དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๙ · หน้า 28a
སུ་བཞུགས་པས་ད་ལྟར་དེ་བཞིན་གཤེགས་པ་རྣམས་དགོས་པ་མེད་པའི་ཕྱིར་ཏེ། ལས་ཀྱི་རྒྱལ་པོ་མཆོག་གོ། །ཡང་ན་དེ་ནས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་སྟེ། བདུད་རྩི་ལྔ་དེ་དག་སྦྱོང་བ་ལ་སོགས་པའི་རིམ་གྱིས་བསྒྲུབས་ལ་
བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་དུ་བརྟན་པར་བྱ་ལ། སྙིང་པོ་ནི་སྔགས་ཀྱི་བྱིན་གྱིས་བརླབས་ཏེ། བཞུགས་པ་ནི་ཉམས་སུ་མྱོང་བར་མཛད་པ་སྟེ་སྒྲུབ་པའོ། །བཅོམ་ལྡན་འདས་ཀྱི་ཚུལ་ནི་འདི་ཡིན་ཏེ། ཆོས་བསྟན་པ་ཇི་ལྟ་བུ་བྱུང་བ་དེའི་དང་པོར་དེ་དང་འདྲ་བ་ཏིང་
ངེ་འཛིན་ལ་སྙོམས་པར་ཞུགས་པར་འགྱུར་རོ། །འདིར་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་སྤྲོ་བའི་སྐབས་ཡིན་ན་དེའི་ཚེ་དང་པོར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་ཟིལ་གྱིས་གནོན་པ་ནི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་བཞིའི་སྒོ་ནས་མི་སྣང་བར་མཛད་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་
ལ་སྙོམས་པར་ཞུགས་མ་ཐག་ཏུ་ཇི་སྲིད་ནམ་མཁའི་དབྱིངས་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོ་ནི་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་དུ་གནས་པར་གྱུར་ཏོ། །དོན་འདི་ཉིད་རྒྱས་པར་བཤད་པ་ཇི་སྲིད་སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་ལ་གནས་པ་ནི་ནམ་མཁའི་
དབྱིངས་བཞིན་དུ་གྲངས་མེད་པར་གནས་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱིས་བདེ་བ་དང་ཡིད་བདེ་བ་ཐོབ་པར་འགྱུར་ཞེས་པ་ནི་ལུས་དང་སེམས་དང་ཉོན་མོངས་པའི་རྣམ་པར་རྟོག་པ་མེད་པས། རབ་ཏུ་ཞི་བའི་སྟོང་པ་
ཉིད་ཀྱི་རོ་ཉམས་སུ་མྱོང་བ་ཐོབ་པར་གྱུར་པ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །ཡང་ན་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ནི་དགའ་བ་ལ་སོགས་པ་སྟེ། དེ་རྣམས་ཟིལ་གྱིས་གནོན་པའི་རྡོ་རྗེ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ཞེས་བྱ་བའི་
เล่ม ๒๙ · หน้า 28b
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། དེའི་དུས་སུ་ནམ་མཁའི་དབྱིངས་ཐམས་ཅད་ནི་ཁམས་བཞིའི་ངོ་བོ་ལུས་པོ་དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་སྒོ་ནས་རྡོ་རྗེའི་ངོ་བོ་ནི་རྡོ་རྗེའི་ནོར་བུར་གནས་པར་གྱུར་ཏོ། །དེ་བཞིན་དུ་གང་ཞིག་སེམས་ཅན་རྣམས་ནི་
པདྨའི་ནང་དུ་གནས་པའི་འདོད་པའི་གདུགས་ལ་སོགས་པའི་རྩ་སྟེ། དེ་རྣམས་རྡོ་རྗེ་སེམས་དཔའ་ནི་ལྷན་ཅིག་སྐྱེས་པ་སྟེ། དེའི་བྱིན་གྱིས་བརླབས་པ་ནི་ནུས་པ་སྟེ། དེ་ཉིད་ཀྱི་སྒོ་ནས་བདེ་བ་དང་ཡིད་བདེ་བ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ། དེ་ཐོབ་པར་གྱུར་པ་ནི་བདེ་བ་ཆེན་པོའི་ཡེ་
ཤེས་རྙེད་པར་གྱུར་ཏེ། སྒྲུབ་པ་ཆེན་པོའོ།། །།ད་ནི་བསྟན་པར་མཛད་པའི་ཕྱིར་བསྐྱེད་པའི་རིམ་པས་མི་བསྐྱོད་པའི་དཀྱིལ་འཁོར་བཅོམ་ལྡན་འདས་ཀྱིས་སྤྲོ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་
བཞིན་གཤེགས་པ་ནི་སྔར་བཤད་པའི་སྒྲུབ་པ་ཆེན་པོའི་རིམ་པས་དེ་ཉིད་ནི་རྣམ་པར་མི་རྟོག་པ་ཉིད་དེ། དེ་ལ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་རྣམ་པ་གཉིས་ཏེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་སྐུ་
ལ་སོགས་པ་རྡོ་རྗེའི་རིགས་ལས་བྱུང་བའོ། །དམ་ཚིག་ནི་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུའོ། །འབྱུང་བ་ནི་སྔགས་ཐམས་ཅད་སྤྲོ་བས་སྐྱེད་པར་བྱེད་པའོ། །དེ་ཉིད་འཁོར་བའི་བར་སེམས་ཅན་གྱི་དོན་མཛད་པའི་ཕྱིར་གནས་པས་ན་རྡོ་རྗེ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཐུགས་
རྩེ་གཅིག་པ་ཉིད་ལ་སྙོམས་པར་ཞུགས་ཏེ། འོག་ནས་འཆད་པར་འགྱུར་བའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ་ཞེས་ཚིག་གི་འབྲེལ་པའོ། །བྱིན་གྱིས་བརླབས་པ་དེ་གང་ཡིན་ཞེ་ན། རིག་པ་ཆེན་པོ་ནི་ལྷ་མོ་སྤྱན་མ་ལ་སོགས་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པའོ། །སྐྱེས་
བུ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །གཟུགས་ནི་ཁྲོ་བོ་རྣམས་ཀྱི་གཟུགས་དང་དེའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །སྔགས་ནི་དེ་རྣམས་ཀྱི་སྔགས་ཏེ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་
เล่ม ๒๙ · หน้า 29a
པ་ནི་རང་རང་གི་སྔགས་རྣམས་ཀྱིས་སྐྱེ་བ་སྟེ། བདག་ཉིད་ཀྱང་བྱིན་གྱིས་བརླབས་སོ་ཞེས་སྟོན་ཏོ། །ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྷ་མོ་སྤྱན་ལ་སོགས་པ་སྟེ། དེ་རྣམས་ཀྱིས་ཞལ་གསུམ་དང་
ཕྱག་དྲུག་ལ་སོགས་པའི་སྐུ་མདོག་དང་དབྱིབས་ཀྱི་བདག་ཉིད་དུ་བཅོམ་ལྡན་འདས་མཐོང་བ་སྟེ། དགོངས་པ་འདིས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བསྐྱེད་པའི་རིམ་པའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། དགོན་པ་ཆེན་པོའི་ས་ཕྱོགས་དང་། །འབྲས་བུ་
མེ་ཏོག་ལ་སོགས་བརྒྱན། །སྐྱེ་བོ་མེད་པའི་རི་བོ་ལ། །དངོས་གྲུབ་ཀུན་བསྡུས་བསྒྲུབ་པར་བྱ། །རེ་ཞིག་དང་པོ་གདན་འཇམ་པོའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱས་ལ་རིམ་པ་འདིས་རྣལ་འབྱོར་པས་གནས་བསྲུང་བར་བྱ་སྟེ་རང་གི་
སྙིང་གར་པདྨ་ཉི་མའི་གདན་ལ་གནས་པའི་ཁྲོ་བོ་རྡོ་རྗེའི་ཧཱུཾ་ལས་ཕྱི་རོལ་དུ་ཕྱོགས་བཅུ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོ་བོ་བཅུ་སྤྲོས་ཏེ། དེའི་རྗེས་ལ་དེའི་ནང་ན་གནོད་མཛེས་ཀྱི་རྒྱལ་པོ་ལ་བཀའ་སྩལ་ཏེ། ཕྱོགས་བཅུ་ལ་གནས་པའི་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པ་ཇི་
བཞིན་དུ་དབྱིབས་དང་ཁ་དོག་དང་ལག་ཅ་དང་། སྟན་དང་ལྡན་པ་ཕུར་བུས་གདབ་པར་བྱའོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཞེས་པ་ལ་སོགས་པ་ཚིག་བཞི་པོས་དགུག་པར་བྱའོ། །དེའི་རྗེས་ལ་གནོད་མཛེས་ཀྱི་རྒྱལ་པོ་རྡོ་རྗེ་ཕུར་བུ་སྟེང་དུ་བདུད་རྩི་འཁྱིལ་པའི་གཟུགས་དང་། འོག་ཏུ་
རྩེ་གཅིག་པའི་རྣམ་པ་རུ་བསྒོམས་ཏེ། འཕགས་པ་རྟ་མགྲིན་གྱི་ངོ་བོ་རྡོ་རྗེ་ཐོ་བས་ཨོཾ་གྷ་གྷ་གྷཱ་ཏ་ཡ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་པོས་ས་འོག་བདུན་ལ་སོགས་པ་བགེགས་དེ་རྣམས་ཕུར་བུས་གདབ་པར་བྱའོ། །དེའི་རྡོ་རྗེའི་ཐོ་བ་མཐོང་བ་དང་། འོད་ཟེར་གྱི་འཁོར་ལོ་
སྤྲོས་པ་གནོད་མཛེས་ཀྱི་རྒྱལ་པོ་བལྟས་ཏེ། གང་ཡང་རུང་བའི་བགེགས་ནི་ཕྱོགས་བཅུར་འབྲོས་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་དངོས་པོ་མེད་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བདག་ཉིད་བསྲུང་བར་བྱ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟོང་
เล่ม ๒๙ · หน้า 29b
པ་ཉིད་མངོན་དུ་བྱས་ལ་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་རང་བཞིན་མེད་པར་བསམ་པར་བྱའོ། །དེའི་རྗེས་ལ་ཡེ་ཤེས་ཀྱི་ས་གཞི་བསྐྱེད་པར་བྱ་བའི་ཕྱིར་ཡི་གེ་ཧཱུཾ་དང་ལྡན་པ་དང་། སྒྲ་དང་ཐིག་ལེས་མགོ་བོར་རྣམ་པར་བརྒྱན་པ་མཐར་གནས་པའི་ཡི་གེ་བཞི་པོ་
བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་འབར་བའི་རྡོ་རྗེ་གཉིས་ཀྱིས་མཚན་པ་ས་ལ་སོགས་པའི་དཀྱིལ་འཁོར་རྣམས་བལྟས་ཏེ། དེའི་སྟེང་གི་ཡི་གེ་བྷཱུཾ་ཡོངས་སུ་གྱུར་པ་ལས་སྐྱེས་པ་རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་བསྒོམས་ཏེ། དེའི་ཡན་ལག་ལས་
འབྱུང་བ་གྲྭ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གཞིའི་དཀྱིལ་འཁོར་ཏེ་རིན་པོ་ཆེའི་ངོ་བོ་གཞལ་ཡས་ཁང་པ་བལྟ་བར་བྱའོ། དེའི་དབུས་སུ་ནི་ཐུགས་རྡོ་རྗེའི་ས་བོན་ལས་འབྱུང་བ་ཨིནྡྲ་ནཱི་ལའི་མདོག་དང་འདྲ་བ་ཆོ་ག་བཞིན་དུ་རང་གི་བདག་ཉིད་མི་བསྐྱོད་པར་བལྟ་བར་བྱའོ། །དེ་
བཞིན་དུ་ཤར་ལ་སོགས་པའི་ཕྱོགས་ལ་ཞལ་གསུམ་པ་ཕྱག་དྲུག་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་བཞིན་དུ་མཚམས་རྣམས་སུ་སྤྱན་ལ་སོགས་པའོ། །དེ་བཞིན་དུ་དེའི་ཕྱི་རོལ་གྱི་མཚམས་བཞི་པོ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །རེག་བྱ་རྡོ་རྗེ་མ་ནི་བཅོམ་
ལྡན་འདས་ཀྱིས་འཁྱུད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྣམ་བུ་བཞི་ལ་རིམ་པ་ཇི་ལྟ་བ་བཞིན་དུ་བྱམས་པ་དང་། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། འཇམ་དཔལ་དབྱངས་དང་། སྒྲིབ་པ་
རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་རྣམས་བསྒོམ་པར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་སུ་གཤིན་རྗེ་མཐར་བྱེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་རྣམས་སོ། །དེ་བཞིན་དུ་ཤར་ལ་སོགས་པའི་མཚམས་སུ་མི་གཡོ་བ་དང་།
འདོད་པའི་རྒྱལ་པོ་དང་། དབྱིག་པ་སྔོན་པ་ཅན་དང་། སྟོབས་པོ་ཆེ་རྣམས་སོ། །དེ་བཞིན་དུ་སྟེང་དང་འོག་ཏུ་གནོད་མཛེས་ཀྱི་རྒྱལ་པོ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དག་གོ། །དེ་ལྟ་བུའི་ཕྱིའི་དཀྱིལ་འཁོར་བསྒོམས་ལ་དེ་ཉིད་སྐུའི་དཀྱིལ་འཁོར་བསྒོམ་པར་བྱ་བ་ཡིན་ཏེ། དཔེར་
เล่ม ๒๙ · หน้า 30a
ན་གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་དེ། དེ་ཉིད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སའི་ཁམས་ལ་སྤྱན་ནོ། །མིག་ལ་སའི་སྙིང་པོ་དང་བྱམས་པ་དག་གོ། །གཟུགས་ལ་གཟུགས་རྡོ་རྗེ་མའོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་ལ་གཤིན་རྗེ་མཐར་བྱེད་དང་།
མི་གཡོ་བ་དག་གོ། །ཚོར་བའི་ཕུང་པོ་ལ་ནི་རིན་ཆེན་རྒྱལ་པོ། དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཆུའི་ཁམས་ལ་མཱ་མ་ཀཱིའོ། །རྣ་བའི་དབང་པོ་ལ་ཕྱག་ན་རྡོ་རྗེའོ། །སྒྲ་ལ་སྒྲ་རྡོ་རྗེ་མའོ། །གཞན་གྱིས་མི་ཐུབ་པ་དང་། འདོད་པའི་རྒྱལ་པོ་དང་། ཁྲོ་བོ་གཉིས་པོ་ཁ་སྦྱར་བྱའོ། །འདུ་ཤེས་
ལ་སྣང་བ་མཐའ་ཡས་སོ། །དེ་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །མེའི་ཁམས་ལ་གོས་དཀར་མོའོ། །སྣ་ལ་ནམ་མཁའི་སྙིང་པོའོ། །དྲི་ལ་དྲི་རྡོ་རྗེ་མའོ། །རྟ་མགྲིན་དང་དབྱུག་སྔོན་ཅན་ཏེ། ཁྲོ་བོ་གཉིས་པོ་ཁ་སྦྱར་བྱའོ། །འདུ་བྱེད་ལ་དོན་ཡོད་གྲུབ་པའོ། །དེ་ཉིད་ནི་བྱ་བ་ནན་
ཏན་གྲུབ་པའི་ཡེ་ཤེས་སོ། །རླུང་གི་ཁམས་ལ་སྒྲོལ་མའོ། །ལྕེ་ལ་འཇིག་རྟེན་དབང་ཕྱུག་གོ། །རོ་ལ་རོ་རྡོ་རྗེ་མའོ། །བདུད་རྩི་འཁྱིལ་པ་དང་སྟོབས་པོ་ཆེ་དག་གིས་ཁ་སྦྱར་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་མི་བསྐྱོད་པའོ། །དེ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ལུས་ལ་
སྒྲིབ་པ་རྣམ་པར་སེལ་བའོ། །ཡིད་ལ་འཇམ་དཔལ་ལོ། །ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་མཚམས་རྣམས་ལ་ཀུན་དུ་བཟང་པོའོ། །རེག་བྱ་ལ་རེག་བྱ་རྡོ་རྗེ་མའོ། །གནོད་མཛེས་དང་གཙུག་ཏོར་དག་གིས་ཁ་སྦྱར་བྱའོ། །དེ་ནས་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་
ཐོབ་པའི་རིམ་པས་རྣམ་པར་ཤེས་པ་མི་སྣང་བར་བྱས་ལ། སྟོན་ཀའི་ཉི་མ་ཕྱེད་པ་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་རང་གི་བདག་ཉིད་དང་ཁམས་གསུམ་པ་རྣམ་པར་བསྒོམས་ལ་དེ་ཉིད་བརྟན་པར་བྱ་བའི་སྔགས་འདི་དྲན་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ།
ནམ་མཁའི་ཁམས་ལ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསྒོམས་ལ་དེའི་སྟེང་དུ་ཡང་ཨཿལས་བྱུང་བའི་པདྨ་བལྟས་ཏེ། པདྨ་དེ་ཉིད་ཀྱི་སྟེང་དུ་ཡང་ཡི་གེ་གསུམ་བཀོད་ལ་སྤྲོ་བ་དང་བསྡུ་བ་བྱས་ལ་ཉི་མ་དང་པདྨ་ཡི་གེ་
เล่ม ๒๙ · หน้า 30b
གསུམ་པོ་དེ་རྣམས་ཟླ་བའི་དཀྱིལ་འཁོར་ལ་ཐིམ་པར་བྱས་ཏེ། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་འདི་བརྗོད་དོ། །དེ་ནི་རྣལ་འབྱོར་རོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཡི་གེ་གསུམ་ཡང་བཀོད་ཅིང་དེ་ཡོངས་སུ་གྱུར་པ་ལས་བསྐྱེད་པ་སྐུ་མདོག་དཀར་པོ་རྡོ་རྗེ་
འཆང་ཆེན་པོ་རྣམ་པར་བསྒོམས་ཏེ། དེའི་རྗེས་ལ་དེ་ཉིད་ཀྱི་ཐུགས་ཀ་ལས་མི་བསྐྱོད་པ་སྤྲོས་ནས་རྗེས་སུ་ཞུགས་པས། ཨིནྡྲ་ནཱི་ལ་དང་འདྲ་བ་ཞལ་གསུམ་པ་ཕྱག་དྲུག་པ། ཕྱག་གཡས་པ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་བསྣམས་པ། ཕྱག་གཡོན་པ་རྣམས་ལ་
དྲིལ་བུ་དང་རལ་གྲི་དང་རིན་ཆེན་བསྣམས་པ། རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ་ཉིད་དུ་བསྒོམ་པར་བྱ་སྟེ། དེའི་རྗེས་སུ་རྣལ་འབྱོར་རོ། །དེ་ནས་དེ་ཉིད་ཀྱི་སྤྱི་བོ་དང་ལྐོག་མ་དང་ཐུགས་ཀ་དང་ལྟེ་བ་དང་ཞབས་གཉིས་པོ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཁ་དོག་དཀར་པོ་དང་དམར་པོ་དང་
སྔོན་པོ་དང་སེར་པོ་དང་ལྗང་གུ་སྟེ། ཕུང་པོ་རྣམ་པར་དག་པའི་ངོ་བོ་ཡི་གེ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་དགོད་པར་བྱའོ། །དེ་ནས་མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་སྲ་བ་དང་སྣུམ་པ་དང་དྲོ་བ་དང་གཡོ་བའི་ངོ་བོས་ས་ལ་སོགས་
པ་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་ཐླིཾ་ཨོཾ་ཨོཾ་ཨོཾ་ཧཱུཾ་ཧཱུཾ་མཻ་སཾ་ཞེས་བྱ་བའི་ས་བོན་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་། རྩ་རྒྱུས་དང་ཡན་ལག་ཐམས་ཅད་ཀྱི་ཚིགས་རྣམས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་ལག་པ་གཡས་པ་
དང་གཡོན་པའི་རྩ་དང་། ཁ་དང་གསང་བའི་གནས་དང་། ལག་པ་གཡས་པ་དང་གཡོན་པ་དང་། པུས་མོ་གཡས་པ་དང་གཡོན་པ་དང་། སྤྱི་བོ་དང་རྐང་མཐིལ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུཾ་བཅུ་ལས་འབྱུང་བའི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཅུ་དགོད་པར་
བྱ་སྟེ། ཤིན་ཏུ་རྣལ་འབྱོར་རོ། །དེའི་རྗེས་ལ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ་དཀར་པོ་རྣམ་པར་བཀོད་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་རང་གི་བདག་པོ་དང་བཅས་པའི་ལྷ་མོ་སྤྱན་གྱི་ཚོགས་སྤྲོས་ཏེ། དེ་ཉིད་ཀྱིས་ནམ་མཁའ་ལ་གནས་པའི་རྣམ་པར་
เล่ม ๒๙ · หน้า 31a
སྣང་མཛད་བཀུག་ཅིང་དེའི་མདུན་དུ་གནས་ཏེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་། ཕྱོགས་བཅུ་ལ་ཞུགས་སངས་རྒྱས་རྣམས། །ཞེས་བྱ་བ་ལ་སོགས་པས་དེའི་དཀྱིལ་འཁོར་ལ་
ཡང་གསོལ་བ་གདབ་པར་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་ཅིང་དེ་ཉིད་དུ་ཞུགས་ཏེ་སྐུ་རྡོ་རྗེའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་བཞིན་དུ་ལྕེ་དང་སྙིང་གའི་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཱཿདང་ཧཱུཾ་དམར་པོ་དང་ནག་པོ་
བསྒོམས་ལ་དེ་དག་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་རང་རང་གི་བདག་མོ་དང་བཅས་པའི་གོས་དཀར་མོ་དང་མཱ་མ་ཀཱིའི་ཚོགས་སྤྲོས་ཏེ་སྔ་མ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དེ་དག་གིས་བཀུག་ཅིང་དེའི་མདུན་དུ་ཡང་། དཔལ་ལྡན་ཆོས་ནི་གསུང་གི་ལམ། །ཞེས་བྱ་བ་ལ་
སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་དག་གིས་བརྟན་པར་བྱས་ལ། ཡི་གེ་དེ་དག་གཉིས་པོས་རང་རང་གི་
བདག་པོ་དང་བཅས་པའི་དཀྱིལ་འཁོར་གཉིས་ཞུགས་ཏེ། དེའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ནས་ཕྱག་མཚན་དྲུག་དང་ལྡན་པའི་དམ་ཚིག་སེམས་དཔའ་རྫོགས་པར་བལྟས་ཏེ། དེའི་སྙིང་གར་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཕྲ་མོ་རྣམ་པར་བསྒོམས་ལ། དེའི་སྙིང་
གར་ཡང་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུཾ་དགོད་པར་བྱ་སྟེ། རྣལ་འབྱོར་ཆེན་པོའོ། །དེ་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཡིན་ནོ། །དེའི་རྗེས་ལ་དམ་ཚིག་དང་སྡོམ་པ་ལ་གནས་པ་ཐོས་པ་དང་བསམ་པ་ལ་གནས་པ་དང་བསྒོམ་པའི་རིམ་པས་ཡིད་རྫོགས་པའི་ཁྲུས་མཁན་ལ་སོགས་
པ་གང་ཡང་རུང་བའི་རིགས་ཅན་མདོག་ལྗང་གུ་དམ་ཚིག་གི་ཕྱག་རྒྱ་མ་བླངས་ཏེ། སྔ་མ་བཞིན་དུ་དེ་ཉིད་ཀྱི་སྤྱི་བོ་ལ་སོགས་པའི་གནས་ལྔ་པོར་ཡི་གེ་ཨོཾ་ལ་སོགས་པ་བཀོད་ལ། སྤྱན་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ཁམས་བཞི་པོའི་རང་བཞིན་ནུ་མ་དང་མ་མཆུ་དང་། བྷ་ག་དང་དེའི་ནམ་
เล่ม ๒๙ · หน้า 31b
མཁའ་རྣམས་བྱིན་གྱིས་བརླབས་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་སྙོམས་པར་ཞུགས་པའི་སའི་སྙིང་པོ་ལ་སོགས་པས་སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ཤིང་སྔ་མ་བཞིན་དུ་ལག་པ་གཡས་པ་ལ་སོགས་པའི་གནས་བཅུ་ལ་རྡོ་རྗེ་རོ་ལངས་མ་དང་། གཞན་གྱིས་མི་ཐུབ་མ་དང་། ཁྲོ་
གཉེར་མ་དང་རལ་པ་གཅིག་མ་དང་། སྣ་ཚོགས་རྡོ་རྗེ་མ་དང་། སྣ་ཚོགས་རིན་ཆེན་མ་དང་། སྣ་ཚོགས་པདྨ་དང་། སྣ་ཚོགས་ལས་མ་དང་། ནམ་མཁའ་རྡོ་རྗེ་མ་དང་། ས་འཛིན་མ་སྟེ། ཁྲོ་བོའི་རྒྱལ་པོའི་བཙུན་མོ་བཅུ་དགོད་པར་བྱའོ། །དེའི་རྗེས་ལ་བདག་ཉིད་ཀྱི་ཡི་གེ་ཧཱུཾ་ལས་
བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ཏེ། དེ་ཉིད་ཀྱི་རྩེ་དབུས་མ་ལ་ཡི་གེ་ཨོཾ་དགོད་ཅིང་དེ་བཞིན་དུ་ལྷ་མོའི་པདྨ་དང་། ཡི་གེ་ཨཱཿལས་བྱུང་བ་བསམས་ལ། དེ་ཉིད་ཀྱི་ལྟེ་བར་ཨོཾ་བྱིན་གྱིས་བརླབས་པ་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་
ཅིང་སྒྲུབ་པ་བརྩམ་པར་བྱའོ། །ཡི་གེ་ཧཱུཾ་གི་རང་བཞིན་གྱི་ལུས་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་ཞིང་། དེ་ནས་ཕྱུང་བའི་དུས་སུ་ཡི་གེ་ཕཊ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་དམིགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་
བརྗོད་ཅིང་པདྨའི་ནང་དུ་སྤྲོ་བར་བྱའོ། །དེའི་རྗེས་ལ་པདྨའི་ནང་དུ་བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་ཀྱིས་རྫོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་རལ་པའི་ཅོད་པན་དང་ལྡན་པ་རང་གི་བདག་པོས་སྤྱི་བོར་བརྒྱན་པ། སྐུ་མདོག་ནག་པོ་ཞལ་གཞན་གཉིས་དམར་པོ་དང་། དཀར་པོ་
མངའ་བ། ཕྱག་གཡས་པ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་འཆང་བ། གཡོན་པ་རྣམས་ལ་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་བསྣམས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་བཅོམ་ལྡན་འདས་མི་བསྐྱོད་པ་བསམས་ཏེ། དེ་ནས་བཅོམ་
ལྡན་འདས་དེ་ཉིད་རྡོ་རྗེའི་སྟེང་གི་ལམ་ནས་གཤེགས་ཏེ། ཡེ་ཤེས་སེམས་དཔའི་རྡོ་རྗེར་ཞུགས་ཤིང་དེའི་སྟེང་གི་ལམ་ནས་ཡང་གཤེགས་ལ། དེ་ཉིད་ཀྱི་ཞལ་ནས་བྱུང་སྟེ་ལྷ་མོའི་ཞལ་གྱི་ལམ་ནས་དེ་ཉིད་ཀྱི་ཡེ་ཤེས་སེམས་མའི་སྙིང་གར་ཞུགས་ཏེ། དེ་ལས་ཀྱང་ཕྱི་རོལ་དུ་བྱུང་ལ་ཞེ་སྡང་གི་རིགས་ཅན་གྱི་
เล่ม ๒๙ · หน้า 32a
སེམས་ཅན་རྣམས་ས་བཅུའི་དབང་ཕྱུག་ཏུ་མཛད་ཅིང་ཡང་ཚུར་གཤེགས་ལ་མདུན་དུ་གཤེགས་ཏེ། དཀྱིལ་འཁོར་གྱི་བདག་པོ་དང་ཐ་མི་དད་པར་གྱུར་ཅིང་ཉི་མ་དང་པདྨའི་གདན་གྱི་སྟེང་དུ་རང་གི་རིག་མས་འཁྱུད་པ། དྲག་པོ་དང་ཞི་བ་དང་ཆགས་པ་ཆེན་པོ་སྟེ། །རོ་
གསུམ་གྱི་བདག་ཉིད་ཅན་རྣལ་འབྱོར་པས་རང་གི་བདག་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྔགས་བཞི་པོས་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ཞལ་གསུམ་པ་ཕྱག་དྲུག་
པ་སྐུ་མདོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་། དཀར་པོ་དང་དམར་པོ་དང་སེར་པོ་དང་ནག་པོ་དང་། དཀར་པོ་དང་ལྗང་གུ་དང་ནག་པོ་དང་དཀར་པོའི་ཞལ་མངའ་བ། འཁོར་ལོ་དང་སྣ་ཚོགས་རྡོ་རྗེ་དང་པདྨ་དཀར་པོ་དང་། དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་། རལ་གྲི་དང་ཡིད་
བཞིན་གྱི་ནོར་བུ་དང་། རྡོ་རྗེ་དང་འཁོར་ལོ་དང་། དྲིལ་བུ་དང་། པདྨ་སེར་པོ་དང་། རལ་གྲི་དང་། ཐུགས་ཀར་པདྨ་ཁ་ཕྱེ་བ་དང་། རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་རལ་གྲི་དང་། དྲིལ་བུ་དང་། རལ་གྲི་དང་། སྣ་ཚོགས་རྡོ་རྗེ་དང་། འཁོར་ལོ་དང་དྲིལ་བུ་དང་པདྨ་ལྗང་གུ་དང་། རིན་
ཆེན་ཏེ། རིམ་པ་ཇི་ལྟ་བུ་བཞིན་དུ་ཕྱག་མཚན་དེ་རྣམས་ཕྱག་གཡས་པ་དང་གཡོན་པ་རྣམས་ལ་བསྣམས་པ། འཁོར་ལོ་དང་རིན་པོ་ཆེ་དང་། པདྨ་དང་སྣ་ཚོགས་རྡོ་རྗེའི་གདན་ལ་བཞུགས་པ་སྔ་མ་བཞིན་དུ་སྤྲོས་ཏེ། སླར་ཡང་འབྱུང་ཞིང་གཏི་མུག་དང་། ང་རྒྱལ་དང་། འདོད་
ཆགས་དང་། ཕྲག་དོག་གི་རིགས་ཅན་གྱི་སེམས་ཅན་རྣམས་རྣམ་པར་དག་པར་མཛད་ལ། རིམ་པ་ཇི་ལྟ་བ་བཞིན་དུ་ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་བཞུགས་པ། བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པར་བསམ་པར་བྱའོ། །དེ་བཞིན་དུ་མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པའི་
སྔགས་རྣམས་ཀྱིས་ལྷ་མོ་སྤྱན་དང་། མཱ་མ་ཀཱི་དང་གོས་དཀར་མོ་དང་། སྒྲོལ་མ་རྣམས་སྔ་མ་བཞིན་དུ་ཞལ་གསུམ་པ་དང་། ཕྱག་དྲུག་པ་དང་། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྣམ་པར་སྣང་མཛད་ལ་སོགས་པ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་མངའ་བ་སྟེ། འོན་ཀྱང་
เล่ม ๒๙ · หน้า 32b
ཨུཏྤ་ལ་དཀར་པོ་དང་སྔོན་པོ་ལྷ་མོ་སྤྱན་དང་མཱ་མ་ཀཱི་དག་ལའོ། །ཨུཏྤ་ལ་དམར་པོའི་སྡོང་བུ་ཁ་ཕྱེ་བ་ནི་གོས་དཀར་མོའོ། །སྒྲོལ་མའི་གཡོན་པར་ཨུཏྤ་ལ་དམར་པོའོ། །དེ་བཞིན་དུ་ཐུགས་ཀ་ནས་འབྱུང་ཞིང་ནད་ཞི་བ་དང་། བགེགས་འཇོམས་པ་དང་། རྒྱས་པ་དང་དབང་གི་ལས་མཛད་
ནས་ཤར་ལ་སོགས་པའི་གྲྭ་རྣམས་སུ་བཞུགས་པ་རང་རང་གི་བདག་པོའི་ཅོད་པན་ཅན་བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པར་བསམ་པར་བྱའོ། །དེ་ནས་རིམ་པ་གཉིས་པའི་མེའི་མཚམས་ནས་བརྩམས་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་བྱ་བའི་སྔགས་ཀྱིས་གཟུགས་རྡོ་རྗེ་མ་ལ་སོགས་པ་
བཞི་སྤྱན་ལ་སོགས་པ་སྐུ་མདོག་དང་ཕྱག་མཚན་འདྲ་བ་རྣམ་པར་སྣང་མཛད་ལ་སོགས་པའི་ཅོད་པན་ཅན། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་པོ་ཐོབ་པར་མཛད་ནས་མེ་ལོང་དང་། པི་ཝང་དང་། དྲི་ཕོར་དང་། རོ་སྣོད་ཕྱག་གིས་བསྣམས་པ། བཅོམ་ལྡན་འདས་ལ་མངོན་པར་
ཕྱོགས་པར་བསམ་པར་བྱའོ། །དེ་ནས་སྔར་བཤད་པའི་ས་བོན་ལས་ཕྱི་རོལ་གྱི་སྣམ་བུའི་ཤར་ཕྱོགས་སུ་བྱམས་པ་དང་། སའི་སྙིང་པོ། ལྷོ་རུ་ལག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ། ནུབ་ཕྱོགས་སུ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དབྱངས་སོ། །བྱང་ཕྱོགས་སུ་སྒྲིབ་
པ་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོའོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ཕྱག་དང་ཕྱག་མཚན་རྣམས་ནི་རང་གི་མགོན་པོ་དང་འདྲ་བ་དང་དེའི་ཅོད་པན་ཅན། འོན་ཀྱང་བྱམས་པའི་ཕྱག་གཡས་པ་ལ་ཀླུ་ཤིང་གི་མེ་ཏོག་གི་ཡལ་གའོ། །དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་
ཀུན་ནས་ཉོན་མོངས་པའི་སྐྱེ་མཆེད་རྣམས་དག་ཅིང་ལྷའི་མིག་ལ་སོགས་པའི་རང་བཞིན་དུ་བསྐྱེད་དེ་སླར་ཡང་བྱུང་ཞིང་བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པར་བསམ་པར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་སུ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཞལ་གསུམ་ཕྱག་
དྲུག་པ་སྐུ་མདོག་ནག་པོ་དང་། དཀར་པོ་དང་། དམར་པོ་དང་། ལྗང་གུ་མངའ་བ་ཉི་མ་དང་པདྨའི་གདན་ལ་བཞུགས་པ། གཡོན་བརྐྱང་བའི་གནས་པས་བཞུགས་པ། དབྱིག་པ་དང་འཁོར་ལོ་དང་། རྡོ་རྗེ་དང་ཞགས་པ་དང་། དྲིལ་བུ་དང་དགྲ་སྟ་དང་། རྡོ་རྗེ་དང་དབྱུག་པ་དང་།
เล่ม ๒๙ · หน้า 33a
རལ་གྲི་དང་སྡིགས་མཛུབ་ཀྱི་ཞགས་པ་དང་། དྲིལ་བུ་དང་དགྲ་སྟ་དང་། ཐོ་བ་དང་དྲིལ་བུ་དང་། དགྲ་སྟ་དང་ཞགས་པ་དང་། སྣ་ཚོགས་རྡོ་རྗེ་དང་། འཁོར་ལོ་དང་། ཐོ་བ་དང་། སྡིགས་མཛུབ་ཀྱི་ཞགས་པ་དང་། དྲིལ་བུ་དང་དགྲ་སྟ་བསྣམས་པ། གསུས་
པ་ཆེ་བ། སྤྱན་གསུམ་པ། མིའུ་ཐུང་བ་འོད་ཟེར་གྱི་ཕྲེང་བས་འཁྲུགས་པ། སྤྱན་དང་སྨིན་མ་སེར་བ། རང་རང་གི་བདག་པོའི་ཅོད་པན་དང་ལྡན་པ། གནོད་སྦྱིན་དང་སྲིན་པོ་དང་། འབྱུང་པོ་དང་། ཀླུ་དང་ལྷ་ལ་སོགས་པ་དགུག་པ་དང་། རེངས་པ་དང་རྨོངས་པ་དང་། བསྐྲད་པ་ལ་
སོགས་པའི་ལས་མཛད་པ། བཅོམ་ལྡན་འདས་མངོན་པར་ཕྱོགས་པར་བསམ་པར་བྱའོ། །དེ་བཞིན་དུ་མཚམས་བཞི་པོ་ལ་མི་གཡོ་བ་ལ་སོགས་པ་ནི། ཨིནྡྲ་ནཱི་ལ་དང་འདྲ་བའི་སྐུ་མདོག་མངའ་བ། ཞལ་གསུམ་པ་ཕྱག་དྲུག་པ། སྤྱན་གསུམ་པ། རྣམ་པར་སྣང་མཛད་དང་རིན་ཆེན་
འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་ཅོད་པན་དང་ལྡན་པ། གཡོན་བརྐྱང་པས་བཞུགས་པ། ཁྲོ་བ་དང་སྒེག་པ་དང་ལྡན་པར་སྔར་བཤད་པའི་ཁྲོ་བོ་རྣམས་ཀྱི་ཕྱག་མཚན་རྣམས་བསྣམས་པ་སྟེ། འོན་ཀྱང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པ་ནི་འདོད་པའི་རྒྱལ་པོ་
སྟེ། ཆར་འབེབས་པ་དང་ཆར་རེངས་པ་དང་། མེ་ཤི་བ་དང་། དུག་སེལ་བ་ལ་སོགས་པའི་ལས་རྣམས་མཛད་ཅིང་སྔ་མ་བཞིན་དུ་བསམ་པར་བྱའོ། །དེའི་རྗེས་ལ་གཙུག་ཏོར་རྒྱལ་པོ་ནི་སྤྲིན་ནག་པོ་དང་འདྲ་བའི་སྐུ་མདོག་མངའ་བ། ཐུགས་རྡོ་རྗེའི་ཅོད་པན་དང་ལྡན་པ། ཞལ་གསུམ་
པ་ཕྱག་དྲུག་པ། སྤྱན་གསུམ་པ་ཕྱག་གཉིས་པོས་གཙུག་ཏོར་བསྣམས་པ། ཕྱག་གཡས་པ་གཉིས་པོ་ལ་རྡོ་རྗེ་དང་པདྨ། གཞན་ལ་སྡིགས་མཛུབ་དང་རལ་གྲི་བསྣམས་པ། སྐྱོན་ཐམས་ཅད་ལྡོག་པར་མཛད་ཅིང་ཚངས་པའི་གནས་སུ་ཞུགས་པ་བསྒོམ་པར་བྱའོ། །དེ་བཞིན་
དུ་འོག་ཏུ་ནི་གནོད་མཛེས་རྒྱལ་པོ་སྟེ། ཨིནྡྲ་ནཱི་ལའི་སྐུ་མདོག་ཅན་མི་བསྐྱོད་པའི་ཅོད་པན་དང་ལྡན་པ། ཕྱག་གཡས་པ་རྣམས་ལ་རྡོ་རྗེ་དང་། འཁོར་ལོ་དང་རིན་ཆེན་དང་། ཕྱག་གཡོན་པ་རྣམས་ལ་སྡིགས་མཛུབ་ཀྱི་ཞགས་པ་དང་། པདྨ་དང་རལ་གྲི་བསྣམས་པ། དུག་རྩི་ནག་པོ་
เล่ม ๒๙ · หน้า 33b
ལ་སོགས་པ་འཇིག་པར་མཛད་ཅིང་བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པར་བསམ་པར་བྱའོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཡིན་ནོ། །དེའི་རྗེས་ལ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་དང་། སྤྲོ་བ་དང་། བསྡུ་བའི་རིམ་པས་རྡོ་རྗེའི་བཟླས་པ་བྱས་པ། རོ་དེ་ཉིད་ཀྱི་དབང་
པོ་གཉིས་དང་སྙོམས་པར་བཞུགས་པས་རེག་བྱ་རྡོ་རྗེ་མ་དང་ལྷན་ཅིག་ཐིམ་པར་གྱུར་ཅིང་། དེ་བཞིན་དུ་ཞུགས་པའི་རང་གི་བདག་ཉིད་རྡོ་རྗེ་ཐིག་ལེའི་ངོ་བོར་བསམ་པར་བྱའོ། །དེ་དང་འདྲ་བའི་བཅོམ་ལྡན་འདས་བལྟས་ལ། ཚད་མེད་པ་བཞིའི་ངོ་བོ་རིགས་ཀྱི་ལྷ་མོ་རྣམས་ཀྱིས་ཁྱོད་ནི་རྡོ་རྗེ་ཐུགས་
ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་བསྐུལ་བས་དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་གྱིས་ལྡང་བར་བྱའོ། །ལྡང་བའི་བཅོམ་ལྡན་འདས་དེ་ཉིད་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་
རྣམས་ཀྱིས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་སྟོད་པར་མཛད་པ་བསྒོམ་པར་བྱའོ། །དེའི་འོག་ཏུ་གསུམ་མི་དམིགས་པས་མཆོད་པ་བྱས་ལ་འཁོར་ལོ་ནི་རང་གི་སྐུ་ལ་སྔ་མ་བཞིན་ཞུགས་ཏེ། བདེ་བ་ཆེན་པོའི་ངོ་བོར་གནས་པར་བྱའོ། །ཏིང་ངེ་འཛིན་ལས་སྐྱོ་བའི་དུས་སུ་
སྤྱི་བོར་མཐོ་གང་ཙམ་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ་དེ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་སྐུ་གསུང་ཐུགས་ཚིམ་པར་བྱའོ། །གོ་ཀུ་ད་ཧ་ནའི་ས་བོན་རྣམས་ཀྱང་བསྡུས་ཏེ། དེ་ལས་བྱུང་བའི་བདུད་རྩི་རྣམས་ཡི་གེ་གསུམ་གྱིས་སྦྱང་བ་ལ་སོགས་པ་བྱས་ལ་རྩ་བའི་སྔགས་ཀྱིས་
བྱིན་གྱིས་བརླབས་ལ་ནང་གི་བདག་ཉིད་ཀྱིས་སྦྱིན་སྲེག་བྱ་སྟེ། ཡི་གེ་ཧྲཱིཿལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་མགྲིན་པར་བསམས་ཏེ། དེའི་ལྟེ་བར་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ། དེ་ཉིད་ཀྱི་དབུས་མའི་རྩེ་མོ་ལ་ཡི་གེ་ཨོཾ་བཀོད་ཅིང་དེའི་རྗེས་ལ་སྙིང་གར་ཡི་གེ་ཧཱུཾ་ལས་
བྱུང་བའི་མེ་འབར་བར་བསམས་ཏེ་བདུད་རྩི་དེ་ཉིད་ཁའི་པདྨར་བྱིན་ལ་སྙིང་གའི་པདྨར་བཞུགས་ཏེ། ལྟེ་བའི་པདྨ་ཁ་སྦྱར་བྱས་ལ་གསང་བའི་པདྨ་ལས་ཕྱུང་བ་ཐར་པར་གྱུར་པ་བསམ་པར་བྱའོ། །དེ་ལས་ཀྱང་སྐྱོ་ན་གཡོན་པ་དང་གཡས་པའི་སྣའི་བུ་ག་གཉིས་པོ་ལས་ཡེ་ཤེས་སེམས་
เล่ม ๒๙ · หน้า 34a
དཔའི་དཀྱིལ་འཁོར་ཕྱི་རོལ་དུ་སྤྲོས་ཏེ། གནས་སུམ་ཅུ་རྩ་གཉིས་ལ་མཆོད་པ་རྣམ་ལྔས་མཆོད་ཅིང་བཟླས་པ་བྱའོ། །དཀྱིལ་འཁོར་པ་རྣམས་ཀྱི་སྔགས་རྣམས་ནི་ཐོག་མར་ཨོཾ་དང་ཡི་གེ་གསུམ་དང་རང་རང་གི་མཚན་རྣམས་དང་ཐ་མར་སྭཱ་ཧཱས་སྤེལ་ལོ། །བཟླས་
པས་ཀྱང་སྐྱོ་ན་དཀྱིལ་འཁོར་གཤེགས་སུ་གསོལ་ཏེ། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་གཏོང་བར་བྱའོ། །ལངས་ནས་ཀྱང་སྨོན་ལམ་བཏབ་ལ་བསམ་གཏན་གྱི་ཁང་པར་གནས་པར་བྱ་སྟེ། ལས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་
ཡིན་ནོ། །དགོངས་པ་འདི་ཉིད་ཀྱིས་སྔར་གསུངས་པ་ནི་དེ་བཞིན་གཤེགས་པ་དེ་ཉིད་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དེ་ཉིད་དེ་བཞིན་གཤེགས་པའི་གསོལ་བ་སྔོན་དུ་འགྲོ་བ་བླ་མ་དང་། སློབ་མའི་
འབྲེལ་བའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པའི་ཐུགས་རྡོ་རྗེ་ལ་སོགས་པའོ། །རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐུགས་ཀ་ནི་དེ་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ས་བོན་ཏེ། དེ་ལས་བྱུང་ཞིང་འདི་སྐད་
གསོལ་ཏོ་ཞེས་སྟོན་ཏོ་ཞེས་གསུངས་སོ་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བ་སྟེ། གང་ཞིག་སངས་རྒྱས་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་ཏེ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ནི་བསྐྱེད་པའི་རིམ་པས་བསྐྱེད་པར་མཛད་པའོ། །དེ་ཉིད་
རང་བྱུང་བ་ནི་ཞལ་གསུམ་ལ་སོགས་པའི་རྣམ་པས་ཕྱི་རོལ་དུ་གསལ་བའོ། །དེ་ནས་ངོ་མཚར་བའོ། །སྐུ་གསལ་བ་ཙམ་གཅིག་པུ་ཡང་མ་ཡིན་གྱི་ཇི་སྲིད་དེ་བཞིན་གཤེགས་པ་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གསང་བ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་།
ཡེ་ཤེས་སེམས་དཔའ་བཞུགས་པ་ལ་སོགས་པའོ། །དེ་བཞིན་དུ་རབ་ཏུ་མི་རྟོག་པ་ནི་རྣམ་པར་མི་རྟོག་པའི་ཕྲ་མོའི་རྣལ་འབྱོར་ལ་སོགས་པའོ། །གནས་མེད་པ་ཞེས་པ་ནི་ཐབས་དང་ཤེས་རབ་སྙོམས་པར་བཞུགས་པས་ཐིག་ལེའི་ངོ་བོ་ཉིད་དུ་གྱུར་པའོ། །དེ་ཉིད་ལས་ཀྱང་ལྡང་བ་དང་ཚིམ་པ་
เล่ม ๒๙ · หน้า 34b
ལ་སོགས་པ་སྟེ། དེ་ཡང་ངོ་མཚར་བའོ། །དེ་ནི་དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ཡིན་ནོ། །དེ་ལྟར་གསུངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཅི་མཛད་ཅེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གཅིག་ཏུ་འདུས་ནས་ཞེས་པ་ནི། སྔར་ནི་རེ་ཞིག་གཅིག་ཏུ་
འདུས་པ་ཡིན་ཏེ། ཕྱི་ནས་དེ་ཁོ་ན་ཉིད་ཆེན་པོ་གསོལ་བ་བཏབ་པའི་ཕྱིར་འདུས་ནས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །དེ་རྣམས་ཀྱི་
སྤྲིན་ནི་ཚོགས་སོ། །སྤྲོས་པ་ནི་བྱུང་བ་སྟེ། དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་རྟག་ཏུ་སྤྱོད་པས་ན་དམ་ཚིག་གོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པས་ན་རིན་པོ་ཆེའོ། །དེ་རྣམས་ཀྱིས་ཡང་དག་པར་མཆོད་
ཅིང་ཕྱག་འཚལ་ནས་འདི་སྐད་གསོལ་ཏེ་བསྐྱེད་པའི་རིམ་པའོ། །འདུས་པ་གསང་བ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནི་བོད་པའི་ཚིག་སྟེ། ཀྱཻ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི་དེ་ཁོ་ན་ཉིད་དེ་དོན་དམ་པ་གནང་དུ་གསོལ་ཞེས་པ་ནི་བཀའ་སྩལ་པར་
མཛོད་ཅིག་ཅེས་སྟོན་ཏོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་སྙིང་པོ་འདུས་པ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ནི་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་སྟེ་དེ་རྣམས་འདུས་པ་ནི་དཀྱིལ་འཁོར་གྱི་རིམ་པས་འདུས་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་པ་ནི་དེ་བཞིན་
གཤེགས་པ་ཀུན་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ནས་བྱུང་བས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །གསང་བ་ནི་དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་ལ་མ་ཞུགས་པ་རྣམས་ལ་སྦས་པའི་ཕྱིར་རོ། །དེ་བཞིན་དུ་འདུས་པ་གསང་བ་ལས་བྱུང་བ་ཞེས་པ་ནི་འདུས་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་ལ་ཞུགས་པས་རོ་
གཅིག་པར་གྱུར་པ་ཉིད་ཐོབ་པའོ། །དེ་བཞིན་དུ་གསང་བ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་ས་བོན་རྣམས་ལས་དེའི་རིགས་ཅན་ཐུགས་རྡོ་རྗེ་ལ་སོགས་པ་འབྱུང་བ་ནི་སྐྱེད་པ་གང་དུ་ཡོད་པ་དེ་ལྟ་བུ་བཤད་དུ་གསོལ་ཞེས་འབྲེལ་བའོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་དུ་དེ་ཉིད་ནི་ལྷན་ཅིག་སྐྱེས་
เล่ม ๒๙ · หน้า 35a
པའི་བདེ་བ་སྟེ་བཤད་དུ་གསོལ། ཇི་ལྟ་བུ་ཞེ་ན། རྡོ་རྗེ་སྙིང་པོ་ནི་དགའ་བ་གསུམ་སྟེ། དེ་རྣམས་འདུས་པ་ནི་བཞི་པའོ། །ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་བྷ་གའི་ནང་དུ་གནས་པའི་རྩ་ལྔ་སྟེ། དེ་ལས་བྱུང་བས་ན་གསང་བའོ། །ཐམས་ཅད་ཀྱི་ཉེ་
བར་བླང་བའི་ཕྱིར་འདུས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རོ་གཅིག་པར་གྱུར་པའོ། །གསང་བ་ནི་དབང་པོ་གཉིས་ཏེ་རྡོ་རྗེ་དང་པདྨའོ། །དེ་དག་ལས་བྱུང་བ་གང་ཡིན་པ་དེ་བཤད་དུ་གསོལ་ཞེས་ཚིག་གི་དོན་ཏོ། །དེ་ནི་སྒྲུབ་པ་ཆེན་པོའོ། །གསོལ་བ་བཏབ་མ་ཐག་ཏུ་མང་དུ་བསྙེན་བཀུར་
བསྐྱེད་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་གཙོ་བོས་འདུས་པ་བཤད་དུ་མི་ནུས་པ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ནི་འདུས་པའི་དེ་ཁོ་ན་ཉིད་མི་བསྟན་པ་སྟེ། དེ་ལ་སེམས་ནི་རྡོ་རྗེ་བཞིན་དུ་མི་ཕྱེད་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་
དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ལ་འདི་སྐད་བཀའ་སྩལ་ཏོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ལེགས་སོ་ཞེས་པ་ནི་ཁྱེད་ཀྱི་ཐེ་ཚོམ་ནི་ཤིན་ཏུ་ཡིད་དུ་འོང་བ་ཡིན་ཏེ། འོན་ཀྱང་བདག་གིས་བཤད་དུ་མི་རིགས་སོ། །
དེ་ཁོ་ན་ཉིད་འདི་ཡིན་པས་བཤད་དུ་མི་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་ས་བཅུ་གཉིས་ཐོབ་པ་སྟེ། དེ་རྣམས་ལ་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ཏེ། མཚོན་པར་དཀའ་བའི་ཕྱིར་རོ། བྱང་ཆུབ་སེམས་དཔའ་ནི་ས་བཅུ་ཐོབ་པ་གཞན་རྣམས་ལ་ལྟ་ཅི་སྨོས་པ་ནི་ཐེ་
ཚོམ་བྱེད་པ་ཡིན་ཞེས་འདིར་མ་འོངས་པའི་སེམས་ཅན་རྣམས་ཀྱི་བླ་མ་བསྟེན་ཏེ། ལན་གཉིས་སམ་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ་ཞེས་དོན་བསྟན་ཏོ། །དེ་ནི་སྒྲུབ་པའི་ཕྱོགས་གཅིག་ཡིན་ནོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྣང་བ་ལ་སོགས་པ་རྩ་བའི་རྣམ་པར་ཤེས་
པ་སྟེ། དེ་རྣམས་ཀྱང་ཐེ་ཚོམ་བསྐྱེད་པ་ནི་འཇིག་པར་བྱེད་པའོ། །འོན་ཀྱང་གཞན་རྣམས་བྱང་ཆུབ་སེམས་དཔའ་ནི་རང་བཞིན་བརྒྱ་དྲུག་ཅུ་སྟེ། དེ་རྣམས་འཇིག་པར་བྱེད་པ་སྨོས་ཅི་དགོས། དེ་ནི་སེམས་རྣམ་པར་དག་པའོ། །འགྱོད་པ་སྐྱེས་པའི་དེ་བཞིན་གཤེགས་པ་རྣམས། །དེ་བཞིན་གཤེགས་
เล่ม ๒๙ · หน้า 35b
པ་ཐམས་ཅད་ཀྱི་བདག་པོ་དྲུག་པ་སྟེ། དེ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་ཚིག་གི་འབྲེལ་པའོ། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་ནི་རང་དང་གཞན་གྱི་སྡེ་པ་རྣམས་ལའོ། །བཅོམ་ལྡན་འདས་ནི་ཆགས་པ་དང་ལྡང་བ་འཇོམས་པར་མཛད་པས་ན་ཐུགས་མཉམ་པའོ། །གསོལ་བ་གདབ་པ་གང་
ཡིན་ཞེ་ན། གང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་ཁྱད་པར་ཅན་དེ་གྱུར་པ་ནི་ཕུལ་དུ་བྱུང་བའོ། །ཐམས་ཅད་ནི་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་རྣམས་སོ། །
དེ་རྣམས་དང་དེ་བཞིན་གཤེགས་པའི་འཁོར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་གང་ཞིག་སྐུ་གསུང་ཐུགས་ནི་དབང་བསྐུར་བའི་ངོ་བོ་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་གསང་བ་ནི་དེ་རྣམས་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་
ཏེ། སྟོན་པར་མི་སྤྲོ་བ་ནི་གསུང་བར་བྱེད་ན་དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་ལ་སོགས་པའི་ངོ་བོ་སྟེ། ད་རྣམས་ཀྱི་བྱིན་གྱིས་བརླབ་པ་ནི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་བདག་ཅག་རྣམས་ལ་མཛད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་རྣམས་ཁོ་ན་སྟེ། དེ་ཉིད་
ཀྱི་རྡོ་རྗེ་དམ་ཚིག་ནི་རྩ་བའི་སྔགས་ཏེ། དེ་རྣམས་ལས་འབྱུང་བའི་ཚིག་ནི་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་སྟེ་དེ་རྣམས་ཀྱིས་སོ། །ཅིའི་དོན་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྣ་ཚོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་རིགས་ཅན་གྱི་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱི་
བདེ་བ་ནི་ལུས་ཤིན་ཏུ་སྦྱངས་པའོ། །ཡིད་བདེ་བ་ནི་རྩེ་གཅིག་པས་རྣམ་པར་རྟོག་པ་ལྡོག་ཅིང་སེམས་ཤིན་ཏུ་སྦྱངས་པ་སྟེ། དེ་ཉིད་ཀྱི་ཕྱིར་རོ། །དེ་བས་སྐུ་སྒོམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་འབྲས་བུར་གྱུར་པ་མེ་ལོང་ལྟ་བུ་ལ་སོགས་པ་དང་། མངོན་པར་ཤེས་པ་ནི་ཟག་
བཟད་པའི་བར་དུ་དྲུག་དང་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་བྱ་བའི་ཕྱིར་ཡང་དག་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ནི་ཕུལ་དུ་བྱུང་བ་སྟེ། ཏིང་ངེ་འཛིན་སྔོན་དུ་འགྲོ་བས་རེ་རེ་སྤྲོ་བས་བསྟན་དུ་གསོལ་ཅིག་པའོ་ཞེས་བསྐྱེད་པའི་རིམ་པའོ། །ཡང་ན་གང་བཅོམ་ལྡན་འདས་ཞེས་བྱ་བ་ལ་
เล่ม ๒๙ · หน้า 36a
སོགས་པ་ནི་འདི་ལྟ་བུའི་ཡོན་ཏན་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ཁྱད་པར་ཅན་དུ་གྱུར་པ་གང་ཞིག་འཁོར་ལོ་ནི་ལྷའི་སྐུ་སྟེ་དེ་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དགའ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་
སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་གང་ཞིག་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཐོབ་པ་དེ་ཁོ་ན་ཉིད་བཞི་པ་སྟེ་སྟོན་པར་མི་སྤྲོ་བ་དེ་ནི་རང་རིག་པའི་ཕྱིར་གསུང་དུ་མི་བཞེད་པ་དེ་ནི་རིགས་སོ། །དེ་དང་འདྲ་བ་བཞི་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནི་མཚམས་དང་མཚན་མོ་
དང་ཉིན་མོའི་བདག་ཉིད་ཅན་ལ་བྱིན་གྱིས་བརླབ་པ་ནི་འཇིག་པར་མཛད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ནི་རྟགས་ལྔ་སྟེ། དེ་རྣམས་ལས་འབྱུང་བ་ནི་གང་ཞིག་དེ་མཚོན་པའི་ཚིག་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཅན་སྐད་ཅིག་མ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་
པ་ཐམས་ཅད་ནི་བདག་དང་ཁམས་གསུམ་པ་སྟེ། དེ་དག་གི་བདེ་བ་ནི་རིལ་པོར་འཛིན་པ་དང་། ཡིད་བདེ་བ་ནི་རྗེས་སུ་འཇིག་པ་མྱོང་བར་བགྱི་བ་ནི་མི་སྣང་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པ་ནི་འབྲས་བུར་གྱུར་པ་སྟེ། དེ་རྣམས་ཐོབ་པར་
བྱ་བའི་ཕྱིར་ཡང་དག་པར་རབ་ཏུ་བསྟན་དུ་གསོལ་ཞེས་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཡེ་ཤེས་ཀྱི་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཉིད་རྣམ་པར་རྟོག་
པའི་མུན་པ་འཇིག་པར་བྱེད་པས་ན་སྒྲོན་མའོ། །དེ་ཉིད་ཡང་རྟག་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྫོགས་པའི་རིམ་པའོ། །དེ་བཞིན་དུ་ཡེ་ཤེས་ནི་སྣང་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྒྲོན་མ་ནི་འོད་གསལ་བའོ། །དེ་ཉིད་ཀྱང་མི་ཕྱེད་པའི་ཕྱིར་
རྡོ་རྗེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་སེམས་རྣམ་པར་དག་པའོ། །ཡང་ན་ཡེ་ཤེས་ནི་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་སྒྲོན་མ་ནི་རླུང་སྟེ། རྡོ་རྗེ་ནི་དེས་བཟླས་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་རྡོ་རྗེ་བཟླས་པའོ། །ཡང་ན་ཛྙཱ་ནི་རྟོགས་པ་ལའོ། །ན་ནི་བཀག་པ་ལ་སྟེ་ཡེ་ཤེས་མེད་པ་ཞེས་
เล่ม ๒๙ · หน้า 36b
སྟོན་ཏོ། །སྒྲོན་མ་ནི་མར་མེ་ལས་མར་མེ་བཞིན་དུ་བརྒྱུད་མ་ལྟ་བུའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ནི་བདེན་པ་གཉིས་ཐ་མི་དད་པར་བྱེད་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ་མངོན་པར་བྱང་ཆུབ་པ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། ཟུང་འཇུག་གི་རིམ་པ་རྣམས་སོ། །ད་ནི་ཞེ་སྡང་གི་རིགས་ནི་མི་
བསྐྱོད་པའི་རིགས་ཀྱི་མཆོག་ནི་རྩ་བའོ། །སྙིང་པོ་ནི་རྣམ་པར་སྡང་བ་ལ་སོགས་པའི་ལས་མཛད་པའོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་ནི་སྐུ་གསུང་ཐུགས་ཀྱི་ངོ་བོ་གཅིག་གིས་སྙོམས་པར་ཞུགས་པ་ལས་བྱུང་བ་ནི་སྤྲོ་བར་མཛད་པ་སྟེ་སྒྲུབ་པའོ། །བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ནི་བཛྲ་
ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཛིན་པས་ན་བཛྲ་དྷྲྀཀ་སྟེ་རྫོགས་པའི་རིམ་པའོ། །རྡོ་རྗེ་ནི་རྩེ་ལྔ་པ་སྟེ་དེ་འཛིན་པས་ན་བཛྲ་དྷྲྀཀ་སྟེ། བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་ཕྱུང་མ་ཐག་ཏུ་ནི་སྔགས་འདི་གསུངས་པ་ཙམ་གྱིས་སོ། །དེ་ཉིད་བཅོམ་ལྡན་འདས་ཞེས་བྱ་
བ་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་སྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །རིག་པ་ནི་དོན་དམ་པའི་བདེན་པ་དང་། སྐྱེས་བུ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེའི་རང་བཞིན་མི་བསྐྱོད་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཀྱིས་མི་གཡོ་བའོ། །
དེ་ཉིད་ཕྱག་རྒྱ་ཆེན་པོའི་སྦྱོར་བ་ནི་སྔགས་དང་ཡེ་ཤེས་ཀྱི་སྐུ་དང་འབྲེལ་པའོ། །དེ་ནི་ཞལ་གསུམ་ཕྱག་དྲུག་པ་ལ་སོགས་པ་དེ་རྣམས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་ནག་པོ་དང་། དཀར་པོ་དང་། དམར་པོའི་ཚུལ་གྱི་ཞལ་གྱི་ཁ་དོག་གོ། །ནག་པོ་ནི་སྣང་བ་ཉེ་བར་ཐོབ་པ་དང་། དཀར་པོ་ནི་
སྣང་བ་དང་། དམར་པོ་ནི་སྣང་བ་མཆེད་པའི་ཡེ་ཤེས་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ཞུགས་སོ་ཞེས་བྱ་བ་ནི་དེའི་བདག་ཉིད་
ཀྱིས་རྗེས་སུ་ཞུགས་སོ། །དེ་ནི་རྡོ་རྗེ་སེམས་དཔའ་ཕྱུང་བ་སྟེ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། སེམས་རྣམ་པར་དག་པའི་རིམ་པ་རྣམས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བ་ནི་དམ་ཚིག་ནི་མེ་ལོང་ལྟ་བུའི་ཡེ་ཤེས་
เล่ม ๒๙ · หน้า 37a
ལས་འབྱུང་བ་ནི་བསྐྱད་པ། རྡོ་རྗེ་ནི་ཏིང་ངེ་འཛིན་གང་ཡིན་པ་དེ་ཞེས་བྱ་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དམ་ཚིག་ནི་ཞི་བ་གཙོ་བོར་གྱུར་པའི་ཕྲིན་ལས་གང་ལས་འབྱུང་བ་དང་དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བསྒྲུབ་པའོ། །
གཏི་མུག་གི་རིགས་ནི་གཏི་མུག་རྣམ་པར་དག་པའི་རིགས་ཏེ། རྣམ་པར་སྣང་མཛད་ཀྱི་རིགས་ཀྱིའོ། །མཆོག་ནི་ཞི་བ་བསྒྲུབས་པས་ན་དམ་པའོ། །སྐུ་རྫོགས་པས་ན་སྙིང་པོའོ། །ཉིད་ཀྱི་སྐུ་གསུང་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ནི་བསྐྱེད་པ་དང་རྫོགས་པ་དང་། བསྒྲུབ་པ་རྣམས་
སོ། །ཛི་ན་ཛིཀ་ཅེས་སྨོས་པ་ལ། ཛི་ན་ནི་སངས་རྒྱས་ཀྱི་རིགས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་རྒྱལ་བས་ན་ཛིཀ་གོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་
པོའི་སྦྱོར་བའི་ཐབས་ཀྱིས་ཞེས་བྱ་བ་ནི་ཁྱད་པར་དུ་མཛེས་ཤིང་སྤྲོ་བས་ན་རྣམ་པར་སྣང་མཛད་དེ་བསྐྱེད་པའི་རིམ་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་སམ་ཞི་བས་མ་སྣང་བས་ན་རྣམ་པར་སྣང་མཛད་དེ་ནི་རྫོགས་པའི་རིམ་པ་དང་བསྒྲུབ་པ་དག་གོ། །དེའི་ཕྱག་རྒྱ་ཆེན་པོ་ནི་སྐུ་དང་སྦྱོར་བ་གང་ཡིན་པ་དེ་ནི་འཁོར་བའི་
བར་དུ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་གནས་པས་ན་ཐབས་ཏེ། བསྐྱེད་པའི་རིམ་པའོ། །ཕྱག་རྒྱ་ཆེན་པོ་ནི་འོད་གསལ་བ་སྟེ། དེས་སྦྱོར་བ་ནི་ཡེ་ཤེས་ཀྱི་སྐུ་དང་སྙོམས་པར་ཞུགས་པའོ། །དེ་ཉིད་ཐབས་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །
དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྤྱན་སྔར་བཞུགས་སོ་ཞེས་བྱ་བ་ནི་ཤར་ཕྱོགས་སུ་གནས་པར་གྱུར་ཅེས་བསྐྱེད་པའི་རིམ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཞེས་པ་ནི་རིན་པོ་ཆེ་ནི་ནམ་མཁའ་མཛོད་ཀྱི་བདག་ཉིད་འདོད་པ་ཐམས་
ཅད་རྫོགས་པར་བྱེད་པ་སྟེ། དེ་ལས་འབྱུང་བ་རྡོ་རྗེ་ནི་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་སྟེ། ནམ་མཁའི་ཏིང་ངེ་འཛིན་ཏོ། །དེ་ཉིད་ངན་འགྲོ་འཇིག་པར་བྱ་བའི་ཕྱིར། དཔལ་ནི་ཕུན་སུམ་ཚོགས་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་ཏེ་བསྐྱེད་པའི་རིམ་པའོ། །རིན་པོ་ཆེ་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་གྱི་
เล่ม ๒๙ · หน้า 37b
བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །འབྱུང་བ་ནི་དེ་ཉིད་ལས་ཁ་དོག་ལྔ་པ་འོད་ཟེར་གྱི་ཚོགས་སོ། །དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་ཉིད་ཀྱང་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ལ་སོགས་པ་སྤྲོ་བའི་ཕྱིར་དཔལ་ལོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་རྣལ་འབྱོར་གྱི་ཕྱོགས་ཅིག་སྲོག་དང་རྩོལ་བའོ། །ཡིད་བཞིན་
ནོར་བུའི་རིགས་མཆོག་གི་སྙིང་པོའི་སྙིང་པོ་ཞེས་པ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུའི་རིགས་མཆོག་གི་སྙིང་པོའི་སྙིང་པོ་ཞེས་ཏེ། བསྐྱེད་པའི་རིམ་པའོ། །ཉིད་ཀྱི་སྐུ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རཏྣ་དྷྲྀཀ་ཅེས་པ་རཏྣ་ནི་བསམ་པ་ཐམས་ཅད་
རྫོགས་པར་བྱེད་པའི་ཕྱག་མཚན་ཏེ། དེ་འཛིན་པར་བྱེད་པས་ན་རཏྣ་དྷྲྀཀ་སྟེ་བསྐྱེད་པའི་རིམ་པའོ། །རཏྣ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་འཛིན་པར་བྱེད་པ་སྟེ། རྫོགས་པའི་རིམ་པའོ། །རཏྣ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དེ། དེ་ཁོ་ན་འཛིན་པར་བྱེད་པས་དང་པོ་སྦྱོར་བའོ། །རཏྣ་ནི་ལྷའི་
འཁོར་ལོ་སྟེ། དེ་འཛིན་པར་བྱེད་པས་དཀྱིལ་འཁོར་རྒྱལ་མཆོག་གོ། །རཏྣ་ནི་ཡེ་ཤེས་སེམས་དཔའ་ལ་སོགས་པ་བཞུགས་པ་སྟེ། དེ་འཛིན་པར་བྱེད་པས་ན་རཏྣ་དྷྲྀཀ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ། །རཏྣ་ནི་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡི་གེ་གསུམ་སྟེ་དེ་རྣམས་ཟོ་ཆུན་གྱི་འཁྲུལ་
འཁོར་གྱི་རིགས་པས་ཞུགས་པ་ལ་སོགས་པའི་རིམ་པས་འཛིན་པར་བྱེད་པ་སྟེ། རྡོ་རྗེ་བཟླས་པའོ། །རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་འོད་གསལ་བ་ནི་རཏྣ་སྟེ། དེ་འཛིན་པར་བྱེད་པས་ན་རཏྣ་དྷྲྀཀ་སྟེ་སེམས་རྣམ་པར་དག་པའོ། །དབང་པོའི་གཞུ་དང་འདྲ་བའི་སྐུས་འགྲོ་བའི་དོན་
མཛད་པ་ནི་རཏྣ་སྟེ་དེ་འཛིན་པར་བྱེད་པ་ནི་སྤྲོ་བར་མཛད་པ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །རཏྣ་ནི་དབང་བསྐུར་བའི་རིན་ཆེན་བཞི་པ་མངོན་པར་བྱང་ཆུབ་ཀྱི་རིམ་པ་འཛིན་པར་བྱེད་པ་སྟེ་མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །འབྲས་བུར་གྱུར་པ་ཉིད་ཀྱི་ཕྱིར་དང་། སློབ་བཞིན་མ་ཡིན་པའི་ཕྱིར་
རཏྣ་ནི་ཟུང་འཇུག་སྟེ་དེ་འཛིན་པར་བྱེད་པས་ན་རཏྣ་དྷྲྀཀ་ཏེ། ཟུང་འཇུག་གི་རིམ་པའོ། །རཏྣ་དང་རཏྣ་ནི་རཏྣ་ཞེས་བྱ་བའི་བསྡུ་བ་བྱས་ལ་གཅིག་ལུས་པའོ། །དེ་བས་ན་རཏྣ་ནི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་སྟེ། རང་བཞིན་ནོ། །རྡོ་རྗེ་དང་པདྨ་ནི་རཏྣ་སྟེ། དེ་ཉིད་འཛིན་པ་ནི་ཡང་དག་པར་
เล่ม ๒๙ · หน้า 38a
སྦྱོར་བ་སྟེ་རྒྱུ་ཡིན་ནོ། །ཧཱུཾ་དང་ཕཊ་ལ་སོགས་པ་ནི་རཏྣ་སྟེ། དེ་དང་ལྡན་པའི་པདྨས་འཛིན་པ་ནི་གཡོ་བ་སྟེ་ལས་སོ། །རཏྣ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་འཛིན་པར་བྱེད་པས་ན་རཏྣ་དྷྲྀཀ་སྟེ་འབྲས་བུའོ། །རཏྣ་ནི་སོ་སོར་སྡུད་པ་ལ་སོགས་པའི་རིམ་པས་རྡོ་རྗེ་འཆང་
ཆེན་པོ་ཉིད་འཛིན་པར་བྱེད་པ་སྟེ་རྣལ་འབྱོར་རོ། །རཏྣ་ནི་བསྟན་པ་སྲུང་བར་བྱེད་པའི་ཕྱིར་སློབ་པ་སྟེ་དེ་འཛིན་པར་བྱེད་པས་ན་རཏྣ་དྷྲྀཀ་གོ། །རཏྣ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་རྫས་རྣམས་ཏེ། དེ་དག་སྦྱར་བ་ལ་སོགས་པའི་རིམ་པས་འཛིན་པ་ནི་སྤྱོད་པར་བྱེད་པ་སྟེ་རཏྣ་དྷྲྀཀ་གོ། །དེ་ནི་
སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ཞེས་པ་ནི་རིན་ཆེན་དཔལ་གྱི་ཕྱག་མཚན་གང་ལ་ཡོད་པ་དེ་ནི་རིན་ཆེན་དཔལ་ཏེ། རྡོ་རྗེ་ཉི་མའོ། །ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ནི་ཞལ་གསུམ་དང་ཕྱག་དྲུག་པའི་རབ་
ཏུ་གནས་པས་དེ་ཉིད་ལྷོ་ཕྱོགས་སུ་བཞུགས་ཏེ་བསྐྱེད་པའི་རིམ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཆེན་པོའི་ཚུལ་ནི་ཆེན་པོ་ནི་སེམས་ཅན་གྱི་ཚོགས་ཀྱི་འདོད་ཆགས་ཉོན་མོངས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཚུལ་ནི་ལམ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །
དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དེ་བཞིན་དུ་བཤད་པ་སྟེ་རྫོགས་པའི་རིམ་པའོ། །ཆེན་པོ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་རང་བཞིན་སུམ་ཅུ་རྩ་གསུམ་སྟེ་ཤེས་རབ་བོ། །འདོད་ཆགས་ནི་འདོད་ཆགས་ལ་སོགས་པའི་རང་བཞིན་བཞི་བཅུ་སྟེ། ཐབས་སོ། །ཚུལ་ནི་མ་རིག་པའི་རང་
བཞིན་བདུན་ཏེ། དེ་རྣམས་འོད་གསལ་བ་གང་གིས་རྣམ་པར་དག་པར་བྱ་བ་སྟེ། དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་སེམས་རྣམ་པར་དག་པའོ། །ཉིད་ཀྱི་སྐུ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུའོ། །ཨཱ་རོ་ལྀཀ་ཅེས་པ་ནི་སྒྲའི་དོན་དུའོ། །ཨཱ་ནི་སྔོན་དུ་སྟེ་ཀུན་དུ་སྒྲ་བྱེད་པས་ན་ཨཱ་རོ་སྟེ་ངག་
ལ་བྱའོ། །དེ་ཉིད་ལྀཀ་ཅེས་པ་ནི་རྣམ་པར་དག་པར་འགྲོ་བས་ན་ཨ་རོ་ལྀཀ་སྟེ། སྣང་བ་མཐའ་ཡས་སོ། །དེ་ནི་རྫོགས་པའི་རིམ་པའོ། །ཨཱ་ཞེས་བྱ་བ་ནི་དབྱངས་རིང་པོས་བརྗོད་པར་བྱ་བའི་གོས་དཀར་མོའོ། །ར་ཨ་ཨོ་ཞེས་བྱ་ག་ལ་ཡོན་ཏན་དུ་བྱས་ལ་རོ་ཡིན་ནོ། །དེ་ལ་ར་ནི་ཁྲག་གོ། །ཨ་ནི་
เล่ม ๒๙ · หน้า 38b
བདུད་རྩི་སྟེ་བྱང་ཆུབ་ཀྱི་སེམས་སོ། །ཨོ་ཞེས་པ་ནི་དེ་དག་རོ་གཅིག་པར་བྱས་པའོ། །དེ་རྣམས་ལྀཀ་ཅེས་པ་ནི་རྟོགས་པར་བྱེད་པ་སྟེ་ཨཱ་རོ་ལི་ཀ་ཅེས་སོ། །དེའི་དོན་འདི་ཡིན་ཏེ་གོས་དཀར་མོ་དང་གཉིས་སུ་མེད་པ་དེའི་པདྨར་ཟླ་བ་དང་ཉི་མ་གཅིག་ཏུ་ཤེས་པས་དེ་ཉིད་ཀྱི་ཕྱིར་འདི་སངས་
རྒྱས་ཐམས་ཅད་ལ་སོགས་པའི་རྒྱུད་རྣམས་ལ་པདྨ་གར་གྱི་དབང་ཕྱུག་མ་ཞེས་བརྗོད་པ་སྟེ་རྒྱུ་ཡིན་ནོ། །རྡོ་རྗེ་འདོད་ཆགས་ཀྱི་རིགས་ནི་འདོད་ཆགས་རྣམ་པར་དག་པའི་རིགས་ཏེ་སྣང་བ་མཐའ་ཡས་ཀྱི་རིགས་སོ། །མཆོག་གི་སྙིང་པོའི་སྙིང་པོ་ཞེས་པ་ནི་དེ་ཉིད་བསྐྱེད་པའི་རྒྱུའི་སྔགས་ཏེ་བསྐྱེད་པའི་
རིམ་པ་དང་རྫོགས་པའི་རིམ་པ་དག་གོ། །ཉིད་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འཇིག་རྟེན་དབང་ཕྱུག་རིག་པ་ཆེན་པོ་ཞེས་པ་ནི་དངོས་པོའི་རང་བཞིན་གང་གིས་རྣམ་པར་དཔྱོད་པར་བྱེད་པ་དེ་ནི་འཇིག་རྟེན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལ་དབང་ཕྱུག་ནི་དེའི་ངོ་བོ་
སྣང་བ་མཐའ་ཡས་སོ། །རིག་པ་ཆེན་པོའི་བདག་པོ་ནི་སྔགས་ཐམས་ཅད་དང་རིག་པ་རྣམས་ཀྱི་བདག་པོ་སྟེ། གསུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་སྦྱོར་བའི་ཐབས་ཀྱིས་ཞེས་པ་ནི་སྔ་མ་བཞིན་དུ་བསྐྱེད་པ་དང་། རྫོགས་པའི་རིམ་པ་དག་གོ། །རྒྱབ་ཏུ་
བཞུགས་སོ་ཞེས་པ་ནི་ནུབ་ཕྱོགས་སུ་ཞུགས་པའོ་ཞེས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གདོན་མི་ཟ་བའི་དམ་ཚིག་ནི་སེམས་ཅན་སྨིན་པ་དང་གྲོལ་བ་དང་སྤྲོ་བ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ། དེ་ལས་བྱུང་བའི་རྡོ་རྗེ་གང་ཡིན་
པ་དེ་ནི་གདོན་མི་ཟ་བའི་དམ་ཚིག་འབྱུང་བའི་རྡོ་རྗེ་སྟེ་དོན་ཡོད་གྲུབ་པའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །དམ་ཚིག་འགུགས་པའི་རིགས་ཞེས་པ་ནི། དམ་ཚིག་ནི་མུ་སྟེགས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོགས་པ་སྟེ། དེ་
རྣམས་དགུག་པར་བྱ་བའི་ཕྱིར་རིགས་ནི་དོན་ཡོད་གྲུབ་པའི་རིགས་ཏེ། རླུང་གི་ཁམས་གཙོ་བོར་གྱུར་པས་འགུགས་པའི་ལས་མཛད་པའི་ཕྱིར་རོ། །མཆོག་གི་སྙིང་པོའི་སྙིང་པོ་ཞེས་པ་ནི་དེ་ཉིད་བསྐྱེད་པའི་སྔགས་ཏེ། སྔ་མ་བཞིན་དུ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །པྲཛྙཱ་དྷྲྀཀ་
เล่ม ๒๙ · หน้า 39a
ཅེས་བྱ་བ་ནི་འགྲོ་བའི་དོན་མཛད་པ་ནི་པྲཛྙཱ་སྟེ་དེ་འཛིན་པ་སྟེ། རྫོགས་པའི་རིམ་པའོ། །ཤེས་རབ་བཞིན་དུ་རལ་གྲི་རྣོ་བ་ནི་པྲཛྙཱ་སྟེ། དེ་འཛིན་པར་བྱེད་པས་ན་བསྐྱེད་པའི་རིམ་པའོ། །ཕུལ་དུ་བྱུང་བའི་ཤེས་པ་ནི་པྲཛྙཱ་སྟེ་འོད་གསལ་བའོ། །དེ་འཛིན་པ་སྟེ་མངོན་པར་
བྱང་ཆུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གདོན་མི་ཟ་བ་ནི་འབྲས་བུ་དང་བཅས་པའི་དངོས་གྲུབ་ས་བཅུ་ལ་གནས་པར་བྱ་བའི་མཚན་ཉིད་ཅན་སེམས་ཅན་ཐམས་ཅད་ལ་གང་ལས་བྱུང་བ་ནི་གདོན་མི་ཟ་བའི་དངོས་གྲུབ་སྟེ་རྟ་མཆོག་གོ། །དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་
ཐབས་ཀྱིས་ཞེས་པ་སྟེ་བསྐྱེད་པའི་རིམ་པའོ། །བྱང་ཕྱོགས་སུ་ཞུགས་སོ་ཞེས་པ་ནི་དོན་རྟོགས་པའོ། །ཞེ་སྡང་གཏི་མུག་འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པའི་དོན་ཉེ་བར་བསྡུས་པ་བཤད་པར་བྱ་སྟེ། འདིར་ནི་དང་པོ་འགྲོ་བ་མུན་པ་དང་འདྲ་བ་སྟོང་པར་ཡོད་པ་སྟེ། དེའི་རྗེས་ལ་
གཟུགས་མེད་པའི་ཁམས་ཀྱི་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པ་ན་ཡང་ཞེ་སྡང་གི་བག་ཆགས་དྲག་པར་གྱུར་ཏོ། །དེ་མ་ཐག་ཏུ་གཟུགས་དང་ལྡན་པར་འགྱུར་ཏེ། དེ་ནས་ཉོན་མོངས་པའི་བག་ཆགས་ཀྱི་མཐུས་ཟླ་བ་མཐོང་བ་ཙམ་གྱིས་ཆུ་ཤེལ་གྱི་ནོར་བུ་དང་
འདྲ་བ་དེ་རྣམས་ཀྱིས་རང་གི་ལུས་ལས་སྣུམ་པའི་རང་བཞིན་ཆུའི་རྒྱུན་འབེབས་པར་གྱུར་ཏོ། །འབེབས་པ་དེ་རྣམས་ཀྱི་ཁ་དོག་སེར་པོའི་སའི་ཁམས་ཆགས་པར་གྱུར་ཏོ། །དེ་རྣམས་ཀྱང་ནམ་མཁའ་ལས་བྱུང་ཞིང་ཉོན་མོངས་པ་དྲག་པོའི་དབང་གིས་སའི་ཁམས་ཀྱི་བསྐལ་པ་བྱས་ཤིང་བདག་པོ་བྱེད་པ་
དང་། དེ་རྣམས་ཀྱང་མཚན་མ་གཉིས་སུ་གྱུར་ཏོ། །བུད་མེད་དང་སྐྱེས་པའི་སྦྱོར་བས་འགྲོ་བ་རྣམས་འབྱུང་བར་གྱུར་ཏོ། །མ་དུམ་པ་ལ་སོགས་སྲུང་བར་བྱེད་པ། རྒྱལ་པོ་ལ་སོགས་པ་དང་། ལུས་ཚིམ་པར་བྱ་བའི་ཕྱིར་འབྲུ་ལ་སོགས་པ་བྱུང་ངོ་། །དེ་ནས་རྣམ་པ་སྣ་ཚོགས་པ་འགྲོ་བ་
དྲུག་སྐྱེ་བར་གྱུར་ཏོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཅན་གྱི་འཁོར་བ་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་གཙོ་བོར་གྱུར་པའི་འགྲོ་བ་གཟིགས་ནས་འདོད་ཆགས་དང་བྲལ་བའི་ལམ་སྤངས་ཏེ། དེའི་གཙོ་
เล่ม ๒๙ · หน้า 39b
བོར་གྱུར་པ་ཉོན་མོངས་པ་ལྔ་རྣམ་པར་དག་པའི་ངོ་བོ་རིགས་ལྔ་སྤྲོས་སོ། །ཞེ་སྡང་གི་རིགས་ལ་མི་བསྐྱོད་པའི་རིགས་དང་། གཏི་མུག་གི་རིགས་ཅན་ལ་གཏི་མུག་གི་རིགས་ཏེ་རྣམ་པར་སྣང་མཛད་ཀྱི་རིགས་དང་། འདོད་ཆགས་ཀྱི་རིགས་ཅན་ལ་འདོད་ཆགས་ཀྱི་རིགས་ཏེ་སྣང་བ་མཐའ་ཡས་ཀྱི་
རིགས་དང་། ནོར་གྱི་དྲེགས་པས་ཁེངས་པའི་སེམས་ཅན་རྣམས་ཀྱི་ང་རྒྱལ་སྤོང་བའི་ཕྱིར་ནམ་མཁའ་མཛོད་ཀྱི་ཡིད་བཞིན་ནོར་བུ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་དང་། ཁྱབ་འཇུག་དང་དྲག་པོ་དང་། དབྱིག་གི་སྙིང་པོ་ལ་སོགས་པའི་ལྷ་རྣམས་ནི་གདུལ་བར་དཀའ་བའི་གཞན་གྱི་འཚེ་བའི་
མཚན་ཉིད་ཀྱི་དམ་ཚིག་དགུག་པར་བྱ་བའི་དོན་དུ་དམ་ཚིག་གི་རིགས་ནི་སྤྲུལ་པར་མཛད་དོ། །རིགས་ལྔ་པོ་དེ་དག་ནི་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་སྤྲོས་པས་མཐའ་ཡས་པའི་རིགས་བརྒྱ་རུ་འགྱུར་རོ། །དེ་རྣམས་ཀྱང་སྣ་ཚོགས་
པའི་བག་ཆགས་དང་ལྡན་པའི་སེམས་ཅན་གདུལ་བའི་དོན་དུ་རིགས་བྱེ་བར་འགྱུར་རོ། །ཞེས་གཙོ་བོ་ཉིད་དུ་ལྔ་བསྟན་ཏོ། །དེ་དག་ཇི་ལྟ་བུ་ཞེ་ན། འདོད་དང་ཐར་པ་རབ་གྲུབ་པ། །ཞེས་བྱ་བ་ནི་གང་གི་དེ་རྣམས་ལ་མཆོད་པ་ཙམ་ཕུལ་བ་དེ་རྣམས་ལ་འདོད་པ་ནི་མཐོ་རིས་ཀྱི་བདེ་བ་གྲུབ་
པར་བྱེད་པ་ནི་སྟེར་བར་བྱེད་པ་དང་། ཐོབ་པ་ལ་སོགས་པའི་རིམ་གྱིས་དེའི་ངོ་བོ་རྟོགས་པ་གང་ཡིན་པ་དེ་རྣམས་ལ་ཐར་པ་དང་མྱ་ངན་ལས་འདས་པ་སྒྲུབ་པ་ཡིན་ནོ་ཞེས་བསྐྱེད་པ་དང་རྫོགས་པའི་རིམ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ནི་མི་བསྐྱོད་པ་སྟེ། དེ་ལ་
རྗེས་སུ་ཆགས་པར་བྱ་བ་ནི་སྙོམས་པར་ཞུགས་པའི་བདེ་བས་མཉེས་པར་བྱ་བའི་ཕྱིར་དམ་ཚིག་ནི་དེའི་བྱ་བ་གཅིག་དང་ལྡན་པ་མཱ་མ་ཀཱི་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་ཐམས་ཅད་ནི་ལྔའི་ནང་ན་གཙོ་བོར་གྱུར་པ་མི་བསྐྱོད་པ་སྟེ། དེའི་བཙུན་མོ་མཆོག་ནི་དམ་
ཚིག་ལྷ་མོ་གཙོ་མོ་མཱ་མ་ཀཱི་སྟེ། བསྐྱེད་པའི་རིམ་པ་ཉིད་དོ། །དྭེ་ཥ་ར་ཏི་ཞེས་བྱ་བ་ལ། དྭེ་ཥ་ནི་ཐུགས་རྡོ་རྗེ་ལ་དགའ་བའི་རྒྱུ་ཡིན་པས་དྭེ་ཥ་ར་ཏི་སྟེ། བསྐྱེད་པའི་རིམ་པའོ། །དྭེ་ཥ་ནི་རྟོགས་པའི་རང་བཞིན་མཚམས་ལ་སོགས་པའི་བདེ་བ་སེལ་བར་བྱེད་པ་མངོན་པར་བྱང་ཆུབ་ལ།
เล่ม ๒๙ · หน้า 40a
ར་ཏི་ནི་ཆགས་པ་གང་ལ་ཡོད་པ་ཞེས་མངོན་པར་བྱང་ཆུབ་པའི་རིམ་པའོ། །བུད་མེད་ཀྱི་གཟུགས་སུ་གྱུར་ཏོ་ཞེས་བྱ་བ་ནི་བུད་མེད་ཀྱི་གཟུགས་ཀྱིས་འཇིག་རྟེན་དབང་ཞེས་གསུངས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ཁོ་ན་ཉིད་ལ་བུད་མེད་དང་སྐྱེས་པའི་དབྱེ་བ་ནི་མེད་དེ།
སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་རོལ་མོ་རྣམ་པ་སྣ་ཚོགས་པ་བསྟན་ཏོ་ཞེས་བསྐྱེད་པའི་རིམ་པའོ། །ཤར་ཕྱོགས་ཀྱི་གྲྭ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་གཟུགས་རྣམས་ཉི་ཤུ་
སྟེ། དེའི་རང་བཞིན་དེ་བཞིན་གཤེགས་པ་ནི་སྐུ་རྡོ་རྗེའོ། །དེའི་རྗེས་སུ་མཉེས་པར་བྱེད་པ་ནི་ལྷ་མོ་སྤྱན་ནོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བཤད་པའི་རིམ་གྱིས་སྐུ་རྡོ་རྗེ་སྟེ། དེའི་བཙུན་མོ་མཆོག་ཅེས་བྱ་བ་ནི་སྔ་མ་བཞིན་
དུ་བསྐྱེད་པའི་རིམ་པའོ། །མོ་ཧ་ར་ཏི་ཞེས་བྱ་བ་ལ་མོ་ཧ་ནི་སྒྲིབ་པ་གཉིས་ཏེ། དེའི་གཉེན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་རྟག་པ་དགྱེས་པར་མཛད་པས་ན་ལྷ་མོ་སྤྱན་ཏེ། བསྐྱེད་པའི་རིམ་པའོ། མོ་ཧ་ནི་སེམས་ཀྱི་གཏི་མུག་སྟེ། རྣམ་པར་ཤེས་པ་གསུམ་མོ། །
དེ་རྣམས་འོད་གསལ་བས་རྣམ་པར་དག་པ་སྟེ་ར་ཏི་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ལྷོ་ཕྱོགས་ཀྱི་གྲྭ་རུ་བཞུགས་སོ་ཞེས་པ་ནི་དོན་གོ་སླ་བའོ། །རྗེས་སུ་ཆགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དངོས་པོའི་རང་བཞིན་རྟོགས་པས་ཆོས་ལ་
དམིགས་པའི་མཚན་ཉིད་ཅན་སྙིང་རྗེ་ཆེན་པོ་སྟེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་དེ་བཞིན་
གཤེགས་པ་ནི་འོད་གསལ་བ་སྟེ། དེའི་ངོ་བོ་སྣང་བ་མཐའ་ཡས་ཀྱི་བཙུན་མོའི་མཆོག་ཅེས་བྱ་བ་ནི་སྔ་མ་བཞིན་དུ་གོས་དཀར་མོ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །རཱ་ག་ར་ཏི་ཞེས་པ་ལ། རཱ་ག་ནི་འདོད་ཆགས་རྡོ་རྗེ་ལ་དགྱེས་པ་རཱ་ག་ར་ཏི་སྟེ། གོས་དཀར་མོ་སྟེ་བསྐྱེད་
เล่ม ๒๙ · หน้า 40b
པའི་རིམ་པའོ། །རཱ་ག་ནི་བདེ་བ་ཆེན་པོ་ལ་དགྱེས་པ་སྟེ་རཱ་ག་ར་ཏིའོ། །དེ་ནི་འབྲས་བུའོ། །ནུབ་ཕྱོགས་ཀྱི་གྲྭ་རུ་བཞུགས་སོ་ཞེས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔ་དང་། སྐུ་དང་གསུང་དང་ཐུགས་སླུ་བ་ནི་མི་སྣང་བར་མཛད་པ་
སྟེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། རྫོགས་པའི་རིམ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱི་གང་ཞིག་རྣམ་པར་རྟོག་པར་བྱས་པ་སྐུ་དང་གསུང་དང་ཐུགས་ནི་ལུས་ངག་ཡིད་དེ། དེ་རྣམས་བྱ་བ་ནན་ཏན་
གྲུབ་པའི་ཡེ་ཤེས་ཀྱིས་གང་གིས་སླུ་བར་བྱེད་པ་ནི་ལྷའི་ངོ་བོ་ནི་རྫོགས་པར་བྱེད་དེ་དེ་སྐད་ཅེས་བྱ་སྟེ་རིམ་པ་དེ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་ཤེས་རབ་ནི་འཕགས་མ་སྒྲོལ་མ་སྟེ་དེ་ཉིད་བཙུན་མོའི་མཆོག་གོ། །དེ་ནི་བསྐྱེད་པའི་རིམ་པའོ། །ཐམས་ཅད་ནི་གོ་
སླའོ། །དེ་བཞིན་གཤེགས་པ་ནི་སྐུའོ། །ཤེས་རབ་ནི་ངའོ། །འཛིན་པ་ནི་ཧའོ། །བཙུན་མོའི་མཆོག་ནི་ན་སྟེ། དེ་རྣམས་ཀྱི་རང་བཞིན་ནི་ལྕགས་ཀྱུ་ལྔའི་ངོ་བོ་སྒྲོན་མ་སྟེ་སྒྲུབ་པའོ། །བཛྲ་ར་ཏི་ཞེས་བྱ་བ་ནི་བཛྲ་ནི་རླུང་གི་ཁམས་དང་། བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་
དོན་ཡོད་གྲུབ་པ་ལ་འདི་དགྱེས་པས་ན་བཛྲ་ར་ཏི་སྟེ། བསྐྱེད་པའི་རིམ་པའི་རྡོ་རྗེ་ནི་འོད་གསལ་བ་སྟེ་དེ་ལ་འདི་དགྱེས་པས་ན་བཛྲ་ར་ཏི་སྟེ་རྫོགས་པའི་རིམ་པའོ། །བཛྲ་ནི་འགུགས་པ་དང་དབང་ལ་སོགས་པ་ལ་དགྱེས་པས་ན་བཛྲ་ར་ཏིའོ། །དེ་ནི་བསྒྲུབ་པའོ། །དེ་ནས་ཞེས་བྱ་བ་ནས་བྱང་
ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་བྱ་བའི་བར་ནི་གོ་སླའོ། །དེ་བཞིན་གཤེགས་པ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ནི་ཕྱག་རྒྱ་གཙོ་མོའི་ཕུན་སུམ་ཚོགས་པ་སྟེ། བསྐྱེད་པའི་རིམ་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ནི་རྩ་བདུན་ཁྲི་ཉིས་སྟོང་སྟེ། དེ་རྣམས་ཀྱི་བཙུན་མོའི་མཆོག་ནི་རྩ་བཞི་སྟེ། འདོད་པའི་གདུགས་ནམ་མཁའ་བཞིའི་རྣམ་པས་བསྐོར་ནས་གནས་པ་སྟེ་རྒྱུའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱི་བཙུན་མོའི་
เล่ม ๒๙ · หน้า 41a
མཆོག་ནི་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པའི་བྱ་བ་སྟེ། དེ་རྣམས་རྫོགས་པར་བྱེད་པས་ན་ཕུན་སུམ་ཚོགས་པ་སྟེ། ལྷ་མོ་སྤྱན་ལ་སོགས་པ་དེ་སྒྲུབ་པ་སྟེ། དེ་ནི་ཉེ་བར་བསྡུ་བ་དང་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཁྲོ་བོའི་དཀྱིལ་འཁོར་
བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་ནི་རིགས་སམ་ཅོད་པན་དུ་གང་ལ་ཡོད་པ་དེ་ནི་འཕགས་པ་གཤིན་རྗེ་མཐར་བྱེད་དང་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་སྔར་བཤད་པ་སྟེ། དེ་བྱིན་གྱིས་བརླབ་པ་ནི་སྲུང་
བར་བྱེད་པའོ། །ཁྲོ་བོ་ཆེན་པོ་ནི་འཕགས་པ་གཤིན་རྗེ་མཐར་བྱེད་དེ་རིམ་པ་དེ་ཉིད་དོ། །ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་ཡ་མཱན་ནི་མ་དད་པ་དང་འཆི་བདག་གི་བདུད་དང་ཉོན་མོངས་པའི་སྒྲིབ་པ་དང་འཇིག་ཚོགས་སུ་ལྟ་བ་དང་། སེར་སྣ་རྣམས་སོ། །དེ་རྣམས་འཇིག་པར་བྱེད་པས་ན་གཤིན་
རྗེ་མཐར་བྱེད་དེ་རྫོགས་པའི་རིམ་པའོ། །ཡ་མཱན་ནི་འཇིག་རྟེན་པའི་མཁའ་འགྲོ་དང་། མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་འཇོམས་པར་བྱེད་པས་ན་གཤིན་རྗེ་མཐར་བྱེད་དེ་བསྐྱེད་པའི་རིམ་པའོ། །ཡ་མཱན་ནི་གདོན་དང་ནད་ལ་སོགས་པ་སྟེ་དེ་རྣམས་ཀྱི་མཐར་ནི་ཞི་བར་བྱེད་
པས་ན་གཤིན་རྗེ་མཐར་བྱེད་དེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ས་ལ་སོགས་པ་ཁམས་བཞི་པོའི་ངོ་བོ་ལུས་ཏེ། དེ་བསྙེངས་པར་བྱེད་པ་ནི་ཐ་མལ་པའི་ལུས་པོའི་རྣམ་པར་རྟོག་པ་འཇོམས་པར་བྱེད་པ་སྟེ། དེའི་ཚུལ་ནི་དེའི་རང་བཞིན་
གྱི་སྟེ་རྫོགས་པའི་རིམ་པ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་གཉེན་པོ་མུ་སྟེགས་པ་རྣམས་ཏེ། དེ་རྣམས་བསྙེངས་པར་བྱེད་པ་ནི་ཁྲོ་བོའི་གཟུགས་ཀྱིས་འཇོམས་པའོ། །དེའི་ཚུལ་དུ་སྟེ་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ནང་དུ་མངོན་པར་བྱང་ཆུབ་པ་ནི་ཆོས་ཀྱི་རྒྱལ་སྲིད་ཀྱི་བདག་པོ་ཉིད་དེ། དེ་ཉིད་ཚུལ་ནི་ལམ་གང་ལ་ཡོད་པ་དེ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་ཉིད་ཀྱང་རྡོ་རྗེ་ནི་རིགས་སམ་ཅོད་པན་དུ་གང་ལ་ཡོད་པ་དེ་ནི་འཕགས་པ་གཞན་གྱིས་མི་ཐུབ་པ་སྟེ། དེ་ཞེས་བྱ་བའི་
เล่ม ๒๙ · หน้า 41b
ཏིང་ངེ་འཛིན་ཏོ། དེ་ནི་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྟེ། བསྐྱེད་པའི་རིམ་པའོ། །པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་ལ་ལེ་ལོ་དང་། ཕུང་པོའི་བདུད་དང་། ཤེས་བྱའི་སྒྲིབ་པ་དང་། མཐར་འཛིན་པའི་ལྟ་བ་དང་། མ་རིག་
པ་རྣམ་ཤེས་རབ་ཀྱིས་འཇོམས་པར་བྱེད་པས་ན་པྲཛྙཱནྟ་ཀྲྀཏ་དེ་རྫོགས་པའི་རིམ་པའོ། །ཕུལ་དུ་བྱུང་བས་གཞན་གྱི་གནོད་པ་ཤེས་པས་ན་པྲཛྙཱ་སྟེ། ཁྱབ་འཇུག་དང་ལྷ་ཆེན་པོ་ལ་སོགས་པའོ། །དེ་རྣམས་ཁྲོ་བོའི་གཟུགས་ཀྱིས་མཐར་ནི་འདུལ་བར་བྱེད་པས་ན་པྲཛྙཱནྟ་ཀྲྀཏ་དེ་བསྐྱེད་པའི་རིམ་
པའོ། །རྡོ་རྗེའི་དམ་ཚིག་བསྙེངས་པར་བྱེད་པའི་ཚུལ་དུ་ཞེས་པ་ནི་རྡོ་རྗེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་བསྲུང་བའི་ཕྱིར་བསྙེངས་པར་བྱེད་པའི་ཚུལ་ནི་ཁྲོ་བོའི་ཚུལ་དུ་སྟེ་བསྐྱེད་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རིན་པོ་ཆེའི་འབྱུང་གནས་ཏིང་ངེ་འཛིན་
ཞེས་པ་ནི་ཆོས་ནི་ཡན་ལག་བཅུ་གཉིས་པའི་གསུང་རབ་སྟེ་དེ་ཉིད་གཞན་གྱི་བསྟན་པ་རྣམས་ལས་ཕུལ་བྱུང་བའི་ཕྱིར་རིན་པོ་ཆེ་སྟེ། དེའི་འབྱུང་གནས་ནི་བསྐྱེད་པའི་གནས་ཏེ་གསུང་གི་རང་བཞིན་ཡིན་པའི་ཕྱིར་སྣང་བ་མཐའ་ཡས་ཏེ། དེའི་ངོ་བོ་ཏིང་ངེ་འཛིན་ཏེ་བསྐྱེད་པའི་རིམ་པའོ། །
ཡང་ན་ཆོས་ནི་ལུས་ཀྱིས་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་རིན་པོ་ཆེ་ནི་ཧཱུཾ་དང་ཕཊ་ལ་སོགས་པའི་སྔགས་རྣམས་སོ། །འབྱུང་བ་ནས་ནི་དེ་དག་གིས་ཐོབ་པའི་མཆོག་ཏུ་དགའ་བའི་བདེ་བ་སྟེ་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་
ནི་སྔ་མ་བཞིན་ཏེ་བསྐྱེད་པའི་རིམ་པའོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བ་ལ་མ་དྲན་པ་དང་ཉོན་མོངས་པའི་བདུད་དང་། ལོག་པར་ལྟ་བ་དང་། ལས་ཀྱི་སྒྲིབ་པ་དང་། འདོད་པའི་འདོད་ཆགས་རྣམས་པདྨ་བཞིན་དུ་ཁ་ཕྱེ་བའི་ཤེས་རབ་ཀྱི་མཐར་ནི་འཇོམས་པར་བྱེད་པས་ན་པདྨཱནྟ་ཀྲྀཏ་དེ་
རྫོགས་པའི་རིམ་པའོ། །པདྨ་དང་ཨནྟ་ནི་རྡོ་རྗེ་སྟེ་དེ་དག་བྱེད་པ་ནི་ཡང་དག་པར་སྦྱོར་བ་སྟེ་པདྨཱནྟ་ཀྲྀཏ་དེ་ནི་རྒྱུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི་གསུམ་གང་ཡིན་པ་དེ་རྣམས་ལ་བྱིན་གྱིས་བརླབ་པ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་སྲུང་བར་
เล่ม ๒๙ · หน้า 42a
མཛད་པའོ། །དེ་ཉིད་ཀྱི་ཕྱིར་ཁྲོ་བོ་ཆེན་པོ་སྟེ་གཟུགས་ཀྱིས་གནས་པ་སྟེ། བསྐྱེད་པའི་རིམ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་ཐེག་པ་ལ་ཞུགས་པའི་སྒྲུབ་པ་པོ་རྣམས་སོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་། དམ་
ཚིག་གི་དཀྱིལ་འཁོར་ལ་དམ་ཚིག་ཉམས་པའི་དབང་གིས་དྲི་མ་དང་ལྡན་པ་དེ་རྣམས་ལ་བྱིན་གྱིས་བརླབ་པ་ནི་གཞན་འཚོ་བ་སྟེ། གང་གི་ཕྱིར་དོན་ཡོད་གྲུབ་པའི་རིགས་ཀྱི་དཀྱིལ་འཁོར་པ་རྣམས་ནི་དམ་ཚིག་ཉམས་པ་གསོ་བའི་ནུས་པ་དང་ལྡན་པ་ཡིན་ནོ་ཞེས་བླ་མ་རྣམས་བཞེད་དོ། །ཡང་
ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་བསྟན་པའི་མི་མཐུན་པར་གྱུར་པའི་བགེགས་རྣམས་ཀྱི་སྐུ་གསུང་ཐུགས་གང་ཡིན་པ་དེ་རྣམས་ལ་བྱིན་གྱིས་བརླབ་པ་ནི་ཕུར་བུས་གདབ་པ་སྟེ་བསྐྱེད་པའི་རིམ་པའོ། །འོག་ཏུ་རྩེ་གཅིག་པའི་བདུད་རྩི་འཁྱིལ་པས་བགེགས་རྣམས་ལ་ཕུར་བུས་གདབ་
པ་ནི་སྔར་བཤད་ཟིན་ཏོ། །བིགྷྣཱཾ་ཏ་ཀྲྀཏ་ཅེས་བྱ་བ་ནི་གཡེང་བ་དང་ལྷའི་བུའི་བདུད་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཁོང་ཁྲོ་བ་སྟེ་བིགྷྣཱཾ་ནོ། །དེ་རྣམས་ལ་དེའི་གཉེན་པོས་མཐར་བྱེད་པས་ན་བིགྷྣཱཾ་ཏ་ཀྲྀཏ་དེ་རྫོགས་པའི་རིམ་པའོ། །བིགྷྣཱཾ་ནི་ཁྱབ་འཇུག་
དང་དྲག་པོ་ལ་སོགས་པ་དེ་རྣམས་ཀྱི་བདག་པོ་སྟེ། གླང་པོ་ཆེའི་གདོང་ཅན་ལོག་འདྲེན་ཡང་བིགྷྣཱཾ་ནོ། །དེ་ལ་མཐར་ནི་ཞབས་ཀྱི་འོག་ཏུ་གནོན་པར་མཛད་པ་ན་བིགྷྣཱཾ་ཏ་ཀྲྀཏ་དེ་བསྐྱེད་པའི་རིམ་པའོ། །བིགྷྣཱཾ་ནི་བདག་དང་གཞན་གྱི་རྣམ་པར་རྟོག་པ་དེ་དག་སྟོང་པ་ཉིད་དུ་བསྒོམས་པས། མཐའི་
སྣང་བར་བྱེད་པས་ནི་བིགྷྣཱཾ་ཏ་ཀྲྀཏ་དེ་དང་པོར་སྦྱོར་བའོ། །བིགྷྣཱཾ་ནི་སེམས་ཅན་གྱི་དོན་ལ་བགེགས་ཏེ་སྟོང་པ་ཉིད་བསྒོམ་པའོ། །དེ་ལས་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་སྐུ་དང་དཀྱིལ་འཁོར་སྤྲོ་བས་ཨནྟ་ནི་དེ་སྟོང་པར་བྱེད་པས་ན་བིགྷྣཱཾ་ཏ་ཀྲྀཏ་དེ་དཀྱིལ་འཁོར་རྒྱལ་བ་མཆོག་གོ། །
བིགྷྣཱཾ་ནི་ས་བཅུ་མ་ཐོབ་པའོ། །བདུད་རྩི་མྱང་བ་ལ་སོགས་པས་དེ་མཐར་བྱེད་པས་ན་བིགྷྣཱཾ་ཏ་ཀྲྀཏ་དེ་ལས་ཀྱི་རྒྱལ་བ་མཆོག་གོ། །བིགྷྣཱཾ་ནི་སྣང་བ་ལ་སོགས་པའོ། །དེ་རྣམས་འོད་གསལ་བས་མཐར་བྱེད་པས་བིགྷྣཱཾ་ཏ་ཀྲྀཏ་དེ་སེམས་རྣམ་པར་དག་པའོ། །ཡི་གེ་གསུམ་འཇུག་པ་དང་གནས་
เล่ม ๒๙ · หน้า 42b
པ་དང་ལྡང་བའི་རིམ་གྱིས་ཐ་དད་པར་བཟླས་པ་གང་ཡིན་པ་དེ་ནི་བགེགས་སོ། །ཡན་ལག་མ་ཉམས་པའི་བཟླས་པས་དེ་མཐར་བྱེད་པས་ན་བགེགས་མཐར་བྱེད་དེ། རྡོ་རྗེ་བཟླས་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་བརྟགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐར་བྱེད་པས་ན་
བགེགས་མཐར་བྱེད་དེ། བདག་ལ་བྱིན་གྱིས་བརླབ་པའོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པ་རྣམས་ནི་བགེགས་ཏེ། དེ་རྣམས་ལྷན་ཅིག་སྐྱེས་པའི་རིམ་གྱིས་མཐའ་ནི་མི་དམིགས་པར་བྱེད་པས་ན་བགེགས་མཐར་བྱེད་དེ་མངོན་པར་བྱང་ཆུབ་པའོ། །
ཀུན་རྫོབ་དང་དོན་དམ་པ་ཐ་དད་པ་ནི་བགེགས་སོ། །དེ་དག་གི་མཐའ་ནི་དབྱེར་མེད་པར་བྱེད་པས་ན་བགེགས་མཐར་བྱེད་དེ་ཟུང་དུ་འཇུག་པའོ། །དགོངས་པ་བཤད་པས་ནི་ཤེས་རབ་བོ། །བིགྷྣཱཾ་ནི་ཐབས་སོ། །དེ་དག་གི་མཐའ་ནི་སྦྱོར་བར་བྱེད་པས་ན་བགེགས་མཐར་བྱེད་དེ་རང་བཞིན་
ནོ། །ཐ་མལ་པའི་འཇིག་རྟེན་གྱི་སྐྱེས་པ་དང་བུད་མེད་ཀྱི་རྒྱལ་མཚན་དག་ནི་བགེགས་ཏེ། དེ་དག་གི་མཐའ་ནི་འཇིག་རྟེན་ལས་འདས་པའི་སྤྱོད་པས་སྡུད་པར་བྱེད་པས་ན་བགེགས་མཐར་བྱེད་དེ་རྒྱུའོ། །བྱང་ཆུབ་ཀྱི་སེམས་འཕོ་བ་ནི་བགེགས་ཏེ། ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་པའི་ཕྱིར་
རོ། །དེ་བས་ན་ཧཱུཾ་ཕཊ་ལ་སོགས་པའི་ཡིག་འབྲུས་དེ་རེངས་པར་བྱས་ཤིང་མཐའ་ནི་སྐྱོང་བར་བྱེད་པས་ན་བགེགས་མཐར་བྱེད་དེ་ལས་སོ། །བགེགས་ནི་དགའ་བ་དང་མཆོག་དགའ་དང་དགའ་བྲལ་ལོ། །དེ་རྣམས་ལ་བཞི་པ་ནི་མཐར་ཏེ། དེས་རོ་གཅིག་པར་བྱེད་པས་ན་བགེགས་
མཐར་བྱེད་དེ་འབྲས་བུའོ། །སོ་སོར་སྡུད་པ་ལ་སོགས་མི་མཐུན་པ་ནི་བགེགས་ཏེ། དེ་རྣམས་སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་གི་མཐར་ནི་འཇིག་པར་བྱེད་པས་ན་བགེགས་མཐར་བྱེད་དེ་རྣལ་འབྱོར་རོ། །རྩ་བའི་ལྟུང་བ་དང་ཁ་ན་མ་ཐོ་བ་སྦོམ་པོ་ནི་བགེགས་ཏེ། དེ་རྣམས་
ལ་དམ་ཚིག་དང་སྡོམ་པས་མཐར་བྱེད་པས་ན་བགེགས་མཐར་བྱེད་དེ་སྒྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་གང་ཞིག་ལུས་དང་ངག་དང་སེམས་ལ་གནོད་པར་བྱེད་པ་སྟེ་སྲིན་པོ་རྣམས་སོ། །དེ་རྣམས་ལ་སྐྲག་པ་ནི་འཇིགས་པར་བྱེད་
เล่ม ๒๙ · หน้า 43a
པའི་རྣམ་པ་ཕྱག་རྒྱ་ཆེན་པོའི་ཁྲོ་བོའི་གཟུགས་ཀྱིས་སོ། །བྱང་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་བྱ་བ་སྟེ་བསྐྱེད་པའི་རིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་
དཀྱིལ་འཁོར་གྱི་བདག་པོ་དང་བཅས་པ་དཀྱིལ་འཁོར་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བགེགས་འཇོམས་པས་མཉེས་པར་བྱེད་པ་ནི་མགུ་བར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་ནི་གཞིའི་དཀྱིལ་འཁོར་ཏེ། དེའི་དམ་ཚིག་ནི་རྡོ་རྗེའི་ར་བ་
ལ་སོགས་པ་བཅིང་བའི་བྱ་བ་སྟེ། དེའི་དོན་དུ་སེམས་པ་ནི་རྩོལ་བ་དང་ལྡན་པའི་སེམས་སོ། །དེ་བཞིན་དུ་དཀྱིལ་འཁོར་ནི་གཞི་ཅན་གྱི་དཀྱིལ་འཁོར་ཏེ། དེའི་དམ་ཚིག་ནི་དཀའ་སྟེ་དེ་བྱ་བའི་ཕྱིར་སེམས་པ་ནི་རྩོལ་བ་དང་ལྡན་པའི་སེམས་ཏེ་བསྐྱེད་པའི་རིམ་པའོ། །དེ་ལྟར་ན་དབུས་
ཀྱི་པདྨར་བཅོམ་ལྡན་འདས་སོ། །འདབ་མ་རྣམས་ལ་དེ་བཞིན་གཤེགས་པ་བཞིའོ། །གྲྭ་རྣམས་སུ་ལྷ་མོ་སྤྱན་ལ་སོགས་པའོ། །ཕྱི་རོལ་གྱི་རིམ་པའི་གྲྭ་བཞི་པོ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །རེག་བྱ་རྡོ་རྗེ་མ་ནི་བཅོམ་ལྡན་འདས་ཀྱིས་འཁྱུད་པའོ། །སྣམ་བུ་བཞི་པོ་ལ་ནི་
ཤར་གྱི་སྣམ་བུ་ནས་བརྩམས་ཏེ། བྱམས་པ་ལ་སོགས་པ་གཉིས་གཉིས་ཏེ། བྱང་ཆུབ་སེམས་དཔའ་བརྒྱད་ཡིན་ནོ། །ཤར་ལ་སོགས་པའི་སྒོ་རྣམས་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པའོ། །ཤར་ལྷོ་ལ་སོགས་པའི་སྒོའི་གྲྭ་རྣམས་ལ་མི་གཡོ་བ་ལ་སོགས་པའོ། །སྟེང་
དང་འོག་ཏུ་གནོད་མཛེས་ཀྱི་རྒྱལ་པོ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དག་དགོད་པར་བྱའོ། །དེ་རྣམས་ཀྱི་སྐུ་མདོག་ཕྱག་ལ་སོགས་པའི་རྣམ་པར་དབྱེ་བ་ནི་སྔར་བསྟན་པ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་ལེའུ་འདི་ལ་ལྷ་བཅུ་གསུམ་བསྟན་པ་ཡིན་ཏེ། ཅིའི་ཕྱིར་སུམ་ཅུ་རྩ་གཉིས་
བརྗོད་ཅེ་ན། དེའི་ལན་འདི་ཡིན་ཏེ། གླེང་གཞི་འདས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བསྟན་པས་ཏེ། སྐྱོན་མེད་པའོ། །དཔེར་ན་དེ་བཞིན་གཤེགས་པ་དང་ལྷ་མོ་དང་ཁྲོ་བོ་རྣམས་ནི་ཐེ་ཚོམ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རྡོ་རྗེ་དང་ཞེས་བྱ་བ་ལ་
เล่ม ๒๙ · หน้า 43b
སོགས་པས་གཟུགས་རྡོ་རྗེ་མ་ལ་སོགས་པ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་བརྒྱད་བསྟན་ཏོ། །དེ་ལྟར་ན་ཁྲོ་བོ་བཞི་ལུས་པར་མི་འགྱུར་རམ་ཞེ་ན། ལུས་པར་མི་འགྱུར་ཏེ་གྲྭར་བཞུགས་པ་
དེ་རྣམས་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་སྤྲུལ་པ་ཡིན་ཏེ། གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ནི་དེ་བཞིན་གཤེགས་པ་བཞི་པོ་དང་ཐ་མི་དད་པའི་ཕྱིར་རོ། །དེའི་ཕྱིར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ། དེ་ཉིད་གནས་པ་ཡིན་ནོ། །
ད་ནི་ལེའུའི་མིང་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གང་ཞིག་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་ཡི་གེ་གསུམ་སྟེ། དེ་རྣམས་ཉིད་ཉན་ཐོས་ལ་སོགས་
པའི་རིགས་ལ་སྦས་པའི་ཕྱིར་གསང་བ་སྟེ། དེ་རྣམས་ཀྱིས་གང་ཞིག་འདུས་པ་ནི་དེ་རྣམས་ཡོངས་སུ་གྱུར་པ་ལས་སྐྱེས་པ་དཀྱིལ་འཁོར་པ་རྒྱུད་གང་ལ་ཡོད་པ་དེ་ལ་ནི་དེ་སྐད་ཅེས་བྱ་སྟེ་དེ་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ཀྱི་གང་ཞིག་དམ་ཚིག་
གི་དཀྱིལ་འཁོར་ནི་ནང་གི་བདག་ཉིད་ཀྱི་རིམ་པས་སྤྲུལ་པའི་དཀྱིལ་འཁོར་ཏེ། དེ་ཡང་ཕྱི་རོལ་དུ་སྤྲོ་བ་སྟེ། དེ་ཉིད་བྱིན་གྱིས་བརླབ་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དགོད་པའི་ཚུལ་ལེའུ་གང་ལ་ཡོད་པ་དེ་ནི་དེ་ཞེས་བྱའོ། །དཔེར་ན་བྱ་ཁང་བཞིན་དུ་ནི་ཁང་པའི་སྟེང་དུ་གནས་པས་རླུང་དང་ཆར་པ་
ལ་སོགས་པ་སེལ་བར་བྱེད་པ་སྟེ། དེ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྐྱོན་འཇོམས་པར་བྱེད་པས་ན་བྱ་ཁང་བཞིན་དུ་ལེའུ་ཞེས་བརྗོད་དོ། །རྒྱུད་འགྲེལ་ལས་ལེའུ་དང་པོའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།། །།ལེའུ་དང་པོའི་འགྲེལ་པའི་ཚིགས་སུ་བཅད་པའི་
གྲངས་ནི་སྟོང་ཕྲག་གཅིག་དང་ཚིགས་སུ་བཅད་པ་བརྒྱ་ཐམ་པའོ། །རྣམ་པ་གཉིས་ཀྱི་ལྷའི་རྣལ་འབྱོར་བསྒོམ་པས་རྒོད་པ་བསྐྱེད་པས་དེ་ཉིད་སེལ་བར་བྱ་བའི་ཕྱིར་དོན་དམ་པའི་བདེན་པ་གཙོ་བོར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གཉིས་པ་བརྩམ་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་
เล่ม ๒๙ · หน้า 44a
ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །བཅོམ་ལྡན་འདས་ཡེ་ཤེས་ལ་དབང་ཐོབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལ་མཆོད་པ་ནི་ཕྱི་ནང་གསང་བའི་
མཚན་ཉིད་ཅན་བྱས་ནས་ཕྱག་འཚལ་བ་ཡང་བྱས་ནས་འདི་སྐད་གསོལ་ཏོ་ཞེས་པ་ནི་འདི་སྐད་འདྲི་བ་ཡིན་ནོ། །དེའི་དོན་འདི་ཡིན་ཏེ། རང་གི་ཐུགས་ཀ་ལས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་ལྔ་སྤྲོས་ཏེ། དེ་དག་གིས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་
ཅིང་རེག་བྱ་རྡོ་རྗེ་མས་ཀྱང་སྙོམས་པར་ཞུགས་པའི་མཆོད་པ་བྱས་ལ། དེ་ནས་མར་ལ་མར་བཞིན་དུ་ཐ་མི་དད་པའི་བློས་ཕྱག་བཙལ་ནས་རྣམ་པར་སྣང་མཛད་ལ་སོགས་པ་ཐེ་ཚོམ་ཞུགས་པའོ་ཞེས་སྟོན་ཏོ། །རབ་ཏུ་བྱེད་པ་ལས་ཀྱང་། ཇི་བཞིན་ཆུ་ལ་ཆུ་ཐིམ་དང་། །ཇི་ལྟར་མར་
ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ཐིམ་པ་དེ་ནི་ཕྱག་ཡིན་ནོ། །འོན་ཀྱང་ཀུན་མཁྱེན་རྟོགས་པ་ནི། །མེད་ན་དེ་ནི་མི་དམིགས་ཏེ། །མུན་པའི་ཚོགས་ཀྱིས་བཀབ་པ་ན། །དྲིན་གྱིས་མར་མེ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། ཅི་ཞིག་གསོལ་ཏོ་ཞེ་
ན། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་ནི་ཀྱེ་བཅོམ་ལྡན་འདས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བག་ཆགས་འཇོམས་པར་བྱེད་པ་ཀྱེ་རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་སེམས་ནི་བྱང་ཆུབ་ནི་འོད་གསལ་བ་སྟེ། དེ་ལ་སེམས་ནི་དེའི་བདག་ཉིད་དུ་ཞུགས་པ་རྣམ་པར་
ཤེས་པ་གསུམ་བཤད་དུ་གསོལ། ཇི་ལྟ་བུ་ཞེ་ན། སྙིང་པོ་ཞེས་པ་ནི་ཆོས་ཉིད་ཀྱི་ངོ་བོ་དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་བརྟགས་ཀྱི་མཆོག་ཅེས་བྱ་བ་ནི་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོས་ཕུལ་དུ་བྱུང་བའོ་ཞེས་སྟོན་ཏོ། །དེ་བཞིན་གཤེགས་པ་ཀུན་ནི་ཕུང་པོ་ལ་སོགས་པ་མི་སྣང་
བར་བྱེད་པའོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་མི་བསྟན་པའི་ཕྱིར་གསང་བའོ། །བླ་ན་མེད་པ་ནི་སློབ་བཞིན་མ་ཡིན་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྔ་མ་དང་སྦྱར་རོ། །དེ་ནི་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་སྟོང་པ་
เล่ม ๒๙ · หน้า 44b
ཉིད་ཀྱི་ངོ་བོ་ཉིད་ལ་མོས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་ལ་ཇི་ལྟར་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་ཉིད་བསྟན་པར་མཛད་པ་དེ་ལྟར་གསུངས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་མི་སྣང་བར་མཛད་པ་དེ་བཞིན་གཤེགས་པ་དྲུག་སྟེ། དེ་ཉིད་
ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་ནི་ཞུ་བ་མཁྱེན་ཅིང་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་མ་རྣམས་ཀྱི་ཡོངས་སུ་རྟོག་པ་ནི་སེམས་ལ་གནས་པའི་དོན་དམ་པའི་རྟོག་པ་སྒྱུ་འཕྲུལ་གྱི་མཐུས་ཉིད་ཀྱི་ཡེ་ཤེས་ཀྱིས་མཁྱེན་ནས། དེ་རྣམས་ལ་འདི་སྐད་ཅེས་
བཀལ་སྩལ་ཏོ་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་དེ་ཁོ་ན་ཉིད་གསུངས་སོ་ཞེས་སྟོན་ཏོ། །དེ་ཡང་རྫོགས་པའི་རིམ་པའོ། །ཁྱེད་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་ནི་ཁྱེད་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལའོ། །སེམས་ལུས་ལྟ་བུ་ཞེས་བྱ་བ་ལ་
སེམས་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོའོ། །དེ་ལུས་ལྟ་བུ་ཞེས་པ་ནི་དེ་ལས་ལུས་ཐ་མི་དད་པའོ་ཞེས་ཏིང་ངེ་འཛིན་བསྐྱེད་པར་གྱིས་ཤིག་པའོ། །དེ་བཞིན་དུ་ལུས་ནི་སྒོ་དགུའི་བདག་ཉིད། སེམས་ལྟ་བུ་ཞེས་པ་ནི་སེམས་ཁོ་ན་ལུས་ཡིན་ཏེ། དེ་ལས་ཐ་དད་པ་མ་ཡིན་ཞེས་པའོ། །དེ་བཞིན་
དུ་སེམས་ཚིག་ཏུ་བརྗོད་པ་ལྟ་བུ་ཞེས་པ་ནི་གང་ཞིག་ངག་བརྗོད་པ་འདི་ནི་ཡི་གེ་དང་ཚིག་དང་ངག་ལ་སོགས་པའི་རིམ་པས་བརྗོད་པ་དེ་ཡང་དེ་ཉིད་ཀྱི་རྣམ་པས་སེམས་ནི་ཡིད་བསྐྱེད་པར་གྱིས་ཤིག་པའོ། །དེ་ནི་འདི་སྐད་བཤད་པ་ཡིན་ཏེ། སེམས་འདི་དང་ཚིག་འདི་དང་ལུས་འདི་ཞེས་བྱ་བའི་དབྱེ་
བ་གཟུང་བར་མ་བྱེད་ཅིག་པ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ། རྟེན་ཅིང་འབྲེལ་པའི་དབང་གིས་རྣམ་པ་སྣ་ཚོགས་པ་ཉིད་དུ་སྣང་སྟེ། མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་འཁྲུལ་པའི་དབང་གིས་སོ་སོར་སྣང་བ་སྟེ། དོན་དམ་པས་ནི་མ་ཡིན་ནོ། །
ཇི་སྐད་དུ། དངོས་པོ་ལས་ནི་དངོས་སྐྱེས་མིན། །དངོས་མེད་ལས་ཀྱང་སྐྱེ་བ་མིན། །དངོས་པོའི་འཁྲུལ་པས་དངོས་པོ་ནི། །སྐྱེ་སྟེ་ནམ་མཁའི་མེ་ཏོག་བཞིན། །དེ་བཞིན་དུ། ཆོས་ནི་སྟོང་པ་ཉིད་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བ་ཡིན། །ཁ་དོན་མར་མེ་མེ་ལོང་
เล่ม ๒๙ · หน้า 45a
བརྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲ། །ཞེས་འབྱུང་ངོ་། །བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་ལས་ཀྱང་། གཟུགས་ནི་དབུ་བ་ལྟ་བུར་བཤད། །ཚོར་བ་ཆུ་བུར་དང་མཚུངས་པ། །འདུ་ཤེས་སྨིག་རྒྱུ་དང་འདྲ་བ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །སྒྱུ་མ་ལྟ་
བུར་རྣམ་ཤེས་ནི། །དེ་ལྟར་ཕུང་པོ་རྣམས་བསྟན་པའོ། །ཞེས་བྱ་བས་དངོས་པོའི་རང་བཞིན་སྟོང་པ་ཡིན་པ་ཐ་དད་པའི་སེམས་སྐྱེད་པར་མ་བྱེད་ཅིག་པ་སྟེ་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པའོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་ཐམས་ཅད་སྟོང་པའི་རང་བཞིན་ནོ། །ནམ་མཁའི་ཚུལ་དུ་སྦྱོར་བ་ནི་འོད་གསལ་བའི་ངོ་བོས་ཡང་དག་པར་སྦྱོར་ཞིང་སྒྱུ་མའི་སྐུ་བླངས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ནི་བདག་བྱིན་གྱིས་བརླབ་པའོ། །ཨེ་
མའོ་ངོ་མཚར་བ་འདི་ཡིན་ཏེ། ཀུན་དུ་བཟང་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཇི་ལྟ་བུ་ཞེ་ན། སྐུ་དང་གསུང་དང་ཐུགས་ནི་ཁམས་གསུམ་པའི་རྡོ་རྗེ་འཆང་གི་རང་བཞིན་མཁྱེན་པ་ཁྱེད་ཀྱིའོ། །གང་ཞིག་སྐྱེ་བ་མེད་པའི་ཚུལ་ནི་འོད་གསལ་བ་བསྟན་པ་སྟེ། དེས་ནི་སྐྱེ་བ་དངོས་པོ་ཐམས་
ཅད་རབ་ཏུ་འབྱུང་བ། གྲགས་པ་ནི་བསྟན་པ་སྟེ་བདག་བྱིན་གྱིས་བརླབ་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། ཇི་ལྟར་དང་བའི་ཆུ་ལས་ནི། །ཉ་ནི་མྱུར་དུ་འཕར་བར་འགྱུར། །ཐམས་ཅད་སྟོང་པ་དང་བ་ལས། །སྒྱུ་འཕྲུལ་དྲ་བ་དེ་བཞིན་འབྱུང་། །ཞེས་བཤད་དོ། །ད་ནི་ཚིགས་སུ་
བཅད་པ་དྲུག་གིས་དེ་བཞིན་གཤེགས་པ་དྲུག་པོས་འོད་གསལ་བ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ནི་ཡེ་ཤེས་ལྔའི་གང་ཞིག་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཤེས་པ་དང་ཤེས་བྱ་བྲལ་བའི་ཐམས་ཅད་སྟོང་པ་ཉིད་དེ། དེ་ཉིད་ཀྱི་ཚུལ་ནི་ཐབས་ཏེ་རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒོམ་པའི་ཁྱད་པར་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་
เล่ม ๒๙ · หน้า 45b
སེམས་འདི་ནི་འོད་གསལ་བའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པའི་ཚིག་གསུངས་ཏེ། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་སོ་དང་མཆུ་གཉིས་ལ་སོགས་པ་འབྱུང་བའི་སྔགས་རྣམས་སྐད་ཅིག་མ་ཉིད་ཡིན་པས་བརྗོད་པ་ཙམ་གྱིས་འཇིག་པས་ན་དངོས་པོ་མེད་པ་བསྒོམ་པ་ནི་དེའི་ངོ་བོ་ངག་གི་
བཟླས་པའི་མཚན་ཉིད་ཅན་མེད་པ་ནི་རེ་ཞིག་ཚད་མས་གྲུབ་པོ། །དཔེར་ན་དངོས་པོ་གང་དང་གང་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་དེ་དང་དེ་ནི་རང་བཞིན་མེད་པ་སྟེ་སྣམ་བུ་བཞིན་ནོ། །སོ་དང་མཆུ་ལ་སོགས་པའི་རྩོལ་བ་ལས་འབྱུང་བའི་སྔགས་རྣམས་ཡིན་ནོ། །དེའི་ཕྱིར་སྟོང་པ་ཡིན་ནོ་ཞེས་རང་
བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལྟར་ན་རེ་ཞིག་སྒྲའི་བདག་ཉིད་སྔགས་ནི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་མེད་པ་ཡིན་མོད་ཀྱི་སྒྲ་ཙམ་གྱི་བདག་ཉིད་དེ་ཡོད་པ་ཡིན་ནོ། །ཇི་སྐད་དུ། ནམ་མཁའི་རླུང་ལས་འབྱུང་ཞིང་ལུས་པོ་ལས། །ཡང་དག་བརྗོད་ཅིང་སྒྲ་ནི་ཁར་ཕྱིན་ཏེ། །གནས་རྣམས་གཞན་
ལ་རབ་ཏུ་ཕྱེ་འགྱུར་བ། །ཡི་གེ་ཡིད་དུ་གྱུར་པ་དེ་ནི་སྒྲ། །ཡི་གེ་དེ་ནི་ཚངས་པ་དག་བྱེད་མཆོག །ཕུག་ན་གནས་པ་བྲམ་ཟེས་ཡང་དག་བརྗོད། །དེ་ནི་ཡང་དག་རབ་ཏུ་སྦྱར་བ་ནི། །ངེས་ལེགས་མངོན་མཐོ་སྐྱེས་བུ་སྦྱོར་བར་བྱེད། །ཅེས་འབྱུང་ངོ་། །དེ་བཞིན་དུ་དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་
ཀྱང་། ཡི་གེ་དབྱངས་དང་སྒྲ་དང་ནི། །སྒྲ་སྒྲོགས་ང་རོ་སྙན་སྒྲ་སྐད། །བརྩེགས་དང་སྒྲ་མཐའ་ཚེག་དྲག་སྟེ། །སྒྲ་ནི་མཚན་ཉིད་བཅུ་པའོ། །ལྐོག་མ་མཆུ་རྐན་སོ་ལ་སོགས། །རྣམ་པར་དབྱེ་བས་ཉེར་དམིགས་པ། །གསལ་བའི་ཡི་གེ་ཚིག་དམིགས་པ། །དེ་ནི་ཡི་གེ་ཞེས་བཤད་པའོ། །
དྲུག་ལྡན་ལ་སོགས་དབྱངས་དབྱེ་བས། །ཚངས་པར་སྨྲ་བ་རྣམས་ཀྱིས་བརྗོད། །ཚངས་པ་ལ་སོགས་འཇིག་རྟེན་དུ། །དབྱངས་ནི་རྣམ་པ་བདུན་དུ་གནས། །གང་ཞིག་སྒྲ་ཡི་བསྟན་བཅོས་རྣམས། །སྐད་དབྱིངས་རྟགས་དང་ཚིག་སོགས་པ། །མིང་གི་ངོ་བོ་འབྱུང་བ་ཡི། །སྒྲ་ནི་ཐམས་
ཅད་ལ་གནས་པའོ། །སྒྲ་ནི་མཐའ་རུ་གང་ཡང་རུང་། །དབྱངས་ནི་སྙན་པ་ཐོས་གྱུར་པ། །ཡིད་ནི་དགའ་བ་བྱེད་པ་བཞིན། །དེ་ནི་སྒྲ་སྒྲོགས་ཞེས་བརྗོད་པའོ། །རོལ་མོ་བྱ་དང་སྐྱེ་བོ་ཡི། །ཚོགས་པ་ལས་ནི་གང་སྐྱེས་འགྱུར། །དབྱེ་བ་མེད་ཅིང་གསལ་བ་པོ། །དེ་ནི་ང་རོ་ཞེས་
เล่ม ๒๙ · หน้า 46a
བསྒྲགས་སོ། །དྲིལ་བུ་པི་ཝང་ལ་སོགས་སྒྲ། །གང་ཞིག་དེ་ལས་དབྱངས་སྙན་འགྱུར། །ཡིད་ནི་དགའ་བ་བྱེད་པ་བཞིན། །དེ་ནི་སྙན་སྒྲ་བརྗོད་པ་ཡིན། །ཇི་ལྟར་འབར་བར་གྱུར་པ་ཡི། །མེ་ཡི་སྒྲ་ནི་ཐོས་འགྱུར་རམ། །གཞན་ཡང་རླུང་ངམ་ཆུ་སོགས་སྒྲ། །དེ་
ནི་སྐད་ཅེས་ཡང་དག་བརྗོད། །རླུང་མེད་ཆར་པ་དང་འདྲ་བ། །གང་ཞིག་དབྱངས་ཀྱི་ནང་དུ་གནས། །རྣ་བ་འགགས་ཤིང་རྙེད་འགྱུར་བ། །དེ་ནི་བརྩེགས་དང་སྒྲ་མཐར་བཤད། །ཇི་ལྟར་པི་ཝང་རླུང་གིས་བསྐྱོད། །སྒྲ་ནི་རབ་ཏུ་འབྱིན་པར་བྱེད། །དེ་ལྟར་སྒྲ་མཐའི་གནས་ལས་བྱུང་། །ཤེས་
རབ་ཅན་གྱིས་དེ་འདྲར་རྟོགས། །དམིགས་པར་གྱུར་པ་དེ་ཉིད་ཀྱི། །ཟབ་པ་དང་ནི་སྙན་པའི་དབྱངས། །ཇི་ལྟར་བུང་བ་བུམ་པའི་ནང་། །ཤིན་ཏུ་ཕྲ་བ་རབ་བྱུང་བ། །སེམས་ཙམ་རེག་པའི་མཚན་ཉིད་ཅན། །དེ་ནི་ཚིག་དྲེག་ཅེས་དྲག་པའོ། །དེས་ནི་ཐམས་ཅད་འདི་ཁྱབ་སྟེ། །མར་ཁུ་ཏིལ་ལ་སོགས་
པ་བཞིན། །ཐེ་ཚོམ་མེད་ཅིང་བརྗོད་དུ་མེད། །དབྱངས་དང་གསལ་བྱ་རྣམས་སྤངས་པ། །ཕྱི་ནང་བཅས་པ་རྟག་པ་སྟེ། །དེ་ནི་ཚངས་པ་མཆོག་ཏུ་བཤད། །ཅེས་བྱ་བའི་རིག་པས་སྒྲ་མཐའི་བདག་ཉིད་ཀྱི་བཅུ་པ་ཡོད་པ་ཡིན་ནོ་ཞེས་རྟོགས་ཤིང་བཤད་པར་བྱ་སྟེ། གང་ཞིག་སྒྲ་མཐའི་བདག་ཉིད་སྒྲ་
བསྒོམ་པར་བྱ་བ་ནི་རྟོགས་པ་སྟེ། དེ་ཡང་བསྒོམ་པ་མིན་ཞེས་པ་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། སྔར་བཤད་པའི་རིགས་པས་སྒྲ་མེད་པས་དེའི་ནང་དུ་དམིགས་པའི་སྒྲ་མཐའ་ཡང་གྲུབ་པར་མི་འགྱུར་བའི་ཕྱིར་ཏེ། འབྲས་བུ་ནི་རྒྱུ་ལ་རྗེས་སུ་འབྲང་བའི་ཕྱིར་རོ། །སྒྲ་དང་སྒྲ་མཐའ་དག་ལ་རླུང་རྒྱུ་བ་ཡིན་པས་
གཅིག་ཡིན་པའི་ཕྱིར་དང་། རླུང་ཡང་རྣམ་པ་བཅུའི་དབྱེ་བས་གཅིག་མ་ཡིན་པ་སྟེ། སྔ་མ་བཞིན་དུ་མི་རྟག་པས་རྣམ་པར་ཤེས་པའི་བཞོན་པའི་ཕྱིར་རྣམ་པར་ཤེས་པ་བཞིན་དུ་སྐད་ཅིག་མ་ཡིན་པས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་སྒྲ་མཐའ་ཙམ་གྱི་སྔགས་རྣམས་བསྒོམ་པར་བྱ་བ་མ་ཡིན་ནོ། །
འོ་ན་ཇི་ལྟར་རྣལ་འབྱོར་པས་དངོས་གྲུབ་རྙེད་ཅེ་ན། དེ་ལྟར་དངོས་དང་དངོས་མེད་པས། །ཞེས་བྱ་བ་ལ། དེ་ལྟར་ན་སྔར་བཤད་པའི་གཏན་ཚིགས་ཀྱིས་ཡི་གེ་གསུམ་བསྒོམ་པ་ནི་འགྲོ་བ་དང་འོང་བའི་བསྒོམ་པ་གལ་ཏེ་མི་དམིགས་ན་དེའི་ཚེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་སྟེ། མ་ནིང་གི་བཟླས་པ་རབ་
เล่ม ๒๙ · หน้า 46b
ཏུ་བསྟན་པ་ཡིན་ནོ། །དེ་ནི་རྡོ་རྗེའི་བཟླས་པའི་རིམ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དྲུག་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་རྡོ་རྗེ་ནི་ཁྱད་པར་དུ་སྣང་
བའི་མཛེས་པ་སྟེ། སེམས་རྣམ་པར་དག་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་ཤེས་པ་གསུམ་དང་། མངོན་པར་རྟོགས་པ་ནི་རང་བཞིན་རྣམས། རྡོ་རྗེ་ནི་མི་སྣང་བར་བྱེད་པ་འོད་གསལ་བ་སྟེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྔ་མ་བཞིན་དུ་བྱང་ཆུབ་ཀྱི་
སེམས་འདི་ཞེས་པ་ནི་འོད་གསལ་བ་སྟོན་པར་བྱེད་པའི་ངག་གསུངས་སོ་ཞེས་འབྲེལ་པའོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་སྟེ་
གསུམ་མོ། །དེ་རྣམས་ཀྱང་མ་རིག་པ་དང་། ཐབས་དང་། ཤེས་རབ་དང་། བུད་མེད་དང་། སྐྱེས་པ་དང་། མ་ནིང་དང་། དུས་མཚམས་དང་། མཚན་མོ་དང་། ཉིན་མོ་དང་། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེ་བར་འཐོབ་པ་དང་། གཡོན་དང་། གཡས་དང་། དབུས་དང་། འཇམ་
པ་དང་། རྣོ་བ་དང་། བར་པ་དང་། པདྨ་དང་། རྡོ་རྗེ་དང་། ཟླ་བ་དང་། ཉི་མ་དང་། རྗེས་སུ་འཇུག་པའི་དབྱངས་དང་། ཚེག་དྲག་དང་གཉི་གའི་སྟོང་པའི་རང་བཞིན་ཏེ་དེ་རྣམས་དང་བྲལ་བ་ནི་ཐམས་ཅད་སྟོང་པའོ། །གཞན་ཡང་ལུས་ངག་ཡིད་ལ་གནས་པས་ན་དངོས་པོ་ནི་ཡི་གེ་གསུམ་མོ། །དེ་
རྣམས་དངོས་པོ་མ་ཡིན་ཏེ། ཁ་དོག་དང་དབྱིབས་དང་། ལྷ་ལ་སོགས་པའི་རང་བཞིན་གྱིས་དེ་ཁོ་ན་ཉིད་མ་ཡིན་ཏེ། བཟླས་པ་ནི་བརྟག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཡང་ན་དངོས་པོ་ནི་འཇུག་པ་ལ་སོགས་པའི་མཚན་ཉིད་དེ་ཡང་སྒྲ་མཐའི་བདག་ཉིད་ཡིན་པའི་ཕྱིར་དང་། མི་རྟག་པ་ཡིན་པའི་ཕྱིར་
དངོས་པོ་མེད་པ་ནི་དེ་ཁོ་ན་ཉིད་མ་ཡིན། ཇི་ལྟར་དངོས་གྲུབ་ཅེ་ན། བསྒོམ་པ་དག་ནི་མི་ཆགས་སོ། །ཞེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། ཕུང་པོ་དང་ཁམས་དང་། གཟུང་བ་དང་འཛིན་པ་རྣམས་ནི་ཤེས་པ་དང་ཤེས་བྱ་སྟེ། དེ་རྣམས་ཀྱི་རྒྱུར་གྱུར་པ་རང་བཞིན་བརྒྱ་དྲུག་ཅུ་དག་སྤངས་པའོ། །འདིར་ཡང་
เล่ม ๒๙ · หน้า 47a
རིམ་པ་འདི་ཡིན་ཏེ། སེམས་རྣམ་པར་དག་པར་བྱ་བའི་ཕྱིར་དངོས་པོ་བཞི་ཡིན་ཏེ། སྣང་བ་དང་སྣང་བ་མཆེད་པ་དང་། སྣང་བ་ཉེ་བར་ཐོབ་པ་དང་། འོད་གསལ་བ་སྟེ་གསུམ་ནི་སྤང་བྱ་ཡིན་ལ། བཞི་པ་ནི་བླང་བྱ་སྟེ་འབྲས་བུ་ཡིན་ནོ། །དེ་རྣམས་ལ་ཡང་ཆུང་བ་ལ་
སོགས་པ་དབྱེ་བ་རྣམ་པ་བཞི་ཡིན་ཏེ། རེ་ཞིག་སྣང་བ་ནི་སྣང་བ་ཆུང་བ་དང་། སྣང་བ་འབྲིང་དང་སྣང་བ་ཆེན་པོ་དང་། སྣང་བ་ཆེན་པོའི་ཆེན་པོའོ། །དེ་བཞིན་དུ་སྣང་བ་མཆེད་པ་ཆུང་བ་ནས་འོད་གསལ་བ་ཆེན་པོའི་ཆེན་པོའི་བར་དུ་སྐད་ཅིག་མ་བཅུ་དྲུག་ཡིན་ནོ། །དེ་བཞིན་དུ་སྣང་བ་ཆུང་ངུའི་ཆུང་བ་དང་།
སྣང་བ་ཆུང་ངུའི་འབྲིང་དང་། སྣང་བ་ཆུང་ངུའི་ཆེན་པོ་དང་། སྣང་བ་ཆེན་པོའི་ཆེན་པོའོ། །དེ་ལྟར་འབྲིང་ལ་སོགས་པ་ནས་འོད་གསལ་བའི་བར་དུ་སྐད་ཅིག་མ་དྲུག་ཅུ་རྩ་བཞི་སྟེ། ཉིན་མོ་དང་མཚན་མོའི་དབྱེ་བས་སྐད་ཅིག་མ་བརྒྱ་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །འདོད་ཆགས་དང་བྲལ་བ་ལ་སོགས་
པའི་རང་བཞིན་བརྒྱ་དྲུག་ཅུ་ཡང་ཆུང་བ་ལ་སོགས་པའི་དབྱེ་བས་ཉིན་མོ་དང་མཚན་མོར་བསྒྲེས་ན་ལྔ་སྟོང་བརྒྱ་ཉི་ཤུ་ཡིན་ནོ། །སྣང་བ་ལ་སོགས་པའི་རང་བཞིན་དེ་རྣམས་འོད་གསལ་བ་མངོན་དུ་བྱས་པས་སྐད་ཅིག་མ་བཅུ་དྲུག་པས་རྣམ་པར་དག་པར་བྱ་བ་ཡིན་ཏེ། དེ་ལ་རིམ་པ་འདི་ཡིན་ཏེ། དང་པོ་ཤེས་
རབ་ཀྱི་ཡེ་ཤེས་ནི་ཟླ་བའི་འོད་ཟེར་ལྟ་བུ་ཤར་བར་འགྱུར་ཏེ། དེ་ལ་དང་པོ་སྤྲིན་གྱིས་བཀབ་པའི་ཟླ་བའི་འོད་ཟེར་ལྟ་བུ་མཐོང་བ་དང་། གཉིས་པ་སྤྲིན་མེད་པའི་མི་གསལ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ཤིན་ཏུ་གསལ་བའི་ཟླ་བའི་འོད་ཟེར་ལྟ་བུའོ། །བཞི་པ་ཟླ་བའི་དཀྱིལ་འཁོར་ལྟ་བུ་སྟེ་
སྣང་བའི་ཡེ་ཤེས་ཤར་བའོ། །དེ་བཞིན་དུ་གཉིས་པ་ནི་ཐབས་ཀྱི་ཡེ་ཤེས་ཏེ། ཉི་མའི་འོད་ཟེར་ལྟ་བུ་ཤར་བར་འགྱུར་རོ། །དེ་ལ་དང་པོ་སྒྲ་གཅན་གྱིས་འཛིན་པའི་ཉི་མའི་འོད་ཟེར་ལྟ་བུ་མཐོང་བའོ། །གཉིས་པ་ནི་སྒྲ་གཅན་གྱིས་གྲོལ་བའི་ཉི་མའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་ཤིན་
ཏུ་གསལ་བའི་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་ཤར་བའི་དུས་སུ་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་དང་པོ་ཟླ་བ་དང་ཉི་མའི་འོད་ཟེར་གྱིས་འདྲེས་པ་ཅུང་ཟད་མཚམས་ཀྱི་སྣང་བ་ལྟ་བུའོ། །དེ་དག་མེད་པ་མཚམས་ཀྱི་སྣང་བ་ལྟ་བུའོ། །གསུམ་པ་ནི་ཤིན་
เล่ม ๒๙ · หน้า 47b
ཏུ་མུན་པ་མི་གསལ་བ་མཚམས་ཀྱི་སྣང་བ་ལྟ་བུའོ། །བཞི་པ་ནི་མུན་པ་མེད་པ་འབའ་ཞིག་པ་མཚམས་ཀྱི་སྣང་བ་ལྟ་བུའོ། །དེ་བཞིན་དུ་འོད་གསལ་བའི་ཡེ་ཤེས་ལ་ཡང་དང་པོ་སྨིག་རྒྱུ་ལྟ་བུའོ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་ལྟ་བུའོ། །བཞི་པ་ནི་མར་མེ་
འབར་བ་ལྟ་བུའོ། །སྐད་ཅིག་མ་བཞི་པོ་དེ་དག་གིས་སྤྲིན་མེད་པའི་ནམ་མཁའ་དང་འདྲ་བ་འབྲས་བུར་གྱུར་པ་གསལ་བ་དང་། དགའ་བའི་རང་བཞིན་སྐད་ཅིག་མ་བཅུ་དྲུག་འདས་མ་ཐག་ཏུ་བྱུང་བ་འོད་གསལ་བའི་དེ་ཁོ་ན་ཉིད་འཆར་བ་གང་ཡིན་པ་དེ་ནི་སེམས་རྣམ་པར་དག་པའོ། །དེ་ཉིད་ཆོས་ཀྱི་
དབྱིངས་ཀྱི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྣལ་འབྱོར་པ་ལ་གསལ་བར་འགྱུར་རོ། །སྔགས་དང་ཕྱག་རྒྱའི་བདག་ཉིད་སྔར་བཤད་པས་ན། འདིར་མ་བསྟན་པའོ། །མི་མཐུན་པ་དང་གཉེན་པོ་དང་དེའི་ཐབས་དེ་གསུམ་གྱི་དབྱེ་བས་གསོ་བའི་རིག་པ་ལྟ་བུའོ། །སེམས་
རྣམ་པར་དག་པ་ཡིན་ཏེ། དེ་ལ་ཡང་ནད་ནི་མི་མཐུན་པ་དང་། སྨན་ནི་གཉེན་པོ་དང་། སྨན་པ་ལ་སོགས་པ་ནི་ཐབས་སོ། །དེ་བཞིན་དུ་རྣམ་པར་ཤེས་པ་གསུམ་ནི་མི་མཐུན་པ་དང་། འོད་གསལ་བ་དང་གཉེན་པོ་དང་། སྔགས་དང་ཕྱག་རྒྱའི་རིམ་པ་ནི་ཐབས་སོ། །དེ་བཞིན་དུ་འདུ་བྱེད་སེམས་
པ་དང་ལྡན་པ་དང་། འདུ་བྱེད་ལྔ་བཅུ་རྩ་གཅིག་གི་རེ་རེའི་རིགས་བརྒྱའི་དབྱེ་བས་ལྔ་སྟོང་དང་བརྒྱ་ཕྲག་གཅིག་དང་ཉི་ཤུར་འགྱུར་རོ། །དེ་བས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་། འཛིན་པའི་ངོ་བོའི་རང་བཞིན་རྣམས་སྤངས་པའོ། །དེ་བཞིན་ཆོས་ནི་སྔར་བཤད་པའི་རང་
བཞིན་རྣམས་སོ། །བདག་མེད་ནི་ངོ་བོ་མེད་པ་གང་ཟག་ལ་སོགས་པ་བདག་མེད་པ་གང་ཡིན་པའོ། །དེས་མཉམ་པ་ཉིད་ནི་རང་བཞིན་རེ་རེ་མཚུངས་པའི་རྒྱུས་རང་སེམས་ནི་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་གཟོད་ནས་མ་སྐྱེས་པ་ནི་ཐོག་མ་ཉིད་དུ་རང་བཞིན་མེད་པ་དེ་བས་ན་སྟོང་པ་ཉིད་ཀྱི་རང་བཞིན་
ནོ་ཞེས་བྱ་བ་ནི་ཐམས་ཅད་སྟོང་པའི་ངོ་བོ་ཞེས་བྱ་བའི་དོན་ཏེ། སེམས་རྣམ་པར་དག་པའི་རིམ་པའོ་ཞེས་བཅོམ་ལྡན་འདས་ཞེས་པ་ནི་རྣམ་པར་ཤེས་པ་གསུམ་དང་དེ་ལ་གནས་པའི་རང་བཞིན་རྣམས་འཇོམས་པར་མཛད་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ནི་རྟགས་ལྔ་
เล่ม ๒๙ · หน้า 48a
སྟེ། དེ་རྣམས་འདས་མ་ཐག་ཏུ་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ཉིད་དེ་བཞིན་གཤེགས་པའི་འབྲས་བུ་སྟེར་བའི་ཕྱིར། དེ་བཞིན་གཤེགས་པ་སྟེ་ས་བཅུ་ལ་རབ་ཏུ་གནས་པའི་ཕྱིར་རོ། །ཇི་སྐད་དུ། ལས་དང་པོ་ཡི་རྣལ་འབྱོར་གྱིས། །ས་ནི་བརྒྱད་པ་ཐོབ་འགྱུར་
ཏེ། །སྣང་བ་གསུམ་ནི་མཐོང་བས་ན། །བཅུ་པ་ལ་ནི་ལེགས་གནས་སོ། །ཞེས་འབྱུང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་མི་བསྐྱོད་པ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྐྱོད་པར་མི་འགྱུར་བས་ན་མི་བསྐྱོད་པ་སྟེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེ་གང་ལ་ཡོད་པ་དེ་
ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཕྱོགས་བཅུ་ལ་གནས་པའི་མི་ཟད་པ་ནི་སེམས་ཅན་གྱི་མི་འཇིག་པ་སྟེ། དེའི་དོན་དུ་རྡོ་རྗེ་ནི་སྒྱུ་མའི་ངོ་བོ་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་པར་ཞུགས་ཏེ་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་
གསུངས་པ་ནི་བརྗོད་པ་སྟེ། དངོས་པོ་འདི་རྣམས་མ་སྐྱེས་པར། །ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་འདི་རྣམས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་རང་བཞིན་གྱིས་དང་པོ་ཁོ་ན་མ་སྐྱེས་པ་ནི་སྐྱེས་པ་མ་ཡིན་ཏེ། སྒྱུ་མ་མཁན་གྱི་སྤྲུལ་པའི་གྲོང་ཁྱེར་བཞིན་དུ་བྱིས་པ་རྣམས་ལ་སོ་སོར་སྣང་
བ་སྟེ། ངོ་བོ་ཉིད་ཀྱིས་ནི་རྐྱེན་གྱི་ཚོགས་པ་ལ་བརྟེན་ཏེ་སྐྱེས་པ་ནི་མ་སྐྱེས་པ་དང་འདྲ་བ་ཡིན་ཏེ། ཕན་ཚུན་ལྟོས་པའི་ཕྱིར་རོ། །རིག་པ་དྲུག་ཅུ་པ་ལས་ཀྱང་། དེ་ལ་བརྟེན་ནས་གང་སྐྱེས་པ། །དེ་ནི་དོན་དམ་སྐྱེས་པ་མིན། །གང་ཞིག་ངོ་བོས་མ་སྐྱེས་པ། །དེ་ནི་སྐྱེས་པ་ཇི་ལྟར་ཡིན། །རྒྱུ་ནི་
ཟད་པས་ཤི་བ་ནི། དེ་ནི་ཟད་པ་ཞེས་བསྟན་ཏེ། །གང་ཞིག་ངོ་བོས་མ་ཟད་པ། །དེ་ནི་ཟད་པ་ཇི་ལྟར་བཤད། །དེས་ན་གང་ཡང་སྐྱེས་པ་མིན། །གང་ཡང་འགག་པ་མ་ཡིན་ཏེ། །སྐྱེ་དང་ཟད་པའི་ལམ་དག་ནི། །དགོས་པའི་དོན་དུ་བསྟན་པ་ཡིན། །ཞེས་འབྱུང་ངོ་། །རྗེ་བཙུན་རིན་ཆེན་སྒྲོན་མ་
ལས་ཀྱང་། ཇི་ལྟར་ཆུ་ཤིང་རུལ་བའི་སྡོང་པོ་ལས། །སྙིང་པོ་འདོད་ནས་སྐྱེས་བུ་དེ་གཤེགས་ཏེ། །ཕྱི་དང་ནང་མེད་སྙིང་པོ་ཡོད་མི་སྣང་། །དེ་ལྟར་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །ཞེས་འབྱུང་ངོ་། །དེ་བཞིན་དུ། དངོས་ལས་དངོས་པོ་སྐྱེས་པ་མིན། །དངོས་མིན་ལས་
เล่ม ๒๙ · หน้า 48b
ཀྱང་སྐྱེ་མི་འགྱུར། །རྟག་ཏུ་དངོས་པོ་དངོས་འཁྲུལ་བས། །ནམ་མཁའི་མེ་ཏོག་བཞིན་དུ་སྐྱེ། །བདག་ལས་མ་སྐྱེས་གཞན་ལས་མིན། །གཉི་ག་ལས་མེད་རྒྱུ་མེད་མིན། །དངོས་པོ་གང་དང་གང་དུ་ཡང་། །སྐྱེ་བ་ནམ་ཡང་འཐད་པ་མིན། །ཞེས་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཐམས་ཅད་
དང་པོ་ནས་མ་སྐྱེས་པ་དེ་བས་ན་ཆོས་ནི་མེ་ལ་སོགས་པས་སྲེག་པ་དང་། གཅོད་པ་ལ་སོགས་པ་བཞིན་དུ་མིག་ལ་སོགས་པས་གཟུགས་ལ་སོགས་པ་གཟུང་བའི་བྱ་བ་མེད་དོ། །ཆོས་ཉིད་མེད་པ་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཆོས་ཅན་ཏེ། དེ་རྣམས་ཀྱང་མེད་པ་ནི་གཉིས་པོ་དེ་
དག་ཕན་ཚུན་ལྟོས་པས་མ་གྲུབ་པའི་ཕྱིར་རོ། །ཆོས་ཅན་ཡོད་པས་ཆོས་རྣམས་ཀྱི། །འཇིག་རྟེན་ལ་ནི་བསམ་པ་ཞུགས། །ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་སྔ་མ་བཞིན་དུ་ཕུང་པོ་ལ་སོགས་པ་མེད་པས་ན་ཆོས་ནི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་ཅན་ཡང་མེད་པ་ཡིན་ནོ། །ཆོས་
ཉིད་མེད་པ་ཞེས་པ་ནི་གཞན་རྣམས་ཀྱིས་ཡོངས་སུ་བརྟགས་པ་བདག་ལ་སོགས་པས་བརྡར་བྱས་པའི་ཆོས་ཅན་ཡང་མེད་པ་སྟེ་ཚད་མ་མེད་པའི་ཕྱིར་རོ། །འོ་ན་ཕུང་པོ་ཁོ་ན་བདག་ཡིན་ཞེས་མངོན་སུམ་གྱི་ཚད་མས་སྦེད་པ་མི་ནུས་པ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ལ་ལན་སྨྲས་པ། རེ་ཞིག་གཞན་
མ་རྣམས་ཀྱིས་བདག་ནི་རྟག་པ་དང་། ཐམས་ཅད་བྱེད་པ་དང་། ཁྱབ་བདག་དང་། དབང་ཕྱུག་ཏུ་ཁས་བླངས་ཏེ། ཕུང་པོ་རྣམས་ནི་སྐྱེ་བ་དང་། འཇིག་པ་དང་གནས་པའི་རིམ་པ་མཐོང་བས་མི་བརྟན་པའོ། །དེའི་ཕྱིར་གལ་ཏེ་ཕུང་པོ་རྣམས་ཁོ་ན་བདག་ཏུ་ཁས་བླངས་ན་དེའི་ཚེ་བདག་ཀྱང་མི་རྟག་པ་ཉིད་
དུ་ཐལ་བར་འགྱུར་རོ། །ཕུང་པོ་རྣམས་མི་རྟག་པ་ཡིན་གྱི། བདག་མ་ཡིན་ནོ་ཞེ་ན། འོ་ན་ཇི་ལྟར་དེ་དག་གི་དེའི་བདག་ཉིད་ཀྱི་འབྲེལ་པ་ཡིན་ཏེ། དེ་ཡོད་པས་ན་ཐ་མི་དད་པའི་ཚུལ་གྱིས་མཐུན་པའི་ཆོས་ཉིད་ཡོད་པ་ཡིན་ནོ། །འོ་ན་ཡང་དེའི་བདག་ཉིད་ཀྱང་དངོས་པོ་གཉིས་ལ་གཞན་ལས་ལྡོག་
པས་བྱས་པ་ཁྱད་པར་ཡོད་པ་སྟེ། དཔེར་ན་ཤིང་དང་ཤ་པ་དག་ལ་ཤིང་མ་ཡིན་པ་དང་ཤ་པ་མ་ཡིན་པས་བྱས་པ་སྟེ། དེ་བཞིན་དུ་ཕུང་པོ་དང་བདག་ལའང་རྟག་པ་དང་མི་རྟག་པར་བྱས་པར་འགྱུར་རོ་ཞེ་ན་དེ་སྐད་མ་ཟེར་ཅིག །ལྡོག་པ་ཞེས་བྱ་བ་ནི་མེད་པར་བཀག་པ་ཡིན་གྱི། མ་ཡིན་པར་བཀག་པ་
เล่ม ๒๙ · หน้า 49a
ནི་མ་ཡིན་ནོ། །མེད་པར་བཀག་པ་ནི་ནུས་པ་ཐམས་ཅད་དང་བྲལ་བ་མེད་པའི་མཚན་ཉིད་དེ། དེས་ནི་དངོས་པོ་ཡང་དག་པར་རེག་པར་བྱ་བར་མི་ནུས་སོ། །འབའ་ཞིག་རྣམ་པར་རྟོག་པའི་བློས། །ལྡོག་པ་ཙམ་དུ་རྣམ་པར་ཕྱེ་ཞིང་དངོས་པོ་ཐ་མི་དད་པ་ལ་ཐ་དད་པར་སྒྲོ་
བཏགས་ཏེ། གཞན་ཡིད་ཆེས་པའི་སླད་དུ་ཆོས་དང་ཆོས་ཅན་གྱི་ཐ་སྙད་བྱའི། དངོས་པོ་ལ་དབྱེ་བ་གང་ཡང་མེད་དེ། དེ་ལྟར་ཡིན་ན་ཚད་མས་ཀྱང་བརྟགས་པ་ཡིན་པའི་ཕྱིར་དངོས་པོ་ངེས་པར་ཐོབ་པར་མི་འགྱུར་ཞེ་ན། ཐོབ་པར་འགྱུར་ཏེ་ཚད་མ་ནི་བརྟགས་པ་ཡིན་པའི་ཕྱིར་ཁྱད་པར་དུ་ནི་
རྗེས་སུ་དཔག་པའོ། །ཇི་སྲིད་ཚད་མའི་བྱ་བ་རྣམ་པར་རྟོག་པའི་སྤྲུལ་པ་ཡིན་ལ། རྣམ་པར་མི་རྟོག་པའི་སྐབས་སུ་ཚད་མ་དང་གཞལ་བྱ་ལྡོག་ཅིང་ཆོས་དང་གང་ཟག་བདག་མེད་པའི་མཚན་ཉིད་དོན་དམ་པ་རྟོག་པ་མེད་པ་རང་གི་ངང་གིས་རྣལ་འབྱོར་པའི་རྒྱུད་ལ་སྣང་བ་སྟེ་དེ་བཞིན་གཤེགས་པ་
བཞིན་ནོ། །ཇི་སྐད་དུ་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་འདི་དག་ནི་བློ་ལ་གནས་པའི་ཆོས་དང་ཆོས་ཅན་གྱི་རིགས་པ་སྟེ་གང་གི་ཕྱིར་ཆོས་དང་ཆོས་ཅན་གྱི་དབྱེ་བ་ནི་བློའི་རྣམ་པས་བྱས་པ་ཡིན་གྱི་དོན་གྱིས་མ་ཡིན་ནོ། །དེ་བཞིན་དུ། དེ་དངོས་མ་ཡིན་ཡོངས་ལྡོག་པའི། །དངོས་པོ་ཙམ་ནི་རབ་བསྒྲུབས་
པས། །རྟགས་ནི་སྤྱི་ཡུལ་མ་ཡིན་དང་། །ཐ་དད་ལ་ནི་མི་གནས་བཤད། །ཅེས་འབྱུང་ངོ་། །དེ་བས་ན་གཞན་ལྡོག་པ་ནི་དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་པོ་ནི་ཐ་མི་དད་པ་ཁོ་ནའོ། །དེ་བས་ན་ཕུང་པོ་དང་བདག་ནི་ཐ་མི་དད་པ་ཡིན་པས་མི་རྟག་པར་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལྟ་བུའི་
སྐྱོན་དུ་མ་གྱུར་ཅིག་ཅེས་བྱ་བར་བདག་ཉིད་གཞི་ལ་ཕུང་པོ་ཡོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ་གང་གི་ཕྱིར་བདག་ཅེས་བྱ་བ་ཚད་མས་འགྲུབ་པ་མི་དམིགས་ཏེ་ཕུང་པོ་བཞིན་ནོ། །ཡོད་ན་ཡང་གཞི་རྟག་པ་ལ་གཞི་ཅན་མི་རྟག་པ་མི་རིགས་ཏེ། ནམ་མཁའ་དང་བུམ་པ་བཞིན་ནོ། །གཟུགས་ཅན་
དང་གཟུགས་ཅན་མ་ཡིན་པ་དག་ལ་གཞི་དང་གཞི་ཅན་གྱི་ངོ་བོ་མི་འཐད་པའི་ཕྱིར་རོ། །དེ་ཡོད་ན་ཡང་དེ་རྣམས་ལ་གཞི་ནི་ཕན་འདོགས་པ་ཡིན་ནམ། དེ་ལས་གཞན་ཡིན། ཕན་འདོགས་པ་མ་ཡིན་པ་གཞི་དང་གཞི་ཅན་མེད་པའི་ཕྱིར་རོ། །གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །ཕན་
เล่ม ๒๙ · หน้า 49b
འདོགས་པ་ཡིན་ན་ངོ་བོ་གང་གིས་ཕན་འདོགས་ལྷུང་བ་བཟློག་པ་བཞིན་དུ་རྒྱ་ཤུག་དང་ལྷུང་བཟེད་བཞིན་ནོ་ཞེ་ན། དེ་ལྟར་ཡིན་ན་རྒྱ་ཤུག་ལྷུང་བ་རྣམས་ཀྱིས་མི་ལྷུང་བའི་ཆོས་གཞན་བསྐྱེད་པས་ལྷུང་བཟེད་ནི་རྒྱུ་ཉིད་ཡིན་ཏེ། དེ་བས་ན་གང་ཞིག་འདི་གཞི་དང་གཞི་ཅན་གྱི་འབྲེལ་པ་དེ་ནི་རྒྱུ་དང་
འབྲས་བུའི་ངོ་བོ་ཡིན་ནོ། །དེ་བས་ན་རྒྱུ་ནི་གཞི་ཡིན་ལ་རྒྱུ་ཅན་ནི་འབྲས་བུ་ཡིན་ནོ། །འབྲས་བུ་སྐྱེས་ན་རྒྱུ་ནི་འཇིག་པས་བདག་ནི་མི་རྟག་པ་ཉིད་ཡིན་ནོ། །གཞི་ནི་གཞི་ཅན་མངོན་དུ་ཕན་འདོགས་པ་མ་ཡིན་ཏེ། འོན་ཀྱང་ནུས་པའི་ཁྱད་པར་གྱིས་སོ་ཞེ་ན། དེའི་ཚེ་ན་ནུས་པ་ནི་ཕན་
འདོགས་པར་བྱེད་པ་ཉིད་ཡིན་མོད་ཀྱི། བདག་གིས་ཅི་བྱ། ཡང་ན་བདག་ཁོ་ན་ཕན་འདོགས་པ་སྟེ། ནུས་པས་ཅི་བྱ། ཡང་ན་ནུས་པ་ནི་ཕན་འདོགས་པར་བྱེད་པ་ཡིན་མོད་ཀྱི། དེ་ནི་བདག་ལ་ཐ་དད་པ་ཡིན་ནམ་ཐ་མི་དད་པ་ཡིན། ཐ་དད་པ་ཡིན་ན་བདག་གི་ནུས་པ་ཞེས་ཅིའི་
ཕྱིར་བརྗོད་པའོ། །ཐ་མི་དད་པ་ཡིན་ན་བདག་ཁོ་ན་ཕན་འདོགས་པ་སྟེ་ནུས་པ་ནི་མ་ཡིན་ནོ། །ཐ་དད་པའི་ནུས་པ་ནི་བདག་གི་འབྲེལ་པས་བྱ་བ་བྱེད་དོ་ཞེ་ན། བདག་གི་ཞེས་བྱ་བའི་འབྲེལ་པ་ནི་དེའི་བདག་ཉིད་དམ། དེ་ལས་བྱུང་བའི་འབྲེལ་པ་དག་ལས་གང་ཡིན། དེའི་བདག་
ཉིད་ཡིན་ན་སྔ་མ་བཞིན་དུ་ཐ་མི་དད་པས་ཐ་དད་པའི་འབྲེལ་པ་དྲུག་པ་རིགས་སོ། །གལ་ཏེ་དེ་ལས་བྱུང་བ་ཡིན་ན་བདག་རྒྱུ་ཡིན་པས་ནུས་པ་འབྲས་བུ་འབྱུང་ཞིང་འཇིག་པའི་ཕྱིར་རོ། །ཡང་ན་འདི་ལྟར་སྨྲ་བ་ཡིན་ན། འདིར་ནི་གནས་སྐབས་གཉིས་ཡིན་ཏེ། །འབྲས་བུ་དང་ནི་བྱེད་
པ་དག །འབྲས་བུ་ཉིད་ནི་ཟད་འགྱུར་ཏེ། །བྱེད་པ་ཉིད་ནི་མི་ཟད་པའོ། །འདིར་ནི་དཔེ་འདི་ཡིན་ཏེ། དུག་གི་ཤིང་ནི། ཡལ་ག་དང་ནི་མྱུ་གུ་དང་། ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་རིམ་གྱིས་ཟད་ན་དུག་གི་ཤིང་ནི་མི་འཇིག་པ་ཁོ་ནའོ། །འདིར་ནི་ལན་འདི་ཡིན་ཏེ། རགས་
པའི་མངོན་པར་ཞེན་པའི་བག་ཆགས་ཀྱིས་ཡེ་ཤེས་ཀྱི་མིག་བསྒྲིབས་པའི་བྱིས་པ་རྣམས་ཀྱིས་རྒྱུ་ནི་མི་འཇིག་གོ་ཞེས་སོ་སོར་སྣང་སྟེ། དོན་དམ་པས་ནི་འཇིག་པ་ཁོ་ན་ཡིན་ནོ། །གང་གི་ཕྱིར་འབྲས་བུ་བསྐྱེད་པའི་དུས་སུ་རྒྱུ་ཅི་འདྲ་བ་དེ་འདྲ་བ་ཡང་འབྲས་བུ་འཇིག་པའི་དུས་སུ་མ་ཡིན་ཏེ།
เล่ม ๒๙ · หน้า 50a
བཅུད་དང་བཅས་པ་དང་བཅུད་མེད་པ་ཉིད་ཐ་དད་པའི་ཕྱིར་དང་། ནུས་པ་དང་ནུས་པ་མི་ལྡན་པའི་ཕྱིར་རོ། །གལ་ཏེ་ངོ་བོ་གཅིག་པ་མི་འཇིག་པ་རྒྱུར་འདོད་ན། དེའི་ཚེ་རྟག་ཏུ་འབྲས་བུ་སྐྱེ་བར་བྱེད་པའམ་དུས་གང་དུ་མི་བྱེད་པ་སྟེ་ནམ་མཁའ་བཞིན་ནོ། །སྐྱེད་པར་
བྱེད་པ་དང་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་དང་། སྔ་མའི་དུས་ནས་ཕྱི་མའི་དུས་སུ་ཁྱད་པར་མཐོང་བའི་ཕྱིར་དང་ངོ་བོ་གཅིག་ཉམས་པའི་ཕྱིར་མི་རྟག་པ་ཉིད་ཡིན་ནོ། །འོ་ན་བུམ་པ་ཆག་པའོ་ཞེས་མངོན་སུམ་གྱིས་མི་རྟག་པ་ཉིད་དུ་མཐོང་བ་ཞེ་ན། དེའི་ཚེ་བྱིས་པ་རྣམས་ཀྱིས་མི་རྟག་པ་ཉིད་དུ་
རྟོགས་པ་སྟེ། ངོ་བོ་ཉིད་ཀྱིས་ཐོག་མར་དེ་ནི་འཇིག་པ་ཁོ་ན་ཡིན་ནོ། །གྱོ་མོའི་དུས་སུ་འབྲས་བུ་གཞན་བྱུང་བས་རྨོངས་པ་རྣམས་ཀྱིས་བློ་ནི་བུམ་པ་འཇིག་གོ་ཞེས་སྐྱེ་བར་འགྱུར་རོ། །དེ་བས་ན་གཞི་དང་གཞི་ཅན་གྱི་ཁོ་བོ་ཁས་བླངས་ན་མི་རྟག་པ་ཉིད་ཡིན་པའི་ཕྱིར་བདག་ནི་འགྲུབ་པར་མི་
འགྱུར་རོ་ཞེས་པ་འདི་ནི་གནས་པ་ཁོ་ན་ཡིན་ནོ། །ཕུང་པོ་རྣམས་ལ་ཡང་དག་གནས་པར་མི་འགྱུར་ཏེ། སྔ་མ་བཞིན་དུ་གཞི་དང་གཞི་ཅན་གྱི་ངོ་བོ་མི་རིགས་པའི་ཕྱིར་རོ། །ཕུང་པོ་རྣམས་ཀྱང་གཞི་ཡིན་པས་རྒྱུ་ཡིན་ལ་རྒྱུ་ནི་འབྲས་བུ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་བདག་མི་རྟག་
པ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་རྣམས་ཀྱང་ངེས་པས་འབྲས་བུ་དང་ལྡན་པ་མ་ཡིན་པས་རེས་འགའ་བདག་ཀྱང་ཡོད་པར་མི་འགྱུར་རོ། །བར་ཆད་མེད་པའི་དུས་སུ་རེས་འགའ་ཡང་ཡོད་པ་ཡིན་ཏེ། ཡོད་པ་དང་མེད་པའི་ཆོས་དག་རྟག་པ་བདག་ལ་མི་རིགས་ཏེ་ནམ་མཁའ་བཞིན་དུའོ། །
ལྷུང་བཟེད་འདི་ལ་རྒྱ་ཤུག་གི་འབྲས་བུ་བཞིན་དུ་ལྡན་པའི་འབྲེལ་པ་ཡིན་ན་སྐྱོན་ཏེ་ཐལ་བར་འགྱུར་རོ། །རྒྱུ་སྤུན་འདི་རྣམས་ལ་སྣམ་བུ་འདི་ཞེས་བྱ་བ་བཞིན་དུ་འདུ་བའི་འབྲེལ་པ་ཡོད་ན་སྐྱོན་མེད་དོ་ཞེ་ན། འོ་ན་འདུ་བ་ཞེས་བྱ་བ་གང་ཡིན། ཆ་ཤས་དང་ཆ་ཤས་ཅན་གྱི་དངོས་པོའི་
མཚན་ཉིད་ཅན་ཡིན་ནོ་ཞེ་ན། འོ་ན་ཆ་ཤས་འདི་རྣམས་ཀྱིས་ཆ་ཤས་ཅན་ཐ་དད་པའམ། ཐ་མི་དད་པ་སྐྱེད་པར་བྱེད། རྒྱུ་སྤུན་སྣམ་བུ་དག་ལ་ཐ་དད་པ་མི་དམིགས་པའི་ཕྱིར་རེ་ཞིག་ཐ་དད་པ་ནི་སྐྱེད་པར་མི་བྱེད། རྒྱུ་སྤུན་དང་སྣམ་བུ་དག་ལ་ཐ་དད་པ་ཡིན་ན་རྒྱུ་སྤུན་ཁོ་ན་ཆ་ཤས་
เล่ม ๒๙ · หน้า 50b
དམིགས་ཏེ་ཆ་ཅན་སྣམ་བུ་ནི་མ་ཡིན་ནོ། །གཡོགས་པ་ལ་སོགས་པའི་བྱ་བ་བྱེད་པས་སྣམ་བུ་ནི་ཡོད་པ་ཁོ་ན་ཡིན་ཞེ་ན། འོ་ན་རྒྱུ་སྤུན་རྣམས་མེད་པས་ཇི་ལྟ་བུ་འདུ་བའི་འབྲེལ་པ་ཡིན་ཏེ། རྒྱུ་སྤུན་དང་སྣམ་བུ་དག་ཐ་མི་དད་པའི་ཕྱིར་དང་། ཆ་ཤས་དང་ཆ་ཤས་ཅན་གྱི་དངོས་པོ་མེད་
པའི་ཕྱིར་རོ། །དེ་བས་ན་རྒྱུ་སྤུན་ཁོ་ན་ཕུན་སུམ་ཚོགས་པའི་ཁྱད་པར་གྱིས་དེ་ལྟར་གྱུར་པ་ཡིན་ནོ་ཞེས་རྟོག་པས་བྱས་པའི་ཐ་སྙད་འདི་ནི་སྣམ་བུ་ཞེས་བྱ་བའོ། །དེས་ནི་རྩོམ་པར་བྱེད་པ་དང་ཐ་མི་དད་པར་གྱུར་པ་ནི་ཆ་ཤས་ཡིན་ནོ་ཞེས་པའི་གཞུང་སེལ་ལོ། །དེའི་ཕྱིར་ཕུང་པོ་རྣམས་ནི་
བདག་གི་མ་ཡིན་ནོ། །དེ་ལས་ཐ་དད་པ་བདག་ཀྱང་མི་དམིགས་པའི་ཕྱིར་ཇི་ལྟར་དམིགས་པར་མི་འགྱུར་བར་སྟོབས་ཀྱིས་དེ་ལ་ཞེན་པས་རང་གི་སེམས་སླུ་བར་བྱེད་པའོ། །འདིར་ནི་བུམ་པ་མེད་དེ་ཞེས་བྱ་བའི་སྣང་བ་མི་དམིགས་པས་རེ་ཞིག་བདག་མེད་དོ། །མི་སྣང་བ་མི་དམིགས་པས་
ཇི་ལྟར་བདག་མེད་དོ་ཞེ་ན། དེ་ལྟར་མ་ཟེར་ཅིག་ཚད་མ་གཉིས་ལས་ལྡོག་པའི་མཚན་ཉིད་ཅན་དེ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེས་ནི་དེ་ཡོད་པའི་ཐ་སྙད་མི་རིགས་སོ། །འོ་ན་ཐེ་ཚོམ་ལས་རྟོག་པ་དང་ལྡན་པ་འཇུག་པར་འགྱུར་རོ་ཞེ་ན། འདིར་སྨྲས་པ། དོན་གྱི་ཐེ་ཚོམ་དང་།
དོན་མེད་པའི་ཐེ་ཚོམ་དང་གཉི་གའི་ཐེ་ཚོམ་མོ། །དེ་ལ་དོན་གྱི་ཐེ་ཚོམ་ནི་འཇུག་པའི་ཡན་ལག་ཡིན་ལ་དོན་མེད་པའི་ཐེ་ཚོམ་དང་གཉི་གའི་ཐེ་ཚོམ་ནི་ལྡོག་པའི་ཡན་ལག་ཡིན་ལ། གཏེར་བཏོན་པ་དང་། དྲག་པོའི་ཆུ་བོར་རྒྱལ་བ་དང་། རོ་ལངས་པ་བཞིན་ནོ། །དེའི་ཕྱིར་ཕྱི་མའི་ཐེ་ཚོམ་དག་ལ་
བརྟེན་ཏེ། རྟོག་པ་དང་ལྡན་པས་ལྡོག་པ་ཁོ་ན་རིགས་སོ། །ཐེ་ཚོམ་ལས་འཇུག་ན་ཡང་ཕྱི་དུས་རྟོག་པ་སྔོན་དུ་བྱེད་པས་སྣང་བ་མི་དམིགས་པས་བདག་མི་དམིགས་པ་སྟེ། ཕུང་པོ་ལས་ཐ་དད་པ་བདག་མི་དམིགས་སོ། །མེ་དང་བུད་ཤིང་བཞིན་དུ་བདག་དང་ཕུང་པོ་འདྲེས་པ་མི་དམིགས་ཏེ།
གང་གི་ཕྱིར་འདི་མེ་དང་བུད་ཤིང་ཞེས་བྱ་བའི་ཇི་ལྟར་ཐ་དད་པ་མེད་པ་དེ་བཞིན་དུ་བདག་དང་ཕུང་པོ་དག་ལ་གལ་ཏེ་ཁས་བླངས་ན་དེའི་ཚེ་ཕུང་པོ་དང་བདག་ལ་གཞི་མཐུན་པ་ལས་འབྱུང་བའི་སྐྱོན་ཐ་དད་པར་འགྱུར་ཏེ་དེ་ནི་གནས་པ་ཡིན་ནོ། །ད་ནི་རྣལ་མའི་དོན་རྗེས་སུ་འབྲང་བར་བྱ་སྟེ། དེ་ལྟར་
เล่ม ๒๙ · หน้า 51a
ཕུང་པོ་དང་བདག་ལ་གཞི་མཐུན་པ་ལ་སོགས་པ་མེད་པས་བྲག་གི་རྩེ་མོ་ཉི་ཤུ་ལས་འབྱུང་བའི་འཇིག་ཚོགས་ལ་ལྟ་བ་ཟད་པས་འབའ་ཞིག་པ་དྲི་མ་མེད་པའི་མཐའ་ཡས་པ་ནམ་མཁའ་དང་འདྲ་བ་འོད་གསལ་བར་འགྱུར་རོ། །ཇི་སྐད་དུ། ཕུང་པོ་བདག་མིན་དེ་དེར་
མིན། །དེ་ལ་དེ་མིན་དེ་མེད་མིན། །མེ་དང་བུད་ཤིང་བཞིན་དུ་ནི། །བདག་ཕུང་འདྲེས་མིན་གང་ཕྱིར་ཡོད། །བདག་ཅེས་དངོས་པོ་མེད་པ་སྟེ། །བྱེད་པ་པོ་ཞེས་གང་ལ་བརྗོད། །ཆོས་ཅན་ཡོད་ན་ཆོས་རྣམས་ནི། །འཇིག་རྟེན་པ་ལ་སྨོས་ཞེས་འབྱུང་ངོ་། །དེ་ལྟར་ཕྱིའི་བདག་ལ་
སོགས་པའི་ཕུང་པོའི་ལྟ་རྣམས་སེལ་བས་ཇི་ལྟར་རྣལ་འབྱོར་པས་སེམས་ཅན་གྱི་དོན་འགྲུབ་ཅེ་ན། ནམ་མཁའ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ལ་གནས་པའི་ཕྱིར། ནམ་མཁའ་ནི་འཇའ་ཚོན་ཏེ། དེ་དང་འདྲ་བ་ནི་སྒྱུ་མའི་ངོ་བོ་ལྷའི་སྐུ་འོད་གསལ་བ་ལས་ཅིག་ཅར་དུ་སྤྲོས་
པ་དཀྱིལ་འཁོར་གྱི་གཙོ་བོ་ཉིད་དུ་དཀྱིལ་འཁོར་པའི་ནང་དུ་གནས་པ་གཟུགས་བརྙན་བླངས་ཏེ། སེམས་ཅན་གྱི་དོན་རྣལ་འབྱོར་པས་བྱའོ། །ཇི་ལྟ་བུ་ཞེ་ན། བདག་མེད་པ་ཞེས་པ་ནི་བདག་མེད་པའི་ཚུལ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའོ། །ཇི་སྐད་དུ། མེ་ལོང་
གི་ནི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་དང་འདྲ་གང་གིས་ནི། །ལྟ་བ་དེ་ནི་ཁྱབ་བདག་ཡིན། །ཞེས་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར། བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་པ་ནི་བྱང་ཆུབ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དེ། དེ་ལས་ཚུལ་ནི་
སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷའི་སྐུ་བླང་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བསྟན་པ་ནི་མ་ལུས་པའི་ཁམས་གསུམ་གྱི་སེམས་ཅན་སྨིན་པ་དང་གྲོལ་བ་ལ་སོགས་པའི་བྱ་བ་ལ་མི་གཡོ་བར་གྱུར་པ་རྣལ་འབྱོར་པ་ལ་སྐྱེ་བ་ཡིན་ཏེ། བདག་ལ་བྱིན་གྱིས་
བརླབ་པའི་རིམ་པ་གསུམ་པའོ་ཞེས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་དོན་རྟོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ཉིད་དཔལ་ནི་མཚན་མ་རྒྱལ་མཚན་གྱི་རྩེ་མོར་འཛིན་པའི་ཡན་ལག་གིས་གང་གིས་འཛིན་པ་དེ་ནི་རིན་ཆེན་དཔལ་
เล่ม ๒๙ · หน้า 51b
རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་བདུན་ཁྲི་ཉིས་སྟོང་སྟེ། དེ་རྣམས་ཀྱི་གང་ཞིག་ཆོས་ནི་དགའ་བ་ལ་སོགས་པ་གསུམ་སྟེ། དེ་རྣམས་ཀྱི་བདག་མེད་པའི་མངོན་པར་བྱང་ཆུབ་ཀྱི་རིམ་པ་བཞི་པ་སྟེ་དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་
པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་ཞེས་པ་ནི་མངོན་པར་བྱང་ཆུབ་ཀྱི་རིམ་པ་སྟོན་པར་བྱེད་པའི་ཚིག་གསུངས་སོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་ལ། ཆོས་རྣམས་ཐམས་ཅད་ནི་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་པ་སྟེ།
དེ་རྣམས་བསྐྱོད་པ་དང་དགའ་བ་དང་། དགའ་བྲལ་གྱི་བདག་ཉིད་དུ་བརྟགས་པའི་ཕྱིར་དངོས་མེད་ཅེས་པ་ནི་སྤང་བར་བྱ་བའོ་ཞེས་སྟོན་ཏེ། ཆོས་ནི་དགའ་བ་གསུམ་གྱི་དེ་ཉིད་ཡིན་ལ་དེ་རྣམས་ཀྱི་མཚན་ཉིད་ནི་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་འཇོམས་
པའི་སྐད་ཅིག་མ་སྟེ། དེ་རྣམས་དང་རྣམ་པར་སྤང་བ་ནི་དོན་དམ་པས་ཉེ་བར་མཚོན་པ་བརྟགས་པའི་ཕྱིར་མེད་པའོ་ཞེས་སྟོན་ཏེ། སྐད་ཅིག་མ་དང་དགའ་བ་དག་རྒྱུ་དང་འབྲས་བུ་རང་བཞིན་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་བླང་བར་བྱ་བའི་དེ་ཁོ་ན་ཉིད་གང་ཡིན་ཞེ་ན། བདག་མེད་
ཆོས་ལས་ཀུན་དུ་འབྱུང་། །ཞེས་བྱ་བ་ལ་ཆོས་ནི་ཕུང་པོ་ལ་སོགས་པའམ། འདོད་ཆགས་ལ་སོགས་པ་སྟེ། དེ་རྣམས་བདག་མེད་པ་ནི་བླ་མའི་མན་ངག་གིས་སྣང་བ་བཞི་པ་ཐོབ་པ་སྟེ། དེ་ལས་ཀུན་དུ་བྱུང་ཞེས་པ་ནི་རྣམ་པར་རྟོག་པ་མེད་པ་དང་། གསལ་བ་གང་ཞིག་དཔེ་ལས་བྱུང་བའི་
བདེ་བ་སྐྱེས་པ་དེ་ཉིད་ཀྱི་རིམ་པ་ཐམས་ཅད་ཀྱི་འབྲས་བུར་གྱུར་པའི་ཕྱིར་བླང་བར་བྱའོ། །གལ་ཏེ་རེས་འགའི་ཚེ་ཤིན་ཏུ་ཕྲ་བའི་ཕྱིར་སེམས་ལ་བརྟན་པར་མི་འགྱུར་ན་དེའི་ཚེ་བྱང་ཆུབ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང་། ཚུལ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་འདི་ཞེས་པ་ནི་དེ་ཁོ་ན་
ཉིད་བཞི་པ་བརྟན་པ་སྟེ་མི་གཡོ་བར་བྱའོ་ཞེས་ཚིག་གི་དོན་ཏེ་མངོན་པར་བྱང་ཆུབ་པའི་རིམ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་དཔལ་རྡོ་རྗེ་ཞེས་བྱ་བ་ལ་སྔ་མ་བཞིན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དཔག་ཏུ་མེད་པ་ནི་ཚད་མེད་པ་སྟེ། སྲིད་པ་དང་མྱ་ངན་
เล่ม ๒๙ · หน้า 52a
ལས་འདས་པ་དག་ལ་མི་གནས་པའི་ཕྱིར་ཚེ་ནི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་གནས་པ་སྟེ། དེ་ཉིད་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ནི་ཀུན་རྫོབ་དང་། དོན་དམ་པ་དང་། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པ་དང་
བཅས་པ་དང་། རྣམ་པ་མེད་པ་ལ་སོགས་པ་སྟེ་དེ་རྣམས་འོད་ཟེར་འབར་བ་ནི་ཟུང་འཇུག་ཏུ་བྱ་བ་སྟེ། དེ་ཉིད་གཙང་བ་དང་མི་གཙང་བ་ལ་སོགས་པའི་མུན་པའི་ཚོགས་འཇིག་པས་ན་སྒྲོན་མ་ནི་སྒྲོན་མེ་དང་འདྲ་བ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ལ་སྙོམས་
པར་བཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་ཚིག་གསུངས་སོ། །མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་རྫོབ་དང་དོན་དམ་པ་ལ་སོགས་པའི་མཚན་ཉིད་མ་སྐྱེས་པ་དང་། ཟུང་དུ་འཇུག་པའི་རིམ་གྱིས་དབྱེར་
མེད་པར་གྱུར་ན་དེའི་ཚེ་རྣལ་འབྱོར་པའི་ངོ་བོ་མེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པ་རྟོགས་པའོ། །བསྒོམ་པ་ཡང་མེད་དེ་དོན་དམ་པའི་བདེན་པ་ལ་སོགས་པ་རྟོགས་པའོ། །ཟུང་དུ་འཇུག་པའི་རིམ་པ་ལ་གནས་པས་འཁོར་བའི་བར་དུ་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་བྱེད་དོ་ཞེས་
བྱ་བའི་དོན་ཏོ། །ཀུན་དུ་འོད་ཀྱི་ས་ལ་སྔ་མའི་སྨོན་ལམ་གྱི་ཤུགས་ཀྱིས་རྟོགས་པ་མེད་ན་ཡང་རང་གི་ངང་གིས་དམིགས་པ་མེད་པ་ནི་ཐུགས་རྗེ་ཆེན་པོའི་དབང་གིས་མི་འདོད་པས་ཀྱང་སེམས་ཅན་གྱི་དོན་བྱེད་དོ་ཞེས་མི་སློབ་པའི་ལམ་ལ་ཅུང་ཟད་ཀྱང་སློབ་པར་མི་འགྱུར་རོ། །ཇི་སྐད་དུ་
རབ་ཏུ་བྱེད་པ་ལས་ཀྱང་། ཟུང་འཇུག་ཏིང་འཛིན་ལ་གནས་པས། །སླར་ཡང་ཅུང་ཟད་མི་སློབ་བོ། །ཞེ་ན་འབྱུང་ངོ་། །དེ་ལྟར་ཡིན་ན་རྣལ་འབྱོར་པའི་སྤྱོད་པ་ཇི་ལྟ་བུ་ཞེ་ན། ནམ་མཁའི་གནས་སུ་སྦྱོར་བ་ཡིས། །ཞེས་གསུངས་ཏེ། རང་བཞིན་མེད་པའི་ཏིང་ངེ་འཛིན་ཏེ་མཉམ་པ་ཉིད་
ཀྱི་ཡེ་ཤེས་ཀྱི་རྣལ་འབྱོར་པས་སྤྱོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་བྱེད་པ་ལས་ཀྱང་། ཇི་ལྟར་བདག་ཉིད་དེ་བཞིན་དགྲ །ཇི་ལྟར་ཆུང་མ་དེ་བཞིན་སྲིང་། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། །ཇི་ལྟར་པགས་པ་དེ་བཞིན་གོས། །ཇི་ལྟར་ཁྲག་ཉིད་
เล่ม ๒๙ · หน้า 52b
དེ་བཞིན་དུག །ཇི་ལྟར་ཆང་དང་དེ་བཞིན་གཅིན། །ཇི་ལྟར་བཟའ་བ་དེ་བཞིན་བཤང་། །ཇི་ལྟར་དྲི་བཟངས་ག་བུར་དག །དེ་བཞིན་བཤང་བ་ལས་བྱུང་དྲི། །ཇི་ལྟར་བསྟོད་པ་བྱེད་པའི་ཚིག །དེ་བཞིན་དུ་ནི་སྨོད་པའི་ཚིག །དྲག་པོ་རྡོ་རྗེ་ཅན་དེ་བཞིན། །ཇི་ལྟར་ཉིན་མོ་དེ་བཞིན་མཚན། །
ཇི་ལྟར་རྨི་ལམ་དེ་བཞིན་མཐོང་། །ཇི་ལྟར་འཇིག་པ་དེ་བཞིན་གནས། །ཇི་ལྟར་བདེ་བ་དེ་བཞིན་སྡུག །ཇི་ལྟར་སྡང་བ་དེ་བཞིན་དུ། །མནར་མེད་མཐོ་རིས་དེ་བཞིན་ཏེ། །དེ་བཞིན་སྡིག་དང་བསོད་ནམས་སོ། །དེ་ལྟར་ཤེས་ན་ཡེ་ཤེས་ཅན། །དོགས་པ་མེད་པར་ཐམས་ཅད་བྱེད། །སྦས་
པའི་བརྟུལ་ཞུགས་ཀུན་བསྒྲུབས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་འབྱུང་ངོ་། །དེ་བཞིན་དུ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་ཡང་སྤྱོད་པའི་བརྟུལ་ཞུགས་ནི་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། སྐྱེས་པའི་ས་ནི་ཡོངས་སྤངས་ནས། །ཚོགས་ཀྱི་དབང་ཕྱུག་
གཟུགས་བྱས་ནས། །ཡུལ་ནི་གཞན་ལ་ཞུགས་བྱས་ཏེ། །གང་དུ་སུས་ཀྱང་ངོ་མི་ཤེས། །ཚོགས་ཀྱི་རྟགས་ནི་བླངས་བྱས་ཏེ། །མགོ་བོའི་སྐྲ་ནི་བྲེགས་བྱས་ནས། །རགས་པ་རལ་པ་གཅིག་བྱས་པ། །གཙུག་ཕུད་གཅིག་ཅིག་གཞག་པར་བྱ། །འོད་སྤྲོ་བ་ཡིས་ཁྱབ་
པ་ནི། །དཔུང་རྒྱན་དང་ནི་གདུ་བུ་མཆོག །རུ་དྲཱ་ཀྵ་དང་ཤེལ་མཆོག་ནི། །ཕན་ཚུན་འདྲེས་པར་བྱས་པ་སྟེ། །སྨད་ཀྱི་ཆ་ལ་འཆང་བ་ནི། །སྐེ་བ་ལ་ནི་མགུལ་རྒྱན་བཏགས། །འབད་པས་ཐིག་ལེ་གསུམ་བྱས་ལ། །མཛུབ་མོར་ཟངས་ཀྱི་སོར་གདུབ་གདགས། །མདུན་གྱི་ཆ་ལ་
འཕྱང་བ་ནི། །ཤམ་ཐབས་ཀྱང་ནི་གྱོན་པར་བྱ། །གཙག་བུ་དང་བཅས་ཟ་མ་ཏོག །མཆན་ཁུང་དུ་ནི་འཕྱང་བར་བཏགས། །ཡན་ལག་ཐམས་ཅད་ཀྱིས་བརྒྱན་པའི། །ཚོགས་བདག་གཟུགས་ནི་བླངས་ནས་སུ། །ཚེམ་བུ་གྱོན་པར་བྱས་ནས་ནི། །རིགས་ངན་གནས་ལ་འཇུག་
པར་བྱ། །དངོས་གྲུབ་ཕྱིར་ནི་དེ་ལྟར་མཆོག །ཤིན་ཏུ་སྦས་པར་བྱས་ནས་ནི། །གང་དུ་སུས་ཀྱང་ངོ་མི་ཤེས། །ཡུལ་མཆོག་དེ་ལ་སྤྱད་པར་བྱ། །དེ་ལྟར་རྫོགས་པའི་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པས་རང་དང་གཞན་གྱི་དོན་བསྒྲུབ་པར་ནུས་པར་འགྱུར་རོ། །དེ་ལྟར་དངོས་པོ་རབ་ཏུ་
เล่ม ๒๙ · หน้า 53a
གྲགས། །ཞེས་བྱ་བའི་རིགས་པས་དངོས་པོ་ནི་སྤྱོད་པ་སྟེ། རྫོགས་པའི་བརྟུལ་ཞུགས་ཀྱི་མཚན་ཉིད་ཁྱད་པར་དུ་བརྟེན་པར་བྱའོ་ཞེས་བྱ་བའི་དོན་ཏེ་ཟུང་དུ་འཇུག་པའི་རིམ་པའོ། །དེ་ལྟར་གསུངས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་
སོགས་པ་ལ། གདོན་མི་ཟ་བ་ཞེས་བྱ་བ་རིམ་པ་ལྔ་པོ་ཉེ་བར་བསྡུས་ནས་འབྲས་བུ་དང་བཅས་པ་གྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱའི་དངོས་གྲུབ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་ལྔའི་རིམ་པ་ལྔ་སྟེ། དེ་རྣམས་ཟིལ་གྱིས་གནོན་
པ་ནི་གང་གིས་རོ་གཅིག་པར་བྱེད་པ་སྟེ། དེ་ཉིད་སྲེག་པར་མི་འགྱུར་བ་དང་། འཇིག་པར་མི་འགྱུར་བ་དང་། མི་ཕྱེད་པའི་མཚན་ཉིད་ཅན་རྡོ་རྗེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་ནི་རིམ་པ་དང་རིམ་པ་མ་ཡིན་པ་དང་བྲལ་བ་གསུངས་སོ་ཞེས་
སྟོན་ཏོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ནི་འཇུག་པ་དང་གནས་པ་དང་ལྡང་བའི་མཚན་ཉིད་དམ། དཀྱིལ་འཁོར་བཞིའི་འོད་སྤྲོ་བ་སྟེ། དེ་རྣམས་ཐམས་ཅད་རང་བཞིན་འོད་གསལ་བ་ཞེས་པ་ནི་ངོ་བོ་ཉིད་ཀྱིས་འོད་གསལ་བའི་
རང་བཞིན་ཡིན་ཏེ། འོན་ཀྱང་ལས་དང་པོ་ལ་སྐས་བཞིན་དུ་འཇུག་པ་ལ་སོགས་པའི་ཐབས་བསྟན་པའོ། །གཟོད་ནས་དག་པ་ནམ་མཁའ་བཞིན། །ཞེས་བྱ་བ་ལ་ནམ་མཁའ་ནི་ཡེ་ཤེས་གསུམ་སྟེ། དེ་དང་མཐུན་པ་ནི་རང་བཞིན་རྣམས་ཏེ་དེ་རྣམས་ཀྱང་གདོད་ནས་དག་པ་ཞེས་པ་ནི་དོན་
དམ་པའི་ཆོས་ཉིད་ཀྱི་ངོ་བོ་ཞེས་སྟོན་ཏོ། །བྱང་ཆུབ་ནི་གང་ཞིག་འདི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཇའ་ཚོན་དང་འདྲ་བ་དེ་ཡང་མེད་ཅེས་པ་ནི་བརྟགས་པས་མེད་པ་སྟེ་དོན་དམ་པའི་ངོ་བོར་ཡོད་པའོ་ཞེས་སྟོན་ཏོ། །མངོན་རྟོགས་མེད་ཅེས་པ་ནི་དེ་ཁོ་ན་ཉིད་བཞི་པ་ཡང་དེ་ལ་ཞེན་པ་དང་ལྡན་པ་
མེད་པ་ཡིན་ཏེ། འོན་ཀྱང་འོད་གསལ་བའི་ངོ་བོ་རྣམ་པར་མི་རྟོག་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གང་གིས་འདི་ཞེས་པ། དེ་ལ་བྱང་ཆུབ་ཚུལ་ཞེས་པ་ལ། བྱང་ཆུབ་ནི་ཟུང་འཇུག་གི་བསམ་གཏན་ཏེ་ཚུལ་ནི་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་བསྟན་པའི་རྫོགས་པའི་སྤྱོད་པས་བྱས་ལ་
เล่ม ๒๙ · หน้า 53b
འབྱུང་བར་འགྱུར་ཞེས་ཚིག་གི་དོན་ཏེ་རྫོགས་པའི་རིམ་པའོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱམས་པ་ལ་སོགས་པ་ནི་བྱམས་པ་གཙོ་བོར་གྱུར་པའི་བྱང་ཆུབ་སེམས་དཔའ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་དང་ལྡན་པ་དེ་བཞིན་གཤེགས་པ་
ཐམས་ཅད་ནི་ཕུང་པོ་ལྔ་དང་། སྐུ་ནི་བདག་ལ་བྱིན་གྱིས་བརླབ་པ་དང་། གསུང་ནི་རྡོ་རྗེ་བཟླས་པ་དང་། ཐུགས་ནི་སེམས་རྣམ་པར་དག་པ་དང་། ཆོས་ནི་ཆོས་ཉིད་དེ་མངོན་པར་བྱང་ཆུབ་པ་དང་། དེ་ཁོ་ན་ཉིད་ནི་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པ་ཟུང་འཇུག་དང་། ཡི་གེ་ཞེས་པ་ནི་གཡོ་བ་དང་
འཇིག་པར་མི་འགྱུར་བའི་འོད་གསལ་བའི་དེ་ཁོ་ན་ཉིད་ཐོས་ནས་ངོ་མཚར་བ་ནི་ཐོས་པ། རྨད་དུ་བྱུང་བ་ནི་མངོན་དུ་བྱས་ནས་རོ་དེ་ཉིད་ཀྱིས་ལྡང་ཞིང་ཆེད་དུ་བརྗོད་པ་འདི་ཞེས་བྱ་བ་ནི་སྟོང་པའི་ཚིག་བརྗོད་པའོ་ཞེས་སྟོན་ཏོ། །ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཞེས་བྱ་བ་ལ་
སོགས་པའི་ཚིགས་སུ་བཅད་པ་འདི་ལ་རྡོ་རྗེའི་བཟླས་པ་དང་། སེམས་ལ་དམིགས་པ་དང་། བདག་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་འཇུག་གི་རིམ་པ་རྣམས་ཡོད་པ་སྟེ། དེ་ལ་སངས་རྒྱས་ཞེས་པ་ནི་ཡི་གེ་གསུམ་ཏེ། དེ་རྣམས་འཇུག་པ་ལ་
སོགས་པའི་རིམ་པས་བཤད་པ་དེ་ནི་ངོ་མཚར་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའི་སྒོ་ནས་བསྟན་པའོ། །ཨེ་མའོ་ཆོས་ཞེས་པ་ནི་ཆོས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་རྣམས་ཀྱི་སྔགས་དང་ཕྱག་རྒྱའི་རིམ་པས་རྣམ་པར་དག་པ་བསྟན་པ་དེ་ཡང་ངོ་མཚར་བ་སྟེ།
སེམས་རྣམ་པར་དག་པའི་སྒོ་ནས་བསྟོད་པའོ། །དེ་བཞིན་དུ་ཆོས་ནི་སྒྱུ་མ་ལྟ་བུའི་སྐུ་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་གང་བསྟན་པ་དེ་ཡང་ཤིན་ཏུ་ངོ་མཚར་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་སྒོ་ནས་བསྟོད་པའོ། །དེ་ཉིད་ནི་འདོད་ཆགས་ལ་སོགས་པ་གསུམ་སྟེ། དེ་
རྣམས་དག་པར་བྱ་བའི་ཕྱིར་དོན་ནི་བཞི་པ་སྟེ་བསྟན་པ་ངོ་མཚར་བ་སྟེ། མངོན་པར་བྱང་ཆུབ་པའི་སྒོ་ནས་བསྟོད་པའོ། །དག་པའི་དོན་ནི་རྟག་པ་དང་ཆད་པ་ལ་སོགས་པའི་རྣམ་པར་རྟོག་པའི་ཚོགས་དང་བྲལ་བ་ཟུང་འཇུག་གི་ཏིང་ངེ་འཛིན་ཏེ། དེ་ཉིད་གང་བསྟན་པ་དེ་ཡང་ངོ་མཚར་བ་སྟེ།
เล่ม ๒๙ · หน้า 54a
དེའི་ཕྱིར་ཀྱེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་དོན་དམ་པའི་ངོ་བོ་ཐམས་ཅད་རོ་མཉམ་པའི་མཚན་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའོ། །ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ་ནི་ཁྱོད་ཀྱི་བདག་ཉིད་དུ་ཁོ་བོ་ཅག་འཇུག་པའོ་ཞེས་དོན་ཏེ་རིམ་པ་ལྔའོ། །ད་ནི་མ་ལུས་
པའི་དཀྱིལ་འཁོར་པའི་ངོ་བོ་བཅོམ་ལྡན་འདས་ལ་བསྟོད་པ་བཤད་པར་བྱ་བའི་ཕྱིར། བདག་མེད་པ་ཡི་ཆོས་ལས་འབྱུང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཆོས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་དོ། །བདག་མེད་པ་ནི་སེམས་ཅན་ཐམས་ཅད་ལ་
མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་ནོ། །རྣམ་པར་མི་རྟོག་པའི་ཁམས་འདི་ལས་འབྱུང་བས་ན་འབྱུང་བ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཐའ་ཡས་སོ། །སངས་རྒྱས་ནི་རབ་ཏུ་རྟོགས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པའོ། །བྱང་
ཆུབ་ནི་མངོན་པར་བྱང་ཆུབ་སྟེ། དེ་ཉིད་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་རྫོགས་པར་མཛད་པས་ན་བྱང་ཆུབ་རྫོགས་མཛད་པ་ནི་དོན་ཡོད་གྲུབ་པ་སྟེ། དེའི་རང་བཞིན་དང་། དེ་བཞིན་དུ་ཞི་བའི་ལས་མཛད་པའི་ཕྱིར་རྣམ་པར་མི་རྟོག་པ་ནི་ཐེ་ཚོམ་མེད་པ་སྟེ།
སངས་རྒྱས་སྤྱན་ནོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རིགས་ཡིན་པའི་ཕྱིར་དམིགས་སུ་མེད་པ་ནི་མཱ་མ་ཀཱིའོ། །བྱང་ཆུབ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གོས་དཀར་མོའོ། །སེམས་ནི་སེམས་དབང་དུ་མཛད་པའི་མཚན་ཉིད་ཅན་སྒྲོལ་མའོ། །དེའི་ངོ་བོ་བཅོམ་ལྡན་འདས་ཁྱོད་ལ་
ཕྱག་འཚལ་ལོ་ཞེས་སྟོན་ཏོ། །དེ་བཞིན་དུ་ཀུན་དུ་བཟང་པོས་ཉེ་བར་མཚོན་པ་ནི་བྱང་ཆུབ་སེམས་དཔའ་བརྒྱད་དེ། དེ་རྣམས་ཀྱི་ངོ་བོ་དང་ཐམས་ཅད་དོན་ཞེས་པ་ནི་འདོད་ཡོན་ལྔ་སྟེ། དེ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་རབ་ཏུ་སྐོར་བར་བྱེད་པས་ན་ཐམས་
ཅད་དོན་བྱང་ཆུབ་སེམས་རབ་ཏུ་བསྐོར་བ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་པོ་སྟེ། དེའི་ངོ་བོ་དང་། བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་ཉོན་མོངས་པའི་སྒྲིབ་པའི་གཉེན་པོའི་སྒོ་ནས་བྱང་ཆུབ་སྤྱོད་པར་བྱེད་པས་ན་བྱང་ཆུབ་སྤྱོད་པ་སྟེ། འཕགས་པ་གཤིན་རྗེ་མཐར་བྱེད་དོ། །
เล่ม ๒๙ · หน้า 54b
ཤེས་བྱའི་སྒྲིབ་པའི་རི་བོ་ཆེན་པོ་འཇིག་པར་བྱེད་པས་ན་རྡོ་རྗེ་སྟེ་ཤེས་རབ་མཐར་བྱེད་དོ། །བྱང་ཆུབ་སེམས་ནི་ལས་ཀྱི་སྒྲིབ་པའི་གཉེན་པོ་ཡེ་ཤེས་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་ཏེ་འཕགས་པ་པདྨ་མཐར་བྱེད་དོ། །དེ་བཞིན་གཤེགས་པའི་ཐུགས་དག་པ་ཞེས་བྱ་བ་ལ་
སོགས་པ་ལ་རྣམ་པར་སྨིན་པའི་སྒྲིབ་པ་ཟད་པས་ཐུགས་རྗེའི་ངོ་བོ་ཐོབ་པའི་ཕྱིར་ཐུགས་ནི་བདུད་རྩི་འཁྱིལ་པའོ། །དེ་བཞིན་གཤེགས་པའི་བཀས་གདུལ་བར་དཀའ་བ་འདུལ་བའི་ཕྱིར་དེ་བཞིན་གཤེགས་པ་ནི་མི་གཡོ་བའོ། །སྡིག་པ་བྱེད་པ་རྣམས་བཅིངས་ཤིང་སེམས་
དག་པར་མཛད་པས་དག་པ་ནི་འདོད་པའི་རྒྱལ་པོའོ། །བདུད་རྣམས་ཀྱི་ལུས་ངག་ཡིད་རྨོངས་པར་མཛད་པས་ན། སྐུ་དང་གསུང་དང་ཐུགས་ནི་དབྱིག་པ་སྔོན་པོ་ཅན་ནོ། །རྡོ་རྗེ་བརྒྱ་བས་སྤྲིན་གྱི་ཚོགས་གཅོད་ལ་ཆར་འབེབས་པར་མཛད་པའི་ཕྱིར་རྡོ་རྗེ་འཛིན་ནི་སྟོབས་པོ་ཆེའོ། །
ས་འོག་ལ་གནས་པའི་བགེགས་རྣམས་སྐྲག་ཅིང་། སངས་རྒྱས་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་རྣམས་ལ་རབ་ཏུ་སྟོན་པར་མཛད་པས་ན་སངས་རྒྱས་བྱང་ཆུབ་རབ་སྟོན་པ་ནི་གནོད་མཛེས་རྒྱལ་པོའོ། །དེ་བཞིན་དུ་བྱང་ཆུབ་ནི་མུ་སྟེགས་པ་ཐམས་ཅད་ཀྱི་མཁའ་འགྲོ་
མའི་སྒྱུ་འཕྲུལ་དང་སྔགས་དང་ལས་རྣམས་འཇོམས་པ་སྟེ། དེ་ལས་སེམས་གང་ལ་ཡོད་པ་དེ་ལ་བྱང་ཆུབ་སེམས་ཏེ། གཙུག་ཏོར་འཁོར་ལོས་སྒྱུར་ཏེ། དེ་རྣམས་ཀྱི་ངོ་བོ་བཅོམ་ལྡན་འདས་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སྔ་མ་དང་སྦྱར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་
རྣམས་ཀྱིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་བསྟོད་པ་སྟེ་དཀྱིལ་འཁོར་རྒྱལ་བ་མཆོག་གོ། །འདིར་ནི་གལ་ཏེ་ན་ཡང་རྡོ་རྗེ་འཆང་ཆེན་པོ་སྟོན་པ་པོ་ཡིན་ཏེ། འོན་ཀྱང་མི་བསྐྱོད་པ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་སུ་བཅད་པ་རྣམས་གསུངས་པ་སྟེ། ལོངས་
སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་ཐ་མི་དད་པར་བསྟན་པར་བྱ་བའི་ཕྱིར་རོ། །ལ་ལ་ན་རེ་དེ་རྣམས་ཀྱི་སྒོ་ནས་བཅོམ་ལྡན་འདས་ཁོ་ནས་གསུངས་པ་སྟེ། གང་གི་ཕྱིར་དེ་རྣམས་ནི་འདོད་ཆགས་ལ་སོགས་པའི་རིགས་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་རིམ་པའི་དབྱེ་བ་ལ་བརྟན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด