རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ་སྱ་བི་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙ · หน้า 1b

༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ་སྱ་བི་བྲྀཏྟི། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ། བཅོམ་

ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁའ་ལས་ཤར་བའི་ཟླ་བ་ལྟར། །མི་ཤེས་སེལ་བའི་འོད་བྱེད་ཅིང་། །དངོས་གྲུབ་བདུད་རྩི་འཛག་པ་

ཡི། །རྡོ་རྗེ་མཁའ་འགྲོའི་སྐུ་ལ་འདུད། །གསེར་དང་རིན་ཆེན་རང་བཞིན་ལས། །བསྒྲུབས་པས་རི་རྒྱལ་ལྷུན་པོ་ལྟར། །རྒྱུད་འདིའི་ཡན་ལག་ལས་བྱུང་བ། །ཐམས་ཅད་སྙིང་པོ་འབའ་ཞིག་

སྐུས། །རྒྱུད་འདི་ཡི་ནི་དོན་ཆེན་རྣམས། །གང་ཡིན་གསལ་བའི་བློ་གྲོས་ཀྱིས། །གློག་ལྟར་ཚིམ་བྱེད་ལྗགས་བསྐྱོད་ནས། །སྐད་ཅིག་གིས་ནི་གསལ་མཛད་པ། །གང་ཡིན་དེ་འདིར་བདག་གིས་ནི། །

བླ་མས་ཇི་ལྟར་བསྟན་པ་རྣམས། །བློ་ཡིས་ཇི་ལྟར་དྲན་པ་བཞིན། །གསལ་བར་བྱ་ཕྱིར་བརྗོད་པར་བྱ། །རྒྱུད་དུ་སྦས་པའི་དོན་ཆེན་རྣམས། །མན་ངག་ལས་རྙེད་མ་ལུས་པར། །བདག་གིས་བྲི་བར་མི་ནུས་

เล่ม ๑๙ · หน้า 2a

ཀྱང་། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །འདིར་བརྗོད་པར་བྱ་བ་ལ་སོགས་པ་མ་མཐོང་བར་རྟོག་པ་སྔོན་དུ་གཏོང་བ་རྣམས་སུ་ཡང་གང་དུ་ཡང་འཇུག་པར་མི་འགྱུར་ལ། དེ་དག་ཀྱང་དང་པོར་ཚིག་ཏུ་བརྗོད་པ་མ་

གཏོགས་པར་མངོན་དུ་མི་འགྱུར་བ་དང་། འབྲས་བུ་དོན་དུ་གཉེར་བས་སྒྲུབ་ཐབས་ལ་འཇུག་པ་རྣམས་ཀྱང་སྒྲུབ་པ་པོ་བདག་ཉིད་ཀྱི་མངོན་པར་འདོད་པའི་འབྲས་བུ་དེ་དང་། རྗེས་སུ་མཐུན་པའི་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་

ཏེ། གཞན་དུ་ན་གལ་ཏེ་དེ་དག་བདག་ཉིད་ཀྱི་འདོད་པའི་འབྲས་བུ་མ་ཡིན་པ་དང་། ཉམས་སུ་བླང་བར་མི་ནུས་པ་ནི་མཐོ་རིས་འདོད་པ་རྣམས་ར་སྐྱེས་དཀར་པོ་ལ་བརྟེན་ནས་བསྒྲུབ་པ་སངས་རྒྱས་པ་སྙིང་རྗེ་ཅན་གྱི་འདོད་པའི་

ཐབས་མ་ཡིན་པ་དང་། གལ་ཏེ་ར་སྐྱེས་དཀར་པོ་བསད་པའི་མཆོད་པས་མཐོ་རིས་ཐོབ་ཏུ་ཟིན་ཀྱང་སྙིང་རྗེ་ཅན་གྱི་མངོན་པར་འདོད་པའི་འབྲས་བུ་མ་ཡིན་པ་ལ་སོགས་པ་དེ་དག་ལ་བརྗོད་པར་བྱ་བ་ལ་སོགས་པའི་ཁྱད་པར་ཚིག་

ཏུ་བརྗོད་པ་མ་གཏོགས་པར་འཇུག་པར་མི་འགྱུར་བས་གནས་ཕུན་སུམ་ཚོགས་པ་ལ་སོགས་པ་བརྗོད་པའི་སྒོ་ནས་བརྗོད་པར་བྱ་བ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། གསང་བ་མཆོག་གི་ཞེས་བྱ་བ་ནས། མཁའ་

เล่ม ๑๙ · หน้า 2b

འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །ཅེས་བྱ་བ་ནི་བར་གྱི་ཚིག་རྣམས་དང་པོར་སྡུད་པར་བྱེད་པ་རྡོ་རྗེ་ཕག་མོས་གསུངས་ཏེ། དེ་ཡང་བཅོམ་ལྡན་འདས་གཅིག་པུ་ཉིད་གར་མཁན་ལྟར་སེམས་ཅན་རྣམས་འདུལ་བའི་ཕྱིར་འཆད་པ་པོ་དང་སྡུད་པར་བྱེད་པ་

དང་། འཁོར་ཞེས་བྱ་བ་དཀྱིལ་འཁོར་བ་དང་། གཙོ་བོ་ཞེས་བྱ་བ་དཀྱིལ་འཁོར་ཉིད་དང་། དངོས་གྲུབ་དང་སྒྲུབ་ཐབས་ལ་སོགས་པའི་བརྗོད་པར་བྱ་བའི་རང་བཞིན་འཛིན་པར་མཛད་དེ། འདི་ལྟར་བཅོམ་ལྡན་འདས་ཉིད་འཆད་པ་པོ་ལ་སོགས་པར་གནས་མོད་ཀྱི། ལས་དང་པོ་

པ་འཇུག་པའི་ཕྱིར་བདག་ཉིད་བཅོམ་ལྡན་འདས་མའི་གཟུགས་སུ་ཐ་དད་པར་བསྟན་ནས། གསང་བ་མཆོག་གི་དགྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་མཆོག་གིས་དགྱེས་པར་བཞུགས་ནས། བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྱ་བ་འོག་ནས་འབྱུང་བ་

དང་སྦྱར་རོ་ཞེས་བྱ་བ་ནི་སྔར་བསྟན་པའི་བརྗོད་པར་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་ཚིག་གི་གཞུང་རྣམས་གསུངས་ཀྱི། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་བདག་ཉིད་ཀྱི་རང་བཟོ་སྤོང་བར་མཛད་ཅིང་འདི་ལྟར་བཅོམ་ལྡན་འདས་ལས་ཐོས་ནས་རྒྱུད་བསྡུས་སོ་ཞེས་བྱ་བར་

དགོངས་སོ། །གསང་ཞེས་བྱ་བའི་སྒྲས་ནི་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་ཏེ། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་འཁྲུངས་པས་གསང་བ་ནི་ཆོས་ཀྱི་འབྱུང་གནས་སོ། །དེར་བཞུགས་པ་ནི་དེར་རི་རབ་ཀྱི་སྟེང་དུ་ཁང་པ་བརྩེགས་པར་གནས་པའོ། །ཇི་ལྟ་བུར་གྱུར་པའི་

གསང་བ་ཞེ་ན། གསུངས་པ་མཆོག་ཅེས་བྱ་བ་སྟེ། ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པས་ན་མཆོག་གོ། །དགྱེས་པ་ཞེས་བྱ་བ་ནི་མཆོག་ཏུ་བདེ་བ་བསྐྱེད་པས་ཡུལ་དུ་གྱུར་པས་སོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་

པས་ཐམས་ཅད་བདག་ཉིད་དེ་གསང་བའོ། །ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་པས་ཐམས་ཅད་བདག་ཉིད་དོ། །ཡང་ན་ཐམས་ཅད་ཀྱི་སྒྲས་ནི་རྡོ་རྗེ་འཛིན་པ་བྱ་ལ། དེའི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་དག་གིས་ནི་གནས་ཕུན་སུམ་

เล่ม ๑๙ · หน้า 3a

ཚོགས་པ་བསྟན་ཏོ། །རྟག་ཏུ་བཞུགས་ཞེས་བྱ་བས་ནི་སྟོན་པ་ཕུན་སུམ་ཚོགས་པའི་ཁྱད་པར་སྟོན་པར་མཛད་དོ། །སྣ་ཚོགས་དེའི་རང་བཞིན་གྱིས་ཐོག་མ་མེད་པའི་དུས་ནས་གར་ཡང་མ་བཞུད་པའོ། །དེ་ཡང་ཆོས་ཀྱི་སྐུ་ལ་སོགས་པའི་གཟུགས་ཀྱིས་རྟག་ཏུ་ད་ལྟར་

བྱུང་བ་ཉིད་དུ་རང་བཞིན་རྒྱུད་རྒྱུན་ཆགས་པར་འདིར་བཞུགས་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞིག་ཅེ་ན། མཁའ་འགྲོ་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་ཀུན་གྱི་སྒྲས་ནི་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་ལ་བྱ་ལ་དེ་རྣམས་ཀྱི་རང་

བཞིན་གང་ལ་ཡོད་པ་དེ་མཁའ་འགྲོ་ཀུན་གྱི་དངོས་སོ། །འདིས་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་ཀུན་གྱི་འཁོར་གྱིས་བསྐོར་བ་ལ་གསུངས་སོ་ཞེས་བསྟན་པར་འགྱུར་རོ། །དེས་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །བཅོམ་ལྡན་འདས་དེ་ཉིད་སེམས་ཅན་གྱི་དོན་

ལ་ནུས་པ་དང་ལྡན་པས་ན་སེམས་དཔའ་ཡིན་ལ། མི་ཤེས་པའི་རི་བོ་བཅོམ་པས་ན་རྡོ་རྗེའོ། །མི་ཤེས་པ་ཡང་འདིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་ཤེས་བྱ་རྣམས་ལ་གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་ཞེས་བྱ་བའི་ཤེས་བྱའི་སྒྲིབ་པ་གང་ཡིན་པའོ། །དེས་

ན་གཉིས་སུ་མེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ་ཤེས་རབ་བོ། །མཁའ་འགྲོ་ཞེས་བྱ་བའི་སྤྲུལ་པ་རྣམས་ཀྱིས་ནམ་མཁའ་ཀུན་དུ་ཁྱབ་པར་འགྲོ་བས་ན་མཁའ་འགྲོའོ། །སྤྲུལ་པ་ཡང་མཁའ་འགྲོ་མའི་གཟུགས་ཀྱི་དངོས་པོའོ། །དེ་ལྟར་ན་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བས་ཐབས་

དང་ཤེས་རབ་ཀྱི་བདག་ཉིད་དུ་བཅོམ་ལྡན་འདས་བསྟན་ཏེ། རྡོ་རྗེ་ཡང་ཡིན་ལ་མཁའ་འགྲོ་ཡང་ཡིན་པས་ན། རྡོ་རྗེ་མཁའ་འགྲོ་སྟེ་སྙིང་རྗེ་དང་སྟོང་པ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དེ་ཉིད་བདེ་བའི་རང་བཞིན་དུ་

བསྟན་པའི་ཕྱིར་མཆོག་ཅེས་གསུངས་ཏེ། བདེ་བ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། དེ་ཡང་བསྒྲུབ་པར་བྱ་བའི་དམ་པ་ཞེས་བྱ་བའི་བར་དུའོ། །འདིར་འགྲོ་བ་རིགས་དྲུག་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ནི་བདེ་བ་ཉིད་ཡིན་ཏེ། དེ་ཡང་བྱིས་པ་རྣམས་ཀྱི་ནི་ཟག་པ་དང་

เล่ม ๑๙ · หน้า 3b

བཅས་པ་ཡིན་ལ། འཕགས་པ་རྣམས་ཀྱི་ནི་ཟག་པ་མེད་པའོ། །དེ་ལྟ་མོད་ཀྱི་བདེ་བའི་དོན་དུ་ཐབས་སྣ་ཚོགས་དོན་དུ་གཉེར་བས་བདེ་བ་ལས་གཞན་པའི་བསྒྲུབ་པར་བྱ་བ་གཞན་ཡོད་པ་མ་ཡིན་ལ། ཇི་སྙེད་དུ་བདེ་བ་མིན་པ་དེ་སྙེད་རང་བཞིན་རྣམ་པར་དག་པ་ཡིན་ཡང་བྱིས་པ་

རྣམས་ཇི་ལྟར་སྣང་བཞིན་པ་ལ་མངོན་པར་ཞེན་པས་ཟག་པ་དང་བཅས་པ་ཞེས་བྱ་སྟེ། བདེ་བ་དེའི་རང་བཞིན་ཉིད་འདི་ནི་ཞེས་བྱའོ། །དེ་ཡང་། བདེ་བས་བདེ་བ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །བདེ་བས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ། །བདེ་བ་ཞེས་བྱ་བ་ནི་ཟག་པ་མེད་

པའོ། །དེ་ལྟར་ན་རྟག་ཏུ་བཞུགས་ཞེས་བྱ་བ་ནས། བདེ་བའི་མཆོག་ཅེས་བྱ་བའི་བར་འདིས་སྟོན་པ་པོའི་ཁྱད་པར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པར་འགྱུར་རོ། །འདི་ནི་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་དེ་ཅི་འདྲ་ཞེ་ན། རང་བྱུང་

ཞེས་གསུངས་ཏེ། རང་ཞེས་པ་གདུལ་བྱ་རྣམས་ཀྱི་རང་བཞིན་དེ་དང་དེ་གདུལ་བར་བྱ་བའི་ཕྱིར་རོ། །བྱུང་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་སྤྲུལ་པའི་གཟུགས་སུ་བྱུང་ཞིང་གསལ་བར་མཛད་པས་ན་རང་བྱུང་ངོ་། །དེ་ཡང་སེམས་ཅན་གཅིག་པུ་དེ་ཉིད་ནི། རྣམ་པ་ལྔ་རུ་མཚོན་

པ་ཡིན། །ཞེས་གསུངས་ཏེ། སེམས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་ཉིད་སྐལ་བ་ཕུན་སུམ་ཚོགས་པ་དྲུག་དང་ལྡན་པས་སོ། །ལྷག་པ་ནི་ལྷ་གཅིག་པུ་ཉིད་ཅེས་བྱ་བ་ལ་ལུས་ལྷག་པར་བྱིན་གྱིས་བརླབས་པས་ན་ལྷག་པ་ཡིན་ལ། ཅི་རང་

གི་རྐྱེན་ཅན་དུ་བྱས་པས་གསལ་ཞིང་རིག་པ་དང་སྤྲུལ་པ་རྒྱས་པར་བྱེད་པས་ན་ལྷ་སྟེ། ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་བྱུང་བ་ཀུན་རྫོབ་ཀྱི་བདེན་པར་ཤེས་པར་བྱའོ། །གཅིག་པུ་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དོན་དམ་པའི་བདེན་པས་ཏེ། དེ་ལྟར་ཀུན་རྫོབ་དང་དོན་དམ་

པ་དབྱེར་མེད་པའི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མར་གྱུར་པས་ལྷག་པའི་དོན་ཉིད་དུ་བལྟ་བར་བྱའོ། །ཡང་ན་མཁའ་འགྲོ་ཀུན་གྱི་ཚིག་གིས་རྣམ་པར་སྣང་མཛད་ལ་སོགས་པ་ལ་བྱ་སྟེ། དེ་ཉིད་ཀྱིས་ནི་རང་བྱུང་ངོ་། །དེ་ཡང་རང་སྟེ་རང་དང་གཞན་གྱི་དོན་ཕུན་

เล่ม ๑๙ · หน้า 4a

སུམ་ཚོགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བྱུང་ཞིང་བདེན་པ་གཉིས་ཀྱི་ཚུལ་དུ། བཅོམ་ལྡན་འདས་སྟོན་པར་མཛད་དོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་བཅོམ་ལྡན་འདས་ཀྱིས་བསྐྱེད་པའི་རིམ་པའི་ཚུལ་བསྟན་པར་བཞེད་ནས་འབྱུང་

གནས་སྒྲ་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དངོས་པོ་ཐམས་ཅད་རྣམ་པར་ཕྱེ་ནས་བསྟན་པས་ན་འབྱུང་གནས་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སེམས་སོ། །འབྱུང་གནས་ལས་ཞེས་བྱ་བ་ནི་རྒྱུའི་དོན་གྱི་ལྔ་པ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་ལས་ངེས་

འབྱུང་རྣམས་ཞེས་བྱ་བར་འབྲེལ་ཏོ། །དེ་ཅི་ཞིག་ཅེ་ན། སྒྲ་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ནི་སྒྲར་གྲག་པའི་རང་བཞིན་གང་དག་ཡིན་པ་རྣམས་ཏེ། ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་དང་། གཞན་ཡང་སྔགས་རྣམས་སོ། །དམ་ཚིག་ནི་ཟླ་བ་གཉིས་སོ། །སྤྱོད་

པ་ནི་ས་བོན་ནོ། །སྤྱོད་ཡུལ་ནི་མཚན་མའོ། །དེ་དག་ངེས་པར་འབྱུང་ཞེས་བྱ་བར་སྦྱར་ཏེ། རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་ངེས་པར་འབྱུང་བ་སྟེ། བསྒོམ་པ་དང་བཟླས་པ་ཞེས་བྱ་བའི་བར་དུའོ། །འདིས་འདི་སྐད་སྟོན་པར་འགྱུར་ཏེ། སངས་རྒྱས་དང་བླ་མའི་མཆོད་པ་སྔོན་དུ་འགྲོ་བས་

འདི་ལྟར། འགྲོ་ཀུན་སེམས་ཀྱི་སྤྲུལ་པ་སྟེ། །སེམས་ལས་གཞན་དུ་ཡོད་མ་ཡིན། །ཞེས་བྱ་བ་འདིའི་དོན་ཡིད་ལ་བྱས་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། ཨ་ནུཏྤནྣ་སརྦ་དྷརྨཿཔྲ་ཀྲྀ་ཏི་པྲ་བྷཱ་སྭ་རཿསརྦ་དྷརྨྨཿ ཞེས་བྱ་བའི་སྔགས་བརྗོད་ནས། སེམས་དེ་

ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་ལ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཨ་ལ་སོགས་པའི་གཟུགས་ཀྱིས་ཞུགས་པར་བསྒོམས་ལ་ཡང་འོད་ཟེར་གྱིས་བསྐུལ་ཏེ།

དེ་བཞིན་གཤེགས་པའི་ཚོགས་རྣམས་སྐར་མདའ་འཕྲོ་བའི་ཚུལ་དུ་ཞུགས་པར་བསྒོམས་ནས་སླར་ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོམས་ཏེ། ཨོཾ་བོ་དྷི་ཙིཏྟ་ཨུཏྤ་ད་ཡཱ་མི། ཞེས་བྱའི་སྔགས་བརྗོད་པར་བྱའོ། །དེ་ནས་དེར་ཀ་ལ་སོགས་པའི་ཡི་གེ་དེ་བཞིན་

เล่ม ๑๙ · หน้า 4b

བསམས་ལ། དེའི་སྟེང་དུ་བདག་ཉིད་ས་བོན་ལས་མཚན་མའི་གཟུགས་སུ་བསྒོམས་ཏེ། ཨོཾ་ཏིཥྛ་བཛྲ། ཞེས་བརྗོད་པར་བྱའོ། །དེ་ནས་སླར་ཡང་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་ང་རྒྱལ་བྱ་སྟེ། ཟླ་བ་ལ་སོགས་པ་ཡོངས་སུ་

གྱུར་པ་ལས་རང་གི་ལྷར་བསྒོམས་ལ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཨ་ཧཾ། ཞེས་བརྗོད་པ་འདི་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བཅོམ་ལྡན་འདས་ཀྱི་སྐུར་བསྒྲུབ་པ་བསྟན་ཏོ། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བ་ཞེས་བྱ་བ་ལ་སོགས་པ་ལ། རྙེད་དཀའ་བ་ཞེས་བྱ་

བ་ནི་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་སོ། །གང་ནས་ཤེ་ན། འཇིག་རྟེན་གསུམ་ནས་ཏེ། སེང་གེ་དང་འཕྲོག་བྱེད་དང་། དབྱིག་གི་སྙིང་པོ་ཞེས་བྱ་བ་མིང་གི་རྣམ་གྲངས་གཞན་འདོད་པ་ལ་སོགས་པ་དག་ལས། དེ་ཡང་སེང་གེ་འདོད་པ་ཞེས་བྱ་སྟེ། འཕྲོག་བྱེད་སེམས་ཞེས་

བྱ་བར་གྲགས། །ཚངས་པ་གྲོལ་བ་རབ་ཏུ་བཤད། །འདི་དག་འཇིག་རྟེན་གསུམ་ཞེས་བརྗོད། །ཅེས་གསུངས་སོ། །ཕོའི་དོན་ལ་མ་ནིང་གི་རྟགས་སུ་གསུངས་པ་ནི་ལུང་སྟེ། འཛེམ་པ་མེད་པས་སོ། །ཡང་ན། བུད་མེད་ཆགས་པ་སྐྱེས་པ་སྡང་། །གཉིས་ཀ་སྤངས་པ་

གཏི་མུག་གོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་པོ་འདི་དང་སྦྱར་ཏེ། འདིའི་དོན་ནི། ཆགས་པ་རྣམ་དག་བུད་མེད་དེ། །སྡང་བ་དེ་བཞིན་སྐྱེས་པ་ཡིན། །གཉིས་ཀ་སྤངས་པ་གཏི་མུག་གོ། །ཞེས་བྱ་བས་བཤད་ལ། དེ་ལྟ་བུའི་ཁྱད་པར་ཅན་གྱི་སེམས་ནི་འདོད་པ་ཡིན་ཏེ།

དེ་ཡང་། ཆགས་སྡང་གཏི་མུག་ལྡན་པ་ཡི། །སེམས་ནི་འདོད་པར་རབ་ཏུ་བཤད། །ཅེས་གསུངས་ལ། དེ་ལྟ་བུའི་ཁྱད་པར་ཅན་གྱི་སེམས་ནི་བལྟ་བར་བྱ་བས་ན་འཇིག་རྟེན་ནོ། །གཉིས་པ་ནི་འདིས་སེམས་ཅན་གྱི་དོན་ལ་བལྟ་ཞིང་དམིགས་པས་ན་འཇིག་རྟེན་ཏེ་སྙིང་རྗེའོ། །

གསུམ་པ་ནི་བཅོམ་ཞིང་ཞིག་པས་ན་འཇིག་རྟེན་ཏེ་ཆོས་ཀྱི་དབྱིངས་སོ། །ཇི་ལྟར་ན་བཅོམ་པ་ཡིན་ཞེ་ན། འདིར་ཆོས་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བས་ངོ་བོ་ཉིད་མེད་པར་གྱུར་པའོ། །དེའི་ཚེ་འཇིག་རྟེན་གསུམ་པོ་དེ་དག་ཉིད་རྙེད་པར་དཀའ་བའོ་ཞེས་གོང་དུ་འདུད་པའོ། །

เล่ม ๑๙ · หน้า 5a

འདིས་ནི་བཅོམ་ལྡན་འདས་རང་རིག་པ་ཙམ་དུ་བསྟན་ཏེ། །དེ་ཡང་། རྟག་ཏུ་འདོད་པ་བསྟེན་པར་བྱ། །ཆུ་ཡི་མཆོག་ནི་འཐུངས་ནས་སུ། །ཆོས་མིན་པས་ནི་ཆོས་བསྟན་བྱ། །སྐྱེས་པ་བུད་མེད་བརྟུལ་ཞུགས་ཡིན། །ཞེས་གསུངས་སོ། །ཡང་ན་རིམ་པ་གཞན་དུ་

བསྒྱུར་བའི་བདུན་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བཅོམ་པས་ན་འཇིག་རྟེན་ཏེ། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་བདག་ཉིད་ཀྱི་བཅོམ་ལྡན་འདས་དེ་ཉིད་འཇིག་རྟེན་ནོ། །རྙེད་དཀའ་བ་ནི་སླ་བར་རྙེད་པ་མ་ཡིན་པའོ། །འདིར་སྨྲས་པ། གཟུགས་ལ་སོགས་པའི་

ཡུལ་བཅོམ་པ་ནི་རྣམ་པ་ཐམས་ཅད་དུ་སྤངས་པ་ཡིན་ལ། དེས་ཇི་ལྟར་ན་སྐུ་ལ་སོགས་པ་རྡོ་རྗེ་ལྟ་བུར་ཐོབ་པར་འགྱུར་ཞེ་ན། སྨྲས་པ། འདིར་བཅོམ་པ་ནི་སྦྱང་བ་བྱས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་ཏེ། དེ་བས་ན་དཀའ་བའི་སྒྲས་དགག་པ་མ་ཡིན་

པའི་དཀའ་བ་ཉིད་ལ་བྱ་བར་བལྟའོ། །ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་བྱ་བ་ལ། ཐོག་མ་ལ་སོགས་པའི་སྒྲས་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་དང་། གཉིས་དང་། མང་པོ་ལ་སོགས་པའི་མཚན་ཉིད་གང་དུ་འཇུག་པ་སྟེ། དེ་དག་རང་བཞིན་གྱིས་རྟག་

པས་ན་གནས་སྐབས་གསུམ་པོ་དེ་དག་མཐར་གཏུགས་ཤིང་བསྟན་པར་གནས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་གནས་ཞེས་བྱ་བ་ནི་ཐོག་མ་ལ་སོགས་པ་དེ་དག་ཡང་དག་པ་སྟེ། རང་བཞིན་གྱིས་བརྟན་པར་སྟོན་པའི་ཚིག་གི་ཕྲད་དོ། །ཐམས་ཅད་དུ་ཁྱད་པར་དུ་བྱ་བའི་

བཅོམ་ལྡན་འདས་དེ་ཉིད་དབུ་མའི་དོན་རྟོགས་པས་ཁྱད་པར་དུ་གྱུར་པ་བསྟན་པའི་ཕྱིར་འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདོད་ཆགས་ནི་འཁོར་བའོ། །ཆགས་བྲལ་ནི་མྱ་ངན་ལས་འདས་པ་སྟེ། དེ་དག་མི་དམིགས་སོ་ཞེས་བྱ་བ་དང་སྦྱར་རོ། །དབུ་

མ་ཞེས་བྱ་བ་ནི་འདོད་ཆགས་དང་། ཆགས་བྲལ་ལས་གྲོལ་བ་ཡང་དངོས་པོར་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་བཅོམ་ལྡན་འདས་དབུ་མའི་ལམ་ཐུགས་སུ་ཆུད་པར་བསྟན་ཏེ། དེ་ལྟ་བུའི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ནི་བརྗོད་པར་བྱའོ། །ད་ནི་བཅོམ་

เล่ม ๑๙ · หน้า 5b

ལྡན་འདས་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དེ་ཁོ་ན་ཉིད་ཀྱི་ཤེས་རབ་རྒྱུད་འདི་ལ་གཙོ་བོ་ཡིན་པ་དང་། དེ་ཉིད་བུད་མེད་ཀྱི་གཟུགས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བུད་མེད་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ཀུན་ནི་ལྷ་མོ་ཐམས་ཅད་དོ། །དེ་དག་གི་སྒྱུ་མ་

ནི་རང་བཞིན་ཏེ། རང་བཞིན་དེར་སྤྲུལ་པའོ། །དེ་དག་ཉིད་ཀྱིས་བརྟན་པ་དང་གཡོ་བའི་འགྲོ་བ་ཀུན་ལ་འདེབས་པས་ན་བརྒྱ་སྟེ། རིགས་ཀྱིས་ན་མང་པོ་ལ་གཅིག་གི་ཚིག་ཏུ་བྱས་པ་ཡིན་ནོ། །འདི་ནི་ཞེས་བྱ་བ་ནི་རབ་ཏུ་གྲགས་པར་ཟད་དོ། །དེ་དག་གིས་བཅོམ་ལྡན་འདས་དེ་

ཉིད་བདེ་བས་བདེ་བ་ཆེན་པོ་སྒྲུབ་ཅིང་རྟོགས་པར་བྱ་བའི་ཕྱིར་བུད་མེད་ཀྱི་གཟུགས་སུ་སྤྲུལ་པར་སྟོན་ཏོ། །བུད་མེད་ཀུན་གྱི་སྒྱུ་མའི་ཕྱག་རྒྱ་དེ་ཉིད་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱི་ཕྱག་རྒྱ་དབྱེར་མེད་པ་ནི་གཉིས་མེད་དེ་དེ་ཉིད་ཕུལ་དུ་བྱུང་བའི་ཡེ་ཤེས་པས་ན་ཡེ་ཤེས་མཆོག་གོ། །

རྙེད་དང་བདེ་བ་ཀུན་མོས་པས། །ཞེས་བྱ་བ་ལ་རྙེད་པ་ལ་སོགས་པས་འགྲུབ་པར་འགྱུར་ཞེས་པར་སྦྱར་ཏེ། ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། ཀུན་མོས་པས་ཞེས་བྱ་བ་གསུངས་ཏེ། ཀུན་ནི་ཕུང་པོའོ། །དེ་རྣམས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ། རྙེད་པ་དེ་ནི་རྙེད་པ་

ཀུན་ཏེ། དེས་ཡིད་བདེ་བར་གྱུར་པ་དེ་ནི་བདེ་བའོ། །མོས་པ་ནི་ཕུལ་དུ་བྱུང་བ་སྟེ། ཤེས་རབ་དང་ཐབས་ཀྱི་སྙོམས་པར་ཞུགས་པས་ཀུན་དུ་བཅིངས་པའི་རྒྱུ་ལས་གང་ཐོབ་པའི་བླ་མའི་ཡང་བླ་མར་གྱུར་པའི་བདེ་བ་ཆེན་པོས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །

སུ་ཞིག་ཅེ་ན། ངན་པར་སྤྱོད་པ་ཞེས་བྱ་བ་ལ་སྨད་པས་ན་ངན་པ་སྟེ་ཉོན་མོངས་པ་རྣམས་སོ། །དེ་དག་བདོ་བ་ནི་ངན་པར་སྤྱོད་པ་སྟེ། སྒྲུབ་པ་པོ་གང་གི་རང་བཞིན་ཉོན་མོངས་པ་བདོ་བ་ཡིན་ཀྱང་དེ་དག་ལ་རྣལ་འབྱོར་མ་རྣམས་ཀྱིས་དོན་དམ་པའི་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་

བར་འགྱུར་བའོ། །འང་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་མ་རྣམས་ལ་ཡང་དེ་དག་གིས་དོན་དམ་པའི་ཡེ་ཤེས་སྟེར་བར་འགྱུར་རོ་ཞེས་བལྟ་བར་བྱ་བ་སྟེ། དེ་ལྟར་ན་ལམ་འདིས་སྐྱེས་པ་དང་། བུད་མེད་དག་ཀྱང་ཚེགས་མེད་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །

เล่ม ๑๙ · หน้า 6a

ལྷ་མོ་རྣམས་ཀྱི་ཐ་སྙད་གཞན་གྱི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་ནམ་མཁའ་ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཀུན་ནི་དངོས་གྲུབ་ཀྱི་རྫས་ཐམས་ཅད་ལ་བྱ་ལ་དེ་རྣམས་ཀྱིས་སྐབས་འབྱེད་པས་ན་ནམ་མཁའ་སྟེ། རྣམ་པར་སྣང་མཛད་

ལ་སོགས་པའི་འཁོར་ལོས་སྒྱུར་བ་དྲུག་གོ། །རྒྱུ་བ་ནི་དེ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་སྟེ། དེ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་ལ་དེ་སྐད་ཅེས་བྱའོ། །རིགས་ཀྱིས་ན་གཅིག་གི་ཚིག་ཏུ་བལྟ་བར་བྱ་སྟེ། འདི་དག་ཉིད་གྲུབ་མཐར་འདྲེན་པས་ན་དངོས་གྲུབ་ཡིན་ལ་དེས་ན་མཁའ་

འགྲོ་མའོ། །ཡང་ན་མཁའ་འགྲོ་མ་ཞེས་བྱ་བ་ནི་གང་དག་གི་རང་བཞིན་སྟོང་པ་ཉིད་ཀྱིས་ཁྱབ་པར་འགྲོ་བའི་ངང་ཚུལ་ཅན་དེ་ལ་དེ་སྐད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཞེས་བྱ་བའི་བར་དུའོ། །དེ་ལྟར་ཡང་། དེ་ནི་ནམ་མཁར་འགྲོ་མ་ཞེས། །ཁམས་

ལས་འདིར་ནི་བརྟགས་པའོ། །ཞེས་གསུངས་ཏེ། དེས་ན་ནམ་མཁར་འགྲོ་མ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བདག་ཉིད་དུ་བྱ་བའོ། །དེ་ཡང་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་ལས་བཟློག་སྟེ། ཡང་དག་པར་འགྲོ་བ་དེ་ལ་དེ་སྐད་ཅེས་བྱ་བ་ནི་མཁའ་འགྲོ་མ་ཞེས་གྲགས་པ་སྟེ།

རྣམ་པར་སྒྲ་བཤད་པ་བསྒྱུར་བ་མེད་པས་གྲགས་པའི་ཚིག་ཡིན་ནོ། །ཁ་ཅིག་ནི་བརྡ་འདི་ནི་ཐ་མལ་པའི་བུད་མེད་རྣམས་ཀྱི་ཡིན་ཏེ། དེའི་ཚེ་རབ་ཏུ་གྲགས་ཞེས་བྱ་བ་ལ་རབ་ཏུ་ཞེས་པ་ནི་ད་ལྟ་ཉིད་དུ་གྲགས་ཞེས་བྱ་བ་ཐབས་དང་བཅས་པས་དངོས་གྲུབ་ཏུ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱ་

སྟེ། དེས་ན། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་བར་དགོངས་སོ་ཞེས་ཟེར་རོ། །སྣ་ཚོགས་ཀུན་དུ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཕྱོགས་བཅུ་ཀུན་ན་གནས་པའི་ཆོས་རྣམས་ལ་ཕྱག་རྒྱས་འདེབས་པས་ན་སྣ་ཚོགས་ཀུན་དུ་ཕྱག་རྒྱ་སྟེ་ལྷ་མོ་རྣམས་སོ། །དེས་འདི་སྐད་དུ་རབ་ཏུ་

གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས། འཁོར་ལོས་སྒྱུར་བ་དྲུག་གི་རིམ་གྱིས་བལྟ་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །ནི་ཞེས་བྱ་བ་ནི་སྤགས་པ་སྟེ། ཐ་མལ་པའི་བུ་མོ་རྣམས་ལྷ་མོའི་གཟུགས་ཀྱིས་ཁྱད་པར་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཐབས་རྣམས་མ་གཏོགས་པར་མཁའ་

เล่ม ๑๙ · หน้า 6b

འགྲོ་མ་རྣམས་ཀྱིས་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་སྣ་ཚོགས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་གྱིས་ཞེས་བྱ་བ་ནི་ཆོ་ག་ཁྱད་པར་ཅན་རྣམས་ཀྱིས་རྣལ་འབྱོར་པ་འགྲུབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞིག་གིས་ཤེ་ན། སྣ་ཚོགས་ཀྱིས་ཏེ།

གཟུགས་ལ་སོགས་པ་ཉེ་བར་སྤྱོད་པ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་ལུས་དང་སེམས་བདེ་བ་ཆེན་པོར་འགྲུབ་པའོ། །ཇི་ལྟ་བུར་གྱུར་ནས་ཤེ་ན། མཁའ་འགྲོ་ཀུན་དང་ཞེས་བྱ་བ་ལ་སོགས་པ་སྟེ། མཁའ་འགྲོ་མ་ཀུན་ནི་འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་པའི་ལྷ་མོ་རྣམས་སོ། །

མཉམ་པར་སྦྱོར་བ་ནི་དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་སྟེ། རྡོ་རྗེ་མཁའ་འགྲོ་གང་ལ་མཉམ་པར་སྦྱོར་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་མཁའ་འགྲོ་ནི་ཉེ་བར་མཚོན་པ་སྟེ། རྡོ་རྗེ་འཛིན་པ་ལ་སོགས་པ་གཞན་ཡང་རང་རང་གི་འཁོར་གྱི་མཁའ་འགྲོ་མའི་ཚོགས་དང་

ལྷན་ཅིག་ཏུ་འགྲུབ་པ་སྟེ། བདག་ཉིད་རྫོགས་པར་འགྱུར་བའོ། །ད་ནི་ཕྱི་རོལ་དུ་དམིགས་པ་ལ་སོགས་པ་བྱ་བའི་རྒྱུད་ཀྱི་ཆོ་གས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པ་མེད་པ་བསྟན་པའི་ཕྱིར། དེ་ཉིད་མེད་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་ནི་དོན་དམ་པར་སྟོང་

པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཡིན་ལ། དེ་མེད་པ་ནི་དེ་ལས་བཟློག་པ་སྟེ། གཟུང་བ་ལ་སོགས་པར་མངོན་པར་ཞེན་པའོ། །སེམས་ནི་གནས་ཏེ་གང་ལ་སྤྱོད་ཡུལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ་སེམས་རྩེ་གཅིག་པའོ། །དེ་ལྟར་ན་

རྣལ་འབྱོར་པ་གང་རྣམས་ཀྱི་སེམས་ལ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷ་ནི་འདོད་པའི་ལྷ་སྟེ། དེ་དམིགས་པ་ནི་སེམས་ཀྱིས་བཀོད་པའོ། །བྱེད་པ་ནི་དེར་འདོད་པའོ། །ཀུན་དུ་གཟུགས་བརྙན་ཞེས་བྱ་བ་ལ་རང་གི་གཟུགས་དང་འདྲ་བ་གཞན་ནི་

གཟུགས་བརྙན་ཏེ། དེའི་རང་བཞིན་གྱི་རྣལ་འབྱོར་ཞེས་བྱ་བར་སྦྱར་རོ། །དེ་གང་ཞེ་ན། ལུགས་མ་ལ་སོགས་པ་སྟེ། ལུགས་མ་དང་བྲིས་པ་དང་བརྡུངས་མ་ལ་སོགས་པའོ། །སྐྱེ་བ་མིན་ཞེས་བྱ་བ་ནི་དེ་དག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་མི་འགྱུར་བའོ། །འོ་ན་

เล่ม ๑๙ · หน้า 7a

གང་གིས་འགྲུབ་པར་འགྱུར་ཞེ་ན། བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་གཟུགས་ཀྱིས་ཕྱག་རྒྱ་ཆེན་པོ་རྫོགས་པར་འགྱུར་ཏེ། དེ་ཉིད་གསུངས་པ་བྱང་ཆུབ་སེམས་ཞེས་བྱ་བ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་

སེམས་ནི་བྱང་ཆུབ་སེམས་སོ། །དེ་ཉིད་ལྷར་སྦྱོར་བའི་ཐབས་ཆེན་པོ་སྟེ། འདི་ནི་བྱང་ཆུབ་སེམས་ཆེན་རྣལ་འབྱོར་རོ། །དེར་གཙོ་བོར་གྱུར་པས་ན་དབང་ཕྱུག་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ་ལྷག་པར་དབང་བས་ན་གཙོ་བོའོ། །ཇི་ལྟ་བུ་ཞིག་ཅེ་ན། རང་ཉིད་ཅེས་བྱ་བ་

གསུངས་ཏེ། བདག་ཉིད་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ལྷའི་གཟུགས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ལྷའི་གཟུགས་བསྒོམ་པར་བསྟན་ཏོ། །དེ་ཉིད་གསལ་བར་བསྟན་

པའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔའི་བདག་ཉིད་པས་ན་རྡོ་རྗེ་ཡང་ཡིན་ལ། རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱང་ཡིན་ཏེ། དེ་རྣམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་

རོ། །འགྲོ་བའི་རྩ་ལག་ཅེས་བྱ་བ་ནི་རྩ་ལག་ལྟར་བསྟན་པ་དང་གཡོ་བ་སྣ་ཚོགས་ལ་ཁྱབ་པར་སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བ་སྟེ། དེ་ཉིད་མཆོད་པར་བྱ་ཞེས་པ་དང་འབྲེལ་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་

དེ་དང་དེས་བདག་དང་གཞན་གྱི་དོན་ལ་ནུས་པ་དང་ལྡན་པའི་ཕྱིར་རོ། །འབད་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཡུན་རིང་དུ་གུས་པ་དང་བཅས་པས་གོམས་པས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་མངོན་དུ་བྱ་བའོ། །དེ་དག་གིས་ནི་འདི་སྐད་དུ་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་

འདས་ནི་བརྗོད་པར་བྱ་བ་ཡིན་ལ་བརྗོད་པར་བྱ་བ་ཤེས་ནས་མངོན་སུམ་དུ་བྱེད་པ་ནི་དགོས་པ་ཡིན་ཏེ། དེ་མངོན་སུམ་དུ་བྱས་པ་ལས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དངོས་གྲུབ་ནི་དགོས་པའི་ཡང་དགོས་པའོ་ཞེས་བསྟན་པར་འགྱུར་རོ། །དེ་ཉིད་གསལ་བར་

เล่ม ๑๙ · หน้า 7b

བསྟན་པར་བྱ་བའི་ཕྱིར། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་རྟོགས་པས་ན་སངས་རྒྱས་སོ། །ཕྱིན་ཅི་མ་ལོག་པར་གྲུབ་པས་ན་དཔའ་བོ་སྟེ། གང་གི་ཅི་ཞིག་ཅེ་ན། རང་གི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་བདག་ཉིད་

བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ་འདི་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་བྱས་པ་འདི་ཡིན་ཞེས་བྱ་བར་སྦྱར་རོ། །

གསང་བ་ཞེས་བྱ་བ་ལ་སོགས་པའི་དོན་འདི་དག་གི་ཁྱད་པར་གཞན་ནི་བཅོམ་ལྡན་འདས་ཉིད་ཀྱི་ལེའུ་བཞི་བཅུ་རྩ་གཉིས་པ་ལས་གསལ་བར་སྟོན་པར་མཛད་ལ་དེ་ཉིད་དུ་བདག་གིས་ཀྱང་སླར་བཤད་པར་བྱའོ། །བརྗོད་པར་བྱ་བ་ལ་སོགས་པ་དེ་དག་ནི་བཅོམ་ལྡན་འདས་ཉིད་

མངོན་པར་བཞེད་པ་ཡིན་པར་བསྟན་པའི་ཕྱིར་སྡུད་པ་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པར་བྱ་བ་ལ་སོགས་པ་དེ་སྐད་ཅེས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་བྱ་བ་ནི་འདིར་འཆད་པ་པོ་ཕྱིན་ཅི་མ་ལོག་པའི་ཡེ་

ཤེས་དང་ལྡན་པའི་རྡོ་རྗེ་འཛིན་པ་ཉིད་དུ་སྟོན་ཏོ། །ད་ནི་རྒྱུད་ཀྱི་བརྗོད་པར་བྱ་བའི་དོན་གྱི་རབ་ཏུ་དབྱེ་བ་ཤེས་རབ་ཀྱི་ཆ་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ཞེས་བྱ་བ་ནི་གང་གི་མཚན་ཉིད་རང་བཞིན་མེད་པའི་ངང་ཚུལ་ཅན་དེ་དག་

ལ་དེ་སྐད་ཅེས་བྱ་སྟེ། གང་དག་གི་ཞེ་ན། ཐམས་ཅད་ཅེས་བྱ་བ་སྟེ་ཕུང་པོ་ལ་སོགས་པའིའོ། །ཇི་ལྟར་ནམ་མཁའ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའི་མཚན་ཉིད་ཙམ་ཡིན་པས་ན་མཚན་ཉིད་མེད་པ་ཡིན་ཏེ། མིང་ཙམ་དུ་ཀུན་དུ་བཏགས་པ་ལྟར་བལྟ་བར་བྱའོ། །

དེ་ཡང་ཕུང་པོ་ལ་སོགས་པ་འབའ་ཞིག་མ་ཡིན་གྱི། གཞན་ཁམས་གསུམ་པ་མ་ལུས་པ་ཡང་ཡིན་ཏེ། ཆོས་གང་དག་མ་ལུས་ཤིང་ལྷག་མ་མེད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འི་ཞེས་བྱ་བ་ནི་དང་པོའི་དོན་གྱིས་དྲུག་པའི་རྐྱེན་ཅན་ནོ། །ཅི་སྟེ་ཕུང་པོ་ལ་སོགས་པ་ངོ་བོ་མེད་

เล่ม ๑๙ · หน้า 8a

པ་ཡིན་ན། ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྒྱུ་མ་ངོ་བོ་ཉིད་མེད་ཀྱང་གཟུགས་སུ་སྣང་ཞིང་དོན་བྱེད་པར་སྣང་བ་ལྟར་བལྟ་བར་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་མཐོང་བ་དང་ནི་ཞེས་བྱ་

བ་ལ་སོགས་པ་གསུངས་ཏེ། མཐོང་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ཙམ་མོ། །དེ་ཅི་ཞིག་ཅེ་ན། རེག་པའི་དངོས་ཞེས་བྱ་སྟེ། བརྟན་པ་དང་གཡོ་བའི་འགྲོ་བ་ཇི་ལྟར་གྲགས་པ་རྣམས་དབང་པོ་རྣམས་ཀྱིས་གཟུང་བར་གྱུར་པས་ན་རེག་པ་སྟེ། དེ་དག་གི་རྣམ་པའི་དབྱེ་

བ་ཐམས་ཅད་སྣང་མོད་ཀྱི། གཅིག་དང་དུ་མ་དང་བྲལ་བའི་སྦྱོར་བས་སྤྱད་ན་དམིགས་སུ་མེད་པ་ཡིན་ཏེ། ཅི་འདྲ་ཞེ་ན། སྒྱུ་མ་ཇི་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་སྒྱུ་མ་གཅིག་དང་དུ་མར་སྣང་ཡང་དེ་ཁོ་ན་ཉིད་དུ་མ་ཡིན་པ་ལྟར། འགྲོ་བའི་དངོས་པོ་རྣམས་ཀྱང་རང་བཞིན་

མེད་པར་དགོངས་སོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ལ། བླུན་པོ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་ལྡན་པ་རྣམས་ཏེ། དེ་དག་གང་གིས་ཞེས་བྱ་བ་ནི་དངོས་པོའི་ཆ་ཕྲ་མོ་ཙམ་གྱིས་ཏེ། དེས་འཆིང་བ་ནི་སྡུག་བསྔལ་གྱིས་འཆིང་བར་འགྱུར་བའོ། །དེས་ཞེས་བྱ་

བ་ནི་དངོས་པོའི་ཆ་ཕྲ་མོ་ཙམ་དེས་ཞེས་བྱ་བར་དགོངས་སོ། །མཁས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་བྲལ་བ་སྟེ། ཤིན་ཏུ་ཕྲ་བའི་ཆ་ལ་མངོན་པར་ཞེན་པ་མེད་པའོ། །གསལ་བ་མང་པོ་ཉིད་ཀྱིས་ན་མང་པོའི་ཚིག་གོ། །རྣམ་པར་རོལ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་

དོན་གྱི་ཕྱིར་དེའི་རང་བཞིན་ཡོངས་སུ་ཤེས་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ཏེ་རྩེ་བར་མཛད་པའོ། །གང་དུ་ཞེ་ན། འདིར་ཏེ་ཆོས་ཀྱི་དབྱིངས་སུའོ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ཞེས་བྱ་བ་ལ། འདི་ཡིས་ཞེས་བྱ་བ་བསྟན་མ་ཐག་པའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་

འདིས་སོ། །ཕྱག་དང་ཞལ་ལ་སོགས་པའི་ཀུན་རྫོབ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །རྣལ་འབྱོར་པ་དེས་ཅི་ཞིག་བྱ་ཞེ་ན། ས་གསུམ་མ་ལུས་བཟའ་བར་བྱ། །ཞེས་བྱ་བ་སྟེ། སྐུ་ལ་སོགས་པའི་ཐ་མལ་པའི་གཟུགས་བཟློག་པར་བྱ་

เล่ม ๑๙ · หน้า 8b

ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པའི་ཕྱིར། གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་གིས་སོ། །སྦྱོར་བ་མ་ཚང་བ་ཞེས་བྱ་བ་ནི་སྣང་བ་ལས་འདས་

པའོ། །འདའ་ཞེས་བྱ་བ་ནི་བདག་གི་དོན་ཙམ་ཡང་མེད་པར་མྱ་ངན་ལས་འདའ་བའོ། །ཇི་ལྟ་བུར་ཞེ་ན། མར་མེ་ལྟ་བུར་ཏེ། ཇི་ལྟར་མར་མེ་མར་གྱི་རྒྱུན་གྱིས་ནམ་མཁའི་ངོས་སུ་གསལ་ཞིང་འབར་བ་ལ། གང་གི་ཚེ་མར་གྱི་རྒྱུན་ཟད་པ་དེའི་ཚེ་དེ་ཉིད་དུ་ཟད་ཅིང་གཏུགས་པར་

གྱུར་པ་བདག་ཉིད་ཀྱང་མི་སྣང་ན་གཞན་སྣང་བར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་དུ་སྟོང་པ་ཉིད་འབའ་ཞིག་གི་ཏིང་ངེ་འཛིན་ཡང་བལྟ་བར་བྱའོ། །སྒྱུ་མ་ལྟ་བུའི་སྦྱོར་བ་དེ་ཉིད་འཁོར་ལོས་སྒྱུར་བ་དྲུག་གི་བྱེ་བྲག་གིས་བསྟན་པའི་ཕྱིར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། གཟུགས་ནི་འདིར་དབང་པོ་ལྔའི་དོན་རྣམས་སོ། །ཚོར་བ་ནི་བདེ་བ་ལ་སོགས་པའི་ཉམས་སུ་མྱོང་བའི་རང་བཞིན་ནོ། །རྡོ་རྗེ་ཉི་མ་ནི་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ། །པདྨ་གར་དབང་ནི་སྣང་བ་མཐའ་ཡས་སོ། །འདུ་བྱེད་ནི་ཆགས་

པ་དང་། སྡང་བ་དང་གཏི་མུག་གི་བདག་ཉིད་དོ། །རྡོ་རྗེ་རྒྱལ་པོ་ནི་དོན་ཡོད་གྲུབ་པའོ། །རྣམ་ཤེས་ནི་རྣམ་པར་རིག་པ་ཡིན་ལ་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །ཉེ་བར་བསྡུ་བ་གསུངས་པ། འདི་དག་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་ཀུན་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་

རྣམས་ཏེ། དེ་དག་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔར་བྱས་པ་འདི་དག་རྡོ་རྗེ་མཁའ་འགྲོའི་རང་བཞིན་དུ་གྲགས་པ་སྟེ་རབ་ཏུ་གྲུབ་པ་ཡིན་ནོ། །ཡང་དག་ཆེན་པོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་སྟེ། ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །བདེ་བ་

ཐམས་ཅད་ནི་ཀུན་དུ་དགའ་བ་ལ་སོགས་པའོ། །སྒྱུ་མ་ཆེན་མོའི་རང་བཞིན་ནི་སྒྱུ་འཕྲུལ་ཆེན་མོའི་བདག་ཉིད་དེ། དེའི་བདག་ཉིད་ཀྱིས་ཉོན་མོངས་པ་དང་བྲལ་བས་ཆགས་བྲལ་ཡིན་ལ། སེམས་ཅན་རྣམས་མཆོད་ཅིང་འཆོས་པས་ན་ཆགས་པའོ། །ལྟུང་བྱེད་མ་ནི་སྙིང་རྗེ་དང་

เล่ม ๑๙ · หน้า 9a

སའི་ཁམས་ཀྱི་རང་བཞིན་གྱི་ལྷ་མོ་སྤྱན་མ་སྟེ་སེམས་ཅན་འདུལ་བའི་ཕྱིར་རོ། །གསོད་བྱེད་མ་ནི་བྱམས་པ་དང་ཆུའི་ཁམས་ཀྱི་བདག་ཉིད་ཀྱི་མཱ་མ་ཀཱི་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་བྱེད་པའི་ཕྱིར་རོ། །འགུགས་མ་ནི་དགའ་བ་དང་མེའི་ཁམས་ཀྱི་

རང་བཞིན་གོས་དཀར་མོ་སྟེ། བདེ་བ་ཆེན་པོར་འདྲེན་པའི་ཕྱིར་རོ། །གར་དབང་ནི་བཏང་སྙོམས་དང་རླུང་གི་ཁམས་ཀྱི་རང་བཞིན་སྒྲོལ་མ་སྟེ་འགུགས་པ་དང་། ཉོན་མོངས་པ་སྐེམ་པའི་ཕྲིན་ལས་གཉིས་མཛད་པའི་ཕྱིར་རོ། །སྒྱུ་མ་ཆེ་ཞེས་བྱ་བ་ནི་པདྨའི་དྲ་བ་ཅན་ཏེ། རང་

ཉིད་འགྲོ་ཞེས་བྱ་བ་རྡོ་རྗེ་མཁའ་འགྲོའི་སྐུ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འགྲོ་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན། སངས་རྒྱས་ཀུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྱུང་བ་ལྔ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་གཙོ་མོར་གནས་ཞེས་བྱ་བ་ནི་བཅོམ་

ལྡན་འདས་དང་ལྷན་ཅིག་དབྱེར་མེད་པར་གནས་པའི་ཕྱིར་རོ། །མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱིར་གསུངས་པ། མིག་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཞེས་བྱ་བ་ནི་ལྕེ་སྟེ་ལྷག་མ་ནི་གོ་སླའོ། །སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བ། །ཞེས་བྱ་བ་ལ་གང་དུ་

སྐྱེ་མཆེད་ཐམས་ཅད་མཉམ་པར་སྦྱོར་བ་དེ་ནི་སྐྱེ་མཆེད་ཐམས་ཅད་མཉམ་པར་སྦྱོར་བ་སྟེ་ཡིད་དོ། །བདུན་པའི་དོན་གྱིས་ན་དང་པོའི་ཚིག་ཏུ་བསྟན་པ་ཡིན་ཏེ། དེར་རྡོ་རྗེ་མཁའ་འགྲོ་བལྟ་བར་བྱའོ། །གཟུགས་འདི་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །

སྟོང་པའི་ཚུལ་གྱི་མིག་གིས་ཞེས་བྱ་བ་ནི་དེར་དམིགས་པའི་སེམས་ཀྱིས་སོ། །དོགས་པ་མེད་པར་ནི་གཉིས་མེད་པར་རོ། །རྣམ་པར་མི་རྟོག་པ་ནི་གཟུང་བ་ལ་སོགས་པའི་རྟོག་པ་དང་བྲལ་བ་སྟེ་མིག་ཅེས་བྱ་བ་དང་སྦྱར་རོ། །ཉེ་བར་བསྡུ་བ་གསུངས་པ། ནམ་མཁའི་

ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་རྡོ་རྗེ་མཁའ་འགྲོའི་བསྐྱེད་པའི་རིམ་པས་ལུས་བསྐྱེད་པ་དེར་ཕུང་པོ་ལ་སོགས་པ་སྟོང་པ་ཉིད་དུ་ཉམས་སུ་མྱོང་བས་བྱིན་གྱིས་བརླབས་ཏེ། ལྷའི་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་གྱིས་བྱང་ཆུབ་བསྒྲུབ་པར་བྱ་ཞེས་བྱ་བར་

เล่ม ๑๙ · หน้า 9b

དགོངས་སོ་ཞེས་བྱ་བ་ལ་སོགས་པས་ནི་སྡུད་པ་པོ་བདག་ཉིད་ཀྱི་རང་བཟོ་སྤོང་བར་མཛད་དོ། །ད་ནི་བསམ་གཏན་གྱི་གོ་རིམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་ཐམས་ཅད་ནི་བྱང་ཆུབ་ལ་

སེམས་ཤིང་འདོད་པ་རྣམས་ཏེ། དེ་རྣམས་དེ་བཞིན་ཉིད་དུ་གཤེགས་ཤིང་འགྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཐོགས་པ་མེད་པ་ནི་ཡེ་ཤེས་ཙམ་གྱི་བདག་ཉིད་ཀྱིས་སོ། །གདོན་མི་ཟ་བ་ནི་འབྲས་བུ་དང་བཅས་པའི་ཕྱིར་རོ། །དམ་ཚིག་ནི་སྨོན་ལམ་སྟེ། དེར་དམིགས་

པའི་ཏིང་ངེ་འཛིན་དེ་ཉིད་མ་ལུས་པའི་འགྲོ་བ་ཐམས་ཅད་ལ་བདེ་བ་ཆེན་པོ་བསྒྲུབ་པའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཆེན་པོ་ཡིན་ལ། དེའི་ཁྱད་པར་ནི་རིམ་པས་ཏེ། དེ་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ་ཞེས་བྱ་བ་ནི་སྨོན་ལམ་ལ་ཐུགས་རྩེ་གཅིག་ཏུ་མཛད་

ནས། འོག་ནས་འབྱུང་བ་འདི་སྐད་ཅེས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ལ། ལས་དང་ཉོན་མོངས་པའི་དབང་གིས་འགྲོ་བ་ནས་འགྲོ་བ་གཞན་དག་ཏུ་རྒྱུན་དུ་འཇུག་པས་ན་འཁོར་བ་སྟེ་ཕུང་པོ་ལྔ་ཡིན་ལ། གནས་དེར་གནས་པ་

ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དེ་ལས་གར་ཡང་མི་འགྲོ་ཞིང་དེར་གནས་པར་དམ་འཆའ་བའོ། །སུ་ཞིག་ཅེ་ན་ནམ་མཁའ་མཆོག་སྟེ་བྱང་ཆུབ་སེམས་དཔའོ། །དེ་ཉིད་གསུངས་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །མི་སྐྱོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའོ། །བརྩོན་

འགྲུས་ནི་བྱང་ཆུབ་ཉམས་སུ་ལེན་པའོ། །ནམ་མཁའི་གནས་ཀྱི་མཐར་ཐུག་ཅེས་བྱ་བ་ལ་ནམ་མཁའ་ཉིད་གནས་པ་སྟེ། དེའི་གནས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕུང་པོ་ལྔ་ཡིན་ལ་དེའི་མཐར་གཏུགས་པ་ནི་ཇི་སྲིད་གནས་ཀྱི་བར་དུའོ། །ཅིའི་ཕྱིར་དེ་ལྟར་

མཛད་ཅེ་ན། སྨོན་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སེམས་ཅན་གྱི་དོན་ནི་དགོས་པའོ། །དེ་ཉིད་ཀྱང་གང་ཞེ་ན། འདོད་ཆགས་ཐམས་ཅད་ཅེས་བྱ་བ་དང་སྦྱར་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་སེམས་ཅན་རྣམས་ཀྱི་དོན་ཏེ་དགོས་པ་ཡིན་ལ་དེ་བྱའོ་

เล่ม ๑๙ · หน้า 10a

ཞེས་སྨོན་ལམ་གདབ་པར་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། རྟོག་པ་རྒྱས་པར་སྦྱིན་པ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། རྟོག་པ་འཇོམས་པར་བྱེད་པས་ན་རྟོག་པ་སྟེ་ལམ་གྱི་བདག་ཉིད་ཀྱི་ཆོས་ཡིན་ལ་རྒྱས་པ་ནི་ཚོགས་ཏེ། སྦྱིན་པ་ནི་དེ་དག་

བསྟན་པའི་སྒོ་ནས་སོ་ཞེས་བྱ་བར་དགོངས་སོ། །ཅི་ཞིག་སྦྱིན་པར་བྱ་ཞེ་ན། ཐོག་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ལ་སོགས་པ་མེད་པའི་ཆོས་ཀྱི་ལམ་ཐམས་ཅད་དེ། དེ་ཡང་བཤད་པས་སྦྱིན་པར་བྱའོ། །ཆོས་བཤད་པའི་སྔོན་དུ་བྱུང་བའི་གཏམ་རྣམས་

གསུངས་པ། འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་མཁའ་འགྲོ་སྐྱེ་བའི་ལོ་རྒྱུས་སོ། །རྡོ་རྗེ་སེམས་དཔའ་ཆེན་པོ་ནི་རྡོ་རྗེ་མཁའ་འགྲོ་ཡིན་ལ། བདེ་བ་ཆེ་ནི་རྡོ་རྗེ་སེམས་དཔའོ། །ལྷག་མ་ནི་གོ་སླའོ། །དེ་ལས་སེམས་ཅན་ཐམས་ཅད་འབྱུང་བས་ན་

སེམས་ཅན་ཐམས་ཅད་འབྱུང་བ་སྟེ། དེ་དག་གིས་ནི་དཀྱིལ་འཁོར་བའི་ལྷ་རྣམས་བསྐྱེད་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་གཞལ་ཡས་ཁང་བརྩེགས་པ་དང་གདན་དགོད་པའི་

མཐར་ཟླ་བ་དང་མཚན་མ་ལ་སོགས་པ་ཡོངས་སུ་གྱུར་པ་ལས། ཨོཾ་མ་ཧཱ་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བར་བསྒོམས་ལ། བདག་ཉིད་རྡོ་རྗེ་མཁའ་འགྲོའམ། རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །ཁ་ཅིག་ན་རེ་མངོན་པར་བྱང་ཆུབ་པ་

ལྔ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཞུ་བ་ལས་བསྐུལ་ནས། བདག་ཉིད་རྡོ་རྗེ་མཁའ་འགྲོར་ལྡང་བར་བྱའོ་ཞེས་ཟེར་རོ། །དཀྱིལ་འཁོར་ཆེན་པོ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོ་སྟེ། དཀྱིལ་འཁོར་གྱི་རིམ་པ་དུ་

མ་དང་ལྡན་པའི་ཕྱིར་རོ། །སྦྱོར་བ་ནི་དེའི་རིམ་པ་སྟེ་དེས་བྲི་བའོ། །དེ་ལ་ཐོག་མ་ཁོ་ནར་རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བསྒོམས་ལ། དེའི་འོད་ཟེར་གྱིས་བླ་མ་དང་རྡོ་རྗེ་སེམས་དཔའ་མདུན་དུ་སྣང་བར་བྱས་ཏེ། མེ་

เล่ม ๑๙ · หน้า 10b

ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཚངས་པའི་གནས་བཞི་ཡིད་ཀྱིས་བསྒོམས་ཏེ། ཨཱ་དྱ་ནུཏྤནྣ་སརྦྦ་དྷརྨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿ སརྦྦ་དྷརྨཿཞེས་བརྗོད་པས་ཆོས་ཐམས་ཅད་བདག་མེད་པར་བྱས་ལ་རང་བཞིན་གྱིས་

འོད་གསལ་བའི་སེམས་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་ནས། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཞེས་བྱ་བའི་སྔགས་ཡིད་ཀྱིས་བརྗོད་པར་བྱའོ། །དེ་ནས་ཡང་དེར་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོམས་ལ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱ་བའི་

སྔགས་བརྗོད་པར་བྱ་སྟེ། དེ་ལ་ཟླ་བའི་དཀྱིལ་འཁོར་དང་པོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན། ཨ་ལ་སོགས་པའི་གཟུགས་ཀྱིས་གཞུག་པར་བྱ་ལ། དེ་བཞིན་དུ་གཉིས་པར་ནི་ཀ་ལ་སོགས་པ་ཞུགས་པར་བསྒོམ་མོ། །དེ་ནས་དེའི་སྟེང་དུ་ས་བོན་

ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་དེ་ཉིད་ཀྱི་ལྟེ་བར་བྱིན་གྱིས་བརླབས་པ་བསམས་ལ། ཨོཾ་ཏིཥྛ་བཛྲ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། བདག་ཉིད་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་

པ་ལས་བཅོམ་ལྡན་འདས་བསྒོམ་པ་ནི་ཟླ་བའི་མདོག་ཅན་འཛུམ་པ་དང་བཅས་ཤིང་ཉི་མའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ་སངས་རྒྱས་ལྔའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་པ་སྤྱན་གསུམ་དང་རལ་པའི་ཅོད་པན་དང་ལྡན་པ། རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་

པའི་ཞལ་དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོའི་མདོག་ཅན་ཏེ། རྩ་བའི་ཞལ་ཞི་བའི་ཉམས་དང་ལྡན་པ། ཞལ་གཞན་རྣམ་པར་འགྱུར་བ་དང་ལྡན་པས་སུམ་ཅུ་རྩ་གསུམ་པ་འཇིགས་པར་མཛད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་དྲིལ་བུ་

དང་ཐོད་པ་སྟེ། ཟླ་བའི་སྟེང་གི་ཐོད་པ་ལ་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པ། འོག་ནས་འབྱུང་བའི་གཞལ་ཡས་ཁང་ན་གནས་པའི་དཀྱིལ་འཁོར་པའི་ལྷ་དང་བཅས་པར་བདག་ཉིད་རྡོ་རྗེ་སེམས་དཔའི་གཟུགས་སུ་སྐད་ཅིག་ཙམ་གྱིས་བསྒོམ་པར་བྱ་སྟེ། དེར་

เล่ม ๑๙ · หน้า 11a

ཡང་སྔར་བསྟན་པའི་བདག་མེད་པའི་རྗེས་སུ་ཧཱུཾ་ལས་བྱུང་བའི་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་དེས་བྱིན་གྱིས་བརླབས་པར་བསམས་ལ། དེའི་འོད་ཀྱིས་རྡོ་རྗེ་ར་བ་ལ་སོགས་པ་བསྒོམ་པར་བྱའོ། །དེར་ཧཱུཾ་སུཾ་ཧཱུཾ་ལས་རི་རབ་དེའི་སྟེང་དུ་ཆོས་ཀྱི་འབྱུང་གནས།

དེར་སྣ་ཚོགས་པདྨ་དང་རྡོ་རྗེའི་སྟེང་དུ་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དེ་ལས་བྱུང་བ། གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ཡང་དག་པར་ལྡན་པ། སོ་སོའི་ཐོད་པའི་གདན་གྱིས་མནན་པར་ཁང་པ་བརྩེགས་མ་བསམས་ཏེ། རྡོ་རྗེ་སེམས་དཔའི་

རྣལ་འབྱོར་པས་དེའི་དབུས་སུ། པདྨའི་སྟེང་གི་ཟླ་བར་གནས་པའི་ཐོད་པ་ལ་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེར་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་དང་། སངས་རྒྱས་ཐམས་ཅད་བཅུག་ནས། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །

དེ་ཉིད་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམས་ལ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། དེར་ཧཱུཾ་གི་ས་བོན་ལས་བྱུང་བའི་རྡོ་རྗེ་ལྟེ་བར་ཧཱུཾ་གིས་བྱིན་གྱིས་བརླབས་པར་བསྒོམས་ནས། ཨོཾ་ཏིཥྛ་བཛྲ། ཞེས་བྱིན་གྱིས་བརླབས་ཏེ། བདག་ཉིད་

རྡོ་རྗེ་ཙམ་དུ་མོས་ནས། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ནས། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛ་ཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ། ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ནས། རང་གི་སེམས་ཀྱི་རྟོག་པ་ཙམ་གྱིས་ལངས་ཏེ། སྔར་བསྟན་པའི་གཟུགས་ཅན་གྱི་རྡོ་རྗེ་

སེམས་དཔའི་སྐུར་བསྐྱེད་ལ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཨ་ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ལྟར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྫོགས་པར་བསྐྱེད་ལ། ཨོཾ་ཧ། ཞེས་བྱ་བ་འདིས་སྙིང་གར་རྡོ་རྗེ་སེམས་དཔའ་བསྒོམ་མོ། །དེ་བཞིན་དུ་ན་མཿཧི་ཞེས་

བྱ་བས་མགོ་བོར་རྣམ་པར་སྣང་མཛད། སྭཱ་ཧཱ་ཧུ། ཞེས་བྱ་བས་ཁར་པདྨ་གར་གྱི་དབང་ཕྱུག །བཽ་ཤཌ་ཧེ། ཞེས་བྱ་བས་ཕྲག་པ་གཉིས་སུ་ཧེ་རུ་ཀ །ཧཱུཾ་ཧཱུཾ་ཧོ། །ཞེས་བྱ་བས་མིག་གཉིས་སུ་རྡོ་རྗེ་ཉི་མ། ཕཊ་ཧཾ། ཞེས་བྱ་བས་ཡན་ལག་ཐམས་ཅད་ལ་མཚོན་ཆར་རྟ་མཆོག་

เล่ม ๑๙ · หน้า 11b

བསམ་པར་བྱ་སྟེ། དེ་དག་གི་མདོག་དང་ཕྱག་མཚན་ལ་སོགས་པ་ནི་འདི་ཉིད་ཀྱི་དཀྱིལ་འཁོར་དུ་བསྟན་པར་བྱའོ། །དེ་བཞིན་དུ། ཨོཾ་བཾ། ཞེས་བྱ་བས་ལྟེ་བར་རྡོ་རྗེ་ཕག་མོ། ཨོཾ་ཧཾ་ཡོཾ་གྱིས་སྙིང་གར་གཤིན་རྗེ་མ། ཨོཾ་ཧྲིཾ་མོཾ་གྱིས་ཁར་རྨོངས་བྱེད་མ། ཨོཾ་ཧྲིཾ་ཧྲིཾ་གིས་སྤྱི་

བོར་སྐྱོད་བྱེད་མ། ཨོཾ་ཧཱུཾ་ཧཱུཾ་གིས་སྤྱི་གཙུག་ཏུ་སྐྲག་བྱེད་མ། ཨོཾ་ཕཊ་ཕཊ་ཀྱིས་ཡན་ལག་ཐམས་ཅད་ལ་མཚོན་ཆར་གཏུམ་མོ་བསམ་པར་བྱ་སྟེ། དེ་དག་གི་མདོག་ལ་སོགས་པ་ཡང་ལེའུ་གཞན་ལས་ཤེས་པར་བྱའོ། །དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་

མཛད། ཚོར་བ་ནི་རྡོ་རྗེ་ཉི་མ། འདུ་ཤེས་ནི་པདྨ་གར་གྱི་དབང་ཕྱུག འདུ་བྱེད་ནི་རྟ་མཆོག རྣམ་པར་ཤེས་པ་ནི་རྡོ་རྗེ་སེམས་དཔའ། དེ་དག་ཐམས་ཅད་ནི་དཔལ་ཧེ་རུ་ཀ མིག་ལ་ནི་གཏི་མུག་རྡོ་རྗེ། རྣ་བ་ལ་ཞེ་སྡང་རྡོ་རྗེ། སྣ་ལ་སེར་སྣ་རྡོ་རྗེ། ལྕེ་ལ་འདོད་ཆགས་

རྡོ་རྗེ། ལུས་ལ་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ། ཡང་ན་རྣམ་པར་ཤེས་པ་ནི་ཧེ་རུ་ཀ་སྐྱེ་མཆེད་ཀུན་ནི་རྡོ་རྗེ་སེམས་དཔར་རོ། །ས་ནི་སྤྱན་མ། ཆུ་ནི་མཱ་མ་ཀཱི། མེ་ནི་གོས་དཀར་མོ། །རླུང་ནི་སྒྲོལ་མ། ནམ་མཁའ་ནི་པདྨའི་དྲ་བ་ཅན་དུ་བསམ་

མོ། །དེ་དག་གི་མདོག་ལ་སོགས་པ་ཡང་དཀྱིལ་འཁོར་འདི་ཉིད་དུ་བརྗོད་པར་བྱའོ། །པདྨའི་དྲ་བ་ཅན་ནི་མཱ་མ་ཀཱི་བཞིན་ནོ། །དེ་ལྟར་གོ་ཆ་ལ་སོགས་པས་བྱིན་གྱིས་བརླབས་ནས། རང་གི་ལུས་ཀྱི་འོད་ལས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱིས་དེ་བཞིན་གཤེགས་པ་

རྣམས་བཀུག་ནས། དེ་དག་གི་སྐུ་ལས་བྱུང་བའི་ལྷ་མོ་ལག་ན་བུམ་པ་ཐོགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་བས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་རལ་པའི་ཅོད་པན་ལ་བརྒྱན་པར་བྱའོ། །དེ་ནས་ཤར་ལ་སོགས་པའི་གནས་རྣམས་སུ་རྣམ་

པར་སྣང་མཛད་ལ་སོགས་པའི་ལྷའི་ཚོགས་བསྒོམ་པར་བྱ་སྟེ། དེ་ལ་ཤར་ཕྱོགས་ཀྱི་ཐོད་པའི་ཟླ་བའི་བྷྲཱུཾ་ལས་བྱུང་བའི་ཁ་དོག་དཀར་ཞིང་ཞི་བ་གཡས་ལ་སོགས་པའི་ཕྱག་བཞིས་འཁོར་ལོ་དང་དྲིལ་བུ་དང་ཐོད་པ་དང་ཞགས་པ་བསྣམས་པའི་རྣམ་པར་སྣང་མཛད་བསྒོམ་མོ། །

เล่ม ๑๙ · หน้า 12a

དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཐོད་པའི་ཟླ་བར་ཨོཾ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན། ཁ་དོག་སེར་པོ། གཡས་པ་ལ་སོགས་པའི་ཕྱག་བཞིས་རིན་པོ་ཆེ་དང་ལྕགས་ཀྱུ་དང་ཐོད་པ་དང་ཞགས་པ་བསྣམས་པའོ། །དེ་བཞིན་དུ་འོག་ནས་འབྱུང་བ་ཀུན་ལ་ཐོད་པ་

དང་ཟླ་བའི་གདན་སྦྱར་རོ། །ནུབ་ཏུ་ཧྲཱིཿལས་བྱུང་བའི་པདྨ་གར་གྱི་དབང་ཕྱུག་ཁ་དོག་དམར་མོ་ཕྱག་བཞིས་མདའ་དང་པདྨ་དང་གཞུ་དང་ཐོད་པ་བསྣམས་པའོ། །བྱང་དུ་ཁཾ་ལས་བྱུང་བའི་རྟ་མཆོག་ཁ་དོག་ལྗང་གུ་ཕྱག་བཞིས་རྡོ་རྗེ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཐོད་པ་

བསྣམས་པའོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རལ་པའི་ཅོད་པན་ཅན་ཞལ་གཅིག་པའོ། །དབང་ལྡན་གྱི་མཚམས་སུ་བྷཱུཾ་ལས་བྱུང་བའི་སྤྱན་མ་ཁ་དོག་དཀར་མོ་ཞལ་གཅིག་སྤྱན་གསུམ་མ་རལ་པའི་ཐོར་ཚུགས་ཐོད་པའི་ཕྲེང་བས་བརྒྱན་པ། ཕྱག་

བརྒྱད་ཀྱིས་འཁོར་ལོ་དང་། རྡོ་རྗེ་དང་། རལ་གྲི་དང་། མདའ་དང་། ཐོད་པ་དང་། དྲིལ་བུ་དང་། ཞགས་པ་དང་། གཞུ་བསྣམས་པའོ། །མེ་མཚམས་སུ་ཧཱུཾ་ལས་བྱུང་བའི་མཱ་མ་ཀཱི་མདོག་སྔོན་མོ་ཞལ་གཅིག་སྤྱན་གསུམ་པ་ཅོད་པན་ཐོད་པའི་ཕྲེང་བས་བརྒྱན་པ། ཕྱག་

བཅུ་གཉིས་ཀྱིས་མདའ་དང་། རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། གཞུ་དང་། ལྕགས་ཀྱུ་དང་། དྲིལ་བུ་དང་། ཞགས་པ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་བསྣམས་པའོ། །བདེན་བྲལ་དུ་ཧྲཱིཿལས་བྱུང་བའི་གོས་དཀར་མོ་མདོག་དམར་མོ་ཞལ་

ལ་སོགས་པ་སྔ་མ་ལྟ་བུ་ལས་ཕྱག་བརྒྱད་ཀྱིས་མདའ་དང་། པདྨ་དང་། རལ་གྲི་དང་། རྡོ་རྗེ་དང་། གཞུ་དང་། ཐོད་པ་དང་། ཞགས་པ་དང་། དྲིལ་བུ་བསྣམས་པའོ། །རླུང་མཚམས་སུ་ཏཱཾ་ལས་བྱུང་བའི་སྒྲོལ་མ་ཁ་དོག་ལྗང་གུ། ཞལ་ལ་སོགས་པ་སྔ་མ་

ལྟ་བུ་ལས་ཕྱག་བརྒྱད་ཀྱིས་ཨུཏྤལ་དམར་པོ་དང་། རལ་གྲི་དང་། ལྕགས་ཀྱུ་དང་། མདའ་དང་། འཁོར་ལོ་དང་། ཞགས་པ་དང་། ཐོད་པ་དང་། གཞུ་བསྣམས་པའོ། །དེ་ནས་རིམ་པ་གཉིས་པའི་ཤར་དུ་ཨོཾ་ལས་བྱུང་བའི་རྡོ་རྗེ་དྲག་མོ་ཕྱག་བཞིས་མདའ་དང་།

เล่ม ๑๙ · หน้า 12b

ལྕགས་ཀྱུ་དང་། གཞུ་དང་། ཁུ་བས་གང་བའི་ཐོད་པ་བསྣམས་པར་བསམ་མོ། །ལྷོ་ཕྱོགས་སུ་ཨཾ་ལས་བྱུང་བའི་རྡོ་རྗེ་གཟུགས་ཕྱག་བཞིས། རྡོ་རྗེ་དང་། མདུང་དང་། ཞགས་པ་དང་། ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །ནུབ་ཏུ་ཨིཾ་ལས་བྱུང་བའི་རྡོ་རྗེ་

ཆགས་པ་མ་ཕྱག་བཞིས་རྡོ་རྗེ་དང་། རལ་གྲི་དང་། ཆུས་གང་བའི་ཐོད་པ་དང་དྲིལ་བུ་བསྣམས་པའོ། །བྱང་དུ་ཨཱིཾ་ལས་བྱུང་བའི་རྡོ་རྗེ་ཞི་བ་མོ་ཕྱག་བཞིས་གཏུན་ཤིང་དང་། བ་དན་དང་། རྡོ་རྗེ་རལ་གྲི་དང་། ཆུས་གང་བའི་ཐོད་པ་བསྣམས་པའོ། །དེ་དག་ནི་རིམ་པ་

བཞིན་དུ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་མདོག་ཅན་ནོ། །དབང་ལྡན་དུ་ཨུཾ་ལས་བྱུང་བ་རྡོ་རྗེ་གནོད་སྦྱིན་མ། ཕྱག་བཞིས་རྡོ་རྗེ་དང་། ཨུཏྤལ་དང་། ཐོད་པ་དང་། རྔེའུ་ཆུང་བསྣམས་པར་བསམ་མོ། །མེ་མཚམས་སུ་ཨཱུཾ་ལས་བྱུང་བའི་

རྡོ་རྗེ་མཁའ་འགྲོ་མ་ཕྱག་བཞི་ན་པདྨ་དང་། མེ་ལོང་དང་། ཚིལ་གྱིས་གང་བའི་ཐོད་པ་དང་། དགྲ་སྟ་བསྣམས་པའོ། །བདེན་བྲལ་དུ་ཨཾ་ལས་བྱུང་བའི་རྡོ་རྗེ་སྒྲ་ཕྱག་བཞི་ན། བེ་ཅོན་དང་། དུང་དང་། འཁོར་ལོ་དང་། ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །

རླུང་མཚམས་སུ་ཨཱཾ་ལས་བྱུང་བའི་རྡོ་རྗེས་ཕྱག་བཞི་ན་རྡོ་རྗེའི་རྫས་ཀྱིས་བཀང་བའི་བུམ་པ་དང་། མིའི་པགས་པས་གཡོགས་པའི་ཐོད་པ་དང་དྲིལ་བུ་བསྣམས་པའོ། །དེ་དག་ཀྱང་རིམ་པ་བཞིན་དུ་དཀར་པོ་དང་། སེར་པོ་དང་། སེར་པོ་དང་། དམར་པོ་དང་། དམར་པོ་

དང་། སྔོན་པོ་དང་། སྔོན་པོ་དང་། དཀར་པོ་སྟེ་མདོག་གཉིས་གཉིས་དང་ལྡན་པའོ། །རིམ་པ་གསུམ་པའི་ཤར་ཕྱོགས་སུ་རྀཾ་ལས་བྱུང་བའི་སྒེག་མོ་ལག་པ་གཡོན་པ་དཀུར་བཙུགས་ཤིང་གཡས་པ་གར་ཐབས་སུ་བསྐྱོད་པའོ། །ལྷོ་ཕྱོགས་སུ་རཱྀཾ་ལས་བྱུང་བའི་ཕྲེང་བ་

མ་ཕྱག་གཉིས་ཀྱིས་ཕྲེང་བ་བསྣམས་པའོ། །ནུབ་ཕྱོགས་སུ་ལྀཾ་ལས་བྱུང་བའི་གླུ་མཁན་མ། མགྲིན་པ་གླུ་ཡིས་བཀང་སྟེ་ལག་པ་གཉིས་ཀྱིས་ཁ་འགེབས་པ་ལྟར་བྱེད་པའོ། །བྱང་དུ་ལཱྀཾ་ལས་བྱུང་བའི་གར་མཁན་མ་ལག་པ་གཉིས་ཀྱིས་གར་བྱེད་པའོ། །དེ་དག་

เล่ม ๑๙ · หน้า 13a

ཀྱང་རིམ་བཞིན་དུ་རྡོ་རྗེ་དྲག་མོ་ལ་སོགས་པའི་མདོག་ཅན་ནོ། །དེ་ཉིད་ཀྱི་མེ་མཚམས་ལ་སོགས་པར། ཨོཾ་ཨོོཾ་ཨེཾ་ཨེེཾ་གི་ས་བོན་རྣམས་ལས་བྱུང་བ་གླིང་བུ་མ་དང་། པི་ཝང་མ་དང་། བདུག་པ་མ་དང་། རྫ་རྔ་མའི་ལྷ་མོ་དག་རིམ་བཞིན་དུ་ཕྱག་

གཉིས་རང་གི་མིང་གི་མཚན་མ་རྣམས་བསྣམས་པ་རྡོ་རྗེ་དྲག་མོ་ལ་སོགས་པའི་མདོག་ཅན་ནོ། །རིམ་པ་བཞི་པའི་སྣམ་བུའི་མེ་མཚམས་ལ་སོགས་པར་ལཱ་སྱ་ལ་སོགས་པ་བཞིའི་ས་བོན་ལས་བྱུང་བ་མེ་ཏོག་མ་ལ་སོགས་པ་བཞིའི་རིམ་བཞིན་དུ་ཕྱག་གཉིས་ཀྱིས་རང་གི་

མིང་གི་མཚན་མ་བསྣམས་པ་དྲག་མོ་ལ་སོགས་པའི་མདོག་ཅན་ནོ། །རྡོ་རྗེ་དྲག་མོ་ནས་དྲི་ཆབ་མའི་མཐར་ཐུག་པའི་ལྷ་མོ་དེ་དག་ནི་རལ་པའི་ཅོད་པན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ནི་ཕྱེད་ཀྲུང་བཅས་པའི་

གར་གྱིས་བཞུགས་ཤིང་ཉི་མའི་འོད་དང་ལྷའི་ན་བཟས་བརྒྱན་པའོ། །ལྷོ་ལ་སོགས་པའི་སྒོ་བཞིའི་ཐོད་པར་རིམ་བཞིན་དུ། ཛཿཧཱུཾ་བཾ་ཧོཿཡི་ས་བོན་ལས་བྱུང་བའི་ལྕགས་ཀྱུ་མ་ལ་སོགས་པ་བཞི་བསྒོམ་སྟེ། དེ་ལ་ལྕགས་ཀྱུ་མ་མདོག་ནམ་མཁའ་ལྟར་སྔོ་བསངས་རྩ་བ་

དང་། གཡས་དང་། གཡོན་གྱི་ཞལ་གསུམ་སྔོ་བསངས་དང་ནག་པོ་དང་། དཀར་པོའི་མདོག་ཅན་ཕྱག་དྲུག་ན་ལྕགས་ཀྱུ་དང་། རལ་གྲི་དང་། འཁོར་ལོ་དང་། ཞགས་པ་དང་། སྡིགས་མཛུབ་དང་། དྲིལ་བུ་བསྣམས་པའོ། །ཞགས་པ་མ་ནི་མདོག་དཀར་

སེར་རྩ་བ་དང་། གཡས་དང་། གཡོན་གྱི་ཞལ་དཀར་སེར་དང་། སྔོན་པོ་དང་། དམར་པོའི་མདོག་ཅན། ཕྱག་དྲུག་ན་ཞགས་པ་དང་། རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་། སྡིགས་མཛུབ་བོ། །རྡོ་རྗེ་ལྕགས་སྒྲོག་མ་ནི་ཁ་དོག་དམར་མོ་རྩ་བ་

དང་། གཡས་དང་། གཡོན་གྱི་ཞལ་དམར་པོ་དང་སྔོན་པོ་དང་དཀར་པོའི་མདོག་ཅན་ཕྱག་དྲུག་ན་ལྕགས་སྒྲོག་དང་། རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་། དྲིལ་བུ་དང་། ལྕགས་ཀྱུ་བསྣམས་པའོ། །རྡོ་རྗེ་དྲིལ་བུ་མ་ནི་ཁ་དོག་ལྗང་གུ་རྩ་བ་དང་གཡས་

เล่ม ๑๙ · หน้า 13b

དང་གཡོན་གྱི་ཞལ་ལྗང་གུ་དང་། སྔོན་པོ་དང་། དཀར་པོའི་མདོག་ཅན་ཕྱག་དྲུག་ན་རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་། ལྕགས་ཀྱུ་དང་། ཞགས་པ་བསྣམས་པའོ། །དེ་དག་ནི་སྐྲ་ཁམ་པ་གྱེན་དུ་འབར་ཞིང་གཡས་བརྐྱང་བས་བཞུགས་པ་ཉི་མའི་

དཀྱིལ་འཁོར་གྱི་འོད་ཅན། སྟག་ལྤགས་ཀྱི་ན་བཟའ་མནབས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །དེ་ནས་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བ་བརྗོད་པས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ལ་བཀའ་བསྒོ་སྟེ། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་གཞུག་པ་དང་བཅིང་བ་དང་།

དབང་དུ་བྱས་ལ་ལྷ་ཐམས་ཅད་ཀྱི་ཡན་ལག་ལ་གོ་ཆ་གཉིས་པོ་བཀོད་ཅིང་ཆོ་ག་བཞིན་དུ་དབང་བསྐུར་བས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་བྱས་ནས་སྔགས་ཀྱི་ཚོགས་ཀྱིས་བསྟོད་པར་བྱ་སྟེ། དེ་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་

ཏ་སྟྭཾ། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་འོ། །ཨོཾ་བྷཱུཾ་སྭཱ་ཧཱ། ཞེས་པ་ནི་རྣམ་པར་སྣང་མཛད་ཀྱིའོ། །ཨོཾ་ཨཾ་སྭཱ་ཧཱ། ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་པ་ནི་སྣང་བ་མཐའ་ཡས་ཀྱིའོ། །ཨོཾ་ཁཾ་སྭཱ་ཧཱ། ཞེས་པ་ནི་དོན་ཡོད་གྲུབ་པའི་འོ། །ཨོཾ་ཧཱུཾ་སྭཱ་ཧཱ།

ཞེས་པ་ནི་མི་བསྐྱོད་པའི་འོ། །ཨོཾ་ཨཱཿ་ལཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་སྤྱན་མའི་འོ། །ཨོཾ་ཨཱཿགཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་མཱ་མ་ཀཱིའི་འོ། །ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊངྐ་ཊེ་སྭཱ་ཧཱ། ཞེས་པ་ནི་གོས་དཀར་མོའི་འོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ནི་སྒྲོལ་མའི་འོ། །ཨོཾ་ཨཱཿ

ཨཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་དྲག་མོའི་འོ། །ཨོཾ་ཨཱཿཨཱཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་གཟུགས་མའི་འོ། །ཨོཾ་ཨཱཿཨིཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་དྲིའི་འོ། །ཨོཾ་ཨཱཿཨཱིཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་ཞི་བ་མོའི་འོ། །ཨོཾ་ཨཱཿཨུཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་གནོད་སྦྱིན་མོའི་འོ། །ཨོཾ་ཨཱཿ

ཨཱུཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མའི་འོ། །ཨོཾ་ཨཱཿཨྃ་ཧྃ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་སྒྲའི་འོ། །ཨོཾ་ཨཱཿཨཱྃ་ཧྃ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་སའི་འོ། །ཨོཾ་ལཱ་སྱེ་རྀཾ་སྭཱ་ཧཱ། ཞེས་པ་ནི་སྒེག་མོའི་འོ། །ཨོཾ་མཱ་ལེ་རིཾ་སྭཱ་ཧཱ། ཞེས་པ་ནི་ཕྲེང་བ་མའི་འོ། །ཨོཾ་གཱི་ཏི་ལྀཾ་སྭཱ་ཧཱ།

เล่ม ๑๙ · หน้า 14a

ཞེས་པ་ནི་གླུ་མཁན་མའི་འོ། །ཨོཾ་ནཾ་རི་ཏ་ལྀཾ་སྭཱ་ཧཱ། ཞེས་པ་ནི་གར་མཁན་མའི་འོ། །ཨོཾ་ཨཱཿརྀ་ཧཱཾ་སྭཱ་ཧཱ། ཞེས་པ་ནི་མེ་ཏོག་མའི་འོ། །ཨོཾ་ཨཱཿརཱྀ་ཧཾ་སྭཱ་ཧཱ། ཞེས་པ་ནི་བདུག་པ་མའི་འོ། །ཨོཾ་ཨཱཿལྀཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་དྲི་ཆབ་མའི་འོ། །ཨོཾ་ཨཱཿལཱྀཾ་ཧཾ་

སྭཱ་ཧཱ། ཞེས་པ་ནི་མར་མེ་མའི་འོ། །ཨོཾ་ཨཱཿཨོཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་གླིང་བུ་མའི་འོ། །ཨོཾ་ཨཱཿ་ཨཽཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་པི་ཝང་མའི་འོ། །ཨོཾ་ཨཱཿཨེཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྔ་ཆེན་མའི་འོ། །ཨོཾ་ཨཱཿཨཻཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྫ་རྔ་མའི་འོ། །ཨོཾ་ཨཱཿབཛྲ་ཨཾ་ཀུ་ཤ་ཛཿཧཾ་སྭཱ་ཧཱ།

ཞེས་པ་ནི་རྡོ་རྗེ་ལྕགས་ཀྱུ་མའི་འོ། །ཨོཾ་ཨཱཿབཛྲ་པཱ་ཤ་ཧཱུཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་ཞགས་པ་མའི་འོ། །ཨོཾ་ཨཱཿབཛྲ་ཤྲིཾ་ཁ་ལེ་བཾ་ཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་ལྕགས་སྒྲོག་མའི་འོ། །ཨོཾ་ཨཱཿབཛྲ་གྷཎྚེ་ཧོཿཧཾ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེ་དྲིལ་བུ་མའི་འོ། །དེ་དག་གིས་དཀྱིལ་

འཁོར་ལ་བསྟོད་ནས། བདུད་རྩི་ལྔས་མཆོད་ལ་གཏུམ་མོའི་རྣལ་འབྱོར་བསྒོམས་ནས། ཨོཾ་མ་ཧཱ་སུ་ཁ། ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པར་བྱ་བ་འདི་ནི་རྡོ་རྗེ་སེམས་དཔའ་བསྒོམ་པའི་ཆོ་གའོ། །འོད་ཟེར་དམར་པོ་འཁྲུགས་པ་ལས། །ཞེས་བྱ་བ་ནི་ཉི་མའི་འོད་

དང་ལྡན་པའོ། །སངས་རྒྱས་ཕྲེང་བས་མཛེས་པ་ནི། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པའོ། །ལྷག་མ་ནི་གོ་སླའོ། །ལྷ་མོ་བཞི་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པ་ཡིན་ལ། སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་

མཛད་ལ་སོགས་པའོ། །གཡས་དཀར་མིན་ཞེས་བྱ་བ་ནི་དཀར་པོ་ལས་བཟློག་པ་སྟེ་ནག་པོའོ། །ཞི་བ་ནི་ཞི་བའི་ཉམས་དང་ལྡན་པ་སྟེ། ལྷག་མ་ནི་བཞིན་རྣམ་པར་འགྱུར་བའོ། །དེ་ཉིད་ཀྱིས་ན། སུམ་ཅུ་གསུམ་པ་འཇིག་པར་མཛད། །ཅེས་གསུངས་སོ། །

མཁའ་འགྲོ་མའི་འཁོར་ལོ་ནི་རྡོ་རྗེ་དྲག་མོ་ལ་སོགས་པའོ། །སྐྱོབ་པ་སྣ་ཚོགས་ཞེས་བྱ་བ་ནི་རང་གི་ལུས་ལ་སྤྲུལ་པ་སྣ་ཚོགས་པ་རྣམས་དེ་བཞིན་གཤེགས་པ་ཉིད་དུ་མཚོན་པར་བྱ་བ་དང་། དེ་བཞིན་གཤེགས་པ་དང་བདག་ཉིད་དབྱེར་མེད་པར་བསྒོམ་པར་བྱའོ། །

เล่ม ๑๙ · หน้า 14b

ཡང་ན་སྐད་ཅིག་ཙམ་གྱིས་རི་རབ་ཀྱི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་བརྩེགས་པའི་ཁང་བུར་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བསྐྱེད་པའི་རིམ་པས་བསྒོམ་པར་བྱ་བའོ། །ཅི་དེ་ཡང་རང་བཞིན་གྱིས་གྲུབ་པ་ཞིག་གམ་འོན་ཏེ་མ་ཡིན་ཞེ་ན། འདིར་དེ་དག་རང་གི་སེམས་

རྣམ་པར་དག་པ་ཉིད་ཀྱིས་སྣང་བ་ཡིན་པས་འོ་མ་ལ་མར་ལྟར་གྲུབ་པ་བསྒྲུབ་པར་བྱའི། ཆུ་ལ་མར་ལྟར་མ་གྲུབ་པ་སྒྲུབ་པ་ནི་འགྲུབ་པར་མི་འགྱུར་རོ། །དེ་ཡང་ཆུའི་རྙོག་མ་ནོར་བུས་སྦྱངས་པ་ལྟར་བསྐྱེད་པའི་རིམ་པས་བདག་ཉིད་སྔོན་དུ་སྦྱངས་ནས་རྫོགས་པར་བྱ་སྟེ།

རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །གཞན་དུ་སྦྱད་བ་མ་བྱས་ན་ཡང་འཁོར་བ་ཉིད་ཡིན་པས་རྣམ་པར་དག་པའི་འབྲས་བུ་སྤྲུལ་པར་མི་ནུས་ལ་རང་བཞིན་གྱིས་མ་དག་པའང་ཆོས་འགལ་བའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་རྗེས་སུ་མཐུན་པ་ཉིད་ཀྱིས་ན་

དག་པས་རྣམ་པར་དག་པ་བསྒྲུབ་པར་བྱའོ་ཞེས་མན་ངག་ལས་ཤེས་པར་བྱའོ། །རྗེས་སུ་མཐུན་པ་ཡང་རྗེས་སུ་བྱེད་པ་ཡིན་ཏེ། རྒྱུ་ཡང་འབྲས་བུར་འདོད་པ་དང་། རྗེས་སུ་མཐུན་པ་ཡིན་ན་སཱ་ལུའི་མྱུ་གུ་ལས་སཱ་ལུའི་ས་བོན་ལྟར་གདོན་མི་ཟ་བར་སྐྱེད་ནུས་ཀྱི། གཞན་དུ་

ཀོ་ཏྲ་བའི་མྱུ་གུ་ལས་སཱ་ལུའི་ས་བོན་ལྟར་ནུས་པ་ཡོད་པ་མ་ཡིན་ནོ། །འབྲས་བུ་ཡང་རྒྱུར་འདོད་པ་དང་རྗེས་སུ་མཐུན་ན་སྐྱེ་བར་འགྱུར་གྱི། གཞན་དུ་དེ་དག་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །དེ་ལྟར་ན་འོ་མའི་ཡོན་ཏན་དཀར་བ་ལྟར་རྣམ་པར་གྲུབ་པ་དེ་དག་ཡང་དང་ཡང་

དུ་གོམས་པས་གློ་བུར་བའི་དྲི་མ་བཟློག་སྟེ། གཉུག་མ་དེ་ཉིད་གསལ་བར་འགྱུར་བར་དགོངས་སོ། །རྣལ་འབྱོར་པས་གང་དེ་ལྟར་བསྒྲུབ་ཅེ་ན། མཁའ་འགྲོ་ཀུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་ཙམ་གྱིས་རི་རབ་ཀྱི་སྟེང་དུ་གྱུར་པའི་ཁང་བུ་བརྩེགས་པར་

གནས་པའི་དེ་བཞིན་གཤེགས་པ་སྤྱན་མ་ལ་སོགས་པའི་ཚོགས་དང་ལྡན་པར་ཞེས་བྱ་བའི་དོན་ཏོ། །བདེ་བའི་མཆོག་ཅེས་བྱ་བ་ནི་བདེ་བ་དམ་པའི་རྣམ་པས་ཁྱད་པར་དུ་བྱས་པའོ་ཞེས་བྱ་བ་ལ་སོགས་པས་ནི་སྡུད་པ་པོའི་རང་བཟོ་སྤོང་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་

เล่ม ๑๙ · หน้า 15a

ལ། དེ་བཞིན་ནི་ཕྱིན་ཅི་མ་ལོག་པ་ཡིན་ལ་དེ་གསུངས་པས་ན་གཤེགས་པ་སྟེ། དེས་གཟུང་བའི་འོས་སུ་སྟོན་ཏོ། །ད་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །བ་ལང་ཤ་དང་

རྟ་ཤ་སོགས། །ཞེས་བྱ་བ་ལ་སོགས་ཀྱིས་ནི་གླང་པོ་ཆེ་དང་མི་དང་ཁྱིའི་ཤ་རྣམས་དང་གཞན་རྣམ་པར་སྣང་མཛད་ལ་སོགས་པ་གསུངས་ཏེ། དེ་དག་གིས་མིག་གི་དྲི་མ་དང་བཅས་ནས་དམ་ཚིག་གི་རྫས་བཅུ་རུ་འགྱུར་རོ། །དོགས་པ་མེད་ཅེས་བྱ་བ་ནི་ཡིད་གཉིས་སྤངས་པ་སྟེ།

ཐུགས་ཀྱི་རྡོ་རྗེ་སྨད་མི་བྱ། །ཞེས་གསུངས་པའི་ཕྱིར་རོ། །བཟའ་བར་བྱ་ཞེས་པ་ནི་འོག་ནས་འབྱུང་བའི་ཆོ་ག་བཞིན་དུ་སྦྱངས་ཏེ་སྤྱད་པའོ། །འཇིག་རྟེན་ལ་རྟག་གཡོན་ལ་སྤྱོད། །ཅེས་བྱ་བ་ལ། གཡོན་གྱི་ཀུན་དུ་སྤྱོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལུས་ཀྱི་བྱ་བ་ཐམས་

ཅད་ལ་གཡོན་དུ་བཟློག་པར་བྱ་བའོ། །དེ་གང་ལས་ཤེ་ན། རྒྱུ་དང་མི་རྒྱུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པ་ནི་དེ་བཞིན་ཉིད་དོ། །དེ་ལས་བྱུང་བ་ནི་འགྲོ་བ་མ་ལུས་པ་རྣམས་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་ཆོས་ཀྱི་དབྱིངས་ནི་མ་

གཏོགས་པར། །འདི་ལྟར་ཆོས་ནི་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྐྱེ་བོས་གཡོན་དུ་འགྱིང་བ་དང་བཅས་པས་དེ་ཉིད་བསྟེན་པར་བྱའོ། །གཡོན་གྱིས་བཟའ་ཞིང་གཡོན་མཆོད་བྱ། །ཞེས་བྱ་བ་ནི་ལྷ་མོ་རྣམས་ལ་མཆོད་པ་དང་བདག་ཉིད་བཟའ་བ་རྣམས་

གཡོན་པས་བྱའོ། །དེ་ཁོ་ན་ཉིད་ཀྱི་གཡོན་པ་བསྟེན་པ་ལ་དོགས་པ་བཟློག་པའི་ཕྱིར་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕོ་ཉ་ནི་སྔགས་ལ་སོགས་པ་དང་ཡང་དག་པར་ལྡན་པའོ། །ཡང་ན་ལྷན་ཅིག་སྐྱེས་པ་དང་། ཞིང་ལས་སྐྱེས་པ་དང་། སྔགས་ལས་སྐྱེས་པ་རྣམས་

སུ་གང་གསུངས་པ་དེ་དག་མ་གཏོགས་པ་ནི་གཞན་ཐ་མལ་པ་སྟེ། དེ་དག་ལ་འདོད་པས་རྨོངས་པ་ཞེས་བྱ་བ་ལ། འདོད་པ་ལ་མངོན་པར་ཞེན་པས་བགྲོད་ན་དེ་དངོས་གྲུབ་ཏུ་མི་འགྱུར་རོ། །ཕོ་ཉ་མོ་རྟག་ཞེན་ཐར་པ། །ཞེས་བྱ་བ་ལ་ཕོ་ཉར་གྱུར་པའི་ཤེས་རབ་ལ་རྟག་ཏུ་རྣམ་

เล่ม ๑๙ · หน้า 15b

པར་རྟོག་པ་སྤངས་ཏེ། བདེ་བ་ཆེན་པོ་འདུས་པས་གནས་པ་ནི་གྲོལ་བར་འགྱུར་ཏེ། འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །ཇི་ལྟ་བུ་ཞིག་གིས་ཤེ་ན། སྒྲུབ་པོ་ཞེས་བྱ་བ་གསུངས་ཏེ། སྒྲུབ་པ་པོ་ནི་ཕྱག་རྒྱ་ཆེན་པོའི་སྒྲུབ་པའོ། །མཆོག་ཏུ་

འབད་བྱ་ཞེས་བྱ་བ་ནི་འགྲོ་བའི་དོན་བྱ་བ་སྟེ། འབད་པ་ནི་དེའི་མཐར་གཏུགས་པའོ། །བརྟུལ་ཞུགས་མིན་སྤངས་ཞེས་བྱ་བ་ལ་སོགས་པ་ལ། བརྟུལ་ཞུགས་མིན་ནི་འཇིག་རྟེན་གྱི་བྱ་བ་རྣམས་ཏེ་དེ་དག་སྤངས་པའོ། །བརྟུལ་ཞུགས་རྫོགས་པ་ནི་འོག་ནས་འབྱུང་བའི་

དཀའ་ཐུབ་ཡོངས་སུ་རྫོགས་པའོ། །དམ་ཚིག་ནི་རྣལ་འབྱོར་མ་དང་རྣལ་འབྱོར་ཕ་འདུས་པ་སྟེ། དེར་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ལ་སྤྱོད་པ་ནི་གང་ཞིག་འདོད་པར་གྱུར་པ་སྟེ། དེ་དང་ལྷན་ཅིག་ཏུ་ཙཱ་རུ་ཞེས་བྱ་བ་ལྷག་མར་གྱུར་པ་དང་། མཛེས་པར་

གྱུར་པ་རྣམས་བཟའ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་ཀྱང་གང་ཞེ་ན། རིགས་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་དམངས་རིགས་དང་། མཐའ་ལས་སྐྱེས་པ་རྣམས་སོ། །ཀུན་སྤྱོད་ནི་མཚུངས་པར་གཅིག་ཏུ་བྱས་

ཏེ་སྤྱོད་པའོ། །དེ་ཉིད་ཀྱིས་ནི། རིགས་གཅིག་ཉིད་དུ་བརྟག་པར་བྱ། །ཞེས་གསུངས་ཏེ། འདིར་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ལ་བྱེ་བྲག་སྣ་ཚོགས་མེད་ཅིང་གཅིག་པ་ཉིད་དེ་རིགས་ཞེས་བྱ་བ་ནི་མིང་ཙམ་དུ་དགོངས་སོ། །བདུད་རྩི་ལྔའི་ངེས་པ་བསྟན་པའི་ཕྱིར། སྦྲང་རྩི་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁུ་བ་ཉིད་དུ་གྱུར་པ་དང་། ཆགས་པ་ལས་བྱུང་བས་ན་སྦྲང་རྩི་ཁྲག་སྟེ་སྣང་བ་མཐའ་ཡས་སོ། །ག་བུར་ནི་དོན་ཡོད་གྲུབ་པ་སྟེ། དེ་དག་ལྷན་ཅིག་ཏུ་གྱུར་པའི་སྦྲང་རྩི་ཁྲག་དེ་ལ་དེ་སྐད་ཅེས་བྱའོ། །ཙནྡན་ནི་རྣམ་པར་སྣང་མཛད་དོ། །

དམར་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །རྡོ་རྗེ་ཆུ་ནི་མི་བསྐྱོད་པ་སྟེ། དེ་དག་བདུད་རྩི་ལྔར་ནི་འགྱུར། །ཞེས་བྱ་བར་འབྲེལ་ཏོ། །དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཏེ། དེ་དག་སྒྲུབ་པར་བྱེད་པ་ནི་བདུད་རྩི་རྣམས་བསྟེན་

เล่ม ๑๙ · หน้า 16a

པས་བགེགས་རྣམས་ཉེ་བར་ཞི་སྟེ་དངོས་གྲུབ་ཉེ་བར་འགྲུབ་པའོ། །མཐེ་བོ་སྲིན་ལག་ཅེས་བྱ་བ་ནི་གོ་སླའོ། །ཞི་བའི་བཏུང་བ་བཞིན་མྱང་ཞེས་བྱ་བ་ལ། ཞི་བ་ནི་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་སོ། །བཏུང་བ་ནི་བདག་ཉིད་ཀྱིས་བཏུང་བ་དང་། དེ་ལ་ཡང་

སྦྱིན་པ་སྟེ་སྙོམས་པར་ཞུགས་པའི་འབད་པ་ལས་བྱུང་བ་པདྨའི་གནས་སུ་ལོངས་སྤྱོད་པའོ། །དེ་ལྟར་ཡང་གསང་བའི་མཛོད་ལས། །རྣལ་འབྱོར་པ་ཡིས་བདག་ཉིད་འདི། །བྷ་གའི་དབུས་སུ་བསྒོམ་བྱས་ལ། །གང་ཞིག་བདུད་རྩི་འཛག་པའི་རྩ། །ལུས་ཀྱི་དབུས་གནས་

བལྟ་བར་བྱ། །ཡང་ན་མི་ནུས་བག་མེད་པས། །ལས་ཀྱི་ཕྱག་རྒྱ་ཁྱད་པར་ཅན། །རང་གི་ལྷ་མོར་བྱས་ནས་སུ། །འབད་པ་ལས་བྱུང་ཁུ་བ་ནི། །བཏུང་ཞིང་འཐུང་དུ་གཞུག་པ་ཡིས། །གདོན་མི་ཟ་བར་སངས་རྒྱས་འགྱུར། །ཞེས་གསུངས་སོ། །འདི་དག་ཅེས་བྱ་

བ་ལ་སོགས་པ་ནི་གོ་སླའོ། །ལས་རྣམས་ཀུན་ལ་ཞེས་བྱ་བ་ལ་སོགས་པས་ནི་ཡུལ་རྣམས་ལ་ཉེ་བར་སྤྱོད་པའི་བརྟུལ་ཞུགས་བསྟན་པ་ཡིན་ཏེ། ལས་རྣམས་ཀུན་ནི་དྲག་པོ་དང་ཞི་བ་རྣམས་སོ། །ཐབས་ནི་སྒྲུབ་ཐབས་ཏེ་མངོན་པར་སྦྱང་བའོ། །ཇི་ལྟར་ཞེ་ན། རྣམ་པར་མི་

རྟོག་ཅེས་བྱ་བ་ལ་སོགས་པ་སྟེ། བྱ་བ་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་སེམས་ཀྱིས་ཉེ་བར་སྤྱོད་པ་འདི་ནི་སེམས་ཀྱི་སྒོ་ནས་བརྟུལ་ཞུགས་བསྟན་པའོ། །ཡང་ལས་རྣམས་ཀུན་ཞེས་བྱ་བ་ལ་སོགས་པས་ནི་ངག་གི་སྒོ་ནས་སོ། །ཐེ་ཚོམ་མེད་པའི་ཞེས་བྱ་བ་ལ་སོགས་པས་

ནི་ལུས་ཀྱི་སྒོ་ནས་བསྟན་པའོ། །སྐྲ་ཟླ་ལ་སོགས་པ་ཞེས་བྱ་བ་ལ་སྐྲའི་ཚོགས་ནི་སྐྲ་ཟླ་སྟེ། སོགས་ཀྱིས་ནི་སྒྱུ་མ་ལ་སོགས་པ་གཟུང་ངོ་། །རྗེས་དངོས་ཀྱི་ཞེས་བྱ་བ་ལ་རྗེས་ཀྱི་སྒྲ་ནི་འདྲ་བ་སྟེ། དཔེར་ན་ལྷ་སྦྱིན་གྱི་རྗེས་སུ་བྱེད་དོ་ཞེས་བྱ་བས་འདྲ་བ་གཟུང་བ་ཡིན་ཏེ། དེ་

དང་འདྲ་བའི་དངོས་པོ་རྣམས་ལ་དེ་སྐད་ཅེས་བྱའོ། །དཔེར་ན་རབ་རིབ་ཀྱིས་ཉམས་པའི་མིག་གིས་མེད་བཞིན་དུ་ཡང་ནམ་མཁའ་ལ་སྐྲ་ཤད་ཀྱི་ཚོགས་མཐོང་བ་ལྟར་གཟུང་བ་ལ་སོགས་པ་མངོན་པར་ཞེན་པའི་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཡུལ་གྱི་དངོས་པོར་སྣང་ངོ་

เล่ม ๑๙ · หน้า 16b

ཞེས་བྱ་བའི་དོན་ཏོ། །ཅི་སྟེ་སྐྲ་ཟླ་ལ་སོགས་པ་དེ་ཁོ་ན་ཉིད་དུ་མེད་པས་དོན་བྱེད་མི་ནུས་པ་ལྟར་ཡུལ་རྣམས་ཀྱང་སྣང་དུ་ཟིན་ཀྱང་དེ་ཁོ་ན་ཉིད་དུ་མེད་པ་ཡིན་ན། ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། མ་ཡིན་ཏེ། འདི་ལྟར་རྨི་ལམ་ན་སྐྱེས་པ་དང་བུད་མེད་གཉིས་ཀྱི་འདོད་པ་ཉེ་བར་སྤྱོད་པ་ལ་

གཉིས་སྤྲོད་པ་མེད་བཞིན་དུ་ཡང་འདི་ལྟར་སད་པའི་དུས་ན་ཁུ་བ་འབྱིན་པའི་བྱ་བ་བྱེད་པ་ཡོད་དེ། དེ་བཞིན་དུ་འདི་ལྟར་ཡང་བག་ཆགས་ཀྱིས་དཀྲུགས་པའི་དབང་གིས་མེད་བཞིན་དུ་ཡང་དོན་བྱེད་པ་ལ་འགལ་བ་མེད་དེ། འདི་ལྟར་གཅིག་དང་དུ་མ་དང་བྲལ་བའི་རིགས་པས་

གནོད་པའི་ཕྱིར་དེ་ཙམ་གྱིས་དོན་དམ་པར་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཙམ་པ་དེ་ཉིད་དོན་དུ་སྣང་བར་འབྱུང་གི་འདི་ལ་ཕྱི་རོལ་དོན་ཡོད་པ་མ་ཡིན་ནོ། །དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ། འདི་དག་རྣམ་པར་

རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ། །

སེམས་དང་རྣམ་པར་རིག་པ་ནི་རྣམ་གྲངས་ཏེ། ཇི་སྐད་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་རྣམ་པར་རིག་པ་ནི་རྣམ་གྲངས་སོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སོགས་པ་མེད་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་ཤེ་ན། དེ་དག་

དོན་དམ་པར་མེད་མོད་ཀྱི། སྐྱེ་བོ་རྣམས་འདུལ་བའི་ཕྱིར་གསུངས་པར་གཟུང་སྟེ། ཇི་སྐད་དུ་ཡང་། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །

ཞེས་གསུངས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་འདིར་ཅུང་ཟད་ཅིག་དཔྱད་པར་བྱ་སྟེ། གཟུགས་ལ་སོགས་པའི་ཡུལ་འདི་དག་རྣམ་པར་ཤེས་པ་ལས་མ་གཏོགས་པར་དངོས་པོར་ཡོད་ན་དེ་ལྟར་བྱེ་བྲག་པ་རྣམས་ཀྱིས་ཡན་ལག་ཅན་གྱི་ངོ་བོར་བཏགས་པ་རགས་པ་གཅིག་པུ་ཞིག་

เล่ม ๑๙ · หน้า 17a

གམ་ཕྲ་བ་དུ་མར་འགྱུར་གྲངས། དེ་དག་ནི་འགལ་བའི་ཕྱིར་དེ་ལས་གཞན་པའི་གསུམ་པ་ནི་མི་སྲིད་དོ། །དེ་ལ་ཡན་ལག་ཅན་གཅིག་པུ་ནི་ཡུལ་མ་ཡིན་ཏེ། ཡན་ལག་ལས་མ་གཏོགས་པར་ཡན་ལག་ཅན་འཛིན་པ་ནི་མ་མཐོང་སྟེ། འདི་ལྟར་བུམ་པ་དང་

སྣམ་བུ་ལ་སོགས་པ་ཐམས་ཅད་ལ་ལྟོ་དང་མགྲིན་པ་ལ་སོགས་པ་དང་། རྒྱུ་དང་སྤུན་གྱི་སྣལ་མ་ལས་མ་གཏོགས་པར་བུམ་པ་དང་སྣམ་བུ་ལ་སོགས་པའི་ཡན་ལག་ཅན་དུས་ཐམས་ཅད་དུ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཕྲ་རབ་དུ་མ་ཡང་ཡུལ་མ་ཡིན་ཏེ། དེ་ཡང་འདི་

ལྟར་ཡུལ་དུ་གྱུར་པ་ན་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རེག་པར་ཉེ་བའི་མཐུ་ཙམ་གྱིས་འཛིན་པ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཁས་བླངས་པ་ལྟ་བུ་ཞིག་གམ། དེ་དག་ཕན་ཚུན་རེག་སྟེ་འདུག་པ་ཞིག་ཡུལ་དུ་འགྱུར་གྲང་། རེག་པ་དང་མ་རེག་པ་འགལ་བས་གསུམ་པ་ནི་མི་སྲིད་

དོ། །དེ་ལ་ཕྲ་མོ་ཕྲག་ཅན་རྣམས་ཀྱང་ཡུལ་མ་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་དེ་དག་མི་འཛིན་པའི་ཕྱིར་རོ། །དེ་དག་ཕ་རོལ་པོ་ཉིད་ཀྱིས་ཀྱང་ཁས་བླངས་ཏེ། འདི་ལྟར་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པའི་ཕྱིར་རོ་ཞེས་གང་སྨྲས་པ་ཡིན་

ནོ། །དེ་དག་འདུས་པའང་ཡུལ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྡུལ་ཕྲ་རབ་རྫས་སུ་མ་གྲུབ་པའི་ཕྱིར་ཏེ། གལ་ཏེ་རྡུལ་ཕྲ་རབ་རྫས་སུ་གྲུབ་ན་ནི་དེ་དག་སོ་སོ་ཐ་དད་པའམ། འདུས་པ་ཞིག་ཡུལ་དུ་འགྱུར་བ་སྲིད་ན་དེ་མ་གྲུབ་ན་དཔྱད་

པ་དེ་ཉིད་ག་ལ་འཇུག །དེ་ལྟར་ཡང་། དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །དེ་དག་འདུས་པའང་མ་ཡིན་ཏེ། །འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །ཞེས་གསུངས་སོ། །དེ་ཇི་ལྟར་མི་འགྲུབ་ཅེ་ན། འདི་ལྟར་རྡུལ་རྣམས་འདུས་པ་ནི་ཕན་ཚུན་

རེག་ཅིང་སྦྱར་བའི་རྣམ་གྲངས་ཡིན་ན་དབུས་ན་གནས་པའི་རྡུལ་ལ་ཕྱོགས་དྲུག་ན་གནས་པའི་རྡུལ་རྣམས་ཀྱིས་སྦྱོར་བས་ན། ཕྱོགས་སོ་སོ་ཐ་དད་པ་ནས་སྦྱོར་རམ། འོན་ཏེ་ཕྱོགས་གཅིག་ནས་སྦྱོར། ཕྱོགས་ཐ་དད་ནས་སོ་ཞེ་ན། དེའི་ཚེ་དབུས་ན་གནས་པའི་རྡུལ་སྦྱོར་བ་པོའི་བྱེ་བྲག་

เล่ม ๑๙ · หน้า 17b

གིས་སྦྱར་བར་བྱ་བ་ཆ་དྲུག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཅིག་གི་གོ་གང་ཡིན་པ་དེར་གཞན་མི་འབྱུང་བའི་ཕྱིར་ཏེ། འདི་ལྟར་དབུས་ན་འདུག་པའི་རྡུལ་ཕྲ་རབ་ཀྱི་ཕྱོགས་ཀྱི་ངོས་ལ་སྦྱར་བའི་རྡུལ་ཕྲ་རབ་གཅིག་གིས་ནོན་པ་གང་ཡིན་པ་དེར་རྡུལ་ཕྲ་རབ་གཞན་

གྱི་གོ་སྐབས་མེད་པས་ཕྱོགས་གཞན་དུ་གནས་པར་བྱ་དགོས་སོ། །དེས་ན་ཆ་དྲུག་ཏུ་གྲུབ་པས་རྫས་སུ་ཡོད་པར་ག་ལ་འགྱུར། ཕྱོགས་གཉིས་པ་ལྟར་ན་ཡང་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། འདི་ལྟར་རྡུལ་གཅིག་གི་གོ་གང་ཡིན་པ་དེར་དྲུག་པོ་

རྣམས་འདུ་བའི་ཕྱིར་ཏེ། གོ་གཅིག་པས་གོང་བུ་ཐམས་ཅད་རྡུལ་ཙམ་དུ་འགྱུར་རོ། །ག་ལས་ཤེ་ན་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་ཏེ། འདི་ལྟར་རྡུལ་ཕྲ་རབ་ཐམས་ཅད་ཐ་དད་པ་མེད་པའི་ཕྱིར་གོང་བུ་རི་རབ་ལ་སོགས་པ་གང་ཡང་སྣང་བར་མི་འགྱུར་རོ། །དེ་

ལྟར་ཡང་གསུངས་པ། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་གི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །ཡན་ལག་ཅན་དང་ཡན་ལག་དུ་མའང་རུང་། ཅིག་ཅར་ཡུལ་ཉིད་དུ་དགག་པ་དང་། ཆོས་

ཐམས་ཅད་རང་བཞིན་མེད་པའི་ལྟ་བ་གཞུང་གཟུགས་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རྩ་བ་རྡུལ་ཕྲ་རབ་ལ་གཏན་ཚིགས་ཀྱི་རྩ་བ་གཅིག་དང་དུ་མ་དང་བྲལ་བ་བསྒྲུབ་པའི་ཕྱིར་དབུ་མ་རྒྱན་གྱི་བསྟན་བཅོས་ལས་གསུངས་པ། འདི་ལྟ་བ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལས་

ཇི་སྐད་དུ། སྦྱར་བ་དང་ནི་བསྐོར་བ་འམ། །བར་མེད་རྣམ་པར་གནས་ཀྱང་རུང་། །དབུས་ནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ཇི་ལྟར་ཡང་། །ས་ཆུ་

ལ་སོགས་རྒྱས་གྱུར་རམ། །ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། ཕྱོགས་བཅུ་ན་རྣམ་པར་གནས་པའི་རྡུལ་ཕྲ་མོ་རྣམས་ཀྱི་དབུས་ན་གནས་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ལ་བལྟས་པའི་ཆ་དེ་གཉིས་ཀྱིས་ཕྱོགས་ལྷག་མ་ན་

เล่ม ๑๙ · หน้า 18a

གནས་པའི་རྡུལ་ཕྲ་རབ་རྣམས་ལ་བལྟས་པ་ཡང་ཡིན་ན་ནི་དེའི་ཚེ་ཆ་དེ་ལ་བལྟས་པ་ཡིན་པའི་ཕྱིར་ཤར་ཕྱོགས་ན་གནས་པའི་རྡུལ་ལྟར་ཕྱོགས་ལྷག་མ་ན་གནས་པ་རྣམས་དོན་ཇི་ལྟ་བ་བཞིན་དུ་མི་འགྱུར་རོ། །དེས་ན་ཆ་ཤས་སྣ་ཚོགས་མེད་པའི་ཕྱིར་

སའི་དཀྱིལ་འཁོར་ལ་སོགས་པ་ཇི་ལྟར་རྒྱས་པར་འགྱུར། འོན་ཏེ་གཞན་ལ་བལྟ་བའི་ཆ་ཐ་དད་པར་འདོད་དོ་ཞེ་ན། བལྟ་བར་བྱ་བའི་གྲངས་བཞིན་དུ་ལྟ་བ་པོའི་ཆ་བཅུར་གྱུར་པ་ཡིན་ནོ། །དེས་ན་གཅིག་ཉིད་མེད་པ་ལ་དུ་མའང་མེད་དོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་

དེ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟར་རྡུལ་ཕྲ་རབ་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཡན་ལག་ཅན་གྱི་རྫས་ལ་སོགས་པ་ཕྱི་རོལ་པས་བརྟགས་པ་དང་། མིག་དང་གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་དང་བྲལ་བས་ཚེགས་མེད་པར་གྲུབ་སྟེ་དེ་ཡང་གསུངས་པ།

རྡུན་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །ཞེས་བྱ་བ་སྟེ། འདི་ལྟར་མིག་དང་གཟུགས་ལ་སོགས་པ་ཡུལ་ལྔ་དང་། དབང་པོ་ལྔ་པོ་རྣམས་ནི་རྡུལ་ཕྲ་རབ་བསགས་

པ་ཡིན་པར་བརྗོད་ལ། དེ་མེད་ན་དེ་དག་ཀྱང་མི་རུང་ངོ་། །འདི་ལྟར་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དེ་ལ་བརྟེན་པ་དང་། དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་དེ་མེད་ན་ཅི་ལ་དམིགས་ཏེ་

སྐྱེ་བར་འགྱུར། རྣམ་པར་ཤེས་པའི་ཁམས་ལྔ་མེད་ན་དེ་མ་ཐག་པའི་རྐྱེན་དེས་མདོན་པར་བསྒྲུབ་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་འཐད་པ་ཉིད་དོ། །དེ་ལྟར་ཚོགས་དྲུག་པོ་མ་གྲུབ་ན་རྣམ་པར་ཤེས་པ་དེ་དག་འདས་མ་ཐག་པའི་ཡིད་ཀྱང་མི་འགྲུབ་པ་སྟེ། དྲུག་པོ་འདས་

མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་སེམས་ཀྱི་རང་བཞིན་མ་གྲུབ་ན་ཚོར་བ་ལ་སོགས་པའི་སེམས་ལས་བྱུང་བ་ཡང་རང་བཞིན་མེད་པ་ཉིད་དེ། འདི་ལྟར་དེ་དང་གྲུབ་པ་དང་བདེ་བ་གཅིག་པས་དེ་ལ་རག་ལས་པའི་ཕྱིར་རོ། །

เล่ม ๑๙ · หน้า 18b

དེ་ལྟར་གཟུགས་དང་སེམས་དང་སེམས་ལས་བྱུང་བ་རྣམས་མ་གྲུབ་ན་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་རང་བཞིན་མེད་པ་ཉིད་དེ། དེ་དག་ནི་དེ་དག་གི་གནས་སྐབས་ཡིན་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ཡང་འབྱུང་བ་ཆེན་པོ་རྣམས་ལ་རག་ལས་པའི་ཕྱིར་རང་

བཞིན་མེད་པར་གསལ་བ་ཡིན་ནོ། །དེ་བཞིན་དུ་རྡུལ་གཉིས་པ་ལ་སོགས་པའི་ཡན་ལག་ཅན་གྱི་རྫས་དང་། གཟུགས་དང་སྒྲ་ལ་སོགས་པའི་ཡོན་ཏན་རྣམས་དང་། འདེགས་པ་དང་སྡུད་པ་ལ་སོགས་པའི་ལས་རྣམས་དང་། སྤྱི་དང་ཁྱད་པར་ལ་སོགས་པ་

གཞན་གྱིས་བརྟགས་པའི་དངོས་པོ་རྣམས་རང་བཞིན་མེད་པར་གསལ་བ་ཉིད་དེ། དེ་དག་ནི་དེས་དངོས་དང་རྒྱུད་དེ་བརྩམས་པ་དང་། བརྟེན་པ་དང་ཉེ་བར་བརྟེན་པ་ལ་སོགས་པས་དངོས་དང་བརྒྱུད་དེ་འབྲེལ་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དེ་ཡི་རང་བཞིན་དེ་

བརྩམས་དང་། །དེ་ཡི་ཡོན་ཏན་དེ་ལས་བདག །དེ་ཡི་སྤྱི་དང་ཁྱད་པར་ཡང་། །དེ་དག་དེ་དང་ལྡན་པ་ཅན། །ཞེས་གསུངས་པའི་ཕྱིར་རོ། །གཞན་གྱིས་བརྟགས་པའི་ནམ་མཁའ་དང་དུས་དང་ཕྱོགས་དང་ཡིད་ལ་སོགས་པ་རྣམས་ཀྱང་གཅིག་དང་དུ་མ་དང་འགལ་བ་ཉིད་

དེ། ཕྱོགས་ཐ་དད་པ་ཅན་གྱི་བུམ་པ་ལ་སོགས་པ་དང་འབྲེལ་པ་དེ་དག་གཅིག་དང་འབྲེལ་བའི་རང་བཞིན་གང་ཡིན་པ་དེ་གཞན་དང་འབྲེལ་པ་ཅན་ཡང་ཡིན་ན་དེ་གཅིག་པུའི་བདག་ཉིད་ཡིན་པ་བཞིན་དུ་གཞན་ཡང་དེ་དང་ཐ་དད་པ་མ་ཡིན་པར་འགྱུར་རོ། །འོན་ཏེ་ཕྱོགས་

ཐ་དད་ན་ནི་རང་བཞིན་དེ་ཉིད་གཞན་དང་འབྲེལ་པ་ཅན་ཡང་མ་ཡིན་པར་ཡང་འགྱུར་ཏེ། དེའི་ཚེ་གཞོང་བུ་དུ་མ་ན་འདུག་པའི་རྒྱ་ཤུག་གི་འབྲས་བུ་ལྟར་གཅིག་ཉིད་མ་གྲུབ་པའོ། །དེ་སྐད་དུ་ཡང་། ཐ་དད་ཕྱོགས་དང་འབྲེལ་བས་ན། །ཁྱབ་རྣམས་གཅིག་པུར་ག་ལ་འགྱུར། །

ཞེས་གསུངས་ཏེ། དེ་ལྟར་གཅིག་ཉིད་མེད་ལ་དེས་ན་དུ་མ་ཉིད་དང་ཡང་འགལ་ཏེ། དེ་ནི་སྔོན་དུ་འགྲོ་བའི་ཕྱིར་རོ། །དེ་ཡང་གསུངས་པ། གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །ཅེས་པའོ། །ཁ་ཅིག་གང་ཟག་ཅེས་བྱ་བ་སྐད་ཅིག་མ་དང་

เล่ม ๑๙ · หน้า 19a

སྐད་ཅིག་མ་མ་ཡིན་པ་གཉི་གར་བསྟན་དུ་མེད་པའི་དངོས་བོར་ཁས་ལེན་པ་དེ་དག་ལ་ཡང་དངོས་པོ་གཉིས་མེད་པར་སླ་བ་ཉིད་དེ། འདི་ལྟར་སྐད་ཅིག་པ་ཡིན་ན་ནི་སྔ་མ་ཞིག་ལས་རང་བཞིན་གཞན་དང་གཞན་སྐྱེ་བའི་ཕྱིར་དུ་མ་ཉིད་ཡིན་ལ། སྐད་ཅིག་

པ་མ་ཡིན་ན་ནི་སྔ་མ་ཉིད་མ་ཞིག་པ་དང་གཞན་མི་སྐྱེ་བའི་ཕྱིར་གཅིག་པ་ཉིད་ཡིན་ནོ། །དེ་གཉི་གར་བསྟན་དུ་མེད་པ་ནི་རང་ཉིད་ཀྱིས་གཅིག་དང་དུ་མ་དང་བྲལ་བར་སྨྲས་པ་ཡིན་ནོ། །དེ་ཡང་། སྐད་ཅིག་སྐད་ཅིག་མ་ཡིན་པར། །གང་ཟག་བསྟན་དུ་མི་རུང་བར། །

གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བ་ཉིད་དུ་གསལ་བ་ཡིན། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་རྣམ་པ་གཞན་དུ་དཔྱད་པར་བྱ་སྟེ། འདི་ལྟར་དངོས་པོའི་མཚན་ཉིད་ལ་ཁྱད་པར་བྱེད་པ་ནི་དོན་བྱེད་ནུས་པ་ཡིན་ལ། ཕ་རོལ་པོས་ཁས་བླངས་པའི་རྟག་པའི་དངོས་

པོ་ཐམས་ཅད་ལ་དེ་མི་སྲིད་དོ། །ཡང་དག་པར་ན་རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པ་མེད་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་རྒྱུ་རིམ་ཅན་མ་ཡིན་པས་རིམ་གྱིས་དོན་བྱེད་པར་མི་འཐད་དེ། རྒྱུ་ནུས་པ་ཐོགས་པ་མེད་པར་ཡོད་པ་ཡང་འབྲས་བུ་རེས་འགའ་མི་བསྐྱེད་པ་མི་

སྲིད་ལ་རྒྱུ་མ་ཚང་བ་མེད་པ་ཡང་རེས་འགའ་དེ་ལས་མི་འབྱུང་བ་མི་སྲིད་པས་ཇི་ལྟར་རིམ་གྱིས་དོན་བྱེད་པར་འགྱུར་ཏེ། ཡང་ན་ནི་བསྐྱེད་པར་འདོད་པའི་དུས་བཞིན་དུ་གཞན་དུ་བསྐྱེད་པའམ། ཡང་ན་ནི་མི་སྐྱེད་པར་འདོད་པའི་དུས་བཞིན་དུ་གཞན་དུ་ཡང་མི་བསྐྱེད་པར་བལྟ་བར་

བྱ་སྟེ། དངོས་པོ་རྟག་པ་གཞན་གྱིས་བོགས་དབྱུང་དུ་མེད་པ་རྣམས་ནི་དེ་ལ་ལྟོས་པ་མི་འཐད་པའི་ཕྱིར་རོ། །ཅིག་ཅར་བྱེད་པ་ཡང་མ་ཡིན་ཏེ། དེའི་དོན་བྱེད་པའི་རང་བཞིན་དེ་ལྟ་བུ་ཞིག་རྟག་ཏུ་རྗེས་སུ་འབྲང་ན་འབྲས་བུ་བསྐྱེད་པ་དང་མི་འབྲལ་བའི་ཕྱིར་དེས་བསྐྱེད་པར་བྱ་བའི་འབྲས་བུ་ཐམས་ཅད་དུས་

རྟག་ཏུ་སྐྱེ་བའི་ཕྱིར་ནམ་མཁའི་ཁམས་སུ་མི་ཤོང་བར་འགྱུར་རོ། །ཅི་སྟེ་མི་འབྲང་ན་ནི་དེ་ཉིད་རྟག་པ་ཉིད་ཉམས་པ་ཡིན་ནོ། །དེ་ལྟར་དོན་བྱེད་ནུས་པ་ཁྱབ་པར་བྱེད་པ་ལོག་ན་དངོས་པོའི་མཚན་ཉིད་ཁྱབ་པར་བྱ་བ་ཡང་ལྡོག་པ་ཁོ་ན་སྟེ། གཞན་དུ་ན་དེས་མ་ཁྱབ་པར་ཐལ་བར་

เล่ม ๑๙ · หน้า 19b

འགྱུར་བའི་ཕྱིར་རོ། །ཚུལ་དེ་ལྟར་ན་རྟག་པ་དང་མི་རྟག་པའི་དངོས་པོ་ཐམས་ཅད་ལ་གཅིག་པ་ཉིད་མེད་པས་དུ་མ་ཉིད་ཀྱང་མེད་པ་སྟེ། དེ་ནི་དེ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དངོས་པོ་གང་གང་རྣམས་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་

གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །ཅེས་གསུངས་སོ། །དེ་གཉིས་ལས་མ་གཏོགས་པའི་རྣམ་པ་གསུམ་པ་དག་ཀྱང་མི་སྲིད་དེ། དེ་གཉིས་ཕན་ཚུན་འགལ་བའི་ཕྱིར་དངོས་པོའི་རིགས་ལ་ཁྱབ་པར་བྱེད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། གཅིག་དང་དུ་མ་

མ་གཏོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་གང་གསུངས་པའོ། །དེ་ལྟར་ཡང་དག་པར་གཅིག་དང་དུ་མའི་རང་བཞིན་ལོག་ན། གཟུགས་བརྙན་ལྟར་དངོས་པོའི་རང་བཞིན་གྱི་

ཚོགས་ལྡོག་པ་ཡིན་ཏེ། དེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །གཟུགས་བརྙན་ལ་སོགས་པ་ཡང་དངོས་པོ་ཉིད་དུ་རུང་བ་མ་ཡིན་ཏེ། འདི་ལྟར་བཞིན་ཉིད་མེ་ལོང་གི་ནང་དུ་ཞུགས་པའམ། གཟུགས་བརྙན་གཞན་ཞིག་དེར་བྱུང་བའམ། མེ་ལོང་ལ་མིག་གི་འོད་གྲེད་

ནས་བཞིན་ཉིད་མཐོང་བའམ། རྣམ་པར་ཤེས་པ་ཉིད་ཡིན་ནོ་ཞེས་བྱ་བར་འགྱུར་གྲང་ན། དེ་ལ་རེ་ཞིག་གཟུགས་གཞན་ཞིག་དེར་འབྱུང་བ་ནི་མ་ཡིན་ཏེ། ལུས་ཅན་རྣམས་ཐོགས་པ་དང་བཅས་པའི་ཕྱིར་ཡུལ་གཅིག་པ་མི་རིགས་པའི་ཕྱིར་རོ། །མེ་ལོང་ལ་གྲེད་པའི་

འོད་ཀྱིས་བཞིན་མཐོང་བ་ཡང་མ་ཡིན་ཏེ། འདི་ལྟར་བཞིན་ཁ་ཤར་དུ་བལྟས་པ་བཞིན་དུ་གཟུགས་བརྙན་ནུབ་ཏུ་བལྟས་པར་སྣང་བ་ལ། བཞིན་ཆེན་པོ་གཟུགས་བརྙན་ཆུང་ངུར་སྣང་བ་དང་། ཆུ་འགྲམ་ལ་སོགས་པའི་ལྗོན་ཤིང་གྱེན་དུ་བལྟས་པ་རྩེ་མོ་ཐུར་དུ་

བལྟས་པར་སྣང་བ་ལ་སོགས་པས་རྣམ་པར་མི་མཐུན་པར་སྣང་བའི་ཕྱིར་རོ། །རང་གི་བཞིན་ཉིད་དུ་ཞུགས་པ་ཡང་མ་ཡིན་ཏེ། གོང་དུ་ཐལ་བའི་སྐྱོན་ཐམས་ཅད་ཡོད་པའི་ཕྱིར་དང་། གཟུགས་བརྙན་མ་ཡིན་པར་འགྱུར་བའི་ཕྱིར་རོ། །ཤེས་པ་ཉིད་ཀྱང་མ་ཡིན་ཏེ།

เล่ม ๑๙ · หน้า 20a

ལུས་ཅན་མ་ཡིན་པ་ཡུལ་ན་མི་གནས་པའི་ཕྱིར་རོ། །འདིའི་སྤྲོས་པ་དང་བཅས་པའི་སྦྱོར་བ་ནི་དབུ་མའི་བསྟན་བཅོས་སུ་བལྟ་བར་བྱའོ། །དེ་ལྟར་ན་ངོ་བོ་ཉིད་མེད་དེ་སེམས་ཀྱི་སྣང་བ་ཙམ་ཉིད་དུ་བསྟན་པ་འདིས་ཆོས་ལ་བདག་མེད་པ་ཉིད་དུ་འཇུག་

པར་འགྱུར་ཏེ། དེ་སྐད་དུ་ཡང་དབྱིག་གཉེན་གྱི་ཞལ་ནས། རྣམ་པར་རིག་པ་ཙམ་ཉིད་གཟུགས་ལ་སོགས་པའི་ཆོས་སུ་སྣང་བར་འབྱུང་སྟེ། གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་གང་ཡང་མེད་པར་རིག་ནས་འཇུག་གོ། །གལ་ཏེ་ཆོས་རྣམས་ཐམས་

ཅད་དུ་མེད་ན་རྣམ་པར་རིག་པ་ཙམ་དུ་ཇི་ལྟར་གཞག་ཅེ་ན། ཆོས་ནི་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་གྱི། གང་བྱིས་པ་རྣམས་ཀྱིས་ཆོས་རྣམས་ཀྱི་རང་བཞིན་ཀུན་དུ་བརྟགས་པའི་བདག་ཉིད་དེས་དེ་དག་མེད་ཀྱི། སངས་རྒྱས་རྣམས་ཀྱི་ཡུལ་གང་ཡིན་པ་བརྗོད་དུ་

མེད་པའི་བདག་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །དོན་འདི་གསང་བ་འདུས་པའི་རྒྱུད་ལས་ཀྱང་གསུངས་ཏེ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་

ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་དང་། ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་དུ་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་ལྟར་སྣང་བ་ཡང་དག་འབྱུང་། །ཞེས་

བྱ་བ་དང་། ཏཏྟྭ་སཾ་གྲ་ཧ་ལས་ཀྱང་རིགས་ཀྱི་བུ་རང་གི་སེམས་དེ་ནི་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་ཡིན་ཏེ། དེ་ལ་ཇི་ལྟ་ཇི་ལྟར་བརྟགས་པ་དེ་ལྟ་དེ་ལྟར་འགྱུར་ཏེ། དཔེར་ན་སྣམ་བུ་དཀར་པོ་ལ་ཚོན་གྱིས་ཁ་བསྒྱུར་བ་བཞིན་ནོ་ཞེས་གསུངས་སོ། །ཤིན་ཏུ་

སྤྲོས་པས་ཆོག་སྟེ། ད་ནི་གཉུག་མ་ཉིད་བརྗོད་པར་བྱའོ། །ཡུལ་རྣམས་མ་ལུས་སྟེན་བྱེད་པ། །ཞེས་བྱ་བ་ནི་རྣམ་པ་དེས་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། དེ་ཉིད་གཅིག་ཏུ་ངེས་པའི་དཀའ་ཐུབ་བོ། །འདའ་དཀའ་བ་ནི་འདིར་གཅིག་ཏུ་འདའ་བར་བྱ་བ་མ་

เล่ม ๑๙ · หน้า 20b

ཡིན་པའོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ལས་རྣམས་ཐམས་ཅད་ནི་ལུས་ལ་སོགས་པའི་ལས་རྣམས་ཏེ། ལས་དེ་དག་ལ་ཤེས་རབ་ཅེས་བྱ་བ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བས་སྦྱར་བ་སྟེ་རྣམ་པར་དཔྱད་དེ་བྱ་བའོ། །དེ་ཡང་སྟོང་པའི་གནས་སུ་

སྦྱར། །ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་སྟོང་པ་ཉིད་དུ་སྦྱར་བ་སྟེ། ཡེ་ཤེས་ཀྱིས་བསྒོམ་པར་བྱའོ། །བདག་གཞན་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་བྱེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་ལ་གཟུགས་ཞེས་བྱ་བ་ནི་དངོས་པོ་རྣམས་སོ། །ཤེས་རབ་ནི་སྟོང་

པ་ཉིད་དེ་མཚུངས་པ་ནི་གསལ་བའི་དོན་ཡིན་ལ། དེར་རྣམ་པར་མི་རྟོག་པའི་སེམས་ཀྱིས་སྦྱར་ཏེ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །དོགས་མེད་ནི་འཇིགས་པ་མེད་པའོ། །སྤྱོད་པ་ནི་རྣམ་པར་གཞག་པའོ། །ཀུན་སྤྱོད་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་བདག་མེད་པའི་དཀྱིལ་འཁོར་

གྱི་འཁོར་ལོ་རྣམ་པར་གཞག་པ་ཉིད་དཀའ་ཐུབ་བོ། །ཤེས་རབ་ཐབས་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་སེམས་ཏེ། དེ་མ་གཏོགས་པ་ནི་རྣམ་པ་གཞན་དུ་སེམས་གཡོ་བའོ། །ངེས་པ་ནི་དཀའ་ཐུབ་ཅེས་བྱ་བ་དང་། སྟེར་བ་ཞེས་བྱ་བ་གཉི་ག་དང་སྦྱར་རོ། །བྱང་ཆུབ་ཆེན་

པོ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། མཆོག་ཏུ་ཟག་པ་མེད་པའི་བདེ་བའོ། །སྟེར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ངེས་པའི་དཀའ་ཐུབ་ངེས་པར་སྟེར་བའོ། །བྱང་ཆུབ་དེ་ཡང་བརྩོན་འགྲུས་ཀྱིས་འཐོབ་པར་བསྟན་པའི་ཕྱིར། རྣམ་པར་མི་རྟོག་ཅེས་བྱ་བ་

ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་པ་ཡིན་ལ། དེས་དངོས་པོ་རྣམས་ཀྱི་རྗེས་སུ་འགྲོ་ཞིང་འཇུག་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་པ་ནི་དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་སྟེ། མངོན་པར་བརྩོན་པ་ནི་བྱང་ཆུབ་

ཏུ་འབད་པའོ། །ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །འབྱུང་བ་ནི་ཡང་དག་པའི་མཐའ་སྟེ། དོན་དམ་པའི་རང་བཞིན་ཞེས་བྱ་བའི་བར་དུའོ། །ཅི་ཞིག་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ་བ་ལ། ཤེས་རབ་ཀྱི་ནི་སྟོང་པ་ཉིད་དོ། །ཕ་རོལ་ནི་

เล่ม ๑๙ · หน้า 21a

མཐའ་སྟེ། རང་བཞིན་མེད་པའི་མཐའ་དེར་ཕྱིན་པ་ནི་སོན་པའོ། །ཡང་ན་ཕ་རོལ་གྱི་སྒྲས་ནི་སྙོམས་པར་འཇུག་པར་བརྗོད་པར་བྱ་ལ། དེ་ཉིད་ནི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ། འདུས་བྱས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱིས་

བྱས་ཤིང་བྱུང་བས་ན་འདུས་བྱས་ཏེ་ཕུང་པོ་ལ་སོགས་པའོ། །ཚུལ་ནི་དེའི་རྣམ་པའོ། །རྣམ་པར་མི་རྟོག་སེམས་ཀྱིས་ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའི་སེམས་གང་རྣམས་ཀྱི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མེ་ལོང་ལྟ་བུར་རབ་ཤེས་པ། །ཞེས་བྱ་བ་ལ། རབ་ཤེས་ནི་

ཤེས་རབ་སྟེ་མེ་ལོང་ནི་མེ་ལོང་ཅན་ནོ། །ལྟ་བུ་ནི་འདྲ་བ་སྟེ། འདི་ལྟར་འདུས་བྱས་ཀྱི་ཚུལ་རྣམས་ཤེས་རབ་ཀྱིས་རྣམ་པར་དཔྱད་ན། གསལ་ཞིང་རོ་གཅིག་པར་འགྱུར་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་དབྱེར་མེད་པ་ཉིད་དོ། །དེས་འདི་སྐད་དུ་ཤེས་རབ་ཀྱི་ཚུལ་གང་

གིས་འདུས་བྱས་ཀྱི་ཚུལ་དེ་དང་དེ་གང་ཡིན་པ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི་ཤེས་རབ་བསྟེན་པ་ཡིན་ཞེས་བྱ་བ་ལ། ཤེས་རབ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་བློའོ། །བསྟེན་པ་ནི་འདུས་བྱས་ཀྱི་ཚུལ་རྣམས་སམ་ཐབས་ཡིན་པར་བལྟ་བར་

བྱ་སྟེ། བློ་དེས་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་ན་ཐབས་རྣམས་ཀྱིས་ཀྱང་དོན་ཇི་ལྟ་བ་བཞིན་དུ་རྙེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་བློ་དང་ལྡན་པའི་སྒྲུབ་པ་པོ་ཐམས་ཅད་བསྒྲུབ་པར་ནུས་སོ་ཞེས་བྱ་བར་དགོངས་སོ། །ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པར་

རྟོགས་པ་འདི་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར་གློག་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གློག་དང་ཆུ་བུར་ཞེས་བྱ་བ་འདིས་ནི་མི་རྟག་པ་ཉིད་བསྟན་པས་སྟོང་པ་ཉིད་ལ་འཇུག་པ་སྟོན་པ་ཡིན་ལ། ལྷག་མས་ནི་དངོས་སུ་སྟོན་ཏོ། །སྨིན་ཞེས་བྱ་བ་ནི་ལས་དང་ཉོན་

མོངས་པའི་བག་ཆགས་ཀྱི་གཞིར་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པའོ། །སྒྱུ་མ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ར་སྐྱེས་དང་གླང་པོ་ཆེ་དང་རྟ་ལ་སོགས་པ་སྟེ། དེ་དག་རྣམ་པ་དུ་མར་སྣང་ཡང་དོན་དམ་པར་ཡོད་པ་མ་ཡིན་པའོ། །མཚུངས་པ་ཞེས་བྱ་བའི་སྒྲ་ནི་

เล่ม ๑๙ · หน้า 21b

ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཅི་ཞིག་ཅེ་ན། འདུས་བྱས་ཀྱི་ཚུལ་རྣམས་སོ། །འདི་དག་གི་དོན་ནི་སྔར་བསྟན་མོད་ཀྱི། འདི་ལྟར་ཡང་རྒྱུ་དང་འབྲས་བུ་དགག་པར་མཛད་པ་ཡིན་ཏེ། འདུས་བྱས་ཀྱི་ཚུལ་རྣམས་དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོ་དང་བྲལ་ཞིང་

རྒྱུ་དང་རྐྱེན་ལ་བརྟེན་ཏེ་སྐྱེས་པའི་མཚན་ཉིད་མེད་པ་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཅེས་བྱ་བ་ནི་ཐོས་པ་ལ་སོགས་པའི་བདག་ཉིད་ཅན་གྱི་ཤེས་རབ་སྟེ། རབ་ཀྱི་སྒྲས་ནི་རབ་ཏུ་རྣམ་པར་འབྱེད་པའོ། །བརྟེན་པ་ནི་དེ་ལ་ཉེ་བར་བརྟེན་པའོ། །དེ་ནི་གཙོ་བོ་ཡིན་

པར་བརྗོད་ཅེས་བྱ་བ་ལ། འགྲོ་བ་དེ་ལྟར་གང་གིས་མཐོང་བ་དེ་ནི་དོན་ཇི་ལྟ་བ་བཞིན་དུ་ཤེས་པས་གསལ་བར་བྱས་པས་ན་གཙོ་བོའོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བར་གསུངས་པ་ཡིན་ཏེ། གང་དུའང་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་

དག་སྟེ། དེ་དག་གང་ལའང་མངོན་པར་ཞེན་པ་མེད་ཅིང་གནས་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅི་སྟེ་འདི་དག་རང་བཞིན་མེད་པ་ཡིན་ན་ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་འབྱུང་མོད་ཀྱི་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུར་

འབྱུང་བ་སྟེ། མོད་ཀྱི་ཞེས་བྱ་བའི་སྒྲས་ནི་མི་མཐུན་པའི་རྐྱེན་དོན་དམ་པར་མེད་མོད་ཀྱི་སྒྱུ་མ་ལྟ་བུར་བྱ་བ་བྱེད་པ་བསྟན་པ་ཡིན་ནོ། །ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་ཞེས་བྱ་བ་ལ་ལས་དང་ཉོན་མོངས་པ་ལས་འཕགས་པས་ཁྱད་འཕགས་ཏེ། དེ་སེམས་ཅན་

རྣམས་ཀྱི་ཡང་དག་པའི་སྤྱོད་པ་ནི་ལོངས་སྤྱོད་དོ། །སྐྱེ་འགྱུར་ཞེས་བྱ་བའི་ཚིག་གི་ཕྲད་ནི། དེ་འདིའི་ཡིན་ནོ་ཞེས་མཐར་ཐུག་པའི་དོན་ཏོ། །ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། བདེ་བ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཆེན་པོའི་ཚུལ་ཁྱད་པར་དུ་འཕགས་པའི་ལོངས་

སྤྱོད་དེས་འགྲོ་བ་ཐམས་ཅད་མགྲོན་དུ་གཉེར་བ་དེ་ནི་ཡོངས་སུ་འགྱུར་བཞིན་པའོ། །ཅི་ཞིག་ཅེ་ན། འབྲས་བུ་ཁྱད་འཕགས་ཏེ། བདེ་བ་ཆེན་པོའི་ཚུལ་གྱི་བདག་ཉིད་དོ། །དེ་དག་གིས་ནི་འདི་སྐད་དུ་ཕུང་པོ་ལ་སོགས་པ་འདི་དག་དོན་དམ་པར་སྙིང་པོ་མེད་པ་ལས་

เล่ม ๑๙ · หน้า 22a

བདག་དང་གཞན་གྱི་དོན་གྱི་འབྲས་བུའི་སྙིང་པོ་ཆུ་ཤིང་ལྟར་འཐོབ་པར་འགྱུར་བ་ཅིའི་ཕྱིར་ན་འདོད་པར་མི་བྱ་སྟེ། འདོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་ལོངས་སྤྱོད་ཁྱད་འཕགས་ཞེས་བྱ་བ་ནི་འདུས་བྱས་རྣམས་སོ། །སྐྱེ་འགྱུར་བ་ནི་རྗེས་སུ་མཐུན་པར་སྐྱེ་

བ་སྟེ། འབྲས་བུའི་ཁྱད་པར་རྣམས་སོ། །ཁྱད་པར་ནི་ཁྱད་པར་དུ་བྱ་བ་སྟེ་བྱེ་བྲག་གོ། །ཇི་ལྟར་ཞེ་ན། བདེ་བ་ཡོངས་སུ་གྱུར་བཞིན་ཞེས་བྱ་བ་ལ། ཇི་ལྟར་ཡོངས་སུ་མ་དག་པའི་ཕུང་པོ་ལས་ནི་སྡུག་བསྔལ་གྱི་ཕུང་པོ་འབྱུང་སྟེ། འཁོར་བ་སྡུག་བསྔལ་ཕུང་པོ་སྟེ། །ཞེས་

གསུངས་པའི་ཕྱིར་རོ། །དེ་ཉིད་བདག་མེད་པས་ཡོངས་སུ་སྦྱངས་པའི་ལྷའི་གཟུགས་ཀྱིས་ནི་བདག་དང་གཞན་གྱི་དོན་ནུས་པའི་བདེ་བ་ཆེན་པོའི་རང་བཞིན་དུ་སྐྱེ་བར་བལྟ་སྟེ། དཔེར་ན་སྐྱུར་རྩིའི་ཤིང་འོ་མས་བཅུ་བ་ལ་སོགས་པ་བྱས་ན་འབྲས་བུ་མངར་པོ་ཉིད་དུ་སྐྱེ་བ་ལྟར། མངོན་པར་

འདུ་བྱ་བའི་ཁྱད་པར་ཅན་གྱི་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྙིང་པོ་མེད་པ་དེ་ཉིད་བསྟན་པའི་ཕྱིར། བརྟན་གཡོའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒོམ་པ་ཁྱད་པར་ཅན་གང་ཞིག །ཅེས་བྱ་བ་ལ་སོགས་པ་ལ། འདི་སྙམ་དུ་གཟུགས་ལ་

སོགས་པར་མངོན་པར་ཞེན་པས་ནི་སྡུག་བསྔལ་ཉིད་སྒྲུབ་ལ། དེ་ཉིད་བདག་མེད་པར་སྦྱངས་པས་ནི་ཁྱད་པར་ཅན་གྱི་འབྲས་བུ་བདེ་བ་ཆེན་པོ་སྐྱེ་བར་འགྱུར་བ་ལ་ཉེས་པ་ཅི་ཞིག་ཡོད་སྙམ་དུ་དགོངས་སོ། །ཡིད་འོང་ནི་ཡིད་ཀྱི་བདེ་བ་ཡིན་ལ་བདེ་བ་ནི་ལུས་ཀྱི་བདེ་བའོ། །རྒྱུ་ནི་ཡུལ་རྣམས་

ཏེ། །བསྒྲུབ་པ་ནི་བདག་མེད་པའི་ལྷའི་རྣམ་པས་སྦྱང་བ་བྱས་པའོ། །འབྲས་བུ་ནི་བླ་ན་མེད་པའི་བདེ་བ་ཆེན་པོ་སྟེ། དོན་དུ་གཉེར་བ་ནི་རྒྱུར་ཉེ་བར་འགྲོ་བའོ། །ལྷ་མོ་ནི་བོད་པའོ། །དེ་བས་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་བསྡུ་བ་བསྟན་ཏེ། འགྲོ་བ་ཐམས་ཅད་སྟོང་པ་ཉིད་དང་སྙིང་

རྗེ་དབྱེར་མེད་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གང་ཡིན་པ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་དེ་ནི་ཀུན་དུ་འགྲོ་བ་སྟེ། མཆོད་པ་ནི་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱིས་མངོན་དུ་བྱ་བའོ། །དེས་ན་བདེ་བས་བདེ་བ་སྒྲུབ་པར་འགྱུར་རོ། །དེ་མ་གཏོགས་པར་བདེ་བ་ཉིད་མེད་པར་

เล่ม ๑๙ · หน้า 22b

བསྟན་པའི་ཕྱིར་དཀའ་ཐུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀའ་ཐུབ་ནི་མེ་ལྔ་བསྟན་པ་ལ་སོགས་པའོ། །སྡོམ་པ་ནི་ཁ་ཟས་སྡོམ་པའོ། །མི་བཟད་པ་ནི་རིའི་ཁ་ནས་མཆོང་བ་ལ་སོགས་པའོ། །ལུས་བསྐམས་པ་ནི་ལུས་ཀྱི་སྡུག་བསྔལ་ལོ། །སྡུག་བསྔལ་ནི་ཡིད་ཀྱི་

སྡུག་བསྔལ་ཏེ། དངོས་གྲུབ་གཞན་དུ་གྱུར་པ་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་གྱི་དངོས་གྲུབ་ལས་ཉམས་པའོ། །རྗེས་སུ་འགྲོ་བའི་སྒོ་ནས་གསུངས་པ། ལུས་དང་སེམས་ནི་བརྟན་གྱུར་ན། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་བདེ་བས་བརྟེན་པར་བྱས་ན་བདེ་བའི་འབྲས་བུ་

མངོན་པར་འདོད་པ་བརྟན་པ་ཉིད་དུ་འགྱུར་རོ། །ལྡོག་པ་གསུངས་པ། སྡུག་བསྔལ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། གཡོས་པ་ནི་བརྩམས་པའི་དོན་ལ་ཉམས་པའོ། །དེ་ཡང་ཅི་ཞིག་ཅེ་ན། ཤིན་ཏུ་འགོག་པ་སྟེ་འགོག་པའི་འབྲས་བུར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །

གཞན་དུ་དུས་མིན་འཆི་བ་ཞེས་བྱ་བ་ལ། ཐབས་མ་ཡིན་པས་འབྲས་བུ་དོན་དུ་གཉེར་བས་གང་གི་ཚེ་མ་གྲུབ་པ་དེའི་ཚེ་དམ་པའི་ཆོས་ལ་བརྙས་པས་དུས་མ་ཡིན་པར་སྲོག་ཟད་པར་འགྱུར་ཏེ་དམྱལ་བར་སྲེག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ངེས་པ་ནི་གདོན་མི་ཟ་བའོ། །

མཁའ་འགྲོ་ཀུན་དང་ཞེས་བྱ་བ་ལ་སོགས་པས་ནི་སྟོན་པ་པོས་རིམ་པར་ཕྱེ་བ་ཡོངས་སུ་རྫོགས་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་དམ་པ་ནི་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བའི་བདག་ཉིད་ཆོས་དང་གང་ཟག་ལ་

བདག་མེད་པའོ། །སྣང་བ་ནི་ངེས་ཤིང་གཏན་ལ་ཕབ་པའོ། །ཡུལ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཏེ། དེར་འཇུག་པ་ནི་རབ་ཏུ་འཇུག་པའོ། །དེའི་ཡེ་ཤེས་ནི་རྟོག་པ་སྟེ། རིམ་པར་ཕྱེ་བ་ནི་བརྗོད་པར་བྱ་བའི་དོན་དེ་དག་སྟོན་པའི་གཞུང་གི་ཚོགས་ཡིན་ལ་

དེ་ཉིད་དང་པོའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་འོག་ཏུའོ། །བཙུན་མོ་རྣམས་ཀྱིས་

เล่ม ๑๙ · หน้า 23a

གསོལ་ཏོ་ཞེས་བྱ་བ་ལ། ཤིན་ཏུ་ཡང་མཆོད་པའི་ཕྱིར་དབྱུང་བར་བྱ་བ་མ་ཡིན་པའི་དོན་བཙུན་མོ་ཉིད་ཀྱིས་ཞུ་བར་བྱའི་གཞན་གྱིས་ནི་མ་ཡིན་པས་སོ། །མཆོད་པ་ནི་ཕྱི་དང་གསང་བའི་མཆོད་པས་མཉེས་པར་བྱས་པའོ། །ཕྱག་བྱ་བ་ནི་དེའི་འོག་ཏུ་

སེམས་ཀྱིས་ཁྱད་པར་ཅན་དུ་འཛིན་པ་དང་། ལུས་ཀྱིས་ལངས་ཏེ་ཡན་ལག་ལྔ་ས་ལ་འདུད་པ་དང་། འདུད་དོ་ཞེས་ངག་ཏུ་བརྗོད་པའི་སྒོ་ནས་སོ། །གསོལ་ཏོ་ཞེས་བྱ་བ་ནི་ལན་ཚྭའི་སྒྲ་ལ་སོགས་པ་ལྟར་དོན་དུ་མ་དང་འབྲེལ་བའི་ཕྱིར་མང་པོའི་ཚིག་ཏུ་བལྟ་བར་བྱའོ། །

ལྷག་མ་ནི་གོ་སླའོ། །གདུག་པ་རྣམས་ཞེས་བྱ་བ་ནི་ལུས་ལ་སོགས་པ་སུན་འབྱིན་པར་བྱེད་པས་ན་གདུག་པ་སྟེ། དེ་རྣམས་སོ་སོར་འཇོམས་པར་བྱེད་པའི་སྙིང་པོ་དེ་ནི་གདུག་པ་ཅན་གྱི་སྙིང་པོ་སྟེ་ཧེ་རུ་ཀའི་སྔགས་སོ། །འདུལ་བ་ལ་སོགས་པའི་ཚིག་གསུམ་གྱིས་ནི་

བསྒྲུབ་པར་བྱ་བའི་ལུས་ལ་སོགས་པ་གསུམ་འཇོམས་པ་དང་སྦྱར་རོ། །ལྷུང་བ་ཞེས་བྱ་བ་ནི་འདིར་རང་གིས་གཏན་ལ་ཕབ་སྟེ་སྦྱར་ཞིང་བཙུད་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་འོག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་

ཐུགས་རྡོ་རྗེའི་བདག་པོ་ཞེས་བྱ་བ་ནི་རྣམ་པར་བསྒྱུར་བ་མེད་པའོ། །གླུ་བླངས་ཏེ་ཞེས་བྱ་བ་ནི་གླུའི་དོན་གྱི་སྔགས་གཟུང་བར་བྱའོ། །དེ་ལ་རེ་ཞིག་དང་པོར་གོ་ཆའི་སྔགས་གསུངས་པ། དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ནི་

ཡི་གེ་ཨོཾ་མོ། །དེར་ནི་སྡེ་ཚན་རྣམས་ཀྱི་མཐའ། །ཞེས་བྱ་བ་ལ། དེར་ཏེ་དེའི་འོག་ཏུ་སྡེ་ཚན་རྣམས་ཏེ། ཡི་གེ་ཐམས་ཅད་ཀྱི་མཐའ་སྟེ་ཧ་གཟུང་བར་བྱའོ། །ཏ་དང་པོའི་དྷ་བྷའི་མཐའ་ཞེས་བྱ་བ་ལ། ཏའི་སྡེ་ཚན་དང་པོའི་སྡེ་ཚན་གྱི་ཡི་གེ་བཞི་པ་དྷ་དང་བྷའི་

མཐའ་སྟེ་ན་དང་མ་གཟུང་བའོ། །སའི་མཐའ་ཞེས་བྱ་བ་ནི་ཡི་གེ་ཧའོ། །དབྱངས་ཀྱི་གསུམ་པ་ནི་ཡི་གེ་ཨི་སྟེ་དེས་སྟེང་དུ་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ། །སའི་མཐའ་ཞེས་བྱ་བ་ནི་ས་ཉིད་མཐའ་སྟེ། ལྕེ་རྩ་ཅན་ལ་སོགས་པའི་སའི་རིགས་གསུམ་གྱི་མཐའ་མ་

เล่ม ๑๙ · หน้า 23b

ཡིན་པའི་ཕྱིར་རོ། །ལ་སའི་དབུས་ཀྱི་སྟན་བཞུགས་པ། །ཞེས་བྱ་བ་ལ། ས་ནི་འདིར་ཤ་སྟེ་རིགས་གཅིག་པ་ཉིད་དང་། ཨ་བ་བྷྲཾ་ཤས་བསྟན་པའི་ཕྱིར་རོ། །དེས་ན་ཤ་དང་ལའི་དབུས་ན་གནས་པ་ཡི་གེ་ཝའོ། །དེ་ཡང་ཁྱད་པར་ཅི་འདྲ་ཞེ་ན། མདའ་གཉིས་

ཀྱིས་ནི་རྣམ་པར་སྦྱང་། །ཞེས་བྱ་བ་ལ། མདའ་དང་ས་ར་ནི་དོར་ཐབས་ཀྱི་རྣམ་གྲངས་ཡིན་ལ། ས་ནི་ཤ་སྟེ་རིགས་གཅིག་པ་དང་། ཨ་བ་བྷཾ་ཤས་བསྟན་པའི་ཕྱིར་རོ། །དེ་ཡང་ཝ་ཕྱི་ནས་ས་ར་འགྱུར་ཏེ། དེ་ལྟར་ན་དབྱངས་གང་ཡིན་པ་དེ་མདའི་སྒྲས་བསྟན་ཏོ། །སྦྱང་

བ་ནི་དེ་དང་སྦྱར་བའོ། །འདིས་སྭཱ་ཞེས་བསྟན་པར་འགྱུར་རོ། །ཨ་སྟན་གནས་པ་སའི་མཐའ་ཞེས་བྱ་བས་ནི་ཧཱ་གཟུང་བར་བྱའོ། །སླར་ཡང་ས་མཐའ་མདའ་ལྔ་བསྟན། །ཞེས་བྱ་བ་ལ། མདའ་ལྔ་ནི་སྔར་བསྟན་པའི་ཚུལ་གྱིས་དབྱངས་ཀྱི་ལྔ་པ་ཨུ་ལ་བྱའོ། །དེ་དག་

གིས་ནི་ཧཱུཾ་ཞེས་བསྟན་པར་འགྱུར་རོ། །ལ་སའི་དབུས་གནས་ས་བོན་ནི་ཝའོ། །མདའ་བཅུ་ནི་ཨཽའོ། །དབྱངས་ནི་སྟེང་དུ་བརྒྱན་པ་སྟེ། དེས་ན་ཝཽ་ཞེས་བྱ་བར་འགྱུར་རོ། །ས་དང་ས་ཡི་དབུས་གནས་ལ། །ཞེས་བྱ་བ་ལ། ཤའི་གནས་སུ་ས་བསྟན་པའི་སྔར་

བཤད་པ་བཞིན་དུ་སྟེ་དེས་ན་ཤ་དང་སའི་དབུ་མ་ཥའོ། །ཞལ་གསུམ་གྱིས་ནི་བརྒྱན་པ་དང་། །ཞེས་བྱ་བ་ལ། ཞལ་གསུམ་པ་ནི་མདུན་དང་ལོགས་དང་རྒྱབ་སྟེ་གསུམ་ཡིན་ལ། འདིར་གསུམ་པ་རྒྱབ་ཀྱི་ཞལ་གྱིས་ཊ་གཟུང་ངོ་། །རླུང་གི་ཕྱོགས་གནས་ས་བོན་ནི་

ཧ་སྟེ། སྔགས་བཏུ་བ་ལས་རླུང་གི་མཚམས་སུ་བཀོད་པའི་ཕྱིར་རོ། །རུ་ཏྲ་ནི་དབྱངས་ཡིག་བཅུ་གཅིག་པ་ཨེ་སྟེ་དེས་ན་ཧེ་ཞེས་བྱ་བར་འགྱུར་རོ། །ཧཱུྃ་ཧཱུྃ་ཧེ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །དབྱངས་ཀྱི་དགུ་པ་ནི་ཨོ་སྟེ། དགང་བ་ནི་དེས་སྟེང་དུ་བརྒྱན་པར་བྱ་བ་

ཡིན་ལ། དེས་ན་ཧོ་ཞེས་འགྱུར་རོ། །ཕཊ་ཅེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །ལྷག་མ་ཧ་ཡི་རྐང་པ་དགང་། །ཞེས་བྱ་བ་ལ། ཧ་ཉིད་ལྷག་མ་སྟེ། ཡི་གེ་རྣམས་ཀྱི་ལྷག་མ་ཡིན་པའི་ཕྱིར་རོ། །དེ་ཉིད་རྐང་པ་ཡང་ཡིན་ལ་ལྷག་མ་ཡང་ཡིན་ཏེ། དེ་ཐིག་ལེས་དགང་བར་བྱའོ། །དེ་

เล่ม ๑๙ · หน้า 24a

རྣམས་ཀྱིས་ལྷ་འདི་དག་བསྐྱེད་པར་བྱ་སྟེ། ཨོཾ་ཧ་ཞེས་བྱ་བས་སྙིང་གར་རྡོ་རྗེ་སེམས་དཔའ། ན་མཿཧི་ཞེས་པས་མགོར་རྣམ་པར་སྣང་མཛད། སྭཱ་ཧཱ་ཧུ་ཞེས་པས་ཁར་པདྨ་གར་གྱི་དབང་ཕྱུག །བཽ་ཥཌ་ཧེ་ཞེས་པས་ཕྲག་པ་གཉིས་སུ་ཧེ་རུ་ཀ །ཧཱུཾ་ཧཱུཾ་ཧོ་ཞེས་པས་

མིག་གཉིས་སུ་རྡོ་རྗེ་ཉི་མ། ཕཊ་ཧཾ་ཞེས་པས་ཡན་ལག་ཐམས་ཅད་ཀྱི་མཚོན་ཆར་རྟ་མཆོག་གོ། །དེ་ལ་བཟླས་པའི་དུས་སུ་ནི། ཨོཾ་ཧ། ན་མཿཧི། སྭཱ་ཧཱ་ཧུ། བཽ་ཥཌ་ཧེ། ཧཱུཾ་ཧཱུཾ་ཧོ་ཕཊ་ཧྃ་སྭཱ་ཧཱ་ཞེས་གདོན་པར་བྱ་སྟེ། སྭཱ་ཧཱ་ཞེས་པ་ནི་མན་ངག་ལས་ཤེས་པར་བྱའོ། །ལྔ་པའི་དབུས་

གནས་དེ་ཉིད་དེ། །ཞེས་བྱ་བ་ནི་སྡེ་ཚན་ལྔ་པའི་དབུས་མ་གཟུང་བར་བྱའོ། །ཧ་ཛོ་ཞེས་པ་ལ། ཧ་ནི་མཚོན་པར་བྱ་བ་ཉིད་མཚོན་པར་བརྗོད་པའོ། །ཡོ་ཞེས་བྱ་བའི་གནས་སུ་ཛོ་ཞེས་པ་བསྟན་པ་ནི་སྔར་བཤད་པ་ལྟར་སྐད་ཀྱི་དབྱིངས་གཅིག་པ་དང་། ཨ་བ་བྷྲཾ་ཤས་བསྟན་

པའི་ཕྱིར་ཏེ། འདིར་དོན་གྱིས་ན་ཡོ་གཟུང་བ་ཡིན་ལ། དེ་ཡང་ཧ་ནི་ཧ་ར་ཤ་སྟེ་རངས་པའོ། །གང་ལ་ཞེ་ན་དེ་ལ་སྟེ། ཡོ་ཞེས་བྱ་བ་རླུང་གི་ས་བོན་དུ་གྱུར་པ་ལའོ། །ཡང་ན་ཛོ་ཞེས་བྱ་བ་མན་ངག་གིས་ན་ཡོ་ཞེས་མཚོན་པར་བྱེད་པའོ། །ར་སྟན་ལ་གནས་ས་ཡི་མཐའ། །

ཨི་ཞེས་བྱ་བའི་མདའ་དང་སྦྱར། །ཞེས་བྱ་བ་ནི་སྔར་བསྟན་པ་ལྟར་བསྒྲུབ་པར་བྱ་སྟེ། ཧྲི་ཞེས་བྱ་བར་འགྱུར་རོ། །སླར་ཡང་བྷ་ཞེས་བྱ་བའི་མཐའ། །ཞེས་བྱ་བ་ནི་མའོ། །མདའ་ནི་སར་པས་ཡོངས་སུ་སྦྱང་། །ཞེས་བྱ་བ་ལ་མདའ་ནི་སྔར་བསྟན་པ་ལྟར་དབྱངས་ལ་བྱ་ལ།

སར་པ་ནི་འདིར་དགུ་པ་ལ་བྱ་སྟེ། མན་ངག་གིས་མི་མངོན་པའི་ཕྱིར་རོ། །དེས་ནི་མོ་ཞེས་འགྱུར་རོ། །ས་མཐའ་དེ་ནི་ར་ཡིག་ཞོན། །ཨེ་ཞེས་བྱ་བ་རྣ་བའི་རྒྱན། །ཞེས་པས་ནི་ཧྲི་ཞེས་བྱ་བར་འགྱུར་རོ། །ཨི་དབྱངས་ཞེས་བྱ་བ་ལ་སོགས་པས་ནི་ཧྲི་ཞེས་བྱ་བར་འགྱུར་རོ། །སླར་

ཡང་ཞེས་བྱ་བ་ལ་སོགས་པ་ཧཱུཾ་ཞེས་བྱ་བར་འགྱུར་རོ། །དེ་ཉིད་མགོན་པོ་ཞེས་བྱ་བ་ནི་ཡང་ཧཱུཾ་ཉིད་དོ། །རིན་ཆེན་མཐའ་མ་ཕཊ་ཀྱིས་བརྒྱན། །ཞེས་བྱ་བ་ལ་གསལ་བར་བྱེད་པའི་ཕྱིར་རིན་པོ་ཆེ་སྟེ་ཕཊ་ལ་བྱ་ལ། དེའི་མཐའ་མར་ཕཊ་སྦྱར་བར་བྱའོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། །

เล่ม ๑๙ · หน้า 24b

སྣ་ཚོགས་ཀྱི་ཞེས་བྱ་བ་ནི་ཐིག་ལེ་སྟེ་རྗེས་སུ་འགྲོ་བའི་དབྱངས་ཡིན་པའི་ཕྱིར་རོ། །ཚིག་རྣམས་ཀུན་ལ་དགང་ཞེས་བྱ་བ་ནི་ཚིག་སོ་སོ་ཀུན་ལ་ཨོཾ་དང་ཐིག་ལེས་བརྒྱན་པར་བྱའོ། །དེ་ལ་ཨོཾ་བྃ་གྱིས་ནི་ལྟེ་བར་རྡོ་རྗེ་ཕག་མོའོ། །ཨོཾ་ཧྃ་ཡོཾ་གྱིས་ནི་སྙིང་གར་གཤིན་རྗེ་མའོ། །ཨོཾ་ཧྲིཾ་མོཾ་

གྱིས་ནི་ཁར་རྨོངས་བྱེད་མའོ། །ཨོཾ་ཧྲེཾ་ཧྲིཾ་གིས་ནི་སྤྱི་བོར་སྤྱོད་བྱེད་མའོ། །ཨོཾ་ཧཱུཾ་ཧཱུཾ་གིས་ནི་སྤྱི་གཙུག་ཏུ་སྐྲག་བྱེད་མའོ། །ཨོཾ་ཕཊ་ཕཊ་ཀྱིས་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆར་གཏུམ་མོའོ། །བཟླས་པ་ལ་ནི། ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་གདོན་པར་བྱའོ། །

དཔའ་བོ་དྲུག་དང་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་དྲུག་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་ནི་ཕག་མོ་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་དྲ་བ་ནི་སྤྲུལ་པ་སྟེ། དེ་དག་སྡོམ་ཞིང་སྡུད་པས་ན་སྟོན་པ་པོ་དེ་ལ་དེ་སྐད་ཅེས་བྱའོ། དེ་ལ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་

མ་ལ་གནས་པས་ནི། དཔའ་བོ་དྲུག་གི་གོ་ཆའི་སྔགས་བཟླས་པར་བྱས་ལ། རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་ལ་གནས་ཏེ། བཟླས་པ་བསྟན་པའི་ཕྱིར་སྣ་ཚོགས་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རླུང་དང་མེ་དང་ཆུ་དང་དབང་

ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་དེའི་སྟེང་དུ་སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེ་ལ་རྡོ་རྗེ་ར་བ་དང་དྲ་བའི་ནང་དུ་ཆོས་ཀྱི་འབྱུང་གནས་དེར་སྣ་ཚོགས་པདྨ་དང་རྡོ་རྗེའི་སྟེང་དུ་རྣམ་པར་སྣང་མཛད་ལས་བྱུང་བའི་ཁང་བུ་བརྩེགས་པར་སྣ་ཚོགས་པདྨའི་ལྟེ་བ་ལ་ཉི་མའི་

དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་དང་། ཨཱ་ལི་ཀཱ་ལི་སྦྱོར་བ་ལ་སོགས་པས་འོག་ནས་འབྱུང་བ་ལྟར་བསྒྲུབ་པར་བྱའོ། །སྣ་ཚོགས་པདྨའི་ཉི་དཀྱིལ་ལ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་རྡོ་རྗེ་ནི་ར་བ་དང་དྲ་བ་བསྟན་པར་

འགྱུར་ལ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཡང་སྣ་ཚོགས་པདྨ་དང་རྡོ་རྗེ་བསྒོམ་མོ་ཞེས་ཟུར་གྱིས་སྟོན་ཏོ། །འོ་ཞེས་བྱ་བ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །འོད་ཟེར་སྣ་ཚོགས་འབར་བ་ལས། །མཁའ་འགྲོ་མ་ཡི་འཁོར་སྤྲོ་བ། །ཞེས་བྱ་བ་ནི་ས་བོན་གྱི་དེ་ཉིད་ལས་མཁའ་

เล่ม ๑๙ · หน้า 25a

འགྲོ་མ་གཟུགས་སྣ་ཚོགས་སྤྲོ་བའོ། །ཞལ་གཅིག་ཕྱག་གཉིས་ཞེས་བྱ་བ་ལ་སོགས་པས་ནི་ཁང་བུ་བརྩེགས་པའི་ནང་དུ་སྒྲུབ་ཐབས་ཀྱི་རིམ་པས་རིམ་པ་ལྟར་ཡི་གེ་ཧྲཱིཿལས་བསྐྱེད་པའི་རྡོ་རྗེ་ཕག་མོ་བསྒོམ་པར་བསྟན་ཏེ། འདིས་ནི་ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་

རོ་མི། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་ཏིཥྛ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ། ཞེས་བྱ་བའི་སྔགས་ལྔའི་དོན་མངོན་པར་བྱང་ཆུབ་པ་ལྔ་སྟོན་པ་ཡིན་ནོ། །མདུང་གི་དབྱིབས་ཅན་ཞེས་བྱ་བ་ནི་ཕྱེད་ཀྲུང་བཅས་པས་གནས་པའི་ཕྱིར་རོ། །འཇིགས་

པ་དག་ཀྱང་འཇིགས་པར་མཛད། །ཅེས་བྱ་བ་ལ་འཇིགས་པ་ནི་བདེ་བ་ལ་སོགས་པ་ཡིན་ལ། དེ་དག་ཀྱང་འཇིགས་པར་མཛད་པ་སྟེ། ཕྱག་ན་གྲི་དང་ཐོད་པ་བསྣམས་པར་བསྒོམ་མོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་མན་ངག་གིས་ན་འོག་ནས་འབྱུང་བའི་རབ་ཏུ་གཏུམ་

མོ་ལ་སོགས་པ་སྟེ། དེ་དག་དཔའ་བོ་དང་བྲལ་བར་དཀྱིལ་འཁོར་བའི་ལྷར་གཟུང་བར་བྱའོ། །ཡན་ལག་ལ་དགོད་པ་ལ་སོགས་པ་ཆོ་ག་རྫོགས་པ་ནི་ལྟག་འོག་ཏུ་བལྟ་བར་བྱའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོར་རབ་ཏུ་གྲགས། །ཞེས་བྱ་

བས་ནི་རྡོ་རྗེ་ཕག་མོ་སྒོམ་པ་པོས་རྡོ་རྗེ་མཁའ་འགྲོ་ལྟ་བུར་བལྟའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་མཁའ་འགྲོའི་སྔགས་གསུངས་པ། སྔོན་བསགས་ཞེས་བྱ་བ་ལ་སོགས་པ་ལ་སྔོན་ཉིད་ཡི་གེ་ཀ་སྟེ། མཐའ་ནི་དེའི་མཐར་རོ། །མ་གཉིས་དང་ཨར་སྦྱར་བ་ནི་བརྩི་བ་མེད་པས་ཏེ་

ལུང་གི་དོན་ཏོ། །མཐའ་དེར་ཅི་ཞིག་ཅེ་ན། མེ་དང་བཅས་པ་ཞེས་པ་སྟེ། མེ་ནི་རའོ། །དེས་ན་ཀ་ར་ཞེས་འགྱུར་རོ། །ལན་གཉིས་བཟླས་ཞེས་བྱ་བས་ནི་འདས་མ་ཐག་པའི་སྔགས་གཉིས་སུ་བཟླས་པའོ། །དེས་ནི་སྔགས་ཀྱི་ཚིག་ཏུ་འགྱུར་རོ། །ཐ་མལ་པའི་ཚིག་གི་

དོན་བརྗོད་པར་བྱ་སྟེ། སྔོན་བསགས་ལས་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་ལ་སོགས་པའི་ལས་སོ། །དེ་ཉིད་མེ་དང་བཅས་པ་སྟེ། །མེ་ལྟར་རྣམ་པར་སྨིན་པ་རྩུབ་པའི་ཕྱིར་རོ། །དེ་མཐར་བྱེད་པ་ནི་མཐར་བྱའོ། །ལན་གཉིས་ཞེས་བྱ་བ་ནི་བྱ་བའི་ཚིག་ཡིན་ཏེ་ཡང་

เล่ม ๑๙ · หน้า 25b

དང་ཡང་དུའོ། །བཟླས་ཞེས་བྱ་བ་ནི་བྱོས་ཤིག་བྱོས་ཤིག་པ་སྟེ། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རྫོགས་པར་བྱས་ལ། དེ་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པའི་ལས་ལ་གནས་ནས་སྔོན་གྱི་ལས་མཐར་བྱ་བ་བྱོས་ཤིག་པ་སྟེ། སྨད་པར་མི་བྱ་བའི་དོན་ཏོ། །ཡང་ན་

འདིར་བྱོས་ཤིག་བྱོས་ཤིག་ཅེས་སྦྱར་བར་མི་བྱ་སྟེ། སྔོན་བསགས་པའི་ལས་དེ་མི་མཐུན་པའི་ཕྱོགས་ཙམ་ཞིག་ཏུ་བསྟན་པར་བྱའོ། །ཀུ་རུ་ཀུ་རུ་སེམས་དཔའ་བྲལ། །ཞེས་བྱ་བ་ལ་ཀུ་རུ་ཀུ་རུ་ཞེས་བྱ་བ་ནི་སྔགས་ཀུ་རུ་ཀུ་རུའི་བཟླས་པ་སྟེ། སྔགས་ཀྱི་ཚིག་དེའི་དོན་

གྱིས་ཤིག་པའོ། །ཅི་ཞིག་ཅེ་ན། སེམས་དཔའ་སྟེ་གཟུང་བ་ལ་སོགས་པའི་བློ་དང་བྲལ་བར་གྱིས་ཤིག་པའོ། །ཚིག་གི་དོན་བརྗོད་པར་བྱ་སྟེ། དེ་ལ་སེམས་དཔའ་ནི་བོད་པའོ། །བྲལ་བ་ནི་དབྱེ་བའོ། །ཀུ་རུ་ནི་བྱོས་ཤིག་པ་སྟེ། ལས་ངན་པ་ཐམས་ཅད་ཀྱི་རྩ་བ་ཆགས་

པ་དང་བྲལ་བར་བྱོས་ཤིག་པའོ། །རལ་པ་གྱ་གྱུ་བནྡྷ་གསལ། །ཞེས་བྱ་བ་ལ། བནྡྷ་ཞེས་བྱ་བ་ནི་སྔགས་ཀྱི་ཚིག་སྟེ། དེའི་དོན་ནི་བཅིངས་པའོ། །ཅི་ཞིག་ཅེ་ན། རལ་པ་གྱ་གྱུ་སྟེ་སྐྲའི་ཚོགས་བསམ་གྱིས་མི་ཁྱབ་པའི་རྩེ་མོ་ལི་ཞིང་འཁྱིལ་པ་དང་། གསལ་བ་སྟེ་

མཐོན་པོར་བཅིངས་པ་ག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བསྟོད་པའོ། །ཡང་ན་རལ་པ་གསལ་བ་ནི་བོད་པའོ། །གྱ་གྱུ་ནི་གྱ་གྱུ་ཅན་སྡང་བ་རྣམས་ཆིངས་ཤིག་པའོ། །སྔར་བཟླས་པ་ནི་ལན་གཉིས་སུ་བཟླས་པ་སྟེ། དེས་ན་བནྡྷ་བནྡྷ་ཞེས་བྱ་བར་འགྱུར་རོ། །ཅིག་ཤོས་

བརྗོད་པར་བྱ་སྟེ། རལ་པ་གྱ་གྱུ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཚོགས་རྣམས་སོ། །དོན་དམ་པར་རང་བཞིན་མེད་བཞིན་དུ་ཀུན་རྫོབ་ཏུ་དུ་མར་སྣང་བས་ན་གྱ་གྱུ་སྟེ་བསྟན་པར་བྱའོ། །བཅིངས་པ་ནི་གཅིག་ཏུ་བྱ་བ་སྟེ། དོན་དམ་པར་བདག་མེད་པའི་འཁོར་ལོས་དེ་

དག་བསྡུས་ཏེ། སྟོན་པ་པོ་ཉིད་བསྟན་པའོ། །དེ་ལྟར་ན་རལ་པ་གྱ་གྱུ་བཅིངས་ཞེས་བྱ་བ་དམན་པའི་ཚིག་གིས་དོར་ཐབས་ཀྱི་བསྟོད་པ་ཡིན་ནོ། །གསལ་ཞེས་བྱ་བ་ནི་ཁྱད་པར་དུ་བྱ་བའི་དོན་ཏེ། ཇི་ལྟར་རལ་པ་སྤྱི་བོའི་སྟེང་ན་གནས་པ་ལྟར་སངས་རྒྱས་རྣམས་གུས་པ་དང་

เล่ม ๑๙ · หน้า 26a

བཅས་པས་སྤྱི་བོས་བླངས་ཏེ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སླར་བཟླས་པ་ནི་ཡང་དང་ཡང་དུ་གོམས་པར་བྱའོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཕྱག་དང་ཞལ་ལ་སོགས་པ་མཚན་མ་དང་བཅས་པའི་ཚུལ་གྱིས་བསྒོམས་པས་ནི་འཁོར་

བ་ཉིད་དུ་འགྱུར་ཞེ་ན། འདིར་གསུངས་པ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་དང་བྲལ་བ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་དང་བྲལ་བས་ངོ་བོ་ཉིད་མེད་པར་བྱའོ། །དེས་ཅི་ཞིག་ཏུ་འགྱུར་ཞེ་ན། འཇིག་རྟེན་སྐྲག་པ་ཞེས་བྱ་བ་སྟེ། དངོས་པོར་མངོན་པར་ཞེན་པ་

རྣམས་ཡིད་ལ་གདུང་ཞིང་སྐྲག་པར་འགྱུར་རོ། །དེ་ལ་ཅི་ཞིག་བྱ་ཞེ་ན་བརྫུན་ཞེས་བྱ་བ་གསུངས་ཏེ། ཚད་མས་དཔྱད་ན་ངོ་བོ་ཉིད་མེད་བཞིན་དུ་ཡང་འཇིག་རྟེན་སྐྲག་པ་སྤང་བའི་ཕྱིར་ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་བཞིན། ཡོང་ངོ་ཞེས་བསྟན་པར་བྱའོ། །དེ་ཉིད་ཀྱིས་ན། དམ་པ་དེ་ནི་

ལན་གཉིས་བཟླ། །ཞེས་གསུངས་སོ། །སྔགས་ཀྱི་ཚིག་གི་དོན་བརྗོད་པར་བྱ་སྟེ། བརྫུན་པ་ནི་ཨཱ་ལི་ཀཱ་ལི་སྟེ། ཕྱུགས་ལ་བྱ་ལ་ཕྱུགས་དང་འདྲ་བའི་སྐྱེ་བོ་བླུན་པོ་རྣམས་ཏྲཱ་ས་ཡ་སྟེ་སྐྲག་པར་གྱིས་ཤིག་པའོ། །ལན་གཉིས་བཟླ་ཞེས་བྱ་བས་ནི་ཏྲཱ་ས་ཡ་ཏྲཱ་ས་ཡ། །ཞེས་བྱ་བར་

འགྱུར་རོ། །ཇི་ལྟར་སྐྲག་པར་བྱ་ཞེ་ན། གཟུགས་དང་བྲལ་བ་སྟེ་སྡང་བ་དང་བྲལ་བར་བྱ་བའི་བར་དུའོ། །ཀ་ཥ་ཞེས་བྱ་བ་ལ་སོགས་པ་ལ། ཀ་དང་ཥ་ནི་ཀ་ཥ་སྟེ་ཀྵའོ། །དེ་ཨོ་དང་ལྡན་པས་ཀྵོ་ཞེས་བྱ་བར་འགྱུར་རོ། །འདིར་ཨ་ནི་ཐམས་ཅད་ཀྱི་ཁོང་ན་གནས་པ་ལྟར་རོ། །

དེ་ཡང་ཅི་འདྲ་ཞེ་ན། བྷ་ཡ་སྦྱར་ཞེས་བྱ་བ་སྟེ། བྷ་ཡ་དང་སྦྱར་བས་ཀྵོ་བྷ་ཡ་ཞེས་བྱ་བར་འགྱུར་རོ། །གློ་ན་གནས་ཞེས་བྱ་བ་ནི་ཀྵོ་བྷ་ཡ་ཞེས་བྱ་བའི་སྒྲ་གཉིས་པ་དེའི་རྩར་བཞག་པ་སྟེ། འདིར་སྡང་བའི་ཕུང་པོ་ལ་སོགས་པ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་ཞེས་བྱ་བས་དཀྲུགས་པར་བསྟན་

ཏོ། །ཚིག་གི་དོན་བརྗོད་པར་བྱ་སྟེ། ཀ་ཥ་ཞེས་བྱ་བ་ནི་བདར་ལ་བྱ་སྟེ། བདར་རྡོ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དོན་དམ་པའི་བདེན་པ་བདར་བ་སྟེ། རྣམ་པར་དཔྱད་པར་བྱ་བའོ། །ཨོཾ་ཞེས་བྱ་བའི་སྒྲ་དང་ལྡན་ཞེས་བྱ་བ་ལ། ཇི་ལྟར་ཡི་གེ་

เล่ม ๑๙ · หน้า 26b

ཨོ་ཆ་གཉིས་ཡིན་པ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་ཆ་གཉིས་ཡིན་ལ། །སྒྲ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་སྟེ། དེ་ཉིད་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། བྷ་ཡ་ཞེས་སྦྱར་ཅེས་བྱ་བ་ལ་སོགས་པ་ལ། བྷ་ཡ་ནི་བྷ་ག་སྟེ་ཤེས་རབ་བོ་

གློ་ན་གནས་པ་ནི་མཚུངས་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །འདི་ལྟར་བདར་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་ལ་གསེར་ལྟ་བུའི་དོན་དམ་པའི་བདེན་པ་བདར་བ་ལྟར་རྣམ་པར་དཔྱད་ན། རྡོ་ལ་གསེར་གྱི་རི་མོ་ཆགས་པ་ལྟར་བདེན་པ་གཉིས་མཚུངས་ཤིང་དབྱེར་མེད་པར་འགྱུར་རོ། །

ཡང་ན་ཀ་ཥ་ཞེས་པ་བདར་བ་ནི་ཚད་མ་ལ་བྱ་སྟེ། ཚད་མས་རྣམ་པར་དཔྱད་ཅིང་བདར་ན་གསེར་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་རི་མོ་ལྟ་བུའི་དོན་དམ་པའི་བདེན་པར་ཟད་ཅིང་མཐར་གཏུགས་པར་འགྱུར་རོ། །དེ་ཡང་ཚད་མ་འབའ་ཞིག་གིས་བསྟན་པ་མ་ཡིན་པར་བསྟན་པའི་ཕྱིར།

ཨོ་སྒྲ་ལྡན་ཞེས་གསུངས་ཏེ། ཨོ་ཞེས་བྱ་བ་ནི་དད་པས་འཇུག་པའོ། །སྒྲ་ཞེས་བྱ་བ་ནི་ལུང་ངོ་། །ལྡན་པ་ནི་དེ་རིགས་པས་དཔྱད་པ་སྟེ། འདིར་ལུང་དང་རིགས་པས་དཔྱད་ནས་བླང་གི་དད་པ་ཙམ་གྱིས་མ་ཡིན་ནོ་ཞེས་པའོ། །བྷ་ཡ་ནི་བྷ་ཡ་སྟེ་སྲིད་པ་ཡིན་ལ་གནས་པ་ནི་སྠེའུ་ཁྲེའུ་

ཞེས་བྱ་བས་ཟད་པར་འདྲེན་ཏེ། རིགས་པས་རྣམ་པར་དཔྱད་ཅིང་བདར་ན་བཟུང་བ་ལ་སོགས་པའི་སྲིད་པའི་ཞགས་པ་ཟད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སའི་མཐའ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཧྲཽཾ་ཧྲཽཾ་ཞེས་བྱ་བར་འགྱུར་རོ། །འོད་ཅེས་བྱ་བ་ལ་སོགས་པས་ནི་ཧྲཿཧྲཿཞེས་

བྱ་བར་འགྱུར་རོ། །ཚིག་གི་དོན་བཤད་པར་བྱ་སྟེ། སའི་མཐའ་ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པ་ཤེས་རབ་དང་ཐབས་གསལ་བར་མཛད་པ་ཡིན་ནོ། །དེ་ལ་ཉི་མ་ནི་རྡོ་རྗེ་སྟེ། ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་རོ། །དེའི་སྟན་ཆོས་ཀྱི་འབྱུང་གནས་སོ། །གནས་སུ་

གྱུར་པའི་ཕྱིར་རོ། །སའི་མཐའ་ནི་བྱང་ཆུབ་ཀྱི་སེམས་ཏེ། ལུས་ཐམས་ཅད་ལ་ཁྱབ་ཅིང་བསྐྱེད་པའི་ཕྱིར་རོ། །དེས་ཅི་ཞིག་བྱ་ཞེ་ན། མདའ་བཅུ་ཞེས་བྱ་བ་ལ་སོགས་པ་ལ། བཅུ་ནི་དབང་པོ་རྣམས་དང་དོན་རྣམས་སོ། །བ་ན་ནི་ནགས་ཚལ་ཏེ་ཕུང་པོ་རྣམས་སོ། །དུམ་བུ་ནི་རྣམ་

เล่ม ๑๙ · หน้า 27a

པར་དབྱེ་བ་སྟེ་གཅིག་དང་གཉིས་དང་མང་པོའི་བར་དུའོ། །ཐིག་ལེ་ནི་སྟོང་པ་ཉིད་ཀྱི་རི་མོ་སྟེ། དགང་བ་ནི་དབང་པོ་དང་དོན་དང་ཕུང་པོ་ལ་སོགས་གཅིག་དང་གཉིས་དང་མང་པོར་ཕྱེ་བ་རྣམས་སྟོང་པ་ཉིད་ཀྱི་རི་མོར་བྲི་བའོ། །འདིས་ནི་བྱང་ཆུབ་ཀྱི་སེམས་

རྡོ་རྗེ་ནོར་བུའི་ནང་དུ་གནས་པའི་ཚེ་རྣམ་པར་རྟོག་པའི་རང་བཞིན་ཐམས་ཅད་ནུབ་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་རྟོགས་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལྟར་ཐམས་ཅད་སྟོང་པར་གྱུར་ནས། ཡང་ཇི་ལྟ་བུར་གནས་པར་འགྱུར་ཞེ་ན། དེ་ཡང་སླར་ནི་བརྗོད་པར་བྱ། །ཞེས་

བྱ་བ་ལ་ནི་འདིར་ཀཾ་ནི་བདེ་བའོ། །ཧི་ད་ནི་འཇུག་པ་སྟེ། བདེ་བ་ཉིད་ཀྱི་ལམ་དུ་འཇུག་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཀ་ནི་ཀ་མ་ལ་སྟེ་པདྨའོ། །སའི་མཐའ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཧི་ད་ནི་བསྐྱོད་ཅིང་ཕབ་པའོ། །དེས་ན་ཅི་ཞིག་བྱ་ཞེ་ན། འོད་ཅེས་བྱ་བ་ལ་སོགས་པ་

ལ། འོད་བྱེད་ནི་ཁྲག་གོ། །སྦྱངས་པ་ནི་དེ་དང་བཅས་པའོ། །གཤེགས་སུ་གསོལ་བ་ནི་དེ་དང་ལྷན་ཅིག་པདྨར་ཕབ་པའོ། །གློ་ན་གནས་པ་ནི་ཟོས་པས་ཚིམ་པར་བྱའོ། །ཉིས་འགྱུར་དུ་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱ་བའོ། །ཟླ་གཞོན་ཞེས་བྱ་བ་ལ་སོགས་པ་ལ་

ཕེ་ནི་ཡི་གེ་ཕེའོ། །གསལ་བ་ནི། ཟླ་ཚེས་དང་ཐིག་ལེས་སྟེང་དུ་བརྒྱན་པའོ། །སླར་བཟླས་པས་ནི་ཕེཾ་ཕེཾ་ཞེས་བྱ་བར་འགྱུར་རོ། །དོན་གཞན་བརྗོད་པར་བྱ་སྟེ། ཕེཾ་ཞེས་བྱ་བས་ནི་འཛིན་པ་མེད་པའོ། །དེ་མེད་ན་དངོས་པོ་འདི་དག་གང་གིས་བཟུང་བ་ཡིན་པར་འགྱུར་ཏེ། དེ་ནི་དེ་

ལ་ལྟོས་པའི་ཕྱིར་རོ། །ཟླ་གཞོན་ནི་ཟླ་བ་ཚེས་གཉིས་པའོ། །ཐིགས་པ་ནི་སྐར་མའོ། །གསལ་བ་ནི་གསལ་བར་བྱེད་པ་སྟེ། གཉིས་པོ་དེ་དག་གིས་རང་ཉིད་གསལ་བར་ནུས་ཀྱི། གཞན་ནི་མ་ཡིན་ནོ། །འདི་ལྟར་དེ་དག་ཤར་དུ་ཟིན་ཀྱང་འགྲོ་བ་ཐམས་ཅད་མུན་པ་དང་

བཅས་པར་མིག་གིས་མངོན་སུམ་དུ་མཐོང་བའི་ཕྱིར། དེ་དག་གིས་མུན་པ་གསལ་བར་ནུས་པ་མ་ཡིན་ནོ། །འོ་ན་གང་གི་ཞེ་ན་གསལ་བ་སྟེ། བདག་དང་གཞན་གཉི་ག་གསལ་བའི་ཟླ་བ་ཉ་གང་བ་ལྟ་བུ་འབའ་ཞིག་ཤར་བས་སོ། །དེས་འདི་སྐད་དུ་སྟོང་པའི་རི་མོ་བདག་

เล่ม ๑๙ · หน้า 27b

མེད་པ་ཟླ་བ་ཚེས་པ་ལྟ་བུ་འབའ་ཞིག་གིས་ཀྱང་འགྲོ་བའི་དོན་ཇི་ལྟ་བ་བཞིན་དུ་ནུས་པ་མ་ཡིན་ལ། སྐར་མ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་ལྷའི་སྐུ་འབའ་ཞིག་གིས་ཀྱང་མ་ཡིན་ཏེ། གཞན་དུ་ན་བདེན་པ་གཉིས་གཉིས་སུ་མེད་པའི་སྐུ་ཟླ་བ་ཉ་གང་བ་ལྟ་བུ་འབའ་ཞིག་གིས་ཞེས་སྟོན་ཏོ། །

དེ་ཡང་སླར་ནི་བཟླས་པར་བྱ། །ཞེས་བྱ་བའི་དོན་ནི་ཇི་ལྟར་ཟླ་བ་ཉ་གང་བ་དང་འགྲོགས་ན་སྐར་མས་ཀྱང་མུན་པ་སེལ་བ་ལྟར་གཉིས་སུ་མེད་པའི་སྐུའི་རྗེས་སུ་འབྲང་བའི། བྱ་བ་ཐམས་ཅད་དེ་བཞིན་ནོ། །ཞེས་བྱ་བའི་དོན་ཏོ། །ཕཊ་ཅེས་བྱ་བ་བསྒྱིངས་ཏེ། བསྒྲགས་ཞེས་བྱ་བ་ལ། ཕཊ་

ནི་མཚོན་པར་བྱ་བ་ཉིད་མཚོན་པའོ། །བསྒྱིངས་པ་ནི་ཁེངས་པ་སྟེ་ཕཊ་ཅེས་བྱ་བའོ། །བསྒྲགས་པ་ནི་སླར་བརྗོད་པ་སྟེ། དེས་ན་ཕཊ་ཕཊ་ཅེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ཕཊ་ཅེས་བྱ་བ་ནི་བདག་མེད་པའོ། །བསྒྱིངས་པ་ནི་གྲུབ་པའི་མཐའ་ཉིད་ཀྱིས་ངེས་

པར་གནས་པའོ། །བརྗོད་པ་ནི་དོན་དེ་གསལ་བར་བྱེད་པའི་སྔགས་བརྗོད་པ་སྟེ། སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བྱའོ། །རྣམ་པར་རྟོག་པ་ཀུན་གྱི་ཤིང་། །ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ། །ད་ཧ་ད་ཧ་མཁའ་འགྲོའི་སྡོམ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་

ལ་བོད་པའོ། །ལྔ་སྡེ་ཞེས་བྱ་བ་ལ། ལྔ་ནི་སྡེ་ཚན་ལྔ་པའོ། །གཉིས་ཞེས་བྱ་བ་ནི་སྡེ་ཚན་ཞེས་བྱ་བ་དང་སྦྱར་ཏེ། དེས་ན་སྡེ་ཚན་གཉིས་པ་ཡི་གེ་ཙའི་སྡེའོ། །སྡེ་གཙོ་ཞེས་བྱ་བ་ནི་སྡེ་ཚན་དེ་དག་གི་གཙོ་བོ་སྟེ་པ་དང་ཙའོ། །སླར་བཟླས་པ་ཞེས་བྱ་བས་ནི་པ་ཙ་པ་ཙ་ཞེས་བྱ་བར་

འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ལྔ་སྡེ་ནི་དེ་བཞིན་གཤེགས་པ་ལྔའོ། །གཉིས་ནི་སྐུ་དང་གསུང་ངོ་། །སྡེ་གཙོ་ནི་ཐུགས་ཏེ་རྡོ་རྗེ་སེམས་དཔའོ། །བཟླས་པ་ནི་བསྒྲུབ་པ་སྟེ། དེ་དག་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །བྷ་ཀྵ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་ནི་བྷཀྵ་

བྷཀྵ་བ་ས་རུ་དྷི་ར་ཨནྟྭ་མཱ་ལཱ་བ་ལཾ་བི་ནི། གྲྀཧྞཱ་གྲྀཧྞ་སཔྷཱ་ལ་ག་ཏ་བྷུ་ཛཾ་ག །སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་ཞེས་བཟླས་པར་བྱའོ། །བ་ས་རུ་དྷི་ར་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་ལ་བསྟོད་དེ་བོད་པའོ། །བྷཀྵ་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པར་རྟོག་པའི་བདུད་བཟའ་བའོ། །སཔྟ་ཞེས་

เล่ม ๑๙ · หน้า 28a

པ་ལ་སོགས་པ་ལ། ས་འོག་རིམ་པ་བདུན་ལ་སོགས་པའི་སྦྲུལ་ལམ་ལྟོ་འཕྱེ་སྟེ་རྣམ་པར་རྟོག་པ་འདི་དག་ཚར་བཅད་ཅིང་གཟུང་ངོ་ཞེས་བྱ་བའི་དོན་ཏོ། །བ་ཞེས་བྱ་བ་ནི་བསྡུ་བའོ། །ཨ་དང་ཀའི་ཡི་གེ་དང་ཞེས་བྱ་བ་ལ་སོགས་པ་ལ། གསུམ་པ་ནི་སྡེ་ཚན་

གསུམ་པའོ། །དེའི་གསུམ་པ་དང་བཞི་པ་ནི་ཡི་གེ་ཌ་དང་དྷའོ། །རླུང་ལ་གནས་ཞེས་བྱ་བ་ལ་རླུང་ནི་ཡ་སྟེ། དེ་ལ་དེ་དག་གཉིས་སྦྱར་ཏེ་གནས་པའོ། །གཉིས་སུ་བཟླ་ཞེས་བྱ་བ་ནི་བསྐྱར་ཏེ་བཟླས་པའོ། །དེ་དག་གིས་ནི་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཞེས་བྱ་བར་འགྱུར་རོ། །ཚིག་གི་

དོན་བཤད་པར་བྱ་སྟེ། ཨ་ནི་ཨ་ཀ་ར་སྟེ་རྣམ་པའི་རང་བཞིན་ནོ། །ཀ་ནི་མིད་པའོ། །ཝརྞ་ནི་སྔགས་པ་སྟེ་རྣམ་པར་དག་པ་རོ་གཅིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཏུ་ཞེ་ན། གསུམ་པ་ནི་གསུམ་པ་ལ་བྱ་བ་ལ་གསུམ་པ་ནི་ལུས་དང་ངག་དང་ཡིད་དོ། །གསུམ་

པ་ནི་སེམས་ཏེ་རྣམ་པར་ཤེས་པའོ། །དེ་ཡང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་རྣམ་གྲངས་སོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་སུ་བཟླ་ཞེས་བྱ་བ་ལ་གཉིས་ནི་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའོ། །བཟླ་བ་ནི་སྐྱོན་མཚུངས་པར་སྡུད་པ་སྟེ། འདི་ལྟར་རྣམ་པ་དང་

བཅས་པའི་ལྟར་ན། རྣམ་པ་རྣམས་དང་རྣམ་པར་ཤེས་པ་དེའི་བདག་ཉིད་དེ་གཅིག་ཡིན་པས་རྣམ་པར་ཤེས་པ་ཡང་རྣམ་པ་ལྟར་བེམས་པོར་ཐལ་བར་འགྱུར་རོ། །རྣམ་པ་མེད་པའི་ལྟར་ན་ཡང་ཡུལ་དང་ཤེས་པ་ལ་འབྲེལ་པ་མེད་པའི་ཕྱིར་ཡུལ་རྟོག་པ་མེད་པར་ཐལ་བར་འགྱུར་ཏེ། དོན་

དམ་པར་ན་དེའི་བདག་ཉིད་ཐ་མི་དད་པས་ཤེས་པར་རུང་གི །གཞན་དུ་ན་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །སེམས་དེ་གཉི་ག་ཡང་ཅི་ཞིག་ཡིན་ཞེ་ན། བཞི་པ་དེ་དག་ནི་ཞེས་བྱ་བ་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་བདག་ཉིད་རང་བཞིན་གྱིས་འོད་གསལ་བའོ། །

དེ་ཇི་ལྟ་བུ་ཞིག་ཅེ་ན། རླུང་ལ་གནས་ཞེས་བྱ་བ་ལ་རླུང་ལ་ནི་འདིར་ལུང་དང་རིགས་པའོ། །གནས་པ་ནི་ངེས་པ་སྟེ། དེ་དག་གིས་དེ་གཏན་ལ་ཕབ་པའོ། །དེ་ནི་ཞེས་བྱ་བ་ནི་རྒྱུ་དེས་ན་དེ་འོད་གསལ་བར་གཏན་ལ་ཕབ་པ་ངེས་སོ། །སྦྱར་ཞེས་བྱ་བ་ནི་བདག་མེད་པའི་དོན་དམ་པ་སྟེ། ཞལ་

เล่ม ๑๙ · หน้า 28b

དང་ཕྱག་ལ་སོགས་པའི་རྣམ་པ་དང་སྦྱར་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་འགྱུར་རོ། །དེ་དག་གིས་ནི་འདི་སྐད་དུ་སེམས་རྣམ་པ་དང་བཅས་ཀྱང་རུང་མེད་ཀྱང་རུང་། ལུང་དང་རིགས་པས་འོད་གསལ་བ་ཉིད་དུ་གཏན་ལ་ཕབ་སྟེ། བདག་མེད་པ་དང་ལྷའི་སྐུ་ཀུན་རྫོབ་ཀྱི་

བདེན་པ་གཉིས་སུ་མེད་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །སའི་མཐའ་ཞེས་བྱ་བ་ལ་སོགས་པས་ནི། ཧྲིཾ་ཧྲིཾ་ཞེས་བྱ་བར་འགྱུར་རོ། །དོན་གཞན་བརྗོད་པར་བྱ་སྟེ། འདི་ལ་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བྱེད་པས་ན་ས་ཝ་ར་སྟེ་ཧེ་རུ་ཀའོ། །ཉི་མར་གནས་པ་ནི་ཉི་མའི་གདན་ལ་

བཞུགས་པའོ། །ཝར་ཎ་ནི་རིགས་ཏེ། རིགས་བཞི་ཆར་གྱི་བདག་ཉིད་ལའོ། །དགང་བ་ནི་བསྒྲགས་པའོ། །སླར་བཟླས་པ་ནི་བདག་ཉིད་ཐབས་ཀྱི་རང་བཞིན་དུ་གྱུར་པས་ཤེས་རབ་ཀྱི་ཆ་དང་སྦྱར་བའོ། །ལྔ་སྡེ་མཐའི་ཞེས་བྱ་བ་ལ་སོགས་པ་ལྔ་སྟེ་མཐའ་ནི་མའོ། །དེའི་སྟན་

ལ་གནས་པར་ཀ་དང་ཥ་གཉིས་གཞག་པའོ། །གཉིས་སུ་བཟླ་ཞེས་བྱ་བ་ནི་ལན་གཉིས་སུ་བརྗོད་པ་སྟེ། ཀྵྨཱཾ་ཀྵྨཱཾ་ཞེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ཀྃ་ནི་བདེ་བའོ། །ཤ་ནི་དེའི་རང་བཞིན་ཉམས་སུ་མྱོང་བ་སྟེ། བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་དེ་ལ་དེ་སྐད་

ཅེས་བྱའོ། །དེ་ཇི་ལྟར་རྙེད་པར་འགྱུར་ཞེ་ན། ལྔ་སྡེ་ཞེས་བྱ་བ་ལ་སོགས་པ་ལྔ་ནི་སྤྲོས་པ་ཡིན་ལ། སྡེ་ནི་གཟུང་བ་དང་འཛིན་པའོ། །མཐའ་ནི་ཟད་པ་སྟེ་སྤྲོས་པ་མེད་པའི་མཐར་གཏུགས་པའོ། །དེ་ཡང་ཇི་སྐད་དུ། སྤྲོས་པ་སྤྲོས་པ་མེད་པར་བྱ། །ཞེས་གསུངས་པའི་

ཕྱིར་རོ། །དེ་ཅི་ཞིག་ལ་གནས་ཤེ་ན། སྟན་ཞེས་བྱ་བ་ལ། འདི་ལ་བདེ་བ་ཡོད་པས་ན་སྟན་ཏེ་བྱང་ཆུབ་ཀྱི་སེམས་སོ། །བཞུགས་པ་ནི་གནས་པ་སྟེ། ལྷན་ཅིག་སྐྱེས་པའི་ཚུལ་དུའོ། །དེ་ཉིད་བསྟན་པའི་ཕྱིར་ཨ་དང་ཐིག་ལེར་ལྡན་ཞེས་བྱ་བ་གསུངས་ཏེ། ཨ་ནི་སྣང་བའོ། །

ཐིག་ལེ་ནི་སྟོང་པ་ཉིད་དོ། །ལྡན་པ་ནི་འགལ་བ་སྤངས་ཏེ་རོ་གཅིག་ཏུ་གནས་པའོ། །དེ་ནི་གཉིས་སུ་བཟླ་ཞེས་པ་ནི་ཡིད་ཀྱི་རྣམ་པར་རྟོག་པ་ཙམ་གྱིས་ཀྱང་བཟླ་བ་སྟེ། འགྲོ་བ་འདི་དག་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ཡིན་ན་མི་ཤེས་པའི་དྲི་མས་བསྒྲིབས་པས་དེ་

เล่ม ๑๙ · หน้า 29a

ཁོ་ན་ཉིད་མ་ཤེས་པར་ཟད་དོ་སྙམ་དུ་དྲན་པར་བྱའོ། །ས་མཐའ་ཞེས་བྱ་བ་ལ་སོགས་པ་ལས་མཐའ་ནི་ཧའོ། །མདའ་ནི་དབྱངས་ཡིག་སྟེ། གཉིས་པ་ནི་ཨཱའོ། །གསུམ་ནི་ཨཱིའོ། །ལྔ་པ་ནི་ཨུའོ། །དེ་ཀུན་ནི་ཧའོ། །ཅོད་པན་ནི་སྟེང་དུ་བཞག་པ་སྟེ།

གཉིས་སུ་བསྒྱུར་བ་ནི་སླར་བཟླས་པའོ། །དེ་དག་གིས་ནི་ཧཱཾ་ཧཱཾ་ཧཱིཾ་ཧཱིཾ་ཧཱུཾ་ཧཱུཾ། ཞེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། སའི་མཐའ་ནི་ཧའོ། །ནཱ་ད་གཉིས་ཀྱི་ཚུལ་ཅན་པས་ན་མདའ་གཉིས་དང་ལྡན་པའོ། །དེ་ཉིད་མདའ་གསུམ་དུ་སྦྱར་ཏེ། ཧ་དང་ཟླ་ཚེས་དང་ཐིག་ལེ་

རྣམས་སོ། །དེས་ནི་ཧཾ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི། དེ་ལ་དམིགས་པས་སེམས་སོ་སོར་རྟོགས་པར་འགྱུར་བའོ། །མདའ་ལྔ་ནི་དེ་བཞིན་གཤེགས་པ་ལྔ་སྟེ་དེ་དག་གི་བདག་ཉིད་ཧའོ། །ཡང་ན་སྔར་ཐལ་བའི་ཐབས་དང་ཤེས་རབ་གཉིས་དང་

གསུམ་གྱི་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཀུན་ཞེས་བྱ་བ་ནི་ཨོཾ་དང་ཧཱུཾ་སྟེ། དེའི་གྲོགས་ཡིན་པའི་ཕྱིར་རོ། །དུམ་བུ་ནི་ཡི་གེ་ཨའོ། །ཐིག་ལེ་ནི་རྗེས་སུ་འགྲོ་བའི་དབྱངས་སོ། །ཅོན་པན་ནི་ཟླ་བ་ཚེས་པའོ། །དེ་དག་གིས་ནི་ཨཾ་ཞེས་བསྟན་པར་འགྱུར་

རོ། །འཁོར་ལོ་བཞི་ལ་གནས་པའོ། །ཀ་ས་ཙ་དང་དྷ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཨི་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ལ་སྦྱར་ཏེ། དེ་ལྟར་ན། ཀ་ཨིའི་སྒྲ་ནི་མཆོག་གི་གཟུང་བ། །ས་ཨིའི་སྒྲ་ནི་མཆོག་གིས་གཟུང་། །ཞེས་བྱ་བ་ལ་སོགས་པར་འགྱུར་

ཏེ། འདིས་ནི་ཀི་སི་ཙི་དྷི་ཞེས་སྟོན་ཏོ། །ལི་ཡི་མཐའ་ནི་རེ་རེས་སྦྱར། །ཞེས་བྱ་བས་ནི། དེ་ཐམས་ཅད་ཀྱི་མཐར་ལི་བརྗོད་པའོ། །དེ་དག་ནི་དེ་ཀུན་ནོ། །ཡང་ཡང་བསྒྱུར་བ་ནི་ལན་གཉིས་སུ་གདོན་པ་སྟེ། ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཞེས་བྱ་

བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ཀཾ་ནི་བདེ་བའོ། །ས་ཙ་ནི་ཟླུམ་པ་སྟེ་གཉིས་སུ་མེད་པའོ། །དྷི་ནི་བློའོ། །སྒྲ་ནི་དབྱངས་ཏེ། བ་ར་ནི་མཆོག་གོ། །གཟུང་བ་ནི་རང་བཞིན་ཏེ་དེས་ན་གཉིས་སུ་མེད་པའི་བདེ་བ་ལ་སྤྱོད་པ་ན། ཤིན་ཏུ་རྣམ་པར་དག་པའི་བློས་སྒྲའི་

เล่ม ๑๙ · หน้า 29b

མཆོག་འདོན་པ་ལ་དེ་སྐད་ཅེས་བྱའོ། །ཨུ་སྒྲ་ལ་ཞོན་ཞེས་བྱ་བ་ལ་སོགས་པས་ནི་ཧཱུཾ་ཧཱུཾ་ཞེས་བྱ་བར་འགྱུར་རོ། །གཞན་བརྗོད་པར་བྱ་སྟེ། ཨུ་སྒྲ་ལ་ཞོན་ཞེས་བྱ་བ་ན་ཐབས་ཀྱི་ཆའོ། །དུམ་བུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཆའོ། །ཕཊ་ཅེས་བྱ་བ་ལ་སོགས་པ་ནི་སྒྲ་

ཇི་བཞིན་ནོ། །བསྒྲུབ་པ་ནི་སྭཱ་ཧཱ། ཞེས་མཐར་བརྗོད་པའོ། །ཆ་ནི་ཨ་ལ་སོགས་པའོ། །ཆ་མིན་ནི་ཀ་ལ་སོགས་པའི་ཡི་གེའོ། །མང་པོ་ནི་སྔགས་ཀྱི་ཚོགས་རྣམས་སོ། །དེ་ཅི་འདྲ་ཞེ་ན། མེ་ཏོག་ཚོགས་ཀྱི་ཕྲེང་བས་ཟིན། །ཞེས་བྱ་བ་ལ་ཇི་ལྟར་མེ་ཏོག་སྣ་ཚོགས་

ཕྲེང་བས་བརྒྱུས་པ་ལྟར་སྔགས་ཀྱི་ཚོགས་དུ་མ་སྤེལ་བ་སྟེ། འདི་ལྟར་ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བནྡྷ་བནྡྷ་ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿཧྲཿཕེཾ་ཕེཾ་ཕཊ་ཕཊ་ད་ཧ་ད་ཧ་པ་ཙ་པ་ཙ་བཀྵ་བཀྵ་བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལཾ་བི་ནེ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་

སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ་ཀྵྨཱཾ་ཀྵྨཱཾ་ཧཾ་ཧཾ་ཧིཾ་ཧིཾ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་སྟེ། ཇི་སྐད་དུ། ཐོག་མར་ཨོཾ་སྟེ་སྭཱ་ཧཱའི་མཐའ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་

ལ་སོགས་པ་ལ། ལྷ་མོ་སྒྱུ་མ་ཆེ་ཞེས་བྱ་བ་ནི་བོད་པའོ། །ཐམས་ཅད་ནི་བརྟན་པ་དང་གཡོ་བའི་འགྲོ་བ་ཀུན་ནོ། །དེ་དག་གི་དངོས་གྲུབ་ནི་དེ་དག་བཅིང་བ་ལ་སོགས་པའི་འཇིག་རྟེན་པ་དང་སངས་རྒྱས་ཉིད་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བོ། །སྟེར་

བ་ནི་སྔགས་འདིས་སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་དེ་དག་བསྒྲུབ་ཅིང་བསྐྱེད་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་མཐུ་གསུངས་ཏེ། འཇིག་རྟེན་ཁམས་ཀུན་གཡོས་གྱུར་ཅིང་། །ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱིས་གཞིག་པའོ། །སྐྲག་

པ་ནི་ཆོས་ཉིད་མངོན་དུ་བྱས་པའོ། །བྱང་ཆུབ་ཏུ་ནི་མངོན་པར་སངས་རྒྱས་ཞེས་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པའོ། །ཚིག་གི་དོན་གྱི་འབྲས་བུའོ། །རི་བོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་འབྲས་བུ་བསྟན་ཏེ། བཏུལ་བ་ལ་སོགས་

เล่ม ๑๙ · หน้า 30a

པའི་ཚིག་གསུམ་ནི་ལུས་ལ་སོགས་པ་གསུམ་དང་སྦྱར་ཏེ། ལྷག་མ་ནི་གོ་སླའོ། །ད་ནི་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་བླ་མ་དང་རྗེ་བཙུན་མཁའ་འགྲོ་མའི་ཚོགས་དང་བཅས་པའི་

རྡོ་རྗེ་མཁའ་འགྲོ་བལྟ་སྟེ། དེའི་འོད་ལས་བྱུང་བའི་མེ་ཏོག་ལ་སོགས་པ་ནས། བདུད་རྩི་ལྔའི་བར་གྱི་མཆོད་པས་ཡང་དག་པར་མཆོད་ལ། དེ་དག་གི་སྤྱན་སྔར། སངས་རྒྱས་ཐམས་ཅད་བདག་ལ་དགོངས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་

གསུམ་བརྗོད་པས་སྡོམ་པ་བཟུང་ནས། ཨོ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ་ཆོས་ཐམས་ཅད་བདག་མེད་པར་མོས་ནས། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་སྣ་ཚོགས་པདྨའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་

རྡོ་རྗེའི་ལྟེ་བར་དེ་ཉིད་ཀྱི་བྱིན་གྱིས་བརླབས་པའི་འོད་ལས་བྱུང་བའི་རྡོ་རྗེའི་ར་བ་ལ་སོགས་པ་བསྒོམས་ལ། དེར་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་

བྱུང་བའི་སའི་དཀྱིལ་འཁོར་ལ་རི་རྒྱལ་ལྷུན་པོ་བལྟས་ལ། དེར་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་པར་སྣ་ཚོགས་པདྨ་དང་། རྡོ་རྗེའི་ལྟེ་བ་ལ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་བྱུང་བའི་ཁང་བུ་བརྩེགས་པ་གྲུ་བཞི་ལ་སོགས་པའི་མཚན་ཉིད་ཅན་རྡོ་རྗེ་དང་པདྨ་དང་

འཁོར་ལོའི་ཕྲེང་བས་བསྐོར་བའི་པདྨ་རིམ་པ་གསུམ་ལ་ཉི་མའི་གདན་སུམ་ཅུ་རྩ་བདུན་གྱིས་མནན་པ་བསྒོམས་ཏེ། དེའི་དབུས་ཀྱི་གདན་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཨ་ལ་སོགས་པ་དང་ཀ་ལ་སོགས་པ་ཞུགས་པའི་ཟླ་བའི་དཀྱིལ་འཁོར་གཉིས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་

ལྟ་བར་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཁའ་འགྲོར་བསྒོམ་པར་བྱ་སྟེ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། །ཞེས་བྱ་བ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔའི་སྔགས་དང་སྦྱར་རོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞིག་ཅེ་ན། སྐུ་མདོག་སྔོན་པོ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด