དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๙ · หน้า 55a

ཏེ་ཐ་དད་པར་རྟོགས་པ་སྟེ། ངོ་བོ་ཉིད་ཀྱིས་ནི་དེ་རྣམས་དང་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གཅིག་ཡིན་པའོ། །བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེའི་བཟླས་པ་ལ་སོགས་པའི་རིམ་པ་ལྔས་ཐོབ་པ་འོད་གསལ་བ་ཐོབ་པ་སྟེ། དེ་ཉིད་སྟོན་པར་བྱེད་པའི་ལེའུ་ནི་བྱང་ཆུབ་

སེམས་ཀྱི་ལེའུའོ། །ལེའུའི་དོན་ནི་སྔ་མ་བཞིན་དུའོ། །རྒྱུད་འགྲེལ་ལས་ལེའུ་གཉིས་པའི་ཚིག་གི་དོན་བཅུ་དྲུག་པ་བཤད་པའོ། །ལེའུ་འདི་ལ་ཚིགས་སུ་བཅད་པའི་གྲངས་ནི་སུམ་བརྒྱའོ།། །།བྱང་ཆུབ་ཀྱི་སེམས་བསྒོམ་པས་དོན་དམ་པའི་བདེན་པ་ལ་ཞུགས་ཏེ།

གཞན་གྱི་དོན་མེད་པས་དེ་ཉིད་གྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ལྷའི་ལེའུ་བརྩམ་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །སྐུ་གསུང་ཐུགས་རྡོ་རྗེ་ནི་རིགས་གསུམ་སྐྱེད་པར་བྱེད་

པའི་རྒྱུ་ཡིན་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་ཅི་མཛད་ཅེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་པའི་གཙོ་བོ་ལྔ་སྟེ། དེ་རྣམས་ཀྱི་གང་ཀུན་དུ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་སྣང་བ་ནི་འོད་ཟེར་ཏེ། དེ་ཉིད་

འཕྲོ་བ་ནི་རིམ་གྱིས་བཀོད་པ་དེ་ཉིད་ཀྱང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་མཐའ་ཡས་པའི་ཕྱིར་སྤྲིན་ཏེ། དེ་རྣམས་ཀྱི་ཡང་བཀོད་པ་ནི་སྤྲོས་པ་སྟེ། དེ་ཉིད་སེམས་ཅན་གྱི་དོན་བྱ་བའི་ཕྱིར་བསྟན་པས་ན་རྡོ་རྗེ་སྟེ། དེ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་

ཏེ། རྡོ་རྗེ་བཀོད་པ་ཞེས་བྱ་བ་ལ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་སྟེ་དེ་རྣམས་བཀོད་པ་ནི་སྤྲོས་པ་ལེའུ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་དེ་བཞིན་གཤེགས་པའི་སྐུ་སྒོམ་པ་གཙོ་བོར་གྱུར་པ་ལེའུ་གསུངས་ཏེ་བསྐྱེད་པའི་རིམ་པའོ། །ཡང་ན་དེ་བཞིན་

གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔའི་གང་ཞིག་སྐུ་གསུང་ཐུགས་ནི་ཡི་གེ་གསུམ་སྟེ། དེ་རྣམས་རྡོ་རྗེ་ནི་འཇུག་པ་ལ་སོགས་པའི་རིམ་པ་དེ་བཞིན་གཤེགས་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བཞི་སྟེ། དེ་

เล่ม ๒๙ · หน้า 55b

རྣམས་ཀྱི་གང་ཞིག་ཀུན་དུ་ནི་ལྐོག་མ་ལ་སོགས་པའི་གནས་རྣམས་ལ་སྣང་བ་ནི་དམར་པོ་ལ་སོགས་པའི་འོད་ཟེར་ཏེ། དེ་ཉིད་འཕྲོ་བ་ནི་སྣའི་རྩེ་མོར་འཛིན་པ་སྟེ། དེ་ཉིད་ཞི་བ་ལ་སོགས་པའི་ལས་འགྲུབ་པར་བྱེད་པས་ན་སྤྲིན་ཏེ། དེ་དགོད་པ་ནི་གཡས་པ་དང་གཡོན་པ་དང་

གཉིས་ཀ་དང་དལ་བུས་རྒྱུ་བ་བས་གང་ཞིག་རྡོ་རྗེ་ནི་ལྷའི་རྗེས་སུ་དྲན་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ནི་རླུང་གསུམ་སྟེ་དེ་རྣམས་ཀྱི་བཀོད་པ་ནི་འགྲོ་བ་དང་འོང་བའི་བྱ་བ་ལེའུ་གང་ལ་ཡོད་པ་དེ་གསུངས་སོ་ཞེས་འབྲེལ་པ་སྟེ། རྡོ་རྗེ་

བཟླས་པའི་རིམ་པའོ། །དང་པོ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་དུས་སུ་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་དུ་བྱས་ཏེ་མངོན་དུ་བྱ་བ་དེ་བྱུང་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་འགྲུབ་པའི་སྔགས་ཀྱི་མཐུ་སྟོབས་ཀྱིས་སྟོང་པ་ཉིད་དེ་ཁོ་ན་ཉིད་རྣལ་འབྱོར་པ་ལ་མངོན་དུ་གྱུར་

ཏེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་འདི་བརྗོད་ནས་རང་དང་གཞན་གྱི་སེམས་ནམ་མཁའ་བཞིན་དུ་བལྟ་བར་བྱ་སྟེ་དང་པོ་སྦྱོར་བའོ། །ཨོཾ་ཞེས་པ་ནི་རྣམ་པར་སྣང་མཛད་དེ། ཤཱུ་ནྱ་ཏཱ་ནི་མི་བསྐྱོད་པའོ། །ཛྙཱ་ན་ནི་རིན་ཆེན་འབྱུང་ལྡན་ལའོ། །བཛྲ་ནི་སྣང་བ་

མཐའ་ཡས་སོ། །སྭ་བྷཱ་བ་ནི་དོན་ཡོད་གྲུབ་པ་སྟེ། ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་དེ་རྣམས་ཀྱི་བདག་ཉིད་ཡེ་ཤེས་ལྔ་སྟེ་དེའི་རང་བཞིན་ནོ་ཞེས་རྫོགས་པའི་རིམ་པའོ། །ཡང་ན་ཨོཾ་ནི་ཐབས་སོ། །ཤཱུ་ནྱ་ཏཱ་ནི་ཤེས་རབ་བོ། །ཛྙཱ་ན་ནི་པདྨའོ། །བཛྲ་ནི་རྒྱལ་མཚན་ནོ། །སྭ་བྷཱ་བ་ནི་སྔགས་

དགོད་པའི་སྔོན་དུ་འགྲོ་བ་བསྐྱོད་པའོ། །ཨཱཏྨ་ནི་བདེ་བ་ཆེན་པོ་སྟེ་དེ་རྣམས་ཀྱི་རང་བཞིན་བདག་ཡིན་ཏེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །ཐམས་ཅད་སྟོང་པ་ཉིད་བསྒོམས་ནས་ཅི་བྱ་ཞེ་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ་རྣམ་

མཁའི་རྩ་ལྔ་སྟེ། དེ་རྣམས་དང་ལྡན་པས་ན་ནམ་མཁའ་སྟེ། ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་པའོ། །ཁམས་ཀྱི་རྫས་དྲུག་གི་ནང་ན་གཙོ་བོར་གྱུར་པའི་ཁམས་ནི་བྱང་ཆུབ་ཀྱི་སེམས་ཏེ། དེས་གང་བའི་ཆོས་འབྱུང་གི་ཕྱག་རྒྱ་ནི་ནམ་མཁའི་དབྱིངས་ཏེ། དེའི་དབུས་སུ་གནས་པ་

เล่ม ๒๙ · หน้า 56a

སངས་རྒྱས་ཀྱི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། རྟག་པའི་གཞལ་ཡས་ཁང་བསྒོམ་པ་ནི་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །ཞེས་བྱ་བ་ལ། འོད་ཟེར་སྤྲིན་ནི་སྤྲུལ་པའི་སྐུའི་ངོ་བོ་སའི་སྙིང་པོ་

ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚོགས་ཆེན་པོ་ནི་སྤྲོས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སངས་རྒྱས་ཡེ་ཤེས་ནི་རྣམ་པར་སྣང་མཛད་དེ། དེ་དང་མཉམ་པ་འོད་དཀར་པོ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །འོད་ཟེར་སྣ་ལྔ་སྟེ་དེའི་རང་བཞིན་གྱི་ལྷ་མོ་

བཞི་པོས་ཁྱབ་པ་ནི་མཛེས་པའོ། །ཀུན་ནས་ཡོངས་སུ་ཟླུམ་པ་སྟེ། ཐམས་ཅད་དུ་བཟང་པོ་འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཁྱབ་པའོ། །དེ་བཞིན་དུ་ཤ་ལྔ་ནི་མཆོད་པ་སྟེ། གང་ལ་ཡོད་པ་དེ་ནི་མཆོད་པ་ལྔ་སྟེ་ཁྲོ་བོའི་རྒྱལ་པོ་བཅུ་ཡིན་ནོ། །དེ་རྣམས་ཀྱིས་ཀྱང་

བརྒྱན་པའོ། །མདོར་ན་དེ་ལྟར་བསྒོམས་ནས་སུ། །ཞེས་པ་ནི་དེ་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོའི་མདོར་ན་ཞེས་པ་ནི་མདོར་བསྡུས་པའི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་བསྒོམས་ཏེ། དབུས་སུ་ཞེས་པ་ནི་འཁོར་ལོའི་དབུས་སུ་གཟུགས་ནི་རྣམ་པར་སྣང་མཛད་དེ་སྐུ་བསྒོམ་

པར་བྱའོ། །ཇི་ལྟ་བུ་ཞེ་ན། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཞེས་པ་ལ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྐུ་གསུང་ཐུགས་ནི་དཀར་པོ་དང་དམར་པོ་དང་ནག་པོ་སྟེ་ཞལ་གསུམ་གྱིས་མཚན་པ་ནི་ལྡན་པའམ།

དམ་ཚིག་ལ་སོགས་པའི་སེམས་དཔའ་གསུམ་དང་བཅས་པ་འམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་རྣམས་དང་ལྡན་པ་བསྒོམ་པར་བྱའོ། །སྐུ་གསུང་ཐུགས་ཀྱི་རིགས་ཉེ་བར་བསྡུ་བ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ཀྱི་ཕྱག་རྒྱ་ནི་སྐུ་བསྒོམ་པར་བྱའོ། །

དེས་ནི་འདི་བཤད་པ་ཡིན་ཏེ་གང་ཞིག་འདི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་ནི་རྡོ་རྗེ་འཆང་ཆེན་པོ་དང་ཐ་མི་དད་པར་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་རྗེས་སུ་ཞུགས་པ་རྣམ་པར་སྣང་མཛད་ནི། ཟླ་བ་བཞིན་དུ་དཀར་དམར་བསྒོམ་པར་བྱའོ། །

เล่ม ๒๙ · หน้า 56b

ཞེས་སྟོན་ཏེ། དེ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །ཚོགས་གཉིས་དང་ནི་ལྡན་པ་ཡིས། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་ནི་མི་བསྐྱོད་པ་ལ་སོགས་པ་གཙོ་བོར་གྱུར་པ་འཁོར་ལོ་བཞི་དེ་བཞིན་དུ་བསྒོམ་པར་བྱའོ། །གླེགས་བམ་མཐོང་བས་ང་རྒྱལ་

དང་ལྡན་པ་རྣམས་འཁྲུལ་པར་བྱ་བའི་ཕྱིར་གོ་བཟློག་པས་སྐུ་མདོག་ལ་སོགས་པའི་དབྱེ་བ་བཤད་པར་བྱ་སྟེ། ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཞེས་པ་ནི་ཨིནྡྲ་ནཱི་ལའི་ནོར་བུ་དང་འདྲ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་མི་བསྐྱོད་པའོ། །གཙོ་བོའི་ཕྱག་གིས་རྡོ་རྗེ་འཛིན་པས་ན་རྡོ་རྗེ་

བསྣམས་པའོ། །ལྷག་མ་ནི་སྔར་བཤད་ཟིན་ཏོ། །རབ་འབྱོར་ནི་རྣམ་པ་སྣ་ཚོགས་པའི་སྤྲུལ་པའི་སྐུ་སྤྲོ་བའི་བདག་ཉིད་དོ། །རྣམ་པར་གཙིགས་ལ་འཇིགས་འཇིགས་ལྟ་ཞེས་པ་ནི་རྣམ་པར་གཙིགས་པ་ནི་སྒེག་པའི་རོ་གཙོ་བོར་གྱུར་པ་ཡང་ཡིན་ལ། འཇིགས་འཇིགས་ལྟ་ནི་དྲག་

པོའི་ཉམས་གཙོ་ཡང་ཡིན་ཏེ། ཞེ་སྡང་གི་རིགས་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཀྱི་བསྒོམ་པ་བཤད་པར་བྱ་སྟེ། ཤེལ་དང་ཟླ་བ་འོད་འདྲ་བ་ནི་ཆུ་ཤེལ་གྱི་ནོར་བུ་དང་འདྲ་བའོ། །ཐོར་ཚུགས་ཅོད་པན་ནི་རལ་པའི་ཅོད་པན་གྱིས་བརྒྱན་པ་སྟེ། ཞི་བ་གཙོ་བོར་གྱུར་

པས་ཐུབ་པའི་ཆ་ལུགས་དང་ལྡན་པའི་ཕྱིར་རོ། །རབ་འབར་ནི་ཕྱི་རོལ་དུ་དཀྱིལ་འཁོར་པ་རྣམས་སྤྲོ་བར་མཛད་པའོ། །ཕྱག་ན་འཁོར་ལོ་བསྣམས་པ་ནི་རྩིབས་བརྒྱད་པ་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་དག་པ་དང་ལྡན་པའི་འཁོར་ལོ་འཆང་བའོ། །སྣ་ཚོགས་ཀུན་གྱིས་མཛེས་

པར་བརྒྱན། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྒྱུ་མཐུན་པའི་རང་བཞིན་གྱི་རྒྱན་དང་ལྡན་པའོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་བསྒོམ་པ་བཤད་པར་བྱ་སྟེ། འཛམ་བུ་ཆུ་བོའི་གསེར་འོད་འདྲ་བ་ནི་རྒྱས་པའི་ལས་འགྲུབ་པའི་ཕྱིར་རོ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་

འཁྲིགས། །ཞེས་པ་ནི་ཕྱི་རོལ་དུ་ཡང་དེ་བཞིན་དུ་སངས་རྒྱས་སྤྲོ་བར་མཛད་པའོ། །སྔར་བཤད་པ་མི་བསྐྱོད་པའི་ཕྱག་མཚན་གང་ཡིན་པ་དེ་ཇི་ལྟ་བུ་རྩེ་དགུ་པ་ནི་ཡེ་ཤེས་ལྔ་དང་ཉོན་མོངས་པ་བཞི་རྣམ་པར་དག་པས་དེའི་ཕྱག་ན་བསྒོམ་པར་བྱའོ། །མར་གད་འདྲ་བའི་འོད་

เล่ม ๒๙ · หน้า 57a

འདྲ་བ་ནི། ནམ་མཁའ་ལྡིང་གི་ནོར་བུ་དང་འདྲ་བ་དགུག་པ་གཙོ་བོར་གྱུར་པ། རྡོ་རྗེ་འབར་ནི་དགུག་པ་གཙོ་བོར་གྱུར་པའི་འོད་ཟེར་ཏེ་དེ་རྣམས་ཀྱིས་བརྒྱན་པ་དོན་ཡོད་གྲུབ་པ་བསྒོམ་པར་བྱའོ། །ཕྱག་ན་རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་ནའོ། །འབར་

བའི་སྤྲིན་གྱིས་ཀུན་ཏུ་ཁྱབ། །ཅེས་པ་ནི་རིན་ཆེན་གྱི་ཁྱད་པར་རོ། །འོད་དཔག་ཏུ་མེད་པའི་བསྒོམ་པ་བཤད་པར་བྱ་སྟེ། པདྨ་རཱ་ག་ནི་ནོར་བུ་ཞེས་བྱ་སྟེ། དེའི་འོད་འདྲ་བ་ནི་དེའི་འོད་ཟེར་དང་འདྲ་བ་དབང་གི་ལས་གཙོ་བོ་ཡིན་པའི་ཕྱིར་རོ། །རལ་པའི་ཅོད་པན་གྱིས་བརྒྱན་པ་ནི་འདོད་

ཆགས་རབ་ཏུ་ཞི་བའི་ཐབས་ཡིན་པའི་ཕྱིར་རོ། །ཕྱག་མཚན་བསྟན་པར་བྱ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མས་མ་གོས་པའི་པདྨ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རབ་འབར་ནི་སྔ་མ་

བཞིན་དུའོ། །འདོད་ཆགས་རྣམ་པར་དག་པས་ན་འདོད་ཆགས་རྡོ་རྗེ་ཅན་ནོ། དོན་ཡོད་གྲུབ་པའི་བསྒོམ་པ་བཤད་པར་བྱ་སྟེ། གདོན་མི་ཟ་བ་རྡོ་རྗེ་ཅན་ནི་དོན་ཡོད་གྲུབ་པ་སྟེ། སྔར་མར་ཀ་ཏའི་འོད་འཕྲོ་བ་བཤད་ཟིན་ཏོ། །འོད་ཟེར་སྣ་ལྔའི་འོད་ནི་རླུང་གི་ཁམས་དང་

བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །རལ་གྲི་ནི་ཉོན་མོངས་པ་གཅོད་པ་དེ་ཕྱག་ན་བསྣམས་པ་བསྒོམ་པར་བྱའོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གོ། །དོན་བསྡུས་པ་ནི་འདི་ཡིན་ཏེ། རེ་ཞིག་དང་པོ་སྟོང་པ་ཉིད་མངོན་དུ་བྱས་ལ་སྤྲིན་མེད་

པའི་ནམ་མཁའ་དང་འདྲ་བ་རང་དང་གཞན་བསམས་ཏེ། དེ་ནས་ཁ་དོག་དཀར་པོ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་འགྲོ་བ་མ་ལུས་བསྐྱེད་པའི་རྒྱུར་གྱུར་པ་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་རྫས་ཀྱིས་གང་བ། ཁ་དོག་དཀར་པོ་གྲུ་གསུམ་པ་ཆོས་འབྱུང་གི་ཕྱག་རྒྱ་རྣམ་པར་བསྒོམས་ལ། དེའི་

འོག་ཏུ་ས་འོག་གི་བར་ཐམས་ཅད་ཁྱབ་པ་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་འབར་བའི་ཚོགས་ལས་སྐྱེས་པ་རྡོ་རྗེས་གཞི་བསམ་སྟེ། རྡོ་རྗེ་དེ་བཞིན་དུ་ཕྱོགས་བཞི་པོ་ལ་རྡོ་རྗེ་ར་བ་སྟེ། དེའི་ནང་དུ་རྡོ་རྗེ་ར་བ་དང་། སྟེང་དུ་རྡོ་རྗེ་བླ་རེ་དང་། ར་བའི་ཕྱི་རོལ་དུ་མེའི་

เล่ม ๒๙ · หน้า 57b

དྲ་བ་དང་། དེའི་ཕྱི་རོལ་དུ་རྡོ་རྗེ་མདའི་དྲ་བ་སྟེ། དེ་ལྟར་དྲུག་དེ་བཞིན་གཤེགས་པའི་རིགས་དྲུག་གི་ངོ་བོ་གནས་བསྲུང་བར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །དེ་རྣམས་བྱིན་གྱིས་བརླབ་པའི་སྔགས་འདི་ཡིན་ཏེ། ཨོཾ་མེ་དི་ནཱི་བཛྲི་བྷཱ་བ་བཛྲ་བནྡྷ་ཧཱུྃ། ཨོཾ་བཛྲ་པྲཱ་ཀ་ར་ཧཱུྃ་བྃ་ཧཱུྃ་ཕཊ། ཨོཾ་

བཛྲ་པཉྩ་ར་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་བི་དཱ་ནི་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་ཤ་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ་ཞེས་བྱ་བའི་སྔགས་རྣམས་ཀྱིས་རྡོ་རྗེའི་ས་གཞི་ལ་སོགས་པ་བྱིན་གྱིས་བརླབས་ཏེ། དེའི་རྗེས་ལ་ཆོས་འབྱུང་གི་ཕྱག་རྒྱའི་སྟེང་དུ་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཞལ་

གསུམ་པ་ཕྱག་དྲུག་པ་སྐུ་མདོག་དཀར་པོ་ཕྱག་རྒྱ་མ་དང་བཅས་པ་ཞི་བའི་ངོ་བོ་སྐུ་ལ་སོགས་པར་བྱིན་གྱིས་བརླབས་པ་སྤྲོ་བ་དང་བསྡུ་བར་མཛད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམས་ཏེ། དེའི་རྗེས་ལ་སེམས་ཅན་གྱི་ཁམས་མ་ལུས་པ་ཞུགས་པ་ལ་སྔོན་དུ་འགྲོ་བ་

བདེ་བ་ཆེན་པོའི་དབང་གིས་མེའི་རེག་པས་ཞུ་བ་མར་གྱི་བུམ་པ་བཞིན་དུ་ཞུ་བ་སྐར་མ་དང་འདྲ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཙམ་དུ་བསམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་གྲུ་བཞི་དང་སྒོ་བཞི་པ་ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། དྲ་བ་དང་དྲ་བ་ཕྱེད་པ་དང་། དར་དཔྱངས་

དང་། མེ་ཏོག་གི་ཕྲེང་བ་དང་། དྲིལ་བུ་གཡེར་ཁའི་དྲ་བ་དང་། འདོད་པའི་ཡོན་ཏན་ལྔ་དང་། སྣ་ཚོགས་གསང་བའི་མཆོད་པ་དང་བཅས་པ་རིན་པོ་ཆེའི་ངོ་བོ་འོད་ཟེར་ཆེན་པོའི་ཚོགས་ཀྱིས་ནམ་མཁའི་ཁམས་མ་ལུས་པ་གསལ་བར་བྱེད་པ་གཞལ་ཡས་ཁང་པ་བསྒོམ་པར་བྱའོ། །

དེའི་ནང་དུ་ཨཱ་ལི་དང་ཀཱ་ལི་ལས་བྱུང་བ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་གསུམ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་གསུམ་བསྒོམ་པར་བྱའོ། །དཀྱིལ་འཁོར་གྱི་ཆོ་གའི་རིམ་པས་མི་བསྐྱོད་པ་ལ་ཉི་མའི་གདན་ཡིན་ནོ། །གཞན་མ་རྣམས་ལ་ཟླ་བའི་གདན་

ནོ། །ལྷ་མོ་རྣམས་དང་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་བརྒྱད་པོ་ལ་ཟླ་བའི་གདན། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་བཞིན་དུ་ཟླ་བའི་གདན་ནོ། །ཁྲོ་བོ་རྣམས་ལ་ཡི་གེ་གསུམ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་གདན་བཅུ་ཡིན་ནོ། །དེའི་རྗེས་ལ་

เล่ม ๒๙ · หน้า 58a

དབུས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་པོ་བཀོད་ལ་དེ་ལས་བྱུང་བའི་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་སྔར་བཤད་པའི་ཕྱག་མཚན་དང་། ཞལ་ལ་སོགས་པ་མངའ་བ་བསམ་པར་བྱའོ། །དེ་ནས་རིམ་པ་དེ་ཉིད་ཀྱིས་དཀྱིལ་འཁོར་པ་རྣམས་

སྤྲོས་ཏེ། ཤིན་ཏུ་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་བལྟས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པར་བྱའོ། །དེའི་རྗེས་ལ་སྙིང་ག་དང་ལྐོག་མ་དང་སྤྱི་བོ་རྣམས་ལ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ནག་པོ་དང་དམར་པོ་དང་དཀར་པོའི་ཡི་གེ་གསུམ་བཀོད་ལ། ཨོཾ་

སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཞེས་བྱ་བ་དང་། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་བརྟན་པར་བྱ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བ་

ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པའི་རིགས་ལ་གསོལ་བ་གདབ་ཅིང་། དེས་ཀྱང་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་རྣམས་ཀྱིས་བདག་ཉིད་དབང་བསྐུར་ཏེ། དེ་བཞིན་དུ་ཡང་གཟུགས་རྡོ་རྗེ་མ་ལ་སོགས་པ་སྤྲོས་ཏེ། དེ་རྣམས་ཀྱིས་ཡང་མཆོད་པ་བྱས་ལ་སླར་ཡང་

འདུས་ཤིང་གསུམ་མི་དམིགས་པས་བསྟོད་པ་བྱས་ལ། གོ་ཀུ་ད་ཧ་ན་དང་། མར་བི་ཤུ་མུ་གཅིག་ཏུ་གྱུར་པར་བྱས་ལ་དེ་བཞིན་གཤེགས་པའི་གཟུགས་སུ་བསམས་ཏེ། སྤྲོ་བ་ལ་སོགས་པའི་རིམ་པས་བདུད་རྩིར་བསམས་ཤིང་ཡི་གེ་གསུམ་གྱིས་སྦྱང་བ་ལ་སོགས་པ་བྱས་ཏེ། རང་གི་

སྔགས་ཀྱིས་བྱིན་གྱིས་བརླབས་ཤིང་། བདག་ཉིད་ཀྱི་ལྕེ་ལ་ཨ་ལས་བྱུང་བའི་པདྨའི་འདབ་མ་རུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཕྲ་མོ་ཁ་དོག་དཀར་པོ་བཀོད་ཅིང་། དབང་པོ་དང་དབང་པོའི་རྣམ་པར་ཤེས་པ་དག་པར་བྱས་ལ་ཁའི་མེ་ཐབ་ལ་སྙིང་གར་གནས་པའི་ཡེ་ཤེས་སེམས་དཔའི་

མེ་ལ་མཆོག་གི་བདུད་རྩིའི་བློས་ནང་གི་བདག་ཉིད་དང་རང་གི་འཁོར་ལོ་ལ་སྦྱིན་སྲེག་བྱའོ། །དེ་ནས་ལངས་ཏེ་སྨོན་ལམ་ཡོངས་སུ་བསྔོ་བ་བྱས་ལ། འོག་ནས་འཆད་པར་འགྱུར་བའི་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་།

เล่ม ๒๙ · หน้า 58b

ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྣམས་སོ། །དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གསུམ་ལ། སྟོང་པ་ཉིད་ཀྱི་སྔགས་ལས་དང་པོ་གང་ཞིག་ཡན་ལག་ཏུ་གྱུར་པ་སྔགས་དེ་ཉིད་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་

པོའོ། །ཆོས་ཀྱི་དབྱིངས་ནི་ཐམས་ཅད་སྟོང་པ་ཉིད་དེ། དེའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐ་མལ་པའི་ལུས་ངག་ཡིད་བྱིན་གྱིས་རློབ་པ་ནི་སྔགས་གང་གིས་མི་སྣང་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ། ཨ་ནི་

བཅོམ་ལྡན་འདས་ཏེ་ཆ་ཕྱེད་དང་བཞིའོ། །དཔེར་ན་ཨ་ཨོ་མ། དེ་ལ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །ཨ་ནི་ཨཀྵོ་བྷྱ་སྟེ་མི་བསྐྱོད་པའོ། །ཨ་ནི་ཨ་མི་ཏཱ་བྷ་སྟེ་འོད་དཔག་ཏུ་མེད་པའོ། །ཨ་ནི་ཨ་མོ་གྷ་སྟེ་དོན་ཡོད་

གྲུབ་པའོ། །ཨོ་ནི་རྒྱས་པའི་ཕྱིར་རིན་ཆེན་འབྱུང་ལྡན་ནོ། །མ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ལྔ་ཉེ་བར་བསྡུ་བའི་རང་བཞིན་ཤེས་པ་དང་། ཤེས་བྱའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཟླ་ཕྱེད་དང་སྒྲ་དག་གོ། །དེ་ལ་ཟླ་ཕྱེད་ནི་ཤེས་པའི་སྟོང་པ་ཉིད་དོ། །སྒྲ་ནི་

ཤེས་བྱའི་སྟོང་པ་ཉིད་དེ། དེ་དག་དང་བྲལ་བ་ནི་སྒྲ་མཐའ་སྟེ། ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོའོ། །ཆ་ཤས་ཆ་ནི་མེད་པ་དང་། །ཆ་དང་ཕྱེད་དང་བཞི་བཅས་པ། །ཨོཾ་ཡིག་གང་གིས་མི་ཤེས་པ། །བྲམ་ཟེ་དེ་ནི་བྲམ་ཟེ་མིན། །སྒྱུ་འཕྲུལ་དྲ་བ་ལས་ཀྱང་།

ཚངས་རིས་བྲམ་ཟེ་ཚངས་པ་དང་། །ཚངས་པའི་མྱ་ངན་འདས་པ་ཐོབ། །ཅེས་འབྱུང་ངོ་། །འདིར་ནི་ཨོཾ་གྱི་ངོ་བོ་ནི་ཚངས་པ་སྟེ། དེ་ཉིད་གང་གིས་ཤེས་པ་དེ་ནི་ཚངས་རིས་སོ། །དེ་བཞིན་དུ་དེ་ཉིད་ནི་བྲམ་ཟེ་ཚངས་པའོ། །ཚངས་པ་ནི་ཡི་གེ་ཨོཾ་གྱིས་མྱ་ངན་ལས་འདས་པ་ནི། སྒྲ་མཐའ་

ཆ་དང་བཅས་པ་མ་ཡིན་པ་གང་གིས་ཤེས་པ་དེའང་དེས་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ཉིད་ལས་ཀྱང་། ཡི་གེ་ལྔ་པ་སྟོང་པ་ཆེ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །དེའི་དོན་འདི་ཡིན་ཏེ། དཔེར་ན་ཨ་ཨོ་མ་ཞེས་བྱ་བ་ལྔ་ནི་མི་གཡོ་བ་སྟེ། མི་འགྱུར་ཞིང་མི་གཡོ་བས་ན་ཡི་

เล่ม ๒๙ · หน้า 59a

གེ་སྟེ། དེ་བཞིན་གཤེགས་པ་ལྔའོ་ཞེས་སྟོན་ཏོ། །སྟོང་པ་ཆེན་པོ་ཞེས་པ་ནི་སྒྲ་མཐའ་སྟེ། དེ་ཉིད་ཐིག་ལེ་སྟོང་པ་ནི་རྗེས་སུ་འཇུག་པའི་དབྱངས་མེད་པ་སྟེ། ཇི་སྲིད་དུ་ཐིག་ལེ་བསྒོམ་པ་དེ་སྲིད་དུ་སྒྲ་ཡོད་པ་སྟེ། ཐིག་ལེ་ཟད་ན་སྒྲ་ཡང་

མེད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་ལས་ཀྱང་། སྤྲོས་པ་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་གནས་མེད་པ། །རང་བཞིན་མེད་པ་མཆོག་ཏུ་ཕྲ། །སྒྲ་དང་ཐིག་ལེ་རྣམས་སྤངས་པའོ། །ཞེས་གསུངས་སོ། །བསྡུ་བའི་རིམ་པ་བཤད་ནས། སྤྲོ་བའི་རིམ་པ་

བཤད་པར་བྱ་སྟེ། བཅོམ་ལྡན་འདས་དེ་ཉིད་ཡི་གེ་ཨོཾ་ནི་ཡི་གེ་བརྒྱ་པ་སྟེ། དཔེར་ན་ཨ་ནས་བརྩམས་ཏེ་ཀྵའི་བར་དུ་ཡི་གེ་ཕྱི་མོ་ནི་ཡི་གེ་ལྔ་བཅུ་ཡིན་ཏེ། དེ་ཉིད་མཚན་མོ་དང་ཉིན་མོའི་དབྱེ་བས་རང་བཞིན་ཉིད་དུ་ལྟེ་བའི་ཕྱོགས་ནས་འབྱུང་ཞིང་བརྒྱར་འགྱུར་རོ། །ཡང་ཤེས་རབ་

དང་ཐབས་ཀྱི་ངོ་བོས་སོ། །དེ་ནི་གང་ལས་འབྱུང་ཞེ་ན། སྨྲས་པ། ཨོཾ་ཁོ་ན་ལས་སོ། །འོ་ན། ཨ་ནི་ཡི་གེ་ཀུན་གྱི་མཆོག །ཅེས་བྱ་བའི་ཚིག་གིས་ཨ་དེ་ཉིད་འབྱུང་བའི་རྒྱུ་ཡིན་མོད་ཀྱི། ཡི་གེ་ཨོཾ་གྱིས་ནི་ཅི་བྱའོ་ཞེ་ན། ཡང་སྨྲས་པ། སྔགས་ཐམས་ཅད་ཀྱི་དང་པོ་བཅོམ་

ལྡན་འདས་ཀྱིས་མདོ་སྡེ་ལ་སོགས་པ་དང་། རྒྱུད་ཀྱི་རྒྱལ་པོ་རྣམས་ལས་གསུངས་པ་སྟེ། དེ་ཉིད་བསྐྱེད་པའི་རྒྱུ་ཡིན་ནོ། །ཡང་ན་ཨ་ལ་ཡོངས་སུ་ཞུགས་པས་སོ། །གལ་ཏེ་ཡོན་ཏན་བྱས་ནས་ཨ་མི་དམིགས་པ་སྟེ། དེ་ལྟར་ཡིན་ན་ཡང་རྣ་བའི་དབང་པོས་ཨོཾ་བརྗོད་པའི་དུས་སུ་

ཡི་གེ་ཨ་དང་པོ་ཐོས་པར་འགྱུར་རོ། །དེའི་འོག་ཏུ་ཡི་གེ་ཨོ་ལ་སོགས་པའོ། །མྱུར་དུ་བརྗོད་པས་དབྱེ་བ་ནི་མི་ཤེས། མགལ་མེའི་འཁོར་ལོ་དང་། ཨུཏྤལ་གྱི་འདབ་མ་བརྒྱ་ཕུག་པ་བཞིན་ནོ། །དེ་བཞིན་དུ་ཕྱི་རོལ་གྱི་བསྟན་བཅོས་རྣམས་ལ་ཡང་རིག་བྱེད་རྣམས་ལ་དང་པོ་ཨོཾ་བརྗོད་

པ་ཡིན་ཏེ། བྲམ་ཟེ་རྣམས་ཀྱིས་ཟེར་བ་ནི། །ཐོག་མ་དང་ནི་ཐ་མ་རུ། །རྟག་ཏུ་རིག་བྱེད་ཨོཾ་བརྗོད་བྱ། །སྔོན་དུ་ཨོཾ་མེད་འཇིག་པ་དང་། །ཞབས་སུ་ཡང་ནི་འཇིག་པར་འགྱུར། །ཁ་ཞབས་ཟད་པའི་རྒྱལ་པ་རུ། །འབྲུ་རྣམས་བླུགས་ན་འབོ་བ་བཞིན། །དེ་ཉིད་ཡི་གེ་བརྒྱ་པ་ཡིན། །

เล่ม ๒๙ · หน้า 59b

ཞེས་དགོངས་པའོ། །དེ་བཞིན་དུ་དེ་ཉིད་ལས། རྣམ་པ་ཀུན་དང་རྣམ་པ་མེད། །བཅུ་དྲུག་ཐིག་ལེ་ཕྱེད་ཕྱེད་འཆང་། །ཆ་མེད་པ་དང་ཆ་ལས་འདས། །བསམ་གཏན་བཞི་པོའི་མཐར་འཛིན་པ། །དེ་ལ་རྣམ་པ་ཀུན་ནི་ཡི་གེ་ཐམས་ཅད་ཀྱི་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་

པ་མེད་པ་ནི་སྒྲ་མཐའ་ཙམ་ལ་ངལ་སོ་པས་སོ། །བཅུ་དྲུག་ནི་དབུ་མའི་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་དབྱངས་བཅུ་དྲུག་དང་། ཉན་ཐོས་པ་རྣམས་ཀྱི་བཙོག་པ་དང་། རྩོལ་བ་རྗེས་སུ་དྲན་པ་བཅུ་དྲུག་གམ། །སྐད་ཅིག་མ་བཅུ་དྲུག་གི་རང་བཞིན་དང་། སྔགས་ཀྱི་བསྟན་པ་ལ་ཟླ་བའི་ཆ་བཅུ་

དྲུག་གི་རང་བཞིན་ཏེ། ཨ་ལ་སོགས་པའོ། །དེ་རྣམས་ཀྱི་ཕྱེད་ནི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་བརྒྱད་དོ། །ཉན་ཐོས་པ་རྣམས་ཀྱི་རྣམ་པར་ཤེས་པ་བརྒྱད་ཀྱི་རང་བཞིན་དང་། དབུ་མ་པ་རྣམས་ཀྱི་བསམ་གཏན་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་དང་། སྔགས་ཀྱི་ཐེག་པ་ཆེན་པོ་

རྗེས་སུ་འབྲང་བ་རྣམས་ལ་རྡོ་རྗེའི་བཟླས་པའི་དུས་སུ་ཐུན་བརྒྱད་ཀྱི་རང་བཞིན་ནོ། །དེ་རྣམས་ཀྱི་ཡང་ཕྱེད་ནི་བཞི་སྟེ། ཨ་ཨོ་མ། ཉན་ཐོས་རྣམས་ཀྱི་འཕགས་པའི་བདེན་པ་བཞིའི་རང་བཞིན་དང་། དབུ་མ་པ་རྣམས་ཀྱི་རྣམ་པར་ཐར་པའི་སྒོ་བཞིའི་རང་བཞིན་དང་། སྔགས་

ཀྱི་ཐེག་པ་ལ་དགའ་བ་བཞིའི་རང་བཞིན་ནོ། །བཅུ་དྲུག་ཕྱེད་ཕྱེད་ཡི་གེ་བཞི་པོ་རྣམས་ཀྱི་ཐམས་ཅད་བསྡུ་བའི་རང་བཞིན་ཐིག་ལེ་ནི་སྒྲ་མཐའ་གང་ཡིན་པ་དེ་འཛིན་པས་ན་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཏེ་ཡི་གེ་ཨོཾ་ཉིད་དོ། །གང་གི་ཚེ་དེ་ལྟ་བུ་ཡིན་ན་དེའི་ཚེ་ཆ་མེད་པ་སྟེ། ཆ་ནི་ཆ་དང་

གུག་སྐྱེད་ཅེས་བྱ་བའི་བར་དུའོ། །དེ་དག་ཀྱང་ཕྱེད་དང་བཞི་སྟེ་དེ་དང་བྲལ་བས་ན་བསྡུ་བའི་དུས་སུ་ཆ་མེད་པའོ། །ཆ་རྣམས་ནི་ཡི་གེ་བདག་ཉིད་ཡིན་པས་སྒྲ་ཡིན་ལ་སྒྲ་ཡང་རྣམ་པར་རྟོག་པའི་རྒྱུ་ཡིན་པའི་ཕྱིར་དེ་མེད་པས་ན་ཆ་ལས་འདས་པ་སྟེ། རྟོག་པ་ལས་འདས་པའོ། །དེ་བཞིན་

དུ་བསམ་གཏན་བཞི་ནི་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དོ། །དེ་རྣམས་ཀྱི་མཐའ་ནི་སྲིད་པའི་རྩེ་མོའོ། །ཉན་ཐོས་རྣམས་ནི་མཐོང་བ་དང་བསྒོམ་པའི་ལམ་དག་གིས་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་སྤོང་བ་དང་།

เล่ม ๒๙ · หน้า 60a

དེ་བཞིན་དུ་འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་སྟེ། ས་དགུ་པའི་འཁོར་བའི་དབྱེ་བས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བརྒྱད་ཅུ་རྩ་གཅིག་སྤོང་ཞིང་ཆོས་ཀྱི་ཡེ་ཤེས་དང་། རྗེས་སུ་རྟོག་པའི་ཡེ་ཤེས་དང་

བཟོད་པའི་ཡེ་ཤེས་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་ཅིང་ཁམས་གསུམ་པའི་ཆགས་པ་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་དབུ་མ་པ་རྣམས་ཀྱི་བསམ་གཏན་བཞི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་སྟེ་རྣམ་པར་ཐར་པའི་སྒོ་བཞིའོ། །

དེ་རྣམས་ཀྱི་རྩེ་མོ་ནི་རང་བཞིན་དང་བྲལ་བ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དབང་གིས་བག་ཆགས་དང་བྲལ་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་དོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་མཐོང་བའི་སྔགས་ཀྱི་ཐེག་པ་ཆེན་པོའི་བསམ་གཏན་བཞི་ནི་དགའ་

བ་བཞི་སྟེ། དེ་རྣམས་ཀྱི་མཐའ་ནི་དཔེའི་བདེ་བའི་ཕྱིར་དུས་སུ་དཔེ་ལས་འབྱུང་བའི་བདེ་བ་སྟེ། དེ་འཛིན་པས་ན་བསམ་གཏན་བཞི་པོའི་མཐའ་འཛིན་པའོ། །ཡི་གེ་ཨོཾ་གྱི་སྒྲ་མཐའི་དུས་ནི་བསམ་གཏན་བཞི་པོའི་མཐའི་མཚན་ཉིད་ཆོས་ཀྱི་དབྱིངས་དང་། ཆོས་ཉིད་ཀྱི་ངོ་བོ་ཡི་གེ་ཨོཾ་གྱི་

གཏན་ཚིགས་བསྟན་ཏོ། །དེ་ཉིད་དྷརྨ་དྷཱ་ཏུ་སྟེ་ཐམས་ཅད་སྟོང་པ་ཉིད་དོ། །སྭ་བྷྭ་བ་ཨཱཏྨ་ཀོ྅ཧཾ་དེའི་རང་བཞིན་ང་ཡིན་ནོ་ཞེས་ང་རྒྱལ་སྐྱེད་པར་བྱེད། དང་པོར་སྦྱོར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་གསུང་ཐུགས་གོང་བུ་གཅིག་གི་གཟུགས་ཅན་བྱང་

ཆུབ་ཀྱི་སེམས་ཀྱི་རྣམ་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་བདུན་ཁྲི་ཉིས་སྟོང་སྟེ་དེ་རྣམས་ལས་ཀུན་དུ་ནི་ཡན་ལག་ཐམས་ཅད་ལས། སྣང་བ་ནི་བྱང་ཆུབ་སེམས་ཏེ་དེ་ཉིད་འཕྲོ་བ་ནི་རྒྱུ་བ་སྟེ། དེ་ནི་སྤྲིན་བཞིན་དུ་བཀོད་པ་ནི་ཡང་དག་པར་བཀོད་པ། རྡོ་རྗེ་ནི་རྡོ་རྗེའི་

རྩེ་མོར་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་བཀོད་པ་ཞེས་བྱ་བ་ལ་རྡོ་རྗེ་ནི་རྡོ་རྗེའི་རྩེ་མོར་བཀོད་པ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་པ་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ་དེ་དག་གཙོ་བོར་གྱུར་པའི་ལེའུ་གསུངས་ཞེས་

เล่ม ๒๙ · หน้า 60b

འབྲེལ་པའོ། །ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ནི་དགའ་བའོ། །ཤཱུ་ནྱ་ཏཱ་ནི་མཆོག་ཏུ་དགའ་བའོ། །ཛྙཱ་ན་ནི་དགའ་བྲལ་ལོ། །བཛྲ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་རྣམས་ཀྱི་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ནི་དེའི་རང་བཞིན་བདག་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་དགའ་

བའི་ངོ་བོ་སྐུ་རྫོགས་པར་བྱས་ལ་ཅི་བྱའོ་ཞེ་ན། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་ལུས་ཏེ་དེ་ཉིད་ཀྱི་དབུས་ན་གནས་པ་ནི་ཡན་ལག་དང་ཉིང་ལག་གི་དབུས་སུ་གནས་པ་སངས་རྒྱས་ནི་རྩ་བདུན་ཁྲི་ཉིས་སྟོང་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་འཁོར་

ལོ་བསྒོམ་པ་ནི་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་སྤྲིན་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་ཁྱབ་པ་དང་། སངས་རྒྱས་འབར་བ་ནི་རྣམ་པར་སྣང་མཛད་ཀྱི་འོད་དེ། དེ་དང་འོད་མཉམ་པ་ནི་ཁ་དོག་དཀར་པོའོ། །དེ་བཞིན་དུ་འོད་ཟེར་སྣ་ལྔ་ནི་པགས་པ་དང་། ཤ་

དང་ཁྲག་དང་རྩ་རྒྱུས་དང་། རུས་པ་དང་། དེ་རྣམས་ཀུན་དུ་ཁྱབ་པ་ནི་བསྐྱེད་པར་བྱས་པ་སྟེ་གང་གི་ཕྱིར་ལུས་པོའི་ཆ་ནི་དྲུག་སྟེ་མ་དང་ཕའི་དབྱེ་བས་སོ། །ལྔ་པོ་སྐྱེད་པར་བྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཁོ་ནའོ། །དེ་བཞིན་དུ་ཀུན་ནས་ཤེས་པ་ནི་སྤྱི་བོ་ནས་རྐང་པའི་བར་དུ་ཡོངས་སུ་

ཟླུམ་པོར་ཏེ་ཞེས་པ་ནི་ཟླུམ་པོ་ནི་རྣམ་པར་གནས་པའོ། །འདོད་པའི་ཡོན་ཏན་ལྔ་ནི་ཡུལ་ལྔ་སྟེ། དེ་རྣམས་ལ་ལོངས་སྤྱོད་པ་དབང་པོ་རྣམས་ནི་མཆོད་པ་ལྔ་དང་ཕུང་པོ་རྣམས་སོ། །དེ་རྣམས་ཀྱིས་བརྒྱན་པ་ནི་དེ་རྣམས་ཀྱི་ཡང་རྒྱུ་ཡིན་ན་ཞེས་སྟོན་ཏོ། །དེ་ལྟ་བུའི་བྱང་ཆུབ་སེམས་

དང་ལྡན་པའི་རྩའི་འཁོར་ལོ་མདོར་ན་ཞེས་པ་ནི་ཁམས་གསུམ་པ་ནི་ཉེ་བར་བསྡུས་ནས་བསྒོམས་ཏེ། གཟུགས་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དབུས་སུ་བསྒོམ་པར་བྱ་བ་ནི་རྩའི་འཁོར་ལོའི་ནང་དུ་བསྒོམ་པར་བྱའོ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཞེས་པ་ནི་རྡོ་རྗེ་དང་པདྨའི་

ནང་དུ་གནས་པ་རྩ་འདོད་པའི་གདུགས་སོ། །སྐུ་གསུང་ཐུགས་རོ་གཅིག་པར་གྱུར་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་མཚན་མའོ། །སྐུ་ནི་ཤུ་ཀྲའོ། །གསུང་ནི་ཁྲག་གོ། །ཐུགས་ནི་དྲི་ཆབ་སྟེ། དེ་རྣམས་ཀྱི་རང་བཞིན་རྩ་གཡོན་པ་དང་། གཡས་པ་དང་། དབུ་མ་རྣམས་ཀྱི་ཕྱག་རྒྱ་

เล่ม ๒๙ · หน้า 61a

ནི་བསྡུ་བའི་ཕྱག་རྒྱ་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདོད་པའི་གདུགས་དེ་ནི་ཆུ་རྒྱུ་བའི་ཕྱིར་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའི་ངོ་བོའོ། །གཡོན་དང་གཡས་དག་བསྡུ་བ་ནི་ངོ་བོ་གཅིག་པས་སོ། །དེ་ཉིད་གཉིས་སུ་མེད་པའི་སྦྱོར་བ་ནི་ཐ་མི་དད་པའི་ཏིང་ངེ་འཛིན་གྱིས་

བསྒོམ་པར་བྱའོ། །དཀོན་མཆོག་དཔལ་ཞེས་པ་ནི་ཁྲག་གོ། །དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྩ་གཡས་པ་སྟེ་རུས་སྦལ་མའོ། །དེ་བཞིན་དུ་ཚེ་དཔག་ཏུ་མེད་པ་ནི་ཤུ་ཀྲའོ། །དེ་ཉིད་ཀྱི་འོད་བྱེད་པ་ནི་རྩ་གཡོན་པ་སྟེ་ཟླ་བ་མའོ། །དེ་དག་གཡོན་དང་གཡས་སུ་བསྒོམ་པར་བྱའོ། །ཐོགས་མེད་

ནི་ཤའོ། །འགྲུབ་པ་ནི་བཤང་བ་སྟེ། དེ་དག་གི་རྒྱ་ཆེན་ནི་ཤར་དང་ནུབ་ཕྱོགས་ན་གནས་པའི་རྩ་གཉིས་ཏེ། ལྷ་སྦྱིན་མ་དང་ནོར་རྒྱས་མའོ། །དེ་དག་སངས་རྒྱས་དཀྱིལ་འཁོར་ནི་ནམ་མཁའ་ལྔའི་རང་བཞིན་པདྨའི་ནམ་མཁར་བསྒོམ་པར་བྱའོ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ་བ་ནི་ཆུ་རྒྱུ་བ་རྩ་

དབུས་མའོ། །སྐུ་གསུང་ཐུགས་ཉེ་བར་བསྡུ་བས་ན་འདི་ཉིད་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནོ། །རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རྣམ་པ་ཡིན་པའི་ཕྱིར་ཕྱག་ན་རྡོ་རྗེ་བསྣམས་པའོ། །འོད་ཟེར་ཆེན་པོའི་ཚོགས་སྤྲོ་བའི་ཕྱིར་རབ་འབར་རོ། །རྣམ་པར་གཙིགས་པས་

འཇིགས་པ་ནི་ཤུ་ཀྲ་དང་ཁྲག་དག །འཇིགས་ལྟ་ནི་ཟ་བར་བྱེད་པའོ། །ཤེལ་དང་ཟླ་བའི་འོད་འདྲ་བ། །ཞེས་པ་ནི་ཁ་དོག་དཀར་པོ་རྩ་གཡོན་པའོ། །བྱང་ཆུབ་ཀྱི་སེམས་རྒྱུ་བའི་ཕྱིར། ཐོར་ཚུགས་ཅོད་པན་ནི་བྱང་ཆུབ་ཀྱི་སེམས་རྒྱུ་བའི་རྩའི་འཁོར་ལོས་བརྒྱན་པ་བསྒོམ་པར་བྱའོ། །འཁོར་

ལོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ཏེ། དེ་ཉིད་ཕྱག་སྟེ་ཁོང་སྟོང་ན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་བཞིན་དུ་སྣ་ཚོགས་རྒྱན་ནི་སྤྲོ་བའི་ཐིག་ལེ་རྣམས་ཀྱིས་བརྒྱན་པའོ། །འཛམ་བུའི་ཆུ་གསེར་ནི་བཤང་བའོ། །དེ་དང་འདྲ་བ་ནི་དེས་གང་བ་ཤར་ཕྱོགས་ཀྱི་རྩ་ལྷ་སྦྱིན་མའོ། །

སངས་རྒྱས་སྤྲིན་ནི་རྣམ་པར་སྣང་མཛད་ཀྱི་རྫས་རྣམས་ཀྱིས་ཀུན་དུ་འཁྲིགས་པ་ནི་ཁྱབ་པའོ། །རྩེ་མོ་དགུ་ནི་སྒོ་དགུ་སྟེ། དེ་རྣམས་ཀྱི་རྡོ་རྗེ་ནི་བཤང་སྒོ། ཕྱག་ན་ཁོང་སྟོང་ལ་དེ་ཉིད་ལ་གནས་པ་བསྒོམ་པར་བྱ་སྟེ། བྷ་གའི་དབུས་ན་གནས་པའི་བཤང་བའི་རྩས་བཤང་སྒོ་ཁྱབ་པར་བྱེད་པ་ཞེས་

เล่ม ๒๙ · หน้า 61b

སྟོན་ཏོ། །མ་ར་ཀ་ཏའི་འོད་ནི་དོན་ཡོད་གྲུབ་པ་སྟེ། དེ་དང་འདྲ་བ་ནི་དེའི་རང་བཞིན་ཤའོ། །དེ་རྒྱུ་གང་ཞིག་རྡོ་རྗེ་འབར་བ་ནི་ནུབ་ཀྱི་རྩ་སྟེ། དེ་ཉིད་ཕྱག་ནི་ནང་གི་ཁོང་སྟོང་ལ། རིན་ཆེན་ནི་ཤའོ། །འབར་བའི་སྤྲིན་ནི་ལུས་ཀྱི་ཤའི་དུམ་བུ་རྣམས་ཀྱིས་ཀུན་དུ་ཁྱབ་པར་བསྒོམ་

པའོ། །དེ་བཞིན་དུ་པདྨ་རཱ་གའི་མདོག་ནི་སྣང་བ་མཐའ་ཡས་སོ། །དེ་དང་འདྲ་བ་ནི་ཁྲག་གོ། །དེའི་རྣམ་པ་ནི་རྩ་གཡས་པའོ། །སྔ་མ་བཞིན་དུ་ཐོར་ཚུགས་ཅོད་ཅན་གྱིས་བརྒྱན་པའོ། །དེ་བཞིན་དུ་པདྨ་དང་འདྲ་བ་ཁྲག་ཕྱག་ན་ཁོང་སྟོང་གི་ནང་ན་གང་ལ་ཡོད་པ་དེ་ནི་ཕྱག་ན་

པདྨོའོ། །རབ་འབར་ནི་ཁ་དོག་དམར་པོའི་འོད་ཟེར་སྤྲོ་བའོ། །འདོད་ཆགས་རྡོ་རྗེ་ཅན་ཞེས་པ་ནི་དེ་ཉིད་ཤེས་རབ་ཀྱི་ངོ་བོ་བསམ་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། འོད་ཟེར་སྣ་ལྔའི་འོད་འདྲའི་སྐུ། །ཞེས་པ་ནི་རྩ་ལྔའོ། །གདོན་མི་ཟ་བ་རྡོ་རྗེ་ཅན་གྱི་སྐུ་ནི་རྡོ་རྗེ་འཆང་

ཆེན་པོའི་ངོ་བོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཀྱིས་གང་བ་དེ་རྣམས་བསྒོམ་པར་བྱའོ། །ཞི་བ་ཕྱག་ན་རལ་གྲི་བསྣམས། །ཞེས་བྱ་བ་ལ། རལ་གྲི་ནི་རྣོ་བའི་ངོ་བོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འཛིན་པའོ། །རྣམ་པར་རྟོག་པ་མ་ལུས་པ་ཉེ་བར་བསྡུ་བའི་ཕྱིར་ཞི་བའོ། །

སངས་རྒྱས་དཀྱིལ་འཁོར་ནི་རྩའི་འཁོར་ལོའི་དབུས་སུ་དེ་ཉིད་རང་གི་ངོ་བོ་དང་། རང་བདེ་བ་བསྒོམ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་ནོ། །ཆོས་ཀྱི་དབྱིངས་ནི་བདེ་བ་ཆེན་པོ་དེའི་ངོ་བོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་ནི་ཀུན་རྫོབ་བྱང་

ཆུབ་ཀྱི་སེམས་བྱིན་གྱིས་རློབ་པ་ནི་བདེ་བ་ཆེན་པོ་དབང་དུ་བྱེད་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །དྷརྨཱ་དྷཱ་ཏུ་ནི་དེ་ཉིད་བདེ་བ་ཆེན་པོ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་དེའི་བདག་ཉིད་བདག་ཡིན་ནོ་ཞེས་དེའི་དུས་སུ་ང་རྒྱལ་

གཟུང་བར་བྱ་སྟེ་འབྲས་བུའོ། །ད་ནི་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་བའི་ཕྱིར། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་འདིར་ནི་སྔགས་ཀྱི་རིམ་པས་བསྒོམ་པ་བསྟན་པར་བྱ་སྟེ། འདིར་ནི་སྣ་རྣམ་པ་ལྔ་ཡིན་ཏེ། གདོང་གི་སྣ་དང་། ལྐོག་

เล่ม ๒๙ · หน้า 62a

མའི་སྣ་དང་། སྙིང་གའི་སྣ་དང་། ལྟེ་བའི་སྣ་དང་། གསང་བའི་སྣའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་གདོང་གི་སྣ་རུ་བསྒོམ་པར་བྱའོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་ལྐོག་མའི་སྣ་ལའོ། །མི་བསྐྱོད་པའི་རྣལ་འབྱོར་

པས་སྙིང་གའི་སྣ་ལའོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་ལྟེ་བའི་སྣ་ལའོ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས་གསང་བའི་སྣ་ལ་བསྒོམ་པར་བྱ་སྟེ། དབང་གི་དབྱེ་བས་བསྟན་ཏོ། །ཁ་དོག་ལྔ་ནི་ཡི་གེ་ལྔ་སྟེ། ཨོཾ་ཨཱཿཧཱུྃ་ཏྲཱཾ་ཁཾ་ཞེས་སོ། །དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་

དུ་ཞི་བ་དང་། དབང་དང་མངོན་སྤྱོད་དང་། རྒྱས་པ་དང་དགུག་པར་བྱེད་པའི་ཕྱིར་རིན་ཆེན་ཆེན་པོའོ། །ཡུངས་ཀར་གྱི་འབྲས་བུ་བཞིན་དུ་རགས་པའི་ཚད་དང་ལྡན་པའོ། །སྣའི་རྩེ་མོ་ཞེས་པ་ནི། སྔར་བཤད་པའི་སྣའི་རྩེ་མོ་རྣམས་སུའོ། །ནན་ཏན་དུ་ཞེས་པ་ནི་སེམས་རྩེ་གཅིག་པས་སོ། །

རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །ཞེས་པ་ནི། སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པས་སོ། །རིན་ཆེན་བརྟན་པར་ཞེས་པ་ནི་བདག་ཉིད་དང་ཁམས་གསུམ་པའི་ཐིག་ལེ་ཙམ་དུ་ཤེས་ནས། སྤྲོ་བ་ནི་སྔགས་ཐམས་ཅད་སྐྱེད་པར་བྱེད་པའི་ཡི་གེའི་ཕྱི་མོ་དེ་ལས་སྤྲོ་བར་བྱའོ། །བརྟན་པར་

མ་གྱུར་པ་ནི་སྔར་བཤད་པའི་ཏིང་ངེ་འཛིན་མངོན་དུ་མ་གྱུར་ན་སྤྲོ་བར་མི་བྱ་སྟེ། བསྒོམ་པ་དེ་ཉིད་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་དུ་བརྟན་པ་ཉིད་དུ་འགྱུར་རོ། །སྤྲོ་བ་བཤད་པར་བྱ་སྟེ། མཆོག་རབ་ཅེས་བྱ་བ་ལ་སོགས་པ་མཆོག་རབ་སྤྲིན་རྣམས་ནི་མཆོག་ཏུ་གྱུར་པའི་ཡི་གེ་ཕྱི་མོའི་

སྡེ་ཚན་རྣམས་གྱིས་སོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་དང་འདྲ་བ་ནི་དེ་དང་མཚུངས་པའི་འོད་རྣམས་ཀྱིས་སོ། །དེ་བཞིན་དུ། འཁོར་ལོ་རྡོ་རྗེའི་སྤྲིན་ཆེན་དང་། །ཞེས་བྱ་བ་ལ། འཁོར་ལོ་ལ་སོགས་པས་ཉེ་བར་མཚོན་པ་དེ་བཞིན་གཤེགས་པའི་ངོ་བོ་

འོད་ཟེར་རམ། དེའི་ཕྱག་མཚན་འཆང་བ་རྣམས་ཀྱིས་སོ། །མོས་པའི་དབང་གིས་བྱང་ཆུབ་སེམས་དཔའི་སྤྲིན་ཆེན་གྱི་ངོ་བོ་དང་ཉེ་བར་མཚོན་པ་ཙམ་གྱིས་ལྷ་མོ་དང་། ཁྲོ་བོ་རྣམས་ཀྱིས་ཀྱང་ལས་ཀྱི་དབང་གིས་སྤྲོ་བའི་བདག་ཉིད་ཅན་གྱི་རྣལ་འབྱོར་པས་སྤྲོ་བར་བྱ་སྟེ། བསྐྱེད་པའི་

เล่ม ๒๙ · หน้า 62b

རིམ་པའོ། །འདིར་ནི་མན་ངག་འདི་ཡིན་ཏེ། རེ་ཞིག་འདིར་ནི་ཨཱ་ལི་དང་ཀཱ་ལིའི་ངོ་བོ་ཡི་གེ་ཕྱི་མོ་ནི། སྔགས་ཐམས་ཅད་ལ་བསྐྱེད་པའི་རྒྱུ་ཡིན་ཏེ། དེ་ཡང་དབྱངས་དང་གསལ་བར་བྱ་བའི་བདག་ཉིད་ཀྱིས། ཤེས་རབ་དང་ཐབས་ཀྱི་རང་བཞིན་རྣམ་པ་གཉིས་ཡིན་ནོ། །དེ་དག་

ཀྱང་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ཏེ། དཔེར་ན་ཨ་དང་ཨཱ་ནི་རྣམ་པར་སྣང་མཛད་དང་། ལྷ་མོ་སྤྱན་ནོ། །ཨི་དང་ཨཱི་ནི་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱིའོ། །ཨུ་དང་ཨཱུ་ནི་སྣང་བ་མཐའ་ཡས་དང་གོས་དཀར་མོའོ། །རྀ་དང་རཱྀ་ནི་མི་བསྐྱོད་པ་དང་། །མཱ་མ་ཀཱི་ཆེན་མོའོ། །

ལྀ་དང་ལཱྀ་ནི་དོན་ཡོད་གྲུབ་པ་དང་། ལྷ་མོ་སྒྲོལ་མའོ། །ཨེ་ཨཻ། ཨོ་ཨཽ་ཞེས་བྱ་བ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་སོ། །དེ་བཞིན་དུ་ཀ་ཁ་ག་གྷ་ང་ཞེས་པ་ནི་ཀ་ནི་སྤྱན་ནོ། །ཁ་ནི་མཱ་མ་ཀཱིའོ། །ག་ནི་

གོས་དཀར་མོའོ། །གྷ་ནི་ལྷ་མོ་སྒྲོལ་མའོ། །ང་ནི་རྣམ་པར་སྣང་མཛད་དེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་ཙ་ཚ་ཛ་ཛྷ་ཉ་ཞེས་བྱ་བ། ཙ་ལ་སོགས་པ་ནི་ལྷ་མོ་སྤྱན་ལ་སོགས་པའོ། །ཉ་ནི་རིན་ཆེན་འབྱུང་ལྡན་ཏེ། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་

འཁོར་རོ། །ཊ་ཋ་ཌ་ཌྷ་ཎ་ཞེས་བྱ་བ་ལ། ཊ་ལ་སོགས་པ་ནི་ལྷ་མོ་སྤྱན་ལ་སོགས་པའོ། །ཎ་ནི་སྣང་བ་མཐའ་ཡས་ཏེ། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་ཏ་ཐ་ད་དྷ་ན་ཞེས་བྱ་བ་ལ། ཏ་ལ་སོགས་པ་ནི་ལྷ་མོ་སྤྱན་ལ་སོགས་པའོ། །ན་ནི་མི་བསྐྱོད་

པ་སྟེ། མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་བཞིན་དུ་པ་ཕ་བྷ་བ་མ་ཞེས་བྱ་བ་ལ། པ་ལ་སོགས་པ་ནི་ལྷ་མོ་སྤྱན་ལ་སོགས་པའོ། །མ་ནི་དོན་ཡོད་གྲུབ་པ་སྟེ། དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཨཾ་ཨཿཞེས་བྱ་བ་ནི་ཁྲོ་བོའི་རྒྱལ་པོ་བཅུ་

ཡིན་ཏེ། དེ་ལྟར་ན་ཡི་གེ་ཕྱི་མོ་མ་ལུས་པ་ནི། དེ་བཞིན་གཤེགས་པའི་ངོ་བོ་ཡིན་ནོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི། གདོང་གི་སྣ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་ཀྱི་ཆ་རུ་འོ་མའི་རྒྱ་མཚོ་བཞིན་དཀར་བ། སྤྲོ་བའི་འོད་ཟེར་གྱི་འཁོར་ལོས་ཁམས་

เล่ม ๒๙ · หน้า 63a

གསུམ་པ་གསལ་བར་བྱེད་པ་ནང་དུ་མེ་ལོང་གི་པྲ་དབབ་པ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དང་བཅས་པ། སྒྲ་མཐའ་ནི་ཆོས་ཀྱི་སྐུའི་ངོ་བོ་སྒྲ་དང་། ཐིག་ལེ་དག་གིས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ། །ལྷག་མའི་ཡི་གེས་ནི་སྤྲུལ་པའི་སྐུའི་

བདག་ཉིད་འཇུག་པའི་ངོ་བོས་ནི་སྐུའི་རང་བཞིན། ནད་ལ་སོགས་པ་ཞི་བར་བྱེད་པའི་ཕྱིར། ཞི་བའི་ལས་བྱེད་པ། རིག་བྱེད་ཀྱི་དང་པོ་རྣམ་པར་དགོད་ཅིང་དེ་ཉིད་ཀྱི་ཕྱི་རོལ་དུ་གཡོན་སྐོར་བས། ཕྲེང་བ་གཅིག་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལ་སོགས་པའི་དབྱངས་ཀྱི་ཡི་

གེ་བཅུ་དྲུག་ཁ་དོག་དཀར་པོ་དགོད་པར་བྱའོ། །དབྱངས་ཀྱི་ཕྲེང་བའི་ཕྱི་རོལ་དུ་ཡང་ཕྲེང་བ་གཉིས་པ་ལ་གཡས་སྐོར་བས། ཡི་གེ་ཀ་ལ་སོགས་པ་ཧའི་མཐའ་ཅན་ཁ་དོག་སྔ་མ་དང་འདྲ་བ་དགོད་པར་བྱའོ། །དེའི་རྗེས་ལ་དེ་ཉིད་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ཏེ། འགྲོ་བ་

དྲུག་གི་སེམས་ཅན་རྣམས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་ལ། ས་བཅུ་ཐོབ་པར་གནས་པར་བྱས་ཤིང་། སླར་ཡང་བསྡུས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བརྗོད་ཅིང་། སྔ་མ་བཞིན་དུ་གསལ་བྱའི་ཡི་གེ་དེ་

བཞིན་གཤེགས་པའི་རིགས་དང་མཐུན་པས། དབྱངས་ཀྱི་སྡེ་ལ་ཞུགས་ནས་རོ་གཅིག་པར་བྱའོ། །དེའི་རྗེས་ལ་ཁྲོ་བོའི་ཡི་གེ་བཞི་ནི་རིགས་ཀྱི་དབྱེ་བ་ལ་བརྟེན་ཏེ། ཨ་ལ་སོགས་པའི་ཡི་གེ་བཞི་པོ་ལ་ཐིམ་པར་བྱའོ། །དེ་ནས་ཤེས་རབ་ཀྱི་ངོ་བོ་ཡི་གེ་རིང་བ་ལྔ་པོ་ནི། ཡི་གེ་

ཐུང་བ་རྣམས་ལ་ཐིམ་པར་བྱའོ། །ཡི་གེ་ཐུང་བ་བཞི་པོ་ནི་ཡི་གེ་ཨ་ལ་དང་། དེ་ཡང་ཡི་གེ་ཨོཾ་ལ་དང་། ཡི་གེ་ཨོཾ་གྱི་ཆ་གསུམ་ནི་ཐིག་ལེ་ལ་ཐིམ་པར་བྱའོ། །ཐིག་ལེ་ཙམ་ཡུངས་ཀར་གྱི་འབྲུའི་ཚད་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་མ་ལུས་པ་རྗེས་སུ་ཞུགས་པས་གསལ་བ་

དང་། མི་གསལ་བའི་ངོ་བོ་དང་། ཐོ་རངས་ཀྱི་སྐར་མ་དང་འདྲ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཡོངས་སུ་རྫོགས་པའི་ངོ་བོ་ཞེས་ཏེ། འོད་གསལ་བའི་གོ་འཕང་ལ་གནས་པར་བྱའོ། །འདི་ནི་ནང་གི་བདག་ཉིད་ཀྱི་དུས་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་

เล่ม ๒๙ · หน้า 63b

ཉིད་དང་ཆོས་ཀྱི་དབྱིངས་ཡིན་ནོ། །དེའི་རྗེས་ལ་སྔ་མའི་འདུ་བྱེད་ཀྱི་དབང་གིས་སྙིང་རྗེ་ཆེན་པོས་དབང་དུ་བྱས་པའི་རྣལ་འབྱོར་པས་རྨི་ལམ་ལས་སད་པ་བཞིན་དུ་ཐིག་ལེ་བརྟན་པར་བྱས་ཏེ། རིམ་པ་དེ་ཉིད་ཀྱིས་ཟླ་བའི་དཀྱིལ་འཁོར་ལ་ཐིག་ལེ་ལས་སྤྲོ་བའི་འོད་ཟེར་གྱི་འཁོར་ལོས་ཨཱ་

ལི་དང་ཀཱ་ལི་ཕྲེང་བ་གཉིས་སུ་སྤྲོ་བར་བྱའོ། །དེ་ནས་ཡང་ཕྱི་རོལ་དུ་ནམ་མཁའ་ལ་སོགས་པར་ཨ་དང་ཨ་ལས་ཞལ་གསུམ་པ་ཕྱག་དྲུག་པ་འཁོར་ལོ་ལ་སོགས་པའི་ཕྱག་མཚན་འཆང་བ་སྐུ་མདོག་དཀར་པོར་སྤྲོས་ཏེ། བསྒྲུབ་བྱ་རྣམས་ཀྱི་གྲོང་ཁྱེར་ལ་སོགས་པ་ལ་ཞི་བའི་ལས་བྱའོ། །

ཨེ་ལ་སོགས་པ་ཡང་དེ་བཞིན་དུ་སྤྲོས་ཏེ། རྒྱས་པ་དང་མངོན་སྤྱོད་དང་དབང་དང་དགུག་པ་རྣམས་བྱའོ། །གསལ་བྱའི་སྡེ་ཚན་ལྔ་ཡང་སྤྲོས་ཏེ། སྔ་མ་བཞིན་དུ་ཕྱག་དང་ཞལ་དང་ཕྱག་མཚན་དང་སྐུ་མདོག་ཏུ་ལྡན་པ་དེ་རྣམས་ཀྱིས་ཞི་བ་ལ་སོགས་པ་བྱ་སྟེ། འགྲོ་བ་ཀུན་ནི་སངས་རྒྱས་

ཀྱི་ཞིང་ལ་སོགས་པར་གཞག་པར་བྱའོ། །དེ་ནས་ཀྱང་ཁྲོ་བོའི་ཡི་གེ་རྣམས་དེའི་ངོ་བོར་སྤྲོས་ཏེ་འཇིག་རྟེན་སྐྱོང་བ་བརྒྱད་དང་ས་འོག་ཏུ་ཀླུ་མོ་དང་། ནམ་མཁར་ལྷའི་བུ་མོ་དགུག་པར་བྱའོ། །དེ་ལྟར་བྱས་ན་རང་གི་སེམས་དབང་དུ་གྱུར་པའོ། །ཇི་སྐད་དུ་རྡུལ་ཕྲ་རབ་དང་ཤིན་ཏུ་ཆེ་བ་ཉིད་ཀྱི་

མཐར་སེམས་དབང་དུ་འགྱུར་རོ། །ཡང་དག་པ་སོ་སོར་རྟོགས་པས་རང་གི་དོན་དང་། ཞི་བ་ལ་སོགས་པ་གྲུབ་པས་གཞན་གྱི་རྣལ་འབྱོར་པ་ལས་འབྱུང་བ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཕྲ་མོའི་རྣལ་འབྱོར་སྒོམ་པའི་རིམ་པའོ། །དེ་ལྟར་ཡང་སྣང་བ་མཐའ་ཡས་ལ་སོགས་

པའི་རྣལ་འབྱོར་པས་ལྐོག་མ་ལ་སོགས་པའི་སྣ་རྣམས་སུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་རྣམས་ལ་ངག་གི་དབང་ཕྱུག་མ་ལ་སོགས་པའི་ས་བོན་རྣམས་ལས་ཡི་གེ་ཕྱི་མོ་སྤྲོས་ཏེ་འགྲོ་བའི་དོན་བྱས་ལ་སླར་ཡང་གསལ་བྱ་དང་དབྱངས་ཀྱི་དབྱེ་བས་བསྡུས་ཏེ་ཐིག་ལེ་ཙམ་གྱི་བསྒོམ་པ་

བརྟེན་པར་བྱ་ཞིང་དེ་བཞིན་དུ་ཡི་གེའི་ལྷ་རྣམས་ཀྱི་དབང་པོ་ལ་སོགས་པ་བྱས་ཏེ། ཅི་བདེ་བའི་སྤྱོད་པས་སྤྱད་པར་བྱ་སྟེ། སྣང་བ་མཐའ་ཡས་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྲ་མོའི་རྣལ་འབྱོར་གྱི་བསྒོམ་པའི་རིམ་པ་བསྟན་ཏོ། །སྔགས་ཀྱི་རིམ་པ་བཤད་ནས་ཕྱག་རྒྱའི་རིམ་པས་ཕྲ་མོའི་

เล่ม ๒๙ · หน้า 64a

རྣལ་འབྱོར་བཤད་པར་བྱ་སྟེ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལྔ་ཉེ་བར་བསྡུ་བའི་རང་བཞིན་ནམ། ཡེ་ཤེས་ལྔའི་ངོ་བོ་ཁམས་དྲུག་གཙོ་བོར་གྱུར་པས་ཆེན་པོ་ཡང་ཡིན་ལ་འགྲོ་བ་སྐྱེད་པར་བྱེད་པས་རིན་ཆེན་ཡང་ཡིན་ཏེ་རིན་ཆེན་

ཆེན་པོའོ། །ཡུངས་ཀར་ནི་དོན་དམ་པ་སྟེ་ཕྲ་མོ། །འབྲུ་ནི་ཀུན་རྫོབ་སྟེ་རགས་པའོ། །ཚད་ཙམ་ཞེས་པ་ནི་གཉི་གའི་རང་བཞིན་ཏེ། ཡུངས་ཀར་ནི་འབྲུ་ཚོད་ཙམ་མོ། །སྣའི་རྩེ་མོར་ཞེས་པ་ནི་འདོད་པའི་གདུགས་ཀྱི་རྩེ་མོར་རོ། །ནན་ཏན་དུ་ཞེས་པ་ནི་རྩོལ་བའི་རླུང་འགགས་པས་

སྔགས་དགོད་པས་བསྒོམ་པ་ནི་འཛིན་པར་བྱའོ། །རྣལ་འབྱོར་པ་ནི་ཡན་ལག་དྲུག་པའི་རྣལ་འབྱོར་ལ་མཁས་པས་སོ། །དེ་ནས་བརྟན་པར་ནི་སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔ་བལྟས་ནས་སྤྲོ་བར་བྱའོ། །སྔར་བཤད་པའི་མཚན་མ་མཐོང་ན་བསྟན་པར་མ་གྱུར་པ་ནི་སྤྲོ་བར་མི་བྱའོ། །

སྲོག་དང་རྩོལ་བའི་ཏིང་ངེ་འཛིན་མངོན་དུ་མ་གྱུར་ན་སྤྲོ་བར་མི་བྱའོ་ཞེས་སྟོན་ཏོ། །རིགས་ཀྱི་དབྱེ་བས་ནི་སྤྲོ་བ་བསྟན་པར་བྱ་སྟེ། མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ། །ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་མཆོག་གོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་འབར་ནི་འོད་ལྔ་སྟེ། དེ་དང་འདྲ་བའི་འོད་ནི་དེའི་

ཁ་དོག་འཛིན་པའོ། །འཁོར་ལོ་རྡོ་རྗེ་སྤྲིན་ཆེན་དང་། །ཞེས་པ་ནི་ཕྱག་མཚན་གྱིས་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པ་རྣམས་སམ། ཕྱག་མཚན་རྣམས་སོ། །དེ་ལྟར་སྤྲོ་བའི་བདག་ཉིད་ཅན་ནི་སྤྲོ་བའི་རིམ་པ་ཤེས་པས་སྤྲོ་བར་བྱ་སྟེ། རྣལ་འབྱོར་དེ་ནི་ཕྱག་རྒྱའི་རིམ་པས་ཕྲ་མོ་རྣལ་

འབྱོར་རོ། །རླུང་གི་རིམ་པས་བཤད་པར་བྱ་སྟེ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་བྱ་བ་ལ་སོགས་པ་ལ། སྲོག་ལ་སོགས་པའི་རླུང་ལྔའི་རང་བཞིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་རྣམས་ཉེ་བར་བསྡུ་བའི་ཕྱིར་མཆོག་ཏུ་གྱུར་པས་ན། རིན་ཆེན་ཆེན་པོའོ། །ཡུངས་ཀར་ནི་ཚིམ་པར་

བྱ་བའི་ཕྱིར་འཇུག་པའོ། །འབྲུ་ནི་ལྡང་བའི་བདག་ཉིད་ཡིན་པས་ལྡང་བའོ། །ཚོད་ཙམ་ནི་གནས་པ་ཙམ་གྱི་ཕྱིར་གནས་པའོ། །དེ་རྣམས་ཉེ་བར་བསྡུ་བ་ནི་ཡུངས་ཀར་གྱི་འབྲུའི་ཚོད་ཙམ་སྟེ། འཇུག་པ་ལ་སོགས་པ་གསུམ་པོ་དང་བྲལ་བའོ་ཞེས་སྟོན་ཏོ། །དེ་ལྟ་བུའི་འོད་གསལ་བ་གང་དུ་བསྒོམ་ཞེ་

เล่ม ๒๙ · หน้า 64b

ན། སྣའི་རྩེ་མོ་ནན་ཏན་དུ། །ཞེས་པ་ནི་སྣ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་སྟེ་གསུམ་མོ། །དེ་རྣམས་ཀྱི་རྩེ་མོ་ནི་ཐམས་ཅད་སྟོང་པ་ཉིད་དེ་དེ་རུ་བསྒོམ་པར་བྱའོ། །ནན་ཏན་དུ་ཞེས་པ་ནི་རླུང་གི་རྩོལ་བ་འགགས་པས་སོ། །རྣལ་འབྱོར་པ་ཞེས་པ་ནི་རྡོ་རྗེའི་བཟླས་པ་ལ་

མཁས་པས་སོ། །བརྟན་པ་ནི་འོད་གསལ་བ་བརྟན་པར་ཤེས་ནས་སྤྲོ་བར་བྱ་སྟེ། དེ་ནས་འོད་ཟེར་རྣམས་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ། །ཞེས་པ་ནི་དཀྱིལ་འཁོར་བཞིའོ། །སངས་རྒྱས་ནི་མི་བསྐྱོད་

པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་འབར་བ་ནི་སྐུ་མདོག་སྟེ། དེ་དང་འདྲ་བའི་འོད་དང་ལྡན་པའོ། །འཁོར་ལོ་ལ་སོགས་པའི་ཕྱག་མཚན་རྣམས་ཀྱིས་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་

ནི་གདོང་པའོ། །དེ་ཉིད་ཀྱི་སེམས་དཔའ་ནི་སྣ་ཁུང་གཉིས་སོ། །དེ་དག་གི་སྤྲིན་ཆེན་པོ་ནི་གཡོན་དང་གཡས་དང་གཉིས་ཀ་དང་། དལ་བུས་རྒྱུ་བའི་དམར་པོ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་གནས་པར་བྱའོ། །སྤྲོ་བའི་བདག་ཉིད་ཅན་ཞེས་པ་ནི་

སྤྲོ་བའི་འོད་ཟེར་གྱི་ལྷའི་ང་རྒྱལ་དང་ལྡན་པས་ཏེ་རྡོ་རྗེ་བཟླས་པའི་རིམ་པའོ། །ཡེ་ཤེས་ཀྱི་རིམ་པས་བཤད་པར་བྱ་སྟེ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་བྱ་བ་ལ་སོགས་པ་ལ། ཁ་དོག་ལྔ་ནི་དབང་པོ་ལྔའི་སྒོ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའོ། །བདག་ཏུ་ལྟ་བ་ལ་

སོགས་པ་ཆེན་པོ་རྣམས་ཀྱི་གནས་ཡིན་པའི་ཕྱིར། རིན་ཆེན་ཆེན་པོ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཤིན་ཏུ་མཚོན་པར་དཀའ་བའི་ཕྱིར་བག་ཆགས་ཕྲ་མོས་རྗེས་སུ་འབྲང་བར་ཡུངས་ཀར་གྱི་འབྲུའི་ཚོད་ཙམ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་

དེ་དག་གསུམ་སྣའི་རྩེ་མོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་གནས་སུ་ཐིག་ལེ་དང་ཡི་གེ་མེད་པའི་འོད་གསལ་བའི་གོ་འཕང་ལ་བསྒོམ་པ་ནི་ཐིམ་པར་བྱའོ། །ནན་ཏན་དུ་ཞེས་པ་ནི་རང་བཞིན་བརྒྱ་དྲུག་ཅུའི་བསྡུས་ནས་སོ། །རྣལ་འབྱོར་པ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རྣལ་འབྱོར་ལ་

เล่ม ๒๙ · หน้า 65a

མཁས་པས་སོ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །ཞེས་བྱ་བ་ལ་སོགས་པ་ལ། སེམས་རྣམ་པར་དག་པ་བརྟན་པར་ཤེས་ཏེ། ཕྱི་ནས་ཅིག་ཅར་དུ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་སྐུ་སྤྲོ་བར་བྱའོ། །མཆོག་རབ་སྤྲིན་རྣམ་སྤྲོ་བར་

བྱ། །ཞེས་བྱ་བ་ལ་སོགས་པས་སྤྲོ་བ་བརྟན་པར་བྱ་སྟེ། མཆོག་རབ་ནི་མིག་འཕྲུལ་ཅན་གྱི་སྒྱུ་མའོ། །སྤྲིན་རྣམས་ནི་བྲག་ཅའོ། །སངས་རྒྱས་འབར་ནི་སྨིག་རྒྱུའོ། །འཁོར་ལོ་ནི་མེ་ལོང་གི་གཟུགས་བརྙན་ནོ། །རྡོ་རྗེ་ནི་དབང་པོའི་གཞུའོ། །སྤྲིན་ཆེན་ནི་སྤྲིན་གྱི་ཆར་པ་ལས་བྱུང་

བའི་ཆུ་བུར་རོ། །པདྨ་ནི་པདྨའི་འདབ་མར་གནས་པའི་ཆུའོ། །རལ་གྲི་ནི་དེས་ཉེ་བར་མཚོན་པའི་པྲ་དབབ་པའོ། །མཚོན་ཆ་ནི་དྲི་ཟའི་གྲོང་ཁྱེར་རོ། །བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམས། །ཞེས་པ་ནི་རྨི་ལམ་མཐོང་བ་བཞིན་དུ་དཔེ་སྣ་ཚོགས་པའི་དཔེ་འདི་རྣམས་ཀྱིས་

ཉེ་བར་མཚོན་པར་སྒྱུ་མའི་སྐུ་འོད་གསལ་བ་ལས་སྤྲོ་བར་བྱའོ། །སྤྲོ་བའི་བདག་ཉིད་ཅན་གྱིས་ཞེས་པ་ནི་སྤྲོ་བའི་རྣམ་པར་རྟོག་པ་དང་བྲལ་བའོ་ཞེས་སྟོན་ཏོ། །དེ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དགའ་བ་ལ་སོགས་པའི་རིམ་པ་བཤད་

པར་བྱ་སྟེ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་བྱ་བ་ལ་སོགས་པ་ལ། ལྔ་ནི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །ཁ་དོག་ནི་དྲུག་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །རིན་ཆེན་ཆེན་པོ་ཁམས་གསུམ་པའི་སེམས་ཅན་གྱི་དོན་བྱེད་པ་ནུས་པ་དང་ལྡན་པ་སྟེ་བཞི་པའོ། །ཡུངས་ཀར་

བཞིན་དུ་སྣུམ་པའི་ཕྱིར་ཡུངས་ཀར་ནི་པདྨའོ། །འབྲུ་ནི་རྡོ་རྗེའོ། །དེ་དག་ཡང་དག་པར་སྦྱོར་བ་ནི་ཚོད་ཙམ་མོ། །སྣ་ནི་དགའ་བ་དང་མཚན་མའོ། །ནན་ཏན་ནི་དགའ་བྲལ་དང་དུས་མཚམས་སོ། །བསྒོམ་པ་ནི་དེ་དག་གསུམ་པོ་ཉེ་བར་བསྡུས་ན་བཞི་པ་ཉམས་སུ་མྱོང་བར་བྱའོ། །དེ་ལྟར་

འབྲས་བུར་གྱུར་པའི་ཕྱིར་རིན་ཆེན་ཏེ། དེ་ཉིད་བརྟན་པར་བྱས་ལ་སྤྲོ་བ་ནི་བལྟ་བར་བྱའོ། །བརྟན་པར་མ་གྱུར་ཡོང་མི་སྤྲོ། །ཞེས་པ་ནི་མི་བརྟན་པར་བསྒོམ་པར་མི་བྱའོ། །མཆོག་རབ་ཅེས་པ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང་། སྤྲིན་རྣམས་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་

เล่ม ๒๙ · หน้า 65b

གྱིས་སྤྲོ་བར་བྱ་བ་ནི་དེའི་བསྒོམ་པས་བརྟན་པར་བྱའོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་འབར་བ་ནི་མེ་འབར་བ་སྟེ། དེ་དང་འདྲ་བའི་འོད་ནི་འོད་གསལ་བའི་སྣང་བའི་ཏིང་ངེ་འཛིན་རྣམས་ཀྱིས་བསྒོམ་པར་བྱའོ། །འཁོར་ལོ་ནི་འདོད་ཆགས་སོ། །རྡོ་རྗེ་ནི་འདོད་ཆགས་དང་བྲལ་བས་

སོ། །སྤྲིན་ཆེན་ནི་འདོད་ཆགས་བར་མའོ། །པདྨ་ནི་བྷ་གའོ། །རལ་གྲི་ནི་རྡོ་རྗེའོ། །དེ་དག་ཁོ་ན་མཚོན་ཆའོ། །དེ་རྣམས་ཀྱིས་སྤྲོ་བ་ནི་མཚོན་པར་བྱེད་པ། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའི་རིམ་པས་རྡོ་རྗེ་དང་པདྨ་དག་གིས་བཞི་པ་བསྒོམ་པར་

བྱའོ་ཞེས་སྟོན་ཏོ། །གལ་ཏེ་དབང་བསྐུར་གྱི་ཕྱག་རྒྱ་མའི་དྲིན་གྱིས་མངོན་པར་བྱང་ཆུབ་ཀྱི་རིམ་པ་ཉམས་སུ་མྱོང་བ་དེའི་ཕྱི་དུས་སུ་ཕྱག་རྒྱ་མ་རྙེད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་དང་ལྷན་ཅིག་ཏུ་སྤྲིན་ཆེན་རྣམས་ཡང་དག་པར་སྦྱོར་བའི་བྱ་བས་སྤྲོ་བ་ནི་དེ་ཁོ་ན་ཉིད་ཉེ་བར་

མཚོན་པར་བྱའོ། །གང་གི་ཞེ་ན་སྤྲོ་བའི་བདག་ཉིད་ཅན་ཞེས་པ་ནི་སྤྲོ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེར་གནས་པའི་བདག་ཉིད་ནི་ཡིད་གང་ལ་ཡོད་པ་དེ་ལྟ་བུ་རྣལ་འབྱོར་པས་ཏེ། མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་རིམ་པས་བཤད་པར་བྱ་སྟེ།

རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་བྱ་བ་ལ་སོགས་པ་ལ། ཁ་དོག་ལྔ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལས་དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་སྤྲོ་བར་མཛད་པའོ། །རིན་ཆེན་ཆེན་པོ་ཞེས་བྱ་བ་ལ། རིན་པོ་ཆེ་ནི་དཀྱིལ་འཁོར་པ་རྣམས་ཀྱི་དབུས་སུ་རིན་པོ་ཆེ་བཞིན་དུ་རབ་ཏུ་སྣང་བའོ། །ཡུངས་

ཀར་གྱི་འབྲུ་ཚོད་ཙམ་ཞེས་པ་ནི་དོན་དམ་པའི་བདེན་པ་ལ་ཡང་ཞུགས་པའོ། །དེ་ལྟ་བུའི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བརྟན་པར་ཤེས་ནས་སྤྲོ་བ་ནི་འགྲོ་བའི་དོན་བྱའོ། །འགྲོ་བའི་དོན་དེ་ཡང་བརྟན་པར་མ་གྱུར་པ་ནི་མི་

རྟག་པར་མི་བྱའོ། །ཏིང་ངེ་འཛིན་དེ་ཉིད་ཀྱི་འབྲས་བུ་བསྟན་པར་བྱ་སྟེ། སངས་རྒྱས་འབར་བ་འདྲ་བ་འོད། །ཅེས་བྱ་བ་ལ་སོགས་པ་ལ། མཆོག་རབ་ནི་བྲམ་ཟེ་རྣམས་སོ། །སྤྲིན་རྣམས་ནི་གདོལ་པ་ཅན་ནོ། །སངས་རྒྱས་ནི་རྫས་གཙང་བའོ། །འབར་བ་ནི་མེ་འབར་བ་བཞིན་དུ་

เล่ม ๒๙ · หน้า 66a

རེག་པར་དཀའ་བ་རྫས་མི་གཙང་བའོ། །དེ་རྣམས་འདྲ་བའི་འོད། །ཅེས་པ་ནི་མཉམ་པ་ཉིད་དུ་སྤྲོ་བར་བྱ་བ་ནི་ཤེས་པར་བྱའོ། །འཁོར་ལོ་ནི་བསྐོར་ནས་གནས་པའི་རགས་པའི་ཚོགས་སོ། །རྡོ་རྗེ་ནི་གསོད་པ་པོ་སྟེ་དགྲའི་ཚོགས་སོ། །ཆེན་པོ་ནི་ཕྱུག་

པོ་རྣམས་སོ། །སྤྲིན་ནི་དབུལ་པོ་རྣམས་ཏེ་དེ་དག་ཀྱང་མཉམ་པ་ཉིད་དུ་ཤེས་པར་བྱའོ། །པདྨ་ནི་བློ་དམན་པའོ། །རལ་གྲི་ནི་འཛིན་པའི་རལ་གྲི་བཞིན་དུ་རྣོ་བ་སྟེ། དེ་དག་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་མཚོན་ཆ་ནི་མཚོན་ཆ་བཞིན་དུ་གསོད་པར་བྱེད་པ་སྟེ་དུག་ལ་

སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་བཞིན་དུ་བདེ་བ་སྟེར་བ་སྟེ། མུ་ཏིག་གི་ཕྲེང་བ་དང་ཙནྡན་དང་བཙུན་མོ་ལ་སོགས་པའོ། །སྤྲིན་ནི་ངལ་བ་སེལ་བར་བྱེད་པ་སྟེ་རང་གི་བཙུན་མོ་ལ་སོགས་པའོ། །དེ་རྣམས་ཀྱང་སྤྲོ་བ་ནི་མཉམ་པ་ཉིད་དུ་ཤེས་པར་བྱའོ། །

སྤྲོ་བའི་བདག་ཉིད་ཅན་ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་ལ་གནས་པའི་སྔགས་པས་སོ་ཞེས་བསྟན་ཏོ། །དེ་ནི་ཟུང་འཇུག་གི་རིམ་པའོ། །ད་ནི་སྔར་བཤད་པ་དེ་བཞིན་གཤེགས་པ་ལྔ་པོའི་བསྐྱེད་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་སྔ་མ་བཞིན་དུ་ཆོས་འབྱུང་གི་ཕྱག་རྒྱའོ། །དེའི་དབུས་སུ་གནས་པའི་ཡི་གེ་གསུམ་ལས་འབྱུང་བའི། ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་ནི་བསམ་པར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་

འཁོར་དེ་ཉིད་དེ་དེའི་དབུས་སུ་སྔར་བཤད་པའི་རིམ་པས་འཁོར་ལོའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསམ་པར་བྱ་སྟེ། གཞལ་ཡས་ཁང་པའི་ནང་དུའོ་ཞེས་ཚིག་གི་ལྷག་མའོ། །དེ་བཞིན་དུ་པདྨའི་དཀྱིལ་འཁོར་ནི་མཚོ་སྐྱེས་ཀྱི་ཚོགས་ཏེ། དེ་དང་འདྲ་བ་ནི་སྣང་

བ་མཐའ་ཡས་ཀྱི་དཀྱིལ་འཁོར་དམར་པོའོ། །རྡོ་རྗེ་བསྒོམ་པ་ནི་བསྐྱེད་པའི་རིམ་པའི་བསྒོམ་པས་བསྒོམ་པར་བྱའོ། །དེ་བཞིན་དུ་རིན་ཆེན་དཀྱིལ་འཁོར་ནི་རིན་ཆེན་གྱི་ཚོགས་སྟེ། དེ་དང་འདྲ་བ་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་སེར་པོ་སྟེ། རིན་ཆེན་བརྩོན་པ་ནི་རིན་ཆེན་འབྱུང་ལྡན་

เล่ม ๒๙ · หน้า 66b

གྱི་རྣལ་འབྱོར་པས་བསམ་པར་བྱའོ། །དེ་བཞིན་དུ་སྦྱོར་བ་ནི་ལས་ཐམས་ཅད་དེ་དེ་རྣམས་ཀྱི་དཀྱིལ་འཁོར་ནི་སྣ་ཚོགས་རྡོ་རྗེའོ། །དེ་ལས་བྱུང་བ་ནི་བསྐྱེད་པ་སྟེ། དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། ནམ་མཁའ་དང་འདྲ་བར་བྲི་བར་བྱ་ཞེས་པ་ནི་ནམ་མཁའ་

བཞིན་དུ་ལྗང་གུ་ཡིན་ནོ་ཞེས་སྟོན་ཏོ། །རབ་ཀྱི་མཆོག་ཅེས་པ་ནི་ཕུལ་དུ་བྱུང་བའོ། །སངས་རྒྱས་ནི་སངས་རྒྱས་ལ་སོགས་པའི་དཀྱིལ་འཁོར་རྣམས་བསྟན་པའོ། །སྐུ་གསུང་ཐུགས་ནི་གསུམ་སྟེ། དེ་རྣམས་བསྒོམ་པས་ནི་སྡུད་པར་བྱེད་པ་སྟེ་མི་བསྐྱོད་པའི་དཀྱིལ་འཁོར་ཤུགས་

ཀྱིས་སྔོན་པོ་བསྒོམ་པར་བྱའོ་ཞེས་ཚིག་གི་ལྷག་མའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དཀྱིལ་འཁོར་དེ་དག་ཇི་ལྟ་བུ་ཞེ་ན། རྡོ་རྗེ་ལས་བྱུང་བ་ཞེས་པ་ལ། དེ་ལས་བྱུང་བ་ནི་སྐྱེས་པའོ། །ཡང་ན་རྡོ་རྗེ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་མཚན་ཏེ་དེ་ལས་བྱུང་

བ་བསྒོམ་པར་བྱའོ། །ཕན་ཡོན་བསྟན་པར་བྱ་སྟེ། ཐམས་ཅད་མཁྱེན་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཅན་དེ་ལྔའོ། །དེ་རྣམས་ཀྱི་ཚུལ་ནི་ངོ་བོ་དཀྱིལ་འཁོར་གང་གིས་རྙེད་པ་དེ་ནི་ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པ་སྟེ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་བཀོད་པ་ཞེས་

བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་ཞེས་པ་ནི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བཀོད་པའི་ཚུལ་དཀྱིལ་འཁོར་གང་ལ་ཡོད་པ་དེ་ནི་རྡོ་རྗེ་བཀོད་པ་སྟེ་བསྐྱེད་པའི་རིམ་པའོ། །ཏིང་ངེ་འཛིན་ནི་ཕྲ་མོ་རྣལ་འབྱོར་བསྒོམ་པ་གང་ལ་ཡོད་པ་དེ་ལ་ད་སྐད་ཅེས་བྱ་སྟེ་བསྐྱེད་པའི་རིམ་པ་ལ་

སོགས་པའོ། །ཡང་ནམ་མཁའི་དབྱིངས་ནི་བྷ་ག་སྟེ། དེའི་དབུས་སུ་གནས་པ་ཟླ་བའི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ནི་འདོད་པའི་གདུགས་སོ། །དེ་ཉིད་ཀྱང་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་གསལ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་གནས་པ་འཁོར་ལོའི་དཀྱིལ་

འཁོར་ནི་རྩ་བདུན་ཁྲི་ཉིས་སྟོང་གི་འཁོར་ལོ་བསྒོམ་པར་བྱ་སྟེ། འདོད་པའི་གདུགས་ཀྱི་རྩེ་མོར་ཐམས་ཅད་ཀྱི་རྩེ་མོ་གནས་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །པདྨའི་དཀྱིལ་འཁོར་འདྲ་བར་ནི། །ཞེས་པ་ནི་ཁྲག་གི་རྩ་གཡས་པ་སྟེ་རུས་སྦལ་མ་ཞེས་

เล่ม ๒๙ · หน้า 67a

བྱའོ། །དེ་ཉིད་རྡོ་རྗེ་བསྒོམ་པ་ནི་རྣལ་འབྱོར་པས་བསྒོམ་པར་བྱའོ། །འགྲོ་བ་མ་ལུས་སྐྱེད་པར་བྱེད་པས་ནི་རིན་ཆེན་ཏེ། བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཀྱི་དཀྱིལ་འཁོར་ནི་ཚོགས་ཏེ། དེ་དང་འདྲ་བ་ནི་དཀར་པོ་དང་གང་བ་སྟེ། རྩ་གཡོན་པ་ཟླ་བ་ཞེས་བྱའོ། །

དེ་ཉིད་ནི་རིན་ཆེན་བརྩོན་པས་ནི་རྣལ་འབྱོར་པས་བསྒོམ་པར་བྱའོ། །སྦྱོར་བ་ནི་ཤ་ལ་སོགས་པས་ཡང་དག་པར་སྦྱོར་བ་སྟེ། དེའི་དཀྱིལ་འཁོར་ནི་ཚོགས་ཏེ། དེ་ལས་འབྱུང་བ་ནི་རྩ་ལྷ་སྦྱིན་མའོ། །དེ་ནི་ནམ་མཁའི་རྩ་དབུས་མའི་འདྲ་བ་ནི་ཤར་ཕྱོགས་སུ་བསམ་པར་བྱའོ། །འདི་

དག་སངས་རྒྱས་རབ་ཀྱི་མཆོག །ཅེས་བྱ་བ་ལ། རབ་མཆོག་ནི་རང་རང་གི་རྫས་རྒྱུ་བས་སོ། །སངས་རྒྱས་ནི་སངས་རྒྱས་ཀྱི་འབྲས་བུ་སྟེར་བར་སྟོན་ཏོ། །དེ་བཞིན་དུ་སྐུ་གསུང་ཐུགས་ལས་འབྱུང་སྟེ་སྐུ་གསུང་ཐུགས་ནི་བཤང་བའོ། །དེ་ཉིད་སྒོམ་པར་བྱེད་པ་ནི་བཤང་བའི་རྩ་སྟེ་ནོར་

རྒྱས་མའོ། །དེ་ཡང་བསྒོམ་པར་བྱ་སྟེ་དོན་གྱི་བཤད་པ་ཡིན་ནོ། །དཀྱིལ་འཁོར་དེ་དག་ནི་རྩ་ལྔའི་ངོ་བོ། །རྡོ་རྗེ་ནི་གསང་བ་རྡོ་རྗེ་དང་ཡང་དག་པར་སྦྱོར་བས་འབྱུང་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣལ་འབྱོར་པ་གང་རྣམས་ཀྱིས་བྱེད་པ་དེ་ནི་ཐམས་ཅད་མཁྱེན་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་ཚུལ་

ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ། སྐུ་ཐོབ་པ་ཡིན་ནོ་ཞེས་ཚིག་གི་དོན་ཏེ་སྒྲུབ་པ་ཆེན་པོའོ། །རྡོ་རྗེ་བཀོད་པ་ཞེས་པ་ནི་རྡོ་རྗེའི་རྩ་བའི་འཁོར་ལོ་སྟེ། དེ་ཉིད་བཀོད་པ་ནི་གཡོན་པ་ལ་སོགས་པའི་རིམ་པས་གནས་པའི་ལེའུ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །ཏིང་ངེ་འཛིན་ནི་

བདེ་བ་ཆེན་པོའི་མངོན་པར་བྱང་ཆུབ་སྟེ། དེ་བརྟན་པར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །ཇི་སྐད་དུ་ན། བྷ་གའི་དབུས་སུ་ནམ་མཁའ་གང་། །ནམ་མཁའ་ལྔ་ཡིས་རྣམ་པར་བརྒྱན། །ལྟེ་བ་གེ་སར་དང་བཅས་པ། །འདབ་མ་བརྒྱད་ཀྱིས་རྣམ་བརྒྱན་པའོ། །བདུད་རྩི་ཤུ་ཀྲའི་ངོ་བོ་ཉིད། །

དེར་གནས་རྟག་ཏུ་འཛག་པའོ། །ཞེས་འབྱུང་ངོ་། །རྒྱུད་འགྲེལ་ལས་ལེའུ་གསུམ་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་གསུམ་པའི་ཚིགས་སུ་བཅད་པའི་བཤད་པའི་གྲངས་ནི་སུམ་བརྒྱའོ།། །།ལྟ་བའི་སྐུ་བསྒོམ་པས་བརྟན་པ་ཉིད་ཐོབ་པས་རྡུལ་ཚོན་གྱི་དཀྱིལ་

เล่ม ๒๙ · หน้า 67b

འཁོར་བྲི་བར་བྱ་བའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་ལེའུ་བཞི་པས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལ་བསྟོད་པའི་རྒྱལ་པོ་འདི་ནི་མཆོག་བསྟོད་པས་དེ་

བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པས་གསོལ་བ་གདབ་པ་ནི་ཞུ་བ་མཛད་པ་སྟེ། དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་པོའི་རང་བཞིན་དུ་བསྟོད་པའོ། །ཞི་བ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་མཛད་པའི་ལྷ་མོ་སྤྱན་ལ་སོགས་པའི་སྒོ་ནས་

བསྟོད་པ་མཛད་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་པ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེའི་སྒོ་ནས་བསྟོད་པའོ། །ཆོས་ཀུན་ནི་དགུག་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆོག་ནི་འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྟེ་ཁྲོ་བོའི་

རྒྱལ་པོའི་སྒོ་ནས་བསྟོད་པའོ། །བདག་མེད་པ་ཞེས་པ་ནི་དཀྱིལ་འཁོར་མ་ལུས་པ་ཉེ་བར་བསྡུས་པའི་རྡོ་རྗེ་འཆང་ཆེན་པོའི་ངོ་བོས་བསྟོད་པའོ། །ཀྱེ་དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་སྟེ་བསྐྱེད་པའི་རིམ་པའོ། །ད་ནི་རིགས་གསུམ་

གཙོ་བོར་གྱུར་པས་བསྟོད་པ་ཡིན་ཏེ། མཚན་རྣམས་ཐམས་ཅད་ནི་ཚད་ལ་སོགས་པ་སྟེ་དེ་དང་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་དེ་ལས་ལྡོག་པའི་མཚན་མ་མ་ཡིན་པ་ཐམས་ཅད་དང་བྲལ་བའོ། །ཀུན་དུ་བཟང་པོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དང་། སྐུའི་མཆོག་ནི་

རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །དཀྱིལ་འཁོར་དམ་པ་ནི་ཐུགས་རྗེའི་དཀྱིལ་འཁོར་བཤད་དུ་གསོལ་ཞེས་གསོལ་བ་གདབ་པ་སྟེ་བསྐྱེད་པའི་རིམ་པའོ། །ཡང་ན་མཚན་རྣམས་ཐམས་ཅད་ནི་བདུད་རྩི་དང་ལྕགས་ཀྱུ་རྣམས་སོ། །དེ་དག་གིས་ཡང་དག་པར་རྫོགས་པ་ནི་ལྷ་མོས་ཕུལ་

བའི་བླ་ན་མེད་པའི་མཆོད་པས་གང་བའོ། །མཚན་མིན་ཐམས་ཅད་ནི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཁ་ན་མ་ཐོ་བ་སྦོམ་པོ་བཅུ་སྟེ། དེ་རྣམས་དང་སྤངས་པ་ནི་དཀྱིལ་འཁོར་ལ་ཞུགས་པ་ལ་དེ་རྣམས་མེད་པའི་ཕྱིར་རོ། །དེ་བས་ན་ཀུན་དུ་ནི་གོང་མ་དང་བར་མ་དང་ཐ་མ་རྣམས་ལ། བཟང་

เล่ม ๒๙ · หน้า 68a

པོ་ནི་དེ་བཞིན་གཤེགས་པའི་རིགས་དང་འབྲེལ་པའི་དམ་ཚིག་དང་སྡོམ་པ་བླངས་པ་གཙོ་བོར་གྱུར་པའོ། །ཀྱེ་སྐུ་མཆོག་ཅེས་པ་ནི་རུས་པ་དང་ཤ་ལ་སོགས་པ་དང་བྲལ་བའི་སྐུ་མངའ་བའི་དཀྱིལ་འཁོར་བཤད་དུ་གསོལ་ཞེས་འབྲེལ་པ་སྟེ་སྒྲུབ་པའོ། །དེ་བཞིན་

དུ། ཞི་བའི་ཆོས་ནི་མཆོག་ལས་འབྱུང་། །ཞེས་བྱ་བ་ལ་སོགས་པ་ལ། ཞི་བ་ནི་ངག་རྣམ་པ་བཞི་དང་སྒྲ་རྣམ་པ་བཅུའི་མཚན་ཉིད་སྤྲོས་པ་དང་རྣམ་པར་དག་པར་མཛད་པའི་ཕྱིར་རོ། །ཆོས་ནི་འོད་གསལ་བ། དེ་ཉིད་ཁོ་ན་མཆོག་ཡིན་ལ་དེ་ལས་འབྱུང་ངོ་། །ཡེ་ཤེས་ནི་སོ་སོར་

རྟོག་པའི་ཡེ་ཤེས་ཏེ། དེ་སྤྱོད་པ་ནི་གསུང་གི་སྒོ་ནས་འགྲོ་བ་འདུལ་བར་མཛད་པ་སྟེ་དེ་ཉིད་ཀྱི་སྦྱོར་བས་ཉོན་མོངས་པ་འཇིག་པར་མཛད་པའོ། །དེ་ཉིད་ཀྱི་ཕྱིར་ཀུན་དུ་ནི་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གི་མཆོག་ནི་སྣང་བ་མཐའ་ཡས་ཀྱི་ངོ་བོའོ། །དཀྱིལ་འཁོར་

བཤད་དུ་གསོལ་བའོ། །དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །ཡང་ན་ཞི་བའི་ཆོས་ནི་ཡི་གེ་གསུམ་མོ། །དེ་རྣམས་ཀྱི་མཆོག་ནི་མཆོག་གི་རླུང་སྟེ་དེ་ལས་འབྱུང་བའོ། །ཡེ་ཤེས་སྤྱོད་པ་ནི་འཇུག་པ་ལ་སོགས་པ་སྟེ། དེ་དག་གི་རྣམ་པར་སྦྱོང་བ་ནི་འོད་གསལ་བའི་གོ་འཕང་

ཐོབ་པར་མཛད་པའོ། །ཀུན་དུ་བཟང་པོ་ནི་དཀྱིལ་འཁོར་བཞི་སྟེ། དེ་རྣམས་ཀྱི་གསུང་གི་མཆོག་ནི་གཡོན་ལ་སོགས་པ་རྒྱུ་བའི་འོད་ཟེར་གྱི་འཁོར་ལོ་སྤྲོ་བར་མཛད་པའོ། །དཀྱིལ་འཁོར་ནི་དཀྱིལ་འཁོར་བཞིའི་རིམ་པ་བཤད་དུ་གསོལ་ཞེས་འབྲེལ་པ་སྟེ་རྡོ་རྗེའི་བཟླས་པའི་རིམ་

པའོ། །སེམས་ཅན་ཀུན་ནི་ཁམས་གསུམ་ནང་ན་གནས་པའི་རིགས་རྣམ་པ་བཞི་དང་ལྡན་པ་སྟེ། དེ་རྣམས་ཀྱི་སེམས་ཅན་ཆེན་པོ་ཐུགས་གཅིག་པའི་ངོ་བོ་མི་བསྐྱོད་པའོ། །ཇི་སྐད་དུ། རྟོག་པའི་དྲ་བ་གང་ཡང་རུང་། །སྐྱེ་བོ་ཐམས་ཅད་ལ་མཐོང་བ། །དེ་ཀུན་སེམས་བསྐྱེད་

དྲ་བ་སྟེ། །དེ་ཉིད་སྟོན་པ་པོས་གསུངས་སོ། །ཞེས་འབྱུང་ངོ་། །དག་པ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་དང་བྲལ་བའོ། །སྤྲིན་བཞིན་དུ་ཉོན་མོངས་པ་རྣམས་གློ་བུར་བ་ཡིན་པས་རང་བཞིན་དྲི་མ་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་

เล่ม ๒๙ · หน้า 68b

ཕྱིར། ཀུན་དུ་བཟང་པོ་ནི་དེ་ངོ་བོས་འགྲོ་བའི་དོན་མཛད་པའོ། །ཐུགས་ཀྱི་མཆོག་ནི་ཐུགས་ཀྱི་ངོ་བོ་བཅོམ་ལྡན་འདས་དཀྱིལ་འཁོར་བཤད་དུ་གསོལ་ཞེས་འབྲེལ་པ་སྟེ་རྫོགས་པའི་རིམ་པའོ། །ཡང་ན་སེམས་ཅན་ཀུན་ནི་རང་བཞིན་རྣམས་སོ། །སེམས་ཆེན་པོ་ནི་རྣམ་པར་

ཤེས་པ་གསུམ་མོ། །དེ་རྣམས་སྔགས་དང་ཕྱག་རྒྱའི་རིམ་པས་དག་པས་ན། རང་བཞིན་དྲི་མ་མེད་པ་སྟེ་འོད་གསལ་བའི་ངོ་བོ་དེ་ཉིད་ཀྱི་ཕྱིར་ཀུན་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏེ། དེ་ཡོངས་སུ་སྤོང་བས་ཐོབ་པ་གང་ཞིག །ཐུགས་མཆོག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེའི་ངོ་བོ་

བཅོམ་ལྡན་འདས་དཀྱིལ་འཁོར་ནི་སྙིང་པོ་དང་མཆོག་སྟེ། སེམས་རྣམ་པར་དག་པའི་མཚན་ཉིད་ཅན་བཤད་དུ་གསོལ་ཞེས་འབྲེལ་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། སྒྲ་ནི་དེ་ལྟར་ཐོས་ནས་ནི། །མི་གཡོ་བ་ཡང་རྣམ་སྤངས་ཏེ། །མཚན་ཕྱེད་དུས་སུ་དེ་ཉིད་ལ། །དམིགས་

ནས་རྒྱལ་བའི་སྲས་པོ་ཡིས། །སྐྱ་རེངས་ཤར་བའི་དུས་སུ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བྱང་ཆུབ་རྩ་ལ་ཞུགས་ནས་ནི། །བདུད་འཇོམས་དེས་ནི་མཛད་པའོ། །ཞེས་འབྱུང་ངོ་། །དེ་ནི་སེམས་རྣམ་པར་དག་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་

ནི་བགེགས་འཇིགས་པར་བྱེད་པ་རྩེ་ལྔ་པ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ནོ། །གདུལ་བར་དཀའ་བ་རྣམས་འདུལ་བས་ན་སྟོན་པའོ། །འཇིག་རྟེན་གསུམ་ལ་གནས་པའི་ཉོན་མོངས་པ་རྣམས་ལས་རྒྱལ་བས་ན། འཇིག་རྟེན་གསུམ་མཆོག་གོ། །ཁམས་གསུམ་སྐྱེད་པར་བྱེད་

པས་ན་ཁམས་གསུམ་པའོ། །འཇིག་རྟེན་གསུམ་ནི་རིག་བྱེད་གསུམ་མོ། །མཆོག་ནི་ཉན་ཐོས་པ་རྣམས་སོ། །རྡོ་རྗེ་ནི་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་གི་གཙོ་བོ་ནི་བསྙེན་བཀུར་གྱི་གནས་སོ། །འཇིག་རྟེན་གསུམ་ནི་གྲངས་ཅན་དང་། ཆུར་

ལྷུང་བའི་འཇིགས་པ་དང་། རིགས་པ་དང་ཁྱད་པར་བའི་འཇིག་རྟེན་དང་། མཆོད་འོས་པ་དང་། སྤྱོད་པ་དང་། འཇིག་རྟེན་རྒྱང་འཕེན་པའི་འཇིག་རྟེན་ཏེ། དེ་རྣམས་ཀྱི་མཆོག་ནི་བྱེ་བྲག་པ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་པ་རྣམས་སོ། །དེ་རྣམས་ཀྱི་ཡང་

เล่ม ๒๙ · หน้า 69a

མཆོག་ནི་ཡང་དབུ་མ་པ་རྣམས་ཏེ། དེ་དག་རྗེས་སུ་འདུལ་བ་ནི་རང་རང་གི་ལྟ་བ་ལས་ཟློག་ཅིང་ཡང་དག་པའི་ཤེས་པ་ལ་འཇུག་པར་བྱེད་པས་ན་འཇིག་རྟེན་གསུམ་མཆོག་སྟོན་པའོ། །དཀྱིལ་འཁོར་རབ་ཏུ་ཉམས་དགའ་བ་ནི་རྡུལ་ཚོན་ལ་སོགས་པས་བྱས་

པའི་ཕྱིར་མཛེས་པའོ། །དེ་བཞིན་གཤེགས་པ་ཀུན་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གནས་ནི་གཞིར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་རྣམ་པར་དག་པས་གནས་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །ཐུགས་ཞེས་པ་ནི་ཐུགས་

གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་དོན་དམ་པའི་ངོ་བོ་ཡིན་ན་ཡང་ཕྱི་རོལ་དུ་དཀྱིལ་འཁོར་གྱི་རྣམ་པས་གྲགས་པ་སྟེ་འགྲོ་བ་འདུལ་བར་བྱ་བའི་ཕྱིར་རོ་ཞེས་ཚིག་གི་ལྷག་མའོ། །དེ་ལྟ་བུའི་དཀྱིལ་འཁོར་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ་ཞེས་སྡུད་པ་པོས་སྨྲས་པའོ། །དེ་ནི་བསྐྱེད་པའི་

རིམ་པའོ། །ཡང་ན་རྡོ་རྗེ་ནི་འགྲེང་བའི་རྡོ་རྗེ་སྟེ་དེ་འཛིན་པར་བྱེད་པས་རྡོ་རྗེ་འཛིན་ཏོ། །སྟོན་པ་ནི་རྡོ་རྗེའི་ལམ་ལས་སྤྲོ་བའི་སྒོ་ནས་འགྲོ་བའི་དོན་མཛད་པའོ། །འཇིག་རྟེན་གསུམ་ནི་མ་ལས་སྐྱེས་པའི་ཆ་རྣམས་སོ། །ཁམས་གསུམ་ནི་ཕ་ལས་སྐྱེས་པའི་ཆ་རྣམས་ཏེ། དེ་རྣམས་

ཀྱི་མཆོག་ནི་བདེ་བ་ཆེན་པོས་རོ་གཅིག་པར་བྱེད་པ་ལ་ནུས་པ་དང་ལྡན་པའོ། །འཇིག་རྟེན་གསུམ་ནི་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་མཆོག་ནི་བྱང་ཆུབ་སེམས་ཏེ། དེ་ཉིད་རྡོ་རྗེའི་རྩེ་མོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་གསུམ་ནི་དགའ་བ་དང་མཆོག་ཏུ་དགའ་

བ་དང་དགའ་བྲལ་ལོ། །དེ་རྣམས་ཀྱི་མཆོག་ནི་ལྷན་ཅིག་སྐྱེས་པ་སྟེ་དཔེའི་བདེ་བའོ། །དེ་ཉིད་ཀྱི་ཡང་མཆོག་ནི་དཔེ་ལས་བྱུང་བའི་བདེ་བ་སྟེ། དེ་སྟོན་པ་ནི་ཉམས་སུ་མྱོང་བར་བྱེད་པ་སྟེ། འཇིག་རྟེན་གསུམ་མཆོག་སྟོན་པ་སྟེ། དེས་དཀྱིལ་འཁོར་བཤད་པ་ནི་གསུངས་པའོ། །ཅི་

གསུངས་པ་ཞེ་ན། དཀྱིལ་འཁོར་ནི་བྷ་གའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། རབ་ཏུ་ཉམས་དགའ་ཞེས་པ་ནི་བདེ་བའི་རྒྱུ་ཡིན་ནོ། །དེ་བཞིན་གཤེགས་པ་ཀུན་ནི་རྩ་ལྔ་སྟེ། དེ་རྣམས་ཀྱི་གནས་ནི་གཞིའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཀུན་ནི་དེ་ཉིད་ཀྱི་ནང་ན་གནས་པའི་བདུད་རྩི་སྟེ།

เล่ม ๒๙ · หน้า 69b

དེ་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དག་པར་བྱེད་པའི་ཕྱིར་ཐུགས་སོ། །དཀྱིལ་འཁོར་ནི་སྙིང་པོ་སྟེ། ཡང་དག་པར་སྦྱོར་བའོ། །དེ་ཉིད་ལེན་པར་བྱེད་པས་ན་དཀྱིལ་འཁོར་རོ། །དཀྱིལ་འཁོར་ནི་ཧཱུཾ་དང་ཕཊ་ལ་སོགས་པ་སྟེ། དེ་དག་རྣམ་པ་ནི་རིམ་པས་དགོད་པ་གང་ལ་

ཡོད་པ་དེ་ལྟ་བུའི་བྷ་གའི་དཀྱིལ་འཁོར་བཤད་དོ་ཞེས་སྟོན་ཏེ་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་རྣམས་སོ། །ད་ནི་སྡུད་པ་པོས་རྡོ་རྗེ་འཆང་ཆེན་པོའི་བསྟན་པ་རྗེས་སུ་སྨྲ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་ནི་ཕྱིན་ཅི་ལོག་མ་ཡིན་པ་སྟེ། དཀྱིལ་འཁོར་གྱི་

ཆོ་གའི་རིམ་པས་གནས་པའོ། །རབ་ཏུ་ནི་ཚད་ལ་སོགས་པ་དང་ལྡན་པས་བཤད་པར་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། སྐུ་དང་གསུང་གི་དཀྱིལ་འཁོར་དག་ལེའུ་དྲུག་ཅུ་པ་ལས་འོག་ནས་འཆད་པར་འགྱུར་བའི་ཐུགས་ཀྱི་དཀྱིལ་འཁོར་གཙོ་བོར་གྱུར་

པའི་ཕྱིར་སྔོན་དུ་བཤད་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་ནི་སྐུ་དང་གསུང་དག་གི་ནང་ན་ཐུགས་ཕུལ་དུ་བྱུང་བའི་ཕྱིར་རོ། །ཁ་དོག་བཤད་པར་བྱ་སྟེ། ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་དང་རབ་འདྲ་བ་ནི་དེ་དང་མཉམ་པའི་མདོག་སྟེ། འདིས་གཞི་དང་གཞི་ཅན་གྱི་དཀྱིལ་འཁོར་དག་ཐ་

མི་དད་པར་བསྟན་ཏོ། །སྐུ་དང་གསུང་གི་དཀྱིལ་འཁོར་མེད་ན་ཐུགས་ཁྱབ་པར་བྱེད་པ་མ་ཡིན་ནོ་ཞེས་རྟོག་པ་སེལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་རྣམས་ཀྱི་ཞེས་པ་ནི་དེ་དག་གསུམ་པོ་རོ་གཅིག་པའི་ངོ་བོ་ཡིན་པའི་ཕྱིར་མི་བསྐྱོད་པ་ཁོ་ན་སྐུ་གསུང་ཐུགས་ཀྱི་

དཀྱིལ་འཁོར་རོ། །ལུས་ངག་སེམས་ཞེས་བྱ་བ་ལ་སོགས་པ་ལ། ཐིག་སྐུད་སར་པ་ཞེས་པ་ནི་དཀྱིལ་འཁོར་གཞན་ལ་མ་བཏབ་པའོ། །ལེགས་བཀལ་བ་ནི་བུ་མོས་བཀལ་བའི་སྣལ་མ་བསྒྲིལ་བའོ། །ཚད་མ་རབ་ཏུ་ཞེས་པ་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་བ་སྟེ། སྣལ་མ་ཉི་ཤུ་

རྩ་ལྔ་དེ་དེ་བཞིན་གཤེགས་པའི་རང་བཞིན་དུ་བྱས་པའམ། དེ་བཞིན་གཤེགས་པ་དང་ལྷ་མོའི་རང་བཞིན་སྣལ་མ་རྒྱུ་བསྒྲིལ་བས་སོ། །མཛེས་པ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་གྱིས་བཙོས་པའམ་སྦངས་པས་སོ། །དེ་ལྟ་བུའི་ཐིག་སྐུད་ནི་དཀྱིལ་འཁོར་སྟོན་པར་བྱེད་པས་ཐིག་

เล่ม ๒๙ · หน้า 70a

བཏབ་པ་ནི་དཀྱིལ་འཁོར་གྱི་རེ་མིག་རྣམས་གསལ་བར་བྱའོ། །ཤེས་རབ་ཅན་ནི་ཐིག་བཏབ་པའི་རིམ་པ་མཐོང་བས་སོ། །ཇི་ལྟར་ཞེ་ན། ལུས་ངག་སེམས་ནི་བསྒོམ་པ་ཡིས། །ཞེས་པ་ནི་ལུས་ལ་སོགས་པ་ལ་དེ་ཉིད་ཀྱི་རིགས་ཅན་གྱི་སྔགས་དགོད་པའི་ཆོ་

གའམ་ཏིང་ངེ་འཛིན་གྱིས་སོ། །ཚད་བཤད་པར་བྱ་སྟེ། ཁྲུ་ནི་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་དབུས་ནས་སྐྱེས་པའི་སྐྱེས་བུའི་ཁྲུའི་ཚད་ཀྱིས་ཕྱོགས་བཞི་པོ་ལ་ཕྱོགས་རེ་རེར་ཁྲུ་བཅུ་གཉིས་པ་སྟེ། ས་བཅུ་གཉིས་དང་། རྟེན་འབྲེལ་བཅུ་གཉིས་དང་། རྣམ་པ་བཅུ་གཉིས་

པ་ཆོས་ཀྱི་འཁོར་ལོ་དང་། ཕ་རོལ་ཕྱིན་པར་རྣམ་པར་དག་པར་ཤེས་པར་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་ནི་མི་བསྐྱོད་པའི་གནས་ཏེ་ཆོས་ཀྱི་རང་བཞིན་ཡིན་ནོ། །ངོས་བཞི་ནི་ཀུན་དུ་ངོས་བཞི་པོས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་རང་བཞིན་དང་ལྡན་པའོ། །གྲྭ་བཞི་ནི་མི་འཇིགས་པའི་ངོ་བོ་དང་

ལྡན་པའོ། །སྒོ་བཞི་ནི་དྲན་པ་ཉེ་བར་གཞག་པ་དང་། དབང་པོ་དང་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ། རབ་ཏུ་བརྟག་པ་ནི་བྲི་བར་བྱའོ། །དེ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་རིམ་པའོ། །དེའི་དབུས་སུ་ཞེས་པ་ནི་དེའི་ནང་དུ་འཁོར་ལོ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོའོ། །རབ་ཏུ་ཟླུམ་པོ་ནི་མཉམ་པ་ཉིད་

ཀྱི་རང་བཞིན་ཏེ། བྲི་བར་བྱ་བ་ནི་རིམ་པ་ཇི་ལྟ་བུ་བཞིན་དུ་དབྱེ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་དེའི་འོག་ཏུ་སྟེ་ལས་ཀྱི་ཆོ་ག་མཐོང་བ་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་གསུངས་པ་སྟེ། ས་ཡོངས་སུ་བསྲུང་བ་ལ་སོགས་པས་སོ། །ཕྱག་རྒྱ་ནི་གདན་དང་།

ཕྱག་མཚན་དང་། ས་བོན་དང་། སྐུ་དང་། འོད་ཟེར་དང་། མཚན་གྱི་མཚན་ཉིད་ཅན་ཏེ། དགོད་པ་ནི་དེ་རྣམས་ཀྱི་ནང་ནས་བསྒྲུབ་བྱའི་འདོད་པ་གང་ཡང་རུང་བ་བྲི་བར་བྱའོ། །རེ་ཞིག་རྒྱུ་ཡིན་པའི་ཕྱག་མཚན་བཤད་པར་བྱ་སྟེ། དེའི་དུས་སུ་ནི་འཁོར་ལོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་

ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ་བ་ནི་དེ་བཞིན་གཤེགས་པའི་རིགས་དང་མཐུན་པའོ། །འབར་བ་ཆེན་པོ་ནི་ཞེ་སྡང་གི་རིགས་ཡིན་པའི་ཕྱིར་རོ། །དེ་བས་ན་འཇིགས་པ་དག་ནི་ཞེ་སྡང་གི་ཉོན་མོངས་པ་སྟེ། དེ་ཡང་རབ་འཇིགས་བྱེད་པ་ནི་དེ་ཉིད་སྦྱང་བའི་ཕྱིར་རོ། །

เล่ม ๒๙ · หน้า 70b

དེ་བཞིན་དུ་ཤར་ཕྱོགས་སུ་འཁོར་ལོ་ཆེན་པོ་ནི་རྩིབས་བརྒྱད་པ་སྟེ། རྣམ་པར་ཤེས་པ་བརྒྱད་པ་སྦྱང་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་འབར་བ་ནི་རྣོ་བའི་འོད་ཟེར་ཉོན་མོངས་པ་འཇིག་པར་བྱེད་པ་རྣམས་ཀྱིས་རྣམ་པར་བརྒྱན་པའོ། །ལྷོ་ཕྱོགས་སུ་རིན་ཆེན་ཆེན་

པོ་སྟེ། ནམ་མཁའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པས་མཉམ་པ་ཉིད་ཀྱིས་རེ་བ་ཐམས་ཅད་རྫོགས་པར་བྱེད་པའོ། །འོད་ཟེར་ནི་གསེར་གྱི་འོད་དང་འདྲ་བ་སྟེ། དེ་རྣམས་ཀྱིས་འཁྲིག་པ་ནི་ནང་དང་ཕྱི་རོལ་དུ་ཡང་སྤྲོ་བས་འཁྲིགས་པའོ། །ནུབ་ཕྱོགས་སུ་ནི་འདོད་ཆགས་ལ་སོགས་པའི་ཉོན་

མོངས་པའི་དྲི་མས་མ་གོས་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་པདྨ་ཆེན་པོའོ། །པདྨ་རཱ་གའི་ནོར་བུ་ནི་རང་གི་རིགས་ཀྱི་བདག་པོའི་ཁ་དོག་དང་འདྲའོ། །བྱང་ཕྱོགས་སུ་ནི་རལ་གྲི་ཆེན་པོ་སྟེ། བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་ཕྲག་དོག་གི་ཞགས་པ་གཅོད་པར་བྱེད་པའོ། །

འོད་ཟེར་ནི་ནམ་མཁའ་སྟེ་དེ་ཉིད་ཀྱི་འབར་བས་རྣམ་པར་བརྒྱན་པ་སྟེ། ནམ་མཁའ་བཞིན་དུ་ལྗང་གུའོ་ཞེས་སྟོན་ཏོ། །ཤར་གྱི་གྲྭ་ནི་ཤར་དང་ལྷོའི་མཚམས་ཏེ་དེ་རུ་སྤྱན་ནི་བྱམས་པ་དང་ས་དང་སྟོང་པ་ཉིད་རྣམ་པར་ཐར་པའི་ངོ་བོ་བྲི་བར་བྱའོ། །སྲིན་གྱི་དབུས་ནི་ནང་སྟེ་དེ་དང་འདྲ་བའི་

འོད་ནི་མིག་སྨན་དང་བཅས་པའོ་ཞེས་སྟོན་ཏོ། །ལྷོ་ནུབ་ཀྱི་མཚམས་ཏེ་དེ་ལ་རྡོ་རྗེ་ནི་སྙིང་རྗེ་དང་ཆུའི་ཁམས་དང་། མཚན་མ་མེད་པའི་ངོ་བོ་བྲི་བར་བྱའོ། །ནུབ་ཕྱོགས་ནི་ནུབ་བྱང་གི་མཚམས་སུ་པདྨ་ནི་དགའ་བ་དང་། མེའི་ཁམས་དང་། སྨོན་པ་མེད་པའི་རང་བཞིན་བྲི་

བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཁ་ཕྱེ་བ་ནི་དགའ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །སྡོང་བུ་དང་བཅས་པ་ནི་ཚངས་པའི་གནས་རྒྱུན་མ་ཆད་པའི་ཕྱིར་རོ། །བྱང་ཕྱོགས་སུ་ནི་ཨུཏྤལ་མཛེས་ཏེ་སྒྲོན་མའི་ཕྱག་མཚན་ནོ། །མཐིང་གའི་སྤྲིན་དང་འདྲ་བའི་འོད་ཀྱིས་འཁྲིགས་པ་རིགས་དང་

མཐུན་པས་བཏང་སྙོམས་དང་། རླུང་གི་ཁམས་དང་མངོན་པར་འདུས་མ་བྱས་པ་རྣམ་པར་དག་པ་བྲི་བར་བྱའོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་སྒོ་རུ་ཐོ་བ་ནི་ཉོན་མོངས་པའི་སྒྲིབ་པའི་རི་བོ་འཇོམས་པར་བྱེད་པ་ཁྲོ་བོའི་ཕྱག་མཚན་ཡིན་པའི་ཕྱིར་འབར་བའི་འོད་གསལ་བ་སྟེ་རྣོ་བའོ། །ལྷོའི་

เล่ม ๒๙ · หน้า 71a

སྒོ་རུ་བེ་ཅོན་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པར་བྱེད་པ་རྡོ་རྗེ་དང་འབར་བ་ནི་དེ་དག་གི་འོད་བཟང་བ་སྟེ། རྡོ་རྗེས་མཚན་པ་དང་འབར་བའི་རང་བཞིན་ཡིན་པས་འོད་བཟང་བ་སྟེ། ཁྲོ་བོའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ནུབ་ཏུ་པདྨ་ནི་ལས་ཀྱི་སྒྲིབ་པ་དག་

པར་བྱེད་པའི་ཕྱིར་ནུབ་ཕྱོགས་སུ་བྲིའོ། །བྱང་ཕྱོགས་ཀྱི་སྒོ་རུ་རྣམ་པར་སྨིན་པའི་སྒྲིབ་པ་དག་པར་བྱེད་པ་རྡོ་རྗེའོ། །བདུད་རྩི་འཁྱིལ་པ་ཡང་ཡིན་ལ། རྡོ་རྗེ་ཅན་ཡང་ཡིན་པ་སྟེ་དེ་བྲི་བར་བྱའོ་ཞེས་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །དེ་ཡང་ཉེ་བར་མཚོན་པ་ཡིན་ཏེ།

ནང་གི་འཁོར་ལོའི་ཕྱི་རོལ་གྱི་མཚམས་སུ་མེའི་ཕྱོགས་སུ་མེ་ལོང་དང་། རླུང་གི་མཚམས་སུ་པི་ཝང་དང་། བདེན་བྲལ་གྱི་མཚམས་སུ་དྲིའི་ཕུང་པོ་དང་། དབང་ལྡན་གྱི་མཚམས་སུ་རོ་སྣོད་དེ། བསྡུ་བའི་དངོས་པོ་བཞིའི་ངོ་བོ་རིགས་དང་རྗེས་སུ་མཐུན་པ་བྲིའོ། །ཕྱི་རོལ་གྱི་སྣམ་

བུའི་ཆར་ཀླུའི་མེ་ཏོག་དང་འཁོར་ལོ་དག་གོ། །ལྷོ་ཕྱོགས་ཀྱི་སྣམ་བུར་རྡོ་རྗེ་དང་རིན་པོ་ཆེའོ། །ནུབ་ཕྱོགས་ཀྱི་སྣམ་བུར་དྲི་དང་། པདྨ་དག་གོ། །བྱང་གི་སྣམ་བུར་རྡོ་རྗེ་ཨུཏྤལ་དང་རིན་པོ་ཆེ་བྲི་བར་བྱའོ། །དེ་དག་གི་སྐྱེ་མཆེད་དྲུག་དང་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་

དག་པས་དགོད་པར་བྱའོ། །དེ་བཞིན་དུ་སྒོའི་གྲྭ་རྣམས་སུ་ལྕགས་ཀྱུ་དང་དབྱིག་པ་དང་རྩེ་གསུམ་དང་རལ་གྲིའོ། །འོག་དང་སྟེང་དུ་རྡོ་རྗེ་དང་འཁོར་ལོ་རང་རང་གི་བདག་པོ་དང་མཚུངས་པ་མདོག་དང་ལྡན་པ་དགུག་པ་དང་གཞུག་པ་དང་བཅིང་བ་དང་། དབང་དུ་བྱེད་པ་ས་འོག་དང་མཐོ་རིས་

རྣམ་པར་དག་པས་བྲི་བར་བྱའོ། །རྒྱ་ཆེར་ནི་ལེའུ་བཅུ་དྲུག་པ་ལས་བཤད་པར་བྱའོ། །དཀྱིལ་འཁོར་དེ་ནི་རྡུལ་ཚོན་ནམ་མོས་པ་དང་ལས་དང་རྗེས་སུ་མཐུན་པའི་དབང་གིས་རྫས་གཞན་གྱིས་བྲི་བར་བྱའོ། །རྡོ་རྗེ་ཕྲེང་བ་ལས་ཇི་སྐད་དུ། དེ་ནས་གཞན་ཡང་བཤད་བྱ་བ། །དཀྱིལ་

འཁོར་རྣམས་ནི་རིམ་ཇི་བཞིན། །གང་ཞིག་རྫས་ཀྱིས་ཅི་འདྲ་བ། །མཆོད་པའི་དུས་སུ་རབ་ཏུ་བྱ། །ཆོ་ག་དང་ནི་རྫས་དབྱེ་བ། །མདོར་བསྡུས་པས་ནི་རྟོགས་པར་གྱིས། །བརྟགས་པ་དང་ནི་རྡུལ་ཚོན་དང་། །བ་ཡུ་དང་ནི་ཆུ་དག་དང་། །ཆང་དང་ཁྲག་དང་ག་པུར་དང་། །གུར་

เล่ม ๒๙ · หน้า 71b

ཀུམ་ཨ་ཀར་ཙནྡན་དང་། །མར་དང་གི་ཝང་ཐལ་བ་དང་། །སྦྲང་རྩི་དང་ནི་ཤིང་ཀུན་ནམ། །གཞན་ཡང་ལྷ་མོ་རྒྱ་སྐྱེགས་ཀྱི། །ཁུ་བ་ཡིས་ནི་བྲི་བར་བྱ། །དཀྱིལ་འཁོར་རྣམ་པ་བཅུ་དྲུག་ནི། །རིམ་པ་ཡིས་ནི་བཤད་པར་བྱ། །རེ་རེ་ཡི་ནི་ཚད་དང་ནི། །བཞིན་བཟངས་མ་

ཀྱེ་བཤད་པར་བྱ། །རྟོག་པ་ཅི་མཛད་བྱང་བ་སྟེ། །རྡུལ་ཚོན་གྱིས་ནི་ཁྲུ་གཅིག་པ། །སོར་ནི་སུམ་ཅུ་དྲུག་དང་ནི། །བ་ཡུ་ཡིས་ནི་དཀྱིལ་འཁོར་བྱ། །ཆུས་ནི་སོར་ནི་ཉི་ཤུ་གཉིས། །ཆང་གིས་ཉི་ཤུ་རྩ་བཞི་བྱ། །དེ་ནས་ཁྲག་གིས་སོར་བཅུ་བྱ། །ག་པུར་གྱིས་ནི་

སོར་བཅུ་དྲུག །གུར་གུམ་གྱིས་ནི་ཉི་ཤུ་བཞི། །ཨ་ཀ་རུ་ཡིས་བཅུ་གཉིས་སོ། །ཙནྡན་གྱིས་ནི་བཞི་དང་ལྔ། །མར་གྱིས་ཀྱང་ནི་བཅུ་གསུམ་སྟེ། །གི་ཝང་གིས་ནི་སོར་བརྒྱད་པ། །ཐལ་བ་ཡིས་ནི་སོར་དྲུག་བྱ། །སྦྲང་རྩི་བུ་རམ་གྱིས་བཞི་པ། །རྒྱ་སྐྱེགས་ཁུ་བས་སོར་

གསུམ་བྱ། །དེ་ལྟར་སོར་གྱི་ཚད་ཙམ་ནི། །བྱ་ཡི་བསྡུམ་པ་གཞན་དུ་མིན། །དེ་ལྟར་རྡོ་རྗེ་བསྟན་པ་ལ། །དཀྱིལ་འཁོར་ཡང་ནི་བྲི་བར་བྱ། །ཞེས་འབྱུང་ངོ་། །ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། །ཐུགས་ཀྱི་དཀྱིལ་འཁོར་ནི། ཐུགས་ཀྱི་གཞི་ཡིན་པས་ན་ཐུགས་

ཀྱི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན་མཆོག་ནི་དཀྱིལ་འཁོར་མ་ལུས་པའི་རང་བཞིན་ནོ། །ཐུགས་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་འདྲ་བ་སྟེ་དེའི་ངོ་བོའོ། །དེ་བས་ན་སྐུ་གསུང་ཐུགས་ཀྱི་རིགས་ཅན་ལྷ་ཀུན་གྱི་རྟེན་དུ་གྱུར་པའི་ཕྱིར་སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་འཁོར་རོ། །

སར་པ་ནི་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་བཞི་སྟེ་ཕུང་པོ་དང་ཁམས་དང་རང་བཞིན་ནོ། །ཚད་མ་ནི་རབ་ཏུ་ཚངས་པའི་གནས་བཞི་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་སྐྱེ་མཆེད་དང་ལྡན་པའོ། །མཛེས་པ་ནི་རེག་བྱ་རྡོ་རྗེ་དང་ལྡན་པའོ། །ལུས་ངག་སེམས་ནི་སྐུ་གསུང་ཐུགས་

ཀྱི་རང་བཞིན་དེ་བཞིན་གཤེགས་པ་གསུམ་སྟེ། དེ་དག་གིས་ཐིག་གདབ་པ་ནི་ཉེ་བར་བསྡུ་བར་བྱའོ། །དེ་ལྟ་བུའི་སེམས་ཀྱི་གཞི་སྐུའི་དཀྱིལ་འཁོར་ཁྲུ་བཅུ་གཉིས་ནི། ཕྱི་དང་ནང་གི་སྐྱེ་མཆེད་བཅུ་གཉིས། ལྷ་མོ་དང་བྱང་ཆུབ་སེམས་དཔའི་ངོ་བོར་ཚད་དུ་བྱ་བར་ནི་དེའི་མོས་

เล่ม ๒๙ · หน้า 72a

པ་དམིགས་པར་བྱའོ། །ངོས་བཞི་ནི་ལག་པ་གཉིས་དང་རྐང་པ་གཉིས་དང་། མི་གཡོ་བ་དང་འདོད་པའི་རྒྱལ་པོ་དང་། དབྱིག་པ་སྔོན་པོ་ཅན་དང་། སྟོབས་པོ་ཆེའི་རང་བཞིན་ནོ། །གྲྭ་བཞི་ལྡན་པ་ནི་རྐང་པའི་མཐིལ་དང་། སྤྱི་བོ་དང་ཁམས་དྲུག་

གི་ངོ་བོ་གོང་བུ་དང་། ཡན་ལག་ཐམས་ཅད་ཀྱི་ཚིགས་ཏེ། གནོད་མཛེས་ཀྱི་རྒྱལ་པོ་དང་། གཙུག་ཏོར་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོའི་ངོ་བོའོ། །སྒོ་བཞི་པ་ནི་མཆན་ཁུང་གཉིས་དང་། ཁ་དང་གསང་བའི་གནས་ཏེ། གཤིན་

རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་ཀྱི་ངོ་བོའོ། །དེའི་དབུས་སུ་འཁོར་ལོ་ནི། །ཞེས་བྱ་བ་ལ་སོགས་པ་ལ། དེའི་དབུས་སུ་ནི་ལུས་ཀྱི་ནང་དུ་འཁོར་ལོ་ནི་རྩའི་འཁོར་ལོ་སྟེ། རབ་ཏུ་ནི་ཡན་ལག་ཐམས་ཅད་ཁྱབ་པར་

བྱེད་པ། ཟླུམ་པོ་ནི་བྱང་ཆུབ་སེམས་དཔའ་བྱམས་པའི་ངོ་བོར་བྲི་བ་ནི་ཤེས་པར་བྱ་བའོ། །ཕྱག་རྒྱ་ནི་ཁམས་རྣམས་ཏེ། དགོད་པ་ནི་ལས་ཀྱི་ཆོ་ག་མཐོང་བས་ཏེ། རྣམ་པར་དག་པའི་རིམ་པ་ཉེ་བར་མཚོན་པས་ཤེས་པར་བྱའོ། །དེ་ཉིད་བཤད་པར་བྱ་སྟེ། དེ་དབུས་རྡོ་རྗེ་བྲི་བ་ལ། །

ཞེས་བྱ་བ་ལ། དེ་དབུས་ནི་སྐུའི་འཁོར་གྱི་དབུས་ཏེ། རྩ་དབུ་མའི་གནས་སུ་རྡོ་རྗེ་ནི་མི་བསྐྱོད་པའི་ངོ་བོའོ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཞེས་བྱ་བ་ལ། རྩའི་ཁོང་སྟོང་དུ་ནམ་མཁའི་ཁ་དོག་དང་འདྲ་བར་ཤེས་པར་བྱའོ། །རྩ་དེ་ཉིད་ཀྱང་འབར་བ་ཆེན་པོ་ནི་མཆོག་ཏུ་དགའ་བ་སྟེར་

བར་བྱེད་པ་དང་། རྩེ་ལྔ་པ་ནི་ཡལ་ག་ལྔ་དང་ལྡན་པའོ། །གཞན་ཡང་འཇིག་པ་དག་ནི་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་སྟེ། དེ་ཡང་རབ་འཇིག་བྱེད་པ་ནི་འཇིག་པར་བྱེད་པའོ། །ཤར་ཕྱོགས་སུ་ནི་ལྷ་སྦྱིན་མའི་རྩ་རུ་འཁོར་ལོ་ཆེན་པོ་ནི་ཤ་ཆེན་ཏེ། རྡོ་རྗེ་འབར་བ་ནི་

དོན་ཡོད་གྲུབ་པའི་འོད་ཟེར་ཏེ། དེ་རྣམས་ཀྱིས་རྣམ་པར་བརྒྱན་པ་ནི་དེའི་ངོ་བོར་བསྒོམ་པར་བྱའོ། །ལྷོ་ཕྱོགས་སུ་ནི་ལྷོའི་རྩ་རུ་རུས་སྦལ་མ་ལ་རིན་ཆེན་ཆེན་པོའི་ཁྲག་སྟེ། འོད་ཟེར་མང་པོ་ནི་རིན་ཆེན་འབྱུང་ལྡན་གྱི་འོད་ཟེར་རྣམས་ཀྱིས་འཁྲིགས་པ་ནི་དེའི་ངོ་བོར་བསྒོམ་པར་

เล่ม ๒๙ · หน้า 72b

བྱའོ། །དེ་བཞིན་དུ་ནུབ་ཀྱི་ཕྱོགས་སུ་ནི་ནོར་རྒྱལ་མའི་རྩ་ལ། པདྨ་ཆེན་པོ་ནི་བཤང་བ་ཆེན་པོ་སྟེ། པདྨ་རཱ་ག་ནི་རྣམ་པར་སྣང་མཛད་དེ། དེའི་ཁ་དོག་དང་འདྲ་བ་ནི་དེའི་ངོ་བོར་བསམ་པར་བྱའོ། །དེ་བཞིན་དུ་བྱང་ཕྱོགས་སུ་ནི་རྩ་གཡོན་པ་ལ་ཟླ་བ་མ་ལ་རྣམ་པར་རྟོག་པ་

གཅོད་པའི་ཕྱིར། རལ་གྲི་ཆེན་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། འོད་ཟེར་འབར་བ་ནི་སྣང་བ་མཐའ་ཡས་ཀྱི་སྣང་བ་སྟེ། དེ་རྣམས་ཀྱིས་འཁྲིགས་པ་ནི་དེའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་ཤར་གྱི་གྲྭ་ནི་དགོངས་པའི་བཤད་པས་མིག་གཡོན་པ་ལ་སྤྱན་ནི་དེ་ཉིད་

ཀྱི་དྲི་མ་སྟེ། དབུས་ན་སྤྲིན་དང་འདྲ་བ་ནི་འཕགས་པ་རྡོ་རྗེ་རོ་ལངས་མའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ། །མིག་གཡས་པ་ལ་རྡོ་རྗེ་ནི་མིག་གཡས་པའི་རྒྱུ་བ་མཱ་མ་ཀཱིའི་རིགས་ནི་འཕགས་མ་གཞན་གྱིས་མི་ཐུབ་མ་ལས་འབྱུང་བ་ནི་དེའི་ངོ་བོ་ཉིད་དུ་བསམ་པར་བྱའོ། །ནུབ་ཕྱོགས་སུ་ཞེས་པ་

ནི་སྔ་མ་བཞིན་དུ་རྣ་བ་གཡོན་པ་ལ་པདྨ་ནི་དེ་ཉིད་ཀྱི་དྲི་མ་སྟེ། ཁ་ཕྱེ་བ་སྡོང་བུར་བཅས་པ་ནི་འཕགས་མ་ཁྲོ་གཉེར་མའི་ངོ་བོར་བསྒོམ་པར་བྱའོ། །བྱང་ཕྱོགས་ནི་རྣ་བ་གཡས་པ་ཨུཏྤ་ལ་ནི་དེ་ཉིད་ཀྱི་དྲི་མ་སྟེ། མཐིང་གའི་སྤྲིན་དང་འདྲ་བ་ནི་འཕགས་མ་རལ་པ་གཅིག་མའི་ངོ་བོ་ཉིད་

བསམ་པར་བྱའོ། །ཤར་ཕྱོགས་ནི་རྡོ་རྗེ་སྟེ་དེར་རྡོ་རྗེ་ས་འཛིན་མ་སྟེ་དེའི་དྲི་མའི་ངོ་བོར་བསམ་པར་བྱའོ། །ལྷོ་ཕྱོགས་ཀྱི་སྒོ་ནི་ལྟེ་བ་སྟེ་དེ་ལ་རྡོ་རྗེ་ལུ་གུ་རྒྱུད་མ་ནི་ལྟེ་བའི་དྲི་མའི་ངོ་བོར་བསམ་པར་བྱའོ། །ནུབ་ཕྱོགས་ཀྱི་སྒོ་ནི་བཤང་སྒོ་སྟེ། དེ་ལ་རྡོ་རྗེ་སྐ་རགས་མ་ནི་དེའི་དྲི་མའི་ངོ་

བོར་བསམ་པར་བྱའོ། །བྱང་ཕྱོགས་ཀྱི་སྒོ་ནི་རྒྱབ་སྟེ་དེ་ལ་རིན་ཆེན་སྒྲོལ་མ་ནི་དེའི་དྲི་མའི་ངོ་བོར་བསམ་པར་བྱའོ། །དེས་ནི་འདི་བཤད་པ་ཡིན་ཏེ། ཐོབ་པ་ལ་སོགས་པས་ཉེ་བར་མཚོན་པའི་མི་གཡོ་བ་ལ་སོགས་པའི་བཙུན་མོ་རྣམས་ཀྱི་རང་བཞིན་དུ་དྲི་མ་རྣམས་ནི་སྐུའི་དཀྱིལ་འཁོར་ལ་

བསྒོམ་པར་བྱའོ། །དེའི་ཕྱིར་ཐམས་ཅད་རྣམ་པར་དག་པ་དང་། སེམས་ཀྱི་ངོ་བོ་སྐུའི་དཀྱིལ་འཁོར་རྣལ་འབྱོར་པས་བསམ་པར་བྱ་སྟེ་རྫོགས་པའི་རིམ་པའོ། །ཡོངས་སུ་གསལ་བར་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུའི་ཐུགས་ཀྱི་དཀྱིལ་འཁོར་

เล่ม ๒๙ · หน้า 73a

ཡོངས་སུ་གསལ་བ་ནི་བསྒོམ་པའི་སྟོབས་ཀྱིས་མངོན་དུ་གྱུར་པ་སྟེ། སངས་རྒྱས་ཀྱི་མཆོད་པ་ནི་ཕྱི་དང་ནང་དང་གསང་བའི་མཆོད་པས་མཆོད་པར་བྱའོ་ཞེས་ཚིག་གི་ལྷག་མའོ། །ནན་ཏན་དུ་ཞེས་པ་ནི་བརྩོན་འགྲུས་ཀྱིས་སོ། །ཇི་ལྟར་ཞེ་ན།

ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་པས་དེ་དག་གསུམ་པོ་བྱིན་གྱིས་བརླབ་པས་སོ། །མཆོད་པ་གསུམ་གྱི་ནང་ན་གསང་བའི་མཆོད་པ་ནི་བླ་ན་མེད་པའི་ཕྱིར་བཤད་པར་བྱ་སྟེ། བུད་མེད་རབ་ཏུ་མདངས་བཟང་བ། །ཞེས་བྱ་བ་ལ་སོགས་པ་ལ། ལོ་གྲངས་བཅུ་

དྲུག་པ་ནི་བཅུ་དྲུག་ལོན་པ་སྟེ། གཞོན་ནུ་མའི་ཕྱིར་དགའ་བ་མི་འཇིགས་པས་བླང་བར་གྱུར་པའོ། །བུད་མེད་ནི་གདོལ་པ་དང་། ཁྲུས་མཁན་དང་། གར་མཁན་གྱི་བུ་མོ་སྟེ། རང་གི་རིགས་དང་མཐུན་པའོ། །གཟུགས་དང་མདངས་ལ་སོགས་པའི་ཕུན་སུམ་ཚོགས་པས་བཟང་

བ་སྟེ་གསལ་བར་གྱུར་པའོ། །རང་བཞིན་གྱི་མཛེས་པ་ཉིད་བསྟན་ནས། བརྟགས་པའི་མཛེས་པ་བསྟན་པར་བྱ་སྟེ། དྲི་དང་མེ་ཏོག་ནི། གུར་གུམ་དང་སིཧླ་ཀ་དང་ཙམ་པ་ཀ་ལ་སོགས་པས་ནི་བརྒྱན་ཅིང་དེའི་དབུས་སུ་འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་གྱི་དབུས་སུའོ། །

མཉེས་པར་བྱ་བ་ནི་གསང་བའི་མཆོད་པས་མཆོད་པར་བྱའོ། །ཇི་ལྟར་ཞེ་ན། སངས་རྒྱས་ཞི་བའི་གནས་སྤྲོས་པས། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་ཨོཾ་ལ་སོགས་པའི་ས་བོན་ལྔ་པོ་སྤྱི་བོ་དང་། ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་། རྐེད་པ་དང་། གསང་

བའི་གནས་བྱིན་གྱིས་བརླབས་ནས་སོ། །ཤེས་རབ་ཅན་ནི་སྔགས་དགོད་པ་ལ་མཁས་པས་སོ། །བུད་མེད་དེ་ཇི་ལྟ་བུ་ཞེ་ན། མཱ་མ་ཀཱི་ཞེས་པ་ནི། མཱ་མ་ཀཱི་ནི་རྣམ་པར་རྫོགས་པ་དང་། ཡོན་ཏན་ནི་དད་པ་ལ་སོགས་པ་སྟེ། དེ་ཉིད་སྐ་རགས་ནི་རྒྱན་གང་ལ་ཡོད་པ་དེ་ནི་ཡོན་ཏན་སྐ་རགས་མཱ་མ་ཀཱིའོ། །ཡང་

ན་ཡོན་ཏན་ནི་བྱང་ཆུབ་ཀྱི་སེམས་རྒྱུ་བ་ལ་སོགས་པ་དང་། བདེ་བའི་སྒྲ་དང་། སེན་མོས་འདེབས་པ་དང་། འཁྱུད་པ་དང་ཙུམྦ་ལ་སོགས་པ་ལ་མཁས་པ་སྟེ། བུད་མེད་ཀྱི་མཚན་ཉིད་ནི་རྐེད་པ་ཕྲ་བ་དང་། སྨད་ཤ་ཤིན་དུ་རྒྱས་པ་ལ་སོགས་པ་སྟེ། དེ་རྣམས་ཉིད་སྐ་རགས་གང་ལ་ཡོད་

เล่ม ๒๙ · หน้า 73b

པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་ལ་ལས་དང་དམ་ཚིག་དག་ལས་དེ་ལྟ་བུའི་གང་ཡང་རུང་བ་ཕྱག་རྒྱ་མ་དང་ཡང་དག་པར་སྦྱོར་ལ། དགའ་བ་ལ་སོགས་པའི་རིམ་གྱིས་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ཞིང་བདག་གི་དོན་བྱས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་བྱ་

བའི་ཕྱིར་དཀྱིལ་འཁོར་མཆོད་པར་བྱ་སྟེ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་དེ་བཞིན་གཤེགས་པའི་བདག་ཉིད་ཕུང་པོ་སྟེ། དེ་རྣམས་ཀྱི་གནས་ནི་རོ་གཅིག་པར་གྱུར་པའི་མཚན་ཉིད་ཅན་ཀུན་རྫོབ་ཀྱི་ཁམས་ཐ་མ་སྟེ། ཞི་བ་ནི་ཞི་བའི་ངོ་བོ་ཡིན་ནོ། །ནམ་མཁའི་

དབྱིངས་ནི་པདྨའི་ནམ་མཁའ་ལ་རྒྱན་དུ་གྱུར་པ་སྟེ། དེའི་དབང་གིས་པདྨ་མཛེས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ། །ཇི་སྐད་དུ། ཇི་བཞིན་པད་མཚོ་ཡིད་དགའ་བ། །ངང་པའི་ཕྲེང་བ་རྣམས་ཀྱིས་མཛེས། །དེ་བཞིན་པད་ཁོང་ཡིད་དགའ་བ། །བྱང་ཆུབ་སེམས་ཀྱིས་མཛེས་པ་

ཡིན། །ཞེས་འབྱུང་ངོ་། །གདན་བཞི་ལས་ཀྱང་། ཟླ་བ་མེད་པས་མཚན་མོ་ཡིན། །མི་མཛེས་ཟླ་བ་མཚན་མེད་པས། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ནས་དེ་ཉིད་པདྨའི་སྣོད་དུ་བླངས་ཏེ། བཤང་བ་ལ་སོགས་པ་རྫས་བཞི་པོ་དང་བསྲེས་ལ་སྔགས་རྣམས་ཀྱིས་བྱིན་གྱིས་

བརླབས་ཏེ། ལྷ་རྣམས་ནི་དཀྱིལ་འཁོར་པ་རྣམས་ལ་ཕུལ་བར་བྱས་ནས། བདག་ཉིད་ཀྱིས་ཀྱང་སྤྱོད་པར་བྱའོ། །འབྲས་བུ་བསྟན་པར་བྱ་སྟེ། དེ་ལྟར་ན་སངས་རྒྱས་ནི། དཀྱིལ་འཁོར་པ་རྣམས་དང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རྣམས་ཏེ། དེ་རྣམས་གྲགས་ཆེན་

མཉེས་ཞེས་པ་ནི་གྲགས་པ་ཆེན་པོ་དང་ལྡན་པ། མཉེས་པ་ནི་དགྱེས་པར་འགྱུར་རོ། །སྒྲུབ་པ་པོ་ལ་མཆོག་དང་ཐ་མ་དང་དད་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །བདག་གི་ཡང་སངས་རྒྱས་ནི་ཕུང་པོ་དང་། བྱང་ཆུབ་སེམས་དཔའ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཏེ། དེ་ལྟར་

བྱས་ནས་མཉེས་པ་ནི་རྒས་པ་དང་ཤི་བ་དང་སྐྲ་ལ་སོགས་པའི་ནད་རྣམས་ཀྱིས་གྲོལ་བར་འགྱུར་རོ། །གྲགས་ཆེན་ནི་དུས་རིང་པོར་གནས་པར་འགྱུར་རོ། །པདྨའི་རྩེ་མོའི་རྒྱུད་ཆེན་པོ་ལས་ཀྱང་། དེ་ལྟར་ཉམས་སུ་མྱོང་བས་ནི། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །བདུད་རྩི་ལྔ་ནི་

เล่ม ๒๙ · หน้า 74a

ལོ་གཅིག་གམ། ཟླ་རེ་ཟླ་ཕྱེད་ཉིན་རེའམ། རྒས་པ་མེད་ཅིང་སྐྲ་དཀར་མེད། །དེ་བཞིན་དུས་མིན་ཤི་བ་མེད། །འཇིག་རྟེན་དབང་ཕྱུག་བཞིན་དུ་ནི། །ཚེ་དང་ནད་མེད་ན་སོས་འགྱུར། །ཞེས་འབྱུང་ངོ་། །དེ་ནི་བསྒྲུབ་པའོ། །ཡང་ན་ཡོངས་སུ་

གསལ་བ་ནི་ཤིན་ཏུ་གསལ་བ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ནི་རྣམ་པར་ཤེས་པ་གསུམ་གྱི་འཁོར་ལོ་སྟེ། དེ་ཤེས་ནས་མཆོག་ནི་འོད་གསལ་བ་སྟེ། དེ་ཉིད་ཀྱིས་མཆོད་པ་ནི་རྣམ་པར་ཤེས་པ་གསུམ་མི་སྣང་བར་བྱའོ། །ཇི་ལྟར་ཞེ་ན། ལུས་དང་ངག་སེམས་མཆོད་པ་ཡིས། །

ཞེས་པ་ནི་ལུས་ངག་ཡིད་ཀྱི་རྒྱུད་གྱུར་པའི་རང་བཞིན་གྱི་ཚོགས་ཉེ་བར་བསྡུས་ནས་སོ། །རིམ་པ་བཤད་པར་བྱ་སྟེ། ལོ་གྲངས་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ལ། སྔར་བཤད་པའི་སྐད་ཅིག་མ་བཅུ་དྲུག་དང་ལྡན་པའི་སྣང་བ་ཆུང་བ་ལ་སོགས་པའི་ཡེ་ཤེས་ཀྱི་རིམ་པས། བུད་མེད་

ནི་དམིགས་པ་མེད་པའི་ཤེས་རབ་ཀྱི་ངོ་བོ་འོད་གསལ་བ་ཐོབ་ནས་དེ་ལ་ཞུགས་ཏེ། མདངས་ནི་ཟླ་བ་ལ་སོགས་པའི་སྣང་བ་དང་བྲལ་བ། རང་བཞིན་གྱིས་དག་པ་ནི་ཉོན་མོངས་པས་མ་གོས་པའི་སྣང་བས། བཟང་པོ་ནི་འོད་གསལ་བའོ། །དྲི་ནི་སེམས་འཁྲུགས་པར་

བྱེད་པའི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དག་གོ། །མེ་ཏོག་ནི་ཞི་བ་སྟེ། འདོད་ཆགས་དང་བྲལ་བའོ། །དེ་དག་གིས་བརྒྱན་ཏེ་ཞེས་པ་སྟེ། དེ་དག་དང་བྲལ་བར་བྱས་ལ། དེའི་དབུས་སུ་སྟེ་དེ་དག་གི་ནང་དུ་ནི། མཉེས་པར་བྱ་བ་ནི་ཉམས་སུ་མྱང་བར་བྱའོ། །

དེ་ལྟ་བུའི་འོད་གསལ་བའི་ཡེ་ཤེས་བྱིན་གྱིས་བརླབ་པ་ནི་མངོན་དུ་བྱ་བའོ། །ཇི་ལྟར་ཞེ་ན། མཱ་མ་ཀཱི་ནི་ཟླ་བ་དང་རྗེས་སུ་འཇུག་པའི་དབྱངས་དག་གོ། །ཡོན་ཏན་ནི་ཉི་མ་ཚེག་དྲག་དག་གོ། །སྐ་རགས་ནི་དེ་གཉིས་ཀ་དང་བྲལ་བའི་དུས་མཚམས་ཀྱི་སྣང་བ་སྟེ། དེའི་རིམ་

པའོ་ཞེས་ཚིག་གི་ལྷག་མའོ། །སངས་རྒྱས་ཀྱི་གནས་ནི་ཡེ་ཤེས་གསུམ་སྟེ། དེ་ཉིད་སྤྲོ་བ་ནི་སྤང་བར་བྱའོ། །ནམ་མཁའི་དབྱིངས་ནི་འོད་གསལ་བ་སྟེ། དེ་ཉིད་བླང་བར་བྱ་བའི་ཕྱིར་བརྒྱན་ཏེ། དེ་ནི་བླང་བར་བྱའོ་ཞེས་ཚིག་གི་ལྷག་མའོ། །བཤང་བ་ཞེས་པ་ནི་ཡུལ་རྣམས་

เล่ม ๒๙ · หน้า 74b

སོ། །གཅི་བ་ཞེས་བྱ་བ་ནི་དབང་པོ་རྣམས་སོ། །ཁྲག་ནི་འདོད་ཆགས་སོ། །ཁུ་བ་ལ་སོགས་པ་གཞན་མ་རྣམས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྟེ། དེ་རྣམས། ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་བྱ་བ་ལ། ལྷ་རྣམས་ཞེས་བྱ་བའི་མང་པོའི་ཚིག་ནི་བསྙེན་བཀུར་བྱ་

བའི་ཕྱིར་རོ། །དེ་བས་ན་ལྷ་ནི་ལྷ་ཀུན་བསྐྱེད་པའི་རྒྱུ་སྟེ་འོད་གསལ་བ་ལ་དབུལ་བར་བྱ་བ་ནི་བསྡུ་བར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ནི་རྣམ་པར་ཤེས་པ་གསུམ་དང་། བྱང་ཆུབ་སེམས་དཔའ་ནི་རང་བཞིན་བརྒྱ་དྲུག་ཅུ་སྟེ། དེ་རྣམས་མཉེས་པ་ནི་ཐོབ་པར་འགྱུར་བ་དང་། གྲགས་

ཆེན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་གྱུར་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་ན་ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ནི་ལུས་ཏེ་དེ་ཉིད་ཀྱི་དཀྱིལ་འཁོར་ནི་བཞི་སྟེ། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་དཀྱིལ་འཁོར་ཡོངས་སུ་གསལ་བ་

ནི་དམར་པོ་ལ་སོགས་པའི་སྣང་བ་དང་ལྡན་པ་ཤེས་ནས་མཆོད་པར་བྱ་བ་ནི་སྤྲོ་བར་བྱའོ། །ནན་ཏན་དུ་ཞེས་པ་ནི་སྲོག་དང་རྩོལ་བའི་རླུང་དག་གཡས་པ་ལ་སོགས་པའི་དབྱེ་བས་རྒྱུ་བའོ། །ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་པ་ནི་སྐུ་ལ་སོགས་པའི་རང་བཞིན་ལྷ་མོ་སྤྱན་ལ་

སོགས་པའི་བྱིན་གྱིས་བརླབས་པས་སོ། །ཇི་སྐད་དུ། པདྨའི་མགོན་པོ་འདིར་ལྷ་མ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ལོ་གྲངས་བཅུ་དྲུག་ཅེས་པ་ནི་དཀྱིལ་འཁོར་རེ་རེ་ལ་ས་ལ་སོགས་པའི་དབྱེ་བས་དབྱེ་བ་བཞི་ཡིན་པས་བཅུ་དྲུག་གོ། །ཡང་ན་ཉིན་མོ་དང་མཚན་

མོར་ཐུན་ཕྱེད་ཕྱེད་དབྱེ་བའི་དུས་སུ་བྱུང་བས་ཐུན་བརྒྱད་ནི་བཅུ་དྲུག་ཏུ་འགྱུར་རོ། །དེ་ལྟ་བུའི་བུད་མེད་ནི་དུས་ཏེ། མདངས་ནི་དམར་པོ་ལ་སོགས་པའི་འོད་ཟེར་གྱི་ཚོགས་ཀྱིས་བཟང་བ་ནི་གསལ་བར་གྱུར་པ་སྟེ། དེ་ལ་བརྟེན་ནས་དྲི་དང་མེ་ཏོག་ནི་གཡོན་དང་གཡས་པའི་སྣ་ཁུང་གིས་བརྒྱན་

པ་ནི་སྤྲོ་བར་བྱས་ལ་གཡོན་དང་གཡས་ཀྱི་སྤྲོ་བ་དེ་ཉིད་ཀྱི་དབུས་ནི་དལ་བུས་དང་གཉི་གའི་རྒྱུ་བ་བྱས་ལ་མཉེས་པར་བྱ་བ་ནི་སྤྲོ་བར་བྱའོ། །དེ་ལྟ་བུས་བྱིན་གྱིས་བརླབས་ལ་མཱ་མ་ཀཱི་ནི་གདོང་གི་སྣ་སྟེ། དེ་ཉིད་ཀྱི་ཡོན་ཏན་ནི་རྩེ་མོ་སྟེ་དེར་སྐ་རགས་ནི་གནས་པ་སྟེ། ཤེས་རབ་ཅན་ནི་

เล่ม ๒๙ · หน้า 75a

རླུང་གི་དེ་ཁོ་ན་ཉིད་ཤེས་པས་བསྒོམ་པར་བྱའོ། །དེ་ལས་ཀྱང་སངས་རྒྱས་གནས་ནི་དེ་བཞིན་གཤེགས་པའི་ཚོགས་སེམས་ཅན་གྱི་དོན་དུ་སྤྲོ་བར་བྱའོ། །ཇི་ལྟ་བུ་ཞེ་ན། ནམ་མཁའི་དབྱིངས་ནི་ནམ་མཁའི་ངོས་ཏེ་དེ་བརྒྱན་པར་གྱུར་པའོ། །དེ་ནས་ཉེ་བར་

བསྡུས་ལ། བཤང་གཅི་ཁུ་བ་ཁྲག་ལ་སོགས། །ཞེས་པ་ནི་དེ་བཞིན་གཤེགས་པ་བཞིའི་ངོ་བོ་དཀྱིལ་འཁོར་དེ་རྣམས། ལྷ་རྣམས་ནི་སྤྱན་ལ་སོགས་པ་དབུལ་བར་བྱ་བ་ནི་དེའི་ངོ་བོར་བསྒོམ་པར་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ནི། སེམས་ཅན་ཐམས་ཅད་མཉེས་པ་ནི་ཞི་བ་ལ་སོགས་

པའི་ལས་ཀྱི་ཚོགས་ཀྱི་ནུས་པས་ནད་མེད་པར་གྱུར་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་ནི་བདག་གི་སེམས་ཀྱི་སྐད་ཅིག་མ་སྟེ། དེ་རྣམས་ཀྱང་གྲགས་ཆེན་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་དུ་ཤེས་པར་གྱུར་ཏེ། ཚིག་གི་དོན་ཏེ། དེ་ནི་རྡོ་རྗེ་བཟླས་པའི་རིམ་

པའོ། །ཡང་ན་ཐུགས་ཀྱི་དཀྱིལ་འཁོར་ནི་འོད་གསལ་བ་ཤེས་ནས་ནན་ཏན་དུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར། མཆོད་པ་ནི་སྤྲོ་བར་བྱ་བ་འོད་གསལ་བ་ལས་ཅིག་ཅར་དུ་སྒྱུ་མ་ལྟ་བུའི་སྐུ་སྤྲོ་བར་བྱའོ། །ལུས་ནི་སྤྲུལ་པའི་སྐུའོ། །ངག་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས་

ནི་ཆོས་ཀྱི་སྐུ་སྟེ་དེ་རྣམས་མཆོད་པ་ནི་གཟུང་བ་སྟེ་སྐུ་གསུམ་གྱི་བདག་ཉིད་སྒྱུ་མའི་སྐུ་བླང་བར་བྱའོ་ཞེས་སྟོན་ཏོ། །ཇི་ལྟ་བུ་ཞེ་ན། བུད་མེད་ནི་ཕྱག་རྒྱ་ཆེན་པོའོ། །ལོ་གྲངས་བཅུ་དྲུག་ལོན་པ་ནི་སྒྱུ་མའི་དཔེ་བཅུ་གཉིས་དང་ཕྱག་རྒྱ་བཞི་ཉེ་བར་མཚོན་པའོ། །དེ་ལྟ་བུ་ཐོབ་ནས་མདངས་ནི་འཇའ་

ཚོན་ལྟ་བུ་ཁ་དོག་དང་ལྡན་པ་དང་། དྲི་དང་མེ་ཏོག་ནི་ཡེ་ཤེས་སེམས་དཔའ་དང་། དམ་ཚིག་སེམས་དཔའ་དག་གིས་བརྒྱན་པ་ཁྱབ་པར་བྱས་ལ་དེའི་དབུས་སུ་ནི་འོད་གསལ་བའི་དབུས་སུ་མཉེས་པར་བྱ་བ་ནི་བཞུགས་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་། དབུགས་རླུང་ཇི་ལྟར་མེ་

ལོང་ལ། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །ཡང་དང་ཡང་དུ་རྣལ་འབྱོར་པས། །ཡང་དག་མཐའ་ལ་ཞུགས་པར་བྱ། །ཞེས་འབྱུང་ངོ་། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས་པ་ནི་འོད་གསལ་བ་ལ་ཞུགས་པར་བྱས་ལ། མཱ་མ་ཀཱི་ཡོན་ཏན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དེ་

เล่ม ๒๙ · หน้า 75b

ཉིད་སྐ་རགས་ནི་རྒྱན་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་ལྟ་བུ་བྱས་ནས་སངས་རྒྱས་ཀྱི་གནས་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ། ནམ་མཁའི་དབྱིངས་ནི་ནམ་མཁའ་དང་དཀྱིལ་འཁོར་ཏེ་དེ་ཉིད་བརྒྱན་པར་བྱེད་པའོ། །འོད་འཕྲོ་བ་དང་དབུས་ཀྱི་ཆ་རུ་གནས་པ་སྟེ་སྤྲོ་བར་བྱའོ། །

བཤང་བ་ནི་སྟོང་པ་ཉིད་དོ། །གཅི་བ་ནི་ཤིན་དུ་སྟོང་པ་ཉིད་དོ། །ཁྲག་ནི་སྟོང་པ་ཉིད་ཆེན་པོའོ། །ཁུ་བ་ནི་ཐམས་ཅད་སྟོང་པ་ཉིད་དོ། །སོགས་པའི་སྒྲས་འོད་གསལ་བའི་ཐབས་སུ་གྱུར་པ་མན་ངག་གཞན་རྣམས་ཀྱང་ལྷ་རྣམས་ནི་དཀྱིལ་འཁོར་པ་རྣམས་དང་། །འགྲོ་བ་རྣམས་

ཕུལ་བར་བྱ་བ་ནི་བསྟན་པར་བྱའོ། །དེ་ལྟར་བྱས་ནས་སངས་རྒྱས་ནི་ཁམས་གསུམ་པའི་སེམས་ཅན་རྣམས་མཉེས་པ་ནི་ཆོས་ཐོས་པའི་ནུས་པས་རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་ཞུགས་པར་འགྱུར་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་

ཞེས་བྱ་བ་ལ། བྱང་ཆུབ་ནི་ས་བཅུ་གཉིས་པ་སྟེ། དེ་ལ་སེམས་དཔའ་ནི་གནས་པ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱང་འགྲོ་བའི་དོན་མཛད་པས་གྲགས་ཆེན་ནི་གྲགས་པ་ཕུལ་དུ་འབྱུང་བར་འགྱུར་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །

ཡང་ཡོངས་སུ་གསལ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །ཐུགས་ནི་འོད་གསལ་བ་ལས་བྱུང་བ། དཀྱིལ་འཁོར་ནི་སྒྱུ་མའི་སྐུ་ཞེས་ཏེ་རྟོགས་ནས་གཞན་ཡང་ལུས་ངག་ཡིད་དེ་སྐུ་གསུམ་དེ་ལ་མཆོད་པ་ནི་འོད་གསལ་བའི་

མཚན་ཉིད་དུ་བྱའོ། །ནན་ཏན་དུ་ནི་བླ་མའི་མན་ངག་གིས་སོ། །དེ་ལས་མན་ངག་ནི་འདི་ཡིན་ཏེ། ལོ་གྲངས་བཅུ་དྲུག་པ་ནི་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན། བུད་མེད་ནི་དམ་ཚིག་གི་ཕྱག་རྒྱ། མདངས་ནི་རང་གི་རིགས་དང་རྗེས་སུ་མཐུན་པའི་ཁ་དོག་གིས་བཟང་བ་ནི་མདོག་མཚུངས་པ་ཐོབ་

ནས་བསམས་ཏེ། དྲི་དང་མེ་ཏོག་ནི་ཉིན་མོ་དང་མཚན་མོ། དེ་དག་གིས་བརྒྱན་པ་ནི་མཚམས་ཀྱི་དུས་ཏེ་བླངས་ནས་བླ་མ་ལ་དབུལ་བར་བྱའོ། །དེས་ཀྱང་ཕྲེང་བ་དང་། ཆུ་དང་། མེ་ལོང་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་དང་། ཕྱིར་མི་ལྡོག་པ་དང་།

เล่ม ๒๙ · หน้า 76a

གསང་བ་ལ་སོགས་པས་དབང་བསྐུར་ཞིང་དེས་བརྗོད་པའི་གསོལ་བ་གདབ་པ་དང་བསྟོད་པ་གསན་ནས་ཐུགས་དང་བའི་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་འཆང་གི་ཏིང་ངེ་འཛིན་མངོན་དུ་བྱས་ལ་རྣམ་པར་སྣང་མཛད་ཀྱི་སྐུ་དམིགས་པའི་སློབ་མ་དེ་ལ་སྦྱིན་པར་བྱའོ། །མཱ་

མ་ཀཱིའི་སྐུ་འཛིན་པ་དེས་ཀྱང་དམ་ཚིག་ལ་སོགས་པ་དེ་ལ་སྦྱིན་ཞིང་རེངས་པའི་རྡོ་རྗེ་རྩེ་མོ་ལ་ཞུགས་པར་བྱའོ། །དགའ་བ་དང་བ་སྤུ་ལྡང་བ་སྐྱེས་པ་དེ་ཡང་བལྟ་སྟེ། དེའི་དུས་སུ་ནི་མཚན་ཕྱེད་ཀྱི་དུས་སུ་མཉེས་པ་ནི་སྤྱོད་པར་བྱའོ། །དེ་བྱིན་གྱིས་བརླབ་པ་ནི་དེ་ལས་དཔེའི་ལྷན་ཅིག་སྐྱེས་པ་

ཐོབ་ནས། ཡོན་ཏན་སྐ་རགས་མཱ་མ་ཀཱི་ནི་འོད་གསལ་བའི་ཆོས་ཉིད་དེ་དཔེ་ལས་འབྱུང་བའི་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱའོ། །དེ་ནས་སངས་རྒྱས་ནི་ཆགས་པ་དང་བྲལ་བ་དག་གོ། །གནས་ནི་ཆགས་པ་བར་པ་སྟེ། དེ་དག་སྤྲོ་བ་ནི་སྤོང་བར་བྱའོ། །ནམ་མཁའི་དབྱིངས་ནི་འོད་

གསལ་བ་མངོན་པར་བྱང་ཆུབ་པས་བརྒྱན་པ་ནི་བསྒོམ་མོ། །བཤང་གཅི་ནི་རིལ་པོར་འཛིན་པ་ཏིང་ངེ་འཛིན་ཏོ། །ཁྲག་ཁུ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་དེ་དག་གིས་ལྷ་ནི་ཕུང་པོ་རྣམས་ལ་ཕུལ་བར་བྱ་བ་ནི་འོད་གསལ་བའོ། །དེ་ལྟར་བྱས་ན་སངས་རྒྱས་

ནི་རྫོགས་པའི་རྣལ་འབྱོར་པ་མཉེས་པ་ནི་འགྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ནི་གལ་ཏེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱང་རིམ་པ་འདི་སྒོམ་པར་བྱེད་ན་དེའི་ཚེ་གྲགས་ཆེན་ནི་ཡེ་ཤེས་ཐོབ་པར་འགྱུར་བ་སྟེ། མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །ཡང་ནི་

ཐུགས་ནི་སེམས་ཏེ། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བཞི་པོས་དཀྱིལ་འཁོར་ནི་རྣམ་པར་དག་པ་དང་། ཡོངས་སུ་གསལ་བ་ནི་ཐེ་ཚོམ་མེད་ཅིང་གསལ་བར་ཤེས་ཏེ་ཐོབ་ལ། མཆོད་པ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་བྱའོ། །ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་

པ་ནི་དེ་རྣམས་ཀྱི་རྣམ་པར་རྟོག་པ་མི་དམིགས་པས་སོ། །ཇི་ལྟར་ཞེ་ན། ལོ་གྲངས་བཅུ་དྲུག་ཅེས་པ་ནི་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། དཔེར་ན་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་དགའ་སྟེ་བཞི་ཡིན་ནོ། །དེ་ལ་དགའ་བ་ལ་ནི་ཆོས་

เล่ม ๒๙ · หน้า 76b

དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་ངོ་བོ་ཉིད་དེ་སྐད་ཅིག་མ་བཅུ་གཉིས་ཡིན་ནོ། །དེ་ལ་ཡང་དགའ་བ་ལ་ནི་ཆུང་བ་ལ་སོགས་པའི་དབྱེ་བ་བཞི་ཡིན་ཏེ། དེ་ཉེ་བར་མཚོན་པའི་དུས་སུ་དེ་རྣམས་ཉམས་སུ་མྱང་བར་བྱའོ། །དེ་ལ་དགའ་བ་ཆུང་བའི་དུས་སུ་སྤྲུལ་པའི་

སྐུའོ། །དགའ་བ་བར་པའི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུའོ། །དགའ་བ་རབ་ཀྱི་དུས་སུ་ཆོས་ཀྱི་སྐུའོ། །དགའ་བ་རབ་ཀྱི་རབ་ཀྱི་དུས་སུ་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་ལྟར་ཡང་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །གསུམ་པོའི་སྐད་ཅིག་མ་བཅུ་གཉིས་ནི་འཇིག་རྟེན་པའི་

ཡེ་ཤེས་སོ། །བཞི་པའི་སྐད་ཅིག་མ་བཞི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེའི་རྗེས་ལ་དག་པ་འཇིག་རྟེན་གྱི་ཡེ་ཤེས་ཏེ། འཇིག་རྟེན་འདས་པའི་རྗེས་ལས་ཐོབ་པའི་ཡེ་ཤེས་རྣལ་འབྱོར་པ་ལས་སྐྱེ་བར་འགྱུར་རོ། །རྣམ་པར་མི་རྟོག་པ་འཇུག་པའི་ཤེས་རབ་

ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཀྱང་ཞེས་བྱ་བ་ལས་ཁྱད་མེད་པའི་ཡེ་ཤེས་ཀྱི་ནམ་མཁའ་དང་འདྲ་བའི་ཆོས་ཀུན་མཐོང་བར་འགྱུར་རོ། །དེའི་རྗེས་ལ་ཐོབ་པར་སྨིག་རྒྱུ་དང་། སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། སྤྲུལ་པ་དང་

འདྲ་བའི་ཆོས་ཀུན་མཐོང་བར་འགྱུར་རོ། །དེ་ནས་སྐད་ཅིག་མ་བཅུ་དྲུག་ཉམས་སུ་མྱོང་བ་མཐར་བུད་མེད་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། མདངས་ནི་འོད་ཟེར་རྣམས་ཀྱིས་བཟང་བ་ནི་ཤིན་ཏུ་གསལ་བར་གྱུར་པ་ཐོབ་ནས་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། དྲི་ནི་ཀུན་རྫོབ་ཀྱི་བདེན་པ་དང་།

མེ་ཏོག་ནི་དོན་དམ་པའི་བདེན་པ་སྟེ། དེ་དག་གིས་བརྒྱན་པ་ནི་ཁྱབ་ཅིང་དེའི་དབུས་སུ་ཞེས་པ་ནི་དེ་དག་གི་བར་དུ་ཐ་མི་དད་པས་མཉེས་པར་བྱ་བ་ནི་བསྒོམ་པར་བྱ་བའོ། །ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པའི་མཚན་ཉིད་ཅན་གྱི་སྐུ་དེ་ལྟ་བུ་ཤེས་རབ་ཅན་ནི་རྫོགས་པའི་རིམ་པའི་རྣལ་

འབྱོར་པས་བྱིན་གྱིས་བརླབས་ནས། མཱ་མ་ཀཱིའི་ཡོན་ཏན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐ་རགས་ནི་བརྒྱན་པར་བྱས་ལ། སངས་རྒྱས་ནི་ཀུན་རྫོབ་ཀྱི་བདེན་པ་དང་། གནས་ནི་དོན་དམ་པའི་བདེན་པ་སྟེ། དེ་དག་སྤྲོ་བ་ནི་རོ་གཅིག་པར་བྱའོ། །སྐུ་དེ་ཉིད་ཀྱང་ཞི་བ་ནི་མི་གནས་པའི་མྱ་ངན་

เล่ม ๒๙ · หน้า 77a

ལས་འདས་པའི་ཕྱིར་རོ། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་པ་ནི་མཐའ་ཡས་པའི་སངས་རྒྱས་སྤྲོ་བའི་ཕྱིར། བཤང་གཅི་ཁུ་བ་ཁྲག་ལ་སོགས། །ཞེས་པ་ནི་འཇིག་རྟེན་པས་སྨོད་པའོ། །དེ་བཞིན་དུ་སོགས་པའི་སྒྲས་ནི་འོ་མ་ལ་སོགས་པའོ། །

གཞན་ཡང་རིགས་ནི་བྲམ་ཟེ་དང་གདོལ་པ་ལ་སོགས་པའོ། །རྫས་ནི་གསེར་དང་ས་ལ་སོགས་པའོ། །དེ་བཞིན་དུ་རྙེད་པ་དང་མ་རྙེད་པ་ལ་སོགས་པའི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱང་ལྷ་རྣམས་ལ་དབྱེ་བ་མེད་པའི་སེམས་ཀྱིས་དབུལ་བར་བྱ་བ་ནི་ཤེས་པར་བྱའོ། །ཇི་སྐད་དུ། སངས་རྒྱས་

གཞན་དུ་མི་དམིགས་ཏེ། །འཇིག་རྟེན་ཁམས་ནི་གང་ཡང་རུང་། །གང་ཕྱིར་སེམས་ནི་སངས་རྒྱས་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལས་ཀྱང་། བདག་ནི་སངས་རྒྱས་ཀུན་ཉིད་དང་། །བྱང་ཆུབ་སེམས་དཔའ་ཀུན་ཉིད་དང་། །དེ་ཕྱིར་

ཐམས་ཅད་ནན་ཏན་དུ། །རང་གི་བདག་ཉིད་རབ་མཆོད་བྱ། །སྐྱོན་ནི་ཐམས་ཅད་རྣམ་གྲོལ་དང་། །རྣམ་རྟོག་མུན་པ་སེལ་བར་བྱེད། །ཉོན་མོངས་དྲི་མ་ཀུན་དག་པས། །ཟླ་བཞིན་སེམས་ཀྱི་ཟླ་བ་ཡིན། །ཞེས་བྱ་བའི་རིགས་པའི་གཉིས་སུ་མེད་པའི་སེམས་ནི་ལྷ་ཡིན་ནོ། །དེ་ལྟར་

བྱས་ནས། སངས་རྒྱས་ནི་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཉེས་པ་ནི་ལེགས་པའི་སྒྲ་གསུང་བའམ། འོད་ཟེར་གྱི་འཁོར་ལོས་དབང་བསྐུར་བར་མཛད་པའོ། །བྱང་ཆུབ་སེམས་དཔའ་ནི་ས་བཅུའི་དབང་ཕྱུག །གྲགས་ཆེན་ནི་གྲགས་པ་ཆེན་པོའི་སྒྲ་གསུམ་

པའམ། རྣལ་འབྱོར་པ་ལ་བསྟོད་ཅེས་སྟོན་ཏོ། །ཡང་ན་སངས་རྒྱས་ནི་དུས་གསུམ་སྟེ། དེ་དག་མཉེས་པ་ནི་རྣལ་འབྱོར་པའི་ཤེས་པ་ལ་འབད་པ་མེད་པས་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དམིགས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱང་གྲགས་ཆེན་ལྷའི་སྤྱན་ལ་སོགས་པ་

ཐོབ་པ་ཕུལ་དུ་འབྱུང་བར་འགྱུར་རོ་ཞེས་ཚིག་གི་དོན་ཏེ། ཟུང་འཇུག་གི་རིམ་པའོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། དེ་གཙོ་བོར་གྱུར་པའི་ལེའུ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བསྐྱེད་པའི་རིམ་པའོ། །ཐུགས་ཀྱི་དཀྱིལ་འཁོར་ནི་སྙིང་པོ་སྟེ་རྡོ་རྗེ་བཟླས་

เล่ม ๒๙ · หน้า 77b

པ་ལ་སོགས་པའོ། །དེ་རྣམས་ལེན་པར་བྱེད་པས་ན་ཐུགས་ཀྱི་དཀྱིལ་འཁོར་ཏེ་རྫོགས་པའི་རིམ་པའོ། །དེ་གཙོ་བོར་གྱུར་པའི་ཚིག་གི་ཚོགས་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱའོ། །རྒྱུད་འགྲེལ་ལས་ལེའུ་བཞི་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་བཞི་པའི་

ཚིགས་སུ་བཅད་པའི་གྲངས་ནི་ཕྱེད་དང་སུམ་བརྒྱའོ།། །།དཀྱིལ་འཁོར་གྱི་དབང་བསྐུར་བ་ཐོབ་ནས་སྤྱོད་པ་བྱ་བར་རིགས་ཏེ། སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་ལྔ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་ནི་ལྔ་

སྟེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་སྤྲོས་པ་མེད་པའི་སྤྱོད་པས་འཆང་བ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ལ་འཇུག་པས་ན་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཏེ་དེ་བཞིན་གཤེགས་པ་དྲུག་པའོ། །འོད་གསལ་བའི་སྣང་བ་མཛེས་པས་ན་རྒྱལ་པོའོ། །ཀུན་ནི་

ཡེ་ཤེས་གསུམ་སྟེ་དེ་རྣམས་ནི་སྣང་བར་མཛད་པས་ན་ཀུན་མཆོག་གོ། །གནས་ནི་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པ་སྟེ། དེ་རྣམས་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྦྱར་བར་མཛད་པས་ན་གནས་ཀྱི་དབང་ཕྱུག་གོ། །སྤྱོད་པ་ཀུན་ནི་རྣམ་པ་གསུམ་སྟེ། སྤྲོས་

པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་དུ་སྤྲོས་པ་མེད་པའོ། །དེ་ལ་སྤྲོས་པ་དང་བཅས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སྒོ་ནས་ཆོས་འབྱུང་གི་མངོན་པར་བྱང་ཆུབ་ཐོབ་པར་བྱེད་པའོ། །སྤྲོས་པ་མེད་པའི་སྤྱོད་པ་ནི་ཇི་སྙེད་པའི་བཟའ་བ་ལ་སོགས་

པས་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་ཐོབ་པར་བྱེད་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་ཇི་སྙེད་པའི་བཟའ་བ་ལ་སོགས་པས་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་ཐོབ་པར་བྱེད་པའོ། །སྤྱོད་པ་རྣམ་པ་གསུམ་དེ་དག་ཐམས་ཅད་ལ་གནས་ཤིང་གསལ་བར་བྱེད་

པའི་ཕྱིར་ཀུན་མཆོག་ཆོས་ནི་འཇིག་རྟེན་གྱི་ཆོས་རྣམས་ཏེ། དེ་རྣམས་ཀྱི་དོན་ནི་དབྱེར་མེད་པ་སྟོན་པས་ན་ཆོས་ཀྱི་དོན་ཏོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྔར་བཤད་པའི་སྤྱོད་པ་རྣམ་པ་གསུམ་གྱི་མཚན་ཉིད་ནི་ངོ་བོ་ཉིད་བཀའ་སྩལ་པ་སྟེ། རྡོ་རྗེའི་བཟླས་པ་དང་སེམས་རྣམ་པར་དག་པ་

เล่ม ๒๙ · หน้า 78a

དང་། སྒྲུབ་པ་པོ་རྣམས་སོ། །ཡང་ན་སྐུ་གསུང་ཐུགས་ནི་བཤང་བ་དང་གཅིན་དང་ཁྲག་གོ། །དེ་རྣམས་འཆང་བ་ནི་ཤུ་ཀྲའོ། །རྒྱལ་པོ་ནི་ཤའོ། །ཀུན་མཆོག་ནི་ལྕགས་ཀྱུ་ལྔའོ། །གནས་ཀྱི་དབང་ཕྱུག་ནི་ཡི་གེ་གསུམ་སྟེ། དེ་རྣམས་སྦྱང་བ་དང་། སད་པ་དང་།

འབར་བའི་མཚན་ཉིད་ཅན་སྤྱོད་པ་སྟེ། དེས་ཐོབ་པ་ནི་གང་ཞིག་མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སྟེ། ཆོས་ཀྱི་དོན་ནི་བདུད་རྩིར་བྱ་བའོ། །དེ་ལྟ་བུའི་སྤྱོད་པའི་མཚན་ཉིད་ནི་བདུད་རྩི་བཟའ་བའི་བྱ་བ་བཀའ་སྩལ་ཏོ་ཞེས་འབྲེལ་པའོ། །དེ་ནི་སྒྲུབ་པའོ། །ཡང་ན་སྐུ་གསུང་ཐུགས་ནི་དེ་

བཞིན་གཤེགས་པའི་རིགས་གསུམ་སྟེ། དེ་རྣམས་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་གི་སྒོ་ནས་འཛིན་པར་བྱེད་པས་ན་སྐུ་གསུང་ཐུགས་འཆང་བ་སྟེ། སྤྲོས་པ་མེད་པའི་སྤྱོད་པའོ། །རྒྱལ་པོ་ནི་སངས་རྒྱས་ཀྱི་ཡུམ་ངེས་པའི་མཚན་ཉིད་ཅན་ཏེ། ཤིན་ཏུ་སྤྲོས་པ་མེད་

པའི་སྤྱོད་པའོ། །དཀོན་མཆོག་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། དེ་དག་གི་གནས་ཀྱི་དབང་ཕྱུག་ནི་དཀྱིལ་འཁོར་གྱི་གཙོ་བོ་སྟེ། དེ་ཉིད་ཀྱི་སྒོ་ནས་གང་ཞིག་སྤྱོད་པ་ཀུན་ནི་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་བྱ་བ་སྟེ། དེ་ཉིད་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་མཆོག་ཡིན་ནོ། །དེ་ལྟ་

བུའི་ཆོས་ཀྱི་དོན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར། དོན་ནི་བརྗོད་པར་བྱ་བ་སྟེ་སྤྲོས་པ་དང་བཅས་པའི་སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ་ཞེས་དཀྱིལ་འཁོར་རྒྱལ་མཆོག་དང་རྫོགས་པའི་རིམ་པ་དག་གོ། །རྣམ་པར་མི་རྟོག་དོན་ལས་བྱུང་། །ཞེས་

བྱ་བ་ལ་སོགས་པ་ལ། འདིར་སྤྱོད་པ་ལ་དང་པོ་དབང་བྱེད་པ་བསྟན་པར་བྱ་སྟེ། རྣམ་པར་མི་རྟོག་པ་ནི་གཉིས་དང་བྲལ་བའོ། །དོན་ནི་སེམས་ཀྱི་རྒྱུད་གང་ཡིན་པ་དེ་ལས་འབྱུང་བ་ནི་དེ་བསྒོམ་པའི་ཏིང་ངེ་འཛིན་ལ་དམིགས་ཏེ་གནས་པ་ནི་རྣལ་འབྱོར་པ་ཡིན་ན། དེའི་ཚེ་འདོད་

ཆགས་དང་ཞེ་སྡང་དང་གཏི་མུག་ཉེ་བར་མཚོན་པ་ཉོན་མོངས་པ་གཞན་དང་གཞན་གྱི་རིགས་ཅན་སྣ་ཚོགས་ཀྱི་ཉོན་མོངས་པས་འཁྲུག་པ་ཡིན་ན་ཡང་། དངོས་གྲུབ་མཆོག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པ་ནི་ཐོབ་པར་འགྱུར་རོ། །དེ་བས་ན་ཉན་ཐོས་པ་ལ་སོགས་

เล่ม ๒๙ · หน้า 78b

པའི་ཐེག་པ་རྣམས་ལས་ཐེག་པ་འདི་ནི་མཆོག་སྟེ། དེ་བས་ན། བླ་ན་མེད་དེ་རྙེད་པར་དཀའ། །ཞེས་བྱ་བ་སྟེ་ཚིག་གི་དོན་ཏོ། །དེ་ནི་བསྒྲུབ་པ་དང་རྫོགས་པའི་རིམ་པ་དག་གོ། །འདིར་ནི་མན་ངག་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པས་བདག་ཉིད་

ཀྱིས་འདོད་ཆགས་ལ་སོགས་པ་ཆེ་བར་བལྟས་ཏེ། དེ་བས་ན་བྱང་ཆུབ་ཐོབ་པའི་ཕྱིར་ཤིང་ལ་སོགས་པས་བྱས་པའི་ཁང་པ་སུམ་བརྩེགས་བྱས་ལ་འོག་ཁང་ལ་བཟའ་བ་དང་བཏུང་བ་སྣ་ཚོགས་བྱེད་པ་གཞན་ལ་བར་ཁང་ལ་གླུ་དང་རོལ་མོ་མཁན་ལ་སོགས་པ་བཞག་ཅིང་། ཡང་ཁང་

ལ་ཤིན་ཏུ་འཇམ་པའི་བྱ་འགན་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། རྣམ་པ་སྣ་ཚོགས་པའི་དམ་ཚིག་གི་ཕྱག་རྒྱས་བསྐོར་བ་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་མངོན་དུ་བྱའོ། །ལྷ་མོ་དེ་རྣམས་ཀྱིས་ཀྱང་རང་གི་བདག་ཉིད་མདོར་བསྡུས་པ་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པའམ།

ཅིག་ཅར་གྱི་རིམ་པས་རྡོ་རྗེ་འཆང་ཆེན་པོ་དང་། གཟུགས་དང་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་བསྒོམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ར་མ་ཙུ་པ་རི་གྷ་དྷེ་ཏ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ་བསྐྱེད་ལ་འོད་

ཟེར་གྱི་འཁོར་ལོ་སྤྲོ་བའི་སྦྱོར་བས་སེམས་ཅན་གྱི་དོན་བྱས་ལ་ཡང་བསྡུས་ཏེ་དེ་དང་ལྷན་ཅིག་ཏུ་ཕྱི་ནང་གསང་བའི་མཆོད་པ་བྱའོ། །དེ་ལ་རེ་ཞིག་དང་པོ་སྤྱན་ལ་སོགས་པའི་གནས་སུ་དམ་ཚིག་གི་ཕྱག་རྒྱ་ལ་ཨ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བཞག་ཅིང་གཟུགས་རྡོ་རྗེ་མ་ལ་སོགས་

པ་ཡང་དེ་བཞིན་དུ་བཀོད་ལ། དབུས་སུ་རང་གི་བདག་ཉིད་གནས་ཤིང་སྤྱན་གྱི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་ནས་དགའ་བ་དང་སའི་ཁམས་རྣམ་པར་དག་ཅིང་མཱ་མ་ཀཱིའི་ངོ་བོ་ལྷ་མོའི་ཞལ་བལྟས་ནས་མཆོག་ཏུ་དགའ་བ་དང་། ཆུའི་ཁམས་རྣམ་པར་དག་པ་སྟེ། གོས་དཀར་

མོའི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་ནས་དགའ་བྲལ་དང་མེའི་ཁམས་རྣམ་པར་དག་པ་སྟེ། སྒྲོལ་མའི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་ཤིང་ལྷན་ཅིག་སྐྱེས་པ་དང་རླུང་གི་ཁམས་རྣམ་པར་དག་པར་བསྒོམས་ལ། དེའི་རྗེས་ལ་གཟུགས་རྡོ་རྗེ་མའི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་

เล่ม ๒๙ · หน้า 79a

ནས་མིག་གི་དབང་པོའི་བདེ་བ་ཆེན་པོ་ཉམས་སུ་མྱོང་ལ་སྒྲ་རྡོ་རྗེ་མའི་ལྷ་མོའི་ཞལ་བལྟས་ནས་རྣ་བའི་དབང་པོའི་རྣམ་པར་དག་པ་བསྒོམས་ལ། དྲི་རྡོ་རྗེ་མའི་རང་བཞིན་གྱི་ལྷ་མོའི་ཞལ་བལྟས་པས་སྣའི་དབང་པོ་རྣམ་པར་དག་པ་སྟེ། རོ་རྡོ་རྗེ་མའི་

རང་བཞིན་གྱི་ལྷ་མོའི་ཞལ་བལྟས་ནས། ལྕེའི་དབང་པོ་རྣམ་པར་བཅིང་། རེག་བྱ་རྡོ་རྗེ་མའི་རང་བཞིན་གྱི་ལྷ་མོའི་ནུ་མ་དག་གི་སྲ་བའི་རང་བཞིན་རེག་པ་སའི་ངོ་བོ་དང་དེའི་མཆུའི་རོ་མྱང་བ་ནི་ཆུའི་ཁམས་ཀྱི་ངོ་བོ་དང་། དེ་ཉིད་ཀྱི་པདྨ་བསྲུབས་པ་ལས་བྱུང་བའི་དྲོད་ཀྱི་རེག་པ་ནི་མེའི་

ཁམས་ཀྱི་རང་བཞིན་དང་། དེ་ཉིད་ཀྱི་ངང་དུ་རྡོ་རྗེ་འགྲོ་བ་དང་འོང་བའི་བྱ་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་དང་། དེ་ཉིད་ཀྱི་ནང་གི་ཆ་རུ་འདོད་པའི་གདུགས་ཀྱི་ཁོང་སྟོང་ཉམས་སུ་མྱོང་བ་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་དུ་བསྒོམས་ལ་དེའི་རྗེས་ལ་དེ་ཉིད་ཀྱི་ཡན་ལག་དང་ཉིང་ལག་གི་

མཛེས་པའི་གཟུགས་བལྟ་བ་ནི་གཟུགས་ཀྱི་ངོ་བོ་དང་། ངང་པ་དང་ཁུ་བྱུག་ལ་སོགས་པ་དང་འདྲ་བའི་བདེ་བའི་སྒྲ་སྙན་པ་ཉན་པ་ནི་སྒྲའི་ངོ་བོ་དང་དེ་ཉིད་ཀྱི་པདྨ་ལས་འབྱུང་བའི་པདྨ་དང་ཨུཏྤ་ལ་ལ་སོགས་པ་དང་འདྲ་བའི་དྲི་ནི་དྲིའི་ངོ་བོ་དང་། པདྨའི་རྫས་ཀྱི་རོ་མྱང་བ་ནི་རོའི་ངོ་བོ་དང་། དེ་ཉིད་

འཁྱུད་པའི་མཚན་ཉིད་ནི་རེག་བྱའི་ངོ་བོ་ཉམས་སུ་མྱོང་ལ་ཕྱི་རོལ་གྱི་མཆོད་པ་རྣམ་ལྔ་ཉེ་བར་བསྡུས་ལ་ཚོགས་ཀྱི་འཁོར་ལོའི་མཆོད་པས་ལྷ་མོའི་འཁོར་ལོ་ཡང་དག་པར་ཚིམ་སྟེ་མཆོད་ཅིང་བདུད་རྩི་ལྔའི་རི་ལུ་ཁར་བཅུག་ལ་རོལ་མོ་ལ་སོགས་པས་སེམས་དཔའ་བར་བྱའོ། །སྤྱན་ལ་

སོགས་པའི་ལྷ་མོ་བཞི་པོ་ནི་རྡོ་རྗེའི་གླུ་མཛད་ཅིང་སེམས་དགའ་བར་བྱེད་པའོ། །གཟུགས་རྡོ་རྗེ་མ་ནི་ནུ་མ་བསྟན་པས་དབུས་ཀྱི་གཙོ་བོ་མཉེས་པར་བྱེད་པའོ། །སྒྲ་རྡོ་རྗེ་མ་ནི་པི་ཝང་གི་རོལ་མོས་མཉེས་པར་བྱེད་པའོ། །དྲི་རྡོ་རྗེ་མ་ནི་ཙནྡན་དང་ཨ་ཀ་རུ་དང་ག་པུར་དང་། མེ་ཏོག་ཙམ་

པ་ཀ་ལ་སོགས་པས་དགྱེས་པར་བྱེད་པའོ། །རོ་རྡོ་རྗེ་མ་ནི་བདུད་རྩི་ལྔས་གང་བའི་སྣོད་ཕུལ་བས་མཉེས་པར་བྱེད་པའོ། །རེག་བྱ་རྡོ་རྗེ་མ་ནི་འཁྱུད་པའི་བྱ་བས་མཉེས་པར་བྱེད་པའོ། །དེའི་རྗེས་ལ་རྣལ་འབྱོར་པས་དབུས་ཀྱི་གཙོ་བོའི་ཚུལ་གྱིས་ལྷ་མོ་དེ་དག་ཐམས་ཅད་རིགས་ལྔའི་

เล่ม ๒๙ · หน้า 79b

ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་ལ་རིམ་གྱིས་དེ་དག་དང་ལྷན་ཅིག་ཏུ་འཁྱུད་པ་དང་ཙུམྦ་ན་རྣམ་པ་བརྒྱད་དུ་བྱས་ལ་མིག་དང་ལྕགས་ཀྱུ་དང་གདན་དག་མཛུབ་མོ་གཉིས་དེ་ཉིད་ཀྱི་པདྨའི་ནང་དུ་བཅུག་སྟེ། འདོད་པའི་གདུགས་ནི་དེ་སྲིད་བསྐྱོད་པར་བྱའོ། །ཇི་སྲིད་དུ་གྲང་

བ་མ་ཡིན་པའི་རེག་པ་ཉམས་སུ་མྱོང་བར་སྐྱེད་པའོ། །དྲོད་ཀྱི་རིག་པ་ཉམས་སུ་མྱོང་བ་ཐོབ་ལ་པདྨ་གཡོ་བའི་འདབ་མའི་ཚུལ་དུ་བདུད་རྩི་དེ་ལྕེས་ཉམས་སུ་མྱོང་ཞིང་འཁྱུད་ལ་སེན་མོ་དང་སོས་འདེབས་པ་ནི་རྣམ་པ་བརྒྱད་དུ་བྱས་ལ། འཕྱང་མོ་ཉུག་དང་ཡན་ལག་འཁྲུག་པ་ལ་

སོགས་པའི་བྱེད་པ་རྣམས་ཀྱིས་རྡོ་རྗེ་བཅིང་བ་བྱས་ལ། འདོད་ཆགས་ལ་སོགས་པའི་རིམ་པས་མངོན་དུ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་རྨི་ལམ་བཞིན་དུ་དམིགས་ཤིང་དེ་ནས་ཅིག་ཅར་དུ་ལངས་ཏེ་རོ་དེ་ཉིད་ཀྱིས་རྡོ་རྗེ་འཆང་

ཆེན་པོའི་ང་རྒྱལ་གྱིས་འདོད་པའི་ཡོན་ཏན་ལྔ་པོས་རང་དང་གཞན་རྣམས་མཆོད་ཅིང་གཞན་གྱི་དོན་བྱས་ཏེ། འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པས་ལྷ་མོ་ལོངས་སྤྱོད་པའི་བདེ་བས་མངོན་པར་བྱང་ཆུབ་ཀྱི་བདེ་བ་ཐོབ་སྟེ། སྤྲོས་པ་དང་བཅས་པའི་སྤྱོད་པའོ། །དེ་བཞིན་

དུ་རྣམ་པར་མི་རྟོག་དོན་ནི་དངོས་པོ་ཐམས་ཅད་ཡོངས་སུ་སྤངས་པའོ། །དེ་ལས་བྱུང་བ་ནི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་རྣམས་སོ། །འདོད་ཆགས་ནི་སྣང་བ་མཐའ་ཡས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པའམ། ཞེ་སྡང་དང་གཏི་མུག་གི་རིགས་ཅན་ནམ། རིན་ཆེན་འབྱུང་ལྡན་དང་དོན་

ཡོད་གྲུབ་པའི་རིགས་ཅན་གྱི་སྒྲུབ་པ་པོ་རྣམས་ཀྱིས་དངོས་གྲུབ་རབ་མཆོག་ནི་སྤྲོས་པ་མེད་པའི་སྤྱོད་པ་ལ་བརྟེན་ཏེ། ཐེག་པའི་མཆོག་ནི་མངོན་པར་བྱང་ཆུབ་འགྲུབ་པར་བྱེད་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །རེ་ཞིག་དང་པོ་རྣལ་འབྱོར་པས་གཙང་བ་དང་མི་གཙང་བའི་རྣམ་

པར་རྟོག་པ་མེད་པས་བླ་མའི་མན་ངག་གིས་དངོས་པོ་ཐམས་ཅད་བདག་མེད་པའི་ཆོས་རྟོགས་པས་འོད་གསལ་བའི་སྣང་བ་གསལ་ཏེ། ལོའམ་ཟླ་བ་དྲུག་གམ། གསུམ་མམ། བཞིའམ། གཅིག་གམ། ཟླ་བ་ཕྱེད་དམ། ཞག་བདུན་གྱིས་བསྙེན་བཀུར་རབ་ཀྱིས་དེ་བཞིན་གཤེགས་

เล่ม ๒๙ · หน้า 80a

པའི་ལུང་བསྟན་པས་དམ་ཚིག་གི་ཕྱག་རྒྱ་མ་བླངས་ཏེ། དེ་དང་ལྷན་ཅིག་ཏུ་སྤྲོས་པ་མེད་པའི་སྤྱོད་པ་རིམ་པ་འདིས་སྤྱད་པར་བྱ་སྟེ། སྨྱོན་པའི་བརྟུལ་ཞུགས་བླངས་ཏེ་ཚེམ་བུ་གྱོན་ལ་རུ་དྲཱ་ཀྵའི་ཕྲེང་བས་ལྐོག་མ་རྣམ་པར་བརྒྱན་ཏེ། ཐལ་བའི་

ཐིག་ལེ་གསུམ་པོས་དཔྲལ་བར་མཚན་ཏེ། ཐལ་བས་ཡན་ལག་བསྐུས་པས་ཐལ་བ་དང་ལྡན་པའི་སྣོད་ཀྱིས་མཆན་ཁུང་མཚན་པ། གསེག་ཤང་གི་སྒྲ་སྒྲོགས་ཤིང་གདོལ་པའི་རིགས་ང་ཡིན་ནོ་ཞེས་འཇིག་རྟེན་གྱི་རེག་པ་སྤངས་ལ་འགལ་བའི་བཟའ་བ་སྤྱོད་

པས་བདག་པོ་མེད་པའི་ས་ཕྱོགས་སུ་གནས་པ་རང་དབང་དུ་སྤྱོད་པའོ། །གལ་ཏེ་རྣམ་པར་སྣང་མཛད་ལ་མོས་པ་དང་ལྡན་པ་ཡིན་ན་དེའི་ཚེ་རལ་པའི་ཅོད་པན་བྱས་ལ་ཤིང་ངམ་ས་ལ་སོགས་པའི་གཡས་དང་གཡོན་དུ་དོང་པ་བཏགས་པ་བཞིན་དུ་ཕྱག་དང་ཕྱག་

མཚན་འཛིན་པ་རྡུལ་དཀར་པོས་དེའི་མདོག་འཛིན་པའོ། །གལ་ཏེ་ཐུགས་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་ཡིན་ན་དེའི་ཚེ་དེ་ཉིད་ཀྱི་སྐུ་མདོག་དང་ཕྱག་མཚན་དང་ཚུལ་འཛིན་པས་ཕྱག་རྒྱ་མའང་དེ་དང་འདྲ་བར་བྱས་ལ་འཇིག་རྟེན་གྱི་ཆོས་རྣམ་པར་རྟོག་པ་དང་བྲལ་བ་

ནགས་ཚལ་ལ་སློང་མོ་སློང་ཞིང་ལྷ་མ་ཡིན་པའི་བུ་མོ་རྣམས་དེ་ལ་སློང་མོ་སྟེར་ཏེ། དེ་ཟ་ཞིང་ཕྱག་རྒྱ་མ་དེ་དང་ལྷན་ཅིག་ཏུ་དེ་སྲིད་དུ་ཏིང་ངེ་འཛིན་ལ་གོམས་པར་བྱ་བ་སྟེ། ཇི་སྲིད་དུ་རྫུ་འཕྲུལ་རྣམས་ཐོབ་པར་འགྱུར་རོ། །དེ་ཐོབ་ནས་དེ་ཁོ་ན་ཉིད་བརྟན་པར་ཤེས་ཏེ། འགྲོ་བའི་

དོན་བྱ་བའི་ཕྱིར་སྨིན་པ་དང་། གྲོལ་བ་དང་བརྟན་པའི་རྣམ་པས་ཞི་བ་ལ་སོགས་པ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སེམས་ཅན་རྣམས་ལ་སྟེར་བར་བྱེད་པ་སྟེ། སྤྲོས་པ་མེད་པའི་སྤྱོད་པའོ། །དེ་བཞིན་དུ་རྣམ་པར་མི་རྟོག་དོན་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཏེ། དེ་ལས་འབྱུང་བ་

ནི་བསྐྱེད་པ་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་མའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱི་རིགས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་ཕྱག་རྒྱ་མ་དེ་དང་སྙོམས་པར་ཞུགས་ཏེ། དངོས་གྲུབ་རབ་མཆོག་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་ནི་སྟེན་པར་བྱེད་པའོ། །ཐེག་

เล่ม ๒๙ · หน้า 80b

པའི་མཆོག་ནི་བླ་མེད་པ། །ཞེས་པ་ནི་དེ་ཉིད་བླ་ན་མེད་པའི་མངོན་པར་བྱང་ཆུབ་མངོན་དུ་བྱེད་པའོ་ཞེས་སྟོན་ཏོ། །དེ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །འདིར་བསྡུས་པའི་དོན་འདི་ཡིན་ཏེ། བསྐྱེད་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པས་

རྫོགས་པའི་རིམ་པའི་སྤྱོད་པ་མངོན་དུ་བྱ་བར་འདོད་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འོད་གསལ་བ་ལ་ཞུགས་ཏེ་ཅིག་ཅར་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ཏེ། རང་གི་ཐུགས་ཀ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡེ་ཤེས་ཀྱི་

ཕྱག་རྒྱ་མ་སྤྲོས་ལ་དེ་དང་ལྷན་ཅིག་ཏུ་བསམ་གཏན་གྱི་བཟའ་བ་ཅན་གྱི་ཕྱི་རོལ་གྱི་བཟའ་བ་ལ་མི་ལྟོས་པ་གང་ཡང་རུང་བའི་གནས་སུ་གནས་ཤིང་གང་ཡང་རུང་བའི་གོས་གྱོན་པ། གང་ཡང་རུང་བ་སྨྲ་བ་ཅི་འདོད་པ་སྤྱོད་པ་དང་ལྡན་པ། སྔགས་དང་ཕྱག་རྒྱའི་སྤྲོས་པ་སྤངས་

པ་སྨྱོན་པ་འདི་ཡིན་ནོ་ཞེས་འཇིག་རྟེན་པས་དགོད་ཅིང་ལྟ་བ། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པའི་འཇིག་རྟེན་གྱི་ཆོས་ལ་སེམས་མཉམ་པ་ཆུ་ལ་ས་བཞིན་དུ་འགྲོ་བ་དང་། ས་ལ་ཡང་ནུབ་པ་དང་། འབྱུང་བར་བྱེད་ཅིང་འབར་བ་དང་སྣང་བ་ལ་སོགས་པའི་འགྲོ་བའི་ཡིད་

དགའ་བར་བྱེད་པ། མི་སྣང་བ་ལ་སོགས་པའི་སྦྱོར་བའི་བྱ་བ་ལ་མཁས་པ། ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཡེ་ཤེས་རྟོགས་པས་ཐ་མལ་པའི་བག་ཆགས་ཀྱི་འདམ་བུ་འཇོམས་པ་སྔར་བཤད་པའི་མཚན་མ་ཤིན་ཏུ་གསལ་བར་མཐོང་བས། དེས་དངོས་གྲུབ་ཐོབ་པ་

ཡིན་ནོ་ཞེས་རྟོགས་ནས་སྡུག་བསྔལ་གསུམ་གྱིས་མནན་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་འོད་ཟེར་སྤྲོ་བའི་སྦྱོར་བ་འམ། ཆོས་བསྟན་པའི་སྒོ་ནས་དེ་ཉིད་བྱས་ལ་བཅུད་ཀྱིས་ལེན་ལ་སོགས་པས་ལུས་བརྟན་པར་བྱ་བའམ། གཞན་གྱི་གྲོང་ལ་ཞུགས་ཏེ་ཡུན་རིང་

དུ་སེམས་ཅན་གྱི་དོན་བྱ་སྟེ་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །སྤྱོད་པ་གསུམ་པོ་དེ་དག་གིས་མངོན་པར་བྱང་ཆུབ་པ་གསུམ་རྣལ་འབྱོར་པས་བསྒྲུབ་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་ཇི་སྐད་དུ། ཆོས་འབྱུང་མངོན་པར་བྱང་ཆུབ་པ། །འདོད་ཆགས་རླུང་སོགས་རྒྱ་ཆེ་

เล่ม ๒๙ · หน้า 81a

བ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །ཇི་སྙེད་པ་ཡི་སྤྱོད་པ་ཡིས། །བླ་མེད་མངོན་པར་བྱང་ཆུབ་པ། །མངོན་པར་བྱང་ཆུབ་སྦྱོར་བས་སོ། །སྤྲོས་པ་ལ་སོགས་སྤྱོད་པ་ཡིས། །རྣལ་འབྱོར་པ་རྣམས་སློབ་པར་བྱེད། །ཅེས་འབྱུང་ངོ་། །

འོ་ན་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཐེག་པར་ཉན་ཐོས་པའི་བྱང་ཆུབ་བཞིན་དུ་བྱང་ཆུབ་རྣམས་ཐ་དད་པར་མ་གསུངས་ན། དེ་ཇི་ལྟར་བྱང་ཆུབ་གསུམ་གསུངས་སོ་ཞེ་ན་དེ་ནི་སྐྱོན་མ་ཡིན་ཏེ། ཐབས་ཀྱི་དབྱེ་བ་དང་སྤྱོད་པའི་དབྱེ་བས་འབྲས་བུ་ཐ་དད་པ་ཙམ་དུ་བསྟན་གྱི། དོན་

དམ་པར་འབྲས་བུ་ནི་གཅིག་ཁོ་ན་ཡིན་གྱི། སྒོ་དུ་མ་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་བཞིན་ནོ། །དེ་ལྟར་གསུངས་ཏེ། ད་ནི་སྤྱོད་པ་གསུམ་གྱི་རྟེན་དུ་གྱུར་པ་སྔགས་ཀྱི་ཐེག་པའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་རིགས་ངན་སྨྱིག་མ་མཁན་ལ་སོགས་པ་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། གང་ཞིག་དགོན་པའི་ལམ་དུ་གཞན་མ་རྣམས་ལ་སོལ་བ་དང་ལྡན་པ་དྲག་པོའི་ལས་བྱེད་པའོ། །སྨྱིག་མ་མཁན་ནི་དྲག་པོའི་སེམས་དང་ལྡན་པ་རིགས་ལྔ་པ་སྟེ་ཀྱེ་འཆད་པའོ། །དེ་བཞིན་དུ་སོགས་པའི་སྒྲས་ནི་རི་བྲགས་པ་དང་། ཁྱི་ར་བ་དང་། ཉ་ཤོར་

བ་ལ་སོགས་པའོ། །ཇི་ལྟ་བུ་ཞེ་ན། གསོད་དོན་དོན་གཉེར་སེམས་པ་རྣམས། །ཞེས་བྱ་བ་ལ། གསོད་པའི་དོན་སྲོག་གཅོད་པས་དོན་ནི་བདག་ཉིད་འཚོ་བ་སེམས་པ་ནི་བྱ་བ་བྱེད་པའོ། །དེ་རྣམས་ཀྱང་ཐེག་མཆོག་འདི་ལ་ཞེས་པ་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་ལས་ཕུལ་

དུ་བྱུང་བའི་ཐེག་པ་ཆེན་པོ་འདི་ལ་སྤྱོད་པ་རྣམ་པ་གསུམ་གྱི་གཞིར་གྱུར་པས་བླ་ན་མེད་པ་ནི་མངོན་པར་བྱང་ཆུབ་རྣམ་པ་གསུམ་སྦྱིན་པའི་ནུས་པ་དང་ལྡན་པ་ལ་འགྲུབ་པར་འགྱུར་བ་ནི་རྡོ་རྗེ་འཆང་ཆེན་པོའི་ས་ཐོབ་པར་འགྱུར་རོ། །མཚམས་མེད་པ་ནི་ལྔ་སྟེ། སོགས་པའི་སྒྲས་ནི་ཉེ་

བའི་མཚམས་མེད་པ་ལྔ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་རྟོག་པ་ཉོན་མོངས་པ་ཡིན་ནོ་ཞེས་དེ་བཞིན་དུ་སྡིག་པ་ཆེན་པོར་བྱེད་པ་ནི་དཀོན་མཆོག་གསུམ་གྱི་རྫས་འཕྲོགས་པའི་སེམས་ཅན་རྣམས་ཀྱང་སྔ་མ་བཞིན་དུ་རྣམ་པ་གསུམ་གྱི་སྤྱོད་པ་གཙོ་བོར་གྱུར་པའི་སྔགས་ཀྱི་

เล่ม ๒๙ · หน้า 81b

ཐེག་པ་ཆེན་པོ་ལ་བརྟེན་ཏེ། བྱང་ཆུབ་ཆེན་པོ་འགྲུབ་པར་བྱེད་པ་སྟེ། སྤྱོད་པའི་མཐུ་བརྟན་པ་ཡིན་ནོ། །དེ་ནི་སྒྲུབ་པའོ། །ཡང་ན་རིགས་ངན་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འཁོར་བའི་དགོན་པར་བཞག་ཅིང་དམྱལ་བའི་རལ་གྲིས་སེམས་ཅན་རྣམས་གསོད་པའི་ཕྱིར་

རོ། །སྨྱིག་མ་མཁན་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། ཉོན་མོངས་པ་བཞིའི་མཚོན་ཆས་འགྲོ་བའི་ཕྱུགས་གསོད་ཅིང་ཟ་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་རི་དྭགས་པ་དང་ཁྱི་ར་བ་དང་ཤོར་བ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་སྟེ། ཡུལ་

ལ་སོགས་པའི་ཟ་བ་སྦྱིན་པ་ཙམ་གྱིས་སེམས་ཅན་རི་དྭགས་དང་ཉ་རྣམས་གསོད་པའི་ཕྱིར་རོ། །དེ་རྣམས་གསོད་དོན་ནི་ཡེ་ཤེས་གསུམ་སྟེ། དེ་རྣམས་ཀྱི་ཡང་དོན་ནི་འོད་གསལ་བ་སྟེ། དེ་གསལ་བ་ནི་འོད་གསལ་བའི་གོ་འཕང་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་འགྲུབ་

པར་འགྱུར་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །ཐེག་པ་མཆོག་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །མཚན་མ་མེད་པ་ནི་སྨིག་རྒྱུ་ལ་སོགས་པ་མཚན་མ་ལྔ་སྟེ། དེ་འདས་མ་ཐག་ཏུ་དེ་ཁོ་ན་ཉིད་

ཐོབ་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་དུས་མཚམས་དང་མཚན་མོ་དང་ཉིན་མོའི་རང་བཞིན་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། སེམས་ཅན་ནི་རྣམ་པར་རྟོག་པ་དང་བཅས་པའོ། །དེ་ཉིད་ཀྱི་ཕྱིར་སྡིག་པ་ཆེན་

པོ་ནི་སྐྱེས་པ་འོད་གསལ་བའི་སྣང་བ་དགའ་བའི་ངོ་བོ་ཡེ་ཤེས་ཀྱིས་མི་སྣང་བར་བྱེད་པ་གང་ཡིན་པ་དེ་ནི་སྡིག་པ་ཆེན་པོ་བྱེད་པ་སྟེ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་ལྟ་བུས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་བྱེད་པའོ་ཞེས་སྟོན་ཏོ། །དེ་ནི་མངོན་པར་བྱང་

ཆུབ་ཀྱི་རིམ་པའོ། །སྔགས་ཀྱི་ཐེག་པ་ཆེན་པོ་ལ་བརྟེན་པའི་སྤྱོད་པས་ཐམས་ཅད་འགྲུབ་པར་འགྱུར་རམ་ཞེ་ན། སྙིང་ནས་སློབ་དཔོན་སྨད་པ་དག །ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་སེམས་དང་པོ་བསྐྱེད་པ་ནས་བརྩམས་ཏེ། རིག་པའི་དབང་ལ་སོགས་དབང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด