རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ་སྱ་བི་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙ · หน้า 30b

མཆེ་བ་ཡིད་ཙམ་གཙིགས་ཤིང་ཁྲོ་བ་དང་བཅས་པ་སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་མདོག་ཅན་གྱི་རྩ་བ་དང་། གཡས་དང་། རྒྱབ་དང་། གཡོན་གྱི་ཞལ་བཞི་དང་ལྡན་པ་འབར་བའི་རྡོ་རྗེ་དང་། གཤོལ་དང་། མདའ་དང་། ཁ་ཊྭཱཾ་ག་དང་། ཐོད་པ་

དང་། གཞུ་རྣམས་བསྣམས་པའི་ཕྱག་དྲུག་གིས་བརྒྱན་ཅིང་ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན་སྐྲ་ཁམ་པ་གྱེན་དུ་འབར་བ་སྤྱན་གསུམ་པ་ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་གཡས་བརྐྱང་གིས་གནས་པས་མནན་ཏེ་བཞུགས་པ། ཞལ་བཞིའི་སྨིན་མཚམས་ནས་ཧཱུཾ་བཞིའི་

སྔགས་འཕྲོ་ཞིང་ཤེས་རབ་སྐུ་མདོག་དམར་མོ་ཕྱག་ན་ཟངས་གྲི་དང་ཐོད་པ་བསྣམས་པ་ལ་དགའ་བས་ཀུན་དུ་འཁྱུད་པའོ། །ཤར་གྱི་འདབ་མ་ལ་ལྟུང་བྱེད་མ་སྐུ་མདོག་སྔོ་སེར་ཕྱག་བཞི་ན་ཐོད་པ་དང་། རྡོ་རྗེ་དང་དྲིལ་བུ་དང་། ཁ་ཊྭཱཾ་ག་བསྣམས་པའོ། །བྱང་དུ་གསོད་བྱེད་

མ་མདོག་ལྗང་སེར། ཕྱག་བཞི་ན་རྔེའུ་ཆུང་དང་། ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཞགས་པ་བསྣམས་པའོ། །ནུབ་ཏུ་འགུགས་བྱེད་མ་མདོག་དམར་སེར་ཕྱག་བཞི་ན་མདའ་དང་། སྣ་ཚོགས་པདྨ་དང་། གཞུ་དང་ཐོད་པ་བསྣམས་པའོ། །ལྷོར་གར་གྱི་དབང་ཕྱུག་མ་

མདོག་དཀར་སེར་ཕྱག་བཞི་ན་བ་དན་དང་། ཐོད་པ་དང་། མདུང་རྩེ་གསུམ་དང་། རིན་པོ་ཆེ་བསྣམས་པའོ། །དེ་དག་གི་ཐོད་པར་རིམ་བཞིན་དུ་གླང་པོ་ཆེ་དང་། ཁྱི་དང་མི་དང་བ་ལང་རྣམས་བལྟ་བར་བྱའོ། །དེ་དག་ཀུན་ཀྱང་ཞལ་གཅིག་སྤྱན་གསུམ་པ་སྐྲ་ཁམ་པ་གྱེན་དུ་

འབར་ཞིང་རྒྱན་ཐམས་ཅད་པ་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་གིས་བཞུགས་ཤིང་ཉི་མའི་འོད་ཅན་ནོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་འདབ་མ་རྣམས་སུ་བདུད་རྩི་ལྔའི་ཐོད་པར་སངས་རྒྱས་ཀྱི་སྐུ་དང་ལྡན་པའོ། །དེའི་ཕྱིར་རོལ་པདྨ་འདབ་མ་བརྒྱད་རྡོ་རྗེ་སྔོན་པོའི་

ཕྲེང་བས་བསྐོར་བ་ནི་ཐུགས་ཀྱི་འཁོར་ལོ་སྟེ། དེའི་ཤར་ཕྱོགས་ཀྱི་རྩིབས་སུ་པུལླི་ར་མ་ལ་ཡར་རབ་ཏུ་གཏུམ་མོ་ལ་ཐོད་པའི་དུམ་བུ་ཅན་གྱིས་འཁྱུད་པའོ། །བྱང་དུ་ཛཱ་ལནྡྷ་ར་གཏུམ་པའི་མིག་ཅན་མ་དང་ཀེང་རུས་ཆེན་པོའོ། །ནུབ་ཏུ་ཨུཌྱན་དུ་འོད་ལྡན་མ་དང་ཀེང་རུས་

เล่ม ๑๙ · หน้า 31a

སོ། །ལྷོར་ཨརྦུ་དར་སྣ་ཆེན་མ་དང་མཆེ་བ་རྣམ་པར་གཙིགས་པའོ། །མེ་མཚམས་སུ་གོ་དཱ་བ་རིར་དཔའ་བོའི་བློ་མ་དང་ལྷའི་དགྲའོ། །བདེན་བྲལ་དུ་རཱ་མེ་ཤྭ་རིར་མིའུ་ཐུང་མ་དང་འོད་དཔག་ཏུ་མེད་པའོ། །རླུང་མཚམས་སུ་དེ་བཱི་ཀོ་ཊིར་ལང་

ཀའི་དབང་ཕྱུག་མ་དང་རྡོ་རྗེའི་འོད་དོ། །དབང་ལྡན་དུ་མཱ་ལ་བར་ཤིང་གྲིབ་མ་དང་རྡོ་རྗེའི་ལུས་སོ། །དེའི་ཕྱི་རོལ་པདྨ་དམར་པོའི་ཕྲེང་བས་བསྐོར་བའི་པདྨ་དམར་པོ་ནི་གསུང་གི་འཁོར་ལོ་སྟེ། དེའི་ཤར་ཕྱོགས་ཀཱ་མ་རུར་ས་སྲུང་མ་དང་མྱུ་གུ་ཅན་ནོ། །བྱང་ཕྱོགས་སུ་ཨོ་

ཊེར་འཇིགས་བྱེད་ཆེན་པོ་དང་རྡོ་རྗེ་རལ་པ་ཅན་ནོ། །ནུབ་ཏུ་ཏྲི་ཤ་ཀུ་ནེར་རླུང་ཤུགས་མ་དང་དཔའ་བོ་ཆེན་པོའོ། །ལྷོར་ཀོ་ས་ལར་ཆང་འཐུང་མ་དང་རྡོ་རྗེ་ཧཱུཾ་མཛད་དོ། །མེ་མཚམས་སུ་ཀ་ལིངྒར་སྔོ་བསངས་མ་དང་ཤིན་ཏུ་བཟང་པོའོ། །བདེན་བྲལ་དུ་ལམ་པཱ་ཀར་ཤིན་ཏུ་

བཟང་མོ་དང་རྡོ་རྗེ་བཟང་པོའོ། །རླུང་མཚམས་སུ་ཀཱཉྩིར་རྟ་རྣ་མ་དང་འཇིགས་བྱེད་ཆེན་པོའོ། །དབང་ལྡན་དུ་ཧི་མཱ་ལ་ཡར་བྱ་གདོང་མ་དང་མིག་མི་བཟང་ངོ་། །དེའི་ཕྱི་རོལ་འཁོར་ལོ་དཀར་པོའི་ཕྲེང་བས་བསྐོར་བའི་པདྨ་དཀར་པོ་ནི་སྐུའི་འཁོར་ལོ་སྟེ། དེའི་ཤར་དུ་པྲེ་ཏ་པུ་རིར་

འཁོར་ལོའི་ཤུགས་ཅན་མ་དང་སྟོབས་པོ་ཆེའོ། །བྱང་དུ་གྲྀ་ཧ་དེ་བ་ཏར་དུམ་སྐྱེས་མ་དང་རིན་ཆེན་རྡོ་རྗེའོ། །ནུབ་ཏུ་སཽ་རཱཥྚར་གླང་སྣ་མ་དང་རྟ་མགྲིན་ནོ། །ལྷོར་གསེར་གླིང་དུ་འཁོར་ལོའི་གོ་ཆ་མ་དང་ནམ་མཁའི་སྙིང་པོའོ། །མེ་མཚམས་སུ་ན་ག་རར་ཤིན་ཏུ་དཔའ་མོ་

དང་དཔལ་ཧེ་རུ་ཀའོ། །བདེན་བྲལ་དུ་སིནྡྷུར་སྟོབས་ཆེན་མོ་དང་པདྨ་གར་གྱི་དབང་ཕྱུག་གོ། །རླུང་མཚམས་སུ་མ་རོར་འཁོར་ལོས་སྒྱུར་མ་དང་རྣམ་པར་སྣང་མཛད་དོ། །དབང་ལྡན་དུ་ཀུ་ལུ་ཏར་བརྩོན་ཆེན་མོ་དང་རྡོ་རྗེ་སེམས་དཔའ་འོ། །དེ་ལྟར་ཐུགས་དང་གསུང་དང་སྐུའི་

འཁོར་ལོས་སྒྱུར་བའི་ལྷ་མོ་དེ་དག་ནི་ཞལ་གཅིག་པ་ཕྱག་གཉིས་ཀྱིས་ཐོད་པ་དང་ཟངས་གྲི་བསྣམས་ཤིང་སྡིགས་མཛུབ་མཛད་པ། སྤྱན་གསུམ་པ་སྐྲ་ཁམ་པ་གྱེན་དུ་འབར་ཞིང་དྲག་པ་གཅེར་བུའོ། །ཐོད་པའི་དུམ་བུ་ཅན་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་པ་རལ་

เล่ม ๑๙ · หน้า 31b

པའི་ཐོར་ཚུགས་དང་དཔའ་བོའི་དར་ཐོད་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ལྷ་མོ་ལ་འཁྱུད་པ་ཕྱག་གཞན་གཉིས་ཀྱིས་རྔེའུ་ཆུང་དང་ཁ་ཊྭཱཾ་ག་བསྣམས་པའི་གཅེར་བུའོ། །ཡང་དེ་དག་ཐམས་ཅད་མགུལ་དོ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་

དང་། ཚངས་པའི་སྐུད་པ་དང་། མགོ་བོའི་ཕྲེང་བ་དང་། རྐང་གདུབ་ཀྱིས་བརྒྱན་ཅིང་ཉི་མའི་གདན་ལ་གཡས་བརྐྱང་གིས་བཞུགས་པ་ཉི་མའི་འོད་ཅན་ནོ། །ཤར་སྒོར་ནི་གཤིན་རྗེ་བརྟེན་མའོ། །བྱང་སྒོར་ནི་གཤིན་རྗེ་ཕོ་ཉ་མའོ། །ནུབ་སྒོར་ནི་གཤིན་རྗེ་མཆེ་བ་ཅན་ནོ། །

ལྷོ་སྒོར་ནི་གཤིན་རྗེ་འཇོམས་མའོ། །མེའི་མཚམས་སུ་ཁྭ་གདོང་མའོ། །བདེན་བྲལ་དུ་འུག་གདོང་མའོ། །རླུང་མཚམས་སུ་ཁྱི་གདོང་མའོ། །དབང་ལྡན་དུ་ཕག་གདོང་མའོ། །དེ་དག་ནི་སྤྱན་གསུམ་པ་སྐྲ་ཁམ་པ་གྱེན་དུ་འབར་བ་དང་ཁ་དོག་སྔོ་བསངས་ལ་ཕྱག་ན་ཟངས་

གྲི་དང་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་ཤིང་སྦྲུལ་གྱི་རྒྱན་ཅན་གཅེར་བུ་ཞལ་མཆེ་བ་རྣམ་པར་གཙིགས་པ་ཐོད་པའི་ཕྲེང་བས་དབུ་བརྒྱན་པ་སྟེ། རྣལ་འབྱོར་མ་ཇི་སྙེད་པ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པའོ། །དེ་ལ་ལུས་དང་། ཚོར་བ་དང་། ཆོས་དང་། སེམས་དྲན་པ་ཉེ་

བར་གཞག་པ་རྣམས་ནི་རིམ་བཞིན་དུ་ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་དབང་མོ་རྣམས་སོ། །འདུན་པ་དང་། བརྩོན་འགྲུས་དང་། དཔྱོད་པ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རིམ་བཞིན་དུ་རབ་གཏུམ་མ་དང་། གཏུམ་མིག་

མ་དང་། འོད་ལྡན་མ་དང་། སྣ་ཆེན་མ་རྣམས་སོ། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ནི་རིམ་བཞིན་དུ་དཔའ་བོའི་བློ་མ་དང་། མིའུ་ཐུང་མ་དང་། ལང་ཀའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་དང་། ས་སྲུང་

མ་རྣམས་སོ། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ལྔ་ནི་རིམ་བཞིན་དུ་འཇིགས་བྱེད་ཆེན་མོ་དང་། རླུང་ཤུགས་མ་དང་། ཆང་འཐུང་མ་དང་། སྔོ་བསངས་ལྷ་མོ་དང་། ཤིན་ཏུ་བཟང་མོ་རྣམས་སོ། །ཏིང་ངེ་འཛིན་དང་།

เล่ม ๑๙ · หน้า 32a

བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཆོས་རྣམ་པར་འབྱེད་པ་དང་། དྲན་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་རིམ་བཞིན་དུ་རྟ་རྣ་མ་དང་། བྱ་གདོང་མ་དང་། འཁོར་ལོའི་ཤུགས་མ་དང་།

དུམ་སྐྱེས་མ་དང་། གླང་སྣ་མ་དང་། འཁོར་ལོའི་གོ་ཆ་མ་དང་། ཤིན་ཏུ་དཔའ་མོ་རྣམས་སོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དག་ནི་རིམ་བཞིན་དུ་སྟོབས་ཆེན་མ་དང་། འཁོར་ལོས་

སྒྱུར་མ་དང་། བརྩོན་ཆེན་མ་དང་། ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་དང་། སྐྱེས་པ་རྣམས་སྲུང་བ་དང་། མི་དགེ་བའི་ཆོས་

མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤོང་བ་དང་མི་སྐྱེད་པ་ནི་རིམ་པ་བཞིན་དུ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་སྟེ། དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ལྷའི་རྣམ་པར་

དག་པ་བསྟན་པའོ། །པུལླི་ར་མ་ལ་ཡ་ནི་སྤྱི་བོ་སྟེ། དེར་རབ་ཏུ་གཏུམ་མོའོ། །ཛཱ་ལནྡྷ་ར་སྟེ་སྤྱི་གཙུག་ཏུ་ནི་གཏུམ་མིག་མའོ། །ཨུ་ཌྱན་ཏེ་རྣ་བ་གཡས་པར་འོད་ལྡན་མའོ། །ཨརྦུ་ད་སྟེ་ལྟག་པར་སྣ་ཆེན་མོ་སྟེ་གནས་པའོ། །གོ་དཱ་བ་རི་སྟེ་རྣ་བ་གཡོན་པར་དཔའ་

བོའི་བློ་མའོ། །རཱ་མེ་ཤྭ་རི་སྟེ་སྨིན་མའི་དབུས་སུ་མིའུ་ཐུང་མའོ། །དེ་བཱི་ཀོ་ཊི་སྟེ་མིག་གཉིས་སུ་ལང་ཀའི་དབང་ཕྱུག་མའོ། །མཱ་ལ་བ་སྟེ་ཕྲག་པ་གཉིས་སུ་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །དེ་དག་ནི་ཐུགས་ཀྱི་འཁོར་ལོ་མཁའ་ལ་རྒྱུ་བའོ། །ཀཱ་མ་རུ་སྟེ་མཆན་

ཁུང་དུ་ས་སྲུང་མའོ། །ཨོ་ཊེ་ཏེ་ནུ་མ་གཉིས་སུ་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་། །ཏྲི་ཤ་ཀུ་ནེ་སྟེ་ལྟེ་བར་རླུང་ཤུགས་མའོ། །ཀོ་ས་ལར་ཏེ་སྣ་རྩེར་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། །ཀ་ལིངྒ་སྟེ་ཁར་སྔོ་བསངས་ལྷ་མོའོ། །ལམྤཱ་ཀ་སྟེ་མགྲིན་པར་ཤིན་ཏུ་བཟང་མོ་སྟེ་རོལ་པ་མའོ། །

เล่ม ๑๙ · หน้า 32b

ཀཱཉྩི་སྟེ་སྙིང་གར་རྟ་རྣ་མའོ། །གངས་ཅན་ཏེ་ཆུ་སོར་བྱ་གདོང་མ་སྟེ་ཉེ་བའི་རོ་ལས་སོ། །དེ་དག་ནི་གསུང་གི་འཁོར་ལོ་ས་ལ་རྒྱུ་བའོ། །པྲེ་ཏ་པུ་རི་སྟེ་མཚན་མ་ལ་འཁོར་ལོ་ཤུགས་ཅན་མའོ། །གྲྀ་ཧ་དེ་བ་ཏ་སྟེ་བཤང་ལམ་དུ་དུམ་སྐྱེས་མ་སྟེ་འདུན་སའོ། །སཽ་རཱཥྚ་སྟེ་བརླ་གཉིས་

སུ་གླང་སྣ་མའོ། །གསེར་གླིང་སྟེ་བྱིན་པ་གཉིས་སུ་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུན་སའོ། །ན་ག་ར་སྟེ་སོར་མོ་རྣམས་ལ་ཤིན་ཏུ་དཔའ་མོའོ། །སིནྡྷུ་སྟེ་རྐང་པའི་བོལ་ལ་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མ་རོ་སྟེ་རྐང་པའི་མཐེ་བོང་དག་ལ་འཁོར་ལོས་སྒྱུར་མའོ། །ཀུ་ལུ་ཏ་སྟེ་

པུས་མོ་དག་ལ་བརྩོན་ཆེན་མ་སྟེ་ཉེ་བའི་དུར་ཁྲོད་དོ། །དེ་དག་ནི་སྐུའི་འཁོར་ལོ་ས་འོག་ན་རྒྱུ་བ་སྟེ། འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་འདི་དག་ཐབས་དང་བཅས་པར་སྐད་ཅིག་ཙམ་གྱིས་རྩ་རྣམས་སུ་བཀོད་པས་ལུས་སྦྱངས་ལ། ཨོཾ་ཨཱཿཧཱུྃ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་གི་ནཱི་ཀཱ་ཡ་བཱཀྩིཏྟ་

སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྷོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབས་ལ་གོ་ཆ་གཉིས་བཅས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །དེ་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་

གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བ་འདིས་དབང་བསྐུར་བ་བླངས་ལ་སངས་རྒྱས་ལྔའི་དབུ་རྒྱན་བྱས་ཏེ། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་

ལ་མཐར་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་གང་འདོད་པ་གཅིག་བཟླས་ནས། བསོད་ནམས་ཡོངས་སུ་བསྔོས་ཏེ་ལངས་ལ་རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱིས་རྒྱུ་བར་བྱའོ། །དེ་ལ་གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར་དམར་ཆེན་ཞེས་བྱ་བ་ནི་པདྨ་སྟེ། འོད་འཕྲོ་བ་

དང་བཅས་ཤིང་འདབ་མ་བརྒྱད་པའོ་ཞེས་མན་ངག་གོ། །ཕྱི་རོལ་རི་མོ་ཟླུམ་པོས་བསྐོར། །ཞེས་བྱ་བ་ནི་པདྨ་གསུམ་གྱི་ཕྱི་རོལ་རིམ་པ་བཞིན་དུ་རྡོ་རྗེ་དང་། པདྨ་དང་། འཁོར་ལོའི་ཕྲེང་བས་བསྐོར་བའོ། །མཆེ་བ་ཅུང་ཟད་གཙིགས་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གང་རྩེ་མོ་

เล่ม ๑๙ · หน้า 33a

རྣོ་ལ་རིང་བ་དེ་ནི་མཆེ་བ་སྟེ་གཙིགས་པ་ནི་ཅུང་ཟད་ཕྱིར་བྱུང་བའོ། །ཁྲོ་དང་བཅས་ཤིང་བཞད་པའི་ཞལ། །ཞེས་བྱ་བ་ལ། གང་གི་རྩ་བའི་ཞལ་ཅུང་ཟད་ཁྲོ་བས་བཞད་པའི་ཞལ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིག་པ་བཞི་ནི་ལྟུང་བྱེད་མ་ལ་སོགས་པའོ། །

ཕྱག་བཞི་ཞེས་བྱ་བ་ནི་མདའ་དང་གཞུ་བསྣམས་པའི་ཕྱག་གཉིས་མ་གཏོགས་པ་སྟེ། དོན་དམ་པར་ཕྱག་དྲུག་ཡིན་ནོ། །སངས་རྒྱས་གཟུགས་ཀྱིས་ཉེ་བར་བརྒྱན། །ཞེས་བྱ་བ་ནི་མཚམས་བཞི་ན་གནས་པའི་བདུད་རྩི་ལྔས་བཀང་བའི་ཐོད་པར་བཞུགས་པའི་སངས་རྒྱས་ཀྱི་

སྐུས་བརྒྱན་པའོ། །དཔའ་བོ་ཞེས་བྱ་བ་ནི་ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་འཚོ་བའི་རང་བཞིན་ཡིན་པས་ན་སེམས་དཔའོ། །རྡོ་རྗེ་མཁའ་འགྲོའི་རང་བཞིན་སྤྲོ་བས་ན་སྔོན་པོ་འབར་བའི་དངོས་སོ། །འོད་ཀྱི་དཀྱིལ་འཁོར་དམར་པོ་

ཅན། །ཞེས་བྱ་བ་ནི་ཉི་མའི་འོད་དེ་ཅི་འདྲ་ཞེ་ན། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ་དུར་ཁྲོད་ཀྱི་མེ་ནི་འཇིག་པའི་དུས་ཀྱི་མེ་སྟེ། ཇི་ལྟར་འཇིག་པའི་དུས་སུ་བརྟན་པ་ལ་སོགས་པའི་འགྲོ་བ་ཐམས་ཅད་སྲེག་པར་བྱེད་པའི་མེ་ལྕེ་གཅིག་པུ་གང་ཡིན་པ་དེ་ནི་འགྲོ་བ་ཐམས་ཅད་སྲེག་

པས་ན་དུར་ཁྲོད་ཀྱི་མེ་སྟེ། དེ་ནམ་མཁའི་ངོས་ཐམས་ཅད་དུ་མེ་ལྕེས་ཁྱབ་ཅིང་སྟེང་དུ་འབར་ལ། སོལ་བ་འབར་བ་དང་བཅས་པའི་ཕུང་པོ་བཞིན་དུ་བཅོམ་ལྡན་འདས་ཀྱི་འོད་ཀྱང་བལྟ་བར་བྱའོ། །ཡང་ན་དེས་འཇིག་པར་བྱེད་པས་ན་དུར་ཁྲོད་དོ། །དེ་ཉིད་སླར་ཡང་གསུངས་པ།

མེ་ལྟར་འབར་བ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །རློན་པ་ཞེས་བྱ་བ་ནི་མགོ་བོའི་ཕྲེང་བའོ། །ས་ཕྱོགས་ལ་སོགས་པའི་ངེས་པ་བསྟན་པའི་ཕྱིར། ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་གང་དུ་ནི་ཡིད་གང་དུ་དགའ་བ་རྣམས་སོ། །ཐམས་

ཅད་ཅེས་བྱ་བ་ནི་ཡུལ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པ་དང་ལྡན་པས་སོ། །ཀུན་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །བྱ་བའི་ཁྱད་པར་གསུངས་པ། ཐམས་ཅད་ཅེས་བྱ་བས་ཏེ། གཙང་སྦྲའམ། གཙང་སྦྲ་མེད་པའམ། ལྷག་མ་ལ་སྤྱོད་པའང་རུང་སྟེ་རྣམ་པ་ཀུན་གྱིས་སོ། །

เล่ม ๑๙ · หน้า 33b

ཀུན་དུ་ཞེས་བྱ་བ་ནི་དུས་ཀྱི་ངེས་པ་མེད་པས་སོ། །བདག་ཉིད་ཅེས་བྱ་བ་ནི་སྒྲུབ་པ་པོ་བདག་ཉིད་དེ་འགྲུབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །མཁའ་འགྲོ་ཀུན་ཞེས་བྱ་བ་ནི་གོ་སླའོ། །གང་གིས་འགྲུབ་པར་འགྱུར་ཞེ་ན། བསམ་གཏན་བཟླས་པའི་སྦྱོར་བ་ཡིས་སོ། །དུས་བཞི་ཞེས་

བྱ་བ་ནི་སྔོན་དུ་གོམས་པར་བྱེད་པའི་དུས་ཀྱི་ཁྱད་པར་རོ། །གོམས་ཤིང་ཁྱད་པར་དུ་གྱུར་ནས་ནི་དུས་ཀྱི་ངེས་པ་མེད་པར་ཡང་འགྲུབ་བོ་ཞེས་སྦྱར་བར་བྱའོ། །བསམ་གཏན་དང་བཟླས་པ་དེ་ཅི་འདྲ་ཞེ་ན། བདེ་མཆོག་བླ་མ་ཞེས་བྱ་བ་ལ་ལུས་དང་ངག་དང་ཡིད་རྣམས་སྡུད་པས་ན་བདེ་

མཆོག་སྟེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་རོ། །དེ་ཉིད་འཁོར་བ་ལས་སྒྲོལ་བས་ན་བླ་མ་སྟེ་དེ་བསྒོམས་ནས་སོ། །རྡོ་རྗེ་ཆེན་པོ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཏེ། དེ་འབུམ་དུ་བཟླས་པས་སོ། །ཁྲོ་བོའི་རྒྱལ་པོ་མཚུངས་པར་འགྱུར། །ཞེས་བྱ་བ་

ལ་ཁྲོ་བོའི་རྒྱལ་པོ་ནི་རྡོ་རྗེ་མཁའ་འགྲོ་སྟེ། དེ་དང་མཚུངས་པའོ། །ཅི་ཞིག་གིས་ཤེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །འཛིན་པ་དེ་དང་ལྡན་པ་སྟེ་གྲུབ་པ་དེ་རྣམས་ཀྱི་ཚེ་དང་མཚུངས་པའོ། །མདོག་ནི་གཟུགས་མཛེས་ཤིང་

དང་བའོ། །ན་སོ་ནི་ལང་ཚོའོ། །སྟོབས་ནི་ལུས་ཀྱི་རྩལ་ལོ། །རྩལ་ནི་སེམས་ཀྱིས་སྤྲོ་བའོ། །དངོས་གྲུབ་ཆེན་པོ་ནི་སའི་འོག་ཏུ་འགྲོ་བ་ལ་སོགས་པའི་དངོས་གྲུབ་བོ། །རྫུ་འཕྲུལ་ཆེན་པོ་ནི་ནམ་མཁའ་ལ་འཕུར་བ་ལ་སོགས་པའི་མཚན་ཉིད་དོ། །མི་ཟད་འགྲོ་དོན་ཞེས་བྱ་བ་

ནི་འགྲོ་བའི་དོན་ནི་འགྲོ་བའི་མངོན་པར་འདོད་པའོ། །མི་ཟད་པ་ནི་འཇིག་པར་མི་འགྱུར་བ་སྟེ། གཞན་གྱིས་གཞིག་པར་མི་ནུས་པའོ། །བྱེད་པ་ནི་གྲུབ་པའོ། །མཐུ་ནི་སྔར་བཤད་པ་དེ་དག་ཐམས་ཅད་དོ། །ཡང་ན་མ་བསྒྲུབས་པར་ཡང་ཞེས་བྱ་བ་ལ་སོགས་པ་ལ། མ་

བསྒྲུབས་པར་ཡང་ལས་བརྒྱ་ཐམ་པ་བྱེད་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །མ་བསྒྲུབས་པ་ནི་འཁྲུལ་འཁོར་ལ་སོགས་པའི་སྦྱོར་བ་མེད་པར་ཡང་ངོ་། །ལན་ཅིག་ནི་སྟོང་པ་ཉིད་དང་། སྙིང་རྗེ་གཉིས་སུ་མེད་པའི་བདག་ཉིད་ཀྱི་སྔགས་སོ། །བཟླས་པ་ནི་འབུམ་དུ་བཟླས་པའོ། །

เล่ม ๑๙ · หน้า 34a

འདི་ལྟ་སྟེ་ཞེས་བྱ་བ་ལ་འདི་ནི་ལས་བརྒྱའོ། །ལྟ་སྟེ་ནི་ཇི་ལྟ་བ་བཞིན་དུ་བསྟན་པའོ། །ངེས་པར་གནོན་པ་ནི་བརླག་པར་བྱའོ། །ལྟུང་བ་ནི་ས་ལ་བསྒྱེལ་བའོ། །བསྐྱོད་པ་ནི་འདར་བའོ། །སྐྲག་པ་ནི་རྔམ་པ་འཐོན་པའོ། །རྒྱ་གདབ་པ་ནི་ཡན་ལག་དང་ཉིང་

ལག་རེངས་པའོ། །རྨུགས་པ་ནི་ཤེས་བཞིན་དུ་ཡང་ཁར་མི་ཐོན་པའོ། །རེངས་པ་ནི་མི་གཡོ་བའོ། །བཟློག་པ་ནི་སེམས་མེད་པ་རྣམས་དྲན་པ་ཐོབ་པའོ། །རྨོངས་པ་ནི་འཁྲུལ་པར་བྱ་བའོ། །བཅིང་བ་ནི་མཁའ་འགྲོ་མ་ལ་སོགས་པས་བཅིངས་པའོ། །རྒས་པ་ནི་རྨ་སྲོལ་

གདོད་པའོ། །གཏོར་བ་ནི་གནས་སུ་མི་བྱ་བའོ། །བརླག་པ་ནི་ཐུར་དུ་དྲངས་པའོ། །སྨྱོ་བ་ནི་བྱ་བ་དང་བྱ་བ་མ་ཡིན་པ་འཆོལ་པའོ། །གཏུབ་པ་ནི་ཡན་ལག་དང་ཉིང་ལག་བཅད་པའོ། །སྤྱུགས་པ་ནི་ཡུལ་ནས་བསྐྲད་པའོ། །དབྱེ་བ་ནི་མཛའ་བོ་སྡང་བར་བྱ་བའོ། །རྨེག་མེད་

པ་ནི་ནོར་དང་དབྲལ་བའོ། །ནོར་དབྲོག་པ་ནི་ནོར་འགུགས་པའོ། །བསྡུ་བ་ནི་ལས་གང་ཞིག་བྱས་ན་མཆི་མ་འཛག་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །ལྐུགས་པ་ནི་བརྗོད་པ་ལས་ཉམས་པའོ། །བཅིང་བ་ནི་གློ་བུར་དུ་ལྕགས་སྒྲོག་ལ་སོགས་པས་བཅིངས་པའོ། །བདག་ཉིད་བརྡུང་བ་

ཞེས་བྱ་བ་ལ་བདག་ཉིད་ནི་ཡན་ལག་གོ། །བརྡུང་བ་ནི་བཅད་པ་སྟེ་གློ་བུར་དུ་ཡན་ལག་བཅད་པའོ། །གསོད་དུ་གཞུག་པ་ནི་གཞན་ལ་བསྒོ་བའོ། །ལོང་བར་བྱ་བ་ནི་མིག་དང་བྲལ་བའོ། །ས་བོན་བྲལ་བ་ནི་འབྲས་ཀྱི་སོ་བ་ལ་སོགས་པའོ། །རིམས་ལ་སོགས་པ་ནི་གོ་སླའོ། །ས་

གཡོ་བ་ནི་ས་གས་ཤིང་རྨ་བའོ། །དམྱལ་བར་བཏང་བ་ནི་དམྱལ་བར་བཀྲི་བའོ། །བྱོལ་སོང་གི་མངལ་དུ་སྤོ་བ་ནི་མི་ལས་བྱོལ་སོང་དུ་བྱའོ། །སྐྱེས་པ་བུད་མེད་དུ་བྱ་བ་ནི་མཚན་མ་བསྒྱུར་བའོ། །མངལ་ན་གནས་པ་འབྱུང་བ་ལ་སོགས་པ་ནི་གྲགས་པར་ཟད་དོ། །མཚོན་

བཅིང་བ་ཞེས་བྱ་བ་ནི་མཚོན་ཆ་ཁ་རྡལ་བ་སྟེ། འཆིང་དུ་གཞུག་པ་ཞེས་བྱ་བ་དང་ཡང་སྦྱར་རོ། །བྱས་པ་ཆུད་གཟན་པ་ནི་འབད་པ་འབྲས་བུ་མེད་པར་བྱ་བའོ། །གཅེར་བུ་ནི་གོས་མེད་པར་བྱའོ། །བྷ་ག་དང་བཤང་བའི་ལྕགས་སྒྲོག་ཅེས་བྱ་བ་ལ། བྷ་ག་ནི་རྡོ་རྗེ་དང་པདྨའོ། །

เล่ม ๑๙ · หน้า 34b

བཤང་བ་ནི་བཤང་བའི་ལམ་སྟེ་དེ་དག་ཕན་ཚུན་འབྱར་ནས་དབྲལ་དཀའ་བ་ནི་ལྕགས་སྒྲོག་གོ། །བྷ་ག་དང་བཤང་བའི་སྨྲ་བ་དང་། དགོད་དུ་གཞུག་པ་དང་། ཁྲག་དང་ཁུ་བ་དབབ་པའི་ནང་དང་གཞོམ་པ་དང་ཞེས་བྱ་བ་ལ། སྨྲ་བ་དང་དགོད་དུ་གཞུག་པ་ནི་མཚན་མ་རྡོལ་བའོ། །ཁྲག་

དང་ལུ་བ་དབབ་པ་ནི་ཚབས་ཆེར་འཛག་པ་སྟེ་དེ་ཉིད་ནད་དོ། །གཞོམ་པ་ནི་བྷ་ག་ལ་སོགས་པ་ཡོན་པོར་གྱུར་པའོ། །ཁྲག་ལ་སོགས་པ་ནི་གོ་སླའོ། །མྱ་ངན་ནི་ཡིད་ཀྱི་གདུང་བའོ། །སྡུག་བསྔལ་ནི་ལུས་ཀྱི་གདུང་བའོ། །བཏགས་པ་ནི་དབྱུག་པ་ལ་སོགས་པས་བརྡུང་

བའོ། །བཅིང་བ་ནི་བཙོན་རར་གཞུག་པའོ། །དུམ་བུར་བྱ་བ་ནི་རྐང་ལག་བྲེག་པའོ། །ལུས་ཐམས་ཅད་ཕྱེ་མར་བྱ་བ་ནི་གྲུ་མོ་དང་ཁུ་ཚུར་གྱིས་བརྡེག་པའོ། །གཟེར་བ་ནི་གློ་བུར་དུ་རྒྱལ་པོ་ལ་སོགས་པའི་ཆད་པས་གཅད་པའོ། །ཐམས་ཅད་ཆགས་པ་ནི་སྐྱེ་བོ་དགའ་

བར་བྱ་བའོ། །དགུག་པ་ནི་དགའ་བའི་འོག་ཏུ་མདུན་དུ་དགུག་པའོ། །གཞུག་པ་ནི་བཀུག་གི་འོག་ཏུ་དབང་དུ་བྱ་བའོ། །བསྐྱོད་པ་ནི་གཞན་དུ་བཀྲི་བའོ། །གར་ལ་སོགས་པ་ནི་གྲགས་པར་ཟད་དོ། །མི་རྣམས་ནི་ལྷག་པར་སྨྲ་བ་དང་བྱོལ་སོང་ལ་སོགས་པ་ལན་འགའ་སྨྲར་

གཞུག་པ་ནི་མང་དུ་སྨྲར་གཞུག་པའོ། །ལྟས་ངན་ནི་སྔོན་མེད་པའི་མཚན་མའོ། །བསྟན་པ་ནི་སྣང་བའོ། །ཐོབ་པ་ནི་རྙེད་པ་སྟེ་དེ་དག་དབང་དུ་བྱ་བའི་ལས་ལ་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ། །ལྷ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་ནི་ཡི་དགས་སོ། །མ་མོ་ནི་

མ་མོ་བདུན་ནོ། །འདུལ་བྱེད་ནི་འབྱུང་པོའི་གཙོ་བོའོ། །མཆོག་སྦྱིན་ནི་ནོར་སྦྱིན་ནོ། །ཐམས་ཅད་མཁྱེན་པའི་ལས་བྱ་བ་ནི་ལྷ་ལ་སོགས་པ་དེ་དག་སྣ་ཚོགས་སུ་སྤྲུལ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བ་ནི། འཁོར་བ་ལ་

ཆགས་པ་དང་བྲལ་བའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་བའི་སྐྱོ་བ་བསལ་བ་ནི་ལམ་ཤེས་པ་ཉིད་ལ་སྦྱར་བའོ། །འདི་དེ་ཞེས་བྱ་ལ། འདི་ནི་ལས་བརྒྱ་པ་རྫོགས་པའོ། །དེ་ནི་དེ་ལྟར་ཏེ་རིམ་པའོ། །སྔགས་ཀྱི་རྒྱལ་པོ་འདི་ཉིད་ཅེས་བྱ་བ་ནི་ཀ་ར་ཀ་ར་ལ་

เล่ม ๑๙ · หน้า 35a

སོགས་པའི་སྔགས་སོ། །ཞེས་བྱ་བ་ལ་སོགས་པ་ནི་སྡུད་པ་པོའི་རང་བཟོ་སྤོང་བའོ། །སྒྱུ་མ་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཞེས་རབ་གྲགས་པ། །ཞེས་བྱ་བ་ལ་སྒྱུ་མ་ཀུན་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་འདི་གང་ལ་ཡོད་པ་དེ་ལ་དེ་

སྐད་ཅེས་བྱ་སྟེ་རྡོ་རྗེ་མཁའ་འགྲོའོ། །ལས་ཐམས་ཅད་ཀྱི་ཆོ་ག་ནི་ལས་ཐམས་ཅད་ཀྱི་བྱ་བའོ། །དེ་ཉིད་སྒྱུ་མ་ཆེན་མོའི་རྣམ་པར་འཕྲུལ་པ་སྟེ་རྡོ་རྗེ་མཁའ་འགྲོས་རྣམ་པར་སྤྲོས་པའོ། །སྔགས་ཀྱི་ཆོ་ག་ནི་དེའི་དོན་གྱི་སྔགས་ཀྱི་ཆོ་གའོ། །དོན་དེ་གསལ་བར་བྱེད་པའི་

གཞུང་གི་ཚོགས་ནི་རིམ་པར་བྱེད་པ་སྟེ་གཉིས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་སེམས་ཅན་མོས་པ་སྣ་ཚོགས་པ་ཡིན་པའི་ཕྱིར་སྔགས་སྣ་ཚོགས་ཀྱི་ལས་ཀྱི་ཆོ་ག་

གསུང་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱི་འོག་ཏུའོ། །གསང་བ་བཤད་བྱ་བ་ནི་དམ་བཅའ་བའོ། །ཇི་ལྟར་ཞེ་ན། མདོར་བསྡུས་པ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་སྔགས་ཀྱི་དབང་དུ་བྱས་པའི་གསོལ་བ་

བཏབ་ཀྱི་འོག་ཏུ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་མདོར་བསྡུས་པ་ཞེས་བྱ་བ་ནི་གཞུང་བསྡུས་པའོ། །ཇི་སྟེ་དེ་ལྟ་ན་ནི་དོན་ཀྱང་བསྡུས་པར་འགྱུར་ཏེ། འདི་ལྟར་སྡོང་པོ་ཞེས་བྱ་བའི་ཚིག་གི་དོན་ཡང་ལྗོན་ཤིང་གི་ངར་བ་འབའ་ཞིག་སྟོན་པ་མཐོང་ལ། གཞུང་རྒྱས་པས་ནི་

དོན་རྒྱས་པར་འགྱུར་ཏེ་དཔེར་ན་འབྲས་བུ་དང་། མེ་ཏོག་དང་། ཡལ་ག་དང་། འདབ་མ་ལ་སོགས་པ་དང་ལྡན་པའི་ཤིང་ཞེས་བྱ་བ་ལྟ་བུའོ་ཞེ་ན། མདོར་བསྡུས་པ་སྟེ་རྒྱས་པར་མིན་ཞེས་བྱ་བ་ལ། སྟེ་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །རྒྱས་པར་མིན་ཞེས་བྱ་བ་ནི་དོན་བཞིན་དུ་གཞུང་

རྒྱས་པ་མ་ཡིན་པར་དགག་པའོ། །ཡང་ན་གཞུང་རྒྱས་པ་མ་ཡིན་ཡང་དོན་རྒྱས་པ་ཞེས་བྱ་བར་སྦྱར་ཏེ། གཞན་དུ་གཞུང་བསྡུས་པ་ཡིན་ན་དོན་རྒྱས་པར་སྟོན་པར་མི་ནུས་སོ་ཞེས་བྱ་བ་ནི་ལུང་གི་གཙུག་ལག་ཐམས་ཅད་ཚེགས་ཆེ་བ་ཉིད་དུ་ཐལ་བར་འགྱུར་རོ། །དེ་བས་ན་གཞུང་

เล่ม ๑๙ · หน้า 35b

ཉུང་ལ་དོན་མང་བ་ཡིན་ཏེ། དཔེར་ན། སྭཱི་ཏོ་དྷ་བ་ཏོ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལ་སྭ་ནི་ཁྱིའོ། །ཨི་ཏོ་ནི་འདུར་བའོ། །དྷ་ཝ་ཏི་ནི་སྐྱེས་བུ་རྒྱུག་པ་སྟེ། དོན་མང་པོ་ཡིན་པ་དེ་ལྟར་བཅོམ་ལྡན་འདས་ཀྱང་སྙན་ངག་མཁན་ཆེན་པོ་ཡིན་པས་གཞུང་ཉུང་ངུས་

དོན་མང་པོ་སྟོན་པ་ལ་འགལ་བ་ཅི་ཞིག་ཡོད། སྒྱུ་མ་ཀུན་གྱི་མཉམ་སྦྱོར་བས། །ཞེས་བྱ་བ་ལ་སྒྱུ་མ་ཀུན་ནི་རྣལ་འབྱོར་མ་རྣམས་སོ། །དེ་དག་དང་ཡང་དག་པར་སྦྱོར་བ་དེ་ནི་སྒྱུ་མ་ཀུན་དང་མཉམ་སྦྱོར་བའོ། །ལས་རྣམས་ཐམས་ཅད་རྣམ་འཕྲུལ་བ། །ཞེས་བྱ་བ་ལ་ཐམས་

ཅད་ནི་རང་དང་གཞན་ནོ། །ལས་རྣམས་རྣམ་པར་འཕྲུལ་བ་ནི་གང་གིས་ལས་རྣམས་ཡོངས་སུ་སྤྲུལ་པ་སྟེ། དེ་དག་ནི་ལས་རྣམས་ཐམས་ཅད་རྣམ་པར་འཕྲུལ་པ་ཞེས་ཕྱིས་གཅིག་ཏུ་མཚམས་སྦྱར་རོ། །སྒྱུ་མ་ཀུན་ནི་ལྷ་ལ་སོགས་པ་སྤྲུལ་པའོ། །དབང་ཕྱུག་ནི་ཐམས་

ཅད་ལ་ཁྱབ་པ་སྟེ་གང་གི་རྫུ་འཕྲུལ་ཆེན་པོ་དང་། ཐམས་ཅད་ལ་ཁྱབ་པའི་དབང་ཕྱུག་ཡིན་པ་དེས་དེ་ལྟར་གྱུར་པའི་རྣལ་འབྱོར་པ་གྲུབ་ཅིང་གྲགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་གསང་བ་བཤད་པར་བྱ་ཞེས་སྦྱར་ཏེ་འཆད་པ་པོའི་ཚིག་གོ། །ད་ནི་སྡུད་པ་པོས་མཚམས་

སྦྱར་བ་གསུངས་པ། འབྱུང་པོ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་ནི་སྲོག་ཆགས་རྣམས་སོ། །གདོན་ནི་བརྒྱ་བྱིན་ལ་སོགས་པའོ། །དེ་རྣམས་ཀྱི་རིག་པ་ཆེན་མོ་ནི་སྔགས་ཀྱི་ཚིག་རྣམས་སོ། །གང་གིས་ན་སྔོན་གྱི་སངས་རྒྱས་རྣམས་ཀྱིས་སོ། །སྡུད་ཅིང་སྤྲོ་བ་ནི་

བཅོམ་ལྡན་འདས་མ་སྟེ། སྤྲོ་བ་བསྡུ་བར་བྱེད་པ་ལྟ་བུའི་རིགས་པའོ། །དེ་གསུངས་སོ་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་ཞལ་གྱིས་བཞེས་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་སྔགས་སྣ་ཚོགས་བཤད་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ནས་གསུངས་སོ་ཞེས་བྱ་བར་དགོངས་

སོ། །དེ་ཉིད་རིམ་བཞིན་དུ་གསུངས་པ། ཧི་མ་ཝནྟ་ས་ཞེས་བྱ་བ་ལ་སོགས་པ་སྟེ་སྔར་བཤད་པ་ལྟར་རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ལ་གནས་ཏེ་སྔགས་ཐམས་ཅད་འབུམ་དུ་བཟླས་པར་བྱའོ། །སྔགས་འདི་ཞེས་བྱ་བ་ནི། ཧི་མ་ཝནྟ་ས་ཞེས་བྱ་བ་ལ་སོགས་པའོ། །ཁང་ཐོག་ཏུ་

เล่ม ๑๙ · หน้า 36a

བཞག་ན་ཞེས་བྱ་བ་ནི་ཤ་ཟའི་ཤིང་བུའོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་ནུབ་མོ་རོ་བསྲེགས་པ་ལ་ཤ་ཟའི་ཤིང་བུས་བསྐུལ་ཞིང་བྱས་ཏེ། དེའི་རྩེ་མོའི་ཆ་སོར་བརྒྱད་ཙམ་བཟུང་ནས་བ་སེར་སྐྱའི་རྭའི་ནང་དུ་བཅུག་

སྟེ། མེ་དེ་ཉིད་ཀྱི་ནང་དུ་ཇི་སྲིད་ཤིང་ཐལ་བར་མ་གྱུར་གྱི་བར་དུ་རུ་བསྲེགས་ལ་དེ་བླངས་ནས་མིང་བཟུང་བ་སྔོན་དུ་འགྲོ་བས་དེ་ལ་ལན་བདུན་སྔགས་བཟླས་ཏེ། ཁང་པའི་ཕྱམ་མདུང་གི་གསེབ་ཏུ་སྦས་ན་ཇི་ལྟར་བསྟན་པ་བཞིན་དུ་འགྱུར་ཏེ་འདི་ནི་མན་ངག་གོ། །ཡང་སྔ་མ་

ལྟར་བསྲེགས་པའི་རྭ་དེ་ཉིད་ཀྱི་ནང་དུ་ཤ་ཟའི་ཤིང་གི་ཚེར་མས་བཀང་སྟེ་དེ་ཉིད་ཀྱི་ཉིན་པར་ཁང་སྟེང་དུ་བཞག་ན་ཤ་ཟའི་འཚེ་བ་དང་དྲན་པ་མེད་པར་འགྱུར་རོ། །བ་ས་ཧ་ཏོ་ལིའི་ས་ཏི་ཡ། །ཞེས་བྱ་བ་ལ་སོགས་པའི་སྔགས་ནི་འོག་ནས་འབྱུང་བའི་ཁྱུ་མཆོག་གི་ཞེས་བྱ་བ་ལ་སོགས་

པ་དང་འབྲེལ་ཏོ། །དེ་ཉིད་ཀྱིས་ན་བ་ལང་གི་གདོང་ཞེས་བྱ་སྟེ། གླང་གི་རྭས་བླངས་པའི་ས་དང་སྔགས་འདིའི་འོག་ནས་འབྱུང་བའི་སྦྱོར་བ་བྱའོ་ཞེས་བྱ་བར་དགོངས་སོ། །ན་མ་ཞེས་བྱ་བ་ལ་སོགས་པ་ལ། ན་མ་ས་པ་ར་ནཾ་ཞེས་བྱ་བ་དང་ཏདྱ་ཐཱ་ཞེས་བྱ་བ་ལ་སོགས་པའི་སྔགས་

གཉིས་སོ། །སྔགས་འདི་ཞེས་བྱ་བ་ནི་གཉིས་བསྡུས་པ་སྟེ་དེས་ཞིང་བསྲུང་བར་འགྱུར་རོ། །བཀའ་ཙམ་གྱིས་སྤྲིན་བཟློག་པར་འགྱུར་རོ་ཞེས་བྱ་བ་ལ། གང་གི་སྔགས་ཀྱི་བཀའ་ཙམ་གྱིས་སྤྲིན་ཕྱིར་བཟློག་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་ཀྱིས་ཞེས་བྱ་བ་ནི།ཨིནྡ་ས་ཞེས་བྱ་

བ་ལ་སོགས་པའི་སྔགས་འདིས་ཀྱང་སྤྲིན་ཕྱིར་བཟློག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རཏྣ་ར་ཏི་ཞེས་བྱ་བ་ལ་སོགས་པ་ལ། ར་ཏི་ཞེས་བྱ་བ་ནི་དོན་མེད་པ་སྟེ་ལུང་ཙམ་མོ། །རཏྣ་ཞེས་བྱ་བ་ནི་མཐར་བཛྲ་ཞེས་བྱ་བ་གཉིས་སྦྱར་ཏེ། དེ་ནས་ཧྲི་ཕཊ་ཅེས་བྱ་བ་བརྗོད་ལ་ཀླད་དུ་ཨོཾ་

ཞེས་བྱ་བ་གཞག་པར་བྱ་སྟེ། དེས་ན་ཨོཾ་རཏྣ་བཛྲ་བཛྲ་ཧྲི་ཕཊ། ཅེས་བྱ་བར་འགྱུར་རོ། །དེ་ལྟར་འོག་ནས་རཏྣ་བཛྲ་ཞེས་བྱ་བ་ནས། དེ་ནས་ཨོཾ་དང་བཛྲ་བརྗོད། ཧྲི་དང་ཕཊ་ནི་མཐར་སྦྱར་བ། །སྔགས་འདི་དཔུང་ནི་འཆིང་བྱེད་ཡིན། །ཞེས་གསུངས་ཏེ། དེ་ལ་ཨོཾ་ནི་ཀླད་དུ་

เล่ม ๑๙ · หน้า 36b

བརྗོད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ནི་བཛྲ་དང་སྦྱར་རོ། །འདིའི་སྦྱོར་བ་ཡང་དེ་ཉིད་དུ་བརྗོད་པར་བྱའོ། །ཨོཾ་ཨ་ལི་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཨ་ལི་བི་ལི་བ་ར་ཙུ་ལི་ཞེས་པ་ནི་དང་པོའོ། །ཙོ་ར་བྷ་ག་ཞེས་བྱ་བ་ལ་སོགས་པ་ནི་སྔགས་གཉིས་པའོ། །སྔགས་འདིས་

ཞེས་བྱ་བ་ནི་སྔགས་གཉི་ག་གཅིག་ཏུ་བྱས་པས་སོ། །བ་ལང་གི་གདོང་གི་ཆོ་ག་གསུངས་པ། ཁྱུ་མཆོག་གི་རྭ་ཞེས་བྱ་བ་ལ་སོགས་པའོ། །ཀ་ར་བཱི་ར་ཞེས་བྱ་བ་ལ་སོགས་པ་ལ། ཀ་ར་བཱི་རའི་ལྕུག་མ་ལ་ཚར་བཅད་པ་ལ་སོགས་པར་འདོད་པའི་རྣལ་འབྱོར་པས། ཨིནྡ་ས་

ཞེས་བྱ་བ་ལ་སོགས་པའི་སྔགས་ཆོ་ག་བཞིན་དུ་བྲིས་ནས་སྤྲིན་ལ་བལྟས་ཏེ་ཀླད་ལ་བསྐོར་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །བ་ལང་གི་གདོང་གི་ཆོ་ག་ཡང་འདི་ཉིད་དོ་ཞེས་བྱ་བ་ནི་བ་ས་ཧ་ཏོ་ལིའི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཀྱང་སྦྱོར་བ་འདི་བྱའོ། །ཨོཾ་ཛཾ་བྷོ་

ལི་ཡེ་ཞེས་བྱ་བའི་སྔགས་དང་པོའོ། །ཛི་བི་སུ་ཐི་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ། །སྔགས་འདི་ཞེས་བྱ་བ་ནི་སྔགས་གཉིས་གཅིག་ཏུ་བསྡུས་པའོ། །ལྷག་མ་ནི་གོ་སླའོ། །ན་ཡ་མོ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་གསུམ་པ་ཡིན་ཏེ། དེ་ལ་ན་མོ་བྷ་ག་བ་ཏི་ཞེས་

བྱ་བ་ལ་སོགས་པ་རྐང་པ་བརྒྱད་པ་དང་། ཨོཾ་ཨ་དེ་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་བི་ག་ལེ་ཞེས་བྱ་བ་ལ་སོགས་པ་སྟེ་གསུམ་མོ། །འདི་དག་ནི་ལེའུ་སུམ་ཅུ་གསུམ་པར་གསལ་པོར་ཤེས་པར་བྱའོ། །ཟླ་ཚེས་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཨོ་ཟླ་ཚེས་དང་ཐིག་ལེས་

བརྒྱན་པ་ནི་ཨོཾ་ཡིན་ལ་དེས་རྐང་པ་བརྒྱད་ཀྱི་སྔགས་ཀླད་དུ་བརྒྱན་པས་མཛེས་པར་བྱའོ། །མཐའ་དང་མཐར་ནི་ཕཊ་མཆོག་བྱ། །ཞེས་བྱ་བ་ལ་སྔགས་ཀྱི་མཐར་ནི་ཕཊ་བཞག་ལ་དེའི་མཐར་ཡང་ཕཊ་བྱ་བ་ནི་བཟླས་པ་སྟེ་མཆོག་ནི་བཏུ་བའོ། །ཡང་ན་བ་ར་ནི་ལན་གྲངས་ཏེ།

སྔགས་དེ་དང་དེའི་མཐར་ཕཊ་གཉིས་གཉིས་སུ་སྦྱར་བའི་དོན་ཏོ། །སྭཱ་ཧཱ་ཞེས་བྱ་བས་བརྒྱན་པ་ཞེས་བྱ་བ་ནི་ཕཊ་ཀྱི་མཐར་སྭཱ་ཧཱ་ཞེས་བྱ་བས་མཛེས་པར་བྱའོ། །རྐང་པ་བརྒྱད་པོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སྔགས་གསུམ་ཀ་ཡང་མགོ་ཞབས་ཀྱི་རྒྱན་དེ་དག་དང་སྦྱར་རོ། །སྔགས་

เล่ม ๑๙ · หน้า 37a

ཀྱི་རྒྱལ་པོ་འདི་ཞེས་བྱ་བ་ལ་སོགས་ལ་འདིའི་ཞེས་བྱ་བ་ནི་སྔགས་གསུམ་ཀའི་འོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའི་སྦྱོར་བ་སྟེ། ལྷའི་བསམ་གཏན་དང་འཁོར་ལོ་བྲི་བ་ལ་སོགས་པའི་མཚན་ཉིད་དོ། །དེ་ལ་ལྷའི་བསམ་གཏན་གསུམ་པ་སྔགས་

པ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར། དེའི་སྟེང་དུ་རི་བོ་ལྷུན་པོ། །དེའི་སྟེང་དུ་ཁང་བུ་བརྩེགས་པ་སྟེ། དེའི་ནང་དུ་འོག་ནས་འབྱུང་བའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་

སྔགས་པ་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་གསུངས་པ། ཞལ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། ལེའུ་བཅུ་གཉིས་པར་བཤད་པའི་ཆོ་གས་འདིར་བསྟན་པའི་མདོག་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པའོ། །ཡན་ལག་

གི་ཆ་ཤས་ཐམས་ཅད་ནས་རྡོ་རྗེ་མཁའ་འགྲོ་མ་སྤྲོ་ཞེས་བྱ་བ་ནི་རང་གི་ལུས་ཀྱི་ས་བོན་ལས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྲོ་སྟེ། གནས་ཇི་ལྟ་བ་བཞིན་དུ་བསྒོམ་པའོ། །འདིས་ནི་རང་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་མཛད་དུ་བསྐྱེད་ཅིང་ཧཱུཾ་གི་ས་བོན་དེ་ཉིད་ལས་ལྟུང་བྱེད་མ་ལ་སོགས་པ་མཁའ་འགྲོ་མ་

རྣམས་དང་། ཐོད་པ་རྣམས་བསྐྱེད་ལ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགོད་དོ་ཞེས་བྱ་བར་སྟོན་ཏོ། །རྣལ་འབྱོར་དེས་རིག་པ་བཟླས་ནས་འཁྲུལ་འཁོར་ལ་སོགས་པ་བྲིའོ་ཞེས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རིག་པ་འབུམ་

དུ་བཟླས་ཀྱི་འོག་ཏུའོ། །ཁམ་ཕོར་ཞེས་བྱ་བ་ནི་ཆར་དབབ་པར་འདོད་པས་ཁམ་ཕོར་རྩ་བ་ནག་པོ་མེད་པ་གཉིས་གཟུང་བར་བྱ་སྟེ། དེ་ལ་བ་བླ་ལ་སོགས་པས་བྲི་བར་བྱའོ། །ཅི་ཞིག་ཅེ་ན། རླུང་དང་མེ་ཞེས་བྱ་བ་ལ་སོགས་པ་ལ་སོགས་པ་ལ། ཁམ་ཕོར་འོག་མ་ལ་ནི་རླུང་གི་

དཀྱིལ་འཁོར་རོ། །སྟེང་མ་ལ་ནི་མེའི་དཀྱིལ་འཁོར་ཏེ། དེས་མཛེས་པར་བྱས་པ་ཉིད་འབར་བའོ། །རང་རང་མཚན་མས་མཚན་ཅིང་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་བ་དན་གྱིས་མཚན་པ་དང་། མེའི་དཀྱིལ་འཁོར་གྲུ་གསུམ་ལ་རྩེ་མོ་བདུན་གྱིས་ཉེ་བར་མཚན་

เล่ม ๑๙ · หน้า 37b

བའོ། །ཀླུ་བརྒྱད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་དེའི་དབུས་སུ་བྲི་བ་སྟེ། ཇི་ལྟ་ཞེ་ན། རེ་མིག་དགུ་པར་ཏེ། རི་མོ་ཟླུམ་པོ་ལ་ཐིག་བཞི་བྲིས་པས་རེའུ་མིག་དགུར་འགྱུར་ཏེ། དེ་ཉིད་ཀྱིས་ནི་དཀྱིལ་འཁོར་བརྒྱད་དོ། །ཀླུ་རྣམས་དགོད་པ་གསུངས་པ། དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་

བ་ལ་སོགས་པ་ལ། དབུས་ཀྱི་རེའུ་མིག་ཏུ་ཀླུ་ལྷག་མ་ཅན་གདེངས་ཀ་བདུན་ལ་སོགས་པ་དང་ལྡན་པར་བྲི་སྟེ་གོ་སླའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ཞེས་བྱ་བ་ནི་ཤར་གྱི་རེའུ་ཆ་ལ་སོགས་པ་ལ་རིམ་བཞིན་དུ་མཐའ་ཡས་ལ་སོགས་པ་འོག་ནས་འབྱུང་བ་ལྟར་གདེངས་ཀ་བདུན་

ལ་སོགས་པ་ཅན་དུ་བྲིའོ། །ཐམས་ཅད་ཀྱི་ལག་པ་གཡས་ན་རལ་གྲི་ཐོགས་པའོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐུན་མོང་དུ་གཡས་ཀྱིས་རལ་གྲི་བཟུང་ལ། གཡོན་གྱིས་གདེངས་ཀ་གསུམ་དང་ལྡན་པའི་ཀླུ་མོ་ལ་འཁྱུད་པའོ། །འདིས་དཀྱིལ་འཁོར་བསྐོར་ལ་ཞེས་བྱ་བ་འདིས་

ཞེས་བྱ་བ་ནི་ཨོཾ་ཧྲི་ཞེས་བྱ་བའི་སྔགས་ཀྱིས་སོ། །དཀྱིལ་འཁོར་བསྐོར་བ་ནི་རེའུ་མིག་དགུ་ལ་སོ་སོར་བསྐོར་བའོ། །སྔགས་འདི་ཞེས་བྱ་བ་ནི་ཨ་ནི་ལ་ཏ་ར་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱན་དྲང་བའོ་ཞེས་བྱ་བ་ནི་སྔགས་ཡོངས་སུ་རྫོགས་པའོ། །མཐེ་བོ་ཁ་སྦྱར་ཏེ་བཅིངས་ལ་

ཞེས་བྱ་བ་ནི་མཐེ་བོ་དང་འཛུབ་མོ་རྩེ་སྤྲད་པའོ། །ཕྱི་རོལ་ནི་ཕྱིར་བསྟན་པའོ། །ལྷག་མ་ནི་གོ་སླའོ། །ཛཿཞེས་བྱ་བ་ལ་སོགས་པའི་ཡི་གེ་བཞི་ནི་དགུག་པ་ལ་སོགས་པའི་ལས་བཞི་དང་རིམ་བཞིན་དུ་སྦྱར་རོ། །སྔགས་ཀྱི་མཐར་ཞེས་བྱ་བ་ནི་ཨ་ནི་ལ་ཏ་ར་ཞེས་བྱ་བའི་མཐར་

རོ། །སྡོང་བུ་ཞེས་བྱ་བ་ནི་ཤིང་ཨརྐའི་རས་བལ་པདྨ་དཀར་པོའི་སྣལ་མས་དཀྲིས་ཏེ། བདུད་རྩི་ལྔས་བྱུགས་པའོ། །ཁམ་ཕོར་དེར་ཞེས་བྱ་བ་ནི་ཁམ་ཕོར་གྱི་སྟེང་དུའོ། །བསྒོམས་ནས་ཞེས་བྱ་བ་ནི་དེའི་སྟེང་དུ་རི་རབ་བྲི་བར་བྱ་བ་དང་། བྲིས་ནས་ཀྱང་བསམ་པར་བྱ་

ཞེས་བྱ་བའི་དོན་ཏོ། །དེའི་སྟེང་དུ་ཧཱུཾ་གིས་ཁྲོ་བོའི་དཀྱིལ་འཁོར་བསྒོམས་ལ་ཞེས་བྱ་བ་ནི་ཁམ་ཕོར་ཁ་སྦྱར་བའི་རི་རབ་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བ་ཧཱུཾ་མཛད་ཀྱི་ཚོགས་འཕྲོ་བ་དང་བཅས་པའི་རྡོ་རྗེ་ཧཱུཾ་མཛད་བསྒོམ་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཞེས་བྱ་བ་ལ་

เล่ม ๑๙ · หน้า 38a

སོགས་པ་ལ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་སམ། རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་བཞི་པོ་དེ་དག་ལས་གང་ཡང་རུང་བ་ཞིག་གམ། འོན་ཏེ་དེ་དག་ཐམས་ཅད་སྤེལ་བའང་རུང་བརྒྱད་བརྒྱ་བཟླ་བར་བྱའོ། །ནི་ཞེས་བྱ་བ་ནི་དགར་བའི་བདུན་པའོ། །གལ་

ཏེ་སྔགས་གསུམ་པོ་ཟློས་ན་ནི་ཕྱག་བཞི་པའི་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བ་བྱས་ལ། ཀ་ར་ཀ་ར་ལ་སོགས་པའི་ཕྱག་དྲུག་པའི་སྦྱོར་བས་སོ་ཞེས་བྱ་བ་ནི་བྱེ་བྲག་གོ། །ཆོ་ག་བཞིན་དུ་གཞག་པར་བྱ། །ཞེས་བྱ་བ་ནི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱི་རོལ་གྱི་གནས་མཐོན་པོར་སྦ་བའོ། །ཁྲོ་བོའི་

དཀྱིལ་འཁོར་ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་ཁྱབ་པའི་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་ཏེ་བསྒོམས་པ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །ཅི་ཞིག་ཅེ་ན། རྡོ་རྗེ་ཧཱུྃ་མཛད་ཅེས་བྱ་བ་ལ་སོགས་པ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཙོ་བོ་ཧཱུྃ་མཛད་ལས་འཕྲོས་པའི་འོད་ཀྱིས་ཧཱུྃ་མཛད་རྣམས་གཟུང་ངོ་། །ལུས་ཀྱི་

གཟར་བུ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བརྒྱད་བརྒྱ་བཟླས་པའི་འོག་ཏུ་ལུས་ཀྱི་ཧོམ་གཟར་རྡོ་རྗེ་མཁའ་འགྲོའི་མཚན་མས་མཚན་པས། རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ། །ཞེས་བྱ་བ་ཁམ་ཕོར་ཀྱི་སྟེང་དུ་བསྒོམས་པའི་རྡོ་རྗེ་མཁའ་འགྲོའི་ཚོགས་ལ་འཐོར་བར་བསམ་མོ་ཞེས་བྱ་བ་ནི་དེར་ཆུའི་སྦྱིན་

སྲེག་བྱའོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་ཇི་སྲིད་འདོད་པའི་གནས་སུ་ཆར་བཟློག་པར་འདོད་ན་དེའི་སྦྱོར་བ་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ཧཱུྃ་མཛད་དུ་བསྒོམས་ལ། དེ་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་པའི་མཛུབ་མོའི་

རྩེ་མོར་ཧཱུྃ་གཉིས་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྤྲད་དེ་བཅིངས་ལ། མཐེའུ་ཆུང་གཉིས་བསྒྲོགས་ཏེ་མཛུབ་མོ་གཉིས་བསྒྲེང་བའོ། །ཧཱུྃ་གཉིས་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེར་བཀོད་པའི་ཧཱུྃ་གཉིས་ཀྱི་འོད་

ཟེར་མེ་ལྕེ་འབར་བའི་ཚོགས་ཀྱིས་ཇི་སྲིད་འདོད་པ་ན་གནས་པའི་སྤྲིན་གྱི་ཚོགས་རྣམས་སྲེག་པར་བསྒོམ་པའོ། །བསམ་ཞེས་བྱ་བ་ནི་དེ་ལྟར་བདག་ཉིད་རྡོ་རྗེ་མཁའ་འགྲོར་བསྒོམ་པའོ། །དེ་ལྟར་བདག་ཉིད་རྡོ་རྗེ་མཁའ་འགྲོར་བསྒོམས་པའི་བསམ་གཏན་འབའ་ཞིག་གིས་མ་ཡིན་པར་བསྟན་

เล่ม ๑๙ · หน้า 38b

པའི་ཕྱིར། དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྔགས་ཀྱང་རུང་བཟླའོ་ཞེས་བྱ་བ་གསུངས་ཏེ། དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྔགས་ནི་རིག་པའི་རྒྱལ་པོ་རྐང་པ་བརྒྱད་པ་སྟེ། དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བས་བཟླས་པས་ན་དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྔགས་སོ། །རུང་ཞེས་བྱ་བའི་སྒྲས་ནི་གཞན་ཀ་ར་ཀ་ར་ལ་སོགས་པའི་

སྒྲ་ཡང་བསྡུའོ། །སྦྱོར་བ་གཞན་བསྟན་པའི་ཕྱིར་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་སྦྱོར་བ་ནི་གོང་ནས་གོང་དུ་བཞག་པའོ། །དེ་རྣམས་ཀྱི་སྦྱོར་བ་ནི་ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ལ། འདིས་

བརྟེན་ཞིང་འཛིན་པས་ན་ཕྱི་སྟེ་གཞིར་གྱུར་པའོ། །དེ་ལྟར་ན་ཕྱི་ཡང་ཡིན་ལ་དཀྱིལ་འཁོར་ཡང་ཡིན་པས་ཕྱིའི་དཀྱིལ་འཁོར་ཏེ་ལས་ཀྱི་གཞིའོ། །ཡེ་ཤེས་ས་བོན་ཞེས་བྱ་བ་ནི་ཡི་གེ་ཧཱུྃ་ངོ་། །བསྒོམ་པ་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ཡི་གེ་ཧཱུྃ་གིས་རྡོ་རྗེའི་ས་བཞི་དང་། ར་བ་དང་དྲ་བ་

རྣམས་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་བཤད་པའི་ཕྱིར་གསུངས་པ། རླུང་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ཡི་དབུས་གྱུར་པདྨ་ནི། །ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྒོམ་པའོ། །གསལ་བའི་དཀྱིལ་འཁོར་ནི་

ཟླ་བའི་དཀྱིལ་འཁོར་རོ། །ཟླ་བ་རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔ་བསྟན་པའོ། །དེ་དག་གིས་ནི་རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་རྣམས་གོང་ནས་གོང་དུ་བསྒོམ་ལ། དེའི་སྟེང་དུ་རི་རྒྱལ་ལྷུན་པོ་དེར་སྣ་ཚོགས་པདྨ་དང་རྡོ་རྗེ་མནན་པའི་ཆོས་འབྱུང་བའི་ཕྱག་རྒྱར་

གནས་པའི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་འོག་ནས་འབྱུང་བའི། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ལ་སོགས་པ་དང་ལྡན་པའི་ཁང་བུ་བརྩེགས་པ་བསྒོམས་ཏེ། དེའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ཟླ་བ་རྡོ་རྗེའི་སྦྱོར་བ་ཞེས་བྱ་བས་མངོན་

པར་བྱང་ཆུབ་པ་ལྔ་བསྒོམ་པ་སྟོན་ཏོ། །དེ་ལ་མི་ཕྱེད་པས་ན་རྡོ་རྗེ་སྟེ། ཧྲི་ལས་བྱུང་བའི་རལ་གྲིའོ། །འདིར་ས་བོན་ནི་ཧྲི་ཡིན་པར་བལྟ་སྟེ་འོག་ནས་ཧྲི་ལས་བྱུང་བ་ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་མ་ནི། རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་བའོ། །དེ་ཅི་འདྲ་ཞེ་ན། ཞལ་གཅིག་

เล่ม ๑๙ · หน้า 39a

ཕྱག་ནི་བཞི་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འཇིགས་པ་དག་ཀྱང་འཇིགས་པར་མཛད། །ཅེས་བྱ་བ་ལ། འཇིགས་པ་ལ་བརྩོན་པས་ནི་འཇིགས་པ་སྟེ་བདེ་བྱེད་ལ་སོགས་པ་ཡིན་ལ། དེ་གང་གི་ཟིལ་གྱིས་གནོན་པར་བྱེད་པ་དེ་ལ་དེ་སྐད་ཅེས་

བྱའོ། །གྲུ་བཞི་སྒོ་བཞི་ལ་སོགས་པས། །མཁའ་འགྲོ་མ་ཡི་དཀྱིལ་འཁོར་བསྒོམ། །ཞེས་བྱ་བ་འདི་ནི་རྡོ་རྗེ་མཁའ་འགྲོ་མ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དག་གི་ཉེ་བར་བསྡུ་བ་ཡིན་ཏེ་འོག་ནས་འབྱུང་བའི་རི་མོའི་དཀྱིལ་འཁོར་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་བསམ་གཏན་གྱི་དཀྱིལ་

འཁོར་ལ་གནས་ནས་སྔགས་འབུམ་ཕྲག་དུ་བཟླས་ཏེ། ཆར་དབབ་པའི་སྒྲུབ་ཐབས་གསུངས་པ། བླ་རེ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ། བླ་རེ་དམ་པ་ཞེས་བྱ་བ་ནས། དཀྱིལ་འཁོར་དགེ་བའི་ལས་བརྩམས་སོགས། །ཞེས་བྱ་བའི་བར་དུ་ནི་རྡོ་རྗེ་མཁའ་འགྲོ་མ་དང་ཀླུ་རྣམས་ཀྱི་དཀྱིལ་

འཁོར་བསྟན་པའོ། །སོགས་ཀྱིས་ནི་བསྒོམ་པ་དང་མཆོད་པ་ལ་སོགས་པ་བསྡུ་བར་བྱའོ། །དེ་ནས་རྫིང་བུ་བྱ་བ་ནི། །ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་ཆེན་པོ་དེའི་བྱང་ཤར་གྱི་གྲྭར་ཀླུའི་གནས་རྫིང་བྱ་བར་བསྟན་ཏེ། ཅི་ལྟ་བུ་ཞེ་ན། དབའ་རླབས་ཆུ་གཉེར་ལ་སོགས་པ། །ཞེས་བྱ་བ་ལ་སོགས་

པའི་ཁྱད་པར་དང་ལྡན་པའོ། །ལྷ་རྣམས་དགོད་པ་གསུངས་པ། དེ་ནས་ཆོ་ག་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པའོ། །རིག་པ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་ཏེ། དེ་སྔར་བཤད་པ་ལྟར་དགོད་པའོ། །ཀླུ་བརྒྱད་དགོད་ཅེས་བྱ་བ་ནི་མཐའ་ཡས་ལ་སོགས་པའི་ཀླུའི་རྒྱལ་

པོ་བརྒྱད་ཤར་ལ་སོགས་པའི་ཕྱོགས་མཚམས་སུ་དགོད་པའོ། །སྒོ་བཞིར་མགོ་གཉིས་བསྣོལ་བ་ལ། །ཞེས་བྱ་བ་ལ་སོགས་པ་ནི་བཟང་པོ་ལ་སོགས་པའི་ཀླུ་ཕལ་པ་བརྒྱད་མཐའ་ཡས་ལ་སོགས་པའི་མདོག་ཅན་དུ་ར་བར་གྱུར་པའི་ཚུལ་གྱིས་དགོད་པ་བསྟན་པ་སྟེ། ཤར་ལ་སོགས་

པའི་སྒོ་བཞིར་མགོ་གཉིས་གཉིས་བསྣོལ་ཏེ་སྤུངས་ལ་གྲྭ་བཞིར་ནི་མཇུག་མ་གཉིས་གཉིས་མདུད་དེ་བསྲུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཤར་སྒོར་ནི་བཟང་པོ་དང་རྒྱལ་བ་གཉིས་ཀྱིས་གདེངས་ཀ་མདུད་དེ་བསྟོད་པའོ། །བྱང་སྒོར་ནི་དཔལ་ལྡན་དང་དགའ་བོའོ། །ནུབ་སྒོར་ནི་ཆར་འབེབས་

เล่ม ๑๙ · หน้า 39b

དང་ཡིད་འོང་ངོ་། །ལྷོ་སྒོར་ནི་མྱུར་བ་དང་དབྱངས་ཅན་ནོ། །མཇུག་མས་གྲུ་བཞིར་དཀྲི་བར་བྱ། །ཞེས་བྱ་བ་ལ། རྒྱལ་བ་དང་དཔལ་ལྡན་གྱི་མཇུག་མས་ནི་དབང་ལྡན་དུ་དཀྲིས་པའོ། །དེ་བཞིན་དུ་དགའ་བོ་དང་། ཆར་འབེབས་པ་དང་། ཡིད་འོང་དང་། མྱུར་བ་དང་། དབྱངས་ཅན་དང་། བཟང་

པོ་རྣམས་ཕན་ཚུན་དུ་མཇུག་མ་མདུད་པར་བལྟ་བར་བྱའོ། །ཤར་དུ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ཤར་གྱི་འདབ་མ་ལ་ནི་མཐའ་ཡས་སོ། །ཀླུ་མོ་དང་ནི་བཅས་པར་དགོད། །ཅེས་བྱ་བ་ལ། དེའི་གཡས་གཡོན་གཉིས་ཀར་ཀླུ་མོ་གདེངས་ཀ་གསུམ་གསུམ་དང་ལྡན་པར་བྲིའོ། །

ལྷག་མ་ནི་གོ་སླའོ། །ཆོ་ག་སྔ་མས་བྲི་བར་བྱ། །ཞེས་བྱ་བ་ལ། ཇི་ལྟར་མཐའ་ཡས་གདེངས་ཀ་བདུན་དང་ལྡན་པ་ལ་སོགས་པ་ལྟར། ནོར་རྒྱས་ལ་སོགས་པ་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །སྤྲིན་གྱི་དབང་ཕྱུག་རྒྱལ་པོ་རྣམས། །ཕྱོགས་བརྒྱད་ནས་ནི་བྲི་བར་བྱ། །

ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་མཚམས་བརྒྱད་དུ་དགོད་པ་སྟེ། དྲང་བ་ནི་དགོད་པའོ། །དེ་ལ་ཤར་སྒོར་ནི་སྒྲ་གྲག་གོ། །བྱང་སྒོར་ནི་རྨུགས་པའོ། །ནུབ་སྒོར་ནི་དྲག་པོའོ། །ལྷོ་སྒོར་ནི་འགུགས་བྱེད་དེ། དེ་དག་ནི་མཐའ་ཡས་ནས་བཟུང་སྟེ། སྟོབས་ཀྱི་རྒྱུའི་བར་གྱིས་རིམ་བཞིན་དུ་

མདོག་ཅན་ནོ། །ཡང་། དབང་ལྡན་དུ་ནི་གཏུམ་པོའོ། །མེ་མཚམས་སུ་ནི་འབེབས་པའོ། །བདེན་བྲལ་དུ་ནི་གང་བའོ། །རླུང་མཚམས་སུ་ནི་གཡོ་བ་སྟེ། །དེ་དག་ནི་རིམ་པ་བཞིན་དུ་དུང་སྐྱོང་ལ་སོགས་པའི་མདོག་ཅན་ནོ། །དེ་དག་ཀུན་ཀྱང་རོ་སྨད་སྤྲིན་གྱི་དཀྱིལ་འཁོར་ལ་རོ་སྟོད་སྦྲུལ་གྱི་གདེངས་

ཀར་འདུག་པའོ། །སྤྲིན་རྣམས་ཀྱི་བར་དུ་ཀླུ་ཕལ་པ་བརྒྱད་གསུངས་པ་ནི་མན་ངག་གིས་ན་དཀྱིལ་འཁོར་གྱི་སྣམ་བུ་གཉིས་པའི་སྒོ་བཞི་དང་གྲྭ་བཞིར་མགོ་བོ་གཉིས་གཉིས་དང་མཇུག་མ་གཉིས་གཉིས་ཀྱི་བར་བར་དུ་བཞི་བཞིར་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །ཤར་ལ་སོགས་པའི་ས་ཆ་

རྣམས་ཀྱང་དེ་དག་གི་མདོག་ཏུ་ཤེས་པར་བྱའོ། །དེ་ནས་སྔར་གསུངས་པའི་སྔགས་དང་ཕྱག་རྒྱས་ཀླུ་རྣམས་དང་སྤྲིན་རྣམས་དགུག་པ་ལ་སོགས་པ་བྱས་ལ། བདག་ཉིད་འཐོར་ཐུང་དང་ཉེ་རེག་བྱས་ཏེ། ཡོ་བྱད་ཐམས་ཅད་ལ་ཨོཾ་བྷུར་བྷུ་བཿསྭཱ་ཧཱ་ཞེས་བྱ་བས་བསང་གཏོར་བྱས་ནས་མེ་ཏོག་དང་

เล่ม ๑๙ · หน้า 40a

བདུག་པ་ལ་སོགས་པས་མཆོད་ཅིང་འོ་མས་བཀང་བའི་ཁམ་ཕོར་བརྒྱད་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ཡང་དམ་ཚིག་གི་རྡོ་རྗེ་མཁའ་འགྲོ་མ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཛཿཧཱུྃ་བྃ་ཧོཿ །ཞེས་བྱ་བས་དགུག་པ་ལ་སོགས་པ་བྱས་ལ། ཨོཾ་བཛྲ་ཌཱཀྐི་ནི་བཪྵ་བཪྵ་པ་ཡ་ཧཱུྃ་བྷུ་སྭཱ་ཧཱ།

ཞེས་བཟླས་བརྗོད་བྱ་སྟེ། འདི་ནི་རྡོ་རྗེ་མཁའ་འགྲོ་མའི་སྔགས་སོ། །ཨོཾ་གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པ་ནི་སྤྲིན་རྣམས་ལ་ཆར་དབབ་པར་བསྒོ་བའི་སྔགས་སོ། །དེ་ལ་མཆོད་པ་བྱས་ཀྱི་འོག་ཏུ་མཐའ་ཡས་ལ་སོགས་པའི་ཀླུ་རྣམས་ལ་ཕྱག་རྒྱ་བསྟན་པར་བྱ་སྟེ། ལག་པ་གཡོན་པའི་རྡོ་རྗེ་

ཁུ་ཚུར་གྱི་མཐེའུ་ཆུང་དང་མཐེ་བོ་བརྐྱང་ལ་མཐེ་བོའི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་ཏེ། གཡས་པའི་སོར་མོ་རྣམས་སྦྲུལ་མགོ་ལྟར་བྱས་པ་འདི་ནི་ཀླུ་རྣམས་ཀྱིའོ། །ལག་པ་གཉིས་པདྨར་བསྐོར་བར་བྱས་ནས་ཕྱོགས་ཀུན་དུ་བསྟན་པ་འདི་ནི་སྤྲིན་རྣམས་ཀྱིའོ། །ཨོཾ་གྷི་ལི་གྷི་ལི་བཪྵ་བཪྵ་པ་ཡ་ཧཱུྃ་

ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འདི་ནི་གཉིས་ཀའི་སྔགས་སོ། །ཡང་ན་ཕྱག་རྒྱ་མེད་པར་ཡང་སྔགས་འབའ་ཞིག་བཟླའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྦྱོར་བ་གཞན་གསུངས་པ། བུད་མེད་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། མིང་དང་

ལྡན་པ་ཞེས་བྱ་བ་ནི་བུད་མེད་ཀྱི་ཐོད་པར་ངེས་པར་ཤེས་པས་ན་མིང་སྟེ། ཤེས་པ་དེ་དང་ལྡན་པ་ནི་ཐོད་པ་སྟེ་རང་གི་རྐྱེན་ཅན་ནོ། །མེའི་དཀྱིལ་འཁོར་ཞེས་བྱ་བ་ནི་གྲུ་གསུམ་པ་རྩེ་མོ་བདུན་པར་གཉི་ག་ལ་བྲི་བའོ། །མཚམས་རྣམས་སུ་ཡི་གེ་ཀྵུཾ་དང་ཧྲི་ཞེས་བྱ་བ་ལ་མཚམས་ཏེ། གྲུ་གསུམ་གྱི་

ཕྱི་རོལ་དུ་ནི་ཀྵུཾ་བྲི་ལ་དཀྱིལ་འཁོར་གཉི་གའི་ཡང་ནང་རོལ་ཕྱོགས་མཚམས་བརྒྱད་དུ་ཧྲི་བརྒྱད་དགོད་དོ་ཞེས་མན་ངག་ལས་ཤེས་པར་བྱའོ། །དབུས་སུ་བསྒྲུབ་པར་བྱ་བའི་བུ་མོའི་མིང་བྲིས་ཏེ་ཞེས་བྱ་བ་ནི་དགུག་པར་བྱ་བའི་བུ་མོའི་མིང་ཆེ་གེ་མོ་ཨཱ་ཀཱཪྵ་ཡ་ཞེས་བསྐུལ་ཚིག་དང་བཅས་པར་བྲིའོ། །

རི་མོ་གསུམ་གྱིས་བསྐོར་ནས་ཞེས་བྱ་བ་ཉིད་མོ་ཛའི་ས་བོན་ནམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡི་གེ་མོ་ཛའི་རེ་ཕས་དཀྱིལ་འཁོར་གཉི་ག་སུམ་རིམ་དུ་བསྐོར་བའོ། །སྟེང་འོག་གི་བྱེ་བྲག་ཤེས་པར་བྱས་ལ་ཞེས་བྱ་བ་ནི་ཀོ་རོ་ཙ་ན་དང་ཁྲག་གིས་འདི་ནི་སྟེང་ངོ་། །འདི་ནི་འོག་གོ། །

เล่ม ๑๙ · หน้า 40b

ཞེས་ཕྱི་རོལ་དུ་བྲི་བའོ། །ལྷག་མ་ནི་གོ་སླའོ། །གནས་དབེན་པ་ཞེས་བྱ་བ་ལ་སོགས་པ་ལ་དབེན་པ་ནི་ཤིན་ཏུ་ཡང་སྐྱེ་བོ་མེད་པའོ། །མར་ནག་དང་ཚ་བས་བྱུགས་ཤིང་ཁྲུས་ཆབ་གསོལ་ནས་བསྐམས་ཏེ་ཞེས་བྱ་བ་ནི་གནས་དབེན་པར་བདག་ཉིད་ཀྱིས་བསྲུངས་ཏེ་ལེགས་པར་བསྐམ་པའོ། །

སྔགས་བཟླས་ན་བརྒྱ་བྱིན་གྱིས་ཆར་འབེབས་སོ་ཞེས་བྱ་བ་ནི་བདག་ཉིད་ང་རྒྱལ་དང་བཅས་པས་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་ལྷའི་རྒྱལ་པོ་རྣམས་སྤྲིན་གསེབ་ཏུ་ཞུགས་ནས་ཆར་འབེབས་པའོ། །ཇི་ལྟར་བཟླས་ཤེ་ན་སྒྲུབ་པའི་གྲོགས་ཞེས་བྱ་བ་ལ་སོགས་པ་ལ།

སྒྲུབ་པ་ནི་ལས་ཀྱི་རྡོ་རྗེ་ཅན་ནོ། །གྲོགས་ནི་སྒྲུབ་པ་པོ་དང་རྗེས་སུ་མཐུན་པར་སྤྱོད་པ་སྟེ་བཤེས་གཉེན་ཅན་ནོ། །སྒྲུབ་པ་ཡང་ཡིན་ལ་གྲོགས་ཀྱང་ཡིན་པས་སྒྲུབ་པའི་གྲོགས་ཏེ། དེ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆར་དབབ་པར་དམིགས་པ་ནི་ཆར་འབེབས་པ་ལ་སེམས་རྩེ་གཅིག་ཏུ་

བྱས་པའོ། །ཁ་ཤར་སྟོད་དུ་བལྟས་པ་ནི་ཤར་ལས་ཅུང་ཟད་མེ་མཚམས་སུ་བལྟས་པའོ། །མིན་ན་ཞེས་བྱ་བ་ལ་སོགས་པ་ལ། དེར་ཆར་འབབ་པར་མ་གྱུར་ན་དཔལ་ཕྱག་ན་རྡོ་རྗེའི་སྔགས་བཟླ་ཞེས་བྱ་བ་སྟེ། དཔལ་ཕྱག་ན་རྡོ་རྗེ་ཉིད་སྔགས་ཡིན་ཏེ། སྔགས་དང་ལྷ་དག་དབྱེར་མེད་པའི་ཕྱིར་རོ། །

ཡང་ན་ཕྱག་ན་རྡོ་རྗེའི་རྣལ་འབྱོར་ལ་གནས་ཏེ། འོག་ནས་འབྱུང་བའི་སྔགས་བཟླ་བ་སྟེ་སྒྲ་ཇི་བཞིན་ནོ། །དེ་ལ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་ནི་ཡི་གེ་ཧཱུྃ་ལས་བྱུང་ཞིང་སྐུ་མདོག་སྔོ་བ་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ལ་སོགས་པ་སྔགས་ལས་གསུངས་པ་དང་རྗེས་སུ་མཐུན་པའི་གཟུགས་སོ། །

སྔགས་ནི་ཨོཾ་ན་མོ་ནཱི་ལཱཾ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ལས་གཉིས་སྟོན་པ་ཡིན་ཏེ། སྦྲུལ་མགོ་གཉིས་པ་ནི་སྦྲུལ་གྱི་ཁྱད་པར་གང་ལ་མགོ་གཉིས་ཡོད་པའོ། །ནམ་མཁའ་ལ་བཞག་ལ་ཞེས་བྱ་བ་ནི་ཀ་ཏམ་པ་ལ་སོགས་པའི་ཤིང་གི་མེ་འབར་བའི་སོལ་བ་ལ་མ་

རེག་པར་སྟེང་དུ་ཁམ་ཕོར་གཉིས་བསྲོ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆར་དབབ་པ་ལ་སྟེ་ཆེད་ཀྱི་བདུན་པ་ཡིན་ནོ། །གང་གིས་ཤེ་ན། སྔགས་བཟླས་ནས་ཏེ། རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བ་དང་ལྡན་པས་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་བཟླས་ནས་སོ། །རྡོ་རྗེ་ཅན་ལ་ཕུལ་བའི་ཞེས་བྱ་བ་ལ་སོགས་པ་

เล่ม ๑๙ · หน้า 41a

ལ། ཁང་སྟེང་དུ་གནས་པ་ནི་བྱ་འདབ་ཀྱི་སྟེང་དུ་གནས་པའོ། །སྤྲིན་ལ་བདུག་པ་ནི་སྤྲིན་ཕྱོགས་སུ་འདུག་པའོ། །སྔགས་ཟློས་པ་ནི་ཧཱུྃ་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཟློས་པའོ། །ཁམ་ཕོར་ཞེས་བྱ་བ་ལ་སོགས་པ་ལ། དུག་ལ་སོགས་པ་ནི་རམས་དང་ན་ག་ད་མ་ནའི་ཁུ་

བ་ལ་སོགས་པའོ། །རླུང་ལ་སོགས་པའི་དཀྱིལ་འཁོར་གསུམ་ནི་རླུང་དང་མེ་དང་དབང་ཆེན་ནོ། །དེའི་ས་བོན་ནི་ཡཾ་དང་རཾ་དང་ལཾ་ངོ་། །ཆུའི་སྟེང་དུ་ཞེས་བྱ་བ་ནི་བཾ་ལས་བསྐྱེད་པའི་ཆུའི་དཀྱིལ་འཁོར་བྲིས་པའི་སྟེང་དུའོ། །འདབ་མ་བརྒྱད་ལ་ཡང་ཀླུ་བརྒྱད་ཀྱི་སྙིང་པོ་གཟིར་བར་བྲིས་ལ་ཞེས་བྱ་

བ་ནི་ཧཱུྃ་དང་སྤེལ་བའི་ནང་དུ་མིང་བྲི་བའོ། །སྟོབས་པོ་ཆེའི་སྔགས་ནི་ཨོཾ་བཛྲ་ཀྲོ་དྷ་ཞེས་བྱ་བ་ལ་སོགས་པ་སྟེ། འོག་ནས་འབྱུང་བའོ། །དེས་པདྨའི་ལྟེ་བ་དང་འདབ་མའི་ས་བོན་བསྐོར་བའོ། །ཧཱུྃ་དགུ་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་གསུངས་པ་སྟེ་དོན་དུ་བཅོ་བརྒྱད་ཡིན་ནོ། །ཆོ་ག་བཞིན་དུ་སྔགས་

བཟླ་ཞེས་བྱ་བ་ལ། ཆོ་ག་ནི་ལེའུ་བཞི་པ་ལས་འབྱུང་བའི་སྟོབས་པོ་ཆེའི་རྣལ་འབྱོར་ཏེ། ཧཱུྃ་ལས་བྱུང་བའི་མདོག་སྔོན་པོ་དཀར་པོ་དམར་པོའི་ཞལ་གསུམ་པ་ཕྱག་དྲུག་ལས་ཕྱག་དང་པོ་གཉིས་རང་གི་འོད་ཀྱི་རིག་མ་ལ་འཁྱུད་པ། ལྷག་མ་རྣམས་ཀྱིས་མདུང་རྩེ་གསུམ་དང་། རལ་གྲི་དང་།

པདྨ་དང་། ནོར་བུ་བསྣམས་ཤིང་ཉི་མའི་གདན་ལ་གཡས་བརྐྱང་གིས་བཞུགས་པ། ཉི་མའི་འོད་ཅན་སྤྱན་གསུམ་པ། སྐྲ་ཁམ་པ་གྱེན་དུ་འབར་ཞིང་སྦྲུལ་གྱི་རྒྱན་ཅན་སྟག་གི་པགས་པའི་ན་བཟའ་བགོས་པའི་སྟོབས་པོ་ཆེར་བསྒོམས་ལ་ཁམ་ཕོར་ལ་བརྒྱད་བརྒྱ་བཟླས་ཏེ། མེ་ཏོག་སྔོན་

པོ་ལ་སོགས་པས་མཆོད་ལ་སྐུད་པ་སྔོན་པོས་དཀྲིས་ཏེ་མཚོར་སྦ་བར་བྱའོ། །གཏུམ་པོའི་ས་བོན་ནི་སྐེ་ཚེའི་ས་བོན་ནོ། །ལྷག་མ་ནི་གོ་སླའོ། །ད་ནི་ཕྱག་ན་རྡོ་རྗེའི་སྔགས་གསུངས་པ། ཨོཾ་ན་མོ་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་ཕན་ཡོན་ནི་གོ་སླའོ། །ཀླུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་

ལ། ཀླུ་ཐམས་ཅད་ནི་གཟུགས་སྣ་ཚོགས་པའོ། །དགུག་པ་ནི་དེ་རྣམས་ཀྱི་སྙིང་འགུགས་པར་བྱེད་པའི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་མཚན་ཉིད་དོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་གསུམ་པའོ། །རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོའི་

เล่ม ๑๙ · หน้า 41b

རྣམ་པར་བཤད་པ་ལས་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་སྔར་བཤད་པའི་ལས་ཀྱི་ཆོ་ག་ཁ་བསྐང་བ་དང་སྔར་མ་བཤད་པའི་ལས་རྣམས་བསྟན་པར་བྱ་བའི་ཕྱིར་ལེའུ་བཞི་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་ལས་ཀྱི་ཚོགས་བསྟན་

པའི་འོག་ཏུའོ། །བཅོམ་ལྡན་འདས་ལ་ཞེས་བྱ་བ་ནི་བཞི་པའི་དོན་གྱིས་བདུན་པ་ཡིན་ནོ། །སླར་ཡང་ཞེས་བྱ་བ་ནི་ལས་ཀྱི་ཆོ་གས་སྔར་བསྟན་པ་ཉིད་ཡང་གསལ་བར་བྱས་པས་སོ། །འདི་སྐད་ཅེས་བྱ་བ་ནི་འོག་ནས་འབྱུང་བ་འདི་སྐད་དོ། །མཆོད་ཅིང་ཞེས་བྱ་བ་ནི་ཕྱི་ནང་གི་མཆོད་པས་མཆོད་ནས་སོ། །

ལས་ཐམས་ཅད་ཀྱི་ཚོགས་ཞེས་བྱ་བ་ནི་ཆར་དབབ་པ་དང་གོང་བུ་དགུག་པ་ལ་སོགས་པའི་ལས་ཀྱི་ཚོགས་སོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་ཀྱི་འོག་ཏུའོ། །རིག་པའི་རྒྱལ་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། ཆར་འབེབས་པ་ལ་སོགས་པའི་རིག་པ་སྟོན་ཅིང་གསལ་བར་མཛད་

པའི་ཕྱིར་རོ། །གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པ་ནི་ཕལ་པའི་སྐད་དེ་མཚོན་པར་བྱ་བ་ཡིན་ལ་དེ་ནི་འོག་ནས་ལེགས་པར་སྦྱར་བས་མཚོན་པར་བྱའོ། །དེ་ལ་བ་ཛ་དའི་ནི་བ་རི་ས་བ་རི་ས་ཡ་ཧཱུྃ་བྷུ་སྭཱ་ཧཱ་ཞེས་བྱ་བ་ནི་དང་པོའོ། །གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་སྟེ། ཐ་ཞེས་བྱ་བ་གསུམ་

ནི་བརྡ་ཡི་ཕཊ་ཅེས་བྱ་བ་ཡིན་ནོ། །ས་ས་ཧ་ཧ་ཞེས་བྱ་བ་གཉིས་གཉིས་ནི་སྔགས་གཉིས་ཀྱི་སྭཱ་ཧཱ་གཉིས་སོ། །ཨོཾ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཨོཾ་བཏུ་བ་བསྟན་ཏེ། ཏི་ལ་ཡ་ནི་ཐིག་ལེའོ། །དེས་ནི་ཨོཾ་གྷི་ལི་གྷི་ལི་བཪྵ་ཡ་བཪྵ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བར་འགྱུར་ཏེ་སྤྲིན་

བརྒྱད་ཀྱི་སྔགས་སོ། །དེས་ན་གསུངས་པ། དེ་ནི་ཆུ་འཛིན་བརྒྱད་ལ་གནས། །ཞེས་བྱ་བ་སྟེ། རྟག་ཏུ་སྤྲིན་བརྒྱད་ལ་འཇུག་ཅིང་གནས་སོ་ཞེས་བྱ་བའི་དོན་ཏོ། །ཨོཾ་བཛྲ་ཌཱ་ཀི་ནཱི་བཪྵ་བཪྵ་པ་ཡ་ཧཱུྃ་བྷུ་སྭཱ་ཧཱ། ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་ཆར་དབབ་པ་དང་འབྲེལ་བའི་སྔགས་སོ། །དེ་ཉིད་

ཀྱིས་ན་མཁའ་འགྲོ་མའི་རིག་སྔགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ཆེན་པོའི་རང་བཞིན་ནོ། །ཞེས་བྱ་བ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་གྱི་སྔགས་སོ། །དེ་ཡང་ཕལ་པའི་སྐད་ཀྱིས་འབུམ་ཕྲག་གཅིག་བཟླས་པས་འགྲུབ་པ་ལེགས་པར་སྦྱར་བའི་སྐད་ཀྱིས་འབུམ་

เล่ม ๑๙ · หน้า 42a

ཕྲག་གཉིས་བཟླས་ན་འགྲུབ་པར་འགྱུར་རོ། །ཨོཾ་ནི་གཉི་ག་དང་འབྲེལ་པར་བལྟ་བར་བྱའོ། །ད་ནི་གོང་བུ་དགུག་པ་གསུངས་པ། ན་མ་ཞེས་བྱ་བ་ལ་སོགས་པ་ལ་མ་ཧཱ་ཀཱ་ལ་ཨ་ནུ་ཙ་ར་ཡ་ཞེས་བྱ་བ་ནི་ལྷ་ཆེན་པོ་སྟེ། ནག་པོ་ཆེན་པོ་དང་ལྷན་ཅིག་ཏུ་རྒྱུ་བའི་ཕྱིར་རོ། །ན་མ་ཞེས་

བྱ་བ་ནས་ཏདྱ་ཐཱ་ཞེས་བྱ་བའི་བར་དུ་ནི་མཚམས་སྦྱར་བའི་གཞུང་སྟེ་སྔགས་ནི་མ་ཡིན་ནོ། །ཨོཾ་ཙ་ལ་ཞེས་བྱ་བ་ལ་སོགས་པ་ནི་དགུག་པའི་སྔགས་ཏེ། བསྙེན་པ་ཁྲི་བྱ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་སྦྱོར་བས་སོ། །མཚན་ཕྱེད་ན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་དུས་གསུམ་དུའོ། །གོང་བུ་དགུག་པ་

ཞེས་བྱ་བ་ལ། གོང་བུ་ནི་ལུས་ཏེ་རླུང་གི་དཀྱིལ་འཁོར་ལ་གནས་ནས་བར་སྣང་ལས་ཅིག་ཅར་འོང་བ་ནི་གོང་བུ་དགུག་པའོ། །དེ་སྐད་དུ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་སྔར་བསྙེན་པ་ཁྲི་བྱས་ཏེ། ལྷ་ཆེན་པོའི་གཟུགས་བརྙན་བྱས་ལ། དེའི་དྲུང་དུ་བདག་ཉིད་རྡོ་རྗེ་མཁའ་འགྲོ་མདོག་དམར་

པོར་གནས་ནས་བསྒྲུབ་པར་བྱ་བ་མདོག་དམར་པོ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་རང་གི་སྙིང་ག་ནས་འཕྲོས་པའི་སྔགས་ཀྱི་འོད་ཀྱིས་བསྐོར་བར་བསམས་ལ། ཨོཾ་ཙ་ལ་པྲ་ཙ་ལ་ལ་ལ་ལ་ལ་ཡ་དེ་བ་ལིདྷཾ་ལྷ་སྦྱིན་ཨཱ་ན་ཡ་སྭཱ་ཧཱ་ཞེས་སྤེལ་ཏོ། །ཉི་མ་བདུན་ནམ་བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་ཏུ་དུས་

གསུམ་དུ་བཟླས་ན་འོང་བར་འགྱུར་རོ་ཞེས་སྟོན་ཏོ། །ཡང་ན་མཚན་ཕྱེད་ན་ཇི་སྲིད་འོང་གི་བར་དུ་བཟླའོ། །ཨོཾ་ཙ་མུཎྜཱི་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་ཙ་མུཎྜཱིའི་སྔགས་སོ། །རྡོག་པས་མནན་ཏེ་ཞེས་བྱ་བ་ནི་ལིངྒ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །ཁུག་ཅེས་བྱ་བ་ནི་རྐང་པས་འོང་བའོ། །དབང་དུ་

འགྱུར་རོ་ཞེས་བྱ་བ་ནི་བདག་ལ་ཆགས་པ་སྟེ། ནོར་དང་བཅས་པར་དབང་དུ་འདུས་པའོ། །འདིར་ཡང་རྡོ་རྗེ་མཁའ་འགྲོ་མའི་རྣལ་འབྱོར་པས་རྐང་པ་གཡོན་པའི་མཐིལ་ལ་སེན་རྩེས་རི་བོ་ལྷུན་པོ་བྲིས་ཏེ། དེའི་ནང་དུ་གྲྭ་བཞིར་ཡི་གེ་ཧྲཱིཿབཞི་བྲིས་ལ་དབུས་སུ་སྔགས་ཀྱི་ཚིག་བསྒྲུབ་བྱའི་མིང་དང་སྤེལ་ཏེ་

བྲིས་ནས་རྐང་པ་དེ་ཉིད་ཀྱིས་ལྷ་ཆེན་པོའི་གཟུགས་བརྙན་མནན་ལ་དུས་གསུམ་དུ་སྔགས་ཀྱི་ཚིག་ལྷ་སྦྱིན་བདག་གི་དབང་དུ་གྱུར་ཅིག་ཅེས་བྱ་བ་དང་སྤེལ་ཏེ་བཟླས་ན་ཁུགས་པར་འགྱུར་རོ། །ད་ནི་མངོན་སྤྱོད་གསུངས་པ། སྐྱེས་བུའི་ཞེས་བྱ་བ་ལ་སོགས་པ་ལ། སྟེང་གི་ཆ་ཞེས་བྱ་བ་ཆ་སྟེང་མ་སྟེ།

เล่ม ๑๙ · หน้า 42b

འོག་གི་ཆ་ཕུར་པའི་གཟུགས་རྩེ་གཅིག་པར་བྱ་བའི་ཕྱིར་རོ། །བྱས་ལ་ཞེས་བྱ་བ་ནི་བརྐོ་བའོ། །གཅོང་ནད་ཆེན་པོ་ནི་ནད་ཀྱིས་འཚེ་བའོ། །འབྱུང་བ་ནི་སྐྱེ་བ་སྟེ་གནས་པ་ནི་ཡུན་རིང་དུ་གནས་པའོ། །འདིས་ཀྱང་སྔོན་དུ་སྟོབས་པོ་ཆེའི་སྔགས་བསྙེན་པ་ཁྲི་བྱས་ལ་དེའི་འོག་ཏུ་སྐྱེས་བུའི་བྱིན་པ་གཡོན་པའི་ཐུར་

མ་ལ་སྟེང་གི་ཆར་ཚོགས་ཀྱི་དབང་ཕྱུག་ཇི་སྐད་བསྟན་པ་བཞིན་དུ་བྱས་ཏེ། ཇི་སྐད་སྨོས་པའི་རྫས་ཀྱི་ནང་དུ་བཙོས་ནས་སྟོབས་པོ་ཆེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། གང་གི་ཁྱིམ་སྒོར་སྦས་པ་དེ་ལ་ཡུན་རིང་དུ་ནད་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ། །སྟོབས་པོ་ཆེའི་སྔགས་གསུངས་པ་ཨོཾ་བཛྲ་ཞེས་བྱ་བ་

ལ་སོགས་པའོ། །ཆར་དབབ་པ་གསུངས་པ། གྲོག་མཁར་གྱི་ས་དང་ཞེས་བྱ་བ་ལ་སོགས་པ་ལ་གྲོག་མཁར་གྱི་ས་ནི་གྲགས་པར་ཟད་དོ། །བའི་རྣམ་པ་ལྔ་ནི་བའི་འོ་མ་དང་ཞོ་དང་མར་དང་གཅིན་དང་ལྕི་བ་རྣམས་སོ། །ཀ་ར་བཱི་རའི་ལྕུག་མ་ནི་ཀ་ར་བཱི་རའི་ཡལ་ག་དང་འདབ་མ་དང་བཅས་པའོ། །དཀར་

གསུམ་གྱི་གཏོར་མ་ནི་འོ་མ་དང་ཞོ་དང་འབྲས་སཱ་ལུའི་གཏོར་མའོ། །ལྷག་མ་ནི་གོ་སླའོ། །དེས་ཀྱང་འདི་སྐད་དུ་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་པས་གྲོག་མཁར་གྱི་ས་ལ་སོགས་པ་ལས་ཀླུ་བ་སུ་ཀ་མདོག་སེར་པོ་ཇི་སྐད་སྨོས་པའི་མཚན་ཉིད་ཅན་བྱས་ལ་ཀ་ར་བཱི་རའི་ལྕུག་མས་བཀབ་སྟེ། དཀར་གསུམ་གྱི་

གཏོར་མ་བྱིན་ལ་ཉིན་ཞག་བདུན་དུ་རྒྱུན་མི་འཆད་པར་གུ་གུལ་གྱི་བདུག་པས་བདུག་ཅིང་ཀ་ར་བཱི་རའི་ལོ་མས་རྐང་པ་བརྒྱད་པའི་སྔགས་ཟློས་ཤིང་རྒྱུན་མི་འཆད་པར་ཆུ་གཏོར་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ་ཞེས་སྟོན་ཏོ། །ཁ་ཅིག་ན་རེ་བ་སུ་ཀའི་གཟུགས་ཁམ་ཕོར་གྱི་སྟེང་དུ་བཞག་ལ་ཨ་ཤོ་ཀའི་

ཡལ་གས་བཀབ་སྟེ། དཀར་གསུམ་གྱི་གཏོར་མ་དུས་གསུམ་དུ་བྱིན་ལ་སྟེང་ན་གནས་པའི་བུམ་པ་བུ་ག་ཕྲ་མོ་ལས་ཆུ་རྒྱུན་འཛག་པས་རྒྱུན་མི་འཆད་པར་བཀྲུ་ཞིང་སྐབས་སྐབས་སུ་གུ་གུལ་གྱིས་བདུག་པ་དང་། ཀ་ར་བཱི་རའི་ལྕུག་མས་ཆུ་གཏོར་བར་བྱའོ་ཞེས་ཟེར་རོ། །ཧཱུྃ་བཞིའི་སྔགས་དེ་ལ་ཟློས་ཤིང་

ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཆར་དབབ་པ་ལའོ། །ད་ནི་ངག་བཅིང་བ་གསུངས་པ། ཨོཾ་ག་ག་ཨ་རི་ག་ག་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་འདིས་ཞེས་བྱ་བ་ནི་འདས་མ་ཐག་པའི་སྔགས་ཀྱིས་སོ། །ནད་པར་སྔར་གདོང་མ་བཀྲུས་པ་ཞེས་བྱ་བ་ནི་སྔར་གདོང་མ་བཀྲུས་པ་ལས་ལངས་ཏེ་

เล่ม ๑๙ · หน้า 43a

སྔགས་འདི་ལན་བདུན་བཟླས་པའི་ཆུས་གདོང་དང་རྡེའུ་བཀྲུས་ལ་བཟླ་ཞེས་བྱ་བའི་དོན་ཏོ། །གང་ཡང་རུང་བའི་བུ་ག་ཞེས་བྱ་བ་ནི་བྲ་བ་ལ་སོགས་པའི་ཁུང་བུའི་བུ་གའོ། ཇི་ལྟར་གཞུག་ཅེ་ན་ཆེ་གེ་མོའི་ཞེས་པ་ལ་སོགས་པ་སྟེ། ལྷ་སྦྱིན་གྱི་ཁ་ཆིངས་ཤིག་ཅེས་ཡིད་

ཀྱིས་སམ་དངོས་སུ་བརྗོད་ནས་སོ། །ཡང་ན་གདོང་མ་བཀྲུས་པར་ཞེས་བྱ་བ་ནི་མ་བཀྲུས་པ་ཉིད་དུ་ལས་འདི་བྱའོ་ཞེས་པའི་དོན་ཏོ། །མུ་ཁ་ཏིཥྛནྟི་ཞེས་བྱ་བ་ལ་སོགས་པ་ལ། གླང་གི་ལྕི་བ་ནི་ཁྱུ་མཆོག་གི་ལྕི་བ་སྟེ། དེ་ལ་སྔགས་བཟླ་ཞེས་བྱ་བ་དང་འབྲེལ་ཏོ། །འདིས་ནི་ཁྱུ་མཆོག་གི་ལྕི་བ་

ས་ལ་མ་ལྷུང་བ་ལ་སྔགས་ལན་བདུན་བཟླས་ཏེ་བྱི་བའི་ཁུང་སྒོ་གནམ་དུ་བལྟས་པའི་ནང་དུ་བཅུག་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །ཁ་ཅིག་ནི་འདིར་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་སྔགས་འདིས་གདོང་མ་བཀྲུས་པར་ལས་བྱའོ་ཞེས་ཟེར་རོ། །ད་ནི་ལེའུ་གསུམ་པ་ལས་གནས་དབེན་

པར་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་བསྟན་པའི་སྔགས་གསུངས་པ། ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་སྟེ། ནི་ཞེས་བྱ་བ་ནི་རྩ་བ་རྐང་པའོ། །ལྷག་མ་ནི་གོ་སླའོ། །དེས་ནི་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བར་འགྱུར་ཏེ། ཨོཾ་ཞེས་བྱ་བ་ནི་མན་ངག་ལས་ཤེས་པར་བྱའོ། །

སྔོན་དུ་གསུངས་པའི་སྦྱོར་བ་ནི་གོ་སླའོ། །དེ་ཡང་ཞེས་བྱ་བ་ནི་སྦྱོར་བ་གཞན་བསྟན་པ་སྟེ། དེ་ཡང་བླ་གབ་དང་བྲལ་བའི་གནས་དབེན་པར་ལྷའི་རྣལ་འབྱོར་དང་ལྡན་པས་ཆར་དབབ་པའི་བློས་སྔགས་འབའ་ཞིག་བཟླས་ན་བརྒྱ་བྱིན་གྱིས་ཆར་པ་འབེབས་པར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ། །བློ་

གྲོས་ཆེན་མོ་ཞེས་བྱ་བས་ནི་ལྷ་མོ་ལ་བོད་པ་སྟེ། གང་ལ་བློ་གྲོས་ཆེན་པོ་ཡོད་པ་དེ་ནི་བློ་གྲོས་ཆེན་མོ་སྟེ་བཅོམ་ལྡན་འདས་མའོ། །མདུན་ནས་ཏེ་ཞེས་བྱ་བ་ནི་གདོང་གིས་བལྟས་པ་སྟེ་སྤྲིན་གྱི་ཕྱོགས་སུ་གདོང་པ་བལྟས་པའོ། །མཁར་གནས་རྣམས་ཀྱིས་ངེས་པར་ནི། །ཆུ་ནི་རབ་ཏུ་མང་པོ་འབེབས། །

ཞེས་བྱ་བ་ནི་སྤྲིན་མེད་པར་ཡང་ནམ་མཁའ་ཉིད་ལས་ཆར་འབེབས་སོ་ཞེས་བྱ་བའི་དོན་ཏོ། །སྡེ་ཚན་གྱི་ཞེས་བྱ་བ་ལ་སོགས་པ་ལ། །སྡེ་ཚན་གྱི་མཐའ་མ་ནི་སྡེ་ཚན་བརྒྱད་ཀྱི་མཐའ་མ་སྟེ་ཧའོ། །དབྱངས་ཡིག་བཞི་པ་ནཾ་ཨཱི་སྟེ།དེ་དག་གིས་ནི་ཧྲཱི་ཞེས་བྱ་བར་འགྱུར་རོ། །ཉལ་བའི་སྔགས་

เล่ม ๑๙ · หน้า 43b

ཀྱིས་བཞི་ཞེས་བྱ་བ་ནི་རྨག་པ་ལ་སོགས་པ་གང་ཞིག་ཆགས་པའི་དབང་དུ་བྱས་པའི་སྐྱེས་པའམ། བུད་མེད་ཉལ་བའི་སྔས་ཀྱིས་གཞི་ལ་བྲི་བའོ། །རང་གི་ཁྲག་ཅེས་བྱ་བ་ནི་དབང་དུ་བྱ་བར་འདོད་པ་རང་གིའོ། །སྙིང་པོ་ལ་ཞེས་བྱ་བ་ནི་ཡི་གེ་ཧྲཱིའི་ལྟོ་བར་རོ། །ཅི་ཞིག་བྲི་ཞེ་ན། མིང་ཞེས་བྱ་བ་སྟེ།

ཆགས་པར་བྱ་བའི་བུ་མོ་ལ་སོགས་པའོ། །ནམ་ཞེ་ན། ཉལ་བའི་དུས་སུའོ། །མེ་ཏོག་དམར་པོ་ཞེས་བྱ་བ་ནི་ཨ་ཤོ་ཀ་ལ་སོགས་པའི་མེ་ཏོག་གོ། །བདུག་པ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་དབང་གིས་བདུག་པ་སྟེ། དེས་བདག་ཉིད་ལ་བདུག་པའོ། །འདིར་བསྡུས་པའི་དོན་ནི་ཉལ་བའི་སྔས་ཀྱི་ས་

གཞི་ལ་ཙནྡན་དང་གུར་ཀུམ་ལ་སོགས་པའི་དྲི་དམར་པོས་བྱུགས་ནས། ཨ་ཤོ་ཀ་ལ་སོགས་པའི་སྨྱུ་གུས་རང་གི་ཁྲག་གིས་ཡི་གེ་ཧྲཱི་བྲིས་ལ་དེའི་ལྟོར་ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག་ཅེས་བྲིས་ཏེ། མེ་ཏོག་དམར་པོ་གཏོར་ལ་བདག་ཉིད་བདུག་པས་བདུག་ཅིང་ཙ་མུཎྜིའི་སྔགས་བཟླས་ན་གདུལ་

དཀའ་བ་རྣམས་ཀྱང་དབང་དུ་འགྱུར་ཞེས་བྱ་བ་ཡིན་ནོ། །སྦྱོར་བ་གཞན་གསུངས་པ་སྙིང་གར་ཉི་མ་ལ་ཧཱུྃ་བསྒོམས་ཏེ། རང་གི་ལྷག་པའི་ལྷ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པར་བསྒོམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་འདིས་ནི་སྔར་ལེའུ་གསུམ་པར་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་ཁྲོ་བོའི་དཀྱིལ་

འཁོར་བའི་ལུས་ཀྱི་གཟར་བུ་ལས་བྱུང་བའི་ཆུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་འཐོར་བར་བསམ་མོ་ཞེས་བྱ་བ་དང་འབྲེལ་བ་ཡིན་ཏེ། འདིར་དགོས་པ་ནི་མ་ཡིན་ནོ། །འདིའི་དོན་ནི་འདི་ཡིན་ཏེ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་བཀོད་དེ། ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་

རང་གི་ལྷར་བྱས་ལ་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་རྡོ་རྗེས་མཚན་པའི་རང་གི་ལུས་ཀྱི་གཟར་བུས་ཆུ་གཏོར་བར་བྱའོ་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་སོ་ཅན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སོ་ཅན་གྱི་ཁྲག་གིས་བྲིས་ལ་སྐུད་པ་དམར་པོས་དཀྲི་བར་བྱའོ་ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེ་སོ་ཅན་ཞེས་བྱ་བ་ནི་མཛུབ་

མོ་སྟེ་རྡོ་རྗེ་མཆེ་བ་ཅན་ཞེས་ཟེར་བའི་ཕྱིར་རོ། །རླུང་གི་ས་བོན་ཞེས་བྱ་བ་ནི་ཡི་གེ་ཡཾ་ངོ་། །བསྐུལ་ཚིག་ཅེས་བྱ་བ་ནི་འདིས་སྐུལ་བར་བྱེད་པས་ན་བསྐུལ་ཚིག་སྟེ་མིང་ཉིད་དོ། །ཧཱུྃ་ཊཀྐི་ཞེས་བྱ་བའི་ས་བོན་གཉིས་ཀྱི་དབུས་སུ་ཞེས་བྱ་བ་ནི་ཨོཾ་ཊཀྐི་ཧཱུྃ་ཛཿཧཱུྃ་ཞེས་བྱ་བའི་སྔགས་གཉིས་ཀྱི་བར་གྱི་གོ་སྐབས་

เล่ม ๑๙ · หน้า 44a

སུའོ། །ཨོཾ་ཞེས་བྱ་བ་ནི་མན་ངག་གིས་ཤེས་པར་བྱའོ། །ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སོ་ཕག་གི་དབུས་སུ་ཞེས་བྱ་བ་ནི་སོ་ཕག་ཁ་སྦྱར་བའི་དབུས་སུའོ། །བཅུག་པ་ནི་འཁྲུལ་འཁོར་དུ་གཞུག་པའོ། །རླུང་མཚམས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་རླུང་གི་

དཀྱིལ་འཁོར་ལ་གཞག་པར་ཤེས་པར་བྱའོ། །རྐང་པས་མནན་ཏེ་ཞེས་བྱ་བ་ནི་སོ་ཕག་དེ་རྐང་པས་བརྫིས་པའོ། །དེ་དག་གིས་ནི་འདི་སྐད་དུ། ཧཱུྃ་ལས་བྱུང་བ་མདོག་སྔོན་པོ་གཡས་པ་དང་རྩ་བ་དང་། གཡོན་པའི་ཞལ་དཀར་པོ་དང་། སྔོན་པོ་དང་། དམར་པོའི་མདོག་ཅན། ཕྱག་དྲུག་ལ་དང་

པོ་གཉིས་འོད་ཀྱི་རིག་མ་ལ་འཁྱུད་པའོ། །ལྷག་མའི་ཕྱག་གིས་ལྕགས་ཀྱུ་དང་། ཞགས་པ་དང་། རལ་གྲི་དང་། ནོར་བུ་བསྣམས་ཤིང་རོལ་པའི་གཟུགས་ཅན་པདྨའི་སྟེང་དུ་ཉི་མ་ལ་གཡོན་བརྐྱང་གིས་བཞུགས་པ་ལྷའི་རྒྱན་ཅན་སྤྱན་གསུམ་པ། ཊཀྐི་རཱ་ཛར་བསྒོམས་ལ་གྲོ་གའམ་རས་ལ་

མཛུབ་མོའི་ཁྲག་དང་ཤིང་ཛཱ་ཏིའི་སྨྱུ་གུས་ཡི་གེ་ཡའི་དབུས་སུ་ཨོཾ་ཊཀྐི་ཛཿཧཱུྃ། ལྷ་སྦྱིན་ཨཱ་ན་ཡ་ཨོཾ་ཊཀྐི་ཛཿཧཱུྃ་ཞེས་བྱ་བ་བྲིས་ལ་སོ་ཕག་ཁ་སྦྱར་བའི་དབུས་སུ་བཅུག་སྟེ་སྐུད་པ་དམར་པོས་དཀྲིས་ནས་གཡོན་བརྐྱང་གི་སྟབས་ཀྱིས་གཡས་པ་མནན་ལ། བསྒྲུབ་པར་བྱ་བ་རླུང་གི་དཀྱིལ་འཁོར་

ལ་བསྐྱོན་ཏེ། ཊཀྐི་རཱ་ཛ་སྤྲོས་ནས་མགྲིན་པ་ཞགས་པས་བཅིངས་ལ་སྙིང་ལྕགས་ཀྱུས་ཕུག་སྟེ་ཁུགས་པར་བསམས་ལ་སྔགས་དེ་ཉིད་བཟླས་པར་བྱའོ་ཞེས་སྟོན་ཏོ། །སྦྱོར་བ་དེ་ཉིད་ཀྱིས་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ། ཙ་མུཎྜིའི་སྔགས་ཀྱིས་ཀྱང་དགུག་པར་བྱའོ། །བཏོན་ནས་ཞེས་

བྱ་བ་ལ་སོགས་པ་ལ། གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྲིད་འཁྲུལ་འཁོར་མ་བཏོན་གྱི་བར་དུ་ཡུལ་དུ་གནས་པར་མི་འགྱུར་ཏེ། དཔེར་ན་རྫ་མཁན་གྱི་བུ་འཁོར་ལོ་ལན་གཅིག་བསྐོར་བའི་འཕེན་ཤུགས་ཀྱིས་འཁོར་བ་ལྟར་སྦྱོར་བ་ལན་གཅིག་བཟླས་པས་རྒྱུན་ཏུ་མ་བཟླས་ཀྱང་ཡུལ་དུ་སླར་མི་འཁོར་

ལ་སྔགས་མ་བསྒྲུབས་པར་འཁྲུལ་འཁོར་ཙམ་གྱིས་ཀྱང་བསྐྲད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཞན་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་བདག་ཉིད་ནི་སྒྲུབ་པ་པོ་བདག་ཉིད་དང་བསྒྲུབ་པར་བྱ་བའི་བུ་མོའོ། །ཨོཾ་དམར་པོ་སྤྱི་བོར་ཡང་ཞེས་བྱ་བ་ལ་སྒྲུབ་པ་པོ་དང་

เล่ม ๑๙ · หน้า 44b

བསྒྲུབ་པར་བྱ་བ་གཉི་གའི་སྤྱི་བོར་ཨོཾ་དམར་པོ་བསྒོམ་པའོ། །ཡང་ཞེས་བྱ་བ་ནི་བསྡུ་བ་སྟེ་གཉི་གའི་སྙིང་གར་མྃ་དམར་པོ་དགོད་པའོ། །བུ་མོའི་ཁ་ནས་ཞེས་བྱ་བ་ལ། ཁ་ནི་སྒོ་སྟེ་སྣའི་བུ་གའོ། །ནས་ཞེས་བྱ་བ་ནི་ལྔ་པ་སྟེ། དེའི་སྣ་སྒོ་གཡོན་པ་ནས་བདག་གི་སྣ་སྒོ་གཡས་པར་འཇུག་པའོ། །

ཕྲེང་བ་ནི་མགལ་མེའི་འཁོར་ལོ་ལྟར་འགྲོ་བ་དང་འོང་བའོ། །ལྷག་མ་ནི་གོ་སླའོ། །འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་སྦྱོར་བ་དང་ལྡན་པས་རྐང་པ་བརྒྱད་པའི་སྔགས་སྔོན་དུ་བསྙེན་པ་བྱས་ལ། བདག་ཉིད་མཾ་དམར་པོ་ལས་ཡིད་དུ་འོང་བའི་བུ་མོའི་གཟུགས་སུ་བསྐྱེད་དེ།

ཨོཾ་དང་མཾ་དམར་པོའི་ས་བོན་སྤྱི་བོ་དང་སྙིང་གར་བཀོད་ལ། བསྒྲུབ་པར་བྱ་བ་ཡང་དེ་བཞིན་དུ་བསྐྱེད་ནས་བདག་གི་སྣ་སྒོ་གཡོན་པ་ནས་འོད་ཟེར་ཕྱུང་སྟེ། དེའི་སྣ་སྒོ་གཡས་པར་ཞུགས་ནས་ལུས་དང་ངག་དང་སེམས་འོད་ཀྱི་གོང་བུར་བཟུང་སྟེ། སླར་བདག་གི་སྣ་སྒོ་གཡས་པ་ནས་སྤྱི་བོ་དང་སྙིང་གར་

གཞུག་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་འགྲོ་བ་དང་འོང་བ་བསམས་ལ། ཨོཾ་མཾ་ཆེ་གེ་མོ་བ་ཤ་མ་ན་ཡེ་ཞེས་བཟླས་ན་དབང་དུ་འགྱུར་རོ། །སྦྱོར་བ་གཞན་གསུངས་པ། བུད་མེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ཀྱི་གཅི་བའི་ཤུལ་གྱི་ས་ཞེས་བྱ་བ་ནི་གང་དང་གང་དུ་གཅི་བ་བྱས་

པའི་ས་སྟེ། དེ་དང་རང་གི་གཅི་བའི་ཤུལ་གྱི་ས་གཅིག་ཏུ་བྱས་ལ། ཆོས་འབྱུང་བའི་གཟུགས་བྱ་བའོ། །སྔགས་ལན་བདུན་བཟླ་ཞེས་བྱ་བ་ནི་ཙ་མུཎྜི་ལ་སོགས་པའི་སྔགས་རང་གི་མཚན་མ་ལ་ལན་བདུན་བཟླ་བའོ། །དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླའོ་ཞེས་བྱ་བ་ཡང་སྔགས་དེ་ཉིད་དེ། །

འདིར་ཡང་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བས་བྱ་བའོ། །ལྷག་མ་ནི་གོ་སླའོ། །ཚུལ་གཞན་གསུངས་པ་སྐྱེས་པའི་ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། མིང་ནི་བསྒྲུབ་པར་བྱ་བའི་མིང་ངོ་། །སྤེལ་བར་བྱ་བའི་སྔགས་ཞེས་བྱ་བ་ལ་སྔགས་ནི་རིག་པའི་རྒྱལ་པོ་ཞེས་བྱ་བ་དང་སྦྱར་ཏེ། ཙ་མུཎྜི་ལ་སོགས་

པའི་སྔགས་སོ། །སྤེལ་བ་ནི་དགུག་པ་དང་དབང་དུ་བྱ་བ་ལ་ཆེ་གེ་མོ་ཨ་ན་ཡ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཞེས་བསྐུལ་ཚིག་དང་སྤེལ་བའོ། །ལྷའི་འཇིག་རྟེན་ཞེས་བྱ་བ་ནི་ལྷའི་བུ་མོ་རྣམས་སོ། །ལས་ཀྱི་ཆོ་ག་དེ་ལྟར་ཡང་། །ཞེས་བྱ་བ་ལ། ཡང་ཞེས་བྱ་བ་ནི་དགུག་པ་འབའ་ཞིག་མ་ཡིན་གྱི་ཆོ་གའི་རྣམ་པ་

เล่ม ๑๙ · หน้า 45a

དེས་དབང་དུ་བྱ་བ་ཡང་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་དུག་དང་སྐེ་ཚེས་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཞེས་བྱ་བའི་བསྐུལ་ཚིག་ཧྲཱི་མ་ཝནྟ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་སྤེལ་ཏེ་བྲིས་ལ་སྔགས་དེ་ཉིད་བཟླས་ན་བསྐྲད་པར་འགྱུར་རོ་ཞེས་ཟེར་ཏེ། ཡང་ཞེས་བྱ་བ་ནི་སྨོས་པ་

བསྡུ་བ་ཡིན་ཏེ་དགུག་པའི་ལས་བློ་ལ་བསྡོགས་ནས་ཡང་ཞེས་གསུངས་པ་ཡིན་ནོ། །ཡང་ན་མ་སྨོས་པ་བསྡུ་བ་སྟེ། དེའི་ཚེ་ཐོད་པ་ལ་སོགས་པའི་ལས་ཀྱི་ཆོ་ག་འདིས་བསྐྲད་པ་ལ་སོགས་པ་ཡང་བྱ་བ་ཡིན་ནོ། །བསྐྲད་པའི་ཆོ་ག་གསུངས་པ། དུག་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་དུག་ཅན་ནི་སྦྲུལ་

ལོ། །གནོད་སྦྱིན་སྨྱོན་པ་ནི་ཁྱི་སྨྱོན་པའོ། །སྦ་བ་ནི་བསྐྲད་པའི་སྔགས་ཀྱིས་མངོན་པར་བཟླས་ཏེ་སྦ་བའོ། །ལས་ཀྱི་དུས་སུ་ཞེས་བྱ་བ་ནི་བསྐྲད་པའི་ལས་ཀྱི་དུས་སུའོ། །ཁྲོ་བ་དང་བཅས་པ་ཞེས་བྱ་བ་ནི་ནག་པོ་ཆེན་པོའི་རྣལ་འབྱོར་དུ་བྱ་བའོ། །སྔགས་ཞེས་བྱ་བ་ཡང་དེ་ཉིད་ཀྱི་སྔགས་སོ། །ཁ་ཟས་ནི་སྡེར་ན་

གནས་པའོ། །གཞུག་པ་ནི་བཟའ་བ་དང་འཕང་བའོ། །དེ་དག་གིས་ནི་འདི་སྐད་དུ་ནག་པོ་ཆེན་པོའི་རྣལ་འབྱོར་ལ་གནས་ཏེ། སྡེར་ན་གནས་པའི་ཁ་ཟས་ལ་དེ་ཉིད་ཀྱི་སྔགས་ཀྱིས་བཟླས་ལ། ཁ་ཟས་དེ་བསྒྲུབ་པར་བྱ་བའི་གཟུགས་སུ་བསམས་ནས་ཁྲོ་བ་དང་བཅས་ནས་ཆང་བུ་གཅོད་པའི་ཚེ་ཆེ་གེ་མོའི་མགོ་བཅད་

པར་བསམ་ཞིང་ཁར་འཇུག་པའི་ཚེ་ཆེ་གེ་མོའི་མགོ་ཟ་བར་བསམས་ནས་སོས་བཏབ་སྟེ་ཕྱེད་ཁར་ལྡད་ཅིང་ཕྱེད་བསྒྲུབ་བྱའི་ཕྱོགས་སུ་འཕངས་པའི་ལས་འདི་ཉི་མ་བདུན་དུ་བྱས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །ཁ་ཅིག་ནི་བསད་པའི་ལས་ཡིན་ནོ་ཞེས་ཟེར་རོ། །བཅིང་བ་གསུངས་པ། ལྕི་བ་ཞེས་བྱ་བ་ལ་

སོགས་པ་ལ། གཟུགས་བརྙན་ཞེས་བྱ་བ་ནི་མདོག་ལ་སོགས་པ་དེ་དང་འདྲ་བའི་གཟུགས་འཛིན་པའོ། །རས་མའི་དུམ་བུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཏཱ་ལའི་འདབ་མ་ལ་སོགས་པ་ཡང་ཉེ་བར་གཟུང་ངོ་། །མིང་ཞེས་བྱ་བ་ཡང་ཉེ་བར་མཚོན་པ་སྟེ། ཨོཾ་ཨ་ལི་བྷི་ལི་བྷ་ར་ཙུ་ལི་ཆེ་གེ་མོ་སྟཾ་བྷ་ན་ཀུ་རུ་

སྭཱ་ཧཱ་ཞེས་སྤེལ་ཏེ་བྲིའོ། །གཏུན་ཤིང་ལ་སྔགས་ལན་བདུན་བཟླས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་པས་སྔགས་བཟླས་མ་ཐག་པ་དེ་ཉིད་གཏུན་ཤིང་ལ་ལན་བདུན་བཟླས་ཏེ་ལན་བདུན་དུ་གདོང་བཙོག་པར་བྱ་བའི་དོན་ཏོ། །ཡང་ན་ལེའུ་དྲུག་པ་ལས་བསྟན་པའི་ཨོཾ་ཛམྦྷ་ནི་ཞེས་བྱ་བ་ལ་སོགས་པའི་

เล่ม ๑๙ · หน้า 45b

སྔགས་ཀྱིས་དེ་ལྟར་བྱས་ན་ཡང་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །སྦྱོར་བ་གཞན་གསུངས་པ་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་གཡུལ་དུ་བསད་པའི་རས་ལ་བུ་མོ་བྲིས་ན་འོང་བར་འགྱུར་རོ་ཞེས་བྱ་བ་དང་འབྲེལ་ཏོ། །དཔའ་བོ་གཡུལ་དུ་བསད་པ་ནི་དགྲའི་ཕྱོགས་སུ་བལྟས་ཏེ་ཤི་བའོ། །

རས་ནི་དེའི་གོས་ཏེ་དེར་བྲི་བའོ། །ཅི་ཞིག་ཅེ་ན། གཟུགས་བརྙན་ཏེ་ཡན་ལག་དང་ཉིང་ལག་ལ་ཡོངས་སུ་རྫོགས་པའི་གཟུགས་སོ། །ཅིས་ཤེ་ན། རི་མོ་སྟེ་ཚོན་གྱིས་བྲི་བའོ། །ཇི་ལྟར་བྱས་པས་ཤེ་ན། བ་ལང་གི་རྡུལ་དང་ཞེས་བྱ་བ་ལ་སོགས་པ་ལ་བ་ལང་གི་རྡུལ་ནི་བ་ལང་གི་སྤུའོ། །འབུ་བ་

ཏ་ལི་ནི་ཤིང་འབུ་བ་ཏ་ལི་ཞེས་གྲགས་པའོ། །དེ་ཡང་རླན་ལས་སྐྱེས་ཤིང་སྡོང་པོ་ཕྲ་ལ་ལྕུག་མ་ས་ལ་ཟུག་ཅིང་མེ་ཏོག་ཁ་ཐུར་དུ་བལྟས་པ་སྟེ། དེའི་རྩ་བའོ། །དེ་དག་གིས་ནི་འདི་སྐད་དུ་ཧཱུྃ་མཛད་ལ་སོགས་པའི་རྣལ་འབྱོར་པས་མངོན་པར་འདོད་པའི་བུ་མོའི་གཟུགས་ཇི་ལྟ་བ་བཞིན་དུ་གསལ་པོར་བྲིས་

ལ་བ་ལང་གི་སྤུ་དང་། འབུ་བ་ཏ་ལའི་རྩ་བ་ལ་ཙ་མུ་ཎྜཱིའི་སྔགས་བརྒྱ་རྩ་བརྒྱད་སྔོན་དུ་བཟླས་པའི་བདུག་པས་བདུགས་ན་འོངས་ནས་མདུན་དུ་གནས་པར་འགྱུར་རོ་ཞེས་སྟོན་ཏོ། །བཅིང་བ་གསུངས་པ། རས་སམ་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བོ་གཤིན་རྗེའི་གཤེད་ནི་གཤིན་རྗེའི་དགྲ་སྟེ་

བྲི་བ་ཞེས་བྱ་བ་དང་འབྲེལ་ཏོ། །ཁ་དོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་ཁ་དོག་ཐམས་ཅད་གཅིག་ཏུ་འདྲེས་པ་སྟེ། འདིར་མན་ངག་གིས་ན་རང་གི་དབྱིབས་དང་ཁ་དོག་ཇི་ལྟ་བ་བཞིན་དུ་པིར་གྱིས་བྲི་བ་ལ་བྱའོ། །གཡས་བརྐྱང་བས་གནས་པ་ཞེས་བྱ་བ་ནི་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྐང་པ་

གཡས་པ་མཐོ་ལྔའི་ཚད་ཙམ་དུ་བརྐྱང་སྟེ། གཡོན་པ་ཅུང་ཟད་བསྐུམ་པའོ། །ལག་པ་གཡས་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་དང་པོ་གཉིས་ཏེ་མན་ངག་གིས་ནི་ཕྱག་དྲུག་པ་ན་ཐོ་བ་དང་། རལ་གྲི་དང་། ཞགས་པ་དང་། སྦྲུལ་གྱི་ཞགས་པ་དང་། གཏུན་ཤིང་དང་དགྲ་སྟ་བསྣམས་ཤིང་གསུས་

པ་འཕྱང་བར་ཤེས་པར་བྱའོ། །དུར་ཁྲོད་ཀྱི་སོལ་བ་ཞེས་བྱ་བ་ནི་རོ་བསྲེགས་པའི་སོལ་བ་སྟེ། རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་པས་ཨོཾ་རཏྣ་བཛྲ་བཛྲ་ཧྲི་ཕཊ་ཅེས་བརྒྱ་རྩ་བརྒྱད་མངོན་པར་བཟླས་པའི་སོལ་བས་སོ། །སྔགས་སྤེལ་བ་ཞེས་བྱ་བ་ལ། སྔགས་ནི་བཟླས་མ་ཐག་པ་སྟེ། དེ་དང་བཅས་པའི་མིང་ངོ་། །

เล่ม ๑๙ · หน้า 46a

བཞག་ན་ཞེས་བྱ་བ་ནི་དེའི་འོག་ཏུ་མེ་ཏོག་སེར་པོ་ལ་སོགས་པས་མཆོད་དེ་བཞག་ལ་ཡང་སྔགས་སྔ་མ་ཉིད་མིང་དང་སྤེལ་ཏོ། །ལན་སྟོང་དུ་བཟླས་ན་རེངས་པར་འགྱུར་རོ། །ཐ་ན་ཡིད་ཀྱིས་ཀྱང་ཞེས་བྱ་བ་ནི་ཡིད་ཀྱིས་བྱ་བ་ཡང་། མེད་ན་ལུས་དང་ངག་གི་བྱ་བ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །གལ་

ཏེ་ཞེས་བྱ་བ་ནི་བག་མེད་པའི་དབང་གིས་སོ། །ལྷ་ཐམས་ཅད་ཅེས་བྱ་བ་ལ། ཐམས་ཅད་ནི་སེམས་ཅན་རྣམས་སོ། །དེ་ཐམས་ཅད་གསལ་བར་བྱེད་པས་ན་ལྷ་སྟེ་སྲོག་གོ། །སྟོངས་པར་འགྱུར་བ་ནི་ཟད་པར་འགྱུར་བའོ། །ཕ་རོལ་གྱི་དཔུང་གི་ཚོགས་དང་སྤེལ་ན་ཞེས་བྱ་བ་ལ། སྔ་མ་ལྟར་བྲིས་ཏེ་པྲ་སེ་ན་སྟམྦྷ་ནི་

ཞེས་བྱ་བ་ནི་ཁྱད་པར་རོ། །དེས་ནི་འདི་སྐད་དུ་གྲོ་ག་ལ་སོགས་པ་ལ་སྔ་མ་ལྟར་བྲིས་ཏེ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་སྒྲུབ་པ་པོ་རྟ་ལ་སོགས་པ་ལ་ཞོན་ཏེ་གཡུལ་དུ་ཞུགས་པ་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པའི་རི་རབ་ཀྱིས་མནན་པར་བསམས་ལ། སྔགས་དེ་ཉིད་ཇི་ལྟ་

བ་བཞིན་དུ་བཟླས་ན་དཔུང་བཅིང་བར་འགྱུར་རོ། །གཞན་ཡང་ཤིང་ལོ་ལ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཡང་ཞེས་བྱ་བ་ནི་སྔགས་དེ་ཉིད་ཀྱི་སྦྱོར་བ་གཞན་ནོ། །ཤིང་ལོ་ལ་སོགས་པ་ནི་གྲོ་ག་ལ་སོགས་པ་བསྡུ་བའོ། །ཕྲེང་གཉིས་པའི་མཐར་བསྒྲུབ་བྱའི་མིང་གི་ཡི་གེ་དང་སྤེལ་ཏེ་ཞེས་བྱ་བ་ནི་

ཨོཾ་དེ་བ་དཏྟ་སྟམྦྷ་ཧྲི་དེ་བ་དཏྟ་ཧྲི་ཞེས་བྱ་བ་ལ་སོགས་པའམ། ཡང་ན་སྔགས་ཀྱི་ཡི་གེ་རེ་རེའི་མཐའ་མར་བསྒྲུབ་བྱའི་མིང་གི་ཡི་གེ་རེ་རེ་སྤེལ་བ་སྟེ། ཨོཾ་དེ་བ་སྟཾ་བྷ་ཡ་ར་བ་སྟཾ་བྷ་ཡ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །གལ་ཏེ་ཡི་གེ་མི་མཉམ་པར་གྱུར་ན་དེའི་ཚེ་ཐམས་ཅད་ཀྱི་མཐར་སྤེལ་བར་བྱ་སྟེ། ཨོཾ་རཏྣ་

བཛྲ་བཛྲ་ཧྲི་དེ་བ་དཏྟ་སྟམྦྷ་ན་ཕཊ་ཅེས་སྤེལ་བར་བྱའོ། །བཅིངས་ལ་ཞེས་བྱ་བ་ནི་སྐུད་པ་སེར་པོས་བཅིངས་པའོ། །ཁམ་ཕོར་ཞེས་བྱ་བ་ནི་རྩ་བ་ནག་པོ་རི་མོ་མེད་པའོ། །བཤང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་དག་གིས་ནི་འདི་སྐད་དུ་སྔ་མ་ལྟར་བྲིས་པའི་ཤིང་ལོ་ལ་སོགས་པ་ཁམ་ཕོར་དུ་བཞག་སྟེ།

ཆེ་གེ་མོ་བཅིང་བར་བྱའོ་སྙམ་དུ་བློས་བསམས་ནས་དེའི་སྟེང་དུ་བཤང་བ་བཏང་སྟེ། ལྕི་སྐམ་གྱི་ཐལ་བས་བཀང་ལ་ཁམ་ཕོར་གཞན་གྱིས་བཀབ་སྟེ། དབུགས་ཕྱིར་མི་འབྱིན་པར་ས་འོག་ཏུ་སྦས་ལ་སས་གཡོགས་ཏེ། འཐས་པར་བརྡུང་བར་བྱའོ་ཞེས་སྟོན་ཏོ། །གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་གདོན་

เล่ม ๑๙ · หน้า 46b

མི་ཟ་བར་འཆིང་བའོ། །སྔགས་བཏུ་བ་གསུངས་པ། རཏྣ་བཛྲ་ཞེས་བྱ་བ་ལ་སོགས་པ་ལ་བཛྲ་ཞེས་བྱ་བ་ནི་མི་ཕྱེད་པའོ། །དེ་ནས་ཞེས་བྱ་བ་ནི་སྔོན་དུའོ། །དེ་བས་ན་རཏྣ་བཛྲའི་སྔོན་དུ་མི་ཕྱེད་པའི་རང་བཞིན་གྱིས་ཨོཾ་བརྗོད་པར་བྱའོ། །ཧྲི་དང་ཕཊ་ནི་མཐར་སྦྱར་བར། །ཞེས་བྱ་བ་ལ། ཨོཾ་རཏྣ་བཛྲ་བཛྲའི་

མཐར་ནི་ཧྲི་ཡིན་ལ། དེའི་མཐར་ནི་མིང་དང་བསྐུལ་ཚིག་སྦྱར་ཞིང་དེའི་མཐར་ཕཊ་གདོན་ནོ། །ས་ནག་པོ་ཞེས་བྱ་བ་ལ་སོགས་པ་ལ། ཁ་བཅིངས་ཤིང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། །ལུས་ལ་སོགས་པ་ལ་ཡང་སྦྱར་རོ། །མཆོད་པ་ཞེས་བྱ་བ་ནི་བཅིང་བའི་ལས་ལ་ནི་མཆོད་པའི་ཡོ་བྱད་སེར་པོར་བྱས་

ལ། དབང་གི་ལས་ལ་ནི་མཆོད་པའི་ཡོ་བྱད་དང་། གོས་ལ་སོགས་པ་དམར་པོར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་དག་གིས་ནི་འདི་སྐད་དུ་རང་གི་ལྷའི་རྣལ་འབྱོར་གྱིས་གྲོ་ག་ལ་སོགས་པ་ལ་གོ་རོ་ཙ་ནས། ཨོཾ་ན་མོ་བྷ་ག་ཝ་ཏེ་ཙ་མུཎྜ་སུ་ཁ་མུ་ཁི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་དང་ཆེ་གེ་མོ་བ་

ཤཾ་ཀུ་རུ་སྟམྦྷ་ནི་ཧྲི་ཞེས་བྱ་བའི་མིང་དང་བསྐུལ་ཚིག་ཏུ་སྤེལ་བ་བྲིས་ཏེ། ཙ་མུཎྜིའི་ཁར་བཅུག་ལ་སྔགས་དེ་ཉིད་བཟླས་ན་ཁ་བཅིངས་ཤིང་དབང་དུ་འགྱུར་རོ་ཞེས་སྟོན་ཏོ། །ཡང་དགུག་པ་གསུངས་པ། ཁམ་ཕོར་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བཟླས་ཞེས་བྱ་བ་ནི་ཨོཾ་ན་མོ་བྷ་ག་ཝ་ཏི་སུ་ཁ་མུ་ཁི་ཞེས་

བྱ་བ་ལ་སོགས་པའི་སྔགས་བཟླས་ཏེ། འདིར་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་པས་བཟླ་བར་བྱའོ། །དེ་ཡང་གང་དང་གང་དུ་སྔགས་ཀྱི་ཆོ་ག་ལ་ལྷའི་རྣལ་འབྱོར་མ་བསྟན་པ་དེ་དང་དེར་རྡོ་རྗེ་ཧཱུྃ་མཛད་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །བུད་མེད་དངོས་ཀྱི་ཞེས་བྱ་བ་ནི་ཐ་མལ་པའི་བུ་མོ་དངོས་ཀྱིའོ། །

མཛུབ་ཡུགས་ཀྱི་དུས་སུ་ཡང་སྔགས་དེ་ཉིད་བཟླའོ། །ལྷག་མ་ནི་གོ་སླའོ། །ནིམ་པའི་ལོ་མ་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ཁྲག་ཅེས་བྱ་བ་ནི་སྒྲུབ་པ་པོའི་སྲིན་ལག་གི་ཁྲག་གོ། །དགོངས་མོ་ཚང་དུ་འགྲོ་ཁ་མ། །ཞེས་བྱ་བ་ནི་ཕྱིར་མི་ལྡོག་པར་ཚང་དུ་འགྲོ་བའི་དུས་སུའོ། །ལྷག་མ་ནི་གོ་སླའོ། །

འདིས་ཀྱང་ནིམ་པའི་ལོ་མ་ལ་དུག་ལ་སོགས་པས། ཨོཾ་མུ་ནི་ཀ་སི་མུ་ནི་བ་སི་མུ་ནི་ཧ་ཏ་ལང་ག་ལེ་ཧི་བ་དེ་ཆེ་གེ་མོ་ཨུ་ཙ་ཏ་ཡ་སྭཱ་ཧཱ་ཞེས་སྤེལ་ཏེ་བྲིས་ལ་བག་ཟན་ལ་སོགས་པའི་ཆང་བུའི་ནང་དུ་བཅུག་ནས་སྔགས་དེ་ཉིད་ཟློས་ཤིང་། ཆང་བུ་བརྒྱ་རྩ་བདུན་བྱ་རོག་ཚང་དུ་འགྲོ་ཁ་མ་ལ་སྦྱིན་ཏེ། དེ་ལྟར་ཉི་མ་བདུན་དུ་བྱས་ན་བསྐྲད་

เล่ม ๑๙ · หน้า 47a

པར་འགྱུར་བར་སྟོན་ཏོ། །རྩིག་ངོས་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཐ་བྲི་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་ལུགས་ལས་བཟློག་སྟེ་བྲི་བར་བྱའོ། །དབང་དུ་འགྱུར་ཞིང་བཅིང་བས་བཅིངས་པར་འགྱུར་རོ་ཞེས་བྱ་བ་ལ། དབང་གི་ལས་དང་བཅིང་བའི་ལས་སུ་འགྱུར་བ་དེ་ལ་དེ་སྐད་

ཅེས་བྱ་སྟེ། གང་གིས་ཤེ་ན། བཅིང་བས་ཞེས་བྱ་བ་སྟེ། རྒྱུའི་དོན་གྱིས་གསུམ་པ་ཡིན་ནོ། །རོ་ཞེས་བྱ་བ་ནི་སྐབས་ཡོངས་སུ་རྫོགས་པའོ། །ལྷག་མ་ནི་གོ་སླའོ། །འདིའི་དོན་ནི་རྩིག་ངོས་ལ་སོགས་པ་ལ་བ་བླའམ་གུར་ཀུམ་ལ་སོགས་པའི་ཚོན་གྱིས་ཡི་གེ་ཀ་བྲིས་ལ། དེའི་ནང་དུ་ཝ་ཤཾ་ཀུ་རུ་སྟམྦྷ་ནི་

ཧི་ཞེས་བྱ་བ་དང་སྤེལ་བའི་སྒྲུབ་བྱའི་མིང་བྲི་བའོ། །དེ་ནས་ཀའི་ཕྱི་རོལ་ཏུ་ཧ་བྲིས་ཏེ། ཧའི་ལྟོར་ཀ་བྲི་བའོ། །ཧ་ཡང་ཕའི་ནང་དུ་བྲིའོ་ཧ་དེའི་ཕྱི་རོལ་ཏུ་དབྱངས་ཀྱི་ཡི་གེས་འཁོར་བར་བྲིའོ། །དེ་ཐམས་ཅད་ཀྱང་ཐའི་ལྟོར་ཆུད་པར་བྲིས་ཏེ་ཅི་ཡང་རུང་བས་ཁ་བཅད་ལ་སྔགས་དེ་ཉིད་བསྐུལ་ཚིག་དང་

བཅས་པར་བཟླའོ་ཞེས་བྱ་བ་འདི་ཡིན་ནོ། །ད་ནི་ཤི་བ་གསོ་བ་གསུངས་པ། ལྟེ་བའི་པདྨ་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་རྣམ་པར་སྣང་མཛད་དམ་སངས་རྒྱས་སྤྱན་གྱི་རྣལ་འབྱོར་པས་རོའི་སྙིང་གར་པདྨ་འདབ་བརྒྱད་ཀྱི་དབུས་སུ་དེའི་མིང་གི་ཡི་གེའམ། ཡི་གེ་ཨ་དམར་པོ་བསྒོམས་ཏེ།

སངས་རྒྱས་སྤྱན་གྱི་སྔགས་ཀྱི་ཕྲེང་བས་བསྐོར་ལ། པདྨ་དེ་ཞགས་པས་བཅིངས་ནས་སྔགས་དེའི་འོད་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་བཀྲུ་བར་བསྒོམ་ཞིང་སྤྱན་གྱི་སྔགས་དེ་ཉིད་བཟླས་པའི་ཆོ་ག་འདིས་ནི་བདག་གམ་གཞན་འཚོ་བར་འགྱུར་རོ་ཞེས་པ་འདི་ཡིན་ནོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ་ཨ་ནི་ཞེས་

བྱ་བ་ལ་སོགས་པ་ལ་ཨ་ཉིད་སྲོག་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །ཕྱག་རྒྱ་ནི་དེ་བསྲུང་བའི་ཕྱག་རྒྱ་སྟེ། རྣམ་པར་སྣང་མཛད་དམ་སངས་རྒྱས་སྤྱན་གྱི་ཕྱག་རྒྱ་སྟེ། དེས་བཅིང་བར་བྱ་ཞེས་བྱ་བ་དང་སྦྱར་ཏེ། ཞགས་པའི་ཚུལ་དུ་གྱུར་ནས་སྲོག་བསྲུང་བ་ལ་སོགས་ཞེས་བྱ་བ་ལ་སོགས་ཀྱིས་ནི་ནད་མེད་

པ་ལ་སོགས་པ་བསྡུའོ། །དེ་ཉིད་ཀྱི་སྦྱོར་བ་གཞན་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་ནི་རྡོ་རྗེའི་ཆང་གཟུངས་སོ། །ཁ་སྦྱར་བ་ཞེས་བྱ་བ་ནི་སྙིང་ག་ཞེས་བྱ་བ་དང་སྦྱར་ཏེ། སྙིང་གའི་པདྨར་རྡོ་རྗེ་གཉིས་ཁ་སྦྱར་བའོ། །གངས་ཀྱི་འོད་ལྟ་བུ་ནི་འོད་དཀར་པོ་སྟེ་ཨ་དེ་

เล่ม ๑๙ · หน้า 47b

ཡང་གཉིས་ཡིན་ནོ། །དེའི་མཐའ་ཞགས་པས་བཅིང་བ་ནི། རྡོ་རྗེ་གཉིས་ཀྱི་མཐའ་ཞགས་པས་བཅིང་བའོ། །འདིར་ཡང་ཨ་དང་རྡོ་རྗེའི་འོད་ཀྱིས་ལུས་ཐམས་ཅད་བཀྲུ་ཞིང་སྔ་མ་བཞིན་དུ་སྔགས་བརྗོད་པར་བྱའོ། །སྲུང་བ་ནི་སྲོག་བསྲུང་བའོ། །དམ་པ་ནི་མཆོག་གོ། །སྦྱོར་བ་གཞན་གསུངས་

པ་སྙིང་གའི་པདྨ་ཞེས་བྱ་བ་ལ་འོ་མའི་རྒྱུན་ལྟ་བུའི་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་ནི་དེ་གཉི་ག་ལས་བྱུང་བའོ། །འདིར་ཁྲུས་ཆབ་གསོལ་བ་ཞེས་བྱ་བ་ནི་ལུས་ཐམས་ཅད་དུའང་སྦྱར་རོ། །པདྨ་ཁ་སྦྱོར་ཞེས་བྱ་བ་ནི་ལྟེ་འོག་གཞན་དག་ཏུའང་སྦྱར་བར་བྱའོ། །སྙིང་གར་དབང་བསྐུར་ཞིང་ཞེས་བྱ་བ་ནི་སྙིང་

གར་གནས་པའི་སངས་རྒྱས་སྤྱན་གྱི་སྔགས་ལས་རྣམ་པར་སྣང་མཛད་དང་། སྤྱན་ལ་སོགས་པའི་ཚོགས་ཕྱུང་སྟེ་བཀྲ་ཤིས་དང་བཅས་པས་དབང་བསྐུར་བའོ། །འདིའི་དོན་ནི་སྙིང་གའི་པདྨའི་སྟེང་དུ་ཟླ་བ་ལ་ཡི་གེ་བཾ་ཁ་ཐུར་དུ་བལྟས་པ་བཀོད་ལ་པདྨ་གཞན་དང་ཁ་སྦྱར་ཏེ་བདུད་རྩི་དཀར་པོ་འཛག་

པར་བསམ་མོ། །དེ་བཞིན་དུ་ལྟེ་བའི་པདྨའི་ཟླ་བ་ལ་ཡི་གེ་ཨ་ནས་ཀྱི་འབྲུ་ཙམ་བཀོད་ལ་པདྨ་གཞན་དང་ཁ་སྦྱར་ཏེ་དེ་དག་གི་བདུད་རྩིའི་འོད་ཀྱིས་བསྒྲུབ་བྱའི་ལུས་ཀྱི་ནང་ཐམས་ཅད་བཀང་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་ཚོགས་ཀྱིས་དབང་བསྐུར་བར་བསམས་ལ། སྔ་མ་ལྟར་སྔགས་བཟླ་

བ་འདི་ཡིན་ནོ། །འཆི་བ་སླུ་བ་གསུངས་ནས། སྦྱོར་བ་གཞན་བསྟན་པའི་ཕྱིར་ཤིང་ཏཱ་ལའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ག་དང་ཨོཾ་ཁ་སྦྱར་བ་ཞེས་བྱ་བ་ནི་ཏཱ་ལའི་འདབ་མ་ལ་ཚེར་མས་ཨོཾ་ག་ཆེ་གེ་མོ་སྟམྦྷ་ཧེ་ཨོཾ་ག་ཞེས་བྲི་བའོ། །བུམ་པ་ནི་བུམ་པ་ཁ་སྦྱར་བའོ། །སྤྲ་ཚིལ་ལ་སོགས་

པས་ནི་ལ་ཆ་ལ་སོགས་པ་བསྡུའོ། །འདིར་བསྒྲུབ་པར་བྱ་བ་བློ་ལ་བཞག་སྟེ། དབུགས་ནང་དུ་བསྡམས་ནས་བཅིངས་པའི་སྔགས་གང་ཡང་རུང་བ་ཟློས་ཤིང་མི་གཙང་བའི་ནང་དུ་བཅུག་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །ཡང་གསུངས་པ་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ཨརྐ་ནི་

ཉི་མའི་ཤིང་ངོ་། །ལག་པ་བཞི་དང་ལྡན་པར་བྱ། །ཞེས་བྱ་བ་ལ། ཕྱག་མཚན་ལ་སོགས་པ་ནི་མུ་སྟེགས་ཅན་གྱི་གཞུང་ལས་འབྱུང་བ་ལྟར་རོ། །ས་བོན་ནི་ཡི་གེ་གའོ། །འགུགས་པ་ནི་ཡེ་ཤེས་སེམས་དཔའ་གཞུག་པའོ། །དམ་ཚིག་སྦྱིན་པ་ནི་ཨ་ཀ་ལ་སོགས་པ་སྦྱིན་པའོ། །

เล่ม ๑๙ · หน้า 48a

སྔོན་པོ་ནི་པི་པི་ལིང་ངོ་། །སྣུན་པ་ནི་བ་རུ་རའོ། །ཆུ་ནི་བ་ལི་ཀའོ། །ཁྱིམ་གྱི་ཆུ་ནི་རང་སྐྱུར་ཀཉྫིའོ། །ལྷོར་བལྟ་བ་ནི་གཤིན་རྗེའི་ཕྱོགས་སུ་བལྟ་བའོ། །སྔགས་པ་ནི་འཆིང་བའི་སྔགས་ཟློས་པ་པོའོ། །ལྷག་མ་ནི་གོ་སླའོ། །སྟོབས་པོ་ཆེའི་སྔགས་ཀྱིས་བསྐྲད་པ་གསུངས་པ།

དུར་ཁྲོད་ཀྱི་རས་ཞེས་བྱ་བ་ལ་སོགས་པ་ལ། ཨ་བ་དྷཱུ་ཏཱིའི་རས་ནི་ཟླ་མཚན་འཛག་པའི་སྨད་དཀྲིས་སོ། །ཤ་ཟའི་ཤིང་ནི་ཨུ་དུམྦཱ་རའམ། ས་ཀོ་ཏ་ཀའམ་བ་རུ་ཏ་ཀའི་ཤིང་ངོ་། །རླུང་མཚམས་སུ་ཞེས་བྱ་བ་ལ་སོགས་པས་ནི་ལས་ཀྱི་བྱེ་བྲག་གི་ཕྱོགས་སུ་ངེས་པ་བསྟན་པ་ཡིན་ཏེ། བཅིང་བ་

ལ་ནི་དབང་ལྡན་གྱི་མཚམས་སུ་སྦ་བར་བྱའོ། །དེ་ཉིད་ཀྱིས་ན་ཆོ་ག་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུགས་སུ་འབྱུང་བའི་ཞེས་བྱ་བ་ནི་རིམ་བཞིན་དུ་བཟླ་བ་སྟེ། ཤུགས་ཀྱིས་ན་སྔར་བཟློག་སྟེ་བཟླས་པར་ཡང་བལྟའོ། །ལྡོང་རོས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་

ལག་པ་གཡོན་པས་ལྡོང་རོས་ཀྱིས་གྲོ་ག་ལ་བསྒྲུབ་བྱའི་གཟུགས་བྲིས་ཏེ། དེར་ལྷག་པར་མོས་ནས་སྙིང་གར་དབང་དུ་བྱེད་པའི་སྔགས་མིང་དང་སྤེལ་བ་བྲིས་ལ་སྤྲ་ཚིལ་གྱི་གོང་བུར་ཏིལ་མར་རམ་རྩི་མར་གྱི་མར་མེ་ལ་གཟུགས་བརྙན་བསྲོ་ཞིང་དུས་གསུམ་དུ་སྔགས་བཟླས་ན་དབང་དུ་འགྱུར་རོ། །

བསྐྲད་པ་གསུངས་པ། མཎྜལ་བྱུགས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ནི་འདིར་ཀ་ཁ་མུ་ཁི་ཞེས་བྱ་བ་ལ་སོགས་པའོ། །དགུག་པ་གསུངས་པ་བགེགས་རྣམས་བསད་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ནི་འདིར་དགུག་པའི་དབང་དུ་བྱས་པའི་སྔགས་གང་ཡང་རུང་བ་སྟེ། ལྷག་མ་ནི་

གོ་སླའོ། །གྲོང་ཁྱེར་བརྟན་པར་བྱ་བ་གསུངས་པ། ཡང་ཞེས་བྱ་བ་ལ་སོགས་པ་ལ། བརྡར་རྡོ་ནི་རྡོའི་ཁྱད་པར་རྣོན་པོའོ། །རྫ་མ་ནག་པོ་ནི་ས་ནག་པོའི་རྫ་མའོ། །རྒྱས་བཏབ་སྟེ་ཞེས་བྱ་བ་ནི་དེའི་སྟེང་དུ་འཇིམ་པ་ནག་པོས་བཀབ་ལ་དབང་དུ་བྱ་བའི་སྔགས་བཟླས་པའི་ལག་པས་རྒྱས་གདབ་པའོ། །སྟོང་

རྩ་བརྒྱད་བཟླ་ཞེས་བྱ་བ་ནི་དབང་དུ་བྱེད་པའི་སྔགས་སམ་གཞན་རྐང་པ་བརྒྱད་པའོ། །གྲོང་ཁྱེར་བ་བྲོས་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བཟླས་ན་ཞེས་བྱ་བ་ནི་དགུག་པའི་ཧཱུཾ་མཛད་ཀྱི་སྔགས་སམ། རྐང་པ་བརྒྱད་པའམ། ཀ་ར་ཀ་ར་ལ་སོགས་པའོ། །བུ་རམ་ལ་བཟླས་ཏེ་ཞེས་བྱ་བ་ནི། ཨོཾ་

เล่ม ๑๙ · หน้า 48b

ཨིནྡྲེ་ཧ་ཞེས་བྱ་བའི་སྔགས་སམ་སྟོབས་པོ་ཆེའི་སྔགས་ལ་སོགས་པའོ། །རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ཞེས་བྱ་བ་ནི་ལག་པ་ལ་གོས་པ་ཕྱིས་པ་ཡིན་གྱི་ལག་པས་བླངས་པ་ཙམ་ནི་མ་ཡིན་ནོ། །ཇི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱིས་བྱ་བ་སྟེ་གོ་སླའོ། །ཉི་ཤུའི་

ཕྱེད་ཀྱི་རྫས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་ཞེས་གྲགས་པ་བཞི་པོ་རྡོ་རྗེའི་དྲི་མ་དང་བཅས་པ་ལྔ་དང་། གོ་ཀུ་ད་ཧ་ན་ཞེས་བྱ་བར་གྲགས་པ་ལྔ་སྟེ་བཅུའོ། །ཁ་ཅིག་ནི་སྐྱུག་པ་དང་བཅུའོ་ཞེས་ཟེར་རོ། །ཁ་ཅིག་ནི་གུར་

ཀུམ་མོ། །འདིར་ཡང་རྐང་པ་བརྒྱད་པའི་སྔགས་སམ། དབང་དུ་བྱེད་པའི་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །མ་ལ་ཡ་སྐྱེས་ཞེས་བྱ་བ་ནི་ཙནྡན་ནོ། །དམར་པོ་ཞེས་བྱ་བ་ནི་ཡང་གུར་ཀུམ་མོ། །ནད་ཀྱི་དབང་པོ་ནི་རུ་རྟའོ། །འཚོ་བྱེད་ནི་ཡུང་བའོ། །ལྷག་མ་ནི་གོ་སླའོ། །རྩ་སྔགས་

ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་སོ། །དེ་ནི་འདི་སྐད་དུ། རྩ་བའི་སྔགས་འབུམ་དུ་བཟླས་ན་སྔགས་གཞན་དག་གིས་ཀྱང་སྔར་མ་བཟླས་བཞིན་དུ་གྲུབ་པོ་ཞེས་སྟོན་ཏོ། །དེ་འོག་ལས་རྣམས་བརྩམ་པར་བྱ། །ཞེས་པ་ནི་མ་བཟླས་བཞིན་དུ་ཡང་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ཉིད་ཀྱིས་ན་

གཞན་དུ་ཞེས་བྱ་བ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་སྔགས་ཀྱི་གཙོ་བོ་མ་བཟླས་པར་ལས་རྣམས་བརྩམས་ན་དངོས་གྲུབ་ཏུ་མི་འགྱུར་བས་དམ་པའི་ཆོས་ལ་བརྙས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ཚད་མར་སྟོན་ཏེ། གཞན་དུ་ན་འཆད་པ་པོར་འགྱུར་རོ། ལས་ཐམས་ཅད་ནི་ཆར་

དབབ་པ་ལ་སོགས་པའི་སྒྲུབ་ཐབས་ཀྱི་མཚན་ཉིད་དོ། །ཚོགས་ནི་རབ་ཏུ་རྒྱས་པའོ། །འབྱུང་བ་ནི་སྐྱེ་བ་སྟེ། དེ་རྣམས་གང་ནས་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བ་ནི་གསལ་བར་བྱེད་པ་སྟེ། ཅི་ཞིག་ཅེ་ན། ཆོ་ག་སྟེ་ལས་རྣམས་ཀྱི་སྔགས་ཀྱི་ཚོགས་སོ། །རྒྱས་པ་ནི་སྐད་སྣ་ཚོགས་ཀྱི་

ཉེ་བར་གཞག་པའི་དོན་དེ་སྟོན་པར་བྱེད་པའི་གཞུང་ཚིག་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།ད་ནི་ཕྱག་བརྒྱད་པའི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱི་

เล่ม ๑๙ · หน้า 49a

ལས་རྒྱས་པ་བསྟན་པར་བྱ་བའི་ཕྱིར། །ལེའུ་ལྔ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྣལ་འབྱོར་མ་ངེས་པའི་ལས་རྒྱས་པ་བསྟན་པའི་འོག་ཏུའོ། །མཁའ་དབྱིངས་དབུས་གྱུར་པ་ཞེས་བྱ་བ་ནི་སྔར་གསུངས་པའི་སྒྲུབ་ཐབས་ཀྱིས་རིམ་གྱིས་བསྐྱེད་

པའི་ཁང་བུ་བརྩེགས་པའི་ནང་གི་ནམ་མཁར་རོ། །ཉི་མའི་དཀྱིལ་འཁོར་ནི་རཾ་གྲུ་གསུམ་ལས་བསྐྱེད་པའོ། །ཅི་འདྲ་ཞེ་ན། དཔག་མེད་ཅེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་ཀླུའི་ཚོགས་སོ། །གང་གི་འོད་ཟེར་ཀླུའི་གཟུགས་ཀྱིས་ཕྱོགས་མཚམས་ཀྱི་ནམ་མཁའ་ཁྱབ་པར་འཕྲོ་བ་དེ་ལ་དེ་སྐད་

ཅེས་བྱའོ། །འདིས་ནི་ཡི་དགས་ཀྱི་སྟེང་དུ་ཉི་མའི་སྟན་ལ་ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་རཾ་ལས་བྱུང་བའི་ཉི་མ་སྔར་བཤད་པའི་མཚན་ཉིད་ཅན་བལྟ་བར་བྱའོ་ཞེས་སྟོན་ཏོ། །རང་གི་ས་བོན་མཚན་མ་ནི། །ཞེས་བྱ་བ་ནི་

དེར་ཧཱུྃ་གིས་བསྐྱེད་པའི་རྡོ་རྗེའི་ལྟེ་བར་དེ་ཉིད་ཧཱུྃ་གིས་མཚན་པའོ། །ཅི་འདྲ་ཞེ་ན། ཉི་མ་སྟོང་པས་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་རྣོན་པོ་ཞེས་བྱ་བ་ནི་ཀླུ་རིགས་ལྡན་གྱིས་མཚན་པའི་རྡོ་རྗེའི་མཚན་མ་ལས་འཕྲོས་པའི་འོད་ཀྱི་ཚོགས་དེ་ཀླུ་དང་བཅས་པས་ན་རྣོན་པོའོ། །བདུད་སྡེ་ནི་

ཉོན་མོངས་པའི་བདུད་དང་ཕུང་པོའི་བདུད་ལ་སོགས་པའོ། །བསྲེགས་ནས་ཞུ་བ་ལས་ནི་སྐུར་བཞེངས་སོ་ཞེས་བྱ་བ་དང་སྦྱར་ཏེ། ཇི་ལྟ་ཞེ་ན། དེ་བསྡུས་གོང་བུའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་དེ་ནི་དེ་དག་སྟེ་ཟླ་བ་ལ་སོགས་པའོ། །བསྡུས་པ་ནི་འོད་ཟེར་འཕྲོ་བ་བསྡུས་ནས་གཅིག་ཏུ་བྱས་

པ་སྟེ། ཟླ་བ་ལ་སོགས་པ་དེ་དག་འདུས་ཤིང་ཞུ་བ་ལས་གྱུར་པ་ནི་གོང་བུའོ། །དེ་ཉིད་ནི་སྦྱོར་བ་སྟེ། རོ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཅི་འདྲ་ཞེ་ན། སྐུ་མདོག་ཅེས་བྱ་བ་ལ་སོགས་པ་སྟོན་ཏེ་གོ་སླའོ། །ཡང་ཅི་འདྲ་ཞེ་ན། ལྷག་གེར་བཞད་ཆེན་ཞེས་བྱ་བ་ལ་སོགས་པ་

སྟེ། ལྷག་གེར་བཞད་པ་ནི་ཧ་ཧར་བཞད་པའོ། །བཞད་པའི་ཚེམས་ཀྱི་འོད་ཀྱིས་བླ་རེ་གྱེན་དུ་འདེགས་པའི་ལྷ་མོའི་དཀྱིལ་འཁོར་དེ་ལ་དེ་སྐད་ཅེས་བྱ་སྟེ། ལྷ་མོ་དེ་གང་དག་ཡིན་ཞེ་ན། ལྟུང་བྱེད་མ་ལ་སོགས་པའོ། །རྒྱུན་ཆག་ནི་ལྷ་མོ་དེ་དག་གཟུགས་གཞན་དང་གཞན་གྱིས་ཡུན་རིང་

เล่ม ๑๙ · หน้า 49b

དུ་གནས་པའོ། །མཐའ་ནི་འཁོར་ལོའི་མཐའ་འམ་བླ་རེའི་མཐའ་སྟེ། དེར་གནས་པའི་ངང་ཚུལ་ཅན་གྱི་ལྷ་མོ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདིས་ནི་བསྒོམ་པ་ལ་ཡང་རི་མོ་དང་འདྲ་བར་དཀྱིལ་འཁོར་ལ་བླ་རེ་བྲེ་བར་ཤེས་པར་བྱའོ། །ད་ནི་བཅོམ་ལྡན་འདས་ཀྱི་ཞལ་དང་མདོག་ལ་སོགས་པའི་ངེས་

པ་གསུངས་པ། སླར་ཡང་འོད་ལྡན་ཕྱག་བཞི་བཞི། །ཞེས་བྱ་བ་ལ་སོགས་པ་ལ། ཕྱག་བཞི་དང་སླར་ཡང་བཞི་ཞེས་བྱ་བར་སྦྱར་ཏེ། དེ་ལྟར་ན་ཕྱག་བརྒྱད་དོ། །དེ་དག་ཀྱང་སྒྱུ་མ་ཆེན་མོས་གང་གི་ཐོང་ཀ་མཛེས་པར་བྱས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྱུ་མ་ཆེན་མོ་ནི་སྔར་བསྟན་པའི་གཟུགས་

ཅན་གྱི་རྡོ་རྗེ་མཁའ་འགྲོ་མའོ། །ཡང་ན་སླར་ཡང་ཞེས་བྱ་བའི་སྒྲ་ནི་བཅོམ་ལྡན་འདས་ཀྱི་ཁྱད་པར་ལ་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཕྱག་བཞི་བཞིས་སྒྱུ་མ་ཆེན་མོའི་ཐོང་ཀ་མཛེས་པར་བྱས་པའོ། །ཡང་ཅི་འདྲ་ཞེ་ན། རྒྱལ་བ་རྣམ་པར་གྲོལ་བའི་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་རྣམ་པར་

གྲོལ་བ་ཞེས་བྱ་བར་སྦྱར་རོ། །འདིར་རྒྱལ་བ་ནི་སྟག་གི་པགས་པ་སྟེ། ཛི་ནཱཾ་བ་ར་དྷ་རཱ་ཡ་ཞེས་སྔགས་ལ་ཟེར་བའི་ཕྱིར་རོ། །དེ་ཉིད་དྲི་མ་སྟེ་དེ་ཉིད་འགོ་བ་ཡིན་པས་ན་དྲི་མ་དང་ཆོས་མཐུན་པའི་ཕྱིར་རོ། །མུ་ཏིག་ནི་གྲོལ་བ་སྟེ་རྣམ་པར་གྲོལ་བས་ན་གྲོལ་བའོ། །ཧ་ར་ནི་ཕྲོགས་པ་སྟེ་དེ་དག་ནི་རྣམ་

གྲངས་སོ། །དེ་ཅི་འདྲ་ཞེ་ན། རྒྱུན་ཞེས་བྱ་བ་སྟེ། ཆུ་བོ་གངྒཱའི་རྒྱུན་ལྟར་དྲི་མ་མེད་ཅིང་དང་བའོ། །ཁ་བ་མཆོག་གི་ཟེར་ཚོགས་འཁྲུ། །ཞེས་བྱ་བ་ལ། ཁ་བ་མཆོག་གི་ཟེར་ཚོགས་དང་འདྲ་བས་ན་ཁ་བ་མཆོག་གི་ཟེར་ཚོགས་ཏེ། མགོ་བོའི་སྟེང་ན་གནས་པའི་ཟླ་བ་ཚེས་པའོ། །འཁྲུ་བ་ནི་དེའི་འོད་

ཆུ་ལྟར་བསིལ་བས་གསལ་བའོ། །ཉིས་འགྱུར་ནི་འོད་དེ་དང་ཧ་ཧར་བཞད་པའི་ཚེམས་ཀྱི་འོད་འདུས་པས་གསལ་བའོ། །ཡང་ན་ནམ་མཁའ་ལ་གནས་པའི་ཟླ་བ་དང་སྐར་མ་ལ་སོགས་པ་དང་། ཟླ་བ་དེ་ཉིད་ཉེ་བར་གྱུར་པས་འོད་ལྷག་པར་གསལ་བའོ། །ཡང་ཅི་འདྲ་ཞེ་ན། ཞབས་

གཉིས་རི་ཆེན་ལ་བཞུགས་བསྐྱོད། །ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་རི་བོ་ཆེན་པོའི་སྟེང་དུ་གར་མཛད་པས་རི་བོ་འཁྲོག་ཅིང་ལྡེག་ལ་དེས་ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་བརྩེགས་ཀྱི་མཐའ་སྟེ། འོག་གཞིའི་བར་དུ་ཀུན་དུ་བསྐྱོད་ཅིང་འཁྲུགས་པའོ། །རྣམ་པར་

เล่ม ๑๙ · หน้า 50a

རྒྱལ་བ་ཞེས་བྱ་བ་ནི་གྲགས་པའོ། །རྒྱུན་ནི་གཅིག་ནས་གཅིག་ཏུ་འཇུག་པ་སྟེ། དེ་ལྟར་བསྐྱོད་པ་དེས་གཅིག་ནས་གཅིག་ཏུ་ས་གསུམ་པོ་མ་ལུས་པར་གྲགས་པས་ཡོངས་སུ་གང་བར་གྱུར་པའོ། །འབྱུང་འཇུག་དབུགས་ནི་ཞེས་བྱ་བ་ལ། བཅོམ་ལྡན་འདས་

གར་མཛད་པའི་དབུགས་དབྱུང་བ་དང་རྔུབ་པའི་སྒྲའི་ཚོགས་གསང་མཐོན་པོས་བཅོམ་པས་ས་གསུམ་པོ་རབ་ཏུ་གཡོས་པ་དང་། ཁྱད་པར་དེས་ས་གསུམ་གྱི་སྐྱེ་བོ་ཕ་རོལ་པོ་རྣམས་ཀྱི་དཔུང་གི་སེམས་རབ་ཏུ་གཡེངས་པའོ། །མཚོན་ཆ་སྣ་ཚོགས་འཕངས་པས་ཁྱབ། །ཅེས་བྱ་བ་ནི་

བཅོམ་ལྡན་འདས་ཀྱི་མཚོན་ཆ་འཕངས་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པའོ། །ཡང་ན་མཚོན་ཆ་ལྟར་བཟོད་པར་དཀའ་བས་ན་མཚོན་ཆ་སྟེ། བཅོམ་ལྡན་འདས་ཀྱི་མཐུའོ། །ད་ནི་ཞལ་གྱི་མདོག་གསུངས་པ། །མུན་པའི་ཚོགས་ཀྱིས་གཏིབས་པ་བཞིན། །ཞེས་བྱ་བ་ལ་སོགས་

པ་ལ། གཏིབས་པ་ནི་འཐིབས་ཤིང་མཐུག་པའོ། །བཞིན་ཞེས་བྱ་བ་ནི་འདྲ་བ་སྟེ། ཅི་ཞིག་ཅེ་ན། ལྷའི་ཕྱོགས་ཞེས་བྱ་བ་དང་སྦྱར་ཏེ། ཤར་ཕྱོགས་ཀྱི་ཞལ་ལོ། །བཅོམ་ལྡན་འདས་ཀྱི་འོད་སྟེང་དུ་འཕྲོས་པ་གསུངས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྟེང་གི་ནམ་མཁའ་

ལ་གནས་པས་ནམ་མཁའ་ན་གནས་པའི་ལྷ་རྣམས་ཏེ་གནས་གཙང་མའི་བར་དུའོ། །འབྱུང་པོའི་བདག་པོ་ནི་བདེ་བྱེད་དོ། །གྲིབ་མའི་མཐའ་ནི་འོད་ཀྱི་ཉེ་འཁོར་རོ། །རྐང་པ་ནི་ལྷ་རྣམས་ཀྱི་རྐང་པ་སྟེ། དེས་འོད་ཀྱི་ཉེ་འཁོར་དེར་ཉེ་བར་མི་བཟོད་ཅིང་བཟོད་པར་མི་ནུས་པའི་ངང་ཚུལ་ཅན་དེ་ལ་དེ་སྐད་ཅེས་

བྱ་སྟེ། རང་གི་ཚིག་ལ་ཏ་ལ་དང་ན་དའི་རྐྱེན་ཅན་ཡིན་ནོ། །ཁ་ཅིག་ན་རེ་རྐང་པ་ནི་བཅོམ་ལྡན་འདས་ཀྱི་རྐང་པ་སྟེ། དེའི་འོད་མུན་པའི་ཚོགས་ཀྱིས་གཏིབས་པ་བཞིན་ཞེས་བྱ་བ་དང་སྦྱར་རོ་ཞེས་ཟེར་རོ། །བཅོམ་ལྡན་འདས་ཀྱི་འོད་གླིང་བཞིར་འཕྲོས་པ་གསུངས་པ། བགེགས་ཀྱི་

ཚོགས་གཞན་སྒྱུ་ཅན་དང་། །ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་ཅན་ནི་སྐྱེ་བོ་གཡོན་ཅན་རྣམས་སོ། །ལྷ་ནི་ལྷའི་སྐྱེ་གནས་སུ་སྐྱེས་པ་རྣམས་སོ། །དཔག་ཚད་འབུམ་ནི་ཉེ་བར་མཚོན་པ་སྟེ། དཔག་ཚད་འབུམ་ཕྲག་དུ་མ་གཟུང་བར་བྱའོ། །མཐའ་ནི་རྩེ་མོ་སྟེ་འོད་ཀྱི་ཕྱི་རོལ་གྱི་

เล่ม ๑๙ · หน้า 50b

རྩོ་མོའོ། །ཕྱི་རོལ་ན་གནས་པ་དེ་རྣམས་ཀྱིས་ཇི་ལྟར་མཐོང་ཞེ་ན། རྡུལ་ལམ་དུ་བ་ཞེས་བྱ་བ་ལ་སོགས་པ་ལ། འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཐག་རིང་པོ་ན་གནས་སུ་ཟིན་ཀྱང་འོད་དེ་ནི་རྡུལ་ལམ་དུ་བའི་ཚོགས་ལྟར་བལྟ་དཀའོ། །བདག་ཉིད་ཀྱང་ཅུང་ཟད་འོད་ཀྱི་ལུས་ཅན་ཏེ། ཁ་ཅིག་ཙམ་

ཅུང་ཟད་ལམ་དུ་སྣང་བའོ། །ཡོད་མེད་དེ་ནི་ལྷ་ཡི་ཕྱོགས། །ཞེས་བྱ་བ་ལ་སོགས་པ་ལ་རང་གི་ལུས་དེ་རྣམས་རི་མོར་བྲིས་པའི་ལུས་ལྟར་ཅུང་ཟད་ཙམ་སྣང་བས་ཡོད་པ་ཡིན་ལ། རིང་ན་གནས་སུ་ཟིན་ཀྱང་བཅོམ་ལྡན་འདས་ཀྱི་འོད་ཀྱིས་འཇིགས་སྐྲག་ནས་བྱ་བ་རྣམས་ལ་རྨོངས་ཏེ་

བྱ་བ་བྱེད་མི་ནུས་པས་ན་མེད་པའོ། །ལྷའི་ཕྱོགས་ཞེས་བྱ་བ་ལ། ལྷ་ནི་བརྒྱ་བྱིན་ཡིན་ལ་དེའི་ཕྱོགས་ནི་ཤར་ཕྱོགས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་ཤར་དུ་གཟིགས་པ་དེ་ལ་ཡུལ་གྱི་མིང་བཏགས་ནས་དེ་སྐད་ཅེས་བྱ་སྟེ། མུན་པའི་ཚོགས་ཀྱིས་གཏིབས་པ་དང་ཞེས་བྱ་བ་ལ་སོགས་པ་

དང་འབྲེལ་ཏོ། །པདྨ་རཱ་ག་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དམར་བས་ན་པདྨ་རཱ་ག་ལྟ་བུ་སྟེ། འོད་ཟེར་གྱི་ཚོགས་ནི་ཕུང་པོའོ། །མ་ལུས་པས་ནི་ལུས་པ་མེད་པའི་ཚིག་གི་ཕྲད་དོ། །སྲེག་པ་སྙམ་སེམས་པ་ནི་བཅོམ་ལྡན་འདས་ཀྱི་འོད་ཀྱི་དྲ་བ་དེ་མེ་ལྟར་བལྟ་དཀའ་བའི་ཕྱིར་རོ། །

སྤུངས་པ་ནི་མང་པོ་གཅིག་ཏུ་སྤུངས་པའོ། །རིགས་གསུམ་ནི་ས་གསུམ་མོ། །བྱུང་བ་ནི་སྐྱེས་པ་སྟེ། ཀུན་ནས་ལྷགས་པ་ནི་འདུས་པའོ། །ངོ་མཚར་དུ་གྱུར་པ་ནི་རྨད་དུ་གྱུར་པའོ། །ཅིའི་ཕྱིར་ཞེ་ན་འོད་གཟུགས་དེས་ནི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཉིད་གཟུགས་

དེ་དག་ལ་འཇུག་པར་བྱེད་པའི་ཕྱིར་རོ། །ཉི་མ་སྟོང་བས་ལྷག་པ་ནི་འོད་དེ་ཉིད་ཀྱི་ཁྱད་པར་ཏེ། དེས་སད་ཅིང་རྟོགས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕཊ་སྒྲ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱི་ཞལ་ནས་བྱུང་བའི་འོད་མེ་ལྕེ་ལྟར་སྲེག་པ་གང་ལ་ཕཊ་དང་

འདྲ་བའི་སྒྲ་ཆེན་པོ་བསྒྱིངས་ཤིང་མང་པོར་གྲགས་པས་སྐྲག་པར་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཡས་ཞལ་ནི་གཡས་ཀྱི་ཕྱོགས་ཀྱི་ཞལ་ལོ། །ཁ་བའི་སྙིང་པོ་ནི་སེར་བ་སྟེ་སྤུངས་པ་ནི་ཚོགས་སོ། །ཤེལ་དང་བཻ་ཌཱུར་རྡོ་ཞེས་བྱ་བ་ནི་ཤེལ་དང་རྡོ་སྟེ་རྙོག་པ་མེད་པ་ནི་

เล่ม ๑๙ · หน้า 51a

འོད་དེ་བཞིན་དུ་གསལ་བའི་ཕྱིར་རོ། །གདེངས་ཀའི་བར་ཞེས་བྱ་བ་ནི་འོག་ན་གནས་པའི་ཀླུ་ཡུལ་གྱི་བར་དུ་གསལ་བར་བྱས་པའོ། །དེ་ཅི་འདྲ་ཞེ་ན། དཔེ་གསུངས་པ། རང་གི་ཆུ་རྒྱུན་འབབ་པ་བཞིན་ཏེ། འོ་མའི་ཚོགས་ཀྱི་ཆུ་རྒྱུན་ལྟར་དྲི་མ་མེད་པའོ། །དེ་ཉིད་ནི་

རྒྱལ་བ་སྟེ་མ་ལུས་པའི་བདུད་ལས་རྒྱལ་བའི་ཕྱིར་རོ། །རིགས་ནི་ཁྲོ་བོའོ། །ཀུན་ནི་ཚོགས་སོ། །གསལ་བ་ནི་འཕྲོ་བའོ། །ནུབ་ཅེས་བྱ་བ་ནི་ཞལ་དུ་ཤེས་པར་བྱའོ། །འདིར་ཡང་། མུན་པའི་ཚོགས་ནི་གཏིབས་པ་བཞིན། །ཞེས་བྱ་བ་དང་སྦྱར་རོ། །གསེར་བཙོས་འདྲ་ཞེས་བྱ་བ་ནི་ཤིན་ཏུ་

སེར་བར་སྟོན་ཏོ། །མེ་འབར་སོལ་བ་ཞེས་བྱ་བ་ནི་ལྕགས་ཀྱི་སེའུ་ཁ་འཚོད་པར་བྱེད་པའི་སོལ་བའི་ཕུང་པོའོ། །ཉི་མ་འཆར་ཀའི་འོད་འདྲ་བ། །ཞེས་བྱ་བ་ལ། འཆར་ཀ་ནི་གསར་དུ་འཆར་བ་སྟེ། ཇི་ལྟར་ཉི་མ་གཞོན་ནུ་འཆར་བའི་འོད་རྣོ་ཞིང་ཤིན་ཏུ་སེར་བ་ལྟ་བུའི་མདངས་ཡོད་པ་དེ་ལ་དེ་

སྐད་ཅེས་བྱའོ། །གཟུགས་ཞེས་བྱ་བ་ལ་གསལ་ཞིང་བཀྲ་བས་ན་གཟུགས་ཏེ་དྲག་པོ་ཆེན་པོར་སྟོན་པའི་ཕྱིར་རོ། །སྐར་མདའི་འོད་ལྟར་ལྡིང་ཞིང་འཁྲུག །ཅེས་བྱ་བ་ནི་ཇི་ལྟར་སྐར་མདའ་ཐང་ལ་བབས་པའི་འོད་མང་དུ་འཕྲོ་ཞིང་འཚེར་བ་ལྟར་ཤིན་ཏུ་འཁྲུག་ཅིང་བལྟ་དཀའོ། །གཟུང་

བར་དཀའ་བ་ནི་མེ་ལྕེ་ལྟ་བུ་ཡིན་པའི་ཕྱིར་ཏེ། འདི་ལྟར་འཇིག་པའི་དུས་ཀྱི་མེ་ལྕེ་གཅིག་ཏུ་འཁྱིལ་བ་ལྟར་གཟུགས་གཟུང་བར་དཀའོ། །དེ་ལྟ་བུའི་ཞལ་བཞི་དང་ལྡན་པའི་བཅོམ་ལྡན་འདས་གང་ན་བཞུགས་ཤེ་ན། དཔག་ཚད་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་མདའ་ནི་རྡོ་རྗེའི་

ཚོགས་སོ། །དྲ་བ་ཆེན་པོ་ནི་ཕྱིར་ཆེན་པོའོ། །བཅིངས་པ་ནི་བསྐོར་བ་སྟེ་དེ་ན་བཞུགས་པའོ། །འཁོར་ལོ་ནི་ལྷའི་ཁྱད་པར་དེ་གང་ཞེ་ན། ཁྭ་གདོང་མ་ལ་སོགས་པའོ། །ཅི་འདྲ་ཞེ་ན། སོ་སོའི་བ་སྤུ་རེ་རེའི་ཁུང་ནས་ཀྱང་ཞེས་བྱ་བ་ལ། དེ་དག་རེ་རེའི་བ་སྤུའི་ཁུང་ནས་ཏེ། བ་སྤུའི་བུ་ག་དང་

སྙིང་པོ་ལས་རི་རབ་ཀྱི་རྡུལ་དང་མཚུངས་པའི་མཁའ་འགྲོ་མའི་འཁོར་ལོ་འཕྲོ་བ་ཡོད་པའོ། །སྤྲོ་བ་དེ་ཅི་ཞིག་ཡིན་ཞེ་ན། རྡོ་རྗེ་གསུམ་གྱི་རང་བཞིན་རྣམས་ཏེ། དེ་དག་གི་བློའི་བྱེ་བྲག་བཞིན་དུ་ཆོས་ཉིད་རྟོགས་པར་མཛད་པའོ། །དེ་ལ་རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པ་སྟེ། དེ་རྣམས་

เล่ม ๑๙ · หน้า 51b

ཀྱི་རང་བཞིན་ནི་རང་བཞིན་མེད་པ་སྟེ། ནམ་མཁའ་གསལ་མཛད་ཅེས་བྱ་བ་ནི་ནམ་མཁའ་ལྟར་འོད་གསལ་བར་སྟོན་ཏོ། །དེ་ཡང་གསུངས་པ། སྐུ་མི་འགྱུར་བ་མ་སྐྱེས་པ། །གསུང་དང་ཐུགས་ཀྱང་མཚན་མ་མེད། །ནམ་མཁའ་རྡོ་རྗེ་རྟོག་ལས་བྱུང་། །ལོག་པར་བཟུང་བས་ཟིན་པ་

ཡིན། །ཞེས་སོ། །དེ་ལྟར་སྔགས་པས་རྣམ་བསམ་བྱ། །ཞེས་བྱ་བ་ནི་སྔགས་པས་ཆོས་ཉིད་དེ་ལྟ་བུ་བསམས་ནས་འོག་ནས་འབྱུང་བའི་སྒྲུབ་ཐབས་ཀྱི་རིམ་གྱིས་བསྒྲུབ་པར་བྱ་བའི་དོན་ཏོ། །མཁའ་འགྲོ་ཉི་ཤུ་བཞི་ཕྱེད་བསྐོར། །ཞེས་བྱ་བ་ནི་བཅུ་གཉིས་ཀྱིས་བསྐོར་བ་སྟེ། འདི་

ལྟར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ནི་བཅོམ་ལྡན་འདས་སོ། །འདབ་མ་རྣམས་ལ་ནི་ལྟུང་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ། །དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་ཁྲ་གདོང་མ་ལ་སོགས་པའོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་

ནི་གཤིན་རྗེ་བརྟན་མ་ལ་སོགས་པ་སྟེ། དེ་དག་གི་མདོག་དང་མཚན་མ་ལ་སོགས་པ་ནི་འོག་ནས་སྟོན་ཏོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་མཐའ་ཡས་ལ་སོགས་པ་ཀླུ་བརྒྱད་སྔར་བསྟན་པའི་གཟུགས་ཅན་རྣམས་ཁྭ་གདོང་མ་

ལ་སོགས་པ་རྣམས་ཀྱི་གདན་དུ་བལྟ་བར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་བསམ་གཏན་སྔོན་དུ་འགྲོ་བས། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་ཇི་སྐད་བསྟན་པ་བཞིན་དུ་འགྱུར་རོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་ཏེ། རྟ་བླ་མོ་ཞེས་བྱ་

བ་ནི་སྲོག་ཆགས་ཀྱི་ཁྱད་པར་གང་དཀྱུས་རིང་ཞིང་མདོག་དམར་ལ་རྐང་པ་མང་བ་ཞིག་གོ། །དེ་ཡང་ཁ་ན་མ་ཐོ་བ་མེད་པར་རྙེད་པ་དེ་འདིར་གཟུང་ངོ་། །རས་ཀྱིས་གཡོགས་ཏེ་བཏགས་ཞེས་བྱ་བ་ལ། རས་ཀྱིས་གཡོགས་པ་ནི་སྐམ་པའི་དོན་ཏེ། རས་ཀྱིས་གཡོགས་ནས་

བསྐམས་ལ་བཏགས་པའོ། །ལི་ཁྲི་དང་བསྲེས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྙེད་པའི་ལི་ཁྲི་དང་ལྷན་ཅིག་ཏུ་བྱས་ཏེ་ཀླུའི་གཟུགས་བྱ་བའོ། །ཀླུའི་གཟུགས་དེ་ཡང་ཟླ་བའི་གོ་རིམས་དང་རྗེས་སུ་མཐུན་པའི་གཟུགས་བྱས་ཏེ་དེ་ཡང་གསུངས་པ། དབྱར་ཟླ་ཐ་ཆུངས་

เล่ม ๑๙ · หน้า 52a

སྟོབས་ཀྱི་རྒྱུ། །སྟོན་ཟླ་ར་བ་དུང་སྐྱོང་སྟེ། །སྟོན་ཟླ་འབྲིང་ལ་འཇོག་པོ་ཡིན། །སྟོན་ཟླ་ཐ་ཆུངས་ནོར་རྒྱས་བུ། །ཞེས་བྱ་བ་ལ་སོགས་པ་གཞན་ཡང་རིམ་པ་བཞིན་དུ་སོ་སོར་འབེབས་པར་བྱེད་པ་ཡིན་ནོ། །དེའི་ཁང་པ་ནི་གནས་ཏེ་ཚོན་སྣ་ལྔས་རྟ་བབས་མེད་པར་གྲུ་བཞི་ལ་

སོགས་པར་བྲི་བའོ། །དེ་ཡང་ཚོན་རྩི་རྣམས་ཀླུའི་མདོག་དང་རྗེས་སུ་མཐུན་པར་དགྱེ་བའོ། །ཉའི་གདོང་པ་ཞེས་བྱ་བ་ནི་རོ་ཧི་ཏའི་གདོང་པའོ། །རས་ཁ་དོག་སྣ་ཚོགས་པས་གཡོགས་ཞེས་བྱ་བ་ནི་དུས་ཀྱི་རྗེས་སུ་འབྲང་བའི་ཀླུའི་ཁ་དོག་བཞིན་དུ་གོས་ཀྱི་ཁ་དོག་ཐ་དད་པར་བྱ་བའོ། །སྔགས་

ཞེས་བྱ་བ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་སོ། །འདོད་པ་ཐམས་ཅད་པའི་གཏོར་མ་ཞེས་བྱ་བ་ལ། གཟུགས་དང་སྒྲ་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱིས་བརྒྱན་པའི་གཏོར་མ་སྟེ། དེ་ལ་གར་ལ་སོགས་པ་ནི་གཟུགས་སོ། །གླུ་ལ་སོགས་པ་ནི་སྒྲའོ། །སྤོས་ལ་སོགས་

པ་ནི་དྲིའོ། །འོ་མ་ལ་སོགས་པ་ནི་རོའོ། །གོས་དང་བ་དན་ལ་སོགས་པ་ནི་རེག་བྱ་སྟེ། དེ་དག་ཀྱང་སྔགས་སྔ་མ་ཉིད་དམ། ཨོཾ་ནཱཾ་ཕཊ་ཅེས་བྱ་བས་སྦྱིན་ནོ། །རིག་པ་འཛིན་པ་ཞེས་བྱ་བ་ལ། རིག་པ་ནི་ཀ་ར་ཀ་ར་ལ་སོགས་པ་དང་། རྐང་པ་བརྒྱད་པའི་སྔགས་ཏེ། དེ་མང་དུ་ཟློས་པའི་སྒྲུབ་པ་

པོ་ནི་རིག་པ་འཛིན་པའོ། །ས་ཕྱོགས་ཞེས་བྱ་བ་ནི་ཀླུའི་གནས་ཀྱི་ཉེ་འཁོར་རོ། །ཡང་ན་རང་གི་གནས་ཀྱི་ཉེ་འཁོར་ཏེ། དེ་རླུང་ལ་སོགས་པ་བཟློག་པའོ། །ལྷག་མ་ནི་གོ་སླའོ། །སྦྱོར་བ་གཞན་གསུངས་པ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ལ་དགྲ་ཐམས་ཅད་ནི་ཉེ་བ་ལ་སོགས་པ་རྣམས་

སོ། །འགྲན་ཟླ་ནི་སྲིད་དམ་ནོར་གཅིག་ལ་རྟོགས་པ་རྣམས་སོ། །སྡང་བའི་གྲོགས་པོ་ནི་མཛའ་བཤེས་ལ་སྡང་བ་རྣམས་སོ། །སྡང་བའི་ཕྱོགས་བྱེད་པ་ནི་དགྲ་བོའི་མཛའ་བཤེས་སོ། །ལྷག་མ་ནི་གོ་སླའོ། །རྟ་བླ་མོ་དེ་ཉིད་ཅེས་བྱ་བ་ནི་གྲིབ་མ་ལ་སྐམ་ཞིང་ལི་ཁྲི་དང་བཅས་པ་དེ་ཉིད་དོ། །ཁ་

ཅིག་ན་རེ་ནི་ཀླུའི་རྟ་བླ་མོ་དེ་ཉིད་དོ་ཞེས་ཟེར་རོ། །ཐལ་བ་དང་བསྒོ་ཞེས་བྱ་བ་ལ་བསྒོ་བ་ནི་དུག་དང་ནིམ་པའི་ལོ་མའི་ཁུ་བ་ལ་སོགས་པས་བསྒོ་བའོ། །སྐྱེས་པའམ་བུད་མེད་ཀྱིས་ཞེས་བྱ་བ་ནི་གཉིས་པའི་དོན་གྱིས་དྲུག་པ་ཡིན་ནོ། །ཁྲོ་བོ་ཆེན་པོའི་སྔགས་ནི་ཀ་ར་ཀ་ར་ལ་སོགས་པ་དང་། རྐང་

เล่ม ๑๙ · หน้า 52b

པ་བརྒྱད་པའི་སྔགས་ཏེ་བསད་པ་ལ་སོགས་པ་དང་། སྤེལ་བ་ནི་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། །རིག་པ་འཛིན་པ་ནི་རྣལ་འབྱོར་པའོ། །བརྒྱ་རྩ་བརྒྱད་བཟླས་པས་ཞེས་བྱ་བ་ནི་སྔགས་དེ་ཉིད་དོ། །ཁྲག་ནི་རང་གི་སྲིན་ལག་གི་ཁྲག་གོ། །ལྷག་མ་ནི་གོ་སླའོ་ཞེས་བྱ་བ་ནི་རིམ་པ་ངེས་

སོ། །ཀླུ་ཐམས་ཅད་དགུག་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ་གསད་པ་ལ་སོགས་པ་ནི་ཡང་ངོ་། །ཆོ་ག་རྒྱས་པ་ནི་བྱ་བ་སྤྲོས་པའོ། །དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་ལྔ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་

བཤད་པ་ལས་ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།ད་ནི་གླུའི་སྔགས་བཏུ་བ་ལ་སོགས་པ་བསྟན་པའི་ཕྱིར་ལེའུ་དྲུག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གླུའི་སྔགས་ཞེས་བྱ་བ་ནི། གླུའི་ཚུལ་གྱིས་བསྟན་པའི་སྔགས་ཏེ། སྔགས་གླུར་བླངས་པའོ། །

སྒྲ་ཆེན་པོས་བཤད་དུ་གསོལ་ཞེས་སྦྱར་ཏེ། གསལ་བར་བསྟན་དུ་གསོལ་ཞེས་བྱ་བའི་བར་དུའོ། །གཤིན་རྗེ་མཆེ་བ་ཅན་མ་ཉིད། །ཅེས་བྱ་བ་ལ་སོགས་པ་འདི་དག་ནི་རྐང་པ་གསུམ་པའི་ཚིགས་སུ་བཅད་པའོ། །གཤིན་རྗེ་ནི་གཤིན་རྗེའི་དགྲ་སྟེ་དེའི་ནང་ནས་མཆེ་བ་ཅན་མ་ནི་སོ་

ཅན་གྱི་སའོ། །རུས་སྦལ་ནི་ཨུ་སྟེ། དེའི་སྟན་ལ་བཞུགས་པར་ས་གཟུང་སྟེ། བསྡུས་པ་ནི་སུ་ཞེས་བྱ་བར་འགྱུར་རོ། །དབུ་མ་ཡི་ནི་ཐ་མ་ཉིད། །ཅེས་བྱ་བ་ལ། དབུ་མ་ནི་པའི་སྡེ་ཚན་ནོ། །དེའི་མཐའ་མ་ནི་མ་སྟེ་དམིགས་ཀྱིས་དགར་བའི་དྲུག་པ་ཡིན་ནོ། །བཞི་པ་ནི་སྡེ་ཚན་དབུ་

མའི་བཞི་པ་སྟེ་ཡི་གེ་བྷའོ། །གནས་པ་ནི་དེའི་སྟེང་ན་གནས་པ་སྟེ་ཡི་གེ་མའོ། །བསྡུས་པས་སུམྦྷ་ཞེས་བྱ་བར་འགྱུར་རོ། །གཤིན་རྗེའི་ཕྱོགས་ནི་ཏའི་སྡེ་ཚན་ནོ། །མཐར་གནས་པ་ནི་དེའི་མཐར་གནས་པ་སྟེ་ནའོ། །བཟང་པོ་ཡིས་ནི་སྟེང་དུ་བརྒྱན། །ཞེས་བྱ་བ་ལ། སྟེང་དུ་ནི་དེའི་སྟེང་

དུ་སྟེ། དེར་བཟང་པོ་ཞེས་བྱ་བ་ཨིས་བརྒྱན་པའོ། །བསྡུས་པས་ནི་ཞེས་བྱ་བར་འགྱུར་རོ། །གཤིན་རྗེའི་མཆེ་བ་ཅན་ནི་སའོ། །རུས་སྦལ་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་སྐད་ལ་ནི་ཐུང་ངུ་ཡིན་ལ། ལེགས་པར་སྦྱར་བས་ནི་རིང་པོ་ཡིན་ཏེ། བསྡུས་པས་སུ་ཞེས་བྱ་བར་འགྱུར་རོ། །

เล่ม ๑๙ · หน้า 53a

ཨཾ་བ་ཞེས་བརྗོད་ཚིག་དང་ལྡན། །ཞེས་བྱ་བ་ལ། ཨ་ནི་མགྲིན་པའི་ཤུགས་ཏེ་དོན་མེད་པའོ། །བརྗོད་པ་ཉིད་ཚིག་སྟེ། དེ་དང་ཡང་དག་པར་ལྡན་པའི་སྔགས་སོ། །ཡང་ན་གཤིན་རྗེའི་མཆེ་བ་ཅན་ཨཾ་བའི་ཚིག་དང་ལྡན་པའི་རུས་སྦལ་གྱིས་བརྒྱན་ཞེས་བྱ་བར་སྦྱར་ཏེ།

འདིར་དྲུག་པ་མི་མངོན་པ་ཡིན་ནོ། །དེ་ཡང་ཀ་ག་ཙ་ཛ་པ་བ་ལ་ཞེས་ཅན་ནི་གསལ་བ་མ་ཡིན་ནོ་ཞེས་མདོ་ལས་གསུངས་པ་བཞིན་ནོ། །དང་པོ་ནི་དང་པོ་པ་སྟེ་ཡི་གེ་ཨོཾ་ལ་བྱའོ། །དེ་ཡང་མི་མངོན་པ་ཡིན་ནོ། །མགོན་པོ་ནི་ཧའོ། །རི་མོ་དང་རྩེས་བརྒྱན་ཞེས་བྱ་བ་ལ། རི་མོ་ནི་ཟླ་བ་ཚེས་པའི་

རི་མོའོ། །རྩེ་མོ་ནི་ཐིག་ལེ་སྟེ། དེ་དག་གིས་ཧ་ལ་བརྒྱན་པའོ། །བསྡུས་པས་ཧཱུྃ་ཞེས་བྱ་བར་འགྱུར་རོ། །ལན་གཉིས་བསྒྱུར་པར་བྱ་ཞེས་བྱ་བར་ལན་གཉིས་སུ་བརྗོད་པའོ། །མགོན་པོ་ཞེས་བྱ་བ་ནི་སྔགས་ཏེ་སྐྱེས་བུ་མཆོག་གི་དོན་བྱེད་པའི་ཕྱིར་རོ། །ཕན་ཞེས་བྱ་བ་ནི་ཐ་མལ་

པའི་སྐད་དེ། ལེགས་པར་སྦྱར་ན་ཕཊ་ཅེས་བྱ་བ་ཡིན་ནོ། །ཚིག་གིས་འབར་ཞེས་བྱ་བ་ནི་ཚིག་དེས་གསལ་བར་བྱས་པའོ། །ཐམས་ཅད་བསྡུས་པས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བྱ་བ་སྟེ། སྔགས་འདིའི་ཕན་ཡོན་ནི་རྒྱུད་གཞན་ལས་གསུངས་ཏེ། འདིར་ཡང་ཤིན་ཏུ་

བཟླས་ན་གསོད་པ་ལ་སོགས་པའི་ལས་བྱེད་པར་བལྟའོ། །ཁྭ་གདོང་མའི་སྔགས་གསུངས་པ། ཀ་ཀི་ཞེས་བྱ་བ་ལ་སོགས་པ་ལ་རི་སིའོ་ཞེས་བྱ་བ་དང་། ཛ་ཧི་ཞེས་བྱ་བ་དང་། སན་ཐི་ཡ་ཞེས་བྱ་བ་རྣམས་མ་གཏོགས་པར་ལྷག་མ་ནི་སྔགས་ཡིན་ཏེ། དུས་གསུམ་དུ་བཟླས་བརྗོད་

མང་དུ་བྱས་ནས་བསྒྲུབ་པར་བྱ་བ་ལ་བློས་དམིགས་ཏེ་གཏོར་མ་བྱིན་ན་བསད་པ་དང་བསྐྲད་པ་ལ་སོགས་པར་འགྱུར་རོ། །རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོ་གསུངས་པ་དབུགས་འབྱིད་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། དབུགས་འབྱེད་ནི་ཨོའོ། །སའི་དབང་ཕྱུག་ནི་ཐིག་ལེའོ། །ཟླ་བའི་

དུམ་བུ་ནི་ཟླ་བ་ཚེས་པའོ། །དབུགས་འབྱེད་ལ་དེ་དག་གིས་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་བསྡུས་པས་ཨོཾ་ཞེས་བྱའོ། །སླར་ཡང་དབུ་མའི་དབུ་མ་གཟུང་། །ཞེས་བྱ་བ་ལ། དབུ་མ་ནི་པའི་སྡེ་ཚན་ཏེ་དེའི་དབུ་མ་ཡི་གེ་བ་གཟུང་ངོ་། །བྱང་ཕྱོགས་ཀྱི་ནི་དབུ་མ་ཡི། །ཞེས་བྱ་བ་ལ། བྱང་

เล่ม ๑๙ · หน้า 53b

ཕྱོགས་ནི་ཙའི་སྡེ་ཚན་ཏེ་དེའི་དབུ་མ་ནི་ཛའོ། །ཞབས་ཀྱི་པདྨ་ཉི་མར་ལྡན། །ཞེས་བྱ་བ་ལ། ཉི་མ་ནི་ར་སྟེ་ཞབས་ཀྱི་པདྨ་ཞེས་བྱ་བ་ཛའི་འོག་གི་ཆ་དང་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ། །བསྡུས་པས་བཛྲ་ཞེས་བྱ་བར་འགྱུར་རོ། །བདེན་བྲལ་ལ་ནི་སྨེ་བས་བརྒྱན། །ཞེས་བྱ་བ་ལ། བདེན་བྲལ་ན་

གནས་པས་ན་བདེན་བྲལ་ཏེ་ཡི་གེ་ཝའོ། །སྨེ་བ་ནི་ཡི་གེ་ཨཻ་སྟེ། བརྒྱན་པ་ནི་མཚན་མས་མཛེས་པར་བྱ་བའོ། །བསྡུས་པས་ཝཻ་ཞེས་བྱ་བར་འགྱུར་རོ། །འབར་བ་དབུགས་པས་རྣམ་པར་བཀླུབས། །ཞེས་བྱ་བ་ལ་འབར་བ་ནི་རའོ། །དབུགས་པ་ནི་ཨཽ་སྟེ་རོ་ཞེས་བྱ་བར་འགྱུར་རོ། །བྱང་

ཕྱོགས་གྲགས་པའི་དང་པོ་དང་། །ཞེས་བྱ་བ་ལ། བྱང་ཕྱོགས་ཀྱི་སྡེ་ཚན་དུ་གྲགས་པ་སྟེ། ཙའི་སྡེ་ཚན་ཡིན་ལ་དེའི་དང་པོ་ཙ་ཉིད་གཟུང་ངོ་། །གཤིན་རྗེ་ཕྱོགས་ཀྱི་མཐར་གནས་པ་ནི་ཡི་གེ་ནའོ། །ཁྱུ་མཆོག་ནི་ཡི་གེ་ཨི་སྟེ། དེ་ནའི་སྟེང་དུ་བཞག་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྡུས་པས་

ནི་ཞེས་བྱ་བར་འགྱུར་རོ། །རླུང་ནི་ཡུགས་ས་མོ་ཡིས་བརྒྱན། །ཞེས་བྱ་བ་ལ་རླུང་ནི་ཡའོ། །ཡུགས་ས་མོ་ནི་ཨེ་སྟེ་དེས་བརྒྱན་པའོ། །བསྡུས་པས་ཡེ་ཞེས་བྱ་བར་འགྱུར་རོ། །གཤིན་རྗེ་མཆེ་བ་ཅན་ནི་སའོ། །བདེན་བྲལ་ལ་གནས་ཞེས་བྱ་བ་ལ། འདིར་ས་མི་མངོན་པ་ཡིན་ཏེ།

བདེན་བྲལ་བའི་ཡི་གེ་བ་གཟུང་བར་བྱའོ། །གནས་པ་ནི་སྦྱར་བའོ། །ཡང་ཅི་འདྲ་ཞེ་ན། གཏི་མུག་གིས་ནི་རྣམ་པར་བརྒྱན། །ཞེས་བྱ་བ་སྟེ། གཏི་མུག་ནི་དབྱངས་ཡིག་གཉིས་པ་ཡིན་ལ་དེས་བརྒྱན་ཅིང་བཀླུབས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བསྡུས་པས་སྭཱ་ཞེས་བྱ་བར་འགྱུར་རོ། །

གཤིན་རྗེ་འཇོམས་མ་ནི་ཧའོ། །གཏི་མུག་ནི་དབྱངས་ཡིག་གཉིས་པ་སྟེ། དེ་དང་སྦྱར་བའོ། །ཐམས་ཅད་བསྡུས་པས་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཏེ། རྣལ་འབྱོར་པའི་བྱ་བ་ཐམས་ཅད་བྱེད་པའོ། །གླུ་ཡི་ཕྱག་རྒྱ་འདི་ཡིས་ནི། །ཞེས་བྱ་བ་ལ་ཕྱག་རྒྱ་ནི་རྡོ་རྗེ་ཕག་མོ་ཡིན་

ལ། སྔགས་དང་ལྷ་དག་དབྱེར་མེད་པའི་ཕྱིར་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །འདི་ཞེས་བྱ་བ་ནི་འདི་བཟླས་པ་ཙམ་གྱིས་མཁའ་འགྲོ་མ་ཀུན་དགའ་མགུར་གྱུར་པ་སྟེ་ཚིམ་ཞིང་རངས་པར་གྱུར་པའོ། །སྒྱུ་མ་ཆེན་མོ་བཅུ་དྲུག་འདི། །ཡི་གེ་རེ་རེར་ཀུན་ནས་ཤེས། །ཞེས་བྱ་བ་ལ་སྒྱུ་མ་

เล่ม ๑๙ · หน้า 54a

ཆེན་མོ་ནི་རྣལ་འབྱོར་མ་རྣམས་ཏེ། རྣལ་འབྱོར་མ་བཅུ་དྲུག་ཏུ་གྲགས་པ་རྣམས་སོ། །ཡི་གེའི་གཟུགས་ཀྱིས་ཀུན་དུ་གནས་སོ་ཞེས་བྱ་བར་དགོངས་སོ། །ཡི་གེ་བཅུ་དྲུག་པོ་དེ་དག་ཀྱང་གང་ཞེ་ན། ཨོཾ་སརྦྦ་བུདྡྷ་ཝརྞཱ་ནཱི་ཡེ་བཛྲ་ཌཱ་ཀི་ནི་སྭཱ་ཧཱ་ཞེས་བྱ་བ་སྟེ། རྡོ་རྗེ་ཕག་མོའི་སྙིང་

པོ་ཡི་གེ་བཅུ་དྲུག་མན་ངག་གིས་བལྟ་བར་བྱའོ། །དེ་ཡང་སྔགས་ཀྱི་ལེའུ་བསྟན་པར་བྱའོ། །ཁ་ཅིག་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ལས་ཐམས་ཅད་པ་ལ་བྱའོ་ཞེས་ཟེར་རོ། །ལྷག་མ་ནི་གོ་སླའོ། །གཏོར་མའི་སྔགས་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ་དང་པོ་སྟེ། ཐོག་མར་

རོ། །རུས་སྦལ་ཏེ་ཨུ་གཟུང་བར་བྱའོ། །བཟང་པོ་ནི་ཨི་སྟེ་དེའི་སྟེང་དུ་གནས་པའོ། །གང་ཞེ་ན། བྱང་གི་དང་པོ་སྟེ་ཙ་དང་དེ་ཉིད་ཀྱི་གཉིས་པ་ཡི་གེ་ཚ་ལྡན་པ་སྟེ་འོག་ཏུ་སྦྱར་བ་ཡིན་ནོ། །བསྡུས་པས་ཙྪི་ཞེས་བྱ་བར་འགྱུར་རོ། །གཤིན་རྗེའི་ཕོ་ཉ་ཞེས་བྱ་ལ། །གཤིན་རྗེའི་ཕོ་ཉའི་

སྒྲས་ཥ་ལ་བྱའོ། །ཆུ་ལྷ་ནི་ཆུ་ལྷའི་ཕྱོགས་ཀྱི་ཡི་གེ་ཋ་ལ་བྱ་ལ། བཞུགས་པ་ནི་འོག་ཏུ་སྦྱར་བའོ། །བསྡུས་པས་ཥྛ་ཞེས་བྱ་བར་འགྱུར་རོ། །ར་ནི་གྲགས་པར་ཟད་དོ། །གཏི་མུག་བརྒྱན་པ་ནི་དེ་དང་སྦྱར་བ་སྟེ་ར་ཞེས་བྱ་བར་འགྱུར་རོ། །སླར་ཡང་ཀ་ཥ་ཞེས་བྱ་བར་བརྗོད་ཅེས་བྱ་

བ་ལ་སླར་ཡང་སྟེ་དེའི་འོག་ཏུ་ཀ་དང་ཥ་འདུས་པས་ཀྵ་ཞེས་བྱ་བར་འགྱུར་རོ། །གཤིན་རྗེ་མཆེ་བ་ཅན་ནི་ཡི་གེ་སའོ། །བཟང་པོ་ནི་ཨི་སྟེ་སི་ཞེས་བྱ་བར་འགྱུར་རོ། །མཆེ་བ་ཅན་ཞེས་བྱ་བ་ནི་གཤིན་རྗེ་མཆེ་བ་ཅན་ནོ། །བདེན་བྲལ་བཞུགས་པ་ནི་ཝ་དང་སྦྱར་བའོ། །ལྷན་ཅིག་ལྡན་

ཞེས་བྱ་བ་ནི་ད་དང་བཅས་པ་སྟེ་སྭཱ་ཞེས་བྱ་བར་འགྱུར་རོ། །དེར་ནི་ཞེས་བྱ་བ་ནི་དེའི་འོག་ཏུའོ། །ས་མཐའ་ཞེས་བྱ་བ་ནི་ཧའོ། །གཏི་མུག་གིས་ནི་ལྷན་ཅིག་བརྒྱན། །ཞེས་བྱ་བ་ནི་སྦྱར་བ་སྟེ། ཧཱ་ཞེས་བྱ་བར་འགྱུར་རོ། །ཐམས་ཅད་བསྡུས་པས་ཨུ་ཙྪིཥྛ་རཀྵ་སི་སྭཱ་ཧཱ་ཞེས་བྱ་བའི་

སྔགས་སོ། །སྲིན་མོའི་དངོས་གྲུབ་འདོད་པ་རྣམས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ་འདིས་བསྒྲུབ་པར་བྱའོ། །བུ་མོ་རྣམས་ནི་དགུག་པའི་མཆོག །ཅེས་བྱ་བ་ནི་དེ་གྲུབ་པས་བུ་མོ་རྣམས་ཁྲིད་དེ། འོང་བར་དགོངས་སོ། །རྨོངས་པར་བྱེད་པའི་སྔགས་གསུངས་པ། ཤར་

เล่ม ๑๙ · หน้า 54b

ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། ཤར་ཕྱོགས་ནི་ཀའི་སྡེ་ཚན་ཡིན་ལ་བརྒྱད་པ་ནི་ཀ་ནས་བཟུང་བའི་བརྒྱད་པ་སྟེ་ཛའོ། །འདིར་ཡང་བ་མི་མངོན་པར་བྱས་པ་ཡིན་ནོ། །དབུ་མའི་མཐའ་མ་བཞི་པར་ལྡན། །ཞེས་བྱ་བ་ལ་དབུ་མ་ནི་པའི་སྡེ་ཚན་ཏེ། དེའི་ཐ་མ་གང་ཡིན་པ་དེའི་འོག་ཏུ་དེ་

ཉིད་ཀྱི་བཞི་པ་བྷ་སྦྱར་བར་བྱའོ། །སྤྱི་བོ་ནི་སྟེང་དུ་སྟེ་དེར་ཡུགས་ས་མོ་ཞེས་བྱ་བ་ཨེ་སྦྱར་བས་མྦྷེ་ཞེས་བྱ་བར་འགྱུར་རོ། །སླར་ཡང་དབུ་མའི་ཐ་མ་གཟུང་། །ཞེས་བྱ་བ་ནི་ཡི་གེ་མ་ཉིད་དོ། །དབུགས་པའི་རང་བཞིན་ལྡན་པར་བྱ། །ཞེས་བྱ་བ་ལ་རང་བཞིན་ནི་དངོས་པོའོ། །ལྡན་པ་ནི་སྦྱར་བ་སྟེ་མའོ། །

གཤིན་རྗེ་འཇོམས་མ་ནི་ཧའོ། །ཡུགས་ས་མོ་ནི་ཨེའོ། །རྣ་ཆ་ནི་གློར་བཞག་པ་སྟེ། ཧེ་ཞེས་བྱ་བར་འགྱུར་རོ། །མཐར་ནི་སྭཱ་ཧཱས་ཡོངས་སུ་བརྒྱན། །ཞེས་བྱ་བ་དེའི་འོག་ཏུ་སྭཱ་ཧཱ་ཞེས་གདོན་པའོ། །རིག་བྱེད་ཀྱིས་ནི་མཉེས་པར་བྱ། །ཞེས་བྱ་བ་ལ་རིག་བྱེད་ནི་ཚངས་པ་སྟེ། ཨོཾ་མོ། །

མཉེས་པ་ནི་དེ་ཐམས་ཅད་ཀྱི་སླད་དུ་སྦྱིན་པའོ། །བསྡུས་པས་ཨོཾ་ཛམྦྷེ་མོ་ཧེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སུ་འགྱུར་རོ། །ཐོད་པའི་དབུས་གནས་རྒྱལ་བར་འགྱུར། །ཞེས་བྱ་བ་ལ། ཐོད་པ་ནི་མགོའི་དབུས་ཏེ་དཔྲལ་བའོ། །དབུས་གནས་ནི་དེར་སྔགས་དེ་བྲི་བའོ། །རྒྱལ་འགྱུར་ནི་མི་

མཐུན་པ་ཐམས་ཅད་ལས་རྒྱལ་བར་འགྱུར་བའོ། །དེས་ནི་འདི་སྐད་དུ་དཔྲལ་བར་ཨེ་བསྒོམས་ལ་དེའི་སྟེང་དུ་སྔགས་ཀྱི་ཕྲེང་བ་དེ་ཟླུམ་པོར་ཡིད་ཀྱིས་བྲིས་ལ་བལྟས་ན་གང་ལ་བལྟས་པ་དེ་རྨོངས་པར་འགྱུར་ཞིང་དེ་ལྟར་ལྕེའི་དྲི་མ་ལ་སོགས་པ་ལ་སྔགས་གོང་མ་དེ་བཟླས་ནས་དཔྲལ་

བར་ཐིག་ལེ་བྱས་ན་ཡང་སྔར་བསྟན་པ་བཞིན་དུ་འགྱུར་ལ། མན་ངག་གི་ཚུལ་དེ་དག་ཉིད་ཀྱིས་གཡུལ་ལ་སོགས་པར་ཞུགས་ན་རྒྱལ་བར་འགྱུར་རོ་ཞེས་སྟོན་པར་འགྱུར་རོ། །མུ་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གཉིས་ལེའུ་སུམ་ཅུ་རྩ་བཞི་པ་ལས་དབྱེ་བར་བྱའོ། །དེ་ལྟར་མོད་

ཀྱིས་མདོར་ཡང་བསྡུས་ནས་དབྱེ་བར་བྱ་སྟེ། ཨོཾ་མུ་ནི་ཀ་སཱི་མུ་ནི་བ་སཱི་མུ་ནི་ཧ་ཐ་ལཾ་ག་ལ་ཧི་ཕཊ། ཆེ་གེ་མོ་མུ་ཧ་ཧ་ཐ་བནྡྷ་མི་སྭཱ་ཧཱ། ཞེས་བྱས་ཏེ་བཅིང་བའོ། །ཨོཾ་ཀ་ཀ་ཧ་ཁྲ་ཀ་ཀ་རུཏྟེ་ཀཾ་བིནྡྷོ་པ་ཧ་རི་ཎི་ཆེ་གེ་མོ་བཛྲ་བི་ཏཾ་གྲིས་ཙ་ཧ་གཙྪ་ཡ་ཐཱ་སུ་ཁཾ་ཕཊ་ཅེས་པ་སྟེ་བསྐྲད་པའིའོ། །འདི་དག་

เล่ม ๑๙ · หน้า 55a

གི་ཆོ་ག་ནི་སྔར་བསྟན་པའི་མན་ངག་གིས་སྦྱར་བར་བྱ་སྟེ། འདི་ལྟར་རྟག་ཏུ་བཟླས་ན་དེ་བཞིན་དུ་འགྱུར་རོ། །ལས་གཉིས་པོ་འདི་ཉིད་གསུངས་པ། ཀླུ་ཡི་ཕྱག་རྒྱ་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འདིར་ཕྱག་རྒྱ་ནི་སྔགས་ཀྱི་ལྷ་རྣམས་སོ། །

ལྷ་དང་དབྱེར་མེད་པའི་བྱ་བ་བྱེད་པས། སྔགས་ལ་ཡང་དེ་སྐད་ཅེས་བྱ་སྟེ། གླུའི་རང་བཞིན་གྱི་ཕྱག་རྒྱ་ནི་གླུའི་ཕྱག་རྒྱའོ། །ཉེ་བར་མཚོན་པ་དེས་འདི་ལྟར་ཁྭ་གདོང་མའམ་གཞན་གྱི་རྣལ་འབྱོར་གྱིས་ཀྱང་གླུའི་སྔགས་ཀྱི་བཟླས་པ་དང་སྦྱོར་བ་བྱའོ། །དེ་ལ་ཁྭ་གདོང་མས་ནི་བཅིང་

བའོ། །འུག་གདོང་མས་ནི་ཞི་བའོ། །ཁྱི་གདོང་མས་ནི་རྒྱས་པའོ། །ཕག་གདོང་མས་ནི་བསྐྲད་པའོ། །གཤིན་རྗེ་བརྟན་མས་ནི་བཅིང་བའོ། །གཤིན་རྗེ་ཕོ་ཉ་མོས་ནི་ཉེ་འབྱེད་དོ། །གཤིན་རྗེ་མཆེ་བ་ཅན་གྱིས་ནི་གསད་པའོ། །གཤིན་རྗེ་འཇམས་མས་ནི་བསྐྲད་པ་སྟེ། དེ་

དག་ལས་ཀྱི་བྱེ་བྲག་གིས་ཁ་དོག་ལ་སོགས་པ་བྱེ་བྲག་ཏུ་བསྒྱུར་བས་ལས་གཞན་དག་ཀྱང་བྱེད་པར་འགྱུར་རོ། །དེ་ལ་ཞི་བ་ལ་ནི་དཀར་པོའོ། །རྒྱས་པ་དང་བཅིང་བ་ལ་ནི་སེར་པོའོ། །སྡང་བ་དང་སྤྱུགས་པ་དང་གསད་པ་ལ་ནི་ནག་པོའོ། །དབང་དང་དགུག་པ་ལ་ནི་དམར་པོ་སྟེ། དེ་ལྟར་

ཡང་གསུངས་པ། །ཞི་བ་ལ་ནི་སྤྱན་གྱི་ཚུལ། །རྒྱས་ལ་རྡོ་རྗེ་པདྨ་ཅན། །དབང་ལ་རྣམ་པར་སྣང་མཛད་གནས། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལའོ། །ཞེས་སོ། །བསམ་པ་ཡང་ལས་དང་རྗེས་སུ་མཐུན་པར་གཟུང་སྟེ། དེ་ཡང་གསུངས་པ། ཞི་བ་ལ་ནི་ཞི་བའི་སེམས། །རྒྱས་

ལ་རངས་པའི་ཡིད་དུ་བྱ། །དབང་གི་ལས་ནི་ཚོགས་པ་སྟེ། །དྲག་ལ་ཁྲོ་བས་རབ་ཏུ་བསྒྲུབ། །ཅེས་སོ། །ཨོཾ་ཧིནྡེ་ཞེས་བྱ་བ་ལ་སོགས་པའི་གླུའི་སྔགས་ནི་ངག་བཅིང་བའོ། །ཨོཾ་ཛམྦྷ་ན་ཞེས་བྱ་བ་ལ་སོགས་པ་ལ་བཅིང་བ་རྣམས་ཀྱི་ཐུན་མོང་གིའོ། །དེ་ལྟར་རྣལ་འབྱོར་པ་

རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་ནི་འདི་ལས་བསྟན་པའི་སྦྱོར་བའམ། གཞན་ལས་གསུངས་པའི་ལྷའི་སྦྱོར་བ་དང་ལྡན་པས་ཀྱང་ངོ་། །ལས་བསྟན་པ་ནི་འདིར་བསྟན་པ་དང་གཞན་དུ་བསྟན་པ་དག་གི་ཡང་ངོ་། །ཅི་ཞིག་ཅེ་ན། ཆོ་ག་སྟེ་བྲི་བ་ལ་སོགས་པའི་

เล่ม ๑๙ · หน้า 55b

ལས་ཀྱི་ཚོགས་སོ། །དེ་ལྟར་ཞེས་བྱ་བ་ནི་སྔར་སྦྱར་བ་སྟེ། ཤེས་པར་བྱ་ཞེས་བྱ་བ་ལ་ལྷག་མའོ། །ཨོཾ་ཛམྦྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་སྔགས་ཀྱི་ཚིག་གི་དོན་བཞིན་དུ་ཡང་ལས་བལྟ་བར་བྱའོ། །ཨོཾ་ན་མོ་ཞེས་བྱ་བ་ལ་སོགས་པའི་ལས་ནི་སྔར་བཤད་ཟིན་ཏོ། །དཔའ་བོ་

ཞེས་བྱ་བ་ལ་སོགས་པས་ནི་རྐང་པ་བརྒྱད་པའི་རིལ་བུ་བསྒྲུབ་པ་གསུངས་པ་ཡིན་ཏེ། དཔའ་བོ་དེ་ཕྱོགས་སུ་བལྟས་པ་ཞེས་བྱ་བ་ནི་ཕ་རོལ་གྱི་གཡུལ་ཕྱོགས་སུ་ཁ་བལྟས་པའོ། །དེའི་རྐང་པའི་པགས་པ་དང་རྫས་རྣམས་ལྷན་ཅིག་ཏུ་གཟུང་བར་བྱའོ། །མ་ན་ཞེས་བྱ་བ་ནི་ལྡོང་རོས་

སོ། །ཉན་པ་ཞེས་བྱ་བ་ནི་ལིག་བུ་མིག་གོ། །མིག་སྨན་ཞེས་བྱ་བ་ནི་དྲི་མེད་ཅེས་བྱ་བའི་མིག་སྨན་ནོ། །རྡོ་ཞེས་བྱ་བ་ནི་མུ་ཟིའི་རྡོའོ། །དམར་པོ་ནི་གུར་ཀུམ་སྟེ། དེ་དག་ཆ་མཉམ་པར་མིའི་ཁྲག་གིས་བཏགས་པར་བྱའོ། །འདི་ལྟར་ལིག་བུ་མིག་ནི་དེ་ཉིད་ཀྱིས་གུང་དུའང་བཏགས་པར་

བྱའོ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། །ཙནྡན་དམར་པོ་ནི་ཙནྡན་དམར་པོའི་ཆུའོ། །ལན་མང་དུ་སྦལ་པ་ནི་རྫས་བདུན་པོ་དང་། ལིག་བུ་མིག་ལ་སོ་སོར་ལན་བདུན་བསྐམ་ཞིང་སྦལ་བའོ། །ཨ་མྲའི་རིལ་བུར་བྱས་ལ་ཞེས་བྱ་བ་ནི་རྫས་བདུན་གྱི་རིལ་བུ་ཙནྡན་དམར་པོའི་ཆུས་རློན་པར་

བྱས་པའོ། །ལིག་བུ་མིག་ཅེས་བྱ་བ་ནི་འདིར་སྐམ་པོར་གཟུང་ངོ་། གྲིབ་མ་ལ་བསྐམ་ཞེས་བྱ་བ་ནི་རས་ཀྱིས་གཡོགས་ནས་ཉི་མ་ལ་བསྐམས་པ་སྟེ་ལྷག་པར་གནས་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་གྱུར་པ་ཞེ་ན། ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་ནི་ཟངས་ཏེ། མན་

ཆ་བཞི་དང་ར་ཏི་ལྔའོ། །ཟླ་བ་ནི་དངུལ་ཏེ་ར་ཏི་གསུམ་དང་བཅས་པའི་མན་ཆ་གསུམ་མོ། །སྲེག་བྱེད་ནི་གསེར་ཏེ་ར་ཏི་བདུན་ལྷག་པའི་མན་ཆ་བཞིའོ། །དབུས་སུ་བཅུག་ཅེས་བྱ་བ་ནི་དེ་དག་གི་ནང་དུ་རིལ་བུ་གཞུག་པ་སྟེ། དང་པོར་ནི་གསེར་གྱིས་དྲིལ་ལོ། །གཉིས་པར་ནི་དངུལ་གྱིས་

སོ། །གསུམ་པར་ནི་ཟངས་ཀྱིས་སོ། །དེ་ཡང་གསུངས་པ། གསེར་དང་རི་བོང་ཅན་དང་ནི། །འོད་བྱེད་ར་ཏི་ཐུབ་གསུམ་དམར། །བཅས་པའི་མན་ཆ་རིགས་གསུམ་བཞིས། །རི་ལུ་རིམ་བཞིན་དཀྲི་བར་བྱ། །ཞེས་སོ། །རྒྱལ་ཞེས་བྱ་བ་ནི་སར་མ་རྒྱལ་ལོ། །ལྷག་པར་གནས་པ་ནི་

เล่ม ๑๙ · หน้า 56a

བྱིན་གྱིས་བརླབ་པ་སྟེ། དཀྱིལ་འཁོར་པ་དང་བཅས་པའི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་ཏིང་ངེ་འཛིན་ནམ། རྡུལ་ཚོན་ནམ་བྲིས་སྐུའི་དཀྱིལ་འཁོར་དུ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཅི་ནུས་ཀྱིས་རྐང་པ་བརྒྱད་པའི་སྔགས་བཟླ་བའོ། །ཞལ་

དུ་བཅུག་ལ་ཞེས་བྱ་བ་ནི་ཉི་མ་གཞན་ལ་བདག་ཉིད་རྡོ་རྗེ་མཁའ་འགྲོར་བསྒོམས་པའི་ཁར་བཅུག་ལ་ལག་པ་གཡོན་པས་བཀབ་སྟེ་སྔགས་བཟླའོ། །དེ་ཉིད་གསུངས་པ། རིག་པའི་རྒྱལ་པོ་ཞེས་བྱ་བ་ལ། བདག་ཉིད་རྡོ་རྗེ་མཁའ་འགྲོར་བྱས་པའི་རིག་པ་སྟེ། ཕྱག་རྒྱ་དང་ལྡན་པས་རྐང་

པ་བརྒྱད་པའི་སྔགས་གསལ་བར་བཟླས་པས་ནི་རྒྱལ་པོའོ། །དེ་ཡང་ཟླ་བ་དྲུག་ཏུ་གྲངས་ཀྱི་ངེས་པ་མེད་པར་བཟླས་ལ། དེའི་འོག་ཏུ་འབུམ་ཕྲག་ཏུ་བཟླས་ནས་རྨི་ལམ་གྱི་མཚན་མ་བཟང་པོ་རྙེད་པ་དང་ཁར་བཅུག་སྟེ། བསྒྲུབས་ན་མཚན་གཅིག་གིས་འགྲུབ་པར་འགྱུར་རོ། །

ཡང་ན་རིག་པ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་སྔགས་ཏེ་རྒྱལ་པོ་ནི་དེས་བརྒྱན་པའི་རྡོ་རྗེ་མཁའ་འགྲོའི་སྔགས་ཀྱིས་རིལ་བུ་བསྒྲུབས་ན་ཡང་སྐྱོན་མེད་དོ། །སྦྲུལ་གྱི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ་རི་མོ་དཀར་ནག་དུམ་བུ་སོ་སོར་ཕྱེ་ཞེས་བྱ་བ་ལ། དཀར་པོ་དང་ནག་པོ་ནི་དཀར་ནག་སྟེ་

སྦྲུལ་གྱི་ལུས་ཀྱི་རི་མོ་དཀར་ནག་གི་ཆ་རྣམས་སོ་སོར་དབྱེ་བའོ། །དཀར་ནག་སོ་སོར་ཤེས་པར་བྱ། །ཞེས་བྱ་བ་ནི་དཀར་ནག་སོ་སོར་ཕྱེ་བ་དེ་རྣམས་མ་འདྲེས་པར་སོ་སོར་ཕུང་པོ་གཉིས་སུ་བྱའོ། །གང་དང་ལྷན་ཅིག་ཏུ་ཕུང་པོར་བྱ་ཞེ་ན། ཤཾ་ཁ་པུཥྤ་ཞེས་བྱ་བ་ལ་སོགས་པ་སྟེ། དུམ་

བུ་དཀར་པོའི་ཆ་དང་ཤཾ་ཁ་པུཥྤར་ལྷན་ཅིག་བྱའོ། །ཨ་ཀ་རུ་ནག་པོ་དང་དུམ་བུ་ནག་པོར་རོ། །དེ་ལ་ཤཾ་ཁ་པུཥྤ་ཞེས་བྱ་བ་ནི་སྨན་གྱི་ཁྱད་པར་ཞིག་སྟེ། མེ་ཏོག་གི་མདོག་དུང་འདྲ་བས་ཤཾ་ཁ་པུཥྤ་ཞེས་སྐྱེ་བོ་རྣམས་ལ་གྲགས་པ་སྟེ། དཔེར་ན་ལེའུ་གསུམ་པར་དབང་པོ་ལག་པ་ཞེས་

བྱ་བ་དེ་ཡང་རྩ་བའི་ཁྱད་པར་གང་ཞིག་དབང་པོ་དང་ཉེ་བ་ལག་སོར་འདྲ་བས་ན་དབང་པོའི་ལག་པ་ཞེས་བྱ་སྟེ་ཁ་ཅིག་ནི་རྟའི་དཱུར་བ་ཞེས་ཟེར་བ་ལ། ལ་ལ་ནི་དབང་པོའི་མིག་ཅེས་བརྗོད་ཅིང་གཞན་དག་ལ་ནི་མཆན་ཁུང་གི་དྲི་མ་ཞེས་གྲགས་པ་བཞིན་ནོ། །ཨ་ཀ་རུ་ནག་པོ་ནི་གྲགས་པར་ཟད་དེ་དེ་

เล่ม ๑๙ · หน้า 56b

དག་ཀྱང་དུམ་བུ་དག་དང་ཆ་སྙོམས་ཏེ་བཟུང་ལ། སྟོང་ཕྲག་ཉི་ཤུ་རྩ་བཞིར་གཅིག་གིས་མ་ཚང་བའི་སྔགས་བཟླ་ཞེས་བྱ་བ་རྡོ་རྗེ་ཕག་མོའི་སྙིང་པོའམ་ཉེ་བའི་སྙིང་པོ་དེའི་རྣལ་འབྱོར་གྱིས་བདུག་པ་གཉིས་ལ་བཟླས་ནས་སྣམ་བུ་ལ་བདུག་གོ་ཞེས་ལྷག་མ་ཡིན་ནོ། །དེ་ནས་ཅི་བྱ་ཞེ་ན།

ཕྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་ལྟར་བཟླས་ནས་བདུག་པའི་དུས་སུ་ཡང་བརྒྱད་བརྒྱ་བཟླས་པའོ། །སྣམ་བུ་བསྒྲུབ་པ་གསུངས་པ། སྐར་མ་རྒྱལ་གསུམ་ལ་ཞེས་པ་སྟེ་སྐར་མ་རྒྱལ་ལ་རས་བལ་རྨེལ་བ་དང་། སྣལ་མ་བཀལ་བ་དང་ཐགས་བཏགས་པ་དག་བྱའོ། །

དེ་གྱོན་པའི་ལུས་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་རྒྱལ་གསུམ་ལ་བསྒྲུབས་པ་དང་། བདུག་པ་གཉིས་ཀྱིས་བདུགས་པ་དང་སྔགས་བཟླས་པ་དེ་ལ་དེ་སྐད་ཅེས་བྱའོ། །གྱོན་པ་ནི་ལུས་ལ་དཀྲིས་པའོ། །སྔགས་ཁྲི་བཟླས་པ་ནི་སྔགས་སྔ་མ་ཉིད་ཡང་ཁྲི་བཟླས་པའོ། །འགྲུབ་པར་འགྱུར་བ་

ནི་མི་སྣང་བར་འགྱུར་བ་དང་སྦྱར་རོ། །སྣམ་བུ་ཡང་དཀར་པོ་དང་ནག་པོར་བྱ་བའི་ཕྱིར་གསུངས་པ། དཀར་པོ་དང་ནག་པོའི་ཕྱོགས་ལ་ཞེས་བྱ་བ་སྟེ། སྣམ་བུ་དཀར་པོ་ལ་ཡར་ངོའི་དུས་སུ་བདུག་པ་དཀར་པོའི་ཆས་བདུགས་ཤིང་ཡར་ངོའི་དུས་སུ་གྱོན་ལ་བཟླ་བ་དང་། སྣམ་བུ་ནག་པོ་ལ་ཡང་

མར་ངོའི་དུས་སུ་བདུག་པ་ནག་པོའི་ཆས་བདུག་ཅིང་དུས་དེ་ཉིད་དུ་གྱོན་ལ་བཟླའོ། །ཁ་ཅིག་ནི་ཡར་ངོ་ལ་བསྒྲུབས་པའི་སྣམ་བུ་ནི་དཀར་པོའི་ཕྱོགས་ཞེས་བྱ་ལ། དེ་བཞིན་དུ་ནག་པོ་ལ་བསྒྲུབས་པ་ནི་ནག་པོ་ཡིན་གྱི་ཁ་དོག་བསྒྱུར་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །གང་ལ་འདོད་པ་དེ་ལ་

འདོད་པ་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་དམ་ཚིག་དང་སྡོམ་པ་ལ་སོགས་པའི་རྗེས་སུ་འགྲོ་བ་ཡིན་ནོ། །སྒྲུབ་པ་པོ་བདག་ཉིད་ཀྱི་འདོད་པའི་ཡུལ་རྒྱལ་པོའི་བུ་མོ་ལ་སོགས་པ་ལ་སྤྱོད་པར་འགྱུར་བའོ། །དེའི་ཞེས་བྱ་བ་ནི་སྦྲུལ་གྱི་རྒྱལ་པོ་དེ་ཉིད་ཀྱིའོ། །དུ་བ་མེད་པར་

བསྲེགས་ལ་ཞེས་བྱ་བ་ནི་སོལ་བས་བསྲེགས་པའོ། །ཞིབ་མོར་བཏགས་ཏེ་ཞེས་བྱ་བ་ནི་ཁ་དེ་ནས་ལིག་བུ་མིག་དལ་བུས་བླངས་ལ་ཕྱེ་མར་བྱས་ཏེ། རྡོ་རྗེ་ཕག་མོའི་སྙིང་པོ་ལ་སོགས་པའི་སྔགས་འབུམ་ཕྲག་ཏུ་བཟླས་ནས་མིག་ལ་བྱུགས་ན་མུན་ནག་གི་ནང་དུ་ཡང་ཐམས་ཅད་

เล่ม ๑๙ · หน้า 57a

མཐོང་བར་འགྱུར་རོ། །དེ་ཉིད་ཀྱིས་ན་ཁྱིམ་གྱི་མེ་ཏོག་མཆོག་ལྟར་ཞེས་བྱ་བ་གསུངས་ཏེ། ཁྱིམ་གྱི་མེ་ཏོག་ནི་སྒྲོན་མའོ། །མཆོག་ནི་ཟད་པ་མེད་པའོ། །གསལ་བ་ནི་སྣང་བ་སྟེ། དེ་ལྟར་མཐོང་བའོ། །རང་གི་ལྷའི་སྔགས་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་སྔགས་ཏེ།

རང་གི་ལྷའི་སྒྲས་དེའི་རྣལ་འབྱོར་བྱ་བར་སྟོན་ཏོ། །ལྟོ་འཕྱེའི་རྒྱལ་པོ་ནི་སྦྲུལ་གྱི་རྒྱལ་པོའོ། །ས་བུམ་ནི་དུར་ཁྲོད་ཀྱི་བུམ་པའོ། །ཁམ་ཕོར་ནི་ཐོད་པའོ། །གཏེར་དུ་སྦ་བ་ནི་སའི་འོག་ཏུ་གཞུག་པའོ། །རུལ་ཞིང་ཟགས་པ་ནི་སྦྲུལ་དེའི་ལུས་རུལ་བའོ། །ཅི་ཞིག་བྱ་ཞེ་ན། བཏོན་ཏེ་ཞེས་བྱ་བ་ལ་སོགས་

པ་ལ། དེའི་ཞེས་བྱ་བ་ནི་སྦྲུལ་གྱི་ཐོད་པའོ། །བདར་ཏེ་ཞེས་བྱ་བ་ནི་སྣོད་ཀྱི་བུམ་པ་དེ་ཉིད་ཀྱི་དུམ་བུའམ་སྣོད་ཀྱི་ཐོད་པ་ཉིད་ཀྱི་དུམ་བུ་དང་ཕན་ཚུན་དུ་སྡུད་པའོ། །ཐིག་ལེ་བྱ་བ་ནི་དེའི་ཕྱེ་མས་དཔྲལ་བར་བསྐུ་བའོ། །དེས་ཅིར་འགྱུར་ཞེ་ན། གྲིབ་མའང་ཞེས་བྱ་བ་ལ་སོགས་པ་སྟེ་མི་སྣང་བར་འགྱུར་བའོ། །ད་ནི་

སྐྱེ་བ་བདུན་པའི་དངོས་གྲུབ་གསུངས་པ། གང་གི་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུ་གང་གི་ལུས་ལས་ཞེས་བྱ་བ་ནི་ལྷག་མའོ། །སྐྲ་གཡས་སུ་འཁྱིལ་བ་ཞེས་བྱ་བ་ནི་སྐྲའི་རི་མོ་གཡས་སུ་འཁྱིལ་བ་དང་ལྡན་ཞིང་རྩེ་མོ་འདུས་པའོ། །ཡིད་དུ་འོང་བ་ནི་མཛེས་པའོ། །གྲིབ་མ་བདུན་

ནི་སྐྱེ་བ་བདུན་གྱི་ལུས་དང་རྗེས་སུ་མཐུན་པའི་གྲིབ་མའོ། །དྲིའི་ལུས་ཞེས་བྱ་བ་ནི་དྲི་དང་ལྡན་པའི་ལུས་ཏེ། གང་གི་ལུས་དེ་དག་གི་ལུས་ལ་དྲི་ཞིམ་པོ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྨ་མེད་ཅེས་བྱ་བ་ལ་རྨའི་སྒྲ་ནི་ནད་མེད་པ་ལ་བྱ་སྟེ། ནད་མེད་པ་ཡིན་གྱི་རྨ་སྲོལ་མེད་པ་ནི་མ་ཡིན་

ནོ། །བདེན་པར་སྨྲ་བ་ནི་སེམས་ཅན་རྣམས་ལ་ཕན་པར་སྨྲ་བའོ། །ལྷ་མོ་ཞེས་བྱ་བ་ནི་བོད་པའོ། །དངོས་གྲུབ་བྱེད་པར་འགྱུར་ཞེས་བྱ་བ་ནི་དེའི་ལུས་ཀྱི་ཤ་ཡིན་ཞེས་བྱ་བའི་ལྷག་མ་སྟེ། དངོས་གྲུབ་ནི་ནམ་མཁར་འཕུར་བ་ལ་སོགས་པའོ། །གཞན་ཡང་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་མཚན་

ཉིད་དོ། །སྐྱིད་པ་ངེས་པར་གནས་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་བདེ་བ་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ལྟར་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་ཚོགས་དང་ལྡན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་དང་། གཙུག་ན་ནོར་བུ་དང་། བྱམས་པའི་སྟོབས་ལ་སོགས་པ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด