དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๙ · หน้า 1b

༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་

ཕྱག་འཚལ་ལོ། །སྣ་ཚོགས་སྤྲུལ་པའི་རོལ་པ་སྤྲོ་བའི་ཚོགས་ཀྱིས་སེམས་ཅན་མ་ལུས་དོན་མཛད་པ། །རང་སྣང་ལོངས་སྤྱོད་བདེ་བ་ཉམས་མྱོང་བས་ནི་མ་ལུས་རྟོག་པའི་དྲ་བ་འཇོམས། །སུམ་

ཅུ་རྩ་གཉིས་གྲངས་ལྡན་ལྷ་ཡི་འཁོར་ལོར་ལྷན་སྐྱེས་ངོ་སྐུ་གང་ཞིག་བཞུགས། །སྲིད་པའི་འཇིགས་པ་མ་ལུས་གཅོད་མཛད་རྡོར་སེམས་དེ་ནི་ཁྱེད་ལ་སྲུང་བར་ཤོག །ཉོན་མོངས་ཀྱི་ཚོགས་རབ་རིབ་

སྙིང་གི་མུན་པའི་སྐྱེ་བོ་ཡི། །ཤིན་ཏུ་རྣོ་བའི་ཤེས་རབ་རལ་གྲི་ཡིས་ནི་རྣམ་པར་གཅོད། །མ་ལུས་སྐྱེ་བོའི་དཔའ་བོ་གང་ཞིག་དཔལ་ལྡན་འཇམ་རྡོ་རྗེ། །ལུས་དང་ངག་དང་ཡིད་རྣམས་ཀྱིས་ནི་དེ་ལ་

བདག་ཕྱག་འཚལ། །གཏིང་མེད་འཁོར་བའི་རྒྱ་མཚོ་ལས། །བསྐལ་པ་བརྒྱ་ཡིས་བརྒལ་མི་འགྱུར། །གང་གི་དྲིན་གྱིས་ཕ་རོལ་ཕྱིན། །བླ་མའི་ཞབས་ལ་རབ་བཏུད་དེ། །དཔལ་ལྡན་

เล่ม ๒๙ · หน้า 2a

འདུས་པའི་མཛོད་གྲགས་པ། །མན་ངག་གཏེར་གྱི་རྣམ་པར་བརྒྱན། །དེ་བཞིན་གཤེགས་པས་གསང་བའི་ཕྱིར། །རྒྱས་བཏབ་གང་ཞིག་སྔར་ཡོད་པ། །མན་ངག་ནོར་ནི་མ་ཐོབ་པས། །དབུལ་

པོ་རྣམས་ལ་ཕན་པའི་ཕྱིར། །བྱང་ཆུབ་རྒྱལ་སྲིད་ཐོབ་ཕྱིར་དང་། །འགྲེལ་པའི་ལྡེ་མིག་གིས་གྲོལ་བྱ། །སྐྱོན་ཚོགས་ཡང་དག་སྤངས་ནས་ནི། །ཡོན་ཏན་ཆ་ལ་བློ་གདབ་བྱ། །མཁས་པ་རྣམས་ཀྱིས་འགྲེལ་པ་

འདིར། །གང་ཕྱིར་སྐྱེས་བུ་གཞན་དོན་མཛད། །རེ་ཞིག་སྐྱེས་བུ་ཆེན་པོ་རྣམས། །བདག་ཉིད་ཆུང་བར་འདོད་པ་སྟེ། །གཞན་དོན་གཞན་ནི་རབ་མཛད་པ། །དམ་པའི་རང་བཞིན་ཟླ་བ་བཞིན། །འདིར་ནི་བཅོམ་ལྡན་

འདས་ཤཱཀྱ་ཐུབ་པས་རྒྱུད་ལ་སོགས་པ་རྣམ་པ་བཞི་ཡི་རིགས་པས་རང་དང་གཞན་གྱི་དོན་མཛད་ལ། བྱ་བ་དང་སྤྱོད་པ་ལ་སོགས་པའི་ཚུལ་གྱིས་སེམས་ཅན་རྣམས་འདུལ་ཏེ། དེ་ལ་མོས་པ་དང་ལྡན་པའི་སེམས་ཅན་གྱི་ཁམས་

ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚིག་བཤད་ལ། དེའི་རྗེས་ལ་དབང་པོ་དམན་པ་ལ་སོགས་པའི་དབྱེ་བ་ལ་བརྟེན་ཏེ། སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རིམ་གྱིས་

เล่ม ๒๙ · หน้า 2b

གོང་ནས་གོང་དུ་ཁྱད་པར་དང་ལྡན་པ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སྔགས་ཀྱི་ཐེག་པ་ཆེན་པོ་རྣམ་པ་ལྔ་བསྟན་ཏོ། །དེ་ལ་གཏི་མུག་གི་རིགས་ཅན་གྱི་སེམས་ཅན་ལ་བརྟེན་ཏེ་དཀྱིལ་འཁོར་དང་། བསྐོར་བ་དང་།

མཆོད་རྟེན་གྱི་ལས་དང་། ཁྲུས་ཀྱི་ཆོ་ག་དང་། སྦྱིན་སྲེག་དང་། མཆོད་པ་དང་། བསྙེན་གནས་དང་། བརྟུལ་ཞུགས་དང་སྡོམ་པ་ལ་སོགས་པ་གཙོ་བོར་གྱུར་པའི་བྱ་བའི་རྒྱུད་བཀའ་སྩལ་ཏེ། དཔེར་ན་སྒྲོན་མ་འབྱུང་བ་ལ་སོགས་པའོ། །དེའི་རྗེས་ལ་དབང་པོ་དམན་པ་དང་བར་པའི་གཏི་མུག་

གི་རིགས་ཅན་གྱི་སེམས་ཅན་གྱི་ཁམས་ལ་བརྟེན་ཏེ་དངོས་གྲུབ་དང་ཏིང་ངེ་འཛིན་དང་སྤྱོད་པ་དང་མཐུ་དང་ལྡན་པ་དཔལ་མཆོག་དང་པོ་ལ་སོགས་པ་སྤྱོད་པའི་རྒྱུད་གསུངས་སོ། །དེའི་རྗེས་ལ་འདོད་ཆགས་དང་ཞེ་སྡང་དམན་པའི་རིགས་ཅན་གྱི་སེམས་ཅན་ལ་བརྟེན་ཏེ་དེ་རྣམ་པར་དག་པའི་ཐབས་

སུ་གྱུར་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་གསུངས་སོ། །དེ་བཞིན་དུ་བར་པ་དང་ལྷག་པའི་འདོད་ཆགས་དང་ཞེ་སྡང་གི་རིགས་ཅན་ལ་བརྟེན་ཏེ་རྣམ་པར་དག་པར་བྱ་བའི་ཕྱིར་དཔལ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་གསུངས་སོ། །འབའ་

ཞིག་ལྷག་པ་འདོད་ཆགས་དང་ཞེ་སྡང་གི་རིགས་ཅན་ལ་བརྟེན་ཏེ་རྣལ་འབྱོར་མའི་རྒྱུད་གསུངས་སོ། །དེ་ལ་བྱ་བའི་ཕྱོགས་ནི་དབང་པོ་དམན་པ་རྣམས་ཀྱིའོ། །སྤྱོད་པའི་ཕྱོགས་ནི་དབང་པོ་བར་པ་རྣམས་ལའོ། །རྣལ་འབྱོར་ཆེན་པོ་དང་རྣལ་འབྱོར་མའི་རྒྱུད་ཀྱི་ཕྱོགས་ནི་དབང་པོ་རབ་ཀྱི་རབ་

རྣམས་ལ་བསྟན་ཏེ། དབང་པོ་དབྱེ་བའི་རིམ་པ་དང་ཡུལ་གྱི་རྣམ་པར་དབྱེ་བ་རབ་ཏུ་བསྟན་ཏོ། །དེ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཕྱོགས་འདི་ནི་འདོད་པའི་ཁམས་ཀྱི་གདུལ་བྱ་སེམས་ཅན་གྱི་རིགས་རྣམ་པ་བཞི་ལ་བརྟེན་ཏེ་བསྐལ་པ་བཟང་པོ་ལ་ལག་ན་རྡོ་རྗེ་ལ་བརྟེན་ཏེ་སྙིགས་མ་ལྔའི་

དུས་འདི་ལ་སེམས་ཅན་རྣམས་ཀྱི་ཚེ་དང་། བརྩོན་འགྲུས་དང་སྟོབས་ཆུང་བ་ཉིད་དུ་གཟིགས་ཏེ། དེ་རྣམས་གདོན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་སོགས་པས་ཐུགས་དབང་དུ་མཛད་ནས་སྤྱོད་པ་གསུམ་སྤྱོད་པས་བདེ་བའི་ཐབས་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བ་འབའ་ཞིག་ཏིང་ངེ་འཛིན་

เล่ม ๒๙ · หน้า 3a

ཙམ་གཙོ་བོར་གྱུར་པ་སྤྲོས་པ་དང་བྲལ་བ་དཔལ་གསང་བ་འདུས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདིའི་རེ་ཞིག་དང་པོ་བརྗོད་པ་ལ་སོགས་པ་ལྔ་བཤད་པར་བྱ་སྟེ། གང་གི་ཕྱིར་དེ་མེད་པས་ཉན་པ་པོ་རྣམས་མི་འཇུག་པའི་ཕྱིར་དེ་རྣམས་བསྟན་པར་བྱའོ། །

བརྗོད་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་པ་དང་། དགོས་པ་དང་། དགོས་པའི་དགོས་པའོ། །ཇི་སྐད་དུ། བསྟན་བཅོས་རྣམས་ནི་ཐམས་ཅད་དང་། །རྒྱུད་སོགས་གང་ཡང་རུང་བ་ཡི། །བརྗོད་པ་མེད་པས་འཇིག་རྟེན་འདི། །ལྐུགས་དང་ལོང་བ་འདྲ་བར་འགྱུར། །ཞེས་འབྱུང་ངོ་། །བརྗོད་པར་བྱ་

བ་མེད་པའི་ཚིག་ནི་ལེའུ་བཅུ་ལ་སོགས་པའི་ཚིག་བཞིན་དུ་དོན་མེད་པར་བསྟན་བཅོས་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ་ཉན་པ་པོ་འཇུག་འགྲུབ་པ་ནི། གང་ཕྱིར་འབྲེལ་པ་བསྟན་པ་སྟེ། །དེ་ཕྱིར་བསྟན་བཅོས་རྣམ་ཀུན་ལ། །འབྲེལ་པ་སྔོན་དུ་བརྗོད་པར་བྱ། །དེ་ལ་འདིའི་བརྗོད་པ་ནི་དཔལ་གསང་བ་འདུས་

པ་ཞེས་བྱའོ། །བརྗོད་པར་བྱ་བ་ནི་ལེའུ་བཅོ་བརྒྱད་ཀྱི་རིམ་པས་རྫོགས་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་དེའི་དཀྱིལ་འཁོར་རོ། །ཡང་ན་དང་པོ་སྦྱོར་བ་ལ་སོགས་པའི་དབྱེ་བའི་ཏིང་ངེ་འཛིན་གསུམ་མམ། རིམ་པ་གཉིས་སམ། འབའ་ཞིག་པ་རྫོགས་པའི་རིམ་པ་གཙོ་བོར་གྱུར་པ་ནི་རིམ་པ་ལྔའམ།

རང་བཞིན་ལ་སོགས་པའི་དབྱེ་བས་གནས་པ་དོན་དྲུག་སྟེ། བརྗོད་པར་བྱ་བ་མེད་པའི་ཚིག་ནི་ལེའུ་བཅུ་པ་ལ་སོགས་པའི་ཚིག་བཞིན་དུ། དོན་མེད་པར་བསྟན་བཅོས་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། ཉན་པ་པོ་འཇུག་འགྲུབ་པ་ནི། །གང་ཕྱིར་འབྲེལ་པ་བསྟན་པ་སྟེ། །དེ་ཕྱིར་བསྟན་བཅོས་རྣམ་ཀུན་

ལ། །འབྲེལ་པ་སྔོན་དུ་བརྗོད་པར་བྱ། །ཞེས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཅན་ནམ་བརྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ཅན་སྒྲ་དང་དོན་དག་ལ་འབྲེལ་པར་བསྟན་ཏོ། །གལ་ཏེ་སྒྲ་དང་དོན་ལ་དོན་དམ་པའི་འབྲེལ་པ་མེད་ན་ཡང་བློས་བྱས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། རྣམ་པར་རྟོག་

པ་ལ་ཕལ་ཆེར་དུ་རྣམ་པར་དཔྱད་དོ། །འབྲེལ་པ་དེ་ཡང་རྣམ་པ་དྲུག་ཡིན་ཏེ། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ལྷ་མ་ཡིན་དང་། མིའོ། །དེ་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དོན་དམ་པའི་ངོ་བོ་གཟུགས་དང་ལྡན་པ་བཤད་མི་ནུས་ཏེ། དེ་དང་

เล่ม ๒๙ · หน้า 3b

ལྡན་པས་ན་ལམ་པོ་ཆེའི་སྐྱེས་བུ་བཞིན་དུ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའོ། །རྣམ་པ་དང་བཅས་པའི་དངོས་པོ་ལ་འཇིག་པ་མཐོང་བའི་ཕྱིར་རོ། །གཟུགས་དང་ལྡན་པ་མ་ཡིན་ན་རི་བོང་གི་རྭ་བཞིན་ཤིན་ཏུ་མེད་པ་ལ་མི་དམིགས་པའི་ཕྱིར་བསྙེན་བཀུར་བྱེད་པ་མེད་པས་ལྐུགས་པ་

དང་། ལོང་བ་དང་འདྲ་བ་བླ་མ་དང་སློབ་མ་མེད་པར་གྲོལ་བར་ཐལ་བར་འགྱུར་ཏེ། མེད་པ་ལ་དོན་བྱ་བ་མི་དམིགས་པའི་ཕྱིར་རོ། །དེ་བས་ན་འདིར་ཇི་ལྟར་གནས་པར་བྱའོ། །དེའི་ལན་འདི་ཡིན་ཏེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི་རྣམ་པ་དང་བཅས་པ་ཡིན་ལ་རྣམ་པ་མེད་པ་ཡང་ཡིན་ནོ། །འོ་ན་

གྲིབ་མ་དང་ཉི་མ་བཞིན་དུ་འགལ་བའི་ཆོས་གནས་པར་འགྱུར་རོ། །མི་འགྱུར་ཏེ་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་འོད་གསལ་བ་ལས་གཅིག་ཏུ་ལྡང་བར་མཛད་ལ། བརྒྱ་བྱིན་གྱི་གཞུ་བཞིན་དུ་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་སྐུ་སྤྲུལ་པ་སྟེ། འདུས་བྱས་པ་མ་ཡིན་ཏེ། སྐྱེ་བ་དང་རྒ་བ་དང་།

མི་རྟག་པ་ལ་སོགས་པས་འདུས་བྱས་པའི་མཚན་ཉིད་མེད་པའི་ཕྱིར་དང་། ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་དང་། རྡོ་རྗེ་བཞིན་དུ་མི་ཕྱེད་པའི་ཕྱིར་རོ། །དེ་བས་ན་རྣམ་པ་དང་བཅས་པས་བཅོམ་ལྡན་འདས་རིགས་པ་ཡིན་ནོ། །རྣམ་པ་མེད་པ་ཡང་བཅོམ་ལྡན་འདས་ནི་འོད་གསལ་བ་ལ་བཞུགས་པའི་

དུས་སུ་ཕོ་མོ་མ་ནིང་ནི་རྣལ་འབྱོར་གྱི་བསྒོམ་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་མ་ལུས་པ་ལ་སྟོང་པ་ཉིད་ཀྱི་མེས་བསྲེགས་པའི་ཕྱིར་རོ། །འདི་སྐད་དུ། གོས་བཞིན་དངོས་པོ་རྣམས་ལ་ནི། །རྣམ་པ་དུ་མས་ཐ་དད་ལ། །སྟོང་ཉིད་མེ་ཡིས་བསྲེགས་པ་ལ། །ཐལ་བའི་དབྱེ་བ་གང་ཡང་མེད། །

ཅེས་འབྱུང་ངོ་། །དེ་བས་ན་རྣམ་པ་མེད་པ་ཡང་ངོ་། །འགལ་བ་ཡང་མ་ཡིན་ཏེ། ཐ་དད་པའི་བྱ་བ་ལ་བརྟེན་པའི་ཕྱིར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་ལྟ་བུས་རང་གི་ཐུགས་ཀའི་ས་བོན་ལས་སམ། ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་རིམ་པས་དེ་བཞིན་གཤེགས་པ་ལྔ་སྤྲོས་ཏེ། དེ་རྣམས་

ལ་དེ་ཁོ་ན་ཉིད་གང་བསྟན་པ་དེ་ནི་དེ་བཞིན་གཤེགས་པའི་འབྲེལ་པའོ། །བཅོམ་ལྡན་འདས་དེ་ཉིད་ཀྱིས་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་རྣམ་པར་དག་པར་བྱ་བའི་ཕྱིར་རང་གི་ས་བོན་དེ་ཉིད་ལས་ལྷ་མོ་བཞི་སྤྲོས་ཏེ། དེ་རྣམས་ལ་གང་ཆོས་ཀྱི་དེ་ཁོ་ན་ཉིད་གསུངས་པ་དེ་ནི་ལྷ་མོའི་འབྲེལ་

เล่ม ๒๙ · หน้า 4a

པ་སྟེ། དཔེར་ན་ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་ལ་སོགས་པའོ། །དེ་ལ་ནི་རྡོ་རྗེ་འཆང་ཆེན་པོ་ཁོ་ན་གདུལ་བྱའི་ཕྱིར་བུད་མེད་ཀྱི་གཟུགས་ཅན་ཏེ། གང་གི་ཕྱིར་དེ་ཁོ་ན་ཉིད་ལ་བུད་མེད་དང་སྐྱེས་བུའི་དབྱེ་བ་མེད་པ་སྟེ། རྣམ་པ་མེད་པས་ནམ་མཁའ་བཞིན་དུ་མི་ཕྱེད་པའི་ཕྱིར་

རོ། །རྡོ་རྗེ་སྙིང་པོ་ལ་སོགས་པ་ལ་བརྟེན་ཏེ་དཔལ་ཀྱེ་རྡོ་རྗེ་ལ་སོགས་པའི་རྒྱུད་རྣམས་ལས་གང་ཞིག་དེ་ཁོ་ན་ཉིད་གསུངས་པ་ནི་བྱང་ཆུབ་སེམས་དཔའི་འབྲེལ་པའོ། །བརྒྱ་བྱིན་གྱིས་ཡོངས་སུ་ཞུས་པ་ལ་སོགས་པ་ལ་གང་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་དེ་ནི་ལྷའི་འབྲེལ་པའོ། །ལྷ་དང་ཀླུ་

དང་དྲང་སྲོང་ལ་བརྟེན་ཏེ་གང་ཞིག་དེ་ཁོ་ན་ཉིད་བསྟན་པ་དེ་ནི་ལྷ་དང་ལྷ་མ་ཡིན་གྱི་འབྲེལ་པ་སྟེ། དཔེར་ན་མི་སྦྱིན་གྱི་བུ་ལ་བརྟེན་ཏེ། སྒྲོན་མའི་རྟོག་པ་ལ་སོགས་པ་ལའོ། །རྒྱལ་པོ་རབ་གསལ་ལ་སོགས་པ་ལ་བཅོམ་ལྡན་འདས་ཀྱིས་ཆོས་གང་བསྟན་པ་དེ་ནི་མིའི་འབྲེལ་པའོ། །ལ་ལ་ན་རེ་རྡོ་རྗེ་འཆང་

ཆེན་པོས་དེ་བཞིན་གཤེགས་པ་རྣམས་ལ་གསུངས་པ་སྟེ། དེ་རྣམས་ཀྱིས་ཀྱང་ལྷ་མོ་རྣམས་ལ་གསུངས་སོ་ཞེས་ཟེར་རོ། །བེམས་པོ་བེམས་པོ་མི་རྟེན་པས། །འབྲེལ་པ་རྣམ་པ་གཉིས་སུ་འདོད། །བེམས་པོ་སྒྲ་དང་དོན་འབྲེལ་པས། །གཉིས་པ་རྗོད་བྱེད་ཉན་པ་པོའི། །གཉིས་པའི་རྣམ་

པ་དྲུག་ཡིན་ཏེ། །ཞལ་ནས་ཞལ་གྱི་རིམ་པས་བྱུང་། །དེ་བཞིན་གཤེགས་སོགས་དབྱེ་བ་ཡིས། །བློ་ལྡན་རྣམས་ཀྱིས་བཤད་པ་ཡིན། །ཞེས་བྱ་བ་མདོར་བསྡུས་པའི་ཚིགས་སུ་བཅད་པ་གཉིས་སོ། །འདིར་ནི་དེ་བཞིན་གཤེགས་པའི་འབྲེལ་པ་སྟེ། དེ་བཞིན་གཤེགས་པ་ལྔ་བསྐྱེད་དེ། དེ་རྣམས་

ལ་བཅོམ་ལྡན་འདས་ཀྱིས་རྒྱུད་གསུངས་པའི་ཕྱིར་རོ། །དང་པོ་སྦྱོར་བ་ལ་སོགས་པ་དོན་བཅུ་དྲུག་ལ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་རྣལ་འབྱོར་པས་གང་ཞིག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་དེ་ནི་དགོས་པའོ། །རང་གི་དོན་ཕུན་སུམ་ཚོགས་པ་ཐོབ་པའི་རྣལ་འབྱོར་པས་དབུགས་

དབྱུང་བ་རྣམ་པ་གཉིས་ཀྱི་རིམ་པས་གང་ཞིག་གཞན་མ་རྣམས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་མཛད་པ་དེ་ནི་དགོས་པའི་དགོས་པའོ། །དེ་ནས་འདིར་ནི་རྣམ་པར་དཔྱད་པར་བྱ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དཔེར་ན་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པ་དང་།

เล่ม ๒๙ · หน้า 4b

ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། ངེས་པར་བརྗོད་པ་དང་། འདི་ལྟར་བྱུང་བ་དང་། ཤིན་ཏུ་རྒྱས་པ་དང་། སྐྱེས་པའི་རབས་དང་། རྨད་དུ་བྱུང་བ་དང་། ཆོས་གཏན་ལ་ཕབ་པ་ཞེས་བྱ་སྟེ། དེ་རྣམས་ཀྱི་ནང་ནས་འདི་གང་ཡིན་ཞེ་ན། འདིར་ལན་སྨྲས་པ།

མདོ་སྡེ་ཞེས་བྱ་བའོ། །ཇི་སྐད་དུ། སྣ་ཚོགས་དོན་དང་ཡང་དག་ལྡན། །ཚིག་ཉུང་ཡང་དག་ལྡན་པ་སྟེ། །གཏན་ཚིགས་དཔེ་རྣམས་ཀྱིས་གྲུབ་པ། །མདོ་སྡེ་མཁན་གྱིས་བརྗོད་དེ་བཞིན། །ཟབ་པའི་དོན་གསལ་བར་བྱེད་པས་ན་མདོ་སྡེ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུ་ཡིན་ན། དགོས་པ་བསྡུས་དང་

བཅས་པ་དང་། །ཚིག་དོན་བཅས་དང་དགོས་པར་ལྡན། །ཐེ་ཚོམ་ལན་དང་བཅས་པ་སྟེ། །མདོ་སྡེའི་དོན་ལ་མཁས་པས་བརྗོད། །ཅེས་བྱ་བས་དགོས་པ་ལ་སོགས་པ་བཤད་དུ་རུང་བ་ཡིན་ནོ། །དེ་ནི་བདེན་པ་ཡིན་ཏེ། འོན་ཀྱང་བརྗོད་པ་ལ་སོགས་པ་ལྔས་དེ་རྣམས་བཤད་ཟིན་ཏེ། ལོགས་སུ་མི་བཤད་དོ། །

འདི་ལྟ་སྟེ་དགོས་པས་ནི་དགོས་པ་བཤད་ཟིན་ཏོ། །བརྗོད་པར་བྱ་བས་ནི་ཚིག་གི་དོན་དང་དོན་བསྡུས་པ་དང་དགོངས་པ་རྣམས་ཏེ་ཚིག་གི་དོན་ཁོ་ན་བརྗོད་པར་བྱ་བ་སྟེ། དེ་ཇི་སྲིད་དུ་མདོར་བསྡུས་པ་མ་བྱས་པའམ། དགོངས་པ་དང་བཅས་པ་མ་བསྟན་པ་སྟེ། དེ་སྲིད་དུ་སུས་ལེན་པར་བྱེད་དེ། དེ་བཞིན་

དུ་འབྲེལ་པས་ནི་ཐེ་ཚོམ་དང་ལན་བསྟན་པ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པའི་དབྱེ་བས་གང་ཞིག་སྔར་འབྲེལ་པ་བཤད་པ་དེ་ལ་ངེས་པར་ཐེ་ཚོམ་དང་ལན་གྱི་སྒོ་ནས་ཆོས་ཀྱི་བསྟན་པ་བྱུང་བ་སྟེ། དེ་བས་ན་དགོས་པ་ལ་སོགས་པ་དྲུག་བརྗོད་པ་ལ་སོགས་པའི་ནང་དུ་བསྡུས་པ་སྟེ་

ལོགས་སུ་མི་བསྟན་ཏོ། །ད་ནི་བྱིས་པའི་བློ་གྲུབ་པར་བྱ་བའི་ཕྱིར་མདོར་བསྡུས་པས་ལེའུ་བཅོ་བརྒྱད་ཀྱི་དོན་བསྡུས་པ་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་ལེའུ་དང་པོ་ལས་རྣམ་པ་གཉིས་ཀྱིས་ལྷའི་རྣལ་འབྱོར་སྒོམ་པས་སྤྲུལ་པའི་དཀྱིལ་འཁོར་སྤྲོས་ཏེ། རྒྱུད་མ་ལུས་པའི་དོན་གྱིས་འབྲས་བུར་གྱུར་

པ་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་བཅོམ་ལྡན་འདས་མི་བསྐྱོད་པ་བྱུང་བའི་རྗེས་སུ་ཞུགས་པས་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་བཀའ་སྩལ་ཏོ། །རྣམ་པ་གཉིས་ཀྱི་རིམ་པའི་ལྷའི་རྣལ་འབྱོར་གྱིས་དགོད་པ་བྱུང་བས་དེ་བཟློག་པར་བྱ་བའི་ཕྱིར་དོན་དམ་པའི་བདེན་པ་ལ་བཞུགས་པའི་རྫོགས་པའི་

เล่ม ๒๙ · หน้า 5a

རིམ་པ་འབའ་ཞིག་གཙོ་བོར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་བསྟན་ཏོ། །དོན་དམ་པ་ལ་ཞུགས་པས་གཞན་གྱི་དོན་མེད་པའི་ཕྱིར་སྨོན་ལམ་གྱི་འབྲས་བུ་མེད་པས་དེའི་སྐྱོན་སེལ་བར་བྱ་བའི་ཕྱིར་ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་བསྟན་པའི་ལེའུ་གསུམ་པའོ། །ཡོངས་སུ་དག་པའི་སྒྲ་

ནི་རྣམ་པ་གཉིས་ཏེ། གཅིག་ནི་བསྐྱེད་པའི་རིམ་པ་རྗོད་པར་བྱེད་པ་དང་། གཉིས་པ་ནི་རང་ལ་བྱིན་གྱིས་བརླབ་པའི་རིམ་པ་རྗོད་པར་བྱེད་པའོ། །འདིར་ནི་གཉིས་ཀ་ཡང་གཟུང་བར་བྱའོ། །རིག་མའི་དབང་ཐོབ་པས་ཕྱིར་མི་ལྡོག་པའི་ཕྱིར་ལེའུ་བཞི་པའོ། །དབང་ཐོབ་པས་སྤྱོད་པ་སྤྱོད་དེ་ལེའུ་ལྔ་པའོ། །

སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་མེད་པས་སྤྱོད་པ་འགྲུབ་པར་མི་འགྱུར་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟོན་པར་བྱེད་པ་ལེའུ་དྲུག་པའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ། གཞན་ཡང་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་བསྟན་པ་སྟེ། འདི་རྒྱུད་ཡིན་པའི་ཕྱིར་རོ། །ལེའུ་ལྔ་པ་ལས་གསུངས་

པའི་སྤྱོད་པ་ལེའུ་བདུན་པ་ལས་རྒྱས་པར་བསྟན་པ་སྟེ། ཁྱད་པར་ནི་མ་ཡིན་ནོ། །རྒྱས་པའི་དོན་ཤེས་ནས་བདེ་བས་གོ་བའི་ཕྱིར་རོ། །ཇི་སྐད་དུ་ཆོ་ག་དེ་རྣམས་ནི་ལེགས་པར་བསྡུས་པ་ཡིན་ཏེ། གང་གི་མཚན་ཉིད་དང་སྤྲོས་པ་བསྟན་པ་ཡིན་ནོ། །དེ་ལྟར་ན་ཡང་དངོས་གྲུབ་མེད་པས་གཙང་བ་དང་མི་གཙང་བའི་རྣམ་པར་

རྟོག་པ་ཞི་བར་མི་འགྱུར་ཏེ། དེའི་ཕྱིར་གསང་བའི་དབང་བསྐུར་བའི་ལེའུ་བརྒྱད་པའོ། །གསང་བའི་དབང་བསྐུར་བ་ཐོབ་པས་དེའི་དུས་གྲུབ་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་སྟོབས་ཀྱིས་རྣལ་འབྱོར་གྱི་ཏིང་ངེ་འཛིན་རྫོགས་པར་བྱ་བའི་ཕྱིར་ལེའུ་དགུ་པའོ། །སྔགས་ལ་མོས་པ་དང་ལྡན་པའི་རྣལ་འབྱོར་པས་

གསང་བའི་དབང་ཐོབ་པས་ཕྱི་ནས་སྔགས་ཀྱིས་བསྐུལ་བས་རྡོ་རྗེ་འཆང་ཆེན་པོ་གྲུབ་པའི་ཕྱིར་ལེའུ་བཅུ་པའོ། །དེ་ལྟར་ན་ལེའུ་དགུ་པ་དང་བཅུ་པ་ནི་བརྒྱད་པའི་ཡན་ལག་ཏུ་གྱུར་པ་སྟེ། མྱུར་བ་དང་རིང་བར་དཔྱོད་པར་བྱེད་པའི་སློབ་མའི་དབྱེ་བས་སོ། །དྲག་ཤུལ་གྱི་རྣལ་འབྱོར་དང་སྙིང་པོ་བསྐུལ་བ་དག་གིས་

གང་ཞིག་རྡོ་རྗེ་འཆང་ཆེན་པོ་ཐོབ་པ་དེ་ནི་དེའི་དབྱེ་བ་གཉིས་པ་སྟེ། སྔགས་ཀྱི་སྐུ་རྫོགས་པ་དང་། ཡེ་ཤེས་ཀྱི་སྐུ་རྫོགས་པའོ། །སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པ་དང་། ཡེ་ཤེས་ཀྱི་སྐུ་ནི་རྫོགས་པའི་རིམ་པ་སྟེ། དེའི་ཕྱིར་ལེའུ་བཅུ་གཅིག་པའོ། །ཡེ་ཤེས་ཀྱི་སྐུ་ལ་ཞུགས་པས་སེམས་ཅན་གྱི་དོན་བྱ་བའི་

เล่ม ๒๙ · หน้า 5b

ཕྱིར་རིགས་ཀྱི་དབྱེ་བས་ཕྱག་རྒྱ་ཆེན་པོར་ཡོངས་སུ་འགྱུར་བའི་མཚན་ཉིད་བསྟན་པའི་ལེའུ་བཅུ་གཉིས་པའོ། །སེམས་ཅན་གྱི་དོན་དེ་ཡང་རིགས་ཀྱི་དབྱེ་བས་ལས་ཀྱི་ཚོགས་པས་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ལེའུ་བཅུ་གསུམ་པའོ། །ལྷའི་འཁོར་ལོའི་དབྱེ་བས་ལས་ཀྱི་ཚོགས་གྲུབ་པར་བྱ་བའི་ཕྱིར་ལེའུ་

བཅུ་བཞི་པའོ། །གལ་ཏེ་ལས་ཀྱི་ཚོགས་ཀྱི་སྒོ་ནས་ཞེན་པ་རགས་པ་སྐྱེ་བར་འགྱུར་བ་དེའི་སྐྱོན་སེལ་བར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ལེའུ་བཅོ་ལྔ་པའོ། །ལེའུ་བཅུ་དྲུག་པ་ནི་ལེའུ་བཞི་པའི་ཡན་ལག་ཏུ་གྱུར་པ་སྟེ། དེ་ལ་ལེའུ་བཞི་པ་བཞིན་དུ་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་བསྟན་

ཏོ། །ཁྱད་པར་ནི་རྒྱས་པ་དང་མདོར་བསྡུས་པས་བྱས་པའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ལེའུ་ཐམས་ཅད་ཀྱི་ཡང་ན་དེ་ཡན་ལག་ཡིན་པས་དེ་ཉིད་ཀྱི་ཕྱིར་ཕྱིས་བསྟན་ཏོ། །དེ་ལྟར་ན་རང་གི་དོན་སྒྲུབ་པ་དང་གཞན་གྱི་དོན་སྒྲུབ་པ་བསྟན་ཏོ། །དེ་དག་ཀྱང་དམ་ཚིག་དང་སྡོམ་པའི་སྒོ་ནས་འགྲུབ་པར་

འགྱུར་ཏེ། དེའི་དོན་སྟོན་པར་བྱེད་པ་ལེའུ་བཅུ་བདུན་པའོ། །དེའི་འོག་མ་ལེའུ་གཞན་མེད་དེ་བྱ་བ་མེད་པའི་ཕྱིར་རོ། །འོ་ན་ལེའུ་བཅོ་བརྒྱད་པ་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། དེ་ནི་གཞན་མ་རྣམས་ཀྱི་འགྲེལ་པ་དང་འདྲ་བ་ཡིན་ཏེ། འགལ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེའི་མིང་ནི་རྒྱུད་ཕྱི་མ་དང་འདུས་པ་

ཕྱི་མ་ཞེས་སོ། །དེའི་དོན་གྱི་རྣམ་པར་དབྱེ་བ་ནི་དེ་ཉིད་དུ་བཤད་པར་བྱའོ། །ད་ནི་བརྗོད་པ་ལ་སོགས་པ་ལྔའི་ནང་ནས་གཉིས་པ་བརྗོད་བྱ་རྣམ་པ་བཅུ་དྲུག་པ་གང་ཡིན་པ་དེའི་དབྱེ་བ་བཤད་པའི་རྒྱུད་རྣམས་ལས་བཤད་པར་བྱ་སྟེ། དེ་ལ་རེ་ཞིག་དང་པོ་ཚིག་གི་དོན་བཅུ་དྲུག་ནི་འདི་ཡིན་ཏེ། དང་པོ་སྦྱོར་བ་དང་། དཀྱིལ་

འཁོར་རྒྱལ་བ་མཆོག་དང་། ལས་རྒྱལ་བ་མཆོག་དང་། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། རྡོ་རྗེ་བཟླས་པ་དང་། སེམས་རྣམ་པར་དག་པ་དང་། རང་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པའི་རིམ་པ་དང་། རང་བཞིན་དང་། རྒྱུ་དང་། ལས་དང་། འབྲས་བུ་དང་།

རྣལ་འབྱོར་དང་། སྒྲུབ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །མདོར་བསྟན་པའི་ཚིག་འདི་རྣམས་ཀྱི་རྒྱས་པར་བཤད་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་པར་བྱ་སྟེ། དེ་ནས་རྡོ་རྗེ་འཆང་བ་བཅོམ་ལྡན་འདས། །འཇིག་རྟེན་གསུམ་བདག་ཆེན་

เล่ม ๒๙ · หน้า 6a

པོ་ནི། །ཕྱག་ན་རྡོ་རྗེ་ཡིད་དགའི་ཕྱིར། །ལྷ་ཡི་རྣམ་པ་འགྲུབ་པ་བསྟན། །བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ནི། །སྡིག་པ་བཤགས་པ་ལ་སོགས་ཏེ། །ཚད་མེད་པ་རྣམས་བསྒོམས་ནས་ནི། །བསོད་ནམས་ཀྱི་ནི་འཕེལ་བྱའི་ཕྱིར། །བླ་མ་སངས་རྒྱས་སོགས་དགེ་སློང་། །ཡང་དག་

མཆོད་ཅིང་འགྲོ་དོན་བྱ། །སྔགས་ནི་རྗེས་སུ་དྲན་བྱས་ནས། །ཐམས་ཅད་སྟོང་པ་རྗེས་དྲན་བྱ། །ལུས་ངག་ཡིད་ནི་སྟོང་ཉིད་དུ། །དེ་བཞིན་དུ་ནི་ཁམས་གསུམ་པ། །བསྒོམས་ནས་དེ་ལྟར་རྣལ་འབྱོར་ནི། །དང་པོ་སྦྱོར་བ་ཞེས་འདོད་དོ། །དེ་ནས་གཞན་དོན་གྲུབ་པའི་ཕྱིར། །སྟོང་ཉིད་རང་བཞིན་སྤང་བའི་ཕྱིར། །

བློ་ལྡན་ལྷ་མོས་བསྐུལ་བ་ནི། །གཟུགས་བརྙན་བཟུང་བར་བྱ་བའོ། །ཉོན་མོངས་ཉེ་ཉོན་གཞིག་བྱའི་ཕྱིར། །རིམ་པ་ཇི་བཞིན་གནས་ཇི་བཞིན། །ཕུང་པོ་ཁམས་ལ་སོགས་ལས་འབྱུང་། །དཀྱིལ་འཁོར་པ་རྣམས་སྤྲོ་བར་བྱ། །བསྒོམ་པའི་ལམ་ནི་དེ་ལྟ་བུ། །རྣལ་འབྱོར་པས་གང་བསྒོམ་པ་སྟེ། །དེ་ནི་དཀྱིལ་

འཁོར་རྒྱལ་བ་མཆོག །རྒྱལ་བ་རྣམས་ཀྱིས་གསུངས་པའོ། །སྐུ་གསུང་ཐུགས་ལ་དགོད་པ་དང་། །ཡེ་ཤེས་སེམས་སོགས་སྦྱོར་བ་སྟེ། །བསྟོད་མཆོད་བདུད་རྩི་མྱང་བ་ནི། །ལས་ཀྱི་རྒྱལ་མཆོག་བསྟན་པ་ཡིན། །དེ་ཉིད་ཐ་མལ་པའི་ཡན་ལག་དྲུག་གི་རྣལ་འབྱོར་སྒོམ་པ་ཡིན་ནོ། །དོན་ཡོད་གྲུབ་པའི་

རྒྱུད་ལས། གཞལ་ཡས་ཁང་ནི་རྣམ་སྣང་མཛད། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོད་པ་དཔལ་ལྡན་རིན་ཆེན་འབྱུང་། །མཆོད་པ་དོན་ཡོད་གྲུབ་ཡིན་ཏེ། །རྡོར་སེམས་རྗེས་སུ་ཆགས་པ་ཡིན། །རྡོ་རྗེ་རྗེས་སུ་ཆགས་པ་དང་། །སངས་རྒྱས་གནས་ནི་རྣམ་བསྒོམ་

དང་། །དབང་དང་བདུད་རྩི་མྱང་བ་དང་། །མཆོད་པ་བསྟོད་པ་ཡན་ལག་དྲུག །ཡན་ལག་དྲུག་ནི་རྣལ་འབྱོར་པས། །བསྒོམས་ན་དངོས་གྲུབ་བརྙེས་པར་འགྱུར། །དེ་ནི་དང་པོར་སྦྱོར་བ་པོ་ལ་སོགས་པའི་བསྒོམ་པའི་ལམ་མོ། །དེ་བཞིན་དུ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་། བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་

པའི་རིམ་པ་དེ་བཞིན་དུ། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོར་འཆང་རྣམས་ཀྱིས་ཆོས་བསྟན་པའོ། །དང་པོ་སྟོང་ཉིད་བྱང་ཆུབ་དང་། །གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་བརྙན་འགྲུབ་པ་སྟེ། །བཞི་པ་ཡི་གེ་དགོད་པ་ཡིན། །ཞེས་འབྱུང་ངོ་། །དེ་ཙམ་གྱིས་བསྐྱེད་པའི་རིམ་

เล่ม ๒๙ · หน้า 6b

པ་བསྟན་ཏོ། །གཞན་དུ་ཡང་ཁྱད་པར་གྱིས་བསྟན་པ་སྟེ། དཔེར་ན་རྣལ་འབྱོར་མའི་སྙིང་པོའི་རྒྱུད་ལས་ཀྱང་། ད་ནི་བཤད་པར་བྱ་བ་སྟེ། །དམ་ཚིག་རྣམས་ཀྱི་མཚན་ཉིད་ནི། །དངོས་གྲུབ་རྣམས་ཀྱི་རྒྱུད་ཉིད་དང་། །དམ་ཚིག་རྣམས་ནི་བསྲུང་བའོ། །དམ་ཚིག་དང་ནི་སྒྲུབ་པ་དང་། །དེ་བཞིན་སྒྲུབ་པ་ཆེན་

པོ་སྟེ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དེ་ཕྱིར་གསུམ་པོ་རྟག་ཏུ་བྱ། །དམ་ཚིག་བདུད་རྩི་ལྔ་ཉིད་དང་། །སྒྲུབ་པ་ཤ་ནི་ལྔ་པོ་སྟེ། །བླ་མ་དང་བཅས་དགའ་བ་ནི། །སྒྲུབ་པ་ཆེན་པོ་དེ་ཉིད་ཡིན། །ཐེ་ཚོམ་ཡང་དག་ཡོངས་སྤངས་ནས། །དགོད་པ་རོལ་པ་དེ་བཞིན་དུ། །གཙོ་བོ་བླ་མས་ལྷ་མོ་ཀྱེ། །དགའ་

བའི་རོལ་པ་སྦ་མི་བྱ། །མཆན་ཁུང་ནས་ནི་དེ་བཞིན་དུ། །བླ་མ་དགའ་བར་གྱུར་པ་ན། །དེས་ཀྱང་ཐར་པའི་འབྲས་བུ་སྟེར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས་ཀྱང་། ལྷ་མོ་ཉོན་ཅིག་རབ་བཤད་བྱ། །ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་སྟེ། །གཟུགས་དང་སྒྲ་དང་དྲི་དང་ནི། །རོ་

དང་རེག་པ་དེ་བཞིན་དུ། །ཆོས་ཀྱི་ཁམས་དག་བཤད་པ་ནི། །ཁམས་ནི་བཅོ་བརྒྱད་དེ་བཞིན་དུ། །དེ་རྣམས་ལས་ནི་ཡང་དག་བྱུང་། །ཤུ་ཀྲ་ཞེས་ནི་བཤད་པ་ཡིན། །ཤུ་ཀྲ་ལས་ཀྱང་གོང་བུ་སྐྱེ། །གོང་བུ་ལས་ཀྱང་ཡིད་བྱུང་བའོ། །ནམ་མཁའི་ཁམས་དང་ཆུ་ཡི་ཁམས། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་རྣམས། །

དབང་པོ་ཕུང་པོ་འབྱུང་བ་རྣམས། །ཆུ་ཡི་ཁམས་ནི་ཕ་ལས་སྐྱེ། །མེ་ཁམས་མ་ལས་སྐྱེས་པ་ཡིན། །པགས་པ་ཤ་དང་ཁྲག་དག་ནི། །མ་ལས་སྐྱེས་ཞེས་བཤད་པ་ཡིན། །ཙ་རྒྱུས་གླད་པ་ཤུ་ཀྲ་དང་། །དེ་ནི་ཕ་ལས་སྐྱེས་པ་ཡིན། །དེ་དག་ཆ་རྣམས་ཐམས་ཅད་ནི། །གོང་བུ་སྡུད་པར་བྱེད་པ་ཡིན། །གཟུགས་

དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་དང་། །སངས་རྒྱས་ལྔ་པོ་གཟུགས་བརྙན་ནི། །ཕུང་པོ་ལ་སོགས་བཤད་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་རྡོ་རྗེ་བདུད་རྩི་ལས་ཀྱང་། བྷ་གའི་དབུས་སུ་ནམ་མཁའ་གང་། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བ་གེ་སར་དང་བཅས་པ། །

འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཐིག་ལེའི་ངོ་བོ་བདུད་རྩི་ནི། །དེ་ལ་གནས་པ་རྟག་ཏུ་འཛག །གང་ཞིག་བདུད་རྩི་འཛག་པའི་རྩ། །བྷ་གའི་དབུས་སུ་རབ་གནས་པ། །སུམ་ཅུ་རྩ་གཉིས་རྩ་གཞན་དག །དེ་རྣམས་ཀྱི་ནང་གཙོ་བོ་སྟེ། །ཞེས་གསུངས་སོ། །དེ་ལྟའི་རིམ་པ་ནི་ཨཱ་ལི་དང་། ཀཱ་ལི་དང་། འདོད་

เล่ม ๒๙ · หน้า 7a

པའི་གདུགས་དང་། རུས་སྦལ་མ་དང་། ཟླ་བ་མ་སྟེ། རྩ་ལྔ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལས་ནང་གི་དཀྱིལ་འཁོར་གྱི་རིམ་པའམ། སྤྲོ་བའི་རིམ་པའམ། བུ་དང་ཚ་བོ་ལ་སོགས་པའི་རིམ་པས་ཁམས་གསུམ་པ་གང་སྐྱེད་པར་གྱུར་པ་དེ་ཡང་བསྐྱེད་པའི་རིམ་པ་ཡིན་ནོ། །རྣམ་པ་དེ་

ལྟ་བུ་གཞན་མ་ཡང་བླ་མའི་ཞལ་ནས་ཐོབ་ནས་དཔྱད་པར་བྱའོ། །དེ་བཞིན་དུ་ཕྲ་མོའི་ཐིག་ལེའི་རྣལ་འབྱོར་གྱི་བསྒོམ་པའི་རིམ་པ་དང་། དེ་ཁོ་ན་ཉིད་བཞི་པ་མངོན་དུ་བྱ་བ་ནི་རྫོགས་པའི་རིམ་པའོ། །དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས་ཀྱང་། ཆ་གཉིས་པ་དང་དགུ་པ་ཉིད་དུ་བཤད། །སུམ་ཅུ་བཅུ་པ་ལྔ་པའི་ས་བོན་

ཉིད། །ཆ་གཉིས་པ་དང་ལྔ་པ་དྲུག་པ་ཕྱེ། །དེ་ནི་ཐིག་ལེ་ངེས་པར་འབྱུང་བར་བཤད། །ཅེས་འབྱུང་ངོ་། །དེ་བཞིན་དུ་ཁ་སྦྱོར་ཐིག་ལེ་ལས་ཀྱང་། ཆ་བཞི་ཡང་དག་ལྡན་པ་ནི། །པདྨ་བཞི་ལ་རྣམ་པར་གནས། །མགོ་མེད་སྙིང་གའི་པདྨར་གནས། །ལྐོག་མའི་པདྨར་མགོ་བོ་གནས། །ལྟེ་བའི་པདྨར་

སྒྲ་གནས་པ། །གསང་བའི་པདྨར་སྒྲ་མཐའོ། །འགྲོ་དང་འོང་བ་བྱེད་པ་ནི། །ཐིག་ལེའི་རྣལ་འབྱོར་རབ་ཏུ་ཞུགས། །སྣོམ་པ་དང་ནི་ཉན་པ་དང་། །བལྟ་བ་དེ་བཞིན་མཛེས་པ་དང་། །རེག་པ་ལ་ནི་ཞུགས་པ་དང་། །བདེ་བ་སྡུག་བསྔལ་ལ་སོགས་ཚོར། །གློ་བུར་དགོས་པ་སྨྲ་བ་དང་། །ངུ་བ་སྨྲེ་སྔགས་

བྱེད་པ་དང་། །གཅོད་པ་དང་ནི་ཕྱེ་བ་དང་། །དེ་བཅིངས་པ་དང་གྲོལ་འགྱུར་བ། །རྒྱལ་པོའི་བྱ་བ་བྱེད་པ་དང་། །དེ་བཞིན་དུ་ནི་ཕྱུག་པོ་ཉིད། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་ལ་སོགས་རིགས་རྣམས་ནི། །བུད་མེད་སྒྱུ་མ་མང་བྱས་ནས། །དུད་འགྲོ་ཡི་དྭགས་ལ་སོགས་

པ། །གཟུགས་ལྡན་གཟུགས་ནི་མི་ལྡན་པ། །ནམ་མཁའ་གཟུགས་ཅན་གྱུར་པ་འམ། །དེ་ཉིད་སྒྱུ་མ་ལ་གནས་པ། །སེམས་ཅན་ཐམས་ཅད་སྐྱེ་བར་བྱེད། །བུད་མེད་གཟུགས་ཅན་སྐྱེས་བུ་གཟུགས། །བདེ་ཆེན་གོ་འཕང་ལ་གནས་པ། །དེ་ལྟར་དེ་ཉིད་གང་གིས་ཤེས། །མཆོག་གི་ཡི་གེར་

ཚོར་བ་སྟེ། །ཐམས་ཅད་བདག་ཉིད་གནས་པ་གང་། །གསང་བ་ཞེས་ནི་དེས་ཚོར་བའོ། །ཁ་དོག་མེད་པ་ཁ་དོག་དམར། །ཁ་དོག་དཀར་པོ་སེར་པོ་དང་། །ཐིག་ལེའི་ངོ་བོ་དེ་ཡིན་པ། །འགྲོ་དང་འོང་བ་རབ་བསྟན་པའོ། །གང་ཞིག་རིག་མ་སྒྱུ་མ་ཆེ། །མཐའ་ཡས་སྣ་ཚོགས་གཟུགས་ལྡན་མ། །སྐྱེ་

เล่ม ๒๙ · หน้า 7b

དང་འཇིག་པའི་གནས་སུ་ནི། །ཐིག་ལེའི་ངོ་བོ་རབ་ཏུ་འཇུག །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་ཡང་ནི་ཤེས་པས་ན། །དེ་ཉིད་གང་གིས་མི་ཤེས་ན། །དེ་ནི་ཐམས་ཅད་འབྲས་བུ་མེད། །བཅུ་གཉིས་ལྔ་པ་བརྒྱད་པ་མཐའ། །ཐམས་ཅད་འབྱུང་བ་བསྡུས་པ་སྟེ། །ཨ་སོགས་ཡི་གེ་རྣམས་

ཀྱིས་ནི། །ལྔ་པའི་གདན་དུ་བྱས་པ་སྟེ། །དེ་ནི་སྙིང་རྗེ་ཆེ་རི་མོ། །དྲུག་ལྡན་འོག་ཏུ་ཁ་བལྟས་པ། །ཐོག་མེད་མཐའ་མ་མེད་པའི་ལྷ། །དེ་ཡི་མགོ་བོར་གདབ་པར་བྱ། །དེ་ལྟར་གསང་བ་མཆོག་ཡིན་ཏེ། །ལྷ་མོ་བདག་གིས་རབ་ཏུ་བཤད། །ཅེས་གསུངས་སོ། །འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་།

དབང་བསྐུར་བ་ནི་རྣམ་པ་གསུམ། །རྒྱུད་འདི་ལ་ནི་རབ་ཏུ་གསལ། །དང་པོ་བུམ་པའི་དབང་བསྐུར་བ། །གཉིས་པ་གསང་བའི་དབང་བསྐུར་བ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ལྟར་དེ་བཞིན་བཞི་པའོ། །ཞེས་བཞི་པ་གསུངས་སོ། །དེ་ཉིད་ཡང་བཤད་པ་ནི་དགོངས་པ་ལུང་བསྟན་པའི་

བཤད་པའི་རྒྱུད་ལས་ཀྱང་། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བར་བྱེད། །བདེ་ཆེན་རྒྱལ་པོ་ཉིད་འདི་རུ། །དངོས་པོ་ཀུན་གྱིས་ཡང་དག་གནས། །ཕ་རོལ་ཕྱིན་པ་བཅུ་རྫོགས་ནས། །སྟོབས་དང་དབང་རྣམས་དེ་བཞིན་དུ། །ས་ནི་བཅུ་པ་འདས་ནས་ནི། །རྟགས་ནི་

འགྲེང་བ་དེ་ནས་འགྱུར། །ཞེས་འབྱུང་ངོ་། །དེ་བཞིན་དུ་གཉིས་སུ་མེད་པར་གྲུབ་པ་ལས་ཀྱང་། སྲིད་གསུམ་གནས་ནི་ཐམས་ཅད་དུ། །གཡོ་དང་མི་གཡོ་དངོས་པོ་གང་། །དེ་རྣམས་དེ་ཉིད་རྣལ་འབྱོར་གྱིས། །རྡོ་རྗེ་འཛིན་བཞིན་བལྟ་བར་བྱ། །ཕ་རོལ་རྒོལ་བ་གང་ཡང་རུང་། །རྟགས་ཀྱི་དབྱེ་བས་

རྣམ་གནས་པ། །དེ་དག་ཡང་ནི་སྨད་མི་བྱ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན། །ཞེས་འབྱུང་ངོ་། །བདེ་བ་མཆོག་ལས་ཀྱང་། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་གནས། །སངས་རྒྱས་ཐམས་ཅད་དངོས་སེམས་དཔའ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །

ཞེས་འབྱུང་ངོ་། །རྩ་བའི་རྒྱུད་ལས་ཀྱང་། ཕྲ་མོ་རྡོ་རྗེ་རབ་སྦྱོར་བས། །སེམས་ནི་མཉམ་པར་གཞག་པར་འགྱུར། །ཞེས་འབྱུང་ངོ་། །རྒྱལ་བའི་ཡུམ་ལས་ཀྱང་། ལུས་རྣམ་པར་དག་པའི་གནས་འདི་ཡིན་ཏེ། གང་ཞིག་བྱང་ཆུབ་སེམས་དཔའི་གནས་སོ། །ངག་རྣམ་པར་དག་པའི་གནས་འདི་

เล่ม ๒๙ · หน้า 8a

ཡིན་ཏེ། གང་ཞིག་བྱང་ཆུབ་སེམས་དཔའི་གནས་སོ། །སེམས་རྣམ་པར་དག་པའི་གནས་འདི་ཡིན་ཏེ། གང་ཞིག་བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་འདི་ཉིད་ལས་ཀྱང་། འདི་ལྟ་སྟེ། རིགས་ཀྱི་བུ་ནམ་མཁའ་ནི་ཐམས་ཅད་དུ་རྗེས་

སུ་འགྲོ་བ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་རྟོག་མེད་པའི་ཆོས་རྣམས་ལ། །ཀུན་རྫོབ་ཡང་ནི་རབ་ཏུ་བརྗོད། །ཅེས་བྱ་བའི་བར་གྱིས་ནི་རྫོགས་པའི་རིམ་པ་ཁོ་ནར་བཤད་པ་སྟེ། རབ་ཏུ་བསྟན་པའོ། །ད་ནི་རྡོ་རྗེ་བཟླས་པ་བསྟན་པར་བྱ་སྟེ། དཔེར་ན་རབ་ཏུ་བྱེད་པ་ལས་ནི། རླུང་གི་དེ་ཉིད་རིམ་གྱིས་

ནི། །སྔགས་ཀྱི་དེ་ཉིད་ལ་ཞུགས་བྱ། །སྔགས་ཀྱི་གྲུབ་པ་ཐོབ་ནས་ནི། །རྡོ་རྗེ་བཟླས་པ་ལ་བསླབ་བྱ། །ཞེས་འབྱུང་ངོ་། །དེ་ལ་རྡོ་རྗེ་བཟླས་པ་འདིའི་ཐབས་བསྟན་པར་བྱ་སྟེ། སྙིང་གའི་གནས་ལས་གང་ཞིག་སྲོག་ཅེས་བྱ་བའི་རླུང་ཕུང་པོ་དང་དབང་པོ་ལ་གནས་པ། རྣམ་པ་བཅུས་ཉིན་མོ་དང་

མཚན་མོའི་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་རིམ་པས་གྱེན་དུ་རྒྱུ་བ་ཁ་དང་སྣ་ལས་སྲོག་དང་རྩོལ་བའི་ངོ་བོས་འཇུག་པ་དང་གནས་པ་དང་ལྡང་བར་བྱེད་པ་འཁོར་བའི་འཁོར་ལོར་ཐམས་ཅད་འཇུག་པར་བྱེད་དེ། ཡི་གེ་གསུམ་གྱི་བདག་ཉིད་ཀྱིས་དེ་ཉིད་ནི་རྣལ་འབྱོར་པས་སྤྱི་བོ་དང་ལྐོག་མ་དང་སྙིང་གར་ཉེ་བར་བསྡུས་ནས་

རྡོ་རྗེ་བཟླས་པར་བྱའོ། །དེའི་རིམ་པ་འདི་ཡིན་ཏེ། དེ་བཞིན་གཤེགས་པ་གསུམ་གྱི་རིམ་པས་འཁོར་ལོ་ལ་སོགས་པའི་གཞི་ལ་གནས་པ་སྤྲོ་བ་དང་སྡུད་པར་བྱེད་པ་སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་བཀོད་ལ། ཆ་ཕྱེད་དང་གསུམ་དང་ལྡན་པའི་ཡི་གེ་ཨོཾ་རིམ་གྱིས་ཐིག་ལེའི་ནང་དུ་བསྡུས་ཏེ།

ཐིག་ལེ་དེ་ཡང་གསུང་གི་ས་བོན་གྱི་ཐིག་ལེ་གཉིས་ལ་བསྡུས་ཏེ། གསུང་གི་ས་བོན་དེ་ཡང་ཆ་གཉིས་པ་རང་གི་ཐིག་ལེ་གཉིས་པོ་ལ་ཉེ་བར་བསྡུས་ཏེ། ཐིག་ལེ་ཡང་ཐུགས་རྡོ་རྗེ་ས་བོན་གྱི་ཐིག་ལེ་ལ་ཞུགས་པར་འགྱུར་རོ། །ཐུགས་ཀྱི་ས་བོན་ནི་ཆ་བཞི་པ་སྟེ། དཔེར་ན་ཧ་ཨུ་མགོ་བོ་ལ་སོགས་པ་དེ་རྣམས་

ནི་གཅིག་ལ་གཅིག་ཞུགས་པས་ཐིག་ལེའི་ནང་དུ་བསྡུ་བར་འགྱུར་རོ། །དེ་ནས་གསལ་བ་དང་། མི་གསལ་བའི་ངོ་བོ་དང་། སྔགས་དང་། དཀྱིལ་འཁོར་པ་དང་། ཕྱག་རྒྱ་མ་ལུས་པའི་ངོ་བོ་ཁ་དོག་ལྔ་པ་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་དུ་དེ་ལ་དམིགས་པ་ཡང་རྣལ་འབྱོར་པ་ལ་ལྡོག་པར་འགྱུར་རོ། །

เล่ม ๒๙ · หน้า 8b

དམིགས་པ་ལྡོག་པས་ངག་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་དབུས་ཀྱི་ལམ་ལས་ཐིག་ལེ་དེ་ཉིད་པདྨའི་སྣ་རུ་འགག་པར་བྱས་ཏེ། སྔ་མ་བཞིན་དུ་སྤྲོ་བ་པ་ལ་སོགས་པ་བྱས་ལ་རྡོ་རྗེ་འཆང་ཆེན་པོའི་བསྒོམ་པས་གནས་པར་བྱའོ། །དེ་བཞིན་དུ་ཐིག་ལེ་དེ་ཉིད་ཡང་གྱེན་དུ་དྲངས་པ་

ཀུན་རྫོགས་སྣ་ལ་ཙ་སྣ་ཀའི་ཚད་ཙམ་སྤྲོ་བ་ལ་སོགས་པའི་རིམ་པས་བསམ་པར་བྱས་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་སྐྱེད་པར་བྱེད་དེ། ཞེ་སྡང་དང་འདོད་ཆགས་དང་གཏི་མུག་གི་རིགས་ཅན་གྱི་སེམས་ཅན་ལ་བརྟེན་ཏེ་སྣ་གསུམ་བརྟག་པ་ཡིན་ནོ། །འོ་ན་ཀུན་རྫོབ་ཀྱི་སྣ་དང་། སྙིང་གའི་སྣ་དང་། པདྨའི་

ནང་གི་སྣ་དང་། པདྨའི་ཕྱིའི་སྣ་ཡང་གཞན་དུ་བསྟན་པ་སྟེ། ཇི་ལྟར་རིགས་གསུམ་གྱི་སེམས་ཅན་གཙོ་བོར་གྱུར་པ་འགྲུབ་པོ་ཞེ་ན། བདེན་ཏེ། འོན་ཀྱང་ཕྱི་རོལ་གྱི་སྣ་ལ་ཐིག་ལེ་དགོད་པ་མི་རིགས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་ནི་ཆར་རེངས་པའི་སྔགས་གསུངས་སོ། །དཔེར་ན། ཧཱུཾ་

ཕཊ་ཡང་དག་ལྡན་པ་ནི། །གཡོ་བ་གྲུབ་པར་རབ་ཏུ་བཤད། །ཅེས་འབྱུང་ངོ་། །དེ་ལྟ་བུའི་བཟླས་པ་ལ་གོམས་པའི་རྣལ་འབྱོར་པ་སྐད་ཅིག་མས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་ཏེ། རླུང་གི་དེ་ཁོ་ན་ཉིད་བསྟན་ཏོ། །རྩ་བའི་རྒྱུད་ལས་ཀྱང་། སྣའི་རྩེ་མོར་ཡུངས་ཀར་བསམ། །གཡོ་དང་མི་གཡོ་ཡུངས་

ཀར་ལ། །གསང་བའི་ཡེ་ཤེས་ཀྱིས་བརྟགས་པ། །དགྱེས་པའི་ཡེ་ཤེས་གནས་བསྒོམ་བྱ། །ཁ་དོག་ལྔ་པ་ནོར་བུ་ཆེ། །ཡུངས་ཀར་ཙམ་ནི་རགས་པ་སྟེ། །རྩོལ་བས་སྣ་ཡི་རྩེ་མོ་རུ། །རྟག་ཏུ་རྣལ་འབྱོར་པས་བསྒོམ་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་གསང་བ་དང་ལྟེ་བ་དང་སྙིང་ག་དང་

ལྐོག་མའི་གནས་རྣམས་ལ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཅན་འཁོར་ལོ་བཞི་སྟེ། དེ་རྣམས་ལས་རིམ་པ་ཇི་ལྟ་བ་བཞིན་དུ་ཁ་དོག་དམར་པོ་འོད་ཟེར་གཡས་པ་ལས་སྤྲོ་ཞིང་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་གནས་པ་དང་འཇུག་པར་འགྱུར་རོ། །དེ་བཞིན་དུ་གཡོན་པ་ལས་འབྱུང་བ་ལྗང་སེར་

གནས་པ་དང་འཇུག་པར་འགྱུར་རོ། །སྣ་ཁུང་གཉིས་ཀ་ལས་ཁ་དོག་སེར་པོ་གནས་པ་དང་འཇུག་པར་འགྱུར་རོ། །དེ་བཞིན་དུ་དལ་བུས་དམན་པར་རྒྱུ་བ་ཁ་དོག་དཀར་པོ་རླུང་གི་གནས་པ་འཇུག་གོ། །འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་དང་། རྡོ་རྗེ་འཆང་

เล่ม ๒๙ · หน้า 9a

གི་བདག་པོ་ཉིད་དུ་དམིགས་པར་བྱའོ། །དེ་ལྟར་ན་འབད་པ་མེད་པར་རྣལ་འབྱོར་པ་ལ་ཞི་བ་ལ་སོགས་པ་འགྲུབ་སྟེ། དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་སོ། །ཇི་སྐད་དུ། དོན་དམ་པར་ནི་དོན་གཅིག་མཐོང་བ་ན། །འགྲོ་བ་མ་ལུས་དོན་གཅིག་མཐོང་བར་འགྱུར། །

འགྲམ་གྱི་ཕྱོགས་སུ་ཆུ་ནི་འཐུང་བས་ཀྱང་། །རྒྱ་མཚོ་མ་ལུས་པ་ནི་ཤེས་པར་འགྱུར། །ཞེས་འབྱུང་ངོ་། །ལུས་ཐམས་ཅད་ཁྱབ་པར་བྱེད་པའི་རླུང་གང་ཡིན་པ་དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཤི་བའི་ལུས་ལས་འབྱུང་བར་འགྱུར་ཏེ། དེ་ལ་ལས་གཞན་ནི་མ་མཐོང་སྟེ་རླུང་གི་དེ་ཁོ་ན་ཉིད་དོ། །

སྔགས་ཀྱི་དེ་ཁོ་ན་ཉིད་ནི་དཔལ་གསང་བ་འདུས་པ་ལས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྔགས་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བ་ཤིན་ཏུ་ཟབ་པ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ངག་གི་ལམ་གྱི་ངེས་པར་ཚིག་གིས་ཕྱུང་ངོ་། །

ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། རེ་ཞིག་དང་པོ་ནམ་མཁའ་ལས་རླུང་བྱུང་སྟེ། དེ་ཡང་གཡོན་དང་གཡས་པའི་ལམ་གྱིས་བརྒྱུད་བཞིན་ལུས་ལས་འབྱུང་ཞིང་ཁར་ཕྱིན་པར་འགྱུར་རོ། །དེ་ནས་གནས་བརྒྱད་དུ་རེག་པར་བྱེད་དེ། དཔེར་ན། ཡི་གེ་རྣམས་ཀྱི་གནས་བརྒྱད་

དེ། །བྲང་དང་ལྐོག་མ་སྤྱི་བོ་སྟེ། །ལྕེ་རྩ་དང་ནི་སོ་རྣམས་དང་། །སྣ་དང་མཆུ་དང་རྐན་རྣམས་སོ། །ཞེས་འབྱུང་ངོ་། །དེ་རྣམས་སུ་རེག་ཅིང་ཨཱ་ལི་ཀཱ་ལིའི་ཡི་གེའི་ཚོགས་ཀྱི་བདག་ཉིད་ཅན་ཡི་གེ་བཞི་བཅུ་རྩ་དགུ་པའི་རང་བཞིན་ཅན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡི་གེའི་ཕྱི་མོ་སྐྱེད་པར་བྱེད་

དེ། ཡི་གེའི་ཕྱི་མོ་དེ་ཡང་ཤིང་ལ་སོགས་པའི་སྒྲ་བཞིན་དུ་ཚིག་རྣམས་སྐྱེད་པར་བྱེད་དེ། དེ་རྣམས་ཀྱིས་ཀྱང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་ངག་དང་ངག་ཆེན་པོ་དང་། ཇི་སྲིད་རིག་པའི་གནས་རྣམ་པ་ལྔ་དང་། འཇིག་རྟེན་པའི་རྣམ་པ་བཅུ་བཞི་དང་། བརྡ་དང་སྐད་

དྲུག་དང་། སྣ་ཚོགས་པའི་རོལ་མོ་ལ་སོགས་པ་སྐྱེད་པར་བྱེད་དེ། དེ་བས་ན་དེ་རྣམས་ཐམས་ཅད་དང་། འཇིག་རྟེན་གྱི་ཐ་སྙད་ཡི་གེ་ཕྱི་མོ་ཉིད་ལས་འབྱུང་བ་ཡིན་ནོ། །ཇི་སྐད་དུ། གལ་ཏེ་སྒྲ་ཞེས་སྒྲོན་མ་འདི། །འཁོར་བར་གསལ་བར་མི་འགྱུར་ན། །ཁམས་གསུམ་པ་ནི་ཐམས་ཅད་འདི། །

เล่ม ๒๙ · หน้า 9b

མུན་ནག་ཉིད་དུ་སྐྱེ་བར་འགྱུར། །དང་པོ་རྒྱལ་པོའི་གྲགས་གཟུགས་ཀྱིས། །ངག་དངོས་མེ་ལོང་ལ་བརྟེན་ཏེ། །དེ་རྣམས་གནས་པར་མི་འགྱུར་ཡང་། །ལྟོས་ཤིག་རང་བཞིན་མི་འགྱུར་བ། །ཞེས་བྱ་བའི་ཚིག་གིས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་ཨཱ་ལི་དང་ཀཱ་ལིའི་རང་བཞིན་

ཡིན་ནོ་ཞེས་བསྐྱེད་པའི་རིམ་པ་བསྟན་ཏོ། །བསྡུ་བའི་རིམ་པ་ཡང་བཤད་པར་བྱ་སྟེ། དཔེར་ན་ཨཱ་ལི་ལ་སོགས་པའི་སྡེ་ཚན་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཡིན་ནོ། །དེ་རྣམས་ཀྱང་དང་པོའི་ཡི་གེ་རྣམས་ལ་ཐིམ་པ་སྟེ་ཡི་གེ་བརྒྱད་དུ་འགྱུར་རོ། །ཡི་གེ་བརྒྱད་པོ་དེ་རྣམས་ཀྱང་དབྱངས་

དང་གསལ་བྱེད་དང་ཡི་གེའི་དབྱེ་བས་གསུམ་དུ་འགྱུར་རོ། །དཔེར་ན་དབྱངས་ནི་ཤེས་རབ་ཀྱི་ངོ་བོ་ཡིན་པ་དང་། གསལ་བྱེད་ནི་ཐབས་ཀྱི་ངོ་བོ་ཡིན་ནོ། །ཡ་ལ་སོགས་པ་ནི་གཉིས་ཀའི་རང་བཞིན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོར་ཤེས་པར་བྱའོ། །

དེ་བས་ནི་ཨཱཿནི་དབྱངས་སྡུད་པར་བྱེད་པ་སྟེ་ཤེས་རབ་ཀྱི་རང་བཞིན་ནོ། །ཧཱུཾ་ནི་གསལ་བྱེད་སྡུད་པར་བྱེད་པ་སྟེ་ཐབས་ཀྱི་རང་བཞིན་ནོ། །ཨོཾ་ནི་ཡ་ར་ལ་ཝ་ལ་སོགས་པ་སྡུད་པར་བྱེད་པ་སྟེ་མ་ནིང་གི་རང་བཞིན་ནོ། །ཡི་གེ་གསུམ་པོ་དེ་ཡང་ཁམས་གསུམ་གྱི་བདག་ཉིད་ཅན་དང་། སྐུ་གསུང་ཐུགས་ཀྱི་

ངོ་བོ་དང་། ཟླ་བ་དང་ཉི་མ་དང་མེའི་ངོ་བོ་རྣམ་པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་དང་། མི་བསྐྱོད་པའི་རང་བཞིན་དང་། འཇུག་པ་ལ་སོགས་པའི་རང་བཞིན་དང་། འཆི་བ་ལ་སོགས་པ་སྲིད་པ་གསུམ་གྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ཀྱང་སྔ་མ་བཞིན་དུ་ཉེ་བར་བསྡུས་ཏེ་ལྟེ་བའི་

འཁོར་ལོ་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་རྩིབས་ཀྱི་ཡི་གེ་ལ་ཞུགས་ཏེ། ཚིག་ཐམས་ཅད་སྐྱེད་པར་བྱེད་པའི་ངོ་བོ་ལ་འཇུག་པ་ལ་སོགས་པའི་རྣམ་པར་དབྱེ་བ་དང་བྲལ་བ་དམ་པའི་ཡི་གེ་ཐུང་བ་ལ་ཞུགས་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་རྣལ་འབྱོར་པས་གནས་པར་བྱའོ། །དཔལ་

སྒྱུ་འཕྲུལ་དྲ་བའི་རྒྱུད་རྣལ་འབྱོར་ཆེན་པོ་ལས་ཀྱང་། གང་ཞིག་ཡི་གེ་ཀུན་གྱི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་གཞན་ཡང་སྔགས་ཀྱི་ངོ་བོ་རྣམ་པ་བཞི་ཡིན་ཏེ། སྔགས་བཏུ་བ་དང་། སྔགས་ཀྱི་བརྡ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དོ། །

เล่ม ๒๙ · หน้า 10a

དེ་ལ་རེ་ཞིག་སྔགས་བཏུ་བ་ནི་སྔར་བཤད་པ་སྟེ། རྣམ་པ་གཞན་གྱིས་བཤད་པར་བྱའོ། །འདིར་ནི་ལྟེ་བར་གནས་པའི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་ཡི་གེ་ཨ་ལས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་ཁ་དོག་དཀར་པོའི་འོད་སྤྲོས་ཏེ་ཟླ་བའི་དཀྱིལ་འཁོར་ལ་

འཁོར་ལོའི་སྟེང་དུ་ཡི་གེ་ཨོཾ་གྱི་ངོ་བོས་སྤྱི་བོའི་གནས་སུ་གཞག་པར་བྱའོ། །དེ་བཞིན་དུ་གསུང་རྡོ་རྗེའི་ང་རྒྱལ་གྱིས་ལྐོག་མར་ཉི་མའི་དཀྱིལ་འཁོར་ལ་པདྨའི་སྟེང་དུ་ཁ་དོག་དམར་པོ་ཡི་གེ་ཨཱཿདགོད་པར་བྱའོ། །དེ་བཞིན་དུ་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེའི་སྟེང་དུ་ཐུགས་རྡོ་རྗེའི་ང་རྒྱལ་

གྱིས་ནམ་མཁའི་ཁ་དོག་དང་འདྲ་བའི་ཡི་གེ་ཧཱུཾ་དགོད་པར་བྱའོ། །དེ་ནས་བཟླས་པར་བྱས་ཏེ། ནང་གི་བདག་ཉིད་ཀྱི་རིམ་པས་སྔགས་བཏུ་བའོ། །སྔགས་ཀྱི་བརྡ་ནི་དཔེར་ན་སྦྲུལ་ལྟ་བུའི་སྔགས་ནི། ཨོཾ་དང་སྭཱ་ཧཱ་དང་ལྡན་པའོ། །མགོ་མེད་སྔགས་ནི་ཨོཾ་མེད་པའོ། །མཐའ་མེད་སྔགས་ནི་སྭཱ་ཧཱ་མེད་པའོ། །

བཏུ་བའི་སྔགས་ནི་གཉི་ག་མེད་པའོ། །རིགས་དེ་དང་མཐུན་པ་བརྡ་གཞན་མ་རྣམས་ཀྱང་ལས་ཀྱི་ཚོགས་ཀྱི་རྗེས་སུ་འབྲང་བར་ཤེས་པར་བྱ་སྟེ། དཔེར་ན་སྙིང་པོ་ནི་བཅོམ་ལྡན་འདས་ལ་མངོན་དུ་རྗོད་པར་བྱེད་པའོ། །ཉེ་བའི་སྙིང་པོ་ནི་ཡན་ལག་གི་སྒོ་ནས་སོ། །སྙིང་པོ་སྐུལ་བར་བྱེད་པ་ནི་

གཞན་ལས་དངོས་གྲུབ་མངོན་དུ་བྱེད་པར་བྱ་བའི་ཕྱིར་རོ། །རྩ་བའི་སྔགས་ནི་བཟླས་པའི་ཕྱིར་རོ། །ཕྲེང་བའི་སྔགས་ནི་མཆོད་པའི་ཕྱིར་རོ། །རིག་སྔགས་ནི་ལས་ཀྱི་ཚོགས་གྲུབ་པར་བྱེད་པའོ། །གཟུང་སྔགས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པར་བྱེད་པའོ། །ས་

བོན་རྣམས་ནི་ལྷའི་སྐུ་རྫོགས་པར་བྱ་བའི་ཕྱིར་ཏེ། དེ་ལ་སོགས་པའི་བརྡ་རྣམ་པ་སྣ་ཚོགས་པའི་མོས་པ་དང་ལྡན་པའི་སེམས་ཅན་གྱི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྔགས་ཀྱི་དོན་ནི་དཔེར་ན་སྐུ་གསུང་ཐུགས་ཀྱི་རིགས་ཀྱི་གཙོ་བོར་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པ་ཡི་གེ་

གསུམ་པོའི་དོན་ཡིན་ནོ། །ཨའི་དོན་ནི་རྡོ་རྗེ་འཆང་ཆེན་པོའི་ཡིན་ནོ། །ཇི་སྐད་དུ། ཨ་ཡིག་བསྟན་པའི་ཡེ་ཤེས་ནི། །སངས་རྒྱས་ཀྱི་ནི་སྙིང་པོ་ཡིན། །ཞེས་གསུངས་ཏེ། དེ་ལྟ་བུའི་དོན་གྱི་སྒོ་ནས་བཟླས་པ་བྱའོ། །དེ་བཞིན་དུ། དོན་རྟོགས་པ་ཡི་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་

เล่ม ๒๙ · หน้า 10b

ཡིས། །དུས་གསུམ་སངས་རྒྱས་རྣམས་བརྟག་པ། །དེ་ནི་རྡོ་རྗེ་བཟླས་པར་བཤད། །ཅེས་གསུངས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་ཡིན་ཏེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་འོད་གསལ་བ་ལས་འབྱུང་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་རོ། །འོད་གསལ་བ་ཡང་གང་ཞིག་

རྣལ་འབྱོར་པས་ཐམས་ཅད་སྟོང་པ་ཉིད་ཡང་དག་པའི་མཐའི་ངོ་བོར་ཤེས་ན་དེ་ནི་ཁམས་གསུམ་པའི་བླ་མ་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གང་གིས་སྔགས་ཀྱི་དེ་ཁོ་ན་ཉིད་མི་ཤེས་ན། དེ་ལས་ཀུན་རྩོམ་པ་ནི་འབྲས་བུ་མེད་པ་ཡིན་ནོ། །ཇི་སྐད་དུ། སོ་མཆུ་རྐན་དང་

ལྕེ་རྣམས་ཀྱིས། །གང་ཞིག་གཡོ་བར་གྱུར་པ་ན། །འགྱུར་བ་ཉིད་དུ་གང་གནས་པ། །དེ་ནི་ཡི་གེ་ག་ལ་ཡིན། །དེ་ཕྱིར་ཡི་གེ་ངོ་བོ་ཉིད། །སྔགས་རྣམས་འདོད་པ་མ་ཡིན་ནོ། །གང་ཕྱིར་རྩ་མཆོག་དག་ཀྱང་ནི། །འགུགས་པར་བྱེད་པར་མི་ནུས་སོ། །དེ་བཞིན་དུ། འདུས་པའི་རྒྱུད་ཕྱི་

མ་ལས་ཀྱང་། དབང་པོ་རྣམས་དང་ཡུལ་རྣམས་ལ། །བརྟེན་དང་ཡིད་ནི་གང་བྱུང་བ། །དེ་ནི་མན་ཞེས་བཤད་པ་ཡིན། །ཏྲ་ནི་སྐྱོབ་པའི་དོན་དུའོ། །བརྗོད་པ་བཟླས་པ་ཞེས་བཤད་པ། །ངག་ནི་ཐམས་ཅད་སྔགས་སུ་བརྗོད། །སྔགས་ནི་ཡིད་སྐྱོབ་བཤད་པ་སྟེ། །དེ་ཉིད་དབྱེ་

བས་བརྗོད་པ་ཡིན། །ཞེས་གསུངས་སོ། །དོན་འདི་ཉིད་ལ་དགོངས་ནས་དགོངས་པ་ལུང་བསྟན་པའི་འདུས་པ་བཤད་པའི་རྒྱུད་ལས་ཀྱང་། །དང་པོ་གཅིག་ནི་དགུ་དབུས་ན། །གང་ཞིག་བཅུ་ཡིས་མ་བཅིངས་ན། །དེ་ནི་བཅིངས་མེད་ཅེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་

གནས། །དབྱངས་དང་གསལ་བྱའི་ཡི་གེ་སྟེ། །གྲངས་དགུ་ཡི་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་གིས་ཤེས་དེ་འགྲོ་བའི་བླ། །གང་ཞིག་ཤེས་ནས་དངོས་གྲུབ་འདོད། །གཟུགས་མེད་གཟུགས་དང་བྲལ་བ་སྟེ། །རྣམ་གྲོལ་འབྲས་བུ་ཕུན་སུམ་ཚོགས། །དེ་ཚེ་དེས་

ནི་ཐོབ་པར་འགྱུར། །འབྱུང་པོའི་མཐའ་དང་ཡང་དག་ལྡན། །ཆ་ལ་སོགས་ཏེ་བཅུ་དྲུག་གནས། །ལྔ་པ་ལྔ་ནི་ཡང་དག་ལྡན། །བཞི་ནི་གསུམ་དུ་ངེས་པར་སྦྱར། །ཡི་གེ་ཨོཾ་བཅས་རིང་པོར་བཅས། །ཡོན་ཏན་སྦྱོར་སོགས་བྱིས་དང་མཚུངས། །ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་

เล่ม ๒๙ · หน้า 11a

མ་ཡིན་ནོ། །ཡ་ཡི་དོན་གྱིས་གང་ཡང་རུང་། །དངོས་གྲུབ་འདོད་པར་བྱ་བ་སྟེ། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་རབ་ཏུ་འཇུག །ཡི་གེ་གང་ཞིག་སྔར་བཤད་དང་། །གང་ཡང་མངོན་པར་ཕྱོགས་པ་རྣམས། །བུད་མེད་སྐྱེས་པ་མ་ནིང་

སྟེ། །ཁམས་ལ་སོགས་པ་རབ་ཏུ་བརྟག །འོག་ནས་སྟེང་དུ་བཅས་པར་ནི། །ཤེས་ནས་བློ་ནི་ངེས་པར་སྦྱར། །དྲུག་བཤད་བཞི་དང་གསུམ་དང་གཅིག །ངོ་མེད་ངོ་བོ་ལས་སྐྱེས་པ། །དེ་རྣམས་ཡ་སོགས་དོན་སྦྱར་ན། །དུས་གསུམ་ཡེ་ཤེས་སྐྱེ་བར་འགྱུར། །འགྲོ་བ་དག་ནི་དགུ་མཐར་ན། །རྨི་ལམ་མིག་

འཕྲུལ་འདྲ་བར་བྱ། །འདི་ནི་བརྗོད་པའི་སྔགས་རྣམས་ཏེ། །ངོ་མེད་ངོ་བོ་ལས་སྐྱེས་པ། །དེ་ནས་ཡོངས་སུ་འགྱུར་བའི་གཟུགས། །གང་ཞིག་ལྷ་ནི་ཉེར་དམིགས་པ། །དེ་ཉིད་གསུམ་གནས་བརྡ་ཡིན་ཏེ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །བརྗོད་དུ་མེད་ཅིང་བསྟན་དུ་མེད། །འདི་ནི་བྱང་

ཆུབ་སེམས་ཀྱི་མཆོག །དེ་ནི་གསུམ་པོ་གཅིག་འགྱུར་ཏེ། །འབྱུང་བ་མེད་ཅིང་འགྲོ་བ་མེད། །འགོག་པ་མེད་ཅིང་རང་ཞི་བ། །རྟག་དང་ཆད་པ་རྣམ་པར་སྤངས། །དུས་གསུམ་རིག་པས་བརྡ་བྱས་པ། །ནམ་མཁའ་དབྱེར་མེད་མཚན་ཉིད་དོ། །འདི་ནི་དོན་དམ་ལས་བྱུང་བ། །སོ་སོ་རང་རིག་མཚན་ཉིད་དོ། །

འདུག་པ་ལ་སོགས་ཐམས་ཅད་ནི། །བྱ་བ་ཀུན་ལ་རྣལ་འབྱོར་པས། །བརྗོད་དུ་མེད་ཅིང་བསྟན་དུ་མེད། །དུས་གསུམ་ལས་འདས་རྟག་ཏུ་བཟླས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲེས་ནས་ནི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །

དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞི་རིམ་གྱིས་ནི། །དེ་ནི་སོ་སོར་བྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ལྟར་གསང་བའི་དགོས་པ་ལས། །ཕྲ་མོའི་རྣལ་འབྱོར་རབ་ཏུ་བརྟན། །བསམ་གཏན་ཁ་དོན་མེད་པ་ནི། །དེ་ལྟར་ཡིན་ཡང་བཟླས་པར་བཤད། །ཅེས་འབྱུང་ངོ་། །དེ་ལྟ་བུའི་

རིམ་པས་ནི་རྡོ་རྗེའི་བཟླས་པའི་རིམ་པ་བསྟན་ཏོ།། །།ད་ནི་སེམས་ལ་དམིགས་པའི་རིམ་པ་བསྟན་པར་བྱ་སྟེ། དེའི་དབྱེ་བ་འདི་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་སྟེ། རྣམ་པར་

เล่ม ๒๙ · หน้า 11b

ཤེས་པ་བརྒྱད་ཀྱི་བདག་ཉིད་ཅན་ཁམས་གསུམ་པ་འདི་བཟང་འགྲོ་དང་ངན་འགྲོ་ལ་ཉོན་མོངས་པ་དང་རྣམ་པར་སྨིན་པའི་བག་ཆགས་རྣམས་ཀྱི་ཤིང་རྟའི་འཁོར་ལོ་བཞིན་དུ་འཁོར་བར་བྱེད་པ་ཡང་དང་ཡང་དུ་སྐྱེ་བ་ལེན་པར་བྱེད་པ་སྟེ་དེ་སྲིད་དུ་འཁོར་བ་ཡིན་ནོ། །རྣམ་པར་ཤེས་པ་བརྒྱད་ཀྱི་བདག་

ཉིད་ཀྱི་སེམས་དེ་ཡང་གསུམ་གྱིས་བསྡུས་པར་ཤེས་པར་བྱའོ། །ཇི་སྐད་དུ། རྣམ་པར་སྨིན་པ་ཀུན་གཞི་སྟེ། །འགྲོ་བ་སྐྱེད་པར་བྱེད་པའི་རྒྱུ། །བདག་ལྟ་སོགས་པའི་འབྲེལ་པ་ཡིས། །ཉོན་མོངས་པ་ཅན་ཡིད་བཤད་དོ། །དོན་བཟུང་བ་ཡི་རྩོལ་བ་ཡིན། །རྣམ་ཤེས་མིག་ལ་སོགས་

པའོ། །ཞེས་འཕགས་པ་བྱམས་པས་གསུངས་པའི་ཕྱིར་རོ། །སེམས་རྣམ་པ་གསུམ་པོ་དེ་ལྟ་བུ་རྣམ་པར་ཤེས་པ་གསུམ་པོ་ཉིད་དུ་བཤད་དོ། །དེ་བཞིན་དུ། རྣམ་ཤེས་ཤེས་པའི་བདག་ཉིད་དོ། །ཞེས་མཛོད་ལས་འབྱུང་བའི་ཕྱིར་རོ། །དེ་ལ་རེ་ཞིག་འཇུག་པའི་རྣམ་པར་ཤེས་པ་ནི་སྣང་བ་དང་

སྟོང་པ་དང་། ཤེས་རབ་དང་། སེམས་དང་གཞན་དབང་གི་རང་བཞིན་ཅན་ནོ། །དེའི་རང་བཞིན་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་སུམ་ཅུ་རྩ་གསུམ་སྟེ། ཀུན་རྫོབ་ཀྱི་བདེན་པས་མཚན་མོ་དང་། བུད་མེད་དང་། འཇམ་པ་དང་། གཡོན་པ་དང་། པདྨ་དང་། ཟླ་བའི་དཀྱིལ་འཁོར་དང་།

རྗེས་སུ་འཇུག་པའི་དབྱངས་དང་། ཟླ་བ་སྣང་བའི་རང་བཞིན་ཅན་རང་རིག་པའི་མཚན་མས་རྟོགས་པར་ཤེས་པར་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི་སྣང་བ་མཆེད་པ་དང་། ཤིན་ཏུ་སྟོང་པ་དང་། ཐབས་དང་། ཀུན་བརྟགས་དང་། སེམས་ལས་བྱུང་བའི་རང་བཞིན་ཅན་ཡིན་

ནོ། །དེའི་རང་བཞིན་ནི་འདོད་ཆགས་ལ་སོགས་པ་བཞི་བཅུ་སྟེ། ཉིན་མོ་དང་། སྐྱེས་པ་དང་། རྣོ་བ་དང་། གཡས་པ་དང་། ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་དང་། ཚེག་དྲག་དང་། ཉི་མའི་སྣང་བའི་རང་བཞིན་དུ་ཤེས་པར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་སྣང་བ་ཉེ་བར་ཐོབ་པ་དང་། །སྟོང་

པ་ཆེན་པོ་དང་། ཉེ་བར་ཐོབ་པ་དང་། ཡོངས་སུ་གྲུབ་པ་དང་། མ་རིག་པའི་ངོ་བོ་ཡིན་ནོ། །དེའི་རང་བཞིན་ནི་ཆགས་པ་བར་པ་ལ་སོགས་པ་བདུན་ཏེ། ཐིག་ལེ་དང་། ས་བོན་དང་བྲལ་བ་དུས་མཚམས་ཀྱི་སྣང་བའི་ངོ་བོ་ཉིད་དུ་ཤེས་པར་བྱའོ། །སེམས་དེ་རྣམས་དང་རང་བཞིན་རྣམས་ཀྱི་ཉིན་མོ་དང་

เล่ม ๒๙ · หน้า 12a

མཚན་མོའི་བྱེད་པས་རྣམ་པ་ནི་བརྒྱད་དང་བཅུ་དྲུག་ཡིན་ནོ། །དེ་རྣམས་ཁོ་ན་ནི་འགྲོ་བ་དྲུག་སྲིད་པའི་འཁོར་ལོར་འགྲོ་བ་རྣམས་འཁོར་བར་བྱེད་དེ། སྐད་ཅིག་མ་ལ་སོགས་པའི་དབྱེ་བས་ཁམས་གསུམ་ལ་ཁྱབ་ཅིང་མངོན་པའི་ཆོས་ཀྱི་ཚུལ་གྱིས་ནི་ཉོན་མོངས་པ་དགུ་

བཅུ་རྩ་བརྒྱད་ཀྱི་རང་བཞིན་ཡིན་པ་དང་། དབུ་མ་པའི་ཚུལ་གྱི་ནི་རྟག་པ་དང་ཆད་པ་ལ་སོགས་པ་ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་རང་བཞིན་དུ་རང་བཞིན་དེ་རྣམས་ཤེས་པར་བྱ་སྟེ། དེ་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར། ཐབས་ཀྱི་རིམ་པ་གཉིས་ཡིན་ཏེ། གཅིག་ནི་སྔགས་ཀྱི་རིམ་པ་དང་གཉིས་པ་ནི་ཕྱག་

རྒྱའི་རིམ་པའོ། །དེ་ལ་སྔགས་ཀྱི་རིམ་པ་ནི་འདི་ཡིན་ཏེ། རེ་ཞིག་དང་པོ་སྔར་བཤད་པའི་གདན་ལ་གནས་པ་ཨོཾ་ལ་སོགས་པའི་ཡི་གེ་གསུམ་པོ་ནི་སྤྱི་བོ་ལ་སོགས་པར་བསམས་ཏེ། དེ་ལས་སྤྲོ་བ་དང་བསྡུ་བ་བྱ་སྟེ་དེ་ལ་ཡི་གེ་ཨོཾ་ནི་འཇུག་པའི་རྣམ་པར་གནས་པའི་བདག་ཉིད་དུ་བསམས་ཏེ།

ཐིག་ལེས་བརྒྱན་པའི་ཡི་གེ་གཙོ་བོ་ནི་ཞི་བའི་ཕྱིར་འཇམ་པའི་ངོ་བོ་ཨ་ལ་སོགས་པའི་ཡི་གེ་བཅུ་དྲུག་ཉེ་བར་སྡུད་པར་བྱེད་པའི་ཕྱིར་བུད་མེད་དང་ཤེས་རབ་ཀྱི་རང་བཞིན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདག་ཉིད་ཅན་ནང་དང་ཕྱི་ནང་གཉི་ག་དང་གསུམ་གྱི་སྟོང་པ་ཉིད་དེ།

སྟོང་པ་ཉིད་བཞིའི་རང་བཞིན་ཡིན་པའི་ཕྱིར་སྟོང་པ་ཉིད་དང་ཤེས་རབ་དེ་ཁོ་ན་ཉིད་ཡིན་ཏེ། ཤེས་རབ་ཀྱི་ངོ་བོ་དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་འགྲོ་བ་དང་འོང་བ་དང་བྲལ་བས་མཚན་མོའི་རང་བཞིན་དང་། རྣམ་པར་ཤེས་པ་དྲུག་ལ་ཁྱབ་པར་བྱེད་པའི་ཕྱིར་སེམས་གཅིག་གི་ངོ་བོ་ཡུལ་དང་དབང་

པོ་སྣང་བའི་ཡིད་ལ་བྱེད་པ་སྟེ། གཞན་མ་རྣམས་ཀྱིས་སྐྱེད་པར་བྱས་པའི་ཕྱིར་གཞན་དབང་གི་ངོ་བོ་ལྟེ་བར་གནས་པའི་རྩིབས་བརྒྱད་པ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་སྣང་བ་དང་འདྲ་བའི་འོད་ཟེར་གྱི་

འཁོར་ལོ་རྩ་གཡོན་པ་ལས་ཞུགས་པ་གང་ཡིན་པ་ནི་སྤྱི་བོའི་གནས་ལ་གདན་དང་བཅས་པའི་ཡི་གེ་ཨོཾ་བཀུག་ལ། དེ་ཉིད་ཁ་དོག་ཏུ་བལྟས་པ་གཙོ་བོའི་ཡི་གེའི་ཐིག་ལེ་ལ་ཐིམ་པར་བྱའོ། །དེ་ནས་འབའ་ཞིག་པ་རྗེས་སུ་འཇུག་པའི་དབྱངས་ནི་ཟླ་བའི་འོད་ཟེར་ལྟ་བུ་བསམས་ལ། འཇུག་པའི་

เล่ม ๒๙ · หน้า 12b

རྣམ་པར་ཤེས་པ་དང་དེའི་རང་བཞིན་རྣམས་ཞི་བར་གྱུར་ཏེ། དེའི་ཚེ་སྣང་བ་ཟློག་པས་ཟླ་བའི་སྣང་བ་དང་འདྲ་བའི་སྣང་བའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ལྟེ་བའི་འཁོར་ལོ་ལ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་ལྟེ་བར་ཉི་མ་ཤར་བའི་འོད་ལྟ་བུ་དེ་ཉིད་ཀྱི་ཕྱིར། ཉིན་མོའི་རང་བཞིན་སྟོང་

པ་འདི་ཆེན་པོ་ལ་སོགས་པ་སྟོང་པ་ཉིད་བཞིའི་རང་བཞིན་ཅན་ཤིན་ཏུ་སྟོང་པ་ཉིད་ཀྱི་ངོ་བོ་ཉི་མ་ལ་གསལ་བ་ཉིད་ཀྱི་ཕྱིར། མུན་པ་འཇིག་པར་བྱེད་པའི་ཕྱིར་རྣོ་བ་དང་འདོད་ཆགས་ལ་སོགས་པའི་རང་བཞིན་རྣམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར་ཀུན་བརྟགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་སེམས་ལས་

བྱུང་བ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་ཐ་མི་དད་པས་སེམས་ལས་བྱུང་བ་དང་། ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་ལ་གནས་པ་ཐིག་ལེ་གཉིས་དང་ལྡན་པའི་ཡི་གེའི་གཙོ་བོ་རྣམ་པར་བསྒོམས་ལ། དེ་ལས་བྱུང་བའི་གཡོན་པའི་ལམ་ནས་ཞུགས་པ་ཉི་མའི་སྣང་བ་དང་འདྲ་བའི་འོད་ཟེར་གྱི་འཁོར་

ལོ་ཐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་སྐྱེས་པའི་རང་བཞིན་ཅན་གྱིས་ལྐོག་མར་གནས་པའི་ཉོན་མོངས་པ་ཅན་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གསུང་གི་དབང་ཕྱུག་བཀུག་ལ། གཙོ་བོའི་ཡི་གེའི་ཐིག་ལེ་གཉིས་ལ་ཐིམ་པ་སྟེ། དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་སྣང་བ་མཆེད་པའི་རྣམ་པར་ཤེས་པ་ལྡོག་

ཅིང་སྣང་བ་མཆེད་པའི་ཡེ་ཤེས་ཉི་མའི་སྣང་བ་དང་འདྲ་བ་སྐྱ་བར་འགྱུར་རོ། །དེ་བཞིན་དུ་ལྟེ་བར་འཁོར་ལོ་དང་ས་བོན་དང་། ཐིག་ལེ་བསྒོམ་པ་སྤངས་ལ། ཉོན་མོངས་པ་ཀུན་གྱི་གཞི་ཡིན་པའི་ཕྱིར་མ་རིག་པའི་ངོ་བོ་རྣམ་པ་དང་བཅས་པའི་བསྒོམ་པ་དང་བྲལ་བས་ཡོངས་སུ་གྲུབ་པའི་རང་བཞིན་སྣང་བ་

གཉིས་སྤངས་པའི་ཕྱིར་སྣང་བ་ཉེ་བར་འཐོབ་པ་དེ་བཞིན་དུ་ཤིན་ཏུ་སྟོང་པ་ཉིད་ལས་བརྩམས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བར་གྱི་རང་བཞིན་ཅན་གྱི་སྟོང་པ་ཉིད་ཆེན་པོ་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་ནི་ནམ་མཁའ་ཉིད་དུ་བསམས་ཏེ། དེ་ལས་བྱུང་བའི་

དབུས་ཀྱི་ལམ་ནས་ཞུགས་པའི་དུས་མཚམས་ཀྱི་སྣང་བ་དང་འདྲ་བའི་སྣང་བས། སྔ་མ་བཞིན་སྙིང་གར་གནས་པའི་ཡི་གེ་ཧཱུཾ་བཀུག་ལ་མར་ལ་མར་བཞིན་དུ་རོ་གཅིག་པར་གྱུར་པར་བྱ་སྟེ། དེའི་ཚེ་སྣང་བ་ཉེ་བར་ཐོབ་པའི་ངོ་བོ་ཀུན་གཞི་རྣམ་པར་ཤེས་པ་ལྡོག་ལ་དུས་མཚམས་ཀྱི་སྣང་བ་དང་

เล่ม ๒๙ · หน้า 13a

འདྲ་བའི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེའི་རྗེས་ལ་ནམ་མཁའི་རྣམ་པར་རྟོག་པ་ཡང་སྤངས་ལ་རང་གི་མཚན་ཉིད་ལ་སོགས་པའི་སྟོང་པ་ཉིད་བཞིའི་ངོ་བོ་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་འོད་གསལ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རྣལ་འབྱོར་པས་

ཐོབ་པར་འགྱུར་རོ། །དགོངས་པ་དེ་ཉིད་ལ་བརྟེན་ཏེ་རབ་ཏུ་བྱེད་པ་ལས་ཀྱང་། །སྟོང་པ་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོ་གསུམ་པ་སྟེ། །བཞི་པ་ཐམས་ཅད་སྟོང་པ་དང་། །རྒྱུ་དང་འབྲས་བུའི་དབྱེ་བས་སོ། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཉེ་བར་ཐོབ་པ་གྲུབ་པ་སྟེ། །ཉེ་བར་ཐོབ་པ་གྲུབ་པ་ལས། །ཐམས་

ཅད་སྟོང་པ་འོད་གསལ་བའོ། །རྣམ་པར་ཤེས་པ་གསུམ་སྦྱོར་བས། །རྒྱུ་ཡི་རིམ་པས་རྣམ་དག་པ། །སྟོང་པ་གསུམ་གྱི་སྐུ་སྦྱོར་བས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་འབྱུང་བ་སྟེ། སྔགས་ཀྱི་རིམ་པས་སེམས་རྣམ་པར་དག་པའོ། །ཕྱག་རྒྱའི་རིམ་པས་ཀྱང་བཤད་པར་བྱ་སྟེ།

རེ་ཞིག་དང་པོ་བླ་མ་ལ་སློབ་མས་དད་པ་མཆོག་གིས་མཆོད་པ་བྱས་ལ། ཁྱེད་ལ་ཕྱག་འཚལ་ཕྱག་འཚལ་འདུད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཡང་དག་པར་བསྟོད་ལ་ཤིན་ཏུ་བསླབས་པའི་ཕྱག་རྒྱ་མ་དེ་ཉིད་ལ་ཕུལ་ཏེ། ཕྱི་ནས་ཀྱང་ས་ཕྱོགས་སུ་པུས་མོ་གཉིས་

བཙུགས་པའི་སློབ་མ་དེ་ལ་ཕྱག་རྒྱ་མ་དེ་ཉིད་བླ་མས་སྦྱིན་པར་བྱའོ། །དེ་དག་ཀྱང་རྣམ་པར་སྣང་མཛད་ཆེན་པོ་དང་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོར་བླ་མས་བསྒོམ་པར་བྱའོ། །དེའི་རྗེས་ལ་སློབ་མས་ཀྱང་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པར་བྱ་སྟེ། དེ་ཡང་འཁྱུད་པ་དང་། འོ་དང་། འཇིབ་

པ་དང་། སོ་དང་སེན་མོས་འདེབས་པ་དང་། བོ་ལའི་འཁྱུད་པ་དང་། དྲང་པོའི་སྟང་སྟབས་ཀྱིས་ལུས་ཀྱི་སྤྱོད་པ་དང་། དེ་བཞིན་དུ་བདེ་བའི་སྒྲ་དང་། འབའ་ཞིག་པའི་དབྱངས་དང་། ཕུག་རོན་དང་། ངང་པ་དང་། བུང་བ་དང་། ཆུ་ལ་ལྷུང་བའི་འབྲས་བུའི་སྐད་དེ་དག་གི་བྱ་བ་དང་། རངས་

པ་དང་། རྡུལ་དང་། བ་སྤུ་ལྡང་བ་དང་། སྐད་འགྱུར་བ་དང་། འདར་བ་དང་། མདོག་ལོག་པ་དང་། མཆི་མ་འཛག་པ་དང་། ཐིམ་པ་སྟེ་སེམས་ཀྱི་བྱ་བ་བརྒྱད་ཀྱིས་དང་པོའི་དགའ་བ་ཉམས་སུ་མྱོང་ཞིང་འཇུག་པའི་རྣམ་པར་ཤེས་པ་འགོག་པས་དེ་ལས་བྱུང་བའི་རང་བཞིན་གྱི་ཚོགས་ཡོངས་

เล่ม ๒๙ · หน้า 13b

སུ་ཟད་ཅིང་ཡེ་ཤེས་བྱུང་བ་གང་ཡིན་པ་དེ་ནི་སྣང་བའི་ཡེ་ཤེས་སོ། །དེ་ནས་རྩ་བདུན་ཁྲི་ཉིས་སྟོང་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པར་བྱེད་པ་སྟེ། དེའི་ཚེ་མཆོག་ཏུ་དགའ་བ་ཉམས་སུ་མྱོང་ཞིང་ཉོན་མོངས་པ་ཅན་གྱི་ཡིད་འགགས་པས་དེ་ལས་བྱུང་བའི་རང་བཞིན་གྱི་ཚོགས་ཟད་པར་གྱུར་ནས་

ཡེ་ཤེས་གང་ཞིག་ཤར་བ་དེ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཏེ་གཉིས་པའོ། །དེའི་རྗེས་ལ་དགའ་བའི་འཁོར་ལོ་བྱུང་བའི་དུས་གསུམ་རྩེ་མོ་རྣམས་ལས་བྱང་ཆུབ་ཀྱི་སེམས་འཛག་ཅིང་རྡོ་རྗེ་ནོར་བུའི་ཆང་གཟུངས་ལ་མ་ཕྱིན་པར་གནས་སུ་དབུས་མའི་གནས་ས་ཀུན་གཞིའི་རྣམ་པར་ཤེས་པ་ལྡོག་པས།

དེ་ལས་བྱུང་བའི་རང་བཞིན་གྱི་ཚོགས་ཀྱང་ཟད་པར་འགྱུར་ཞིང་ཡེ་ཤེས་གང་བྱུང་བ་དེ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཏེ་གསུམ་པའོ། །དུས་དེ་རྣམས་སུ་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་ཟླ་བ་དང་ཉི་མ་དང་། དུས་མཚམས་ཀྱི་སྣང་བ་དང་འདྲ་བ་སྣང་བ་རྣམས་གསལ་བར་འགྱུར་ཏེ། བག་ཆགས་

ཕྲ་མོ་མ་ལུས་པ་ནི་ཟད་པར་མི་འགྱུར་ཏེ། རགས་པའི་རང་བཞིན་རྣམས་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདིར་ནི་ས་བརྒྱད་པ་ཡིན་ནོ། །རབ་ཏུ་བྱེད་པ་ལས་ཀྱང་། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་འབྱུང་ངོ་། །གང་གི་ཚེ་རྡོ་རྗེའི་རྩེ་མོའི་ཆང་གཟུངས་

སུ་བྱང་ཆུབ་ཀྱི་སེམས་ཕྱིན་ལ། སྲོག་དང་རྩོལ་བ་སྐམ་པའི་རིགས་པའམ། ས་བོན་དགོད་པའི་རིགས་པས་བྱང་ཆུབ་ཀྱི་སེམས་དེ་ཉིད་རེངས་པ་དང་བརྟན་པར་འགྱུར་ན། གཡོ་བ་དང་མི་གཡོ་བའི་རྣམ་པར་རྟོག་པ་རྣམས་ཟད་པས་མ་ལུས་པའི་སྒོ་རྣམས་འགག་པར་འགྱུར་ཞིང་གཡོན་པ་དང་

གཡས་པ་རུས་སྦལ་མ་དང་ཟླ་བ་མ་སྟེ། རྩ་གཉིས་འདོད་པའི་གདུགས་རྩ་དབུས་མ་དང་ལྷན་ཅིག་རོ་གཅིག་པར་གྱུར་ན་དེའི་ཚེ་རང་རིག་པའི་མངོན་གསུམ་གྱིས་བརྟག་པར་བྱ་བ་བརྗོད་དུ་མི་ནུས་པ་རྣམ་པར་རྟོག་པ་དང་བྲལ་བ་མེ་ལོང་གི་གཟུགས་བརྙན་བཞིན་དུ་ཡོད་པ་དང་མེད་པ་དག་གིས་རྣམ་པར་གྲོལ་བ་

དཔེའི་ངོ་བོ་གང་ཞིག་ཡེ་ཤེས་ཤར་བར་འགྱུར་བ་དེ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་འོད་གསལ་བ་བཞི་པ་ཞེས་བསྟན་པ་སྟེ། དེ་ཉིད་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། ལས་དང་ཡེ་ཤེས་ཀྱི་དབང་ཉིད་ཐོབ་པའི་ཕྱིར་རོ། །ཀུན་དུ་འོད་ཀྱི་ས་བཅུ་གཅིག་པ་སྟེ། དེ་ནི་དཔེ་ལས་བྱུང་བའི་རིམ་པ་བཞི་པ་ལ་

เล่ม ๒๙ · หน้า 14a

འབད་པར་འགྱུར་རོ། །འདིར་ནི་ཆོས་ཀྱི་སྤྲིན་ཏེ་ས་བཅུ་པ་འཐོབ་པར་འགྱུར་རོ། །རབ་ཏུ་བྱེད་པ་ལས་ཀྱང་། སྣང་བ་གསུམ་ནི་མཐོང་བ་ཡིས། །ས་བཅུ་པ་ལ་རབ་ཏུ་གནས། །ཞེས་འབྱུང་ངོ་། །རིགས་པ་འདི་ཉིད་ཀྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་

འདས་ཤཱཀྱ་ཐུབ་པ་མི་གཡོ་བ་ཞེས་བྱ་བ་མིང་གི་རྣམ་གྲངས་གཞན་ཡོད་པ་སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བྲལ་དུ་བཅུག་པ་དགོངས་པ་གཅིག་དང་གསུང་གཅིག་གིས་འོད་གསལ་བ་ཉན་དུ་བཅུག་སྟེ། དེ་ཐོས་པ་ཙམ་གྱིས་ནི་ཐམས་ཅད་མཁྱེན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ལ་

སངས་རྒྱས་ཀྱི་ཞིང་དུ་ཕྱིར་མི་ལྡོག་པར་འགྱུར་ཞིང་སེམས་ཅན་གྱི་དོན་མཛད་དོ། །དེའི་ཕྱིར་དེ་ཁོ་ན་ཉིད་འདི་ལ་རྒྱུད་ཐམས་ཅད་ལས་བཅོམ་ལྡན་འདས་ཀྱི་ཕན་ཡོན་བསྟན་པའོ། །གལ་ཏེ་ཀུན་རྫོབ་ཀྱི་ཕྱག་རྒྱ་མ་མ་རྙེད་ན་དེའི་ཚེ་སྔར་ཉམས་སུ་མྱོང་བའི་དཔེ་དང་འདྲ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་མའི་རིམ་

པ་བསྒོམ་པར་བྱ་སྟེ། ཕྱག་རྒྱའི་རིམ་པས་སེམས་རྣམ་པར་དག་པར་བསྟན་ཏོ། །ད་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་བྱ་སྟེ། རེ་ཞིག་དང་པོ་འདིར་སྔར་བཤད་པའི་རིམ་པས་སེམས་རྣམ་པར་དག་པར་བྱས་ཏེ། དོན་དམ་པ་ལ་མངོན་པར་ཞེན་པ་སྤང་པའི་ཕྱིར་དང་། སེམས་ཅན་

གྱི་དོན་བྱ་བའི་ཕྱིར་དང་། དཀྱིལ་འཁོར་དང་། སྔགས་བཟླས་པ་དང་། བསྒོམ་པ་ལ་སོགས་པའི་བྱ་བ་རྣམས་སྒྱུ་མ་བཞིན་དུ་ཐ་སྙད་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་མཐོང་བའི་རིམ་པ་བརྩམ་པར་བྱ་སྟེ། དེའི་རིམ་པ་ནི་འདི་ཡིན་ཏེ། འོད་གསལ་བ་དེ་ཉིད་ལས་ཀྱང་ཅིག་ཅར་ལྡན་པར་བྱས་

ལ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་སྐུ་བརྒྱན་པས་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་མ་ལུས་པ་རྣམ་པར་དག་པའི་ངོ་བོ་དཀྱིལ་འཁོར་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དྲི་ཟའི་གྲོང་ཁྱེར་དང་། ཆུའི་ཟླ་བ་དང་། བྲག་ཅ་དང་། གཟུགས་བརྙན་དང་། སྒྱུ་མ་དང་།

སྨིག་རྒྱུ་དང་། རྨི་ལམ་དང་། མགལ་མེའི་འཁོར་ལོ་དང་། སྤྲུལ་པ་རྣམས་ལ་སོགས་པའི་དཔེ་རྣམས་ཀྱིས་དཔེར་བྱས་པ་བརྒྱ་བྱིན་གྱི་གཞུ་ལྟ་བུ་ཁ་དོག་ལྔ་པ་འོད་ཟེར་གྱི་འཁོར་ལོ་སྤྲོ་བར་བྱེད་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་གང་ཞིག་རྣལ་འབྱོར་པས་འཛིན་པ་དེ་ནི་སྒྱུ་མའི་སྐུ་སྟེ། ལོངས་

เล่ม ๒๙ · หน้า 14b

སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་བདག་ཉིད་བདག་ལ་བྱིན་གྱིས་བརླབ་པ་ཞེས་བྱའོ། །དེ་ནི་སྒྱུ་མའི་རང་བཞིན་གྱི་སྐུ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་རྡོ་རྗེའི་སྐུ་སྟེ་རྡོ་རྗེ་སེམས་དཔའོ། །དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེ་ཉིད་མཆོད་པར་བྱ་བ་དང་། ཕྱག་བཙལ་བར་བྱ་བའོ། །

ཕྱི་རོལ་དུ་ཡང་མཐོང་བ་དང་། རེག་པ་གང་ཡིན་པ་དེ་ཐམས་ཅད་སྔ་མ་བཞིན་དུ་བལྟ་བར་བྱའོ། །ཕྱག་རྒྱ་དང་དཀྱིལ་འཁོར་དང་། སྦྱིན་སྲེག་དང་། བཟླས་པ་དང་། བསྒོམ་པ་དང་། འཛིན་པ་དང་། བསམ་གཏན་བརྩམ་པའི་སྤྱོད་པ་གཙོ་བོར་གྱུར་པ་དངོས་པོ་གང་ཡིན་པ་དེ་རྣམས་ཀྱང་དེ་བཞིན་དུ་

བལྟ་བར་བྱའོ། །དེ་བས་ཏིང་ངེ་འཛིན་འདི་མི་ཤེས་པས་གང་ཞིག་ལས་བྱེད་པ་དེ་ལ་ཐལ་བར་སྦྱིན་སྲེག་བཞིན་དུ་ཐམས་ཅད་འབྲས་བུ་མེད་པར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྡུ་བ་འདི་ཉིད་ལས་ཐོབ་པར་འགྱུར། སྤྱོད་ལམ་ཐམས་ཅད་ལ་ཡང་ཏིང་ངེ་འཛིན་འདི་ཉིད་

ཀྱིས་སྤྱོད་ཅིང་རྡོ་རྗེ་འཆང་བཞིན་དུ་ཁམས་གསུམ་པ་ཡང་དེའི་ངོ་བོར་བྱ་སྟེ། བདག་བྱིན་གྱིས་བརླབ་པའི་རིམ་པ་གཅིག་ཡིན་ནོ། །གཉིས་པ་ཡང་དཔེར་ན་རེ་ཞིག་དང་པོ་སྔ་མ་བཞིན་དུ་ཉེ་བར་བསྡུ་བའི་རིམ་པས་འོད་གསལ་བ་ལས་ལང་ཏེ་དུས་མཚམས་ཀྱི་སྣང་བ་དང་འདྲ་བ་མཐོང་བར་འགྱུར་ཏེ། དེའི་ཚེ་

སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ལ་འཇུག་གོ། །དེའི་རྗེས་ལ་སྐད་ཅིག་མ་གཞན་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྣམ་པར་བསྒོམས་ལ། དེའི་སྟེང་དུ་ཐིག་ལེ་གཉིས་ཀྱི་རྣམ་པར་བརྒྱན་པ་ཡི་གེའི་གཙོ་བོ་བཀོད་ལ། ཉི་མའི་སྣང་བ་དང་འདྲ་བས་སྣང་བ་མཐོང་བར་འགྱུར་ཏེ། དེའི་ཚེ་སྣང་བ་མཆེད་

པའི་ཡེ་ཤེས་ལ་འཇུག་གོ། །དེའི་ཚེག་ཏུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྗེས་སུ་འཇུག་པའི་དབྱངས་ཟླ་བའི་སྣང་བ་དང་འདྲ་བ་མཐོང་བར་འགྱུར་ཏེ། དེའི་ཚེ་སྣང་བའི་ཡེ་ཤེས་འཇུག་གོ། །དེ་ལྟར་ན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཟླ་བ་དང་། ཉི་མ་དང་པདྨ་དང་རྡོ་རྗེའི་ཡི་གེ་གཉིས་ཀྱི་འོད་

ཟེར་གཉིས་ཡང་དག་པར་སྦྱོར་བས་ལྷའི་སྐུ་སྐྱེ་བར་འགྱུར་རོ། །ལྷའི་སྐུ་དེ་ལ་ཡང་འགུགས་པ་ལ་སོགས་པ་ཕྱག་རྒྱ་བཞི་པོས་རྒྱས་བཏབ་པར་བྱས་ལ་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་གྱིས་གནས་པར་བྱའོ། །ཀུན་དུ་བརྟགས་པའི་ལྷའི་སྐུ་དེའང་གལ་ཏེ་འོད་གསལ་བ་ལས་བྱུང་བ་སྒྱུ་མ་ལྟ་བུ་ཡིན་

เล่ม ๒๙ · หน้า 15a

པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ། །སྔ་མ་ཡང་ཡོངས་སུ་དག་པ་སྟེ། རྣམ་པར་མི་རྟོག་པའི་ཕྱིར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རིམ་པའོ། །ད་ནི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པར་བྱ་སྟེ། དེའི་ཐབས་ནི་གཉིས་ཏེ། གཅིག་ནི་ཕྱག་རྒྱའི་རིམ་པས་ཐོབ་

པས་དེ་ཁོ་ན་ཉིད་ཀྱི་དུས་སུ་བླ་མས་མན་ངག་གི་སྒོ་ནས་གང་བསྟན་པའོ། །གཉིས་པ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་དག་གིས་སོ། །དེ་ལ་དང་པོ་དད་པ་དང་གུས་པ་དང་བཅས་པས་ཐོས་པ་དང་བསམ་པ་དང་། བསྒོམ་པ་ལ་མངོན་པར་བརྩོན་པའི་སློབ་མས་བླ་མ་ལ་དེ་

བཞིན་གཤེགས་པ་ལྔའི་རང་བཞིན་གྱི་མཆོད་པ་དང་བསྟོད་པ་བྱས་ལ་ཕྱག་རྒྱ་ཡང་ཕུལ་ཏེ། མངོན་པར་བྱང་ཆུབ་པའི་རིམ་པ་ལ་གསོལ་བ་གདབ་པའི་ཕྱིར་ཚིགས་སུ་བཅད་པ་རྣམས་བརྗོད་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱིས་དེ་དག་ཐོས་ནས་ཐུགས་རྗེའི་དབང་དུ་གྱུར་པ་དང་བས་སྔར་ཉམས་སུ་མྱོང་བས་གསལ་

བར་བྱ་བའི་ཕྱིར་སློབ་མ་ལ་དེ་ཁོ་ན་ཉིད་བསྟན་པར་བྱའོ། །ཀྱེ་སྐལ་བ་དང་ལྡན་པ་སྣང་བ་ལ་སོགས་པ་སྣང་བ་གསུམ་དགའ་བ་ལ་སོགས་པའི་རིམ་གྱིས་ཁྱོད་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་དག་ནི་མཚན་མོ་དང་ཉིན་མོ་དང་མཚམས་ཀྱི་རང་བཞིན་དང་བྲལ་བ་ཡིན་ཡང་དེ་བཞིན་དུ་ཕྲ་བའི་ངོ་བོ་དེ་རྣམས་དང་

སྦྱར་བར་འགྱུར་ཏེ། ལྡང་བའི་དུས་དང་བག་ཆགས་ལ་གནས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་ངོ་བོ་འོད་གསལ་བའི་དེ་ཁོ་ན་ཉིད་ཁྱོད་ཀྱིས་མྱོང་བ་གང་ཡིན་པ་ནི་མཚན་མོ་དང་ཉིན་མོ་དང་མཚན་མོ་དང་བྲལ་བས་རང་བཞིན་དང་བྲལ་བ་དེ་ནི་ཁོ་ནའོ། །འདིར་ཕྱི་རོལ་གྱི་དཔེ་ནི་ཇི་ལྟར་ཉི་མ་མ་ཤར་བ་དང་

མཚམས་ཀྱི་ཆ་ནུབ་ཅིང་། མཚན་མོའི་སྣང་བ་འབྱུང་བ་བློ་རྣོ་བས་སྐད་ཅིག་མའི་ཁྱད་པར་མཚོན་པས་དེ་བཞིན་དུ་དགའ་བའི་མཚན་ཉིད་ཀྱི་སྣང་བའི་ཡེ་ཤེས་འདས་པ་དང་། དགའ་བྲལ་གྱི་མཚན་ཉིད་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་མ་བྱུང་བ་དང་། མཆོག་གི་དགའ་བའི་མཚན་ཉིད་ཅན་སྣང་བ་མཆེད་

པའི་ཡེ་ཤེས་ཟད་པས་གློག་གི་སྣང་བ་ལྟར་མཚོན་པར་དཀའ་བ་སྐད་ཅིག་མའི་ཁྱད་པར་གང་ཡིན་པ་དེ་ལ་ཁྱོད་ཀྱིས་བསྒོམ་པ་ཉམས་སུ་མྱོང་བ་ལ་བརྩམ་པ་ལྷུར་བླང་བར་བྱའོ། །གང་གི་ཕྱིར་བུ་དེ་ཁོ་ན་ཉིད་དེ་ཐོག་མ་དང་བར་དང་ཐ་མ་དང་བྲལ་བ་ཡང་། ཐ་མའི་རང་བཞིན་འགྲོ་བ་དང་། འོང་བ་དང་ཟད་པ་དང་།

เล่ม ๒๙ · หน้า 15b

འཕེལ་བ་དང་དངོས་པོ་དང་། དེ་མ་ཡིན་པ་དང་། བསོད་ནམས་དང་སྡིག་པ་དང་། ཡོད་པ་དང་མེད་པ་དང་། གནས་པ་དང་འགྲོ་བ་དང་། ངོ་མཚར་བ་དང་། ངོ་མི་མཚར་བ་ཐམས་ཅད་སྟོང་པ་ཉིད་ཐོབ་ལ་མིག་བཙུམས་པའམ་སད་པ། གདན་དང་བཅས་པའམ་དེ་མེད་པ། དྲང་པོའམ་སྒུར་པོ།

ངག་སྡོམ་པའམ་དེ་རྗོད་པར་བྱེད་པ། ལུས་དང་བཅས་པའམ་ལུས་མེད་པ། རྒྱལ་པོའམ་འབངས་གང་ཡང་རུང་བར་གནས་པ་ཁྱོད་ནི་ཐམས་ཅད་མཁྱེན་པ་ཞེས་བརྗོད་པ་སྟེ། ཕྱིའི་མངོན་པར་བྱང་ཆུབ་པའི་ལྟ་བས་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ། །ཐབས་གཉིས་པ་ནི་དཔེར་

ན་དེ་ནས་སློབ་མ་དེ་ཉིད་མན་ངག་ཐོབ་པས་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དང་པོ་རིལ་པོར་འཛིན་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། དེ་ལ་རིམ་པ་འདི་ཡིན་ཏེ། རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་རྩིབས་དབུས་མ་ལ་བསྐལ་པའི་མེ་འབར་བ་དང་འདྲ་བའི་ཡི་གེ་རྣམ་པར་བསྒོམས་ཏེ།

དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་མགོ་ནས་བརྩམས་ཏེ་རྐང་པའི་བར་བསྲེགས་ལ་མེ་ལོང་ལ་ཐིམ་པའི་དབུགས་བཞིན་དུ་འོད་གསལ་བའི་ངོ་བོར་རང་གི་ལུས་པོ་མཐོང་བར་བྱ་སྟེ། རིལ་པོར་འཛིན་པའི་ཏིང་ངེ་འཛིན་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ཏེ། དེས་ཀྱང་དང་པོ་

སྣོད་དང་འཇིག་རྟེན་གྱི་ཁམས་བསྲེགས་ལ། ཡང་དེ་བཞིན་དུ་རང་གི་ལུས་པོ་མི་སྣང་བར་བྱས་ནས་དག་པའི་ཆུའི་ནང་དུ་ཐིམ་པའི་ཟླ་བ་བཞིན་དུ་རང་དང་གཞན་རྣམས་བལྟ་བར་བྱ་སྟེ། རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཡིན་ཏེ། མངོན་པར་བྱང་ཆུབ་ཐོབ་པའི་ཕྱིར་རོ། །དེ་ནི་བླ་ན་མེད་པའི་དགོངས་པའི་རིམ་པ་

སྟེ་བཞི་པའོ། །དེའི་རྗེས་ལ་འོད་གསལ་བའི་ཏིང་ངེ་འཛིན་ལས་ལངས་ཏེ། བདེ་བ་གཉིས་དབྱེར་མེད་པའི་མཚན་ཉིད་ཅན་འབྲས་བུར་གྱུར་པ་ཟུང་འཇུག་གི་རིམ་པ་འདིས་བསྒོམ་པར་བྱ་སྟེ། །རེ་ཞིག་དང་པོ་བཞི་པའི་མན་ངག་གི་རིམ་པས་འོད་གསལ་བ་མངོན་དུ་བྱས་ལ་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་པོས་ལྷུན་

གྱིས་གྲུབ་པས་བསྟན་པ་ཉིད་དུ་ཉེ་བར་མཚོན་ཏེ། གཞན་ཡང་མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པའི་ཕྱིར་དང་། སྣ་ཚོགས་པའི་སངས་རྒྱས་ཀྱི་བྱ་བ་ཡང་བྱེད་པའི་ཕྱིར་དང་། སྨོན་ལམ་རྣམས་ཀྱང་འབྲས་བུ་དང་བཅས་པ་བྱེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ཅིག་ཅར་དུ་ལངས་ཏེ། དེའི་

เล่ม ๒๙ · หน้า 16a

ངོ་བོར་ཡང་འགྲོ་བ་བལྟས་ཏེ་ཟུང་འཇུག་གི་ཏིང་ངེ་འཛིན་དམིགས་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པ། སྟོང་པ་དང་སྟོང་པ་མ་ཡིན་པ། ཡོད་པ་དང་མེད་པ། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ། གཟུང་བ་དང་འཛིན་པ།

རྟག་པ་དང་ཆད་པ། འཁོར་བ་དང་མྱ་ངན་ལས་འདས་པ། བཅིངས་པ་དང་གྲོལ་བ། དགེ་བ་དང་མི་དགེ་བ། ལས་དང་ལས་མ་ཡིན་པ། ཐབས་དང་ཤེས་རབ། སྟོང་པ་ཉིད་དང་སྙིང་རྗེ་ལ་སོགས་པ་ཐ་མི་དད་པའི་བློས་རོ་གཅིག་པར་གྱུར་པས་འགྲོ་བ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། དཔག་

བསམ་གྱི་ཤིང་ལྟ་བུ་སྤྲོ་བ་དང་སྡུད་པར་བྱེད་པ། དབང་ཕྱུག་མཆོག་དང་ལྡན་པ། ཕྲ་བ་དང་རགས་པ་ལ་སོགས་པའི་དབྱེ་བས་ཕྱེ་བར་གྱུར་པའི་རྫུ་འཕྲུལ་བརྒྱད་དང་ལྡན་པ། ཟླ་བ་དང་ཉི་མ་དང་མེའི་སྣང་བ་འཇིག་པར་བྱེད་པ། ཕྱག་རྒྱ་ཆེན་པོའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་སྐུ་རྣལ་འབྱོར་པས་གང་བསྒོམ་པར་བྱ་བ་དེ་ནི་

ཟུང་འཇུག་གི་ཏིང་ངེ་འཛིན་ཡིན་ནོ། །འོ་ན་ལྡང་བ་དང་སེམས་ཅན་གྱི་དོན་དང་ཏིང་ངེ་འཛིན་ཏེ། ཕན་ཚུན་འགལ་བ་མ་ཡིན་ནམ་ཞེ་ན། དེ་ལྟར་མ་ཟེར་ཅིག །གང་གི་ཕྱིར་བཅོམ་ལྡན་འདས་སངས་རྒྱས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པའོ། །དེ་རྣམས་ཀྱི་བཞུགས་པ་ནི་གཞི་ཡིན་ཏེ། སྤྱོད་ལམ་གྱི་བཞུགས་

པ་དང་། བསྟན་པའི་བཞུགས་པ་དང་། ཏིང་ངེ་འཛིན་གྱི་བཞུགས་པ་དང་། ནང་དུ་ཡང་དག་འཇོག་ལ་བཞུགས་པའི་བཞུགས་པའོ། །བཞུགས་པ་དེ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ལ་མཉམ་པར་གཞག་པའི་སྤྱོད་པ་ཉིད་ཤེས་པར་བྱའོ། །དེ་ལྟ་བས་ན་

ལྡང་བའམ་ཏིང་ངེ་འཛིན་ལ་བཅོམ་ལྡན་འདས་རྣམས་ནི་འོད་གསལ་བའི་ངོ་བོ་ཡིན་ནོ། །དེ་རྣམས་ཀྱི་ཡང་བསྟན་པ་དང་། སྨིན་པ་ལ་སོགས་པའི་རྣམ་པ་གང་ཡིན་པ་དེ་ནི་ལྷུན་གྱིས་གྲུབ་པར་འབྱུང་བ་ཡིན་ཏེ། དཔེར་ན་ཀུན་དུ་འོད་ཀྱི་ས་ལ་གཞལ་ཡས་ཁང་པ་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་ལས་

དམིགས་པ་མེད་པའི་སྙིང་རྗེའི་ནུས་པ་དང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཆོས་བསྟན་པ་རྣམས་འབྱུང་བར་འགྱུར་རོ། །ཇི་སྐད་དུ། སྐྱེས་བུ་ཡིད་བཞིན་ནོར་བུ་བཞིན། །དེ་ཡི་གནས་པ་ཙམ་གྱིས་ནི། །རྩིག་པ་ལ་སོགས་བསྟན་པ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །

เล่ม ๒๙ · หน้า 16b

ཞེས་འབྱུང་ངོ་། །དེ་ལྟར་ན་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་པའི་སྤྱོད་པ་གང་ཡིན་པ་དེ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །དཔེར་ན་བུ་དང་དགྲ་དང་། གསེར་དང་རྡོ་དང་། རང་དང་གཞན་དང་། གཙང་བ་དང་མི་གཙང་བ་དང་། བྲམ་ཟེ་དང་རིགས་ངན་ལ་སོགས་པ་ལ་བློ་མཉམ་པ་འདོད་ཆགས་དང་། ཞེ་སྡང་

དང་བྲལ་བ་ཇི་སྲིད་དུ་འཁོར་བའི་བར་དུ་སེམས་ཅན་གྱི་དོན་མ་ཆད་པར་བྱེད་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའ་གཉིས་པ་ཡིན་ནོ། །རྣལ་འབྱོར་དེ་ཉིད་ཀྱི་སྐུ་ནི་ཤི་བ་དང་། རྒས་པ་ལ་སོགས་པའི་སྐྱོན་རྣམས་དང་འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་ཀྱང་འདོམ་གྱིས་པདྨ་བཞིན་དུ་མི་གོས་ཏེ་

ཟུང་དུ་འཇུག་པའི་ཏིང་ངེ་འཛིན་བསྟན་པའོ། །རེ་ཞིག་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམ་པ་བཞི་པོའི་མདོར་བསྟན་པ་ནི་རྡོ་རྗེ་ཕྲེང་རྒྱུད་ལ་འཇུག་པར་བྱ་སྟེ། རང་བཞིན་བསྙེན་པར་བཤད་པ་སྟེ། །རྒྱུ་ནི་ཉེ་བར་སྒྲུབ་པ་ཡིན། །ལས་ནི་སྒྲུབ་པ་ཞེས་བཤད་པ། །འབྲས་བུ་སྒྲུབ་པ་ཆེན་པོ་ཡིན།

མདོར་བསྟན་པའི་ཚིག་འདི་རྣམས་ཀྱི་རྒྱས་པར་བཤད་པའི་ཚིག་འདུས་པའི་རྒྱུད་ཕྱི་མ་ལས་ནི། བསྒྲུབ་བྱ་སྒྲུབ་བྱེད་སྦྱོར་བ་ཡིས། །གང་ཕྱིར་བསྙེན་པ་ཞེས་བཤད་པ། །རྡོ་རྗེ་པདྨ་ཡང་དག་སྦྱོར། །ཉ་བར་བསྒྲུབ་པ་བཤད་པ་ཡིན། །ཧཱུཾ་ཕཊ་ཡང་དག་ལྡན་པ་ནི། །སྒྲུབ་པ་བསྐྱོད་པར་རབ་ཏུ་

བཤད། །རང་བཞིན་རང་བདེ་ཞི་བ་དང་། །དེ་ནི་སྒྲུབ་པ་ཆེན་པོར་བཤད། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོར་འཆང་ཆེན་པོའི་གོ་འཕང་སྟེ། །སངས་རྒྱས་ཐམས་ཅད་རྣམས་ཀྱི་ཐབས། །དེ་ནི་ཆོས་ཀུན་ཆོས་ཉིད་དོ། །ཞེས་གསུངས་སོ། །དེའི་དོན་འདི་ཡིན་ཏེ། རིགས་ལྔའི་ཚོགས་དང་ལྡན་

པའི་རྣལ་འབྱོར་མ་དང་ལྷན་ཅིག་ཏུ་དགོད་པ་དང་། འོ་བྱེད་པ་ལ་སོགས་པ་ཕྱི་རོལ་གྱི་བྱེད་པ་དང་ལྡན་པའི་བྱ་བ་གང་ཡིན་པ་དེ་ནི་བསྙེན་པ་སྟེ། དེ་ཉིད་རང་བཞིན་ཡིན་ཏེ། རང་བཞིན་ནི་འདོད་ཆགས་རྣམ་པར་དག་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་རྗེས་ལ་མིག་དང་། ལྕགས་ཀྱུ་དང་བ་དན་ནི་

མཛུབ་མོ་གཉིས་དྲང་བོ་སྟེ། བྷ་གར་རབ་ཏུ་ཞུགས་པ་ལ་འདོད་པའི་གདུགས་ཀྱི་སྟེང་དུ་མིའི་སྣ་དང་འདྲ་བའི་པགས་པས་གཡོགས་པ་མཆོད་རྟེན་གྱི་རྣམ་པ་ཅན་བདེ་བ་ཆེན་པོའི་གཞི་ཇི་སྲིད་དྲོ་བའི་རེག་པ་རྙེད་པ་དེ་སྲིད་དུ་བསྐུལ་བར་བྱའོ། །དེའི་རྗེས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ། ཨ་ནུ་རཱ་ག་ཡ་མི་

เล่ม ๒๙ · หน้า 17a

ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེ་དང་པདྨ་སྦྱར་བར་བྱ་སྟེ་ཉེ་བར་སྒྲུབ་པ་ཡིན་ཏེ། དེ་ཁོ་ན་ཉིད་ཉེ་བར་སྒྲུབ་པའི་ཕྱིར་དེ་ཉིད་རྒྱུ་ཡིན་ཏེ། འོག་ནས་འཆད་པར་འགྱུར་བའི་འབྲས་བུ་གསལ་བར་བྱེད་པའི་ཕྱིར་རོ། །དེ་ནས་རྡོ་རྗེ་དང་མཚོ་སྐྱེས་ཡང་དག་པར་སྦྱོར་བས་ཤིན་ཏུ་གཡོ་བའི་

ཁམས་ཐ་མའི་རྒྱུ་བ་འགགས་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་ནོར་བུའི་རྩེ་མོ་དང་། སྣའི་རྩེ་མོ་རུ་ཐུགས་རྡོ་རྗེའི་ས་བོན་དག་རྣམ་པར་བཀོད་ལ་རྟོག་པ་མེད་ཅིང་སྣ་ཚོགས་པའི་བྱེད་པའི་བྱ་བ་རྣམས་ཀྱིས་གང་ཞིག་སྐྱོད་པར་བྱེད་པ་དེ་ནི་སྒྲུབ་པ་སྟེ། ཁམས་བདུན་པའི་རྒྱུ་བ་འགགས་པ་སྒྲུབ་པར་བྱེད་པ་སྟེ།

དེ་ཉིད་ལས་དེ་རེངས་པའི་བྱ་བ་མངོན་དུ་བྱེད་པའི་ཕྱིར་རོ། །དེའི་རྗེས་ལ་ལྷན་ཅིག་སྐྱེས་པ་ཐོབ་པས་རིགས་མི་མཐུན་པའི་ཡིད་ལ་བྱེད་པ་རྣམས་ལྡོག་པས་ཡེ་ཤེས་གང་གསལ་བར་གྱུར་པ་དེ་ནི་སྒྲུབ་པ་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཆེན་པོ་འགྲུབ་པར་བྱེད་པས་ན་དེ་ཉིད་ཀྱང་འབྲས་བུ་ཡིན་ཏེ།

རང་བཞིན་ལ་སོགས་པ་བཞི་པོ་བསྟན་ཏོ། །ད་ནི་རྣལ་འབྱོར་བཤད་པར་བྱ་སྟེ། དེ་ཡང་ཡན་ལག་དྲུག་གི་མཚན་ཉིད་ཅན་ཡིན་ལ། སོ་སོར་སྡུད་པ་དང་། བསམ་བཏན་དང་། སྲོག་དང་། རྩོལ་བ་དང་། འཛིན་པ་དང་། རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་རྣམས་ཏེ། དེ་ཉིད་ནི་མཆོག་གི་བསྙེན་པའོ། །

རྒྱུད་ཕྱི་མ་ལས་ཀྱང་། ཐ་མལ་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །རྡོ་རྗེ་བཞི་པོས་ཐ་མལ་པ། །མཆོག་ནི་ཡན་ལག་དྲུག་གིས་སོ། །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་དང་། །གསུམ་པ་སྐུ་ནི་གྲུབ་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་

བཞི་པོས་བསྙེན་པ་འདི། །ཐ་མལ་པ་ཡི་སྒྲུབ་པ་ཡིན། །མཆོག་ནི་ཡེ་ཤེས་བདུད་རྩི་ཡིས། །རྣལ་འབྱོར་རྩོལ་བ་རྣམས་ཀྱིས་བྱ། །བསྙེན་པ་ཡན་ལག་དྲུག་པ་ཡིས། །མཆོག་གི་སྒྲུབ་པ་བྱས་ནས་ནི། །སྒྲུབ་པ་བྱ་སྟེ་གཞན་དུ་ནི། །མཆོག་གི་དངོས་གྲུབ་འབྱུང་མི་འགྱུར། །སོ་སོར་སྡུད་དང་

བསམ་གཏན་དང་། །སྲོག་དང་རྩོལ་བ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །ཡན་ལག་དྲུག་པའི་རྣལ་འབྱོར་བཤད། །དབང་པོ་རྣམས་དང་དོན་རྣམས་བཅུ། །རང་རང་ཡུལ་ལ་ཐམས་ཅད་གནས། །འདོད་པ་རེ་རེ་ཀུན་སྤྱོད་པ། །དེ་ནི་སོ་སོར་བསྡུས་པར་བཤད། །འདོད་པ་ལྔ་ནི་མདོར་

เล่ม ๒๙ · หน้า 17b

བསྡུས་པས། །སངས་རྒྱས་ལྔ་རུ་རབ་སྦྱོར་བས། །བརྟག་པ་བསམ་གཏན་བཤད་པ་སྟེ། །བསམ་གཏན་དེ་ཡང་རྣམ་ལྔར་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང་། །དགའ་བ་དེ་བཞིན་བདེ་བ་དང་། །སེམས་ནི་རྩེ་གཅིག་པ་ཉིད་དེ། །ལྔ་པོ་དེས་ནི་བསམ་གཏན་བསྡུས། །རྟོག་པ་གསང་བ་

གསུམ་བྱུང་བ། །དཔྱོད་པ་དེ་ཡིས་སྦྱོར་བ་སྟེ། །གསུམ་པ་དགའ་བ་དང་འདྲ་བ། །བཞི་པ་བདེ་བ་སྡུད་པར་བྱེད། །ཤེས་དང་ཤེས་བྱ་བྱུང་མཛད་པ། །རང་སེམས་ལྔ་པར་ཤེས་པ་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་དབུགས། །ནམ་མཁའ་ཀུན་ལ་རབ་གནས་པ། །ཡེ་ཤེས་ལྔ་ཡི་རང་

བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །པདྨའི་སྣ་རྩེར་བྱུང་ནས་ནི། །གོང་བུའི་གཟུགས་སུ་བརྟག་པར་བྱ། །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་སུ་བཤད། །རང་རྟགས་སྙིང་གར་བསམས་ནས་ནི། །སྲོག་གི་ཐིག་ལེ་ལ་གནས་དགོད། །དབང་པོ་འགགས་ནས་

རིན་ཆེན་ནི། །འཛིན་པར་བྱེད་པས་འཛིན་པར་བཤད། །འགོག་པ་རྡོ་རྗེར་སེམས་གནས་ན། །མཚན་མ་འཛིན་པ་འབྱུང་བར་འགྱུར། །མཚན་མ་དེ་ཡང་རྣམ་པ་ལྔ། །བྱང་ཆུབ་རྡོ་རྗེས་བཀའ་སྩལ་ཏོ། །དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་དང་འདྲ་བ། །གསུམ་པ་སྲིན་བུ་མེ་ཁྱེར་མཚུངས། །

བཞི་པ་མར་མེ་བཞིན་འབར་བ། །ལྔ་པ་རྟག་ཏུ་གསལ་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བའོ། །བསྟན་པ་རྡོ་རྗེ་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །བསྒོམས་ནས་གང་ཞིག་རྗེས་དྲན་པས། །དེ་དང་འདྲ་བ་སྤྲོ་བར་བྱ། །དེ་ནི་རྗེས་དྲན་ཞེས་བྱ་སྟེ། །སོ་སོར་སྣང་བ་མ་སྐྱེས་སོ། །ཐབས་

དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །གོང་བུའི་སྦྱོར་བ་བསྡུས་ནས་ནི། །སྐུ་ནི་དབུས་སུ་བསྒོམ་པར་བྱ། །ཅིག་ཅར་ཡེ་ཤེས་རྫོགས་པ་ནི། །ཏིང་འཛིན་ཞེས་ནི་བཤད་པ་ཡིན། །སོ་སོར་སྡུད་པ་སྙོམས་འཇུག་པས། །སྔགས་ཐམས་ཅད་ཀྱིས་བྱིན་རློབ་

འགྱུར། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་དང་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །འཛིན་པའི་སྟོབས་ཀྱིས་གཏན་དུ་ནི། །རྡོ་རྗེ་སེམས་དཔའ་འབབ་པར་འགྱུར། །རྗེས་དྲན་ཡང་དག་སྦྱོར་བ་ཡིན། །

เล่ม ๒๙ · หน้า 18a

འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །ཏིང་འཛིན་དབང་བ་ཙམ་གྱིས་ནི། །སྒྲིབ་པ་མེད་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་རྣམས་ཀྱི་དོན་འདི་ཡིན་ཏེ། ཡོངས་སུ་རྫོགས་པ་དང་ལྡན་པའི་ལྷའི་ང་རྒྱལ་དང་བཅས་པའི་རྣལ་འབྱོར་པས། ལྷ་མོས་རྗེས་སུ་འབྲང་བ་

དང་། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་ལྔ་མིག་ལ་སོགས་པའི་དབང་པོ་ལྔས་སྟོང་པར་བྱེད་པ་གང་ཡིན་པ་དེ་ནི་སོ་སོར་སྡུད་པ་ཞེས་བསྟན་ཏོ། །གཟུགས་ལ་སོགས་པའི་ཡུལ་དེ་རྣམས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྒོམ་པར་བྱ་བ་གང་

ཡིན་པ་དེ་ནི་བསམ་གཏན་ནོ། །བསམ་གཏན་དེ་ཡང་རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པའི་དབྱེ་བས་རྣམ་པ་ལྔ་ཡིན་ནོ། །དེ་ལ་འདོད་པར་བྱ་བ་དང་། འདོད་པ་དང་འདོད་པར་བྱེད་པ་རྣམས་འབྱུང་བ་ནི་རྟོག་པའོ། །དེ་རྣམས་ལོངས་སྤྱོད་པའི་བྱ་བ་ནི་

དཔྱོད་པའོ། །ཆགས་པ་ཡོད་ན་དགའ་བ་བྱུང་བའོ། །དེ་ལས་ཀྱང་དགའ་བའི་བདེ་བའོ། །དེ་ལས་ཀྱང་མཆོག་ཏུ་དགའ་བའི་བདེ་བ་ནི་སེམས་རྩེ་གཅིག་པར་གྱུར་པའོ། །མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཅན་དང་། ས་ལ་སོགས་པའི་འབྱུང་བ་ལྔའི་ངོ་བོའི་ཡུངས་ཀར་གྱི་འབྲས་བུའི་

ཚད་ཙམ་ཁ་དོག་ལྔ་པའི་རིན་ཆེན་དབུགས་ཀྱི་སྦྱོར་བས་སྙིང་ག་ལས་སྤྲོས་ཏེ། པདྨའི་སྣའི་རྩེ་མོར་བསམ་པར་བྱ་བ་གང་ཡིན་པ་དེ་ནི་སྲོག་དང་རྩོལ་བའོ། །སྔར་བཤད་པའི་རིམ་པས་རང་གི་སྙིང་གའི་སྔགས་ཀྱི་ཐིག་ལེར་གནས་པའི་སེམས་མཚན་མ་ལྔ་བྱུང་བའི་བར་དུ་ཡང་དང་ཡང་དུ་འཛིན་

པར་བྱ་བ་གང་ཡིན་པ་དེ་ནི་འཛིན་པའོ། །དེ་ལ་མཚན་མ་ལྔ་ནི་སྨིག་རྒྱུ་དང་། དུ་བ་དང་སྲིན་བུ་མེ་ཁྱེར་དང་མར་མེ་དང་སྤྲིན་མེད་པའི་ཉི་མ་ཕྱེད་ཀྱི་ནམ་མཁའ་དང་འདྲ་བར་ཐམས་ཅད་དུ་རྟག་ཏུ་སྣང་བ་སྟེ། མཚན་མ་དེ་རྣམས་ཀྱིས་སྔགས་དམ་པའི་ཐིག་ལེའི་ངོ་བོར་རང་གི་སེམས་བརྟན་པར་

གྱུར་པར་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་དེ་ནི་རང་གི་སྙིང་གའི་རྡོ་རྗེའི་ལམ་ནས་བཙུན་མོའི་ནམ་མཁའི་ཁམས་སུ་སྤྲོས་ཏེ། དེ་ཉིད་ཀྱིས་ཀྱང་མ་ལུས་པའི་ནམ་མཁའི་ཁམས་རྡོ་རྗེའི་ཆུའི་བུམ་པ་བཞིན་དུ་ཡོངས་སུ་གང་བ་བསྒོམ་པ་གང་ཡིན་པ་དེ་ནི་རྗེས་སུ་དྲན་པའོ། །རྗེས་སུ་དྲན་

เล่ม ๒๙ · หน้า 18b

པ་དེ་ཉིད་ཀྱི་མཐར་ནི་ནམ་མཁའ་རྡོ་རྗེ་ལ་གནས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བའི་རེག་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོར་གྱུར་པ་སྟེ། སྣང་བ་ཤར་བར་འགྱུར་རོ། །དེའི་རྗེས་ལ་དངོས་པོ་ཐམས་ཅད་ནི་བྱང་ཆུབ་

ཀྱི་སེམས་རེ་རེའི་རྡུལ་ཕྲ་རབ་བཞིན་དུ་རང་རང་གི་ཕྱག་རྒྱ་དང་བཅས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རྣམ་པར་བསམས་ཏེ། བསྡུས་ལ་དེའི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་གནས་པ་བདེ་བ་ཆེན་པོའི་བདག་ཉིད་ལྷའི་གཟུགས་སུ་རང་གི་བདག་ཉིད་རྡོ་

རྗེ་དཀྱིལ་འཁོར་དུ་གནས་པ་བསྒོམ་པར་བྱ་བ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཡན་ལག་དྲུག་པོ་དེ་དག་གིས་ཡེ་ཤེས་བདུད་རྩིས་ཡོངས་སུ་རྫོགས་པའི་མཆོག་གི་རྣལ་འབྱོར་བསྟན་ཏོ། །ད་ནི་བསྒྲུབ་པ་རྣམ་པར་དཔྱད་པར་བྱ་སྟེ། དེ་ཡང་དམ་ཚིག་དང་སྡོམ་པ་གཙོ་བོར་གྱུར་པ་ཡིན་ནོ། །

དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བ་གཉིས་ཡིན་ནོ། །སྡོམ་པ་ལ་ནི་ཞི་བ་ལ་སོགས་པ་དངོས་གྲུབ་བརྒྱད་སྒྲུབ་པར་བྱེད་པ་སྟེ། བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་བསྲུང་བར་བྱ་བའི་དམ་ཚིག་ནི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཁ་ན་མ་ཐོ་བ་སྦོམ་པོ་བཅུ་ཡིན་ཏེ།

དཔེར་ན། སློབ་དཔོན་ལ་ནི་སྨོད་པ་དང་། །བདེ་གཤེགས་བཀའ་ལས་འདས་པ་དང་། །སྡང་བས་སྤུན་རྣམས་ཡོད་མིན་བཤད། །བྱམས་པ་ཆེན་པོ་རྣམ་སྤངས་དང་། །བྱང་ཆུབ་སེམས་ནི་ཡོངས་སྤོང་དང་། །ཐེག་པ་གསུམ་ལ་སྨོད་པ་དང་། །སྐལ་མིན་གསང་བ་བཤད་པ་དང་། །རྒྱལ་བའི་བདག་

ཉིད་ཕུང་པོ་སྨོད། །ཆོས་རྣམས་མཐའ་གཉིས་སྒྲོ་འདོགས་དང་། །དད་པའི་སེམས་ནི་མི་སྨོད་དང་། །དད་པའི་ཆོས་ལ་སོམ་ཉི་དང་། །གདུག་ལ་བྱམས་པ་ཆགས་བྲལ་དང་། །ཇི་སྙེད་དམ་ཚིག་མི་བརྟེན་དང་། །ཤེས་རབ་རང་བཞིན་བུད་མེད་སྨོད། །དེ་ནི་རྩ་བའི་ལྟུང་བ་རྣམས་སོ། །

དེ་བཞིན་དུ། རིག་མ་བརྟེན་པར་མི་དགའ་དང་། །དམ་ཚིག་རྣམས་ནི་མི་སྦྱོར་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་བསྟན་པ་དང་། །དད་དང་ལྡན་པའི་སེམས་ཅན་ལ། །དམ་པའི་ཆོས་ནི་ལོག་སྟོན་དང་། །ཞག་བདུན་བར་དུ་ཉན་ཐོས་པའི། །ནང་ན་གནས་

เล่ม ๒๙ · หน้า 19a

དང་ང་རྒྱལ་དང་། །མ་ངེས་མི་སྦྱོར་སྣོད་མིན་ལ། །གསང་བའི་ཆོས་ནི་བསྟན་པའོ། །དེས་ནི་ཁ་ན་མ་ཐོ་སྦོམ། །སྔགས་པའི་སྡོམ་པ་འཆལ་བར་འགྱུར། །ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་སྦོམ་པོ་རྣམས་སོ། །བཟའ་བའི་དམ་ཚིག་རྣམས་ནི་ལྷ་མོ་བཞིས་ཡོངས་སུ་

ཞུས་པའི་རྒྱུད་ལ་འཇུག་པར་བྱ་སྟེ། ཆོས་རྣམས་བསྒྲུབ་པ་བཤད་བྱས་ནས། །ཡན་ལག་བརྒྱད་པ་རྫས་བསྒྲུབ་བྱ། །མི་དང་གླང་པོ་རྟ་དང་ནི། །བ་གླང་ཁྱི་དང་བོང་བུ་དང་། །རྔ་མོ་དང་ནི་མ་ཧེ་དང་། །ཆ་ནི་མཉམ་པར་བྱ་བ་སྟེ། །མཐེ་བོང་གི་ནི་ཚིགས་ཚད་ཙམ། །མཉམ་པར་བཞག་པས་སྦྱར་

བར་བྱ། །བཤང་གཅི་དང་ནི་ཁྲག་ཁུ་དང་། །ནས་ཀྱི་འབྲུ་ནི་ཚད་ཙམ་སྟེ། །སྔགས་ཀྱི་གཙོ་བོར་སྦྱར་བྱས་ཏེ། །གཞན་ཡང་བྱིན་གྱིས་བརླབ་པར་བྱ། །ཡི་གེ་ཨོཾ་དང་ཨཱཿདང་ནི། །བར་དུ་ཡི་གེ་ཧཱུཾ་ཉིད་དང་། །ཛྭ་ལ་ཛྭ་ལ་ཡི་གེ་ཧྲི། །དགུ་པོ་འདིས་ནི་རབ་ཏུ་གྲུབ། །ལན་ནི་ཉི་ཤུ་རྩ་གཅིག་གི །

སྔགས་འདི་ཉིད་ཀྱིས་དག་པར་བྱ། །ཡུངས་ཀར་ལྔ་ཡི་ཚད་ཙམ་ནི། །ལྔ་དང་ལྔ་གཉིས་བསྲེ་བར་བྱ། །བདུད་རྩི་དབང་པོ་ལྔ་དྲི་མ། །དེ་ནས་རི་ལུ་བྱ་བ་ནི། །ཚེས་བརྒྱད་པའམ་བཅུ་བཞི་ལ། །པདྨའི་སྣོད་དུ་བཞག་ནས་ནི། །སྟོང་ཕྲག་བརྒྱད་ནི་བཟའ་བར་བྱ། །ཉིན་དང་ཉིན་རེ་བཟའ་བ་

དང་། །ཐུན་བཞི་ཡང་ནི་བསྒོམ་པར་བྱ། །ཇི་ལྟར་བསྐལ་པའི་མཐར་ཐུག་པར། །རྒྱ་ཆེན་དངོས་གྲུབ་དེས་ཐོབ་འགྱུར། །གཟི་བརྗིད་མདོག་དང་སྟོབས་བརྩོན་འགྲུས། །སྨོན་ལམ་དག་ནི་ལྔ་པ་སྟེ། །རིལ་བུ་ཆེན་པོ་སྤྱོད་པ་ཡིས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་བྱ་བའི་དམ་

ཚིག་གོ། །ད་ནི་སྡོམ་པ་བཤད་པར་བྱ་སྟེ། ཞི་བ་དང་ནི་རྒྱས་པ་དང་། །དབང་ཉིད་དང་ནི་མངོན་སྤྱོད་དང་། །རྣམ་པར་སྣང་དང་དགུག་པ་དང་། །རེངས་པ་དང་ནི་གནས་སྤྲོ་བའོ། །དེ་ལ་རེ་ཞིག་ལས་ཀྱི་ཚོགས་ཀྱི་གོ་རིམས་བཤད་པའི་རྒྱུད་ལ་འཇུག་པར་བྱ་སྟེ། ཞི་བ་དང་ནི་རྒྱས་པ་དག །ཡར་

ངོའི་དུས་སུ་བྱ་བ་ཡིན། །དབང་དང་མངོན་སྤྱོད་ལ་སོགས་པ། །མར་ངོ་ཡི་ནི་དུས་སུ་བྱ། །ཞི་བ་བྱང་ཕྱོགས་ཁ་བལྟས་པས། །ཤར་དུ་ཁ་བལྟས་རྒྱས་པ་བྱ། །གཤིན་རྗེའི་ཕྱོགས་སུ་དྲག་པོའི་ལས། །དབང་དང་དགུག་པ་ནུབ་ཕྱོགས་སུ། །མེ་ཡི་མཚམས་སུ་གསོད་པ་དང་། །བདེན་བྲལ་

เล่ม ๒๙ · หน้า 19b

ཕྱོགས་སུ་དེ་བཞིན་སྡང་། །རླུང་གི་མཚམས་སུ་གནས་ལས་སོ། །དབང་ལྡན་མཚམས་སུ་རེངས་པར་འགྱུར། །ཞི་བ་ལ་ནི་ཁ་དོག་དཀར། །རྒྱས་པ་ལ་ནི་ཁ་དོག་སེར། །དབང་དང་དགུག་པ་དག་ལ་དམར། །གསོད་པ་ལ་ནི་མདོག་ནག་པའོ། །བྱམས་པའི་སེམས་ཀྱིས་ཞི་བ་དང་། །དགའ་བའི་

སེམས་ཀྱིས་རྒྱས་པ་དང་། །ཆགས་པའི་སེམས་ཀྱིས་དབང་བ་དང་། །ཁྲོ་བའི་སེམས་ཀྱིས་གསད་པར་བྱ། །ཐོ་རངས་སུ་ནི་རྒྱས་པ་ཡི། །དབང་དང་མངོན་སྤྱོད་ལམ་དག་ནི། །ཉིན་ཕྱེད་མཚན་ཕྱེད་དག་ལའོ། །ཞི་ལ་ཞི་བའི་མཐའ་ཅན་གྱིས། །རྒྱས་པ་བཽ་ཥཊ་མཐའ་ཅན་གྱིས། །གསོད་པ་ཧཱུཾ་

ཕཊ་མཐའ་ཅན་གྱིས། །དགུག་པ་ནི་པ་ཛཿཧྲིས་སོ། །ཞེས་བྱ་བ་ལ་སོགས་པ་གཞན་རྣམས་ལ་ཡང་བཤད་པའི་རྒྱུད་རྣམས་ལས་བརྟག་པར་བྱའོ། །དེ་ནི་སྡོམ་པ་ཡིན་ནོ། །དེ་ལྟར་ན་སྒྲུབ་པ་བསྟན་ཏོ། །དེ་བས་ནི་དོན་བཅུ་དྲུག་པོ་དེ་དག་གིས་དཔལ་གསང་བ་འདུས་པའི་རྒྱུད་མ་ལུས་པ་གང་གིས་

རྟོགས་པར་གྱུར་པ་དེ་ནི་འགྲོ་བའི་བླ་མ་བཞིན་དུ་འགྱུར་རོ། །གཞན་དུ་ན་འབའ་ཞིག་པ་ཚིག་གི་དོན་ཙམ་གཟུང་བས་རང་གི་མོས་པ་ཙམ་ལ་རྗེས་སུ་འབྲང་ཞིང་རང་དབང་གིས་གླེགས་བམ་ཀློག་ཅིང་བླ་མ་རྣམས་ལ་སྨོད་ལ་ཁོ་བོ་ཅག་གིས་རྟོགས་པར་འགྱུར་ཞེས་རྨོངས་པ་རྣམས་སེམས་སོ། །

དགོངས་པ་ལུང་དུ་བསྟན་པ་ལས་ཀྱང་། རྒྱུད་དག་ལ་ནི་མི་མཁས་པ། །སྒྲུབ་པའི་ཐབས་ཙམ་ཤེས་ནས་ནི། །ཁོ་བོ་ཅག་གི་སློབ་དཔོན་ཞེས། །ལུང་ལས་མཁས་པ་ཡིན་ཞེས་ཟེར། །ང་ཡི་ཚིག་ནི་ངས་ཉིད་ཅེས། །རྨོངས་པས་ཇི་ལྟར་བརྗོད་ཅིང་སྨོད། །དགོངས་པའི་བྱང་ཆུབ་ཀྱི་སེམས་ནི། །

དོན་བཞིན་དེ་རྣམས་མི་ཤེས་སོ། །ཞེས་གསུངས་སོ། །དེ་ལྟར་རྣམ་པར་དཔྱད་ལ་བླ་མའི་ཞལ་སྔ་ལ་བསྙེན་པའི་རྩོལ་བ་ལ་རྩོལ་བར་བྱ་བ་སྟེ། གང་གི་དྲིན་གྱིས་དེ་ཁོ་ན་ཉིད་ཐོབ་པར་གྱུར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྙེད་པར་འགྱུར་བ་སྟེ། ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །ད་ནི་དོན་རྣལ་

མ་རྣམ་པར་དཔྱད་པར་བྱ་སྟེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་ལ་སོགས་པར་ཆོས་བསྟན་པར་མཛད་པ་དེའི་ཚེ་ཚད་མེད་པའི་ཆོས་ཀྱི་ཕུང་པོ་བསྲུང་བའི་ཕྱིར་ཕྱག་ན་རྡོ་རྗེ་ལ་གཏད་པ་ཡིན་ཏེ། ཀྱེ་རྡོ་རྗེ་ཆོས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་འདི་ཁྱོད་ཀྱིས་

เล่ม ๒๙ · หน้า 20a

གཟུང་བར་གྱིས་ཤིག །ཅེས་གསུངས་སོ། །དེའི་ཚེ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་སྡུད་པ་པོར་གྱུར་ཅིང་བཅོམ་ལྡན་འདས་ལས་ཇི་ལྟར་ཐོས་པའི་རྒྱུད་བསྟན་པར་བྱ་བའི་ཕྱིར་གླེང་གཞིའི་ཚིག་བསྟན་པར་བྱ་སྟེ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད་འདི་ལ་ནི་དངོས་པོ་

བཞི་ཡིན་ཏེ། གླེང་གཞི་དང་། ཉེ་བར་བསྡུ་བ་དང་། སྐབས་དང་བསྟན་བཅོས་ཀྱི་ལུས་རྣམས་སོ། །དེ་ལ་ཉེ་བར་བསྡུ་བ་ནི་མཐའ་རུ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའོ། །སྐབས་ནི་དཔེར་ན་དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱིས་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བསྟན་བཅོས་ཀྱི་ལུས་ནི་དོན་བཅུ་དྲུག་གོ། །གླེང་གཞི་དང་པོའི་ཚིག་སྟེ། སྟོན་པ་པོ་དང་། འཁོར་དང་དུས་དང་གནས་ཕུན་སུམ་ཚོགས་པ་གཙོ་བོར་གྱུར་པ་ཡིན་ནོ། །འདི་སྐད་ཅེས་བྱ་བའི་ཚིག་ཕྲད་ཀྱིས་ནི་སྟོང་པ་ཉིད་ཀྱི་ངོ་བོ་བཅོམ་ལྡན་འདས་བསྟན་

པའོ། །བདག་གི་ཞེས་པས་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ལ་སྟེ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཚུལ་བསྟན་པ་སྟེ་དུས་གཞན་དུ་ནི་མ་ཡིན་ནོ། །ཡང་ན་དུས་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་སྟེ། དེ་ཉིད་ཀྱིས་ནི་མངོན་

པར་ཤེས་པ་ཐོབ་པ་ཉིད་བདག་ཉིད་ལ་བསྟན་པ་ཡིན་ནོ། །གང་ལས་དང་གང་དུ་ཐོས་པ་སྟེ་སྟོན་པ་པོ་དང་གནས་ཀྱི་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ནི་བྷ་ག་ཝན་ཡིན་ཏེ། བྷ་ནི་གསལ་བ་ལའོ། །ག་ནི་འགྲོ་བ་ལའོ། །

བྷ་དང་ག་དག་ནི་བྷ་ག་སྟེ། གསལ་བ་དང་འགྲོ་བའི་རང་བཞིན་ཅན་སྲོག་དང་རྩོལ་བའི་རླུང་ངོ་། །དེ་དག་བྱང་ཆུབ་ཀྱི་སེམས་གང་ལ་ཡོད་པ་དེ་ནི་བྷ་ག་ཝཱན་ཏེ་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རླུང་བཅུ་སྟེ། དེ་རྣམས་ཀྱི་ནང་དུ་སྐུ་དང་གསུང་དང་ཐུགས་རྣམས་ནི་སྲོག་དང་

རྩོལ་བ་དང་མཉམ་པ་སྟེ་རླུང་གསུམ་མོ། །དེ་རྣམས་ཀྱི་སྙིང་པོ་ནི་སྲོག་གི་རླུང་སྟེ་དེའི་རྡོ་རྗེའི་བཙུན་མོ་ནི་ཐམས་ཅད་སྟོང་པ་ཉིད་དེ། དེའི་བྷ་ག་ནི་འོད་གསལ་བ་སྟེ། དེ་ལ་ཞུགས་པ་ནི་ཏིང་ངེ་འཛིན་དེ་ལ་དམིགས་ལ་གནས་པར་འགྱུར་ཞེས་སྟོན་ཏོ། །དེས་ནི་དོན་འདི་བཤད་པ་ཡིན་ཏེ། དང་པོ་སེམས་

เล่ม ๒๙ · หน้า 20b

ཅན་གྱི་དོན་བྱ་བའི་ཕྱིར་ཁམས་གསུམ་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུས་ལ་རླུང་བཅུའི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་དང་། དུ་མའི་བསྒོམ་པས་མི་སྣང་བར་བྱས་ལ། རྣམ་པར་ཐར་པ་བཞིའི་ཏིང་ངེ་འཛིན་གྱིས་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་བཅོམ་ལྡན་འདས་བཞུགས་

ཞེས་སྟོན་ཏོ། །དེ་ནི་དང་པོ་སྦྱོར་བའོ། །དེ་བཞིན་དུ་བདག་གིས་ཤེས་པ་ནི་ཨེ་ཝཾ་མ་ཡཱ་སྟེ་སྤྱན་ལ་སོགས་པའི་རིགས་ཀྱི་ལྷ་མོ་བཞི་ཡིན་ཏེ། དེ་རྣམས་ཀྱིས་ནི་ཁྱོད་ནི་རྡོར་སེམས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པོས་བཅོམ་ལྡན་འདས་བསྐུལ་བས་དེ་ཉིད་ཐོབ་པ་ནི་རྨི་ལམ་

བཞིན་དུ་གསན་ཅིང་། དུས་གཅིག་ན་ཞེས་པ་ནི་གསན་པའི་དུས་དེ་ཉིད་དུ་སྟོང་པ་ཉིད་ཀྱི་ངོ་བོའི་བཅོམ་ལྡན་འདས་ཀྱིས་ཅི་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔ་དང་། སྐུ་དང་གསུང་དང་ཐུགས་ནི་གསུམ་

སྟེ། དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །སྙིང་པོ་ཞེས་པ་ནི་ཛིན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་བཙུན་མོ་ནི་སྤྱན་ལ་སོགས་པ་སྤྲོས་ཏེ། དེ་རྣམས་ཐམས་ཅད་ཀྱི་བྷ་ག་ནི་དཀྱིལ་འཁོར་གྱི་གཞིར་གྱུར་པའི་ཆོས་འབྱུང་གི་གཞལ་

ཡས་ཁང་པར་བཞུགས་པའོ། །དེ་ལ་དགོངས་པ་འདི་ཡིན་ཏེ་ལྷ་མོས་བསྐུལ་མ་ཐག་ཏུ་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པས་རང་གི་སྐུ་ལ་དམིགས་ཏེ། རང་རང་གི་སྔགས་ཀྱིས་དཀྱིལ་འཁོར་པ་རྣམས་སྤྲོས་ཏེ། ཆོས་འབྱུང་གཞིར་གྱུར་པའི་སྣ་ཚོགས་པའི་རིན་པོ་ཆེའི་གཞལ་ཡས་ཁང་པ་ལ་

གསལ་བའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་བཞུགས་པ་ཡིན་ཞེས་སྟོན་ཏོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གོ། །དེ་བཞིན་དུ་ཨེ་ཝཾ་མཱ་ཡ་བཞི་པོ་ནི་དགོངས་པའི་བཤད་པས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱ་བ་བཞི་པོ་སྟེ། དེ་རྣམས་ཀྱིས་ཐོས་པ་ཞེས་

པ་ནི་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་དབྱེར་མེད་པར་བྱས་ལ། དེའི་རྗེས་ལ་དུས་གཅིག་ན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཞུགས་པའི་དུས་དེ་ཉིད་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་སྟེ། དེ་རྣམས་

เล่ม ๒๙ · หน้า 21a

ཀྱིས་ཉེ་བར་མཚོན་པ་ནི་ཡི་གེ་ཨོཾ་ཨཱཿཧཱུཾ་དེ་རྣམས་རང་གི་སྐུ་གསུང་ཐུགས་དང་། དཀྱིལ་འཁོར་པ་རྣམས་ཀྱི་སྐུ་གསུང་ཐུགས་ལ་དགོད་པར་བྱས་ལ། སྙིང་པོ་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པའི་ས་བོན་རྣམས་ཏེ། དེ་དག་ནི་སྐྱེ་མཆེད་རྣམས་ལ་དགོད་དེ་ཐ་མི་དད་པའི་སྒོ་ནས་རྡོ་

རྗེ་ནི་བསྟོད་པ་སྟེ། བླ་ན་མེད་པའི་ཕྱིར་རྡོ་རྗེའི་བཙུན་མོ་ཞེས་བྱ་བ་ནི་མཆོད་པ་སྟེ། བྷ་ག་ཞེས་བྱ་བ་ནི་བྷ་ག་ལས་འབྱུང་བའི་ཕྱིར་བདུད་རྩི་མྱང་བ་བྱས་ལ་བཞུགས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་ཚིག་གི་ལྷག་མའོ། །དེས་ནི་འདི་བཤད་པ་ཡིན་ཏེ། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བལྟས་

ལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཞུགས་ཏེ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང་། སྐྱེ་མཆེད་རྣམ་པར་དག་པ་བྱས་ལ་བསྟོད་པ་དང་མཆོད་པ་དང་བདུད་རྩི་མྱང་བ་བྱས་ལ་འཁོར་ལོའི་དབང་ཕྱུག་གི་ཚུལ་གྱིས་བཅོམ་ལྡན་འདས་བཞུགས་སོ་ཞེས་སྟོན་ཏོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་

གོ། །དེ་བཞིན་དུ་ཨེ་ཝཾ་མ་ཡཱ་ཞེས་པ་ནི་ཤེས་རབ་དང་ཐབས་ཡིན་ནོ། །ཇི་སྐད་དུ། ཨེ་ནི་ཤེས་རབ་ཡིན་པ་སྟེ། །ཝཾ་ཡིག་འདི་ནི་ཐབས་སུ་བཤད། །ཐིག་ལེ་ས་བོན་མི་འཇིགས་པ། །ཞེས་འབྱུང་ངོ་། །བདག་གིས་ཤེས་པ་ནི་བདག་གོ། །དེ་བས་ན་ཤེས་རབ་དང་ཐབས་བདག་ཉིད་ཀྱི་ཐིག་ལེ་ང་བདག་

ཡིན་ཏེ། དེ་ལྟ་བུའི་ང་ནི་ཐིག་ལེ། ཐོས་པ་ནི་སྤྲོ་བའོ། །གང་གི་ཚེ་ཞེ་ན། དུས་གཅིག་ན་ཞེས་པ་ནི་མཆོག་ཏུ་དགའ་བའི་སྐད་ཅིག་མ་ལའོ། །ཐིག་ལེ་དེ་ཉིད་ཀྱང་རིགས་མི་མཐུན་པའི་ཡིད་ལ་བྱེད་པ་རྣམས་འཇོམས་པར་བྱེད་པས་ན་བཅོམ་ལྡན་འདས་ཏེ། དེས་ནི་ཐིག་ལེ་རྡོ་རྗེ་དང་པདྨའི་མཐའ་རུ་

གནས་པ་ཉིད་བསྟན་ཏོ། །དེ་ནས་ཐིག་ལེ་དེ་ཉིད་མཚོ་སྐྱེས་ཀྱི་ནང་དུ་ཞུགས་པས་ཅི་བྱེད་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་རིགས་ལྔའི་རྒྱལ་བ་རྣམས་སམ། ཕྱི་རོལ་གྱི་ཀུན་རྫོབ་ཀྱི་རིགས་ལྔའི་སེམས་ཅན་རྣམས་སོ། །སྐུ་དང་། གསུང་དང་། ཐུགས་ཞེས་པ་ནི་རིགས་

གསུམ་གྱི་བུད་མེད་དང་སྐྱེས་པ་དང་མ་ནིང་རྣམས་སམ་ཁམས་གསུམ་ལའོ། །སྙིང་པོ་ཞེས་པ་ནི་སྔགས་ཐམས་ཅད་དམ། རྣམ་པར་ཤེས་པ་བརྒྱད་དོ། །རྡོ་རྗེ་བཙུན་མོ་ནི་སྤྱན་ལ་སོགས་པའམ། དེ་རྣམས་རྣམ་པར་དག་པའི་ངོ་བོ་ལ་སོགས་པའི་ཁམས་སོ། །དེའི་རིམ་པས་གང་ཞིག་བྷ་ག་ཞེས་པ་ནི་

เล่ม ๒๙ · หน้า 21b

སྤྲོས་པ་སྟེ། སྤྲོས་པ་དེ་རུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་སྐྱེས་པས་བཞུགས་པ་ཞེས་པ་ནི་གནས་པ་ཡིན་ནོ། །དེས་ནི་འདི་བཤད་པ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་གཅིག་པུ་གང་ཡིན་པ་དེས་ལྷའི་འཁོར་ལོ་དང་སྔགས་ཀྱི་ཕུང་པོ་དང་རྣམ་པར་ཤེས་

པ་རྣམས་དང་། སྣ་ཚོགས་པའི་རང་བཞིན་ཁམས་གསུམ་སྐྱེད་པར་བྱེད་པ་སྟེ། གཞན་ལ་བསྐྱེད་པའི་ནུས་པ་མེད་པ་ཞེས་ཚིག་གི་དོན་ཏོ། །དེས་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་དུ་ཨེ་ཝཾ་མ་ཡཱ་ཞེས་པ་ནི་ཨེ་ནི་ཤེས་རབ་ཀྱི་པདྨ་དང་། ཝཾ་ནི་ཆུའི་ཁམས་སོ། །ཐིག་ལེ་ནི་བྱང་ཆུབ་ཀྱི་

སེམས་ཏེ་དེ་ཉིད་མི་འཇིག་པ་ཉིད་དུ་བསྟན་པའི་ཕྱིར་རོ། །བདག་གིས་ཐོས་པ་ནི་དེ་ཉིད་སྐུ་གཉིས་ཐ་མི་དད་པས་ཉམས་སུ་མྱོང་བའོ། །གང་གི་ཚེ་ཞེ་ན། དུས་གཅིག་ན་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུའོ། དེ་ཡང་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཞེས་པ་ནི་བྷ་གའི་

ནམ་མཁའ་ལ་གནས་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་རྩ་ལྔ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་འདོད་པའི་གདུགས་དང་རུས་སྦལ་མ་དང་། ཟླ་བ་མའོ། །དེ་རྣམས་ཀྱི་སྙིང་པོ་ཞེས་པ་ནི་དབུས་མ་སྟེ། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་

ཀུན་དུ་བཟང་མོའོ། །ཉིད་ཀྱི་རྡོ་རྗེ་བཙུན་མོ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། མཱ་མ་ཀཱིའོ། །དེའི་བྷ་ག་ཞེས་པ་ནི་སྒྲིབ་པ་མེད་པའི་ཕྱོགས་ཏེ་ནམ་མཁའོ། །དེ་ལ་ཞུགས་པ་ཞེས་པ་ནི་གནས་པ་ཡིན་ནོ། །འདིར་ནི་དགོངས་པ་འདི་ཡིན་ཏེ། གང་གི་ཚེ་ནམ་མཁའི་ཁམས་ལ་གནས་པའི་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཤཱཀྱའི་སེང་གེ་སྐུལ་བ་དེའི་ཚེ་དེས་མི་གཡོ་བའི་ཏིང་ངེ་འཛིན་སྤངས་ལ་འོད་ཀྱི་སྤྲུལ་པའི་ཕྱག་རྒྱ་མ་དང་། ཡང་དག་པར་སྦྱོར་ཞིང་འོད་གསལ་བ་རྟོགས་ཏེ། ཤེས་རབ་ཀྱི་པདྨར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ལ། ཀུན་རྫོབ་དང་དོན་

དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོས་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་བཞུགས་པའོ་ཞེས་སྟོན་ཏོ། །དེ་ནི་རྫོགས་པའི་རིམ་པའོ། །དེ་བཞིན་དུ་ཨེ་ཝཾ་མ་ཡཱ་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོ་བཅོམ་ལྡན་འདས་མི་བསྐྱོད་པའོ། །བདག་གིས་ཞེས་པ་ནི་སྣང་བ་མཐའ་ཡས་སོ། །ཐོས་པ་ཞེས་པ་ནི་

เล่ม ๒๙ · หน้า 22a

རྣམ་པར་སྣང་མཛད་དོ། །དེ་རྣམས་ཀྱིས་ཉེ་བར་མཚོན་པས་ས་བོན་རྣམས་དང་དེ་བཞིན་དུ་བཤད་པ་སྟེ། ཨོཾ་ཨཱཿཧཱུཾ་ངོ་། །དུས་གཅིག་ན་ཞེས་པ་ནི་ཡན་ལག་མ་ཉམས་པའི་དུས་སུ་རྡོ་རྗེ་འཆང་ཆེན་པོ་ཉམས་སུ་མྱོང་བའི་ཚུལ་གྱིས་སོ། །བཅོམ་ལྡན་འདས་ཞེས་པ་དེ་རྣམས་

ཐ་མི་དད་པའི་བློས་འཇིག་པའི་ཕྱིར་རོ། །དེ་རྣམས་ཀྱང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་བསྡུས་པས་སྐུ་དང་གསུང་དང་ཐུགས་སོ། །དེ་དག་སྙིང་པོ་ནི་སྙིང་གའི་སྣ་དང་། རྡོ་རྗེའི་ལྐོག་མ་དང་། བཙུན་མོའི་བྷ་ག་ནི་ཚངས་པའི་རྩའི་མཐའ་རུ་རྣམ་པར་དགོད་ཅིང་ཐ་མི་དད་

པའི་བློ་རླུང་ཙམ་གྱིས་བཞུགས་པ་ནི་ཁྱད་པར་གྱིས་བཟླས་སོ། །འདིར་ཡང་དགོངས་པ་འདི་ཡིན་ཏེ། སྙིང་ག་ལ་སོགས་པའི་གནས་གསུམ་དུ་ཡི་གེ་དགོད་ཅིང་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་བྱས་ལ་སྐུ་གསུང་ཐུགས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་གསུམ་གྱི་རྣམ་པར་རྟོག་པ་སྤངས་ཏེ། ཡན་ལག་

མ་ཉམས་པ་བཟླས་པའི་རྣལ་འབྱོར་པས་དེ་སྲིད་དུ་བཟླས་པ་བྱ་སྟེ། ཇི་སྲིད་དུ་འོད་གསལ་བ་མཐོང་བའོ་ཞེས་སྟོན་ཏོ། །རབ་ཏུ་བྱེད་པ་ལས་ཀྱང་། སློང་མོ་ཟ་ཞིང་མི་བཟླས་ཏེ། །མ་བསླངས་པ་ལའང་ཆགས་མི་བྱ། །འདོད་པ་ཐམས་ཅད་ལོངས་སྤྱོད་བྱེད། །ཡན་ལག་མ་ཉམས་སྔགས་

བཟླས་བྱ། །ཞེས་གསུངས་ཏེ། རྡོ་རྗེ་བཟླས་པའི་རིམ་པའོ། །དེ་བཞིན་དུ། འདི་སྐད་བདག་གིས་ཐོས་པ་ཞེས་པ་ནི་འདི་སྐད་ནི་འདི་ལྟ་བུ་སྟེ། བདག་གིས་སེམས་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཐོས་པ་ནི་རྙེད་པའོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་

ཅད་དེ་དེ་རྣམས་ཀྱི་གང་ཞིག་སྐུ་དང་གསུང་དང་ཐུགས་ནི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པ་སྟེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །སྙིང་པོ་ནི་དེ་རྣམས་ཀྱི་སྙིང་པོ་སྟེ། མཚན་མོ་དང་ཉིན་མོའི་དབྱེ་བས་རྒྱུ་བ་རང་བཞིན་བརྒྱ་དྲུག་ཅུའོ། །དེ་ཡང་གང་གི་ཚེ་

རྒྱུ་བ་ཞེ་ན། དུས་གཅིག་ན་ཞེས་པ་ནི་སྐད་ཅིག་མ་གཅིག་ལའོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ལ། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་མིག་བཙུམས་པ་ལ་སོགས་པ་ལ་རྒྱུ་བའོ། །རྡོ་རྗེ་བཙུན་མོ་ནི་དམིགས་པ་མེད་པའི་ཤེས་རབ་སྟེ། དེས་བྱས་པ་རང་བཞིན་དེ་རྣམས་ལ་གང་ཞིག་བྷ་

เล่ม ๒๙ · หน้า 22b

ག་ནི་འཇོམས་པ་སྟེ། འོད་གསལ་བ་ལ་ཞུགས་པ་ཐམས་ཅད་སྟོང་པ་ཉིད་རྫོགས་པ་དེ་ལ་བཞུགས་པ་ནི་འོད་གསལ་བ་ལ་ཞུགས་པའོ། །དེའི་དགོངས་པ་འདི་ཡིན་ཏེ། སྔགས་དང་ཕྱག་རྒྱའི་རིམ་པས་རྣམ་པར་ཤེས་པ་གསུམ་དང་། དེ་རྣམས་ཀྱི་རང་བཞིན་གྱི་ཚོགས་རྣམ་པར་དག་ཅིང་འོད་གསལ་

བའི་གོ་འཕང་དེ་ཉིད་ལ་བཅོམ་ལྡན་འདས་བཞུགས་སོ་ཞེས་སྟོན་ཏོ། །དེ་ནི་སེམས་རྣམ་པར་དག་པའི་རིམ་པའོ། །དེ་བཞིན་དུ་ཨེ་ཝཾ་མ་ཡཱ་ཞེས་པ་ནི། ཨེ་ནི་ལས་ཀྱི་ཕྱག་རྒྱའོ། །ཝཾ་ནི་ཆོས་ཀྱི་ཕྱག་རྒྱའོ། །མ་ནི་ཕྱག་རྒྱ་ཆེན་པོའོ། །ཡཱ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་བཞི་པོ་དེ་དག་གིས་ཐོས་པ་ནི་བྱིན་གྱིས་བརླབ་

པའོ། །དུས་གཅིག་ན་ཞེས་བྱ་བ་ནི་ཅིག་ཅར་དུ་བསྐྱེད་པ་ཡིན་གྱི། བསྐྱེད་པའི་རིམ་པས་བསྐྱེད་པ་ནི་མ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཏེ་རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་དང་ལྡན་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐབས་ཀྱི་རང་བཞིན་དང་། སྐུ་དང་

གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་ནི་ཁམས་གསུམ་པ་དང་རོ་གཅིག་པར་འགྱུར་བའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་དང་། བཙུན་མོ་ནི་ལྷ་མོ་རྣམས་ཀྱི། བྷ་ག་ནི་དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་དཀྱིལ་འཁོར་གང་ཡིན་པའོ། །དེ་ལ་བཞུགས་པ་ནི་འཇའ་ཚོན་ལ་སོགས་

པ་དང་འདྲ་བ་སྒྱུ་མའི་རང་བཞིན་གྱི་སྐུས་བཞུགས་པའོ། །འདི་སྐད་བཤད་པ་ཡིན་ཏེ། བཅོམ་ལྡན་འདས་འོད་གསལ་བ་ལས་ལངས་ཏེ། དཀྱིལ་འཁོར་པའི་དབུས་སུ་གནས་པ་གཟུགས་བརྙན་དང་འདྲ་བ་ཕྱག་རྒྱ་ཆེན་པོའི་སྐུ་བཞེངས་ནས་འགྲོ་བའི་དོན་མཛད་པའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་

ལ་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱའི་དབྱེ་བ་ནི་དཔལ་ཐམས་ཅད་མཁྱེན་པ་འཇིགས་བྱེད་ཀྱི་རྒྱུད་ལས་གསུངས་པ། དེ་ནས་གཞན་ཡང་བཤད་བྱ་བ། །གསང་བ་ཡི་ནི་རྣལ་འབྱོར་མཆོག །ཡེ་ཤེས་སེམས་དཔའ་རྣམ་བསྒོམས་ནས། །ཕྱག་རྒྱ་ཆེན་པོ་འཛིན་པ་ཡིན། །ཟླ་བའི་དཀྱིལ་འཁོར་

དང་འདྲ་བ། །བྱང་ཆུབ་སེམས་ནི་སྙིང་གར་གནས། །ཡི་གེ་ཕྱི་མོའི་ཡི་གེར་ལྡན། །ཅུང་ཟད་འཇིག་རྟེན་གཅིག་མཚུངས་པ། །རྣལ་འབྱོར་ཆེན་པོས་བལྟས་ནས་ནི། །དམ་ཚིག་ཏུ་གྲངས་འཛིན་པར་བྱ། །སྣ་ཚོགས་རྡོ་རྗེ་སྙིང་གར་གནས། །ལས་ཀྱི་ཕྱག་རྒྱ་རྟག་ཏུ་བཅིངས། །ངེས་པ་ཡིས་

เล่ม ๒๙ · หน้า 23a

ནི་ཤེས་བྱ་སྟེ། །དེ་བཞིན་ངེས་པར་ཡང་དག་འགྲུབ། །ལྕེ་ནི་རྡོ་རྗེར་རྣམ་བསྒོམས་ནས། །ཆོས་ཀྱི་ཕྱག་རྒྱ་ཡང་དག་བརྗོད། །ལས་ཐམས་ཅད་ནི་ཅི་འདོད་པས། །མྱུར་དུ་གྲུབ་སྟེ་ཐེ་ཚོམ་མེད། །དེ་ལྟར་ཕྱག་རྒྱ་རྣམ་པ་བཞི། །བློ་ལྡན་གང་ཞིག་མི་ཤེས་པས། །སྡོམ་

པའི་རྣལ་འབྱོར་མཆོག་དག་ནི། །དེ་ཡིས་མཉེས་པར་འགྲུབ་མི་འགྱུར། །བདེ་བའི་ཐབས་ནི་རྙེད་དཀའ་བ། །སངས་རྒྱས་རོལ་མོ་གསང་བ་ནི། །བྱང་ཆུབ་སེམས་ཞེས་གྲགས་པ་སྟེ། །ཤེས་རབ་རྒྱ་མཚོར་རྟག་ཏུ་གནས། །ཞེས་གསུངས་སོ། །དེ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །

དེ་བཞིན་དུ་ཨེ་ཝཾ་མ་ཡཱ་ཞེས་པ་ནི་ཨེ་ནི་ཤེས་རབ་སྟེ་མཚན་མའོ། །ཝཾ་ནི་ཐབས་ཏེ་ཉི་མའོ། །ཐིག་ལེ་ནི་དེ་དག་གི་ནང་དུ་གནས་པའི་མཚན་མོའི་དུས་མཚམས་སམ། ཉིན་མོའི་དུས་མཚམས་སོ། །བདག་གིས་ཐོས་པ་ནི་དེ་རྣམས་མན་ངག་གི་དབང་བསྐུར་བའི་རིམ་པས་ཉན་པའོ། །དུས་གཅིག་ན་

ཞེས་པ་ནི་དུས་གསུམ་པོ་དེ་དག་མེད་པའི་སྐད་ཅིག་མ་ལའོ། །ཐོས་པ་དེ་ཅི་ཡིན་ཞེ་ན། བཅོམ་ལྡན་འདས་ཞེས་པ་ནི་འོད་གསལ་བའོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ཐམས་ཅད་ནི་དཔེ་ཉིད་དུ་གནས་པ་ཕྱི་རོལ་གྱི་སྨིག་རྒྱུ་ལ་གནས་པའི་སྣང་བ་ལྔའོ། །དེ་བཞིན་

གཤེགས་པ་ནི་དཔེ་ལས་བྱུང་བའི་ངོ་བོ་ནང་གི་སྟོང་པ་ཉིད་ལ་སོགས་པའོ། །དེའི་རང་བཞིན་ཅན་ཡིན་ནོ། །དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ནི་བདག་ཉིད་ཀྱི་གང་ཡིན་པ་དེ་རྣམས་དང་སྙིང་པོ་ནི་ཁམས་གསུམ་པ་སྟེ། རྡོ་རྗེ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང་། བཙུན་མོ་ནི་རྗེས་སུ་གཞིག་པའི་ཏིང་ངེ་

འཛིན་གྱིས་གང་ཞིག་བྷ་ག་ནི་མི་སྣང་བར་བྱེད་པ། དེ་ལ་བཞུགས་པ་ནི་ཏིང་ངེ་འཛིན་དེ་མངོན་དུ་བྱས་པ་ལ་བཞུགས་པའོ། །འདིར་ནི་མདོར་བསྡུས་པའི་དོན་འདི་ཡིན་ཏེ། ཕྱི་རོལ་གྱི་མངོན་པར་བྱང་ཆུབ་པའི་རིམ་པས་ནང་གི་བདག་ཉིད་མངོན་པར་བྱང་ཆུབ་ཐོབ་ལ་དེ་བསྟན་པར་བྱ་བའི་ཕྱིར་

རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གཉིས་པོས་བཅོམ་ལྡན་འདས་འོད་གསལ་བར་ཞུགས་ཞེས་ཚིག་གི་དོན་ཏོ། །དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་བཞིན་དུ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་ཟུང་དུ་འཇུག་པའི་རྡོ་རྗེ་ཕྲེང་བའི་རྒྱུད་ལ་འཇུག་པར་བྱ་

เล่ม ๒๙ · หน้า 23b

སྟེ། འདི་སྐད་བདག་གིས་ཐོས་དེ་ཉིད། །དུས་ནི་གཅིག་ཏུ་གསུངས་པ་ཉིད། །བཅོམ་ལྡན་གསང་བའི་རྡོར་དབང་ཕྱུག །རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །བསམ་གྱིས་མི་ཁྱབ་ཡོན་ཏན་ཚོགས། ཡོད་མེད་གཉིས་ཀ་ལས་འདས་པ། །གནས་མིན་

གནས་ན་བརྡར་བྱས་པ། །ནམ་མཁའ་གཅིག་གི་ངོ་བོ་ཉིད། །ཀུན་མཁྱེན་ཡེ་ཤེས་རང་བཞིན་ལྡན། །རྣམ་དག་གྲགས་པའི་འགྲོ་སྙིང་གར། །ཐུབ་པ་ཆེན་པོ་བཞུགས་པའོ། །ཞེས་གསུངས་སོ། །དེ་ནི་ཟུང་འཇུག་གི་རིམ་པའོ། །གཞན་ཡང་ཨེ་ཝཾ་མ་ཡཱ་ཞེས་པ་ནི་ལྷའི་དབང་པོས་ཞུས་པ་

ལས། ཨེ་ནི་མ་ཉིད་ཡིན་པ་སྟེ། །ཝཾ་ཡིག་ཡང་ནི་ཕ་རུ་དྲན། །ཐིག་ལེ་དེ་རུ་རྣལ་འབྱོར་ཡིན། །རྣལ་འབྱོར་དེ་ནི་རྨད་བྱུང་མཆོག །ཅེས་གསུངས་སོ། །ད་བས་ན་བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་པར་སྦྱོར་བ་ནི་ཨེ་ཝཾ་གྱི་དོན་ཡིན་ནོ། །བདག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ཐོས་པ་ནི་དེས་འཁྱུད་

པ་ལ་སོགས་པའི་བྱ་བས་ཉམས་སུ་མྱོང་བའོ། །དུས་གཅིག་ན་ཞེས་པ་ནི་འཁྱུད་པ་ལ་སོགས་པའི་བྱ་བ་དང་ལྡན་པའི་རྣམ་པ་སྣ་ཚོགས་མའི་སྐད་ཅིག་མ་ལའོ། །དེ་དག་ནི་ཕ་དང་མ་དག་ཡིན་ནོ། །བཅོམ་ལྡན་འདས་ནི་སྒྲུབ་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔའོ། །སྐུ་དང་

གསུང་དང་ཐུགས་རྣམས་ནི་རྣམ་པར་ཤེས་པ་གསུམ་མོ། །སྙིང་པོ་ནི་དེ་རྣམས་ཀྱི་སྙིང་པོར་གྱུར་པ་གང་ཞིག་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་རྡོ་རྗེ་བཙུན་མོ་ནི་བསྒྲུབ་བྱ་ཤེས་རབ་མ། དེ་དག་གི་བྷ་ག་ནི་ཡང་དག་པར་སྦྱོར་བ་སྟེ། བཞུགས་པ་ནི་དེ་ཉིད་དུ་གནས་པའོ། །དེ་བས་ན་བསྒྲུབ་པར་བྱ་བ་

དང་སྒྲུབ་པར་བྱེད་པའི་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་བསྙེན་པར་བསྟན་ཏོ། །དེ་ནི་རང་བཞིན་ནོ། །དེ་བཞིན་དུ་ཨེ་ཝཾ་མ་ཡཱ་ཞེས་པ་ནི་ཨེ་ནི་པདྨ་ཞེས་བཤད་པ། ཝཾ་ནི་རྡོ་རྗེ་ཉིད་དུ་བཤད། །ཐིག་ལེ་དེར་ནི་ས་བོན་ཡིན། །དེ་ལས་སྐྱེས་པ་ཁམས་གསུམ་པའོ་ཞེས་གསུངས་སོ། །དེའི་དོན་འདི་

ཡིན་ཏེ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་ཨེ་ཝཾ་ཡིན་ཏེ། བདག་གིས་ཐོས་པ་ནི་དེ་ཉིད་བདག་གིས་བསྡུས་པའོ། །ཇི་ལྟར་ཞེ་ན། གཅིག་ནི་ཤེས་རབ་ལའོ། །དུས་ནི་ཐབས་ལའོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཕུང་པོ་ལྔ་སྟེ། སྐུ་དང་གསུང་

เล่ม ๒๙ · หน้า 24a

དང་ཐུགས་ནི་སྐུ་གསུམ་སྟེ། སྙིང་པོ་ནི་དེ་རྣམས་ཆོས་ཀྱི་དབྱིངས་དང་རོ་གཅིག་པར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་རྗེ་བཙུན་མོ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཅན་ཡེ་ཤེས་ཀྱི་བྷ་ག་ནི་དེའི་རྗེས་ལས་ཐོབ་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་གང་ཐོབ་པ་

དེའི་ཕྱིར་བཞུགས་པ་ནི་གནས་པའོ་ཞེས་བསྟན་ཏོ། །བྷ་ག་ལ་ཞེས་བྱ་བ་འདི་རྒྱུ་མཚན་གྱི་བདུན་པའོ། །དེ་ལྟར་ན་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་ཉེ་བར་བསྒྲུབ་པ་བསྟན་ཏོ། །དེའི་རྒྱུའོ། །དེ་བཞིན་དུ་ཨེ་ཝཾ་མ་ཡཱ་ཞེས་པ་ནི་ཨེ་ནི་ཤེས་རབ་ཉིད་ཡིན་ཏེ། ཝཾ་ནི་དགའ་བའི་བདག་པོ་

ཉིད། །ཐིག་ལེ་མི་འཇིག་དེ་ཉིད་ནི། །ཡི་གེ་རྣམས་ནི་དེ་ལས་སྐྱེས། །དེ་བས་ན་དོན་འདི་ཡིན་ཏེ། ཡི་གེ་ཨེ་དང་ཝཾ་དག་ནི་ཤེས་རབ་དང་ཐབས་ཏེ། དེ་དག་གིས་ཡང་དག་པར་སྦྱོར་ཞིང་མ་ཡཱ་ཞེས་ཡི་གེ་གཉིས་རྡོ་རྗེ་དང་པདྨ་སྟེ། ཐོས་པ་ནི་དེ་དག་སྐྱོད་པར་བྱེད་པའོ། །ཇི་ལྟར་ཞེ་ན། གཅིག་ནི་

པདྨ་དང་། དུས་ནི་རྡོ་རྗེ་ལའོ། །དེ་བཅོམ་ལྡན་འདས་ནི་གང་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་ཡི་གེ་གསུམ་སྟེ། དེ་རྣམས་རྡོ་རྗེ་ནི་མཚན་མ་དང་རྡོ་རྗེ་བཙུན་མོའི་བྷ་ག་ནི་ཤེས་རབ་ཀྱི་པདྨ་སྟེ། དེར་ཞུགས་པ་ནི། རྣམ་པར་དགོད་ཅིང་གནས་པའོ་ཞེས་སྟོན་

ཏོ། །དེའི་དགོངས་པ་འདི་ཡིན་ཏེ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩ་ལྔ་པ་ཡི་གེ་ཨོཾ་གྱིས་ནོར་བུའི་ཆར་བྱིན་གྱིས་བརླབ་པ་རྫོགས་ཏེ། ཡི་གེ་ཧྲི་ཡོངས་སུ་གྱུར་པ་ལས་སྐྱེས་པ་པདྨའི་ལྟེ་བར་ཨོཾ་གྱིས་བྱིན་གྱིས་བརླབ་པ་རྣམ་པར་བསྒོམས་ཏེ། དེ་ཉིད་དུ་ཡང་ཆར་རེངས་པའི་སྔགས་རྣམ་པར་དགོད་ལ་

ཡང་དག་པར་བསྐུལ་བར་བྱ་སྟེ་སྒྲུབ་པ་ཡིན་ནོ། །དེས་ནི་ལས་སོ། །དེ་བཞིན་དུ། ཨེ་ཝཾ་མ་ཡཱ་ཞེས་པ་ནི་ཨེ་ནི་སྣོད་ཀྱི་འཇིག་རྟེན་ནོ། །ཝཾ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །མ་ནི་འབྱུང་བ་ཆེན་པོ་རྣམས་སོ། །ཡཱ་ནི་སྐྱེ་མཆེད་རྣམས་སོ། །ཐོས་པ་ནི་ཕུང་པོ་རྣམས་སོ། །བཅོམ་ལྡན་འདས་ནི་དུས་

གསུམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་ལྔའོ། །སྐུ་དང་གསུང་དང་ཐུགས་ནི་ཁམས་གསུམ་པའམ། ས་འོག་དང་ས་བླ་དང་། མཐོ་རིས་སམ། སྐུ་གསུམ་མམ། འདོད་པ་ལ་སོགས་པ་གསུམ་པོ་ཡིན་ནོ། །སྙིང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རྡོ་རྗེ་བཙུན་མོ་ནི་

เล่ม ๒๙ · หน้า 24b

སྟོང་པ་ཉིད་དོ། །བྷ་ག་ནི་དེ་རྣམས་ཀྱི་རང་བཞིན་ཏེ། ལྷན་ཅིག་སྐྱེས་པའི་བདེ་བའོ། །དུས་གཅིག་ནི་མཚོན་པར་དཀའ་བ་སྐད་ཅིག་མ་དེ་ཉིད་དེ། དེ་ཉིད་དུ་ཞུགས་པ་ནི་གནས་པའོ་ཞེས་སྟོན་ཏོ། །དེས་འདི་བཤད་པ་ཡིན་ཏེ། ཕྱི་དང་ནང་གི་རྣམ་པར་རྟོག་པ་མ་ལུས་པ་དང་བྲལ་བའི་བདེ་བ་ཆེན་པོར་

རབ་ཏུ་བཞུགས་པ་སྟེ། སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ནི་འབྲས་བུའོ། །དེ་བཞིན་དུ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་མ་ཡིན་པའི་དོན་དུ་ནི་འདི་སྐད་བདག་གིས་ཞེས་བྱ་བ་ནི་སོ་སོར་སྡུད་པའོ། །ཐོས་པ་ནི་བསམ་གཏན་ནོ། །དུས་གཅིག་ན་ཞེས་པ་ནི་སྲོག་དང་རྩོལ་

བའོ། །བཅོམ་ལྡན་འདས་ནི་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་འདི་རྗེས་སུ་དྲན་པའོ། །རྡོ་རྗེ་བཙུན་མོ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཏིང་ངེ་འཛིན་ཏོ། །བྷ་ག་ནི་དེ་རྣམས་རིམ་པས་བསྒོམས་ཏེ། དེ་ལ་བཞུགས་པ་སྟེ། ཡན་ལག་དྲུག་གོ། །དེ་ནི་

རྣལ་འབྱོར་རོ། །དེ་བཞིན་དུ། འདི་སྐད་བདག་གིས་ཞེས་པ་ནི་འདི་སྐད་ནི་འདིའོ། །བདག་གིས་ཐོས་པ་ནི་ཟོས་པ་སྟེ་མྱང་བའོ། །དུས་གཅིག་ན་ཞེས་པ་ནི་དམ་ཚིག་གི་དུས་ན་སྟེ། བསྟན་བཅོས་ལས་གསུངས་པའི་ཞག་རྣམས་ལའོ། །ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ནི་བཤད་པའོ། །

དེ་བཞིན་གཤེགས་པ་ཐམས་ཅད་ནི་ཤའོ། །སྐུ་དང་གསུང་དང་ཐུགས་ནི་ཁྲག་གོ། །སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེ་དང་བཙུན་མོའི་བྷ་ག་ལས་འབྱུང་བ་གཅི་བའོ། །དེ་ཉིད་དུ་བཞུགས་པ་བདུད་རྩི་མྱང་བའི་མཚན་ཉིད་ཅན་གྱི་རྣལ་འབྱོར་དེས་བཞུགས་པ་སྟེ་སྒྲུབ་པ་བསྟན་ཏོ། །དེ་ལྟ་བུའི་དང་

པོའི་གླེང་གཞིའི་ཚིག་གིས་རྒྱུད་མ་ལུས་པའི་དོན་རབ་ཏུ་གསལ་བར་བྱེད་པ་སྟེ། གང་ཞིག་གཞན་ཡང་བཤད་པ་དེ་ནི་སྤྲོས་པ་སྟེ། བྱིས་པའི་བློ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །ཇི་སྐད་དུ། གླེང་གཞི་དབང་དུ་བྱས་ནས་ནི། །གང་ཞིག་དོན་ནི་རབ་བསྟན་པ། །རྒྱུད་ཀྱི་དོན་

ནི་དེ་ཉིད་བཤད། །ལྷག་མ་སྐབས་ཀྱིས་གྱུར་པ་ཡིན། །ཞེས་འབྱུང་ངོ་། །ད་ནི་བཅོམ་ལྡན་འདས་གང་ཞིག་དང་ལྷན་ཅིག་བཞུགས་པ་དེ་རྣམས་ཀྱིས་བཤད་པར་བྱ་སྟེ། བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་སྐུ་ལ་ཚད་མེད་པའི་ཕྱིར་གྲངས་མེད་པས་བརྗོད་དུ་མི་ནུས་

เล่ม ๒๙ · หน้า 25a

པ་རྣམས་དང་། སྒྱུ་འཕྲུལ་གྱི་མཐུ་མཐའ་ཡས་པའི་ཕྱིར་ཡང་བརྗོད་ཀྱིས་མི་ལང་པའོ། །སངས་རྒྱས་ཀྱི་ཞིང་གི་རྡུ་ཕྲ་རབ་སྙེད་ཀྱིས་ཞེས་པ་ནི་དཔེ་ཡིན་ནོ། །ཡང་ན་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཀྱིས་ཡོངས་སུ་རྟོག་པས་རང་བཞིན་མི་དམིགས་པ་དེ་བཞིན་དུ་རང་བཞིན་མེད་པ་སྟེ།

དང་པོར་མ་སྐྱེས་པའི་དེ་ཁོ་ན་ཉིད་ལ་རྣམ་པར་གནས་པ་རྣམས་ལྷན་ཅིག་ཏུ་ཞེས་སྟོན་ཏེ། རྫོགས་པའི་རིམ་པའོ། །གཙོ་བོར་གྱུར་པའི་ཕྱིར་དཀྱིལ་འཁོར་པ་རྣམས་བཤད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་གཙོ་བོར་གྱུར་པའི་ཕྱིར་

དམ་ཚིག་རྡོ་རྗེ་ནི་དོན་ཡོད་གྲུབ་པ་སྟེ། འདིར་ནི་དེའི་རིགས་ཅན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །སྐུ་གསུང་ཐུགས་ཀྱི་རིགས་ལས་བྱུང་བའི་ཕྱིར་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ནི་སའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་ཕྱག་ན་རྡོ་རྗེ་རྣམས་སོ། །ཏིང་ངེ་འཛིན་སེམས་རྩེ་གཅིག་པ་དེ་ཉིད་དེ། དེ་

ཉིད་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་གང་ལ་ཡོད་པ་དེ་ནི་ཏིང་ངེ་འཛིན་རྡོ་རྗེ་སྟེ་ཀུན་དུ་བཟང་པོའོ། །ཤེས་རབ་ཀྱི་མཚོན་ཆས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་ལས་རྒྱལ་བར་བྱེད་པས་ན་རྒྱལ་བའི་རྡོ་རྗེ་དང་འཇམ་དཔལ་ལོ། །དེ་བཞིན་དུ་ས་ལ་སོགས་པ་བཞི་པོ་རྣམ་པར་དག་པར་བྱེད་པའི་

ཕྱིར་ས་རྡོ་རྗེ་དང་ཆུ་རྡོ་རྗེ་དང་མེ་རྡོ་རྗེ་དང་རླུང་རྡོ་རྗེ་རྣམས་ནི་ལྷ་མོ་སྤྱན་དང་། མཱ་མ་ཀཱི་དང་གོས་དཀར་མོ་དང་དམ་ཚིག་སྒྲོལ་མ་སྟེ། རིགས་ཀྱི་ལྷ་མོ་རྣམས་སོ། །ནམ་མཁའ་ལྡིང་ནི་མི་ཟད་པའི་ཕྱིར། རྡོ་རྗེ་ནི་མཛོད་གང་ལ་ཡོད་པ་དེ་ནི་ནམ་མཁའ་རྡོ་རྗེ་སྟེ་ནམ་མཁའི་སྙིང་པོའོ། །གཟུགས་ལ་སོགས་པའི་

ཡུལ་ལྔ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་རྡོ་རྗེ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ལ་རྡོ་རྗེ་ནི་ཆོས་ཀྱི་རྒྱལ་སྲིད་མི་ཕྱེད་པར་མཛད་པས་ན། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་སྟེ་བྱམས་པའོ། །དེ་རྣམས་ཇི་ལྟ་བུ་ཡིན་ཞེ་ན། བྱང་ཆུབ་ནི་རྡོ་རྗེ་

འཆང་ཆེན་པོའི་གོ་འཕང་སྟེ། དེ་ལ་སེམས་དཔའི་རང་བཞིན་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའོ། །ཆེན་པོ་ནི་ཁམས་གསུམ་པ་སྟེ། དེ་ལ་བྱང་ཆུབ་སྦྱིན་པའི་ཕྱིར་སེམས་དཔའ་ཆེན་པོའོ། །འདིར་ཡང་ལྷ་མོ་རྣམས་ལ་ཡོད་པ་སྟེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །

เล่ม ๒๙ · หน้า 25b

ཡང་ན་བྱང་ཆུབ་སེམས་དཔའི་སྒྲ་ནི་འབྲུ་མང་པོ་པའི་བསྡུ་བ་ལ་མོ་རྟགས་ཀྱི་ངོ་བོར་ཤེས་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་བརྒྱད་དང་། རིགས་ཀྱི་ལྷ་མོ་བཞི་དང་། མཆོད་པའི་ལྷ་མོ་ལྔ་སྟེ་དེ་རྣམས་དང་ལྷན་ཅིག་ཏུ་བཞུགས་པ་སྟེ། གཞན་མ་རྣམས་ནི་མ་ཡིན་ནོ་ཞེས་བཤད་པར་བྱ་

བའི་ཕྱིར། དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའི་ཁམས་བཞིན་དུ་གྲངས་ལས་འདས་པའོ། །དེ་བཞིན་ཉིད་ནི་དེ་བཞིན་ཉིད་དེ་ཆོས་ཀྱི་དབྱིངས་སོ། །དེ་ལས་གཤེགས་པ་ནི་ཆོས་ཀྱི་སྐུས་སོ། །ཡང་ན་དེ་བཞིན་ཉིད་དེ་ཉིད་ལས་ལོངས་སྤྱོད་རྫོགས་པ་ནི་མ་ཡིན་ནོ་ཞེས་བཤད་པར་

བྱ་བའི་ཕྱིར་དེ་བཞིན་གཤེགས་པ་སྟེ། ཕུང་པོ་ལྔ་རྣམ་པར་དག་པའི་གཙོ་བོར་གྱུར་པ་ལྔ་ཁོ་ན་བཤད་པར་བྱ་སྟེ། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པས་སྒྲིབ་པ་གཉིས་ཀྱིས་བསྐྱོད་པར་མི་འགྱུར་བས་ན་མི་བསྐྱོད་པའོ། །དེ་ཉིད་ཀྱི་ཕྱིར་ནི་རྡོ་རྗེའོ། །དེ་བཞིན་དུ་མེ་

ལོང་ལྟ་བུའི་ཡེ་ཤེས་ཀྱིས་མེ་ལོང་བཞིན་དུ་ཁྱད་པར་དུ་སྣང་བས་ན་རྣམ་པར་སྣང་མཛད་དོ། །ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ནི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་ན་རིན་ཆེན་ཏེ། དེ་ཉིད་དཔལ་གང་ལ་ཡོད་པ་དེ་ནི་རིན་ཆེན་དཔལ་ལོ། །ཡང་ན་རིན་ཆེན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་

ཏེ། དེ་ཉིད་དཔལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སོ་སོར་རྟོག་པའི་ཡེ་ཤེས་ཉིད་རྒྱ་མཚོ་བཞིན་དུ་འོད་དཔག་ཏུ་མེད་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་འོད་དཔག་ཏུ་མེད་པའོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་དེ་ཉིད་འགྲོ་བ་མ་ལུས་པའི་དོན་བྱེད་པ་གདོན་མི་ཟ་བ་ནི་འབྲས་བུ་དང་བཅས་པ་དེ་ཉིད་

ཀྱི་ཕྱིར་རྒྱུན་མ་ཆད་པའི་རྡོ་རྗེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་གདོན་མི་ཟ་བའོ། །དེ་དག་ལ་སོགས་པ་ཞེས་པ་ནི་དེ་རྣམས་གཙོ་བོར་གྱུར་པའོ། །ནམ་མཁའི་དབྱིངས་ཐམས་ཅད་ཀྱང་མཉམ་པ་ཞེས་པ་ནི་མཐའ་ཡས་པའོ། །དེ་རྣམས་ཀྱི་མཐའ་ཡས་པ་དེ་ཉིད་དཔེའི་སྒོ་ནས་བསྒོམ་པར་བྱ་བའི་ཕྱིར།

དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་བཞིན་དུ། ཏིལ་གྱི་གང་བུ་གཅིག་ལ་ཏིལ་རྣམས་ཕན་ཚུན་འབྲེལ་ནས་གནས་པ་དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་ཉན་པའི་ཕྱིར་ཐམས་ཅད་ནམ་མཁའ་ཡང་དག་པར་འདུས་པར་གྱུར་པའོ་ཞེས་སྟན་ཏོ། །ཡང་ན་ཏིལ་འབྲུ་གཅིག་ལ་གཟུགས་

เล่ม ๒๙ · หน้า 26a

དང་རོ་དང་མདོག་མཉམ་པའི་ཏིལ་རྣམས་གནས་པ་དེ་བཞིན་དུ་ནམ་མཁའི་དབྱིངས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་རོ་གཅིག་པར་གྱུར་པའི་གནས་པ་སྟེ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དང་ཐ་མི་དད་པས་མཛད་

པ་གཅིག་ཡིན་པའི་ཕྱིར་རོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའི་དོན་ཡིན་ནོ། །གླེང་བཞི་བསྟན་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་འདོད་ཆགས་ཀྱི་རིགས་ཅན་སེམས་ཅན་རྣམས་ལ་བརྟེན་ཏེ། དེ་རྣམས་གདུལ་བར་བྱ་བའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་

བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་ཡོན་ཏན་ལྔ་བྱང་ཆུབ་ཐོབ་པའི་ཕྱིར་སྟེན་པར་བྱེད་པས་ན་བཅོམ་ལྡན་འདས་སོ། །ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་རྣམས་ཀྱི་ནང་ན་ཡང་དག་པའི་ཡེ་ཤེས་ཐོབ་པས་ཁྱད་པར་

དུ་སྣང་བས་ན་རྣམ་པར་སྣང་མཛད་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་བརྒྱ་དྲུག་ཅུ་སྟེ། འདོད་ཆགས་ཆེན་པོའི་ཚུལ་ནི་དེ་རྣམས་སྔར་བཤད་པའི་སྔགས་དང་ཕྱག་རྒྱའི་རིམ་པས་འོད་གསལ་བ་ཉིད་

དུ་བྱ་བའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཐུགས་རྡོ་རྗེ་རྩེ་གཅིག་པ་ཉིད་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པའི་དགོངས་པ་དེ་དག་ཐམས་ཅད་ཅེས་པ་ནི་དཀྱིལ་འཁོར་ལ་ལྷའི་འཁོར་ལོ་སྟེ། དེ་དང་དེའི་རང་བཞིན་སྐུ་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་ཀྱི་སྐུ་ལ་ཞེས་པ་ནི་འོད་

གསལ་བར་ཞུགས་པར་མཛད་དེ་སེམས་རྣམ་པར་དག་པའོ། །སྔར་བཤད་པའི་འདོད་པའི་དབང་ཕྱུག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་ཞིག་དཀྱིལ་འཁོར་པ་རྣམས་སྔར་ཉེ་བར་བསྡུས་པ་དེ་རྣམས་ཁོ་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དབང་པོ་ནི་རྡོ་རྗེ་ཆེན་པོ་སྟེ། དེ་ཉིད་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཤེས་པ་ནི་ལྷན་ཅིག་སྐྱེས་པ་འགྲུབ་པར་བྱ་བའི་ཕྱིར་རོ། །ཉིད་ཀྱི་སྐུ་ནི་རང་གི་སྐུ་སྟེ། དེ་རྣམས་ཀྱིས་བུད་མེད་ཀྱི་གཟུགས་སུ་ཤེས་པ་ནི་གདུལ་བྱའི་དབང་གིས་

เล่ม ๒๙ · หน้า 26b

ལྷ་མོའི་གཟུགས་སུ་སྤྲུལ་ཏེ། དོན་དམ་པས་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ལ་བུད་མེད་དང་སྐྱེས་པའི་དབྱེ་བའི་དགོངས་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རོལ་མོ་མཛད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་དེ་ཉིད་ཀྱི་སྐུའི་དཀྱིལ་འཁོར་ལས་མངོན་པར་བྱུང་

བ་ནི་དེ་བཞིན་གཤེགས་པ་དེ་རྣམས་བུད་མེད་ཀྱི་གཟུགས་སུ་ཕྱི་རོལ་དུ་བྱུང་ཞེས་ཚིག་གི་ལྷག་མའོ། །གང་ཞིག་བྱུང་བ་དེ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ལ་ལ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་སྤྱན་ནི་སའི་ཁམས་ཀྱི་ངོ་བོ་སྟེ། དེ་རྣམས་གཟིགས་

ན་དེའི་རྣམ་པར་དག་པའི་ཕྱིར་སངས་རྒྱས་སྤྱན་ནོ། །མཱ་མ་ཀཱི་ཞེས་པ་ནི་མཱ་ཞེས་པ་ནི་ཟླ་བ་སྟེ། དེ་ཉིད་ཆུའི་ཁམས་སོ། །དེ་རྟོགས་པ་དང་འཇོམས་པའི་ཕྱིར་མཱ་མ་ཀཱི་སྟེ་ཆུའི་ཁམས་རྣམ་པར་དག་པ་ཞེས་སྟོན་ཏོ། །གོས་དཀར་མོ་ཞེས་པ་ནི་མེའི་ཁམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཉོན་མོངས་

པ་དང་། རྣམ་པར་རྟོག་པ་རྣམས་བསྲེག་ཅིང་དོན་དམ་པའི་བདག་ཉིད་ཀྱི་གོས་དཀར་པོ་དང་ལྡན་པས་ན་གོས་དཀར་མོའོ། །རླུང་གི་ཁམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་སྐྱེ་བ་དང་ལས་དང་ཉོན་མོངས་པའི་བདག་ཉིད་རྣམ་པ་བཅུ་གཉིས་ཀྱི་སྲིད་པའི་འཁོར་ལོ་ལས་མྱུར་དུ་སྒྲོལ་བར་བྱེད་པས་ན་སྒྲོལ་མའོ། །

དེ་བཞིན་དུ་ལ་ལ་གཟུགས་ཀྱི་ངོ་བོ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་ས་ལ་སོགས་པའི་རྣམ་པར་དག་པའི་ངོ་བོ་ལྷ་མོ་རྣམས་གཅིག་པུ་བྱུང་བ་མ་ཡིན་གྱི། འོན་ཀྱང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། ཡུལ་རྣམས་རྣམ་པར་དག་པའི་བདག་ཉིད་གཟུགས་དང་སྒྲ་དང་དྲི་དང་རོ་དང་

རེག་བྱའི་རྡོ་རྗེ་མ་རྣམས་འབྱུང་ཞིང་གནས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །དེ་ལྟ་བུའི་ལྷ་མོའི་འཁོར་སྤྲོས་ཏེ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ཞེས་

བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་ཞུགས་པས་ཐུགས་ཀྱི་རྡོ་རྗེ་སྟེ། འདིར་ནི་དེ་ཉིད་གཙོ་བོར་གྱུར་པའི་ཕྱིར་རོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་གྱིས་བྱིན་གྱིས་བརླབས་པ་གང་ཞིག་བཙུན་མོ་རང་སྣང་གི་ཤེས་

เล่ม ๒๙ · หน้า 27a

རབ་སྟེ། དེ་ཉིད་ཀྱི་བྷ་ག་ནི་ཆོས་འབྱུང་གི་ཕྱག་རྒྱའི་གནས་སོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནི་དམ་ཚིག་ནི་ལྷ་མོ་སྤྱན་ལ་སོགས་པ་བཞིས་ས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་དང་། གཟུགས་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་གཟུགས་

རྡོ་རྗེ་མ་ལ་སོགས་པའི་ལྔ་པོའི་གཞིར་གྱུར་པའི་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གྲུ་བཞིར་ཞེས་པ་ནི་གྲུ་བཞིའི་ཡོན་ཏན་དང་ལྡན་པ་དང་། དེ་བཞིན་དུ་རྡུལ་མེད་པ་ནི་རིན་པོ་ཆེ་ལ་སོགས་པའི་ངོ་བོར་བྱིན་གྱིས་བརླབས་པ་ནི་ཟླ་བ་དང་རྡོ་རྗེ་ལ་

སོགས་པའི་ས་བོན་གྱི་རིམ་པའོ་ཞེས་ཚིག་གི་ལྷག་མའོ། །དམ་ཚིག་གི་འཁོར་ལོ་དེ་ཡང་ཇི་ལྟ་བུ་ཞེ་ན། གསལ་བ་ཞེས་བྱ་བ་ལ་སོགས་པ་ནི་གསལ་བ་ནི་རིན་པོ་ཆེའི་རང་བཞིན་ཡིན་པའི་ཕྱིར་གསལ་བར་གྱུར་པའོ། །དེའི་ངོ་བོ་ཉིད་ཅེས་པ་ནི་ནམ་ཡང་དྲི་མ་ཉིད་དུ་མི་འགྱུར་བའོ། །སྣ་ཚོགས་

གཟུགས་ཞེས་བྱ་བ་ནི་ཁ་དོག་སྣ་ལྔའོ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ་པ་སྟེ་འགྲོ་བའི་དོན་དུ་སྐྱོབ་པ་དུ་མ་དུ་མ་སྤྲོ་བའོ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །ཅེས་པ་ནི་འོད་ཀྱི་ཚོགས་ཀྱིས་ཁྱབ་པ་དང་ཕྱི་རོལ་དུ་ཡང་དེ་དག་སྤྲོ་བར་བྱེད་པའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ཞེས་

པ་ནི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དང་ལྡན་པའོ། །དེ་བཞིན་གཤེགས་པ་ནི་འོག་ནས་འཆད་པར་འགྱུར་བའི་དཀྱིལ་འཁོར་པ་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །གནས་ནི་གཞིའོ། །བྱིན་གྱིས་བརླབ་པར་མཛད་དོ་ཞེས་བྱ་བ་ནི་སྔ་མ་དང་སྦྱོར་རོ། །སྤྲུལ་ནས་ཇི་ལྟར་མཛད་ཅེ་

ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་ཞུགས་པས་མི་བསྐྱོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དབུས་ནི་

དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་དེར་བཞག་པར་གྱུར་ཏོ་ཞེས་བྱ་བ་ནི་རང་གི་བདག་ཉིད་དཀྱིལ་འཁོར་གཙོ་བོ་ཉིད་དུ་བཞག་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བཤད་པ་ཡིན་ཏེ། རིམ་པ་གཅིག་གི་ཕྱོགས་ལ་སྤྱན་ལ་སོགས་པ་དང་། རིམ་པ་གཉིས་པའི་གྲྭ་རུ་གཟུགས་རྡོ་རྗེ་མ་ལ་

เล่ม ๒๙ · หน้า 27b

སོགས་པ་དང་། རེག་བྱ་རྡོ་རྗེ་མ་ལ་སོགས་པ་རང་སྣང་བའི་ཤེས་རབ་དང་ཐ་མི་དད་པས་འཁྱུད་པར་གྱུར་ཏོ་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐམས་ཅད་ནི་ལྐོག་མ་དང་། དེ་བཞིན་གཤེགས་པ་ནི་སྙིང་ག་དང་། རྡོ་རྗེ་ནི་ལྟེ་

བ་དང་། རྡོ་རྗེ་བཙུན་མོ་ནི་གསང་བ་ལའོ། །གྲུ་བཞི་པ་ནི་སའི་དཀྱིལ་འཁོར་རོ། །རྡུལ་མེད་པ་ནི་ཆུའི་དཀྱིལ་འཁོར་རོ། །དམ་ཚིག་ཆེན་པོ་ནི་རླུང་གི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ནི་མེའི་དཀྱིལ་འཁོར་རོ། །བྱིན་གྱིས་བརླབས་པ་ནི་བསམས་ནས་སོ། །དཀྱིལ་འཁོར་དེ་རྣམས་ལ་

གསལ་བ་ནི་འོད་ཟེར་གྱི་འཁོར་ལོ་སྟེ། དེའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །སྣ་ཚོགས་གཟུགས་ནི་དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། ཀུན་དུ་ནི་གཡས་པ་དང་གཡོན་པ་དང་གཉི་ག་ལས་འབྱུང་བའོ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ་པ་ནི་པདྨ་དང་རིན་པོ་ཆེ་

དང་ལས་ཀྱི་རྡོ་རྗེ་མགོན་པོའི་བདག་པོས་ཁྱབ་པའོ། །འོད་ཟེར་འཕྲོ་བས་འཁྲུག་པ་ནི་སྣའི་རྩེ་མོར་འོད་ཟེར་གྱི་ཚུལ་གྱིས་འཛིན་པའོ། །གསལ་བ་ལ་སོགས་པའི་དཀྱིལ་འཁོར་ལྡན་པ་ནི་ཟླ་བ་དང་ཉི་མའི་རང་བཞིན་གྱིས་རླུང་གཉིས་ཀྱིས་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་རྒྱུ་བའོ། །

དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཞི་བ་ལ་སོགས་པའི་ལས་བཞི་པོའི་གནས་ཏེ་གཞིར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྒོམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ནི་ཡི་གེ་གསུམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྐོག་མ་ལ་སོགས་པའི་མེ་

ལ་སོགས་པའི་དཀྱིལ་འཁོར་གང་ཡིན་པ་དེ་རྣམས་ཀྱི་དབུས་སུ་བཞག་པར་གྱུར་ཏོ་ཞེས་བྱ་བ་ནི་དགོད་པར་གྱུར་པ་ཞེས་བྱ་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ལྟར་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་གནས་པར་གྱུར་ན་དེ་བཞིན་གཤེགས་པ་ལྔ་གང་དུ་

ཞུགས་ཤེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ནི་བྱང་ཆུབ་སེམས་ཀྱི་རྡོ་རྗེ་སྟེ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་བཞུགས་པ་ནི་གནས་པར་གྱུར་ཏེ། འདོད་ཆགས་ཀྱི་རིགས་ཅན་གདུལ་བར་བྱ་བའི་ཕྱིར་ལྷ་མོའི་དབུས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด