ཆོ་གར་བཤད་དོ། །དེ་ལྟར་རྟེན་གྱི་གང་ཟག་བཤད་ནས། ད་ནི་ཐབས་སྟོན་པ་ནི། དེ་ནས་རྣལ་འབྱོར་རྒྱུད་དུ་ནི། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། རྣལ་འབྱོར་རྒྱུད་ནི་ཕྱི་མའི་ཕྱི་མ་འདི་ཉིད་ཡིན་ཏེ། ཐབས་ཀྱི་རྒྱུད་ལྔ་དང་ཤེས་རབ་ཀྱི་རྒྱུད་བཞི་ལས་གོས་དཀར་མོའི་རྒྱུད་ཡིན་པའི་ཕྱིར་རོ། །རྙེད་དཀའི་དམ་ཚིག་ང་ཡིས་བཤད། །ཅེས་བྱ་བ་ནི་བསམ་གཏན་དང་པོའི་ཏིང་ངེ་འཛིན་དངོས་སུ་བསྐྱེད་པའི་

ཐབས་ནི་ཚོགས་ཀྱི་འཁོར་ལོ་ཡིན་པས་ངས་བཤད་པ་ཡིན་ནོ། །སྐྱེས་པ་བུད་མེད་གཡོན་ནས་འགྲོ། །ཞེས་བྱ་བ་ནི་ཞི་གནས་བདེ་བ་དང་ལྷག་མཐོང་སྟོང་པ་ཉིད་ཀྱི་བདེ་བ་མངོན་སུམ་མོ། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། །ཅེས་བྱ་བ་ནི་ཞི་གནས་དང་བདེ་བ་མངོན་

སུམ་དུ་བསྐྱེད་པའོ། །རིགས་ལྡན་རྣམས་ནི་མཆོད་པར་བྱ། །ཞེས་ལེའུ་དང་པོར་གསུངས་པ་བཤད་པར་བཞེད་ནས། ཁྱིམ་དང་ཞིང་དུ་རྣམ་གནས་པ། །ཞེས་བྱ་བ་ནི་ཁྱིམ་ཡེ་ཤེས་པའི་འཁོར་ལོ་ནི་ཁྱིམ་མོ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནི་ཞིང་ངོ་། །རྣམ་གནས་

ནི་དམ་ཚིག་གི་འཁོར་ལོ་སྟེ་གནས་བརྒྱད་དོ། །དེ་སྐད་དུ་ཡང་ཀུན་སྤྱོད་ལས། །ཁྱིམ་ལྔ་དང་ནི་ཡུལ་རྣམས་དང་། །ཞེས་གསུངས་སོ། །ཤིན་ཏུ་རིང་ཡང་ཤེས་པར་འགྱུར། །ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་དང་སྤྱོད་ལམ་དང་བརྡ་རྣམ་པ་གསུམ་གྱིས་གནས་ཉི་

ཤུ་རྩ་བཞིར་སྐྱེས་ཀྱང་ཕན་ཚུན་རྣལ་འབྱོར་པར་ཤེས་པར་འགྱུར་རོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བཤད་ནས་ཞི་བའི་བཏུང་བ་བཤད་པ་ནི། ཧེ་རུ་ཀ་ལས་སྦྱོར་གཞན་མེད། །ཅེས་བྱ་བ་གསུངས་ཏེ། རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུར་རྟོགས་པ་ནི་ཧེ་རུ་ཀ་ལ་སྦྱོར་བའོ། །

གཞན་མེད་ཅེས་བྱ་བ་ནི་ཞི་བའི་བཏུང་བ་ལས་གཞན་མེད་པའོ། །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །ཞེས་བྱ་བ་ནི་ཞི་བའི་བཏུང་བའི་རྒྱུ་ཚོགས་པ་ཡིན་པས་ན་སློབ་དཔོན་ཞེས་རྟོགས་པ་ཡིན་ནོ། །རྒྱུད་འདི་རྣམས་སུ་སྒྲུབ་པ་པོ། །ཞེས་བྱ་བ་ནི་ཞི་བའི་བཏུང་བ་བསྒོམ་པའི་

เล่ม ๑๗ · หน้า 403b

རྣལ་འབྱོར་པའོ། །ལེགས་པར་གྱུར་པ་ཉིད་ཡིན་ཏེ། །ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །བརྙས་མི་བྱ་ཞིང་སྤང་མི་བྱ། །ཞེས་བྱ་བ་ནི་བདེ་བ་སྒྱུ་མ་ལྟ་བུར་རྟོགས་པའི་རྒྱུ་ཡིན་པས་ལུས་ངག་གིས་བརྙས་པར་མི་བྱ་ཞིང་སེམས་ཀྱིས་སྤང་བར་མི་བྱའོ། །

ནུས་པ་ཡིས་ནི་མཆོད་པར་བྱ། །ཞེས་བྱ་བ་ནི་སྦྱོར་བའི་ཚེ་ན་འདོད་པའི་ཡོན་ཏན་ལྔས་མཉེས་པར་བྱའོ། །དེ་བཞིན་ཞི་བའི་བཏུང་བ་བཤད་ནས་ཕོ་ཉའི་གཙང་སྦྲ་བཤད་པ་ནི། ཀཱ་ཀ་ལ་སོགས་བརྒྱད་པོ་ནི། །ཞེས་བྱ་བ་གསུངས་ཏེ། ཕོ་ཉའི་གཙང་སྦྲའི་ཐོག་མར་ཟག་པ་

མེད་པའི་སྡོམ་པ་བསྲུངས་ལ་ཀཱ་ཀ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིས་སྲུང་བར་བྱེད་པ་ཡིན་ནོ། །ཀཱ་ལ་སོགས་པ་བརྒྱད་ནི་རྣམ་རྒྱལ་ལ་སོགས་པ་བརྒྱད་ཡིན་པས་དེས་བསྲུང་བ་ཡིན་ཏེ་དེ་ཡང་རྒྱུད་བླ་མ་ལས། རྣམ་རྒྱལ་ལ་སོགས་ཁྲོ་བོ་རྣམས། །ཀཱ་ཀ་ལ་སོགས་

ཡང་དག་སྤྲུལ། །ཞེས་གསུངས་སོ། །མོས་དང་དད་པ་འཕེལ་བྱེད་པ། །ཞེས་བྱ་བ་ལ་རྣམ་ཤེས་ལ་མོས་པ་འཕེལ་བ་དང་ཡེ་ཤེས་ལ་དད་པ་འཕེལ་བའོ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །ཞེས་བྱ་བ་ནི་ཕྱིས་འབྱུང་བའི་དམ་ཚིག་བརྒྱད་དོ། །དམ་ཚིག་

རྣམས་ཀྱང་སྤྱོད་པའོ། །ཞེས་བྱ་བ་ནི་དམ་ཚིག་བསྲུང་བ་ལ་མཁའ་འགྲོ་མ་བརྒྱད་ཀྱིས་བསྲུང་བའོ། །དེ་ལྟ་བུའི་བདུད་འཇོམས་པའི་མཁའ་འགྲོ་མ་བརྒྱད་བཤད་ནས་ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་བཤད་པ་ནི། ལྷ་མོ་གཞན་དང་ཀུན་སྦྱོར་བ། །ཞེས་བྱ་བ་སྨོས་

ཏེ། དང་པོ་རྣམ་བཤད་ཀྱི་དམ་ཚིག་བཞི་སྨོས་པ་ནི་ལྷ་མོ་གཞན་ནི་དབང་བསྐུར་བའོ། །དེ་དག་དང་ཀུན་དུ་སྦྱོར་བ་ནི་བསྙེན་སྒྲུབ་མ་བྱས་པར་སྦྱོར་བའོ། །དམ་ཚིག་དང་ནི་མི་ལྡན་པར། །རིག་མ་བསྟེན་པར་དགའ་བ་དང་། །ཞེས་བཤད་པས་དབང་མི་བསྐུར་བ་དང་

སྙོམས་པར་མི་སྦྱར་བ་དང་། འདོད་ཆགས་པར་འགྱུར་བ་དང་ཞེས་བྱ་བ་ནི། དབང་བསྐུར་བ་ཡིན་ཡང་རང་བཞིན་བརྒྱད་ཅུ་དང་ལྡན་པའོ། །གཉིས་མེད་ཅེས་བྱ་བ་ནི་གཟུང་འཛིན་གཉིས་དང་བྲལ་བའི་གཉིས་མེད་དུ་ཤེས་པའོ། །གཟུགས་མེད་ཅེས་བྱ་བ་ནི་དགའ་བྲལ་དུ་སོང་

เล่ม ๑๗ · หน้า 404a

བའོ། །དེ་ལས་བཟློག་པ་ཡོངས་གཅོད་བཤད་པ་ནི། དམ་ཚིག་སྤྱོད་པ་སྤྱད་པ་དང་། །ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པ་ལ་སྤྱོད་པ་ནི་སྙོམས་པར་འཇུག་པའོ། །བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། །ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ།།

ཚངས་པར་སྤྱོད་དང་དེ་བཞིན་གཞི། །ཞེས་བྱ་བ་ནི་གཟུང་འཛིན་དང་བྲལ་བའི་འོད་གསལ་བ་ཟག་པ་མེད་པ་བསྲུང་བས་ན་གཞིའོ། །ཁྲོ་མེད་རྒྱུན་གྱིས་ཀུན་སྤྱོད་པ། །ཞེས་བྱ་བ་ནི་དགའ་བྲལ་དུ་མི་འགྲོ་བའི་བསྲུང་བའི་ཀུན་དུ་སྤྱོད་པའོ། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། །ཞེས་

བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དམ་ཚིག་གོ། །དེ་སྒྲུབ་པ་ལ་གནས་པ་རྣམས་ཀྱི་དམ་ཚིག་ཏུ་ཤེས་པར་བྱའོ། །དེ་ལྟར་དམ་ཚིག་བཤད་ནས། །རྒྱུད་རྣམས་ཀུན་གྱི་ཐུན་མོང་སྟེ། །ཞེས་བྱ་བ་ནི་ཕོ་ཉའི་གཙང་སྦྲ་དངོས་བཤད་པ་ཡིན་ནོ། །སྟོང་པ་ཉིད་མངོན་

སུམ་དུ་རྟོགས་པ་འདི་སྤྱོད་པ་དང་བྱ་བ་དང་གཉིས་ཀའི་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་དུ་ཐུན་མོང་དུ་སྣང་བ་ཡིན་པས་གནོད་པ་བྱེད་པའི་གཏན་ཚིགས་མེད་པར་གཞོམ་པར་མི་བྱ་ཞིང་གདགས་པར་མི་བྱ་བའོ། །དེ་ཇི་ལྟར་བསྒོམ་ཞེ་ན། དད་པ་ཉིད་ཀྱིས་བླང་བྱ་ཡི། །ཞེས་

བྱ་བས་ཏེ། ནམ་མཁའི་རྒྱུ་དང་ཚོགས་པ་ལས་བདེ་བ་རྟོག་པ་མེད་པའི་ངེས་པའི་ཤེས་པ་འདྲེན་པས་གུས་པར་བླང་བའོ། །མིག་གིས་མཐོང་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་ལག་པས་མ་ཡིན་ནོ། །གསང་བ་འདི་ནི་མ་བསྟན་ཅིང་། །ཞེས་བྱ་བ་འདི་ནི་གྲོལ་བའི་ལམ་

པ་ལ་མི་གནས། ལུས་ཀྱི་བར་གྱིས་ཆོས་ཀྱི་ཕྱག་རྒྱ་ལས་དབང་ཐོབ་པ་ཡིན་ཡང་། རེག་བྱ་རྡོ་རྗེ་མའི་གསང་བ་འདི་མ་བསྟན་ཅིང་རབ་ཏུ་སྦས་པ་ཡིན་ན་ཅིའི་ཕྱིར་གྲོལ་བའི་ལམ་པ་ལ་མི་བསྟན་ཞེ་ན། བློ་ལྡན་མཐེའུ་ཆུང་བསྐྱོད་པར་ནི། །ཞེས་བྱ་བ་སྨོས་ཏེ། བློ་ལྡན་ནི་ཆགས་

པའི་ལམ་པའོ། །མཐེ་ཆུང་བསྐྱོད་པ་ནི་རྩ་ཐ་མའི་སྒོ་སྤྲད་པའོ། །ཕོ་ཉ་མོ་རྣམས་ཡང་དག་གནས། །ཞེས་བྱ་བ་ནི་དུང་ཅན་དང་། པདྨ་ཅན་དང་རི་དགས་ཅན་རྣམས་ལས་ཀྱི་ཕྱག་རྒྱར་ཡང་དག་པར་གནས་པའོ། །དེ་ལྟར་ཐབས་བཤད་ནས་ཞར་ལ་བསྐྱེད་རྫོགས་གཉིས་ཀའི་རྒྱུའི་

เล่ม ๑๗ · หน้า 404b

རྒྱུད་བཤད་པ་ནི། དག་དང་མ་དག་འདྲེས་པ་སྟེ། །ཞེས་བྱ་བ་གསུངས་ཏེ། དག་པ་ནི་བསྐྱེད་པའི་རིམ་པ་བསྒོམ་པའོ། །མ་དག་པ་ནི་བདུད་རྩི་རྣམ་པ་ལྔ་ལ་ལོངས་སྤྱོད་པའི་རྫོགས་པའི་རིམ་པ་བསྒོམ་པའོ། །འདྲེས་པ་ནི་བསྐྱེད་རྫོགས་གཉིས་ཀ་བསྒོམ་པའོ། །དེའི་མིང་

གི་རྣམ་གྲངས་ནི། མཉེས་བྱེད་རྣམ་པར་དག་པ་དང་གསལ་བྱེད་ཅེས་བྱ་བ་གསུངས་ཏེ། ཡོན་ཏན་དང་ལྡན་པའི་མིང་གསུམ་མོ། །ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་དང་པོའི་འབྲས་བུ་དང་རྒྱུ་དང་ཐབས་རྣམ་པ་གསུམ་གྱི་སྒོ་ནས་

བཤད་ནས། ད་ནི་སྦྱོར་བ་དང་། དངོས་གཞི་དང་། མཇུག་རྣམ་པ་གསུམ་གྱི་སྒོ་ནས་བཤད་པར་བཞེད་ནས། དེ་ནས་རྣལ་འབྱོར་སྤྱོད་པ་བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ནི་གཙང་སྦྲ་གསུམ་བསྒོམ་པའོ། །སྤྱོད་པ་ནི་གཙང་སྦྲ་

རྣམ་པ་གསུམ་གྱིས་སོ། །བརྟུལ་ཞུགས་ནི་གཙང་སྦྲ་གསུམ་ནི་དངོས་གཞིའོ། །སྦྱོར་བ་ནི་མཆོད་པར་ཤེས་པར་བྱའོ། །བསྐྱེད་པའི་རིམ་པ་ལ་ཡང་སྤྱོད་པ་དང་བརྟུལ་ཞུགས་ཡོད་ན་རྫོགས་པའི་རིམ་པ་དང་ཁྱད་པར་ཅི་ཡོད་ཅེ་ན། ཕོ་ཉ་མོ་རྣམས་རབ་སྒྲུབ་བྱེད། །

ཅེས་བྱ་བ་གསུངས་ཏེ། ཕྱག་རྒྱ་བཞི་དང་བྱང་ཆུབ་སེམས་འབབ་པའི་བདེ་བའི་དབང་པོ་དང་། བདེ་བ་བསྐྱེད་པའི་བག་ཆགས་རྒྱུའི་རྐྱེན་དང་། སློབ་དཔོན་གྱི་གདམས་ངག་དྲན་པར་བྱེད་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་བསམ་གཏན་གྱི་སྡོམ་པ་རྣམ་ཤེས་དང་

ཟག་པ་མེད་པའི་སྡོམ་པ་ཡེ་ཤེས་སྐྱེས་པས་རབ་སྒྲུབ་བྱེད་ཅེས་བྱའོ། །མྱུར་དུ་འགྲུབ་ཅེས་བྱ་བ་ནི་མངོན་སུམ་དུ་རྟོགས་པར་བྱེད་པ་ཡིན་ཏེ། འབྲས་བུ་ཡོད་ཅེས་བྱ་བ་ཡིད། །ཅེས་གསུངས་པའི་ཕྱིར་རོ། །ཕོ་ཉ་རྣམས་ཀྱིས་ཚིག་ཐམས་ཅད་ཤེས་པར་བྱའོ་ཞེས་བྱ་

བ་ནི་གཙང་སྦྲ་གསུམ་ལ་སྦྱོར་བ་དང་། དངོས་གཞི་དང་མཇུག་གསུམ་དུ་ཕྱེ་བ་ནི་ཚིག་ཐམས་ཅད་དོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ལ་དང་པོ་མཆོད་པ་བསྟན་ནས། ཡུལ་དང་ཡུལ་དུ་ཉེ་བར་སོང་། །ཞེས་བྱ་བ་སྨོས་ཏེ། གནས་ཉི་ཤུ་རྩ་བཞིར་རྣལ་

เล่ม ๑๗ · หน้า 405a

འབྱོར་པ་དེ་རབ་ཏུ་སོང་ཞིང་སྒྲུབ་པའོ། །ཁ་ཅིག་ནི་རྒྱུད་བླ་མ་ལས་བཤད་པའི་སྦྱངས་པའི་ཡོན་ཏན་གྱི་འཁོར་ལོ་སྤྱོད་པར་སྒོམ་པ་ཡིན་ལ་དེའི་ཡན་ལག་ཏུ་གནས་ཉི་ཤུ་རྩ་བཞིར་རྒྱུ་ཞིང་རྣལ་འབྱོར་མ་འཚོལ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རིགས་

པ་མ་ཡིན་ཏེ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལས་ལངས་པའི་ཚེ་ཕྱོགས་ལས་རྣམ་པར་རྒྱལ་བ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བྱའོ་ཞེས་ཁ་སྦྱོར་ལས་གསུངས་པ་དང་འགལ་བ་དང་། རྡོ་རྗེ་མཁའ་འགྲོ་ལས་ཀྱང་། བཅོས་མའི་བསྒོམ་པ་སྤང་བར་བྱ། །བཅོས་པའི་

བཟླས་པའང་སྤང་བར་བྱ། །དེ་ལ་སོགས་པའི་བཅོས་མ་ཀུན། །རྣལ་མའི་སྦྱོར་བའི་ཚུལ་ལ་མིན། །ཞེས་གསུངས་པས་སྦྱངས་པའི་ཡོན་ཏན་གྱི་ལྷར་བསྐྱེད་པའི་དོན་མེད་དོ། །འོ་ན་ཡུལ་དེར་ཅིའི་ཕྱིར་རྒྱུ་སྙམ་ན། ཕོ་ཉའི་གཟུགས་སུ་མཚོན་པ་ཡིན། །ཞེས་གསུངས་ཏེ།

ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱིས་མཚོན་པ་དང་བརྡ་གསུམ་གྱིས་མཚོན་པའོ། །དེ་ཤེས་པས་འབྲས་བུ་ཅི་འགྲུབ་ཅེ་ན། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན། །ཞེས་གསུངས་ཏེ། དག་བྱེད་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །

བསོད་ནམས་འཕེལ་བ་ནི་ལྷག་མཐོང་གི་ཡེ་ཤེས་སྐྱེས་པའོ། །དེ་བཞིན་ཕོ་ཉ་ལེགས་འདྲེས་པས། །ཞེས་བྱ་བ་ནི་དེ་བཞིན་ནི་དཔེ་རལ་གྲིའི་སོ་འདྲ་བ་ལ་བསྙེགས་སོ། །རལ་གྲི་འདྲ་བ་སུ་ཞེ་ན། ཕོ་ཉ་ལེགས་འདྲེས་པས་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ལས་ནི་སེམས་

བསྡུས་ནས། །ནང་གི་བདག་ཉིད་དབྱེ་བྱེད་པས། །གནས་པའི་ལུས་ཀྱི་རེག་བྱ་ནི། །ཐོག་མའི་བློ་ནི་ལྷན་སྐྱེས་ཡིན། །ཞེས་བཤད་པས་རང་བཞིན་བརྒྱད་ཅུ་དང་བྲལ་བ་ལེགས་པར་འདྲེས་པའོ། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །ཅེས་བྱ་བ་ནི་ཕྱག་རྒྱ་བཞི་དང་

སྦྱོར་བ་ལས་དངོས་གྲུབ་གསུམ་ཐོབ་པའོ། །གོམས་པ་མི་དགོས་སམ་ཞེ་ན། བཟླས་བརྗོད་བསམ་གཏན་མེད་པར་ཡང་། །མྱུར་བ་ཉིད་དུ་གྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དཔེར་ན་བཀྲུ་སྨན་གྱི་ཚོགས་པ་ལས་ནད་འབྱིན་པ་བཞིན་དུ་བཟླས་བརྗོད་དང་བསམ་

เล่ม ๑๗ · หน้า 405b

གཏན་མེད་ཀྱང་། རྣམ་ཤེས་དང་ཡེ་ཤེས་ནི་རྒྱུ་ཚོགས་པ་ལས་སྐྱེའོ། །དེ་ལྟར་ཤེས་པའི་འབྲས་བུ་དང་། བསྒྲུབས་པའི་འབྲས་བུ་དང་། མྱུར་བའི་འབྲས་བུ་གསུམ་བཤད་ནས། ཐབས་བཤད་པ་ནི། སྔགས་དང་ཕྱག་རྒྱས་སྒྲུབ་པ་པོ། །མཆོད་པ་ཉིད་ལ་རབ་ཏུ་

འཇུག །ཅེས་བྱ་བ་གསུངས་ཏེ། སྔགས་ནི་བསྐྱེད་པའི་རིམ་པའི་ལུས་ལ་ལྷ་དགོད་པ་དང་། རྫོགས་པའི་རིམ་པའི་དབུགས་འབྱུང་འཇུག་འཁོར་བའོ། །ཕྱག་རྒྱ་ནི་བསྐྱེད་པའི་རིམ་པའི་ཕྱག་མཚན་དང་། རྫོགས་པའི་རིམ་པའི་ཕྱག་རྒྱ་བཞིའོ། །མཆོད་པ་ནི་གཙང་

སྦྲ་གསུམ་གྱི་སྦྱོར་བ་རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་ལ་འཇུག་པའོ། །དེ་ལས་གཞན་པའི་མཆོད་མེད་དེ། །ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་སྒྲུབ་པའི་མཆོད་པའོ། །དེ་ལྟར་བསྟན་བཅོས་རྣམ་ངེས་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ་མངོན་སུམ་གྱི་ལམ་བསྟན་པའི་

སྙིང་པོ་ཡིན་ནོ། །རྒྱལ་པོ་ནི་མི་ལ་ཁུར་གྱིས་དགེ་སློང་སེང་གེ་མ་བསད་ཀྱི་བར་དུ་མཚན་ཉིད་ཀྱི་ཐེག་པ་ལ་ཡང་མངོན་སུམ་གྱི་ལམ་ཡོད་པ་ཡིན་པ་ལས་བསད་ནས་བསྟན་པའི་སྙིང་པོ་ནུབ་པ་ཡིན་ནོ། །གསང་སྔགས་ཀྱི་ཐེག་པ་ལ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་མངོན་སུམ་

ཡོད་པས་བསྟན་པའི་སྙིང་པོ་མ་ནུབ་པ་ཡིན་ནོ། །འོ་ན་བསྟན་པའི་སྙིང་པོ་ཡོད་ན། གསང་བ་འདུས་པའི་ལེའུ་བཅུ་བདུན་པ་ལས་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་དུ་མ་གསུངས་སོ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། ལས་དང་པོ་པའི་རྣལ་འབྱོར་མ་རྟོགས་པ་ལ་དགོངས་

པ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་དུས་ཐམས་ཅད་དུ་མངོན་སུམ་གྱི་ལམ་གྱིས་ཆོས་ཀྱི་རྫོགས་པར་ལོངས་སྤྱོད་ཅིང་ཉམས་སུ་མྱོང་བའི་ཕྱིར་དགེ་སློང་མ་སེང་གེའི་རྣམ་པར་ཐར་པ་ལས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་ན་རྡོ་རྗེ་

མཐུ་བོ་ཆེ་རྡོ་རྗེ་རྒྱན་ཞེས་བྱ་བ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་གསུངས་སོ། །ཕོ་ཉ་དང་སྦྱར་བའི་མཆོད་པ་བཤད་ནས། རྣམ་པར་ཉེད་པ་དགའ་བྲལ་གྱི་གཉེན་པོར་སྤྱོད་པ་བསྟན་པ་ནི། ཕོ་ཉའི་ལམ་ལ་དགའ་བས་ཀྱང་། །ཞེས་བྱ་བ་གསུངས་ཏེ། ཆགས་

เล่ม ๑๗ · หน้า 406a

པའི་ལམ་པའི་སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན་ཞེས་བྱ་བ་ནི་དགའ་བྲལ་དུ་འགྲོ་བའི་དགོས་པའི་རོ་མཉམ་གྱི་སྤྱོད་པ་སྒོམ་པའོ། །དེ་ཡང་གང་ཡིན་ཞེ་ན། ཚོགས་ཀྱི་འཁོར་ལོའི་སྤྱོད་པ་སྟེ། །རིག་སྔགས་ཕྱག་རྒྱར་ཡང་དག་ལྡན། །ཞེས་བྱ་བ་ནས་ཞི་བ་

དང་རྒྱས་པ་ལ་སོགས་པའི་སྔགས་དང་ལག་པ་གཡས་གཡོན་དགང་གཟར་དང་བླུགས་གཟར་དུ་བྱས་པའི་ཕྱག་རྒྱ་དང་ལྡན་པས་བདུད་རྩི་ལྔའི་ཁ་ཟས་ལ་རྟག་ཏུ་སྤྱད་པར་བྱའོ། །ཁ་ཟས་འབའ་ཞིག་དང་ཚོགས་ཀྱི་འཁོར་ལོ་བྱེད་དམ་ཞེ་ན། སྒྲུབ་པ་པོ་ནི་ལེགས་པ་རུ། །མཉམ་

པར་གཞག་པས་རིགས་རྣམས་ནི། །ཀུན་ལ་ཉེ་བར་སྤྱད་བྱ་ཞིང་། །ཞེས་བྱ་བ་གསུངས་ཏེ། ལེགས་པར་མཉམ་པར་གཞག་པ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །རིགས་རྣམས་ཀུན་ནི་གཟུགས་ནས་རེག་བྱའི་བར་དུ་ཡུལ་ལྔ་དགའ་བ་བཞི་ཉེ་བར་ལོངས་སྤྱོད་ཅིང་

རྟོག་པ་མེད་པའི་ཤེས་པ་སྐྱེས་པའི་དུས་སུ་བཟའ་བ་མ་ཡིན་ཞེས་བླང་དོར་དུ་མི་བརྟག་གོ། །དེ་ལྟར་ཚོགས་ཀྱི་སྤྱོད་པ་བཤད་ནས། ཞི་བའི་བཏུང་བ་བཤད་པ་ནི་དོན་དམ་དུ་ནི་དབྱེར་མེད་ཅེས་བྱ་བ་གསུངས་ཏེ། དོན་དམ་བདེ་བ་རྟོག་པ་མེད་པ་སྒྱུ་མ་ལྟ་བུ་ཤེས་པ་ནི་དབྱེར་མེད་པའོ། །

ཕོ་ཉ་མོ་གཉིས་གྲུབ་པར་ཞེས་བྱ་བ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་སྒྲུབ་པའོ། །དངོས་གྲུབ་ཆོ་ག་ལ་སྤྱོད་པ་ནི་གསང་བའི་དབང་བསྐུར་བའི་དུས་སུ། ཕོ་ཉ་གཅིག་པུ་ཁོ་ན་ཡིན། །ཞེས་བྱ་བ་ནི་བདུད་རྩི་ལྔ་འབྱིན་པའི་ཡུམ་མོ། །རབ་བདག་ཉིད་ཅེས་བྱ་བ་ནི། མཆོག་གི་དངོས་གྲུབ་

དང་པོའོ། །དངོས་གྲུབ་ནི། སྒྲུབ་པ་དག་ཀྱང་ཉེ་བ་དང་། །ཞེས་བྱ་བ་ནི་འཇིག་རྟེན་གྱི་དངོས་གྲུབ་དང་ཉེ་བའོ། །བླ་མའི་བརྒྱུད་པས་ཐོབ་པའི་དབང་བསྐུར་བ་དང་། ཡིད་སྐྱོབ་པར་བྱེད་པའི་སྔགས་ཀྱི་ཏིང་ངེ་འཛིན་དང་ལྡན་པ། ཕོ་ཉ་རྣམ་གསུམ་ཡང་དག་བཤད། །ཅེས་བྱའོ། །དེ་ལྟར་གསང་

བའི་དབང་བསྐུར་བའི་སྤྱོད་པ་བཤད་ནས་ཕོ་ཉའི་གཙང་སྦྲའི་སྤྱོད་པ་བཤད་པ་ནི་དང་པོའི་ཕོ་ཉའི་རྣལ་འབྱོར་པའི་མཚན་ཉིད་བསྟན་ཏོ། །ཕྱག་རྒྱ་ལེགས་སྦྱོར་ངང་ཚུལ་ནི། །ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་རྟོག་པ་མེད་པའི་ངང་ཚུལ་ཅན་ནོ། །ཆགས་མེད་སྟོང་དང་ཞེས་བྱ་བ་

เล่ม ๑๗ · หน้า 406b

ནི་ཆགས་མེད་ནི་བདེ་བའི་རོ་མྱང་བའོ། །ཚུལ་ཁྲིམས་ལྡན་ཞེས་བྱ་བ་ནི་སྡོམ་པ་གསུམ་ལ་གནས་པའོ། །ཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས། །ཞེས་བྱ་བ་ནི་སྐྱེ་བ་སྔ་མར་གོམས་པར་བྱས་པའོ། །སེམས་ཀྱི་བདག་ཉིད་ནང་པར་ལངས། །ཞེས་བྱ་བ་ནི། དགའ་བ་དང་

མཆོག་དགའ་དང་། ལྷན་ཅིག་སྐྱེས་དགའ་ལས་འདས་པའོ། །འོད་གསལ་བ་ནི་བསྒོམ་པའོ། །ཁ་ཅིག་ནི་ཐུན་བཞི་དང་པོར་མལ་ནས་ལངས་ནས། བསྐྱེད་པའི་རིམ་པ་བསྒོམ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་སྐབས་མ་ཡིན་པས་བརྗོད་པར་མི་བྱ་སྟེ། རྫོགས་པའི་རིམ་པའི་

སྤྱོད་པ་ནི་བསྐྱེད་རིམ་སྒོམ་པ་མ་ཡིན་ཞིང་། བསྐྱེད་པ་རིམ་པ་ལ་ནི་ཐུན་བཞིར་ལྷའི་སྐུར་བསྒོམ་པ་ནི་དངོས་གཞི་ཡིན་པས་འབྲེལ་བ་མེད་པ་མ་ཡིན་ནོ། །དེ་ལྟར་རྟེན་གྱི་གང་ཟག་བཤད་ནས་ཐབས་བསྟན་པ་ནི། ལུས་ཀྱི་བྱ་བ་ཀུན་བྱས་ནས། །ཞེས་བྱ་བ་ནི་རྒྱུད་ཀྱི་རིམ་པ་འཁོར་

ལོ་བཞི་དང་རྩ་གསུམ་བཤད་པ་ཡིན་ནོ། །ལུས་ལ་ཤིན་ཏུ་མཚོན་ཆ་ནི། །ཞེས་བྱ་བ་ནི་སྔགས་ཀྱི་རིམ་པ་རླུང་མེའི་དྲོད་ཅན་ཉི་ཤུ་རྩ་བཞི་བསྲེགས་པས་ན་མཚོན་ཆའོ། །ལུས་ལ་གནས་པ་ཀུན་དུ་སྤྱད། །ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རིམ་པ་འཁོར་ལོ་བཞི་ལས་བྱང་ཆུབ་ཀྱི་སེམས་

བབ་པའོ། །དག་བྱེད་བྱས་པའི་ལུས་ཀྱང་ནི། །ཞེས་བྱ་བ་ནི། གསང་བའི་རིམ་པ་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་ལས་འདས་པའི་དག་བྱེད་རེག་བྱའི་སྟོང་པ་ཉིད་སྒོམ་པའོ། །རྟག་ཏུ་སྔགས་ནི་བརྗོད་པར་བྱ། །ཞེས་བྱ་བ་ནི་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པས་དག་

བྱེད་ཀྱི་ལུས་བརྟན་པར་གྱུར་པའོ། །རྣལ་འབྱོར་སྔགས་རྣམས་ངེས་བསྟེན་ཞིང་། །ཞེས་བྱ་བ་ནི་ཚོགས་དྲུག་གི་རླུང་ཨ་ན་ཧའི་ནང་དུ་གསུངས་པའོ། །མཚོན་ཆ་རྣམས་ནི་བསྒོམ་མི་བྱ། །ཞེས་པ་ནི་དབང་པོ་དྲུག་གི་རྩ་ལས་བྱང་ཆུབ་ཀྱི་སེམས་ཕབ་ནས་བདེ་བ་རྟོག་མེད་སྐྱེས་

པ་ནི་མཚོན་ཆ་ཡིན་ལ། དེ་ལ་གོམས་པར་མི་བྱ་བ་ནི་ལུས་དང་ཡིད་བདེ་བ་དགའ་བྲལ་དུ་མི་འགྱུར་བའོ། །བྲམ་ཟེ་ས་ར་པའི་ལུགས་ཀྱིས་ཐིག་ལེ་གཉིས་ཤོར་བ་དང་གཉིས་ལུས་པའི་མཚམས་སུ་བདེ་བ་སྟོང་པ་ཉིད་རྟོགས་པའི་ཤེས་པ་བསྐྱེད་པར་འདོད་མོད་ཀྱི། མཚོན་ཆ་རྣམས་ནི་

เล่ม ๑๗ · หน้า 407a

བསྒོམ་མི་བྱ། །ཞེས་གསུངས་པས་མཆོག་གི་རྒྱུད་དང་འགལ་བ་ཡིན་ནོ། །དམ་ཚིག་ཅན་ལ་ཁྲོ་མི་བྱ། །ཞེས་བྱ་བ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་བདེ་བ་རྟོག་པ་ཟག་མེད་ཀྱི་རྟེན་ཡིན་པར་ཤེས་བཞིན་དུ་ཉན་ཐོས་ཀྱི་ཐེག་པའི་རྗེས་སུ་

འབྲངས་ནས་མི་གཙང་བའི་རྫས་ཡིན་པར་སྨོད་པ་དང་། འཇིག་རྟེན་པའི་རྗེས་སུ་འབྲངས་ནས་མི་ཚངས་པར་སྤྱོད་པ་ཡིན་ནོ་ཞེས་སེམས་པའི་བློས་ལས་ཀྱི་ཕྱག་རྒྱ་ལ་སྨོད་པར་མི་བྱའོ། །མངོན་པར་བརྩོན་ལས་འདའ་མི་བྱ། །ཞེས་བྱ་བ་ནི་ཁ་སྦྱོར་ལས་གསུངས་པ་བཞིན་དུ་

རྒྱུའི་ཚོགས་པ་ལ་བརྟེན་པའོ། །དེ་དང་ལྷན་ཅིག་བདེ་བར་བྱ། །ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོའི་ལྷ་མོ་བདེ་བ་དང་བསམ་གཏན་གྱི་བདེ་བ་སྒོམ་པའོ། །གྲོལ་བའི་དོན་དང་ཞེས་བྱ་བ་ནི་དག་བྱེད་ཀྱི་ལྷ་མོ་དང་ཟག་མེད་ཀྱི་བདེ་བ་སྒོམ་པའོ། །དེའི་དོན་དང་ཞེས་བྱ་བ་

ནི་དེ་དང་གྲོལ་བའི་དམ་ཚིག་སྤྱད་པའོ། །འདི་དང་ལྷན་ཅིག་པ་སྤྱོད་བྱ། །ཞེས་བྱ་བ་ནི་གཞན་འཕྲུལ་དབང་བྱེད་ལྟར་བལྟས་པ་ཙམ་གྱིས་མ་ཡིན་པ་དང་། འཕྲུལ་དགའ་ལྟར་དགོད་པ་དང་། དགའ་ལྡན་ལྟར་ལག་བཅངས་དང་། མཚེ་མ་ལྟར་འཁྱུད་པས་མ་ཡིན་པའོ། །

སཱ་ལུ་སུམ་ཅུ་རྩ་གསུམ་པའི་བཞིན་དུ་བསམ་གཏན་གྱི་རྒྱུའི་ཚོགས་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པར་ཉེད་པ་དགའ་བྲལ་གྱི་གཉེན་པོ་སྤྱོད་པ་བཤད་ནས། དངོས་གཞི་ལ་མཚན་ཉིད་དང་བྲལ་བའི་དུས་སུ་ཕྱིའི་ལུས་ངག་གི་བརྟུལ་ཞུགས་བཤད་

པ་ནི། མཚན་མོ་རྟག་པར་ནམ་མཁའི་གོས། །ཞེས་སྨོས་ཏེ། རྟོག་པ་དང་བྲལ་བའོ། །གནག་དང་དམར་བར་རྟག་གྱུར་བྱ། །ཞེས་བྱ་བའི་འབྲས་བུའི་ཧེ་རུ་ཀ་དང་ཡུམ་རྡོ་རྗེ་ཕག་མོའི་ཁ་དོག་གོ། །སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །ཞེས་བྱ་བ་ནི་གླང་པོ་ཆེ་དང་སྟག་

གི་པགས་པའི་གཟུགས་བརྙན་བགོས་པའོ། །བདེ་བ་འདོད་པས་བདེ་ཐོབ་འགྱུར། །ཞེས་བྱ་བ་ནི་བསམ་གཏན་གྱི་བདེ་བ་ལུས་བདེ་འདོད་པ་དང་། ཕྱིའི་བརྟུལ་ཞུགས་ཧེ་རུ་ཀའི་ཆ་བྱད་ཀྱིས་བདེ་བ་གྲུབ་པར་འགྱུར་རོ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་གཙང་། །ཞེས་བྱ་

เล่ม ๑๗ · หน้า 407b

བ་ནི་བསྐྱེད་པའི་རིམ་པའི་ཕྱག་རྒྱ་ལྔ་ལས་གཅིག་མེད་ཀྱང་ལུས་ངག་ཡིད་གསུམ་གྱི་ཞེན་པ་སྤངས་པ་ནི་ཡོངས་སྤངས་གཙང་བའོ། །ཤྲཱི་ཧེ་རུ་ཀའི་བྱིན་གྱིས་བརླབས། །ཞེས་བྱ་བ་ནི་ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཧེ་ནི་རྒྱུ་དང་བྲལ་བས་ན་ལུས་སྟོང་པར་བྱིན་

གྱིས་བརླབས་སོ། །རུ་ནི་བཀོད་པ་དང་བྲལ་བས་ན་ངག་མཚན་མ་མེད་པར་བྱིན་གྱིས་བརླབས་པའོ། །ཀ་ནི་གང་དུ་མི་གནས་པས་ན་སེམས་སྨོན་པ་མེད་པར་བྱིན་གྱིས་བརླབས་པའོ། །བསྐྱེད་པའི་རིམ་པའི་མཆོད་ཕྱིར་ཐོགས་སྤངས་ནས་ཕྱིའི་བརྟུལ་ཞུགས་ལ་རྒྱན་

མེད་པ་ཡིན་ནམ་ཞེ་ན། ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །ཞེས་བྱ་བ་སྨོས་ཏེ། སྤྱི་གཙུག་གི་ནོར་བུ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། ལག་བདུབ་དང་། ཚངས་སྐུད་རྣམས་ནི་རུས་པའི་རྒྱན་དང་ལྡན་པའོ། །དུས་ཀུན་དུ་ནི་ཡང་དག་སྤྱད། །ཅེས་བྱ་བ་

ནི་བསྐྱེད་པའི་རིམ་པ་ལྟར་དངོས་གཞི་ལ་ཏིང་ངེ་འཛིན་བསྒོམས་ནས་ལྡང་བའི་ཚེ་སྡུད་པ་མ་ཡིན་པ་དངོས་དང་རྗེས་ཀྱི་སྤྱོད་ལམ་ཐམས་ཅད་དུ་ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པའོ། །ཕྱག་རྒྱ་ལྔ་གང་ཞེ་ན། མགུལ་རྒྱན་གདུ་བུ་རྣ་རྒྱན་དང་། །སྤྱི་བོ་ནོར་བུས་རྣམ་པར་བརྒྱན། །

མཆོད་ཕྱིར་ཐོགས་དང་རྣམ་པ་ལྔ། །ཐལ་བ་དང་དྲུག་གོ། །དུས་ཀུན་དུ་ནི་རྣམ་པར་གནས། །ཞེས་བྱ་བ་ནི་དཔའ་བོ་གཅིག་པུ་དང་རྒྱལ་ཚབ་ཀྱི་སྤྱོད་པའི་ཚེ་སྤྱོད་ལམ་རྣམ་པ་བཞིའི་དུས་ཐམས་ཅད་དུ་རྣམ་པར་གནས་པ་སྟེ། ཚོགས་དྲུག་གི་རྟོག་པ་མེད་པ་མཚོན་

པར་བྱེད་པའི་ཕྱག་རྒྱ་དྲུག་རྣམ་པར་གནས་པའོ། །ལས་དང་པོ་པས་ཇི་ལྟར་བྱ་ཞེ་ན། མཚན་མོ་བརྟན་པར་གསལ་བྱ་ཞིང་། །ཉིན་མོ་གསང་བ་ཉིད་དུ་བྱ། །ཞེས་བྱ་བ་སྨོས་ཏེ། མཚན་མོ་ཚོགས་ཀྱི་འཁོར་ལོའི་དུས་སུ་གསལ་བར་བྱ་ཞིང་། ཉིན་པར་འཇིག་རྟེན་པ་ལ་གསང་བའི་

ཚེ་སྤ་བར་བྱ་བ་ཡིན་ནོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་གསུམ་གྱི་ལུས་དང་ངག་གི་ཕྱིའི་བརྟུལ་ཞུགས་བཤད་ནས་གཙང་སྦྲ་གསུམ་གྱི་སེམས་ཀྱི་གསང་བའི་བརྟུལ་ཞུགས་ནི། ཐ་དད་ཡེ་ཤེས་ཤིན་ཏུ་སྦས། །ཞེས་བྱ་བ་ནི་ཚོགས་

เล่ม ๑๗ · หน้า 408a

ཀྱི་འཁོར་ལོ་ལ་མ་དད་པར་ཤེས་པས་འདོད་པའི་ཡོན་ཏན་ལྔ་ལ་ཐ་དད་པར་སྣང་བ་དང་། ཞི་བའི་བཏུང་བ་ལ་གཟུང་འཛིན་གཉིས་སུ་སྣང་བ་དང་། ཕོ་ཉའི་གཙང་སྦྲ་ལ་གཟུང་འཛིན་གཉིས་སུ་ཐ་དད་པར་སྣང་བའི་ཤེས་པ་ནུས་པར་བྱས་པ་ནི་སྦས་པའོ། །རབ་ཏུ་ཞི་

ཞིང་དབང་པོ་དུལ། །ཞེས་བྱ་བ་ནི་རྣམ་ཤེས་ལ་རང་བཞིན་བརྒྱད་ཅུ་དང་བྲལ་བས་ན་རབ་ཏུ་ཞི་བའོ། །ཡེ་ཤེས་ལ་གཟུང་འཛིན་གཉིས་དང་བྲལ་བས་ན་དབང་པོ་ཐུལ་བའོ། །གཙང་སྦྲ་གསུམ་དུ་ཤེས་བྱ་ཞིང་། །ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པས་ན་གཙང་སྦྲ་

སྟེ། དེ་ཡང་། ཞི་གནས་སྟོང་པས་དབེན་པ་དང་། སྒྱུ་མ་ལྟ་བུ་དང་དངོས་པོར་འཛིན་པས་དབེན་པ་དང་། སྟོང་པའི་ཡེ་ཤེས་གཉིས་སུ་སྣང་བས་དབེན་པས་ན་རྣམ་པ་གསུམ་མོ། །རང་གི་རྒྱུན་བཞིན་རྣམ་པར་གནས། །ཞེས་བྱ་བ་ནི་རང་ནི་ཤེས་པ་རྟོག་པ་མེད་པའོ། །རྒྱུན་

ནི་དང་པོ་རྟོག་པ་མེད་པ་བཞིན་ཕྱིས་ཀྱང་རྒྱུན་ཡང་རྣམ་པར་གནས་པ་ན་རྒྱུན་བཞིན་རྣམ་པར་གནས་ཞེས་བྱའོ། །དེ་སྐད་དུ་ཡང་། དོན་དམ་སྙིང་པོ་ལས། མངོན་སུམ་རྒྱུན་ནི་བསྲིངས་པ་ལ། སྒོམ་པ་ཞེས་ནི་བཤད་པ་ཡིན། །ཞེས་བཤད་དོ། །རིགས་དང་རིགས་མིན་

ངོར་མི་བལྟ། །ཞེས་བྱ་བ་ནི་ཤེས་པ་རྟོག་པ་མེད་པ་སྐྱེས་པའི་ཚེའོ། །སེམས་པའི་རྣམ་པར་རྟོག་པ་དང་བྲལ་བས་རིགས་ཡིད་དུ་འོང་བ་དང་། རིགས་མིན་ཡིད་དུ་མི་འོང་བ་དང་བཏང་སྙོམས་སུ་མི་འཛིན་པས་ན་དོར་ནི་བལྟ་ཞེས་བྱའོ། །ཤེས་པ་རྟོག་པ་མེད་པ་གསང་

བའི་བརྟུལ་ཞུགས་ལ་ཕྱག་རྒྱ་རྣམ་པ་ལྔར་འཛིན་པ་ཡོད་དམ་ཞེ་ན། སྤྱི་གཙུག་ལ་སོགས་བཅིངས་པ་ཡང་། །ཞེས་གསུངས་ཏེ། གོས་དང་ཕྱག་རྒྱ་ལྔ་ལ་སོགས་པ་ནི་བླང་དོར་གྱི་རྣམ་པར་རྟོག་པ་ཡང་མེད་དོ། །དེ་ལྟར་ན་ཕྱག་རྒྱ་དྲུག་ནི་རྣམ་པ་གསུམ་དུ་འགྱུར་ཏེ། རིགས་

དྲུག་གི་རང་བཞིན་དུ་ཕྱག་རྒྱ་དྲུག་བསྒོམ་པ་བསྐྱེད་པའི་རིམ་པ་དང་། མཚན་བཅས་ཀྱི་རྫོགས་རིམ་གྱི་དུས་སུ་ཚོགས་དྲུག་གི་ཤེས་པ་རྟོག་པ་མེད་པར་དྲན་པར་བྱེད་པའི་ཕྱག་རྒྱ་དྲུག་དང་དངོས་གཞི་མཚན་མེད་ཀྱི་རྫོགས་རིམ་གསང་བའི་བརྟུལ་ཞུགས་ཀྱི་ཚེ་ཕྱག་རྒྱ་དྲུག་རྣམ་པར་

เล่ม ๑๗ · หน้า 408b

བསྒོམ་པ་ཡིན་ནོ། །དེ་ཡང་མཁའ་འགྲོ་ལས། རྣལ་མའི་ལམ་ནི་བརྟེན་ནས་ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། །ཞེས་གསུངས་སོ། །གཙང་སྦྲ་གསུམ་པོ་དེ་ཡང་གང་ཞེ་ན། ཕོ་ཉ་དང་ཟླ་བ་དང་སྣོད་གཅིག་ཏུ་ཟ་བའོ། །རེག་བྱ་རྡོ་རྗེ་མ་ལ་སྟོང་པ་ཉིད་མངོན་སུམ་གྱིས་བསྒོམས་

པས་ན་དང་པོ་ཡིན་ནོ། །ཟླ་བ་ལ་ནི་རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུར་རྟོགས་པས་ན་བར་མ་ཡིན་ནོ། །སྣོད་གཅིག་ཏུ་ཟ་བ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེས་པས་ན་ཐ་མ་ཡིན་ནོ། །དེ་ལ་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་ཟླ་བ་ཚེས་པ་ལྟ་བུའི་མན་ངག་དང་། སྐར་ཁུང་ལྟ་བུའི་མན་ངག་དང་སེང་གེའི་

ཕྲུ་གུ་ལྟ་བུའི་མན་ངག་དང་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཟླ་བ་ཚེས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ་བདེ་བར་མཚོན་ནས་ཚེས་བཅོ་ལྔའི་ཟླ་བ་བཞིན་དུ་ཆོས་ཐམས་ཅད་ལ་བསམ་གཏན་གྱི་བདེ་བ་རྒྱས་པར་བྱེད་པ་ཡིན་ནོ། །སྐར་ཁུང་ལྟ་བུ་

ནི་རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུའི་གསེང་བརྟོལ་ནས་ཕྱི་རོལ་གྱི་ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་བཞིན་དུ་རྟོགས་པ་ཡིན་ནོ། །སེང་གེའི་ཕྲུ་གུ་ལྟ་བུ་ནི་རེག་བྱ་རྡོ་རྗེ་མ་ལ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་སེང་གེའི་ཡན་ལག་མ་སྣད་པས་རི་དགས་ཐམས་ཅད་སྐྲག་པར་

བྱེད་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྟོང་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ཡང་རྒྱལ་པོའི་ཡུལ་ལས། རེག་བྱའི་སྟོང་པ་ཉིད་རྟོགས་ན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་པར་འགྱུར་རོ། །ལྷ་མོ་དཔལ་མོའི་ཞལ་ནས་གཙང་སྦྲ་གསུམ་ནི་ལྕགས་ཀྱུ་ལྟ་བུའི་མན་

ངག་ཡིན་ཏེ། དེ་ཡང་ཁམས་གསུམ་འཁོར་བ་ནི་རྒྱ་མཚོ་ལྟ་བུ་ཡིན་ལ། བདེ་བ་རྟོག་པ་མེད་པ་ནི་ཉ་ལྟ་བུ་ཡིན་ལ། གཙང་སྦྲ་རྣམ་པ་གསུམ་གྱི་ལྕགས་ཀྱུས་བཟུང་ནས་བདེ་བ་ཆེན་པོའི་སྐམ་ས་ལ་འབྱིན་པ་ཡིན་ནོ་ཞེས་བཤད་དོ། །པདྨ་རྡོ་རྗེའི་ཞལ་སྔ་ནས་གཙང་སྦྲ་གསུམ་ནི་

ནམ་མཁའ་ལྟ་བུའི་མན་ངག་ཡིན་ཏེ། རྩ་གསུམ་གྱི་སྣ་གསང་བའི་རྡོ་རྗེ་ནོར་བུ་བྷ་གར་སོང་བ་ལ། གཡོན་པ་ལ་ལ་ནཱའི་རླུང་གིས་ནི་དགའ་བྲལ་གྱི་བདེ་བ་ཉམས་ནས་ཁམས་གསུམ་འཁོར་བའི་རྣམ་པར་རྟོག་པ་བསྐྱེད་པ་དང་། གཡས་པས་ར་ས་ནཱའི་རླུང་གིས་གྱེན་དུ་བཟློག་པའི་ཚེ་བྱང་

เล่ม ๑๗ · หน้า 409a

ཆུབ་ཀྱི་སེམས་ར་ས་ནཱར་བཅུག་པས་འདོད་པའི་དབང་ཕྱུག་ཀཱ་མ་ཏྭཏྟ་དང་། ཚེ་འཕེལ་བ་བེ་ཤ་ཏྭ་ཏྲ་ཞེས་བྱ་བར་འགྱུར་རོ། །དབུས་མ་ཨ་ཝ་དྷཱུ་ཏཱིའི་རླུང་གིས་བྱང་ཆུབ་ཀྱི་སེམས་ཨ་ཝ་དྷཱུ་ཏཱིར་ཆུད་པའི་ཚེ། མི་ཟད་པ་བསམ་གཏན་གྱི་བདེ་

བ་ནཻ་རཉྫ་ན་ཏྭཏྟ་ཞེས་བྱ་བར་འགྱུར་རོ། །དེ་ལ་སྟོང་པ་ཉིད་ཀྱི་རྒྱས་བཏབ་པས་ཟག་པ་མེད་པའི་བདེ་བ་བར་མ་ཏྭཏྟ་ཞེས་བྱ་བར་འགྱུར་རོ། །དེ་ཡང་། དཀར་དམར་གོས་ནི་བསལ་ནས་ཀྱང་། །སྲོག་ནི་ནམ་མཁར་ཆུད་གྱུར་ན། །བདེ་བ་མི་ཟད་རྟོག་མེད་པ། བདེ་བ་

ཆེན་པོར་སྐྱེ་བར་འགྱུར། །ཞེས་བཤད་དོ། །དཀར་དམར་གོས་ནི་གཡས་གཡོན་གྱི་རྩ་ལ་བྱང་ཆུབ་ཀྱི་སེམས་གནས་པའི་ཆགས་པས་ཆགས་བྲལ་སྤངས་པའི་བསམ་གཏན་གྱི་བདེ་བ་སྐྱེས་ནས་བདེ་བ་ཆེན་པོའི་རྒྱས་བཏབ་ནས་དབུས་མ་ཡང་འདོར་བ་ཡིན་ནོ། །

དེ་ཡང་མཉམ་སྦྱོར་ལས། ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་གསུངས་སོ། །རིན་ཆེན་རྡོ་རྗེའི་ཞལ་སྔ་ནས། ཨ་ས་མ་ས་མ་ཞེས་བྱ་བ་སྟེ་མི་མཉམ་པ་དང་མཉམ་པ་ཉིད་ཀྱི་མན་ངག་ཡིན་གྱི་དེ་ཡང་མངོན་སུམ་གྱི་ཤེས་པ་ལ་

ངེས་པ་འདྲེན་པ་བླ་མའི་མན་ངག་གིས་བྱས་ནས་མངོན་སུམ་གཞན་ལས་ངེས་པར་འགྱུར་ཏེ། །གང་ལ་རྟོག་པ་མེད་པ་སྐྱེས་ཀྱང་སྣང་ལ་ངེས་པས་ན་སོ་སོར་བརྟགས་མིན་མ་ཡིན་ནོ། །གཟུང་དང་འཛིན་པར་ངེས་པར་ལྷག་པ་ནི་ཆོས་དང་གང་ཟག་བདག་གི་རང་བཞིན་གཟུང་བ་

དང་འཛིན་པའི་རང་བཞིན་ཡིན་ནོ། །མངོན་སུམ་བདེ་བ་རྟོག་པ་མེད་པར་སྐྱེས་པ་ལ་ངེས་པའི་ཤེས་པ་འདྲེན་ནུས་པ་ནི་མངོན་སུམ་རང་ལས་ངེས་པ་ཡིན་ལ། གང་ལ་མ་ངེས་པ་དེས་གཙང་སྦྲ་རྣམ་པ་གསུམ་གྱིས་རྒྱུའི་ཚོགས་པས་བདེ་བ་རྟོག་པ་མེད་པའི་ངེས་

པ་འདྲེན་པའམ་བླ་མའི་མངོན་སུམ་གྱི་གཞན་དོན་གྱིས་ངེས་པ་འདྲེན་པ་ནི་མངོན་སུམ་གཞན་ལས་ངེས་པ་ཡིན་ནོ། །དེ་ཡང་བདེ་བ་རྟོག་མེད་རང་དང་གཞན་ལས་ངེས་པའི་བསམ་གཏན་གྱི་ཏིང་ངེ་འཛིན་ལ་སྟོང་པ་ཉིད་རང་དང་གཞན་ལས་ངེས་པ་འདྲེན་པ་ནི་ས་དང་

เล่ม ๑๗ · หน้า 409b

པོའི་ཡེ་ཤེས་ཡིན་ནོ། །དེ་ལྟར་ན་གཙང་སྦྲ་འདི་དག་རབ་ཏུ་བསྐྱངས་པས། གཙང་མ་དག་པའི་རིམ་ཐོབ་ནས། །ཞེས་བྱ་སྟེ་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་སྐྱེས་པའོ། །དངོས་གྲུབ་གང་ལས་འབྱུང་མི་འགྱུར། །ཞེས་བྱ་བ་ནི་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཏེ།

གདོན་མི་ཟ་བར་འབྱུང་བར་འགྱུར་རོ། །དེ་ལྟར་གསང་བའི་བརྟུལ་ཞུགས་དང་ཕན་ཡོན་དང་པོ་བསྟན་ནས་ཕན་ཡོན་གཉིས་པ་རྒྱུད་ཐམས་ཅད་ཀྱི་དངོས་གྲུབ་འགྲུབ་པ་ནི་དེ་ཉིད་བསྡུས་པ་དང་བདེ་མཆོག་དང་ཐམས་ཅད་གསང་བ་དང་དཔལ་མཆོག་དང་པོ་དང་རྡོ་རྗེ་འཇིགས་བྱེད་ལས་གསུངས་

པའི་བཟླས་པ་དང་བརྟུལ་ཞུགས་དང་སྤྱོད་པ་ལ་སོགས་པས་གྲུབ་པ་ནི་འདིར་གཙང་སྦྲ་གསུམ་གྱི་བསམ་གཏན་གྱི་ཏིང་ངེ་འཛིན་གྱིས་སྐད་ཅིག་གིས་གྲུབ་པར་འགྱུར་རོ། །དེ་ལྟར་ཕན་ཡོན་གཉིས་པ་བཤད་ནས། གྲོལ་བའི་ལམ་པའི་ཕན་ཡོན་གསུངས་པ་ནི། རྣལ་འབྱོར་ལམ་པ་

དགའ་བས་ཀྱང་། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་གྱི་ལམ་ནི་ཆོས་དང་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་གྲོལ་བའི་ལམ་ཡིན་པས་ཕྱག་རྒྱ་དེ་ཉིད་ལ་བརྟེན་ནས་གཙང་སྦྲ་འདི་ཡང་དག་པར་སྤྱོད་དོ། །གྲོལ་བའི་ལམ་པ་དེའི་བསོད་ནམས་ཇི་ལྟ་བུ་ཞེ་ན། གཙང་སྦྲ་ལས་བྱུང་བའི་

ཡོན་ཏན་རྒྱ་ཆེན་པོ་དེ་ནི་གང་ཟག་སྟོང་ཕྲག་དུ་མས་ཁ་སྟོང་ཕྲག་དུ་མའི་སྒོ་ནས་ཡོན་ཏན་བརྗོད་ཀྱིས་མི་ལང་བའོ། །ཡོན་ཏན་གསུམ་པ་བཤད་ནས་མཆོད་པའི་ཕན་ཡོན་ནི། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། །ཞེས་པ་སྨོས་ཏེ། དཔལ་བདེ་མཆོག་གི་རྣམ་ཤེས་དང་

ཡེ་ཤེས་ཀྱི་རང་བཞིན་ནོ། །རྣམ་དག་མཚན་ཉིད་ནི་ཀུན་སྒྲུབ་པ་ལ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ། །བདེ་བའི་བསོད་ནམས་ཆུ་འཐུངས་པའི། །ཞེས་པ་ནི། བྱང་ཆུབ་ཀྱི་སེམས་བཟློག་པའོ། །དག་བྱེད་སྡིག་པ་འཇིག་བྱེད་ཡིན། །ཞེས་པ་ནི་རྣམ་ཤེས་ཀྱི་བསམ་

གཏན་གྱི་སྡིག་པ་དག་ཅིང་སེམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འདག་པའོ། །དེ་ལྟར་ཆགས་པའི་ལམ་པའི་ཕན་ཡོན་བཞི་པ་བསྟན་ནས། ལྔ་པ་ཆོས་ཀྱི་ཕྱག་རྒྱའི་ཕན་ཡོན་བསྟན་པ་ནི། རེག་པ་དང་ནི་སྨྲས་པས་ཀྱང་། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་བྱ་བ་གསུངས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด