དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱུད་འགྲེལ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མ་ཛ་ཏནྟྲ་སྱ་ཏནྟྲ་ཊཱི་ཀཱ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๙ · หน้า 82a

བསྐུར་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཐེ་ཚོམ་མེད་པ་ཉིད་ཐོབ་ཅིང་ཤེས་རབ་ཀྱི་ཁྱད་པར་འདི་བདག་རང་ཡིན་ཏེ། བདག་གིས་ཐམས་ཅད་ཤེས་པས་འདིས་ཅི་བགྱིའོ་ཞེས། གང་གིས་བླ་མ་སྨོད་པ་དེ་ནི་སློབ་དཔོན་སྨོད་པ་དག་གོ། །དེ་རྣམས་གལ་ཏེ་རྣམ་པ་

གསུམ་གྱི་སྤྱོད་པ་ལ་བརྟེན་ཏེ་ནམ་ཡང་ཐེག་པ་འདི་ནི་སྔགས་ཀྱི་ཐེག་པ་ལ་འགྲུབ་པར་མི་འགྱུར་རོ། །གང་གི་ཕྱིར་དེས་ནི་དེ་ཉིད་ལས་དམ་ཚིག་བླངས་ཏེ། ཁྱོད་ཀྱིས་བདག་ནི་སྨོད་པར་མི་བྱའོ། །དཀའ་བ་མ་སྤངས་པས་དུས་བྱས་ཏེ་ཁྱོད་དམྱལ་བར་ལྟུང་ང་རེ། དེ་ལྟ་བུ་

ཡང་ཁས་བླངས་ནས། གལ་ཏེ་དེ་བཞིན་དུ་བྱེད་ན་དེའི་ཕྱིར་དེ་ལ་རང་གི་ངག་གིས་དངོས་གྲུབ་ཉམས་པར་འགྱུར་རོ་ཞེས་དགོངས་པའོ། །དེ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་དང་སློབ་དཔོན་ཐ་མི་དད་པར་རྒྱུད་འདི་ཉིད་ལ་ལེའུ་བཅུ་བདུན་པ་ལས་འཆད་པར་འགྱུར་བ་སྟེ། ཁོ་བོ་ཅག་

སངས་རྒྱས་ལ་ཕ་ཡིན་པ་དང་མ་ཡིན་པའོ་ཞེས་གསུངས་སོ། །དེ་བཞིན་དུ་གདན་བཞི་ལས་ཀྱང་། སློབ་དཔོན་ལ་ནི་ཡོན་ཏན་སྨྲ། །སྐྱོན་ནི་ནམ་ཡང་མ་ཡིན་ཏེ། །སངས་རྒྱས་ཐམས་ཅད་སྨད་པ་ཡིས། །དེས་ནི་རྟག་ཏུ་སྡུག་བསྔལ་ཐོབ། །ཚ་དང་སྦྱར་དུག་དུག་ནད་དང་། །

མཁའ་འགྲོའི་ཆོམ་རྐུན་བགེགས་རྣམས་ཀྱིས། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་དམྱལ་བར་ལྟུང་བའོ། །ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་སྨོད་པ་རྣམས་ལ་འབྲས་བུ་ངན་པ་བསྟན་པ་སྟེ་སྒྲུབ་པའོ། །ཡང་ན་སློབ་དཔོན་ནི་རྡོ་རྗེ་འཆང་ཆེན་པོ་འོད་

གསལ་བ་སྟེ། དེ་ཐོབ་ནས་གློ་བུར་དུ་བྱུང་བའི་ང་རྒྱལ་གྱི་སྐྱོན་གྱིས་དེ་ཉིད་སྤངས་ཏེ། གང་ཞིག་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་བསྐྱེད་པའི་རིམ་པ་ལ་བརྟེན་ནས་གནས་པ་དེ་ནི། སྙིང་ནས་སློབ་དཔོན་སྨོད་པ་དག །ཅེས་པ་ནི་རྟོག་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་

འགྲུབ་པར་མི་འགྱུར་བ་ནི་འོད་གསལ་བའི་གོ་འཕང་ཐོབ་པར་མི་འགྱུར་ཏེ། རྣམ་པར་རྟོག་པ་ཉིད་དུ་དུས་ཟད་པའི་ཕྱིར་རོ། །རབ་ཏུ་བྱེད་པ་ལས་ཀྱང་། ཟླ་བའི་དཀྱིལ་འཁོར་འདྲ་བར་ནི། །རང་གི་སེམས་ནི་བལྟ་བར་བྱ། །གལ་ཏེ་ཟླ་བ་ལ་དམིགས་ནས། །རྡོ་རྗེ་མཚན་

เล่ม ๒๙ · หน้า 82b

མ་རྟོག་པར་བྱེད། །བསྐྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས། །རྡོ་རྗེ་ལ་སོགས་ཐབས་སྟོན་ཡིན། །ཟླ་རྡོ་རྗེ་སོགས་སྦྱོར་བ་ཡིས། །སེམས་དང་སེམས་བྱུང་ཡང་དག་ཕྲད། །ཐབས་དང་ཤེས་རབ་ཀུན་སྦྱོར་བས། །ལྷ་ཡི་སྐུ་ནི་བསྐྱེད་པར་འགྱུར། །ཕྱག་རྒྱ་བཞི་

པོས་རྒྱས་བཏབ་ཅིང་། །ལྷ་ཡི་ང་རྒྱལ་འཛིན་པ་སྟེ། །བསྐྱེད་རིམ་རྣལ་འབྱོར་དང་ལྡན་པའི། །རྣལ་འབྱོར་པ་ཡིས་རྟག་ཏུ་སྤྱོད། །དཔལ་ལྡན་འདུས་པ་ལ་སོགས་ལས། །དེ་དང་དེར་ནི་རྒྱ་ཆེར་གསུངས། །ཇི་སྲིད་བསྒོམ་པའི་རྣལ་འབྱོར་འགྱུར། །དེ་སྲིད་ལས་ནི་

དང་པོ་ལ། །དེ་ནི་ཡོངས་སུ་རྫོགས་པ་ཡི། །རྣལ་འབྱོར་ཡང་ནི་བརྟན་པར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ་བསྐྱེད་པའི་རིམ་པའོ། །དེ་བཞིན་དུ་ཨཱ་ཞེས་པ་ནི་སྣང་བ་མཐའ་ཡས་དང་མི་བསྐྱོད་པ་དང་དོན་ཡོད་གྲུབ་པ་སྟེ་གསུམ་མོ། །ཛ་ཞེས་པ་ནི་རྣམ་པར་སྣང་མཛད་

དོ། །རྒྱ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་རྣམས་ཀྱི་ངོ་བོ་རིན་ཆེན་ལྔ་སྟེ། བཤང་བ་ལ་སོགས་པ་བདུད་རྩི་ལྔའོ། །དེ་རྣམས་སྨད་པ་ནི་ཉན་ཐོས་པ་དང་ཕ་རོལ་པ་རྣམས་སོ། །དེ་དག་བླང་ཞིང་སྤྱོད་ནས་ཕྱི་ནས་ཀྱང་སྣང་བའོ། །དེ་ཉིད་ཀྱི་ཕྱིར་འགྲུབ་པར་མི་འགྱུར་བ་ནི་འཇིག་རྟེན་དང་

འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལས་ཉེ་བར་མི་འགྱུར་རོ་ཞེས་སྟོན་ཏོ། །དམ་ཚིག་རྣམས་ནི་མི་སྦྱོར་བས། །ཞེས་བྱ་བའི་རྩ་བའི་ལྟུང་བ་ཐོབ་པའི་ཕྱིར་རོ། །དེ་ནི་སྒྲུབ་པའོ། །ད་ནི་སྤྲོས་པ་དང་བཅས་པ་བཤད་པར་བྱ་སྟེ། སྲོག་གཅོད་པའི་སེམས་ཅན་གང་ཞེས་བྱ་བ་ལ་

སོགས་པ་ལ། སྲོག་གི་ཉེ་བར་མཚོན་པའི་ལུས་ནི་སྲོག་སྟེ། དེ་ཉིད་གཅོད་པ་ནི་ཐ་མལ་པའི་ངོ་བོ་སྤངས་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་དུ་བྱ་བའོ། །སྨྲ་བ་ནི་ངག་སྟེ་དེ་ཉིད་ཀྱང་ཐ་མལ་པའི་བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་བརྗོད་པའི་ངོ་བོ་སྟེ། དེ་ལ་བརྫུན་དུ་བྱེད་པ་ནི་

དེ་ཉིད་ཀྱི་ངོ་བོ་སྤངས་ལ་སྣང་བ་མཐའ་ཡས་ཉིད་དུ་བྱའོ། །གཞན་གྱི་ནོར་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཡིན་ཏེ། དེ་ཉིད་འཕྲོག་པས་སྣ་ཚོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ལྡོག་པ་ནི་མི་བསྐྱོད་པ་ཉིད་དུ་བྱ་བ་ལ་ཆགས་པའོ། །གང་ཞིག་རྣལ་འབྱོར་པ་

เล่ม ๒๙ · หน้า 83a

རྣམས་ཐ་མལ་པའི་ལུས་ངག་ཡིད་སྟོང་པ་ཉིད་ལ་ཞུགས་ཏེ། ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་དེ་བཞིན་གཤེགས་པའི་ཕྱག་རྒྱའི་ངོ་བོ་ཉིད་དུ་བྱེད་པའོ། །དེ་བཞིན་དུ། རྟག་ཏུ་འདོད་པ་སྤྱད་གང་དང་། །ཞེས་བྱ་བ་ལ། འདོད་པར་

བྱ་ཞིང་སྤྱོད་པས་ན་འདོད་པ་སྟེ། ལྷ་མོ་སྤྱན་ལ་སོགས་པ་དང་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །དེ་དག་སྤྱད་པ་ནི་སྔར་བཤད་པའི་རིམ་པས། སུམ་བརྩེགས་ལ་སོགས་པའི་རོལ་པའི་ཁང་པར་གནས་ཤིང་། སྣ་ཚོགས་པའི་མེ་ཏོག་ལ་སོགས་པས་བརྒྱན་པའི།

རྡོ་རྗེ་རྣལ་འབྱོར་མ་དང་ལྷན་ཅིག་ཏུ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ཉམས་སུ་མྱོང་ཞིང་བྱང་ཆུབ་སྒྲུབ་པར་བྱེད་པའོ། །དེ་བཞིན་དུ་བཤང་གཅི་ཟས་སུ་ཟ་བ་ནི་ཕན་ཚུན་བདུད་རྩི་ལྔ་ཉེ་བར་སྤྱོད་པ་སྟེ། སྦྱང་བ་ལ་སོགས་པའི་རིམ་པས་སོ། །དེ་རྣམས་ཀྱང་སྣོད་དུ་གྱུར་པ་ནི་སྣོད་དུ་

གྱུར་པའོ། །གང་གི་ཞེ་ན་བསྒྲུབ་པ་ཡི། །ཞེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །དེ་བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་སྟེ། སྤྲོས་པ་དང་བཅས་པའི་སྤྱོད་པའོ། །དེ་བཞིན་སྲོག་ཅེས་བྱ་བའི་རླུང་སྟེ། སྙིང་ག་ནས་ལངས་ནས་ཁ་དང་སྣ་དག་ལས་འབྱུང་བའོ། །དེ་ལྟ་

བུའི་འཁོར་བར་ལྟུང་བར་བྱེད་པའི་རྣལ་འབྱོར་པ་བཅུ་གཅོད་པར་བྱེད་པ་ནི་རྡོ་རྗེ་བཟླས་པའི་རིམ་པས་འོད་གསལ་བའི་གོ་འཕང་ལ་ཞུགས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་སྲོག་གཅོད་པའོ། །དེ་བཞིན་དུ་སྨྲ་ཞིང་བསྟན་པ་ནི་བརྒྱ་དྲུག་ཅུའི་དབྱེ་བས་གང་ཞིག་དེ་ནི་སྨྲ་བ་སྟེ། རང་བཞིན་

རྣམས་སོ། །དེ་རྣམས་བརྫུན་དུ་བྱེད་པ་ནི་སྤོང་བ་ལ། གང་ཞིག་དགའ་བ་ནི་ཆགས་པ་སྟེ། སེམས་རྣམ་པར་དག་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །གཞན་གྱི་ནོར་ནི་འོད་གསལ་བ་སྟེ། དེ་ཉིད་འཕྲོག་པ་ནི་དེ་ལས་ཅིག་ཅར་དུ་སྒྱུ་མའི་སྐུ་བླང་བ་སྟེ། གཞན་གྱི་ནོར་འཕྲོག་

པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་བཞིན་དུ་རྟག་ཏུ་ནི་དུས་མཚམས་དང་། མཚན་མོ་དང་ཉིན་མོའི་དབྱེ་བས་སོ། །འདོད་པ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་པ་རྣམས་ལ་སྤྱོད་པ་ནི་རྣམ་པར་དག་པར་

เล่ม ๒๙ · หน้า 83b

བྱེད་པ་ལ་ནུས་པ་དང་ལྡན་པ་སྟེ། མངོན་པར་བྱང་ཆུབ་ཀྱི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་བཞིན་དུ་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་ལ་དམིགས་ཏེ། གང་ཞིག་འཇིག་རྟེན་ལ་གྲགས་པའི་བཤང་གཅི་དང་རྫས་ཐ་མི་དད་པར་ཤེས་པ་དེ་ནི་བཤང་གཅི་ཟས་

སུ་ཟ་བ་སྟེ། ཡོངས་སུ་རྫོགས་པའི་ཟུང་འཇུག་གི་རིམ་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་སྒྲུབ་པ་འདི་ལ་རྣམ་པ་གསུམ་གྱི་སྤྱོད་པ་བརྟན་པར་བྱེད་པའི་ཐེག་པ་ལ་འགྲུབ་པར་འགྱུར་བ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བ་ཞིག་སློབ་བཞིན་མ་ཡིན་པར་འགྲུབ་པོ། །རབ་ཏུ་བྱེད་པ་

ལས་ཀྱང་ཟུང་འཇུག་ཏིང་ངེ་འཛིན་ལ་གནས་ནས། སླར་ནི་གང་ལའང་མི་སློབ་པོ་ཞེས་འབྱུང་སྟེ། རྡོ་རྗེའི་བཟླས་པ་དང་། སེམས་རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་འཇུག་གི་རིམ་པ་རྣམས་སོ། །སྤྲོས་པ་དང་

བཅས་པའི་སྤྱོད་པ་བསྟན་ནས་སྤྲོས་པ་མེད་པའི་སྤྱོད་པ་བཤད་པའི་ཕྱིར། མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ནི་ལྷ་མོ་སྤྱན་གྱི་རང་བཞིན་ནོ། །སྲིང་མོ་ནི་མཱ་མ་ཀཱིའི་རང་བཞིན་ནོ། །བུ་མོ་ནི་གོས་དཀར་མོའི་རང་བཞིན་ནོ། །ངང་གི་སྒྲས་ནི་ལྷ་མོ་སྒྲོལ་མའི་རང་

བཞིན་ཚ་མོ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱ་མ་དེ་རྣམས་བླངས་ལ་ནགས་ཚལ་ལ་སོགས་པར་འབྲས་བུ་ལ་སོགས་པ་ཅི་སྙེད་པ་ཟ་ཞིང་། དེ་ཉིད་མཉེས་པར་བྱས་ནས། སྒྲུབ་པ་ནི་རིག་མའི་བརྟུལ་ཞུགས་ཅན་རྣལ་འབྱོར་པས་དངོས་གྲུབ་རྒྱ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་

ཐོབ་པའོ། །ཐེག་པ་ཆེན་པོ་ནི་ནགས་ཚལ་དུ་མཆོག་ནི་རྫུ་འཕྲུལ་གྱི་ཁྱད་པར་ཅན། ཆོས་ནི་སྤྱོད་པ་གང་ལ་ཡོད་པ་དེ་ནི་ཐེག་ཆེན་མཆོག་གི་ཆོས་ཉིད་དེ། ནགས་ཚལ་གྱི་ལྷ་མོ་རྣམས་སོ། །དེ་རྣམས་ལ་བཟའ་བ་རྙེད་ནས་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་གྱུར་པ་སྟེ།

རྫོགས་པའི་རིམ་པ་དང་སྒྲུབ་པ་དག་གོ། །ཡང་ན་མ་ནི་ལྐོག་མའི་དཀྱིལ་འཁོར་རོ། །སྲིང་མོ་ནི་སྙིང་གའི་དཀྱིལ་འཁོར་རོ། །བུ་མོ་ནི་ལྟེ་བའི་དཀྱིལ་འཁོར་རོ། །ངང་གི་སྒྲས་ནི་ཚ་མོ་ཡིན་ཏེ་གསང་བའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེ་དག་གང་གིས་མཉེས་པ་ནི་དམར་པོ་

เล่ม ๒๙ · หน้า 84a

ལ་སོགས་པའི་འོད་ཟེར་གྱིས་ཏིང་ངེ་འཛིན་གྱི་ནང་གི་བདག་ཉིད་ཀྱི་དུས་ལ་གོམས་པར་བྱེད་པ་དེས་ནི་དངོས་གྲུབ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་དང་། རྒྱ་ཆེན་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཐེག་ཆེན་ནི་གཡོན་དང་གཡས་ཀྱི་སྣ་ཁུང་

གཉིས་སོ། །དེ་ཉིད་ཀྱི་མཆོག་གི་ཆོས་ནི་གཡས་པ་ལ་སོགས་པའི་དབྱེ་བའི་སྤྲོ་བ་སྟེ་དེ་ལས་ཐོབ་པར་འགྱུར་ཏེ་རྡོ་རྗེའི་བཟླས་པའི་རིམ་པའོ། །ཡང་ན་མ་ནི་ཆོས་ཀྱི་སྐུའོ། །སྲིང་མོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བུ་མོ་ནི་སྤྲུལ་པའི་སྐུའོ། །སྒྲུབ་པ་པོས་ནི་རྣལ་འབྱོར་

པས་སྟོང་པ་ཉིད་དང་། དབུས་ཀྱི་གཙོ་བོ་དང་། དཀྱིལ་འཁོར་པའི་རྣམ་པས་སྐུ་གསུམ་གྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་གང་གིས་མཉེས་པ་ནི་སྒོམ་པར་བྱེད་པའོ། །དེས་དངོས་གྲུབ་རྒྱ་ཆེན་ཏེ་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཐེག་ཆེན་ནི་སྟོང་པ་ཉིད་དོ། །

མཆོག་ནི་ཟླ་བ་དང་རྡོ་རྗེ་ས་བོན་བཀོད་པའོ། །ཆོས་ནི་སྐུ་རྫོགས་པ་ལ་སོགས་པའི་བསྒོམ་པའོ། །དེ་ལྟ་བུ་གྲུབ་པར་བྱའོ་ཞེས་སྟོན་ཏེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྣམས་དང་སྤྲོས་པ་མེད་པའི་སྤྱོད་པའོ། །ཤིན་ཏུ་

སྤྲོས་པ་མེད་པའི་སྤྱོད་པ་བཤད་པར་བྱ་བའི་ཕྱིར། སངས་རྒྱས་གཙོ་བོའི་ཡུམ་དག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་ཡེ་ཤེས་ཀྱི་ཕྱག་རྒྱ་མའོ། །དེ་ཉིད་གཙོ་བོ་ནི་སྙིང་ག་ལས་སྤྲོས་ཏེ། མཉེས་པར་

བྱས་པ་ནི་རྫོགས་པའི་རྣལ་འབྱོར་པས་བསྒོམ་ཞིང་མི་གོས་པ་ནི་རྣམ་པར་རྟོག་པའི་དྲི་མ་རྣམས་ཀྱིས་མི་རེག་པའོ་ཞེས་སྟོན་ཏོ། །དེ་ལྟ་བུ་བསྒོམ་པའི་རྣལ་འབྱོར་པས་སངས་རྒྱས་འགྲུབ་པར་འགྱུར་བ་ནི་མངོན་པར་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། རྣམ་པར་

མི་རྟོག་ཅེས་པ་ནི་སྔ་མ་བཞིན་དུ་གཉིས་སུ་མེད་པའི་བསྒོམ་པ་ལ་གནས་པས་སོ། །ཁྱི་ལ་སོགས་པ་ལས་ཁྱད་པར་བསྟན་པར་བྱ་སྟེ། བློ་ཅན་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བསྒོམ་པ་ལ་སོགས་པ་དང་ལྡན་པ་སྟེ། ཤེས་རབ་དང་བཅས་པས་སོ་ཞེས་སྟོན་ཏོ། །དེས་ནི་འདི་

เล่ม ๒๙ · หน้า 84b

བཤད་པ་ཡིན་ཏེ། གཙང་བ་དང་མི་གཙང་བ་ལ་སོགས་པའི་རྟོག་པ་སྤངས་པའི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་རང་གི་སྙིང་ག་ལས་རྣལ་འབྱོར་མ་སྤྲོས་ཏེ། གཉིས་སུ་མེད་པའི་སྤྱོད་པས་རྣམ་པར་རྟོག་པ་མེད་ཅིང་བསམ་གཏན་གྱི་བཟའ་བ་ཅན་དེ་སྲིད་དུ་བསྒོམ་པར་བྱ་

སྟེ་ཇི་སྲིད་དུ་མངོན་པར་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འགྱུར་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །ཡང་ན་སངས་རྒྱས་ནི་ཁ་ཕྱེ་བའི་པདྨའོ། །ཡུམ་ནི་དེ་ཉིད་ཀྱི་རྩ་དབུས་མ་སྟེ་འདོད་པའི་གདུགས་སོ། །མཉེས་པར་བྱ་བ་ནི་དེ་ཉིད་

འགགས་ཤིང་བྱང་ཆུབ་ཀྱི་སེམས་འཛིན་ཏེ། མི་གོས་པ་ནི་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མས་རེག་པར་མི་འགྱུར་རོ། །རྣལ་འབྱོར་པ་དེས་ནི་སངས་རྒྱས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་འགྲུབ་པར་འགྱུར་བ་ནི་རྫོགས་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན་རྣམ་པར་མི་

རྟོག་པ་ཞེས་བྱ་བ་ལ། རྣམ་པར་རྟོག་པ་ནི་དཔེའི་ལྷན་ཅིག་སྐྱེས་པ་སྟེ་དེ་ལས་འདས་པས་སོ། །བློ་ནི་དཔེ་ལས་བྱུང་བའི་ལྷན་ཅིག་སྐྱེས་པ་སྟེ། དེ་ཉིད་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ། སྒྲུབ་པ་ཆེན་པོའི་རྣལ་འབྱོར་པས་སངས་རྒྱས་རྙེད་པར་མི་དཀའོ་ཞེས་ཚིག་གི་དོན་ཏེ་དེ་ནི་འབྲས་

བུའོ། །ཡང་ན་སངས་རྒྱས་ནི་ཁམས་གསུམ་པའོ། །ཡུམ་ནི་དེ་ཉིད་ཀྱི་ཡུམ་སྟེ་ཡི་གེ་བཞི་བཅུ་རྩ་དགུའི་བདག་ཉིད་ཡི་གེའི་ཕྱི་མའོ། །དེ་ཉིད་བུད་མེད་དང་སྐྱེས་པ་དང་མ་ནིང་གི་རང་བཞིན་གྱི་ཡི་གེ་གསུམ་གྱིས་ཉེ་བར་བསྡུས་ལ། མཉེས་པར་བྱ་བ་ནི་འཇུག་པ་ལ་སོགས་

པའི་རིམ་གྱིས་ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་བཟླས་པས་ངག་གི་བཟླས་པའི་མཚན་ཉིད་ཅན་གྱི་ཕྱི་རོལ་གྱི་རྣམ་པར་རྟོག་པ་རྣམས་ཀྱིས་གོས་པར་མི་འགྱུར་རོ། །ཇི་སྲིད་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ། །རྣམ་པར་སྣང་མཛད་ལ་སོགས་པའི་བཟླས་པའི་རིམ་པས་

འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་ཅེས་པ་ནི་ཡན་ལག་མ་ཉམས་པའི་བཟླས་པས་སོ། །བློ་ཅན་ནི་ཉིན་མོ་དང་མཚན་མོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བཟླས་པས་སོ་ཞེས་སྟོན་ཏོ། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །ཡང་ན་སངས་རྒྱས་ནི་རྣམ་

เล่ม ๒๙ · หน้า 85a

པར་ཤེས་པ་གསུམ་གྱི་ཡུམ་ནི་འོད་གསལ་བའི་རང་བཞིན་ཤེས་རབ་སྟེ། དེ་ཉིད་མཉེས་པར་བྱ་བ་ནི་རང་བཞིན་རྣམ་པར་དག་པའི་སྒོ་ནས་བསྒོམ་ཞིང་། མི་གོས་པ་ནི་རང་བཞིན་གྱིས་བྱས་པའི་སྐྱོན་གྱི་དྲི་མ་རྣམས་ཀྱིས་གནོད་པར་མི་འགྱུར་རོ། །ཇི་སྲིད་

རྣལ་འབྱོར་པ་དེས་སངས་རྒྱས་ནི་ཟླ་བའི་དཀྱིལ་འཁོར་གྱི་སྣང་བ་དང་། རྣམ་པར་མི་རྟོག་པ་ནི་ཉི་མའི་དཀྱིལ་འཁོར་གྱི་སྣང་བ་སྟེ། བློ་ཅན་ཞེས་པ་ནི་ཟླ་བ་དང་ཉི་མའི་སྣང་བ་མེད་པའི་འོད་གསལ་བའི་སྣང་བ་འགྲུབ་པར་འགྱུར་ཏེ། སེམས་རྣམ་པར་དག་པའི་རིམ་པའོ། །ཡང་

ན་སངས་རྒྱས་ཀྱི་ཡུམ་ནི་འོད་གསལ་བ་ཁོ་ནའོ། །དེ་མཉེས་པར་བྱ་བ་ནི་དེ་ཉིད་ལས་ཅིག་ཅར་དུ་སྒྱུ་མ་ལྟ་བུའི་སྐུ་སྤྲོས་པར་བྱས་ཤིང་། མི་གོས་པ་ནི་སྤྲོས་པ་དང་བཅས་པའི་བསྒོམ་པས་དབང་དུ་བྱ་བ་མ་ཡིན་ནོ། །འོན་ཀྱང་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་སྒྱུ་མའི་དཔེ་

བཅུ་གཉིས་ཀྱི་ལྷའི་སྐུ་ལ་དམིགས་ཏེ། ཁམས་གསུམ་པ་ཡང་དེ་ཉིད་ཀྱི་ངོ་བོར་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་རུས་པ་དང་ཤ་ལ་སོགས་པ་མེད་པའི་ཡེ་ཤེས་ཀྱི་སྐུ་རྣལ་འབྱོར་དེས་འགྲུབ་པར་འགྱུར་རོ། །རྣམ་པར་མི་རྟོག་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་

བསྒོམ་པ་དང་བྲལ་བས་སོ། །དེ་བཞིན་དུ་བློ་ནི་སྤྲོས་པ་མེད་པའི་ཤེས་རབ་སྟེ། དེ་ཉིད་གང་ལ་ཡོད་པ་དེ་ནི་བློ་ཅན་རྣལ་འབྱོར་པ་སྟེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་བཞིན་དུ་སངས་རྒྱས་ཡུམ་ནི་འདོད་ཆགས་ལ་སོགས་པ་སྤོང་བས་དེ་ཁོ་ན་ཉིད་བཞི་པའོ། །མཉེས་པར་

བྱ་བ་ནི་སྣང་བ་ལ་སོགས་པའི་རིམ་གྱིས་དེ་ཉིད་ལ་གོམས་པར་བྱས་ཤིང་། མི་གོས་པ་ནི་རྣམ་པར་རྟོག་པ་རགས་པ་རྣམས་ཀྱིས་བསྟེན་པར་མི་འགྱུར་རོ། །ཇི་སྲིད་སངས་རྒྱས་ཏེ་མངོན་པར་བྱང་ཆུབ་དེས་འགྲུབ་པར་འགྱུར་བ་ནི་བསྐྱེད་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་ནི་

རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང་ལྡན་པས་སོ། །བློ་ཅན་ནི་རྗེས་སུ་གཞིག་པའི་གཙོ་བོར་གྱུར་པའི་རྣལ་འབྱོར་པ་སྟེ་མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཡུམ་ནི་བདེན་པ་གཉིས་ཐ་མི་དད་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་ཏོ། །མཉེས་པར་བྱ་བ་ནི་

เล่ม ๒๙ · หน้า 85b

དེ་ཉིད་ལ་བརྟེན་ནས་མི་གོས་པ་ནི་བྲམ་ཟེ་གདོལ་མ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་རེག་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་མི་གནས་པའི་མྱ་ངན་ལས་འདས་པས་གྲུབ་པར་འགྱུར་རོ། །རྣམ་པར་མི་རྟོག་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །བློ་ནི་ཀུན་དུ་

འོད་ཀྱི་ས་སྟེ་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ་སངས་རྒྱས་ཀྱི་ས་ཐོབ་པའི་རྣལ་འབྱོར་པས་སོ་ཞེས་སྟོན་ཏེ། ཟུང་དུ་འཇུག་པའི་རིམ་པའོ། །དེ་བཞིན་དུ་ཡུམ་ནི་ཤེས་རབ་བོ། །སངས་རྒྱས་ནི་རྣལ་འབྱོར་པ་སྟེ་དང་པོའི་དོན་གྲུབ་པའོ། །གཙོ་བོ་ནི་གཉི་ག་ཡང་ཤིན་ཏུ་བསླབ་པའོ། །

མཉེས་པར་བྱ་བ་ནི་ཡང་དག་པར་སྦྱོར་བར་བྱས་ཤིང་། མི་གོས་པ་ནི་ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་མི་གཟུང་བའོ། །དེ་ལྟར་ན་བསྒྲུབ་བྱ་དང་སྒྲུབ་བྱེད་ཡང་དག་པར་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པས། ཉེ་བར་བསྒྲུབ་པ་ལ་སོགས་པའི་ཕྱི་མའི་བྱ་བ་

རྣམས་ཀྱི་སངས་རྒྱས་ནི་རྣམ་པར་མི་རྟོག་པ་ཉིད་དང་། བློ་ཅན་ནི་ངེས་པར་འབྱེད་པའི་ཤེས་རབ་དང་ལྡན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་ནི་རང་བཞིན་ནོ། །ཡུམ་ནི་པདྨའོ། །སངས་རྒྱས་ནི་རྡོ་རྗེའོ། །དེ་དག་མཉེས་པར་བྱ་བ་ནི་ཡང་དག་པར་སྦྱོར་ཞིང་མི་གོས་པ་ནི་

ཡིད་ཀྱིས་སྨོད་པར་མི་བྱའོ། །འགྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་དེ་རྒྱུའོ། །ཡུམ་ནི་ཡི་གེ་ཧཱུཾ་ངོ་། །སངས་རྒྱས་ནི་ཡི་གེ་ཕཊ་དོ། །དེ་དག་ཆར་རེངས་པའི་ཕྱིར་གཙོ་བོའོ། །མཉེས་པར་བྱ་བ་ནི་དེ་དག་དགོད་པ་སྔོན་དུ་འགྲོ་བའི་བསྐྱོད་པ་བྱས་ཤིང་མི་

གོས་པ་ནི་དགའ་བ་དང་བྲལ་བར་མི་བྱ་སྟེ་བྱང་ཆུབ་ཀྱི་སེམས་སྤྲོ་བར་མི་བྱའོ། །གཞན་ནི་སྔ་མ་བཞིན་དུའོ། །ཇི་སྐད་དུ། བྷ་གར་ལིངྒ་རབ་ཞུགས་ནས། །བྱང་ཆུབ་སེམས་གནས་འགྲོ་མི་བྱ། །དགའ་བ་དེ་ཉིད་འཁྲུགས་ནས་ནི། །སེམས་ནི་གང་ཞིག་བསྒོམ་པར་བྱ། །བྱང་

ཆུབ་ཀྱི་སེམས་སྤྲོ་བ་ནི། །ཇི་སྲིད་སྔགས་པས་མི་བྱ་སྟེ། །དགའ་སྐྱེས་བདེ་བ་གང་ཡང་རུང་། །དེ་སྲིད་རྒྱུན་མ་ཆད་པར་ཐོབ། །བདེ་བའི་ངོ་བོ་དེ་ཉིད་དང་། །ལྡན་ཞིང་མཆོག་དང་ཞི་བ་དང་། །བདག་ཉིད་རྟག་ཏུ་བསྒོམ་བྱས་ན། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །དངོས་གྲུབ་

เล่ม ๒๙ · หน้า 86a

ཐམས་ཅད་སྟེར་བའོ། །བྱང་ཆུབ་ཀྱི་སེམས་ལྷུང་འགྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་གྱུར་པས། །བླ་མེད་དངོས་གྲུབ་ག་ལ་ཡོད། །ཅེས་འབྱུང་ངོ་། །དེ་ནི་ལས་སོ། །ཡང་ན་སངས་རྒྱས་ནི་དབང་པོ་དང་ཡུལ་བཅུ་སྟེ། དེ་རྣམས་ཀྱི་

ཡུམ་ནི་དེ་དག་གི་རྣམ་པར་ཤེས་པ་རྣམས་སོ། །དེ་རྣམས་གསུམ་ཡང་དག་པར་སྦྱོར་བའི་རེག་པས་མཉེས་པར་བྱས་ཤིང་། མི་གོས་པ་ནི་རྣལ་འབྱོར་པ་དེ་ཕྱུགས་བཞིན་དུ་བཅིང་བར་མི་འགྱུར་ཏེ། ཕུལ་དུ་བྱུང་བའི་ཐབས་དང་ལྡན་པའི་ཕྱིར་ཏེ་སོ་སོར་སྡུད་པའོ། །

སངས་རྒྱས་ནི་དབང་པོ་དང་ཡུལ་རྣམས་སོ། །ཡུམ་ནི་དེ་རྣམས་གཅིག་ཏུ་བྱས་ནས། སངས་རྒྱས་ལྔའི་རང་བཞིན་དུ་མཉེས་པར་བྱ་བ་ནི་བསྒོམས་ཤིང་མི་གོས་པ་ནི་རིགས་མི་མཐུན་པའི་ཡིད་ལ་བྱེད་པ་གཟུང་བར་མི་བྱའོ། །གཞན་ནི་སྔ་མ་བཞིན་ཏེ་བསམ་གཏན་ནོ། །

སངས་རྒྱས་ནི་བྱང་ཆུབ་ཀྱི་སེམས་སོ། །ཡུམ་ནི་དེ་ཉིད་ཀྱི་ཐིག་ལེའོ། །གཙོ་བོ་ནི་སྣ་ཚོགས་པའི་ངོ་བོ་ཉིད་དོ། །མཉེས་པར་བྱ་བ་ནི་དེ་ཉིད་སྤྲོ་བའི་རིམ་པས་འགྲོ་བ་དང་འོང་བར་བྱས་ཤིང་རིགས་མི་མཐུན་པའི་རྣམ་པར་རྟོག་པ་རྣམས་མི་གོས་སོ། །གཞན་ནི་སྔ་མ་བཞིན་ཏེ་

སྲོག་དང་རྩོལ་བའོ། །སངས་རྒྱས་ཀྱི་ཡུམ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་བོ། །མཉེས་པར་བྱ་བ་ནི་ཤེས་རབ་དེ་ཉིད་ཀྱིས་རྡོ་རྗེའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འཛིན་ཏེ། མི་གོས་པ་ནི་གཡོ་བར་མི་འགྱུར་རོ། །གཞན་ནི་སྔ་མ་བཞིན་ཏེ་འཛིན་པའོ། །སངས་

རྒྱས་ནི་དེ་བཞིན་གཤེགས་པ་རྣམས་སོ། །ཡུམ་ནི་རིགས་ཀྱི་ལྷ་མོ་སྤྱན་ལ་སོགས་པ་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་ཁྲོ་བོ་རྣམས་སོ། །མཉེས་པར་བྱ་བ་ནི་དེ་རྣམས་ཐིག་ལེ་ལས་འགྲོ་བའི་དོན་དུ་སྤྲོས་ཏེ། དེའི་ཚེ་མི་གོས་པ་ནི་འབའ་ཞིག་པའི་སྟོང་པ་ཉིད་ཙམ་གྱི་རྣམ་པར་

རྟོག་པས་གཟུང་བར་མི་འགྱུར་རོ། །གཞན་ནི་སྔ་མ་བཞིན་ཏེ་རྗེས་སུ་དྲན་པའོ། །དེ་བཞིན་སངས་རྒྱས་ཀྱི་ཡུམ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་བསྡུ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་བྱས་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པ་

เล่ม ๒๙ · หน้า 86b

གཉིས་སུ་མེད་པ་སྲིད་པ་དང་ཞི་བ་རོ་གཅིག་པའི་ངོ་བོ་ལྷའི་སྐུའོ། །དེ་ཉིད་འགྲོ་བའི་དོན་སྣ་ཚོགས་མཛད་པའི་ནུས་པས་གཙོ་བོ་དེ་མཉེས་པ་ནི་དམིགས་པར་བྱེད་པའི་རྣལ་འབྱོར་པས་མི་གོས་པ་སྟེ་ཐ་མལ་པའི་བག་ཆགས་རྣམས་ཀྱིས་ཡང་འཁྲུལ་བར་མི་འགྱུར་རོ། །དེའི་ཚེ་

སངས་རྒྱས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་གནས་འགྲུབ་པར་འགྱུར་བ་ནི་མངོན་དུ་འགྱུར་རོ། །རྣམ་པར་མི་རྟོག་པ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། བློ་ཅན་ནི་ཤེས་རབ་ཆེན་པོ་དང་ལྡན་པ་སྟེ་ཏིང་ངེ་འཛིན་ཏོ། །དེ་ནི་དོན་ཡོད་གྲུབ་པའི་རྣལ་འབྱོར་རོ། །

སངས་རྒྱས་ནི་རྫས་ལྔའོ། །དེ་རྣམས་ཀྱི་ཡུམ་ནི་ཡི་གེ་གསུམ་མོ། །དེ་མཉེས་པ་ནི་སྦྱོང་བ་ལ་སོགས་པའི་དོན་དུ་དགོད་པས་ཐ་མལ་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་མི་བྱའོ། །བདུད་རྩི་ལྔ་སྤྱོད་པའི་རྣལ་འབྱོར་པ་དེ་ཉིད་ཀྱིས་སངས་རྒྱས་ནི་རྡོ་རྗེ་འཆང་ཉིད་འགྲུབ་པར་

འགྱུར་རོ། །གང་གི་ཚེ་ཞེ་ན། གལ་ཏེ་རྟོག་པ་ནི་གཙང་བ་དང་མི་གཙང་བ་ལ་སོགས་པར་མི་འགྱུར་རོ། །བློ་ཅན་ཞེས་པ་ནི་བློ་ནི་ཇི་བཞིན་བྱས་པའི་བསྒོམ་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ་དེས་སོ། །ཡང་ན་བློ་ནི་བསྐྱེད་པའི་རིམ་པ་ལ་སོགས་པ་དྲན་པ་སྟེ། དེ་གང་ལ་

ཡོད་པ་དེ་ནི་དེ་བཞིན་སྒྲུབ་པའོ། །འདིར་ནི་ལས་རྩོད་པར་བྱེད་དེ། བཤང་གཅི་ཟས་སུ་ཟ་བ་སྟེ། །ཞེས་གང་བཤད་པ་དེ་ནི་འཇིག་རྟེན་དང་འགལ་བ་སྤྱོད་པས་ཁྱི་དང་སྤྱང་ཀི་ལ་སོགས་པ་བཞིན་དུ་བྱིས་པའི་སྤྱོད་པར་རྣལ་འབྱོར་པ་ཐལ་བར་མི་འགྱུར་རམ་ཞེ་ན། སྨྲས་པ། ཐལ་

བར་མི་འགྱུར་ཏེ། གང་གི་ཕྱིར་རིགས་པས་རྟོགས་པའི་དངོས་པོ་རྣམས་གཙང་བ་ལ་སོགས་པ་མི་དམིགས་ཏེ། དེ་ལ་རེ་ཞིག་ཕྱི་རོལ་གྱི་དངོས་པོ་རྣམས་ནི་གཙང་བ་མ་ཡིན་ལ། མི་གཙང་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཁོ་བོ་ཅག་ལ་ཚད་མ་གཉིས་ཡོད་པ་སྟེ། མངོན་

སུམ་དང་རྗེས་སུ་དཔག་པ་དག་གོ། །དེ་ལ་མངོན་སུམ་དུ་ནི་རྣམ་པར་མི་རྟོག་པའི་རང་བཞིན་རང་གི་མཚན་ཉིད་ཙམ་འཛིན་པས་ཚུལ་འདི་ལྟ་བུ་མ་ཡིན་ཏེ། འདི་ནི་གཙང་བ་དང་འདི་ནི་མི་གཙང་བ་ཞེས་པའོ། །དེ་ལྟ་བུ་ཡིན་ན་མངོན་སུམ་དེ་ནི་རྣམ་པར་རྟོག་པ་དང་བཅས་

เล่ม ๒๙ · หน้า 87a

པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་རང་གི་མཚན་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འབྲང་བ་ཙམ་ཡིན་པའི་ཕྱིར་རོ། །ངེས་པའི་ཤེས་པས་རྟོགས་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་ངེས་པའི་ཤེས་པ་ནི་རང་གི་མཚན་ཉིད་ཙམ་ངེས་

པར་བྱེད་པ་ཡིན་གྱི། གཙང་བ་དང་མི་གཙང་བ་ལ་སོགས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་རང་གི་མཚན་ཉིད་ནི་ངོ་བོ་གང་གིས་མངོན་སུམ་དུ་སྣང་བ་ངོ་བོ་དེ་ཉིད་ཀྱིས་ངེས་པའི་ཤེས་པ་ནི་རྣམ་པར་གཞག་པའི་རྒྱུར་རིགས་ཏེ། གཞན་དུ་ན་བུམ་པ་སྣང་བའི་དུས་སུ་སྣམ་བུ་ངེས་

པར་ཐལ་བར་འགྱུར་རོ། །གཞན་ཡང་རེ་ཞིག་རྣམ་པར་མི་རྟོག་པ་ནི་ཚད་མ་གཙོ་བོར་རིགས་ཏེ། དེ་ནི་དེ་རྣམ་པར་གཞག་པའི་རྒྱུ་ཙམ་ཡིན་པའི་ཕྱིར་རོ། །གང་ཞིག་འདི་ནི་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་དེ་ནི་ཐོག་མ་མེད་པའི་བག་ཆགས་ཀྱིས་མནན་པའི་

རང་དབང་གི་རྣམ་པར་རྟོག་པར་བྱས་པ་ཡིན་གྱི། དངོས་པོ་ལས་སྐྱེས་པའི་ཤེས་པས་ནི་མ་ཡིན་ནོ། །གང་གི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་རྣམ་པར་གཞག་པ་ཡང་རྣམ་པར་རྟོག་པའི་དབང་གིས་དེ་རྣམ་པར་རྟོག་པ་དེ་ཡང་ཚད་མ་མ་ཡིན་ཏེ། བགྲེས་

པོ་རྣམས་ཀྱིས་གཏན་ལ་ཕབ་པའོ། །དེའི་ཕྱིར་མངོན་སུམ་གྱིས་ནི་གང་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་དབྱེ་བ་མི་བྱའོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ནི་མེད་པར་མི་འབྱུང་བའི་རྟགས་མཐོང་བའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་ཏེ། དུ་བ་དང་མེ་

བཞིན་དུའོ། །རྫས་རྣམས་ཀྱང་གཙང་བ་དང་མི་གཙང་བ་ལ་སོགས་པ་རྗེས་སུ་དཔག་ན་མེད་པར་མི་འབྱུང་བའི་རྟགས་ནི་གང་མི་མཐོང་བ་སྟེ། གང་གིས་འདི་ལྟར་རྣམ་པར་གཞག་པར་བྱ་བ་སྟེ། འདི་ནི་གཙང་བ་ཉིད་དང་འདི་ནི་མི་གཙང་བ་ཞེས་སོ། །འོ་ན་གང་ཞིག་

འདི་དྲི་ངན་པ་དང་མདོག་སེར་པོ་ལ་སོགས་པ་སྟེ། རྟགས་ཡོད་པ་མ་ཡིན་ནམ་ཞེ་ན། དྲི་ངན་པ་ནི་གཞན་རྣམས་སྒོག་པ་ལ་སོགས་པ་ཡོད་པ་སྟེ། འཁྲུལ་པ་ཅན་གྱི་རྟགས་ཡིན་ནོ། །སྒོག་པ་ལ་སོགས་པ་ནི་ཐམས་ཅད་ཀྱིས་བཟའ་བར་བྱ་བ་ཡིན་ནོ། །འོ་ན་དེར་ཡང་འདི་

เล่ม ๒๙ · หน้า 87b

ཉིད་རྩོད་པར་བྱ་བ་མ་ཡིན་ནམ་ཞེ་ན། དེ་སྐད་མ་ཟེར་ཅིག །བཅུད་ལེན་བསྒྲུབ་པའི་དུས་སུ་སྣ་ཚོགས་པའི་རྫས་ཀྱི་ཚོགས་བསྐོལ་ན་དྲི་ངན་པ་དང་བཟང་བ་དམིགས་པ་སྟེ། དེ་ཉིད་ཀྱང་མི་བཟའ་བར་ཐལ་བར་འགྱུར་རོ། །གཞན་ཡང་དྲི་ངན་པ་ནི་མི་གཙང་བའི་རྟགས་ཡིན་

པ་དང་། དྲི་བཟང་བ་ནི་གཙང་བའི་རྟགས་ཡིན་ན། དགུན་ཆང་ལ་ནི་དྲི་བཟང་བ་ཡོད་པ་སྟེ་བྲམ་ཟེ་རྣམས་ཅིའི་ཕྱིར་མི་འཐུང་སྟེ། འོན་ཀྱང་བཏུང་བ་ཉིད་དུ་ཐལ་བར་འགྱུར་རོ། །མདོག་སེར་པོ་ལ་སོགས་པ་མི་གཙང་བ་ལ་སོགས་པའི་རྟགས་མ་ཡིན་ཏེ། གསེར་ལ་

སོགས་པ་སེར་པོ་ཡིན་པས་རེག་པར་བྱ་བའི་ཕྱིར་གསེར་དེ་རྣམས་ནི་བྲམ་ཟེས་ཅིའི་ཕྱིར་བླང་། དེའི་ཕྱིར་འདི་ནི་ཐམས་ཅད་འཁྲུལ་པ་ཡིན་ནོ། །ཁོང་པའི་མེའི་རེག་པས་མི་གཙང་བ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་བའི་ཁོང་པའི་མེའི་རེག་པས་འོ་མ་ཡང་མི་བཏུང་བར་ཐལ་

བར་འགྱུར་རོ། །དྲོ་བའི་རེག་པ་དག་ནི་ཁོང་པའི་མེའི་རེག་པ་ཁོ་བོ་ཅག་མི་ཟེར་ཏེ། འོན་ཀྱང་སྐྱེས་པའི་སྨིན་མའི་གནས་སུ་སྨིན་པས་མི་གཙང་བ་ནི་བཤང་བ་ལ་སོགས་པ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་ཁྲག་དང་ཤུ་ཀྲ་དག་སྨིན་མའི་གནས་སུ་མི་སྨིན་པས་ཡས་ཅག་གིས་བཏུང་

བར་ཐལ་བར་འགྱུར་ཏེ་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །དེ་བས་ན་འཁྲུལ་པའི་རྟགས་མཐོང་བས་དངོས་པོ་ནི་གཙང་བ་དང་མི་གཙང་བ་ལ་སོགས་པ་མ་ཡིན་ནོ། །གཞན་ཡང་ཡས་ཅག་གིས་ནི་གཙང་བ་ཉིད་དུ་རྟོགས་པ་སྟེ། དེ་ལ་ནི་ཚད་མ་གང་ཡང་མི་དམིགས་ཏེ། དེ་

རྣམས་ཕྱུགས་ཡིན་པས་བཤང་བ་ལ་སོགས་པ་ཟ་བ་སྟེ། དེ་ལས་བྱུང་བའི་འོ་མ་ནི་བཏུང་བར་མི་འགྱུར་ཏེ། ཡས་ཅག་རྣམས་ཀྱིས་འདི་ལྟར་སྨྲ་བའི་ཚིག་ནི་འགལ་བ་ཡིན་ཏེ། བའི་པགས་པ་ལ་ཟླ་བ་བཏུང་བར་བྱ་བ་སྟེ་རོ་ནི་མི་རེག་པའི་ཕྱིར་རོ། །སྔགས་ཀྱིས་དག་པར་བྱས་པས་

སྐྱོན་མེད་དོ་ཞེ་ན། དེ་ལྟར་ཡིན་ན་སྔགས་ཀྱིས་དག་པར་བྱས་པའི་སྐྱེས་པའི་པགས་པ་ལ་ཡང་ཟླ་བ་བཏུང་བར་ཐལ་བར་འགྱུར་རོ། །འཇིག་རྟེན་ལ་མ་གྲགས་པ་ཡིན་ཞེ་ན། དེ་ལྟར་ཡིན་ན་འཇིག་རྟེན་ལ་གྲགས་པ་ཚད་མ་ཡིན་གྱི། རིག་བྱེད་ཀྱི་ངག་ནི་ཚད་མ་གང་ཡང་མ་

เล่ม ๒๙ · หน้า 88a

ཡིན་པས་དེའི་ཚེ་འཇིག་རྟེན་པས་ནི་བཙོང་བཟའ་བར་བྱེད་པ་སྟེ། དེ་ཡང་ཁྱེད་ཅག་རྣམས་ལ་ཚད་མར་ཐལ་བར་འགྱུར་ཏེ། འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །འཇིག་རྟེན་ལ་གྲགས་པ་དང་ལྡན་པའི་རིག་བྱེད་ཀྱི་ངག་ཚད་མ་ཡིན་ནོ་ཞེ་ན། དེ་ལ་གལ་ཏེ་

རིག་བྱེད་ཀྱི་ངག་ཚད་མ་ཡིན་ན། འཇིག་རྟེན་ལ་གྲགས་པས་ཅི་བགྱི་བའོ། །གལ་ཏེ་ཚད་མ་མ་ཡིན་ན་དེའི་ཚེ་ཡང་འཇིག་རྟེན་ལ་གྲགས་པས་ཅི་བགྱི་བའོ། །ལྷན་ཅིག་བྱེད་པ་ཙམ་ཡིན་ནོ་ཞེ་ན། ལྷན་ཅིག་བྱེད་པ་ནི་ཕན་པར་བྱེད་པ་ཡིན་ནམ་ཕན་པར་བྱེད་པ་མ་ཡིན་ཞེ་ན།

ཕན་པར་བྱེད་པ་ཡིན་ན་སྔར་བསྟན་པའི་སྐྱོན་འབྱུང་བར་འགྱུར་རོ། །ཕན་པར་བྱེད་པ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་བས་ན་རྟགས་མེད་དོ། །དེ་བཞིན་དུ་བྲམ་ཟེ་ལ་སོགས་པའི་རིགས་རྣམས་ཀྱང་བསྟན་ཏོ། །དེ་ལ་སྲོག་དང་། རིགས་དང་། ལུས་དང་།

ཤེས་པ་དང་། སྤྱོད་པ་དང་། འདུས་བྱས་པ་ནི་བྲམ་ཟེ་ནི་མ་ཡིན་ཏེ། སྲོག་ནི་བྲམ་ཟེར་མི་རིགས་ཏེ། དེ་ནི་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད་ཀྱི་དབུས་ནས་བརྩམས་ཏེ། སྲིད་པའི་རྩེ་མོའི་བར་དུ་མཚུངས་པ་ཡིན་པའི་ཕྱིར་ཁྱད་པར་མེད་དོ། །སྲོག་བྲམ་ཟེ་ཡིན་ན་བྲམ་

ཟེའི་ལུས་གསོད་པས་བྲམ་ཟེ་གསོད་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །རིགས་ནི་བྲམ་ཟེ་མ་ཡིན་ཏེ། རིགས་ནི་གསལ་བ་ལ་གནས་སམ་མི་གནས། གསལ་བ་ལ་གནས་པ་ཡིན་ན་གསལ་བ་བཞིན་དུ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། རིགས་དེ་ཡང་ཁྱེད་རྣམས་ནི་རྟག་

པར་འདོད་དོ། །གསལ་བ་མི་གནས་ན་གཞན་དུ་མི་དམིགས་ཏེ། རི་བོང་གི་རྭ་བཞིན་ནོ། །ལུས་ཀྱང་བྲམ་ཟེ་མ་ཡིན་ཏེ། རྐང་པ་དང་ལག་པ་ལ་སོགས་པ་དང་། ཤུ་ཀྲ་དང་ཁྲག་ལ་སོགས་པ་ནི་སྨེ་ཤ་ཅན་དང་མཚུངས་པའི་ཕྱིར་རོ། །སྐྲ་སེར་པོ་ལ་སོགས་པ་ཉིད་ནི་བྲམ་

ཟེའི་ལུས་ལ་འཁྲུལ་པ་ཅན་ཡིན་ཏེ། སྤྲེའུ་ལ་སོགས་པ་དེ་མཐོང་བའི་ཕྱིར་རོ། །རིག་བྱེད་ཀློག་པའི་ཤེས་པའི་མཚན་ཉིད་ཅན་བྲམ་ཟེ་ཉིད་ནི་མ་ཡིན་ཏེ། དམངས་རིགས་ལ་སོགས་པ་ཡང་དེ་ཤེས་པ་རྣམས་བྲམ་ཟེར་ཐལ་བར་འགྱུར་རོ། །ཁྲུས་དང་སྦྱིན་སྲེག་ལ་སོགས་

เล่ม ๒๙ · หน้า 88b

པའི་སྤྱོད་པའི་བྲམ་ཟེ་ཉིད་དུ་ཁས་བླངས་ནས། དེ་ནི་དེ་དང་ལྡན་པའི་དམངས་རིགས་ཀྱི་སྐྱེས་པ་ཡང་བྲམ་ཟེ་ཉིད་དུ་ཐལ་བར་འགྱུར་རོ། །དུས་བྱས་པ་ནི་སྒྲ་མཚམས་ཕྱེ་བ་ལ་སོགས་པའི་མཚན་ཉིད་ཅན་བྲམ་ཟེ་ཡིན་ན། རིགས་ངན་མོ་རྣམས་ཀྱང་དེ་བྱེད་པས་ན་བྲམ་ཟེ་

ཉིད་དུ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་བྲམ་ཟེ་ལ་སོགས་པའི་རིགས་འདི་རྣམས་ནི་རྟོག་པས་བྱས་པའི་ཐ་སྙད་ཙམ་ཡིན་ནོ། །གཞན་ཡང་ཁྱེད་རྣམས་ཀྱི་གྲུབ་མཐའ་འདི་ཡིན་ཏེ། སྐྱེ་དགུའི་བདག་པོ་ཚངས་པའི་སྤྱི་བོ་ལས་སྐྱེས་པ་བྲམ་ཟེ་རྣམས་སྐྱེས་པ་དང་། ལག་པ་

དག་ལས་རྒྱལ་རིགས་དང་། བརླ་ལས་རྗེ་རིགས་དང་། རྐང་པ་དག་ལས་དམངས་རིགས་སོ། །དེ་ལྟར་ཡིན་ན་བྲམ་ཟེ་མོ་གང་ལས་སྐྱེས། ཕྱི་རོལ་པ་ལ་སོགས་པ་ལས་སྐྱེས་ན་རིགས་གཞན་དུ་ཐལ་བར་འགྱུར་རོ། །སྤྱི་བོ་ནས་སྐྱེས་པ་ཡིན་ནོ་ཞེ་ན། དེ་ལྟར་ན་རིགས་

གཅིག་ལས་སྐྱེས་པའི་བྲམ་ཟེ་མོ་དག་ཕན་ཚུན་མིང་པོ་དང་སྲིང་མོ་ཡིན་ཏེ། གཞན་ཡང་བྲམ་ཟེའི་ཆུང་མ་ནི་བྲམ་ཟེ་མོ་ཡིན་ཏེ། རང་གི་རུས་ལ་འགྲོ་བར་ཐལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་དབྱེ་བའམ། རིགས་ཀྱི་དབྱེ་བ་དོན་

དམ་པ་མ་ཡིན་ནོ། །འོན་ཀྱང་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་པུ་བྲམ་ཟེ་ཁོ་ན་ཡིན་ཏེ། གང་གི་ཚངས་པའི་དེ་ཁོ་ན་ཉིད་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་མཚན་ཉིད་ཅན་མཁྱེན་པ་དང་སྟོན་པར་མཛད་པའོ། །དེ་ཉིད་ཀྱི་ཐེག་པ་ལ་ཞུགས་པའི་

དགེ་སློང་རྣམས་ཀྱང་བྲམ་ཟེ་ཡིན་ཏེ། རྟག་ཏུ་དགེ་བའི་ལས་སྤྱོད་པའི་ཕྱིར་ཏེ། ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །ད་ནི་རྣལ་མའི་དོན་དཔྱད་པར་བྱ་སྟེ། དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་ལ་སོགས་པ་ལ་སྒྲིབ་པ་ཐམས་ཅད་སེལ་བ་གཙོ་བོར་གྱུར་པའི་བྱང་ཆུབ་

སེམས་དཔའ་རྣམས་ནི་ས་བཅུའི་དབང་ཕྱུག་གོ། །ངོ་མཚར་དུ་གྱུར་པ་ནི་གདོལ་པ་ལ་སོགས་པ་རྣམས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་དང་། རྨད་དུ་གྱུར་པ་ནི་སྲོག་གཅོད་པ་རྣམས་བྱང་ཆུབ་ཐོབ་པར་ཐོས་སོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འཇོམས་པས་བཅོམ་

เล่ม ๒๙ · หน้า 89a

ལྡན་འདས་སོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉན་ཐོས་ལ་སོགས་པ་དང་། དེ་བཞིན་གཤེགས་པ་ལྔའི་བདག་པོ་ནི་སྟོང་པ་ཉིད་དུ་གྱུར་པ་ཡིན་ན་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་

སྤོང་བ་སྟེ། དེ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཚིག་ངན་པ་ནི་རིགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་གསུང་བ་ནི་ཤིན་ཏུ་གསལ་བར་སྟོན་པར་མཛད་པ་དེ་ནི་ངོ་མཚར་ཆེ་བ་ཡིན་ནོ་ཞེས་གསོལ་ཏེ་དེ་ནི་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་

ཆུབ་སེམས་དཔའི་ཚིག་གསན་ནས་དེ་རྣམས་ཀྱི་ཐེ་ཚོམ་སེལ་བར་མཛད་པའི་ཕྱིར་མི་བསྐྱོད་པ་ལ་སོགས་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་མཐོང་བ་ནི་བཀག་པ་ལའོ། །མའི་སྒྲ་ནི་ཡང་དང་ཡང་དུའོ། །དེས་ན་དོན་འདི་ཡིན་ཏེ། རིགས་ཀྱི་བུ་རྣམས་ཞེས་པ་ནི་དེ་

བཞིན་གཤེགས་པའི་རིགས་ལས་བྱུང་བའི་ཁྱེད་རྣམས་དེ་སྐད་མ་ཟེར་ཅིག །མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དྲུག་གི་རིགས་ལས་བྱུང་བའི་ཁྱོད་ཅག་གིས་ཀྱང་ཚིག་གི་དོན་དེ་ལྟ་བུ་མི་ཤེས་ན་གཞན་སུས་ཤེས་པ་སྟེ་གཏད་པའོ། །ཚིག་རྣམས་ཀྱི་དགོངས་

པ་དེ་ཉིད་གསུངས་པ་ཡིན་ཏེ། སྙིང་པོ་ཡེ་ཤེས་ཅན་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམ་པར་དག་པའི་ངོ་བོ་དེ་བཞིན་གཤེགས་པའི་ཆོས་ཉིད་འདི་ཡིན་ཏེ། གང་ཞིག་ཚིག་རྣམས་ཀྱིས་བརྗོད་པར་བྱ་བ་

ཐམས་ཅད་སྟོང་པ་ཉིད་དོ། །དག་པ་ཞེས་པ་ནི་ཐབས་ལ་མཁས་པས་ཀུན་དུ་བཟང་པོའོ། །སངས་རྒྱས་ཇི་ལྟ་བུ་ཞེ་ན། སྙིང་པོ་ནི་འོད་གསལ་བ་སྟེ། དེ་ཤེས་པས་ན་སྙིང་པོ་ཡེ་ཤེས་ཅན་ཏེ་དེ་རྣམས་ཀྱིའོ། །ཆོས་ཉིད་ཇི་ལྟ་བུ་ཞེ་ན། སྙིང་པོ་ཆོས་ཉིད་ནི་འོད་གསལ་བ་སྟེ།

དེའི་མཆོག་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ་དེ་ལས་འབྱུང་བའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་དམིགས་ཏེ། བསྟན་པ་འདི་རྡོ་རྗེ་སེམས་དཔས་མཛད་པའོ། །དེ་ཉིད་ཀྱི་ཕྱིར་བསྟན་པ་འདི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཞེས་པ་ལ། བྱང་ཆུབ་ནི་སྤྲོས་པ་དང་བཅས་

เล่ม ๒๙ · หน้า 89b

པའི་སྤྱོད་པའོ། །སྤྱོད་པ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །གནས་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ། དེ་རྣམས་ཀྱི་རང་བཞིན་ཡིན་པས་མངོན་པར་བྱང་ཆུབ་པ་རྣམ་པ་གསུམ་སྟེར་བར་བྱེད་པའོ་ཞེས་ཚིག་གི་ལྷག་མའོ། །དེ་ནི་སེམས་རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་

བརླབ་པའི་རིམ་པ་དང་སྒྲུབ་པ་རྣམས་སོ། །ཡང་ན་སངས་རྒྱས་ནི་ཡན་ལག་བཅུ་གཉིས་པའི་ཆོས་ཀྱི་གསུང་རབ་མཁྱེན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་ནི་རྟོགས་པར་བྱ་བའི་དོན་བསྟན་པའོ། །དག་པ་ནི་གསལ་བའོ། །སངས་རྒྱས་ནི་ཇི་ལྟ་བུ་ཞེ་ན།

སྙིང་པོ་ནི་འགྲོ་བའི་སེམས་ཏེ། དེ་མཁྱེན་པས་ན་སྙིང་པོ་ཡེ་ཤེས་ཅན་ནོ། །ཆོས་ཉིད་ཇི་ལྟ་བུ་ཞེ་ན། སྙིང་པོའི་ཆོས་ནི་ཚིག་སྟེ་དེ་ཉིད་ཀྱི་མཆོག་ནི་བརྗོད་པར་བྱ་བའི་དོན་དེ་ལས་བྱུང་བ་ནི་སྐྱེས་པ་སྟེ། རྟོགས་པར་བྱ་བའི་དོན་བསྟན་པ་ནི་བྱང་ཆུབ་སྤྱོད་པ་ནི་རྣམ་པ་གསུམ་གྱི་

སྤྱོད་པས་བསྒོམ་པར་བྱས་ན། གནས་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་ཚིག་གི་དོན་ཏོ། །དེ་ནི་རྫོགས་པའི་རིམ་པའོ། །འདིར་ནི་སྒྲ་བརྗོད་པས་བུམ་པ་ལ་སོགས་པ་བཞིན་དུ་ལྟོ་བ་ཆེ་བའི་རྣམ་པའི་མཚན་ཉིད་ཅན་དོན་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་རྗོད་

པར་བྱེད་པའི་བརྗོད་བྱའི་མཚན་ཉིད་ཅན་གྱི་དོན་ཡིན་ནོ། །བརྗོད་བྱའི་དོན་ཤེས་ནས་དེ་ཉིད་ཀྱི་སྟོབས་ཀྱིས་དོན་གཞན་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་རྟོགས་པར་བྱ་བའི་དོན་ཡིན་ཏེ། དཔེར་ན་ཀྱེ་དགེ་སློང་འཇིགས་པ་མེད་ཅིང་སོང་ཤིག །གཙང་པོའི་ངོས་ལ་གནས་པའི་སེང་

གེས་ཁྱི་དེ་བསད་དོ་ཞེས་ཚིག་གི་དོན་དཔྱོད་ན་བརྗོད་བྱའི་དོན་འགྲོ་བའི་མཚན་ཉིད་ཅན་ཡིན་པ་དང་། རྟོགས་པར་བྱ་བའི་དོན་དཔྱོད་ན་འོན་ཀྱང་འགྲོ་བ་བཀག་པ་རྟོགས་པར་བྱ་བ་ནི། བརྗོད་བྱ་དང་རྟོགས་པར་བྱ་བའི་དོན་དག་ཐ་དད་པའོ། །ལྡོག་པའི་མཚན་ཉིད་ཅན་གྱི་དོན་ཡང་སྒྲ་རྣམས་

ཀྱིས་ཡོད་པ་སྟེ། དཔེར་ན་ཤིང་ཞེས་བྱ་བ་བརྗོད་ན་ཤིང་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཅན་གྱི་དོན་རྟོགས་པ་དེ། ཡི་གེ་དབྱངས་དང་སྒྲ་དག་ནི། །ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའི་ཕྱིར་རོ། །སྒྲ་ལ་ཡང་དོན་དུ་མ་སྟོན་པའི་ནུས་པ་ཡང་ཡོད་པ་སྟེ། གང་དང་གང་དོན་

เล่ม ๒๙ · หน้า 90a

བསྟན་པར་འདོད་པ་དེ་དང་དེ་གསལ་བར་འགྱུར་ཏེ། རྨ་བྱའི་སྒོ་ངའི་ཁུ་བ་བཞིན་དང་རྩངས་པ་བཞིན་ནོ། །དཔེར་ན་སྒྲ་གཅིག་པུ་གོ་ཞེས་བྱ་བ་ནི་དོན་བཅུ་སྟོན་པ་སྟེ། ངག་ཕྱོགས་ས་འོག་རྡོ་རྗེ་མདའ། །ཕྱུགས་མིག་མཐོ་རིས་ཆུ་རྣམས་ཏེ། །བློ་དང་ལྡན་

པས་དོན་བཅུ་ལ། །གོ་ཡི་སྒྲ་ནི་ངེས་པར་བརྗོད། །ཅེས་བྱ་བ་ནི་དོན་དུ་མ་བསྟན་པའི་ནུས་པའི་དཔེ་ཡིན་ནོ། །དེ་བས་ན་རྟོགས་པར་བྱ་བ་ནི་དོན་བསྟན་པ་གཟུང་བ་ཡིན་ན། ཀྱེ་བྱང་ཆུབ་སེམས་དཔའ་རྣམས་རྡོ་རྗེ་འཆང་ཆེན་པོ་ནི་རིམ་པ་ལྔ་ལ་སོགས་པའི་དོན་གཙོ་བོར་གྱུར་པ་

བསྟན་པ་སྟེ། ཁྱེད་རྣམས་ཀྱིས་འགལ་བའི་དོན་ཡིན་ནོ་ཞེས་རྟོགས་པར་མ་བྱེད་ཅིག །དེ་ནི་རྫོགས་པའི་རིམ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བརྗོད་ཀྱིས་མི་ལོང་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔའ་རྣམ་པར་སེལ་བ་ལ་སོགས་པའོ། །

འཇིགས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའི་དོན་ཐོས་ནས་ཅུང་ཞིག་རྣམ་པར་རྟོག་པ་ཟད་པའོ། །སྐྲག་པ་ནི་སྤྲོས་པ་མེད་པའི་སྤྱོད་པ་སྒོམ་པས་སེམས་རྩེ་གཅིག་པར་གྱུར་པའོ། །རྒྱལ་བར་གྱུར་པ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྒོམ་པས་རྣམ་པར་རྟོག་པ་མ་ལུས་

པ་མེད་ཅིང་། འོད་གསལ་བ་ཙམ་ལ་གཅིག་ཏུ་རྩོལ་བ་རི་བོ་བཞིན་དུ་མི་གཡོ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་པ་སྟེ། མངོན་པར་བྱང་ཆུབ་པ་དང་ཟུང་འཇུག་གི་རིམ་པ་དང་སྒྲུབ་པ་རྣམས་སོ། །དེ་ལྟར་བཅོམ་ལྡན་འདས་ཆེན་པོའི་བསྟན་པ་གསལ་བར་བྱེད་པའི་

དེ་བཞིན་གཤེགས་པའི་ཚིག་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་འོད་གསལ་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་འཁོར་གཟིགས་ཏེ། རྒྱུད་ཀྱི་ལེའུ་གཞན་བཤད་པའི་ཕྱིར་ཉན་པ་པོ་མེད་པས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་དབང་

ཕྱུག་བསྐུལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རྒྱལ་བར་གྱུར་པ་གཟིགས་པ་ནི་ཏིང་ངེ་འཛིན་ལ་ཞུགས་པར་གཟིགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ནི་བཅོམ་ལྡན་འདས་

เล่ม ๒๙ · หน้า 90b

རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སླང་བར་གསོལ་ཞེས་པ་ནི་དཔལ་གསང་བ་འདུས་པ་མ་རྫོགས་པས་བྱང་ཆུབ་སེམས་དཔའ་རྣམས་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་མཐུས་འོད་གསལ་བ་ལ་ཞུགས་པ་དེ་ནི་མི་རིགས་ཏེ། སེམས་ཅན་གྱི་དོན་མེད་

པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་རྣམས་བསླང་བར་གསོལ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པའོ། །གསོལ་བ་བཏབ་མ་ཐག་ཏུ་རྡོ་རྗེ་འཆང་ཆེན་པོས་ནམ་མཁའ་དང་མཉམ་པ་ནི་འོད་གསལ་བ་སྟེ། དེ་དང་གཉིས་སུ་མེད་

པ་ནི་དེ་ཉིད་ལས། ཅིག་ཅར་དུ་སྤྲོ་བའི་རྡོ་རྗེ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ལ་ཞུགས་སོ། །དེ་འདས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་འོད་ནི། འཇའ་ཚོན་དང་འདྲ་བས་བྱང་ཆུབ་སེམས་དཔའ་དེ་རྣམས་

ལ་རེག་པ་སྟེ། སྙིང་གར་ཞུགས་ཤིང་འོད་གསལ་བའི་ཏིང་ངེ་འཛིན་ལས་ལངས་ཏེ་སྒྱུ་མ་ལྟ་བུའི་སྐུ་འཛིན་པར་གྱུར་ཏོ། །རང་རང་གི་སྟན་ནི་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་གདན་ལ་འགྲོ་བའི་དོན་མཛད་པའི་ཕྱིར་རྒྱུད་ལྷག་མ་མཉམ་དུ་གནས་པར་གྱུར་པ་དེ་བདག་

ལ་བྱིན་གྱིས་བརླབ་པའི་རིམ་པའོ། །ཡང་རང་རང་གི་སྟན་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ་དེ་ལ་སེམས་ཅན་གྱི་དོན་མཛད་པའི་ཕྱིར། གནས་པར་གྱུར་ཏེ་དོན་དེ་ཉིད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྤྱོད་པའི་དོན་གཏན་ལ་དབབ་པའི་དེ་བཞིན་གཤེགས་པ་རྣམས་དང་།

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་སྟེ། ཇི་ལྟ་བུ་ཞེ་ན། ངོ་མཚར་དུ་གྱུར་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པས་སོ། །རྨད་དུ་གྱུར་པ་ནི་སྤྲོས་པ་མེད་པའི་སྤྱོད་པས་སོ། །དགྱེས་པར་ཁྱབ་པར་གྱུར་པ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་སོ། །ཆོས་

ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ལ་ཆོས་ཀྱི་དབྱིངས་ནི་བསྟོད་པའི་ཚིག་མཛད་པ་སྟེ། སྒྲུབ་པའོ། །ཨེ་མའོ་ཆོས་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཆོས་ཞེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །ཆོས་ཀྱི་སྒྲ་གཉིས་པས་སྤྲོས་པ་མེད་པའི་སྤྱོད་པའོ། །ཆོས་དང་

เล่ม ๒๙ · หน้า 91a

དོན་ནི་སྤྲོས་པ་གཉིས་ལས་འབྱུང་བས་ན། ཆོས་སྟོན་པ་ལས་འབྱུང་བ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །རྒྱུ་བསྟན་ནས་འབྲས་བུ་བསྟན་པར་བྱ་སྟེ། ཆོས་དོན་དག་པ་ནི་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པའོ། །བདག་མེད་པ་ནི་ཆོས་དབྱིངས་

མངོན་པར་བྱང་ཆུབ་པའོ། །རྡོ་རྗེ་རྒྱལ་པོ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བསྟན་པ་གང་ཡིན་པ་དེ་བས་ན་ཁྱོད་ལ་ཕྱག་འཚལ་འདུད་ཅེས་བྱ་སྟེ་སྒྲུབ་པའོ། །སྐུ་དང་གསུང་དང་ཐུགས་ནི་ཡི་གེ་གསུམ་མོ། །དེ་ལས་འཇུག་པ་ལ་སོགས་

པའི་རིམ་པ་དང་། དཀྱིལ་འཁོར་སྤྲོ་བའི་རིམ་པས་འབྱུང་བ་ནི་འོད་གསལ་བ་གང་ཡིན་པ་དེའི་རང་བཞིན་ནོ། །ནམ་མཁའ་ནི་རྣམ་པར་ཤེས་པ་གསུམ་དང་རང་བཞིན་རྣམས་ཏེ། དོན་དམ་པར་ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་སྣང་བ་ལ་སོགས་

པའི་རིམ་གྱིས་ཉེ་བར་བསྡུས་པ་དེའི་གནས་ནི་ཐམས་ཅད་སྟོང་པ་སྟེ་དེའི་རང་བཞིན་ནོ། །དེའི་རང་བཞིན་དུ་རྣམ་པར་མི་རྟོག་པ་ནི་འོད་གསལ་བ་ལས་ལངས་ཏེ། ཤ་ལ་སོགས་པའི་རྣམ་པ་མེད་པའི་ཡེ་ཤེས་ཀྱི་སྐུ་ལ་གནས་པའོ། །སྣང་བ་མེད་པ་ཞེས་བྱ་བ་ལ་སྣང་བ་ནི་མཚན་

མོ་དང་ཉིན་མོ་དང་མཚམས་ཀྱི་བདག་ཉིད་འདོད་ཆགས་ལ་སོགས་པ་གསུམ་སྟེ། དེ་མེད་པ་ནི་མན་ངག་བཞི་པའི་རང་བཞིན་ནོ། །ཡང་ན་སྣང་བ་ནི་རིལ་པོར་འཛིན་པ་དང་རྗེས་སུ་འཇུག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་དག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའོ། །དེ་དག་

གི་རྡོ་རྗེའི་སྐུ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་སྐུ་ལ་གནས་པ་ཁྱོད་ལ་ཕྱག་འཚལ་འདུད་ཅེས་པ་ནི་དད་པ་ཕུལ་དུ་བྱུང་བས་ནི་ཚིག་གཉིས་སོ། །དེ་ནི་རྡོ་རྗེའི་བཟླས་པ་དང་སེམས་རྣམ་པར་དག་པ་

དང་། བདག་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འཇུག་པའི་རིམ་པ་རྣམས་སོ། །ཐུགས་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བསྒོམ་པས་ཆོས་ཐམས་ཅད་མི་སྣང་བར་བྱེད་པའི་རང་བཞིན་ནོ། །གཙོ་བོ་ནི་དེ་ལ་ས་བོན་བཀོད་པས་མཆོག་

เล่ม ๒๙ · หน้า 91b

གོ། །དུས་གསུམ་གྱི་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་སྟེ། དེ་རྣམས་ཀྱི་ལམ་ནི་གཟུགས་སྒྲུབ་པ་དང་། ཡེ་ཤེས་འཁོར་ལོ་ལ་ཞུགས་པ་ལ་སོགས་པ་སྟེ་འཇུག་པར་བྱེད་པས་ན་དུས་གསུམ་དག་གི་ལམ་འཇུག་པའོ། །དེ་ནས་ཁམས་ནི་སྤྱན་

ལ་སོགས་པ་དང་། གྱུར་པ་ནི་དེ་བཞིན་གཤེགས་པ་དང་། ཆེན་པོ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་། ནམ་མཁའ་ནི་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་རྣམས་འཇུག་པ་སྔ་མ་དང་སྦྱར་རོ། །དེ་བཞིན་དུ་ནམ་མཁའི་ལམ་ནི་ནམ་མཁའ་བཞིན་མི་དམིགས་པས་བསྟོད་པ་

དང་མཆོད་པ་དང་བདུད་རྩི་མྱོང་བས་དེ་རྣམས་ཀྱི་ལམ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་འདྲ་བའི་རང་བཞིན་ཁྱོད་ལ་ཕྱག་འཚལ་བསྟོད་ཅེས་བྱ་བ་ནི་སྔ་མ་བཞིན་དུ་ཚིག་གཉིས་སོ། །དང་པོར་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་

རྣམས་སོ། །དེ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ལ་བསྟོད་པ་ནི་ནམ་མཁའ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་སྐུ་དྲང་བ་བྱུང་བ་ནི་སྐྱེ་བ་གང་ལ་ཡོད་པ་དེ་ནི་རྣམ་པར་སྣང་མཛད་དོ། །ནམ་མཁའ་ནི་སོ་སོར་རྟོག་པ་སྟེ། དེའི་ལམ་འཇུག་པ་གང་ཡིན་པ་དེ་ནི་འོད་དཔག་ཏུ་མེད་པའོ། །

ནམ་མཁའ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རང་བཞིན་ཐུགས་ལ་ཡོད་པ་དེ་ནི་མི་བསྐྱོད་པའོ། །ཆོས་མཉམ་པར་བྱེད་པས་ན་ཆོས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེའི་ཆོས་ནི་རིན་ཆེན་འབྱུང་ལྡན་ནོ། །བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱིས་བསྟན་པ་དང་། སྨིན་པ་དང་

གྲོལ་བའི་མཚན་ཉིད་སྤྱོད་པ་སྟེ། དེ་ལ་གནས་པ་བཞུགས་པ་གང་ཡིན་པ་དེ་ནི་དོན་ཡོད་གྲུབ་པ་སྟེ། དེ་ལྟར་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་བསྟོད་པ་སྟེ་བསྐྱེད་པའི་རིམ་པའོ། །སྔགས་པའི་སྒོ་ནས་སྤྱོད་པ་ནི་རྣམ་པ་གསུམ་སྟེ། དེ་ཉིད་ཀྱི་མཆོག་ནི་བྱང་ཆུབ་དམ་

པའི་འབྲས་བུ་ལེའུ་གང་ལ་གསུངས་པ་དེ་སྐད་ཅེས་བྱ་སྟེ་སྒྲུབ་པའོ། །རྒྱུད་འགྲེལ་ལས་ལེའུ་ལྔ་པའི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་ལྔ་པའི་ཚིགས་སུ་བཅད་པའི་གྲངས་ནི་སུམ་བརྒྱ་དྲུག་ཅུའོ།། །།སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའི་

เล่ม ๒๙ · หน้า 92a

སྤྱོད་པའོ་ཞེས་བྱ་བས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དོན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་དྲུག་པ་བསྟན་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་མཐུས་བག་ཆགས་རྣམས་ཀྱིས་མི་འཁྲུགས་པས་ན་མི་བསྐྱོད་པ་སྟེ་དེ་ཉིད་ཐུགས་

རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་གསང་བ་ནི་ཡི་གེ་གསུམ་མོ། །དེའི་དམ་ཚིག་རྡོ་རྗེ་ནི་གཙོ་བོར་གྱུར་པ་ཡི་གེ་ཧཱུཾ་ངོ་། །དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱིན་གྱིས་བརླབས་པ་ནི་ཐུགས་མི་བསྐྱོད་པ་ཉིད་དུ་

བྱེད་པར་ནུས་པའོ། །སྔགས་ནི་གསང་བ་དག་གམ། ཡིད་སྐྱོབ་པའི་ཆོས་གསུངས་ཏེ། བསྐྱེད་པའི་རིམ་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ། ཨོཾ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་

རྣམས་ཀྱི་ནང་ན་ཙིཏྟ་བཛྲ་ནི་མི་བསྐྱོད་པ་ཉིད་དོ། །དེའི་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་དེའི་རང་བཞིན་བདག་ཡིན་ནོ་ཞེས་སྔགས་ཀྱི་དོན་རྣམ་པར་སྤྱོད་ལ་ང་རྒྱལ་དམིགས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྣམ་པར་སྣང་བས་ན་རྣམ་

པར་སྣང་མཛད་དོ། །རྡུལ་དང་བྲལ་བའི་གནས་རྡོ་རྗེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་ནི་སྔ་མ་བཞིན་དུ་སྐུ་བྱིན་གྱིས་བརླབ་པའི་སྔགས་བཀའ་སྩལ་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་ཞེས་

པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ། དེའི་བདག་ཉིད་བདག་ཡིན་ནོ་ཞེས་ང་རྒྱལ་དམིགས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མཉམ་པ་ཉིད་གཉིས་སུ་མི་དམིགས་པའི་རྡོ་རྗེ་ནི་སོ་

སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྔགས་འདི་བཀའ་སྩལ་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ལ་ཨོཾ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

เล่ม ๒๙ · หน้า 92b

གསུང་རྡོ་རྗེ་ནི་སྣང་བ་མཐའ་ཡས་ཏེ། དེའི་བདག་ཉིད་བདག་ཡིན་ནོ་ཞེས་སྔགས་ཀྱི་དོན་རྣམ་པར་དཔྱོད་ལང་རྒྱལ་དམིགས་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། རྡོ་རྗེ་གསུམ་ནི་ཨོཾ་ལ་སོགས་པའི་ཡི་གེ་གསུམ་མོ། །དེ་བཞིན་གཤེགས་པ་ནི་ཐུགས་རྡོ་རྗེ་ལ་སོགས་

པའི་རང་བཞིན་ནོ། །སྙིང་པོ་ཡིན་པའི་ཕྱིར་གསང་བའོ། །གནས་ནི་ཡི་གེ་ཕྱི་མོ་ཉེ་བར་བསྡུས་པས་གསུམ་དུ་བསྡུས་པས་སོ། །གནས་ནི་འོད་གསལ་བ་སྟེ་དེ་ཉིད་གང་གིས་བསྒོམ་པར་བྱ་བ་དེ་ནི་གནས་ཀྱིས་རྣམ་པར་བསྒོམ་པར་བྱ་བའོ། །དེ་ལྟ་བུའི་འདས་མ་ཐག་ཏུ་

བཤད་པའི་སྔགས་རྣམས་མཆོག་རབ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ནི་དེ་རྣམས་ཉིད་སྙིང་ག་ལ་སོགས་པར་དགོད་པར་བྱའོ། །སྔགས་ནི་ཨཱ་ལི་དང་ཀཱ་ལིའོ། །དེ་རྣམས་ཀྱི་མཚན་ནི་རྟགས་གསུམ་མོ། །དེ་རྣམས་ཀྱིས་ཤིན་ཏུ་མཚན་པར་བྱ་བ་ཡི་གེ་གསུམ་དགོད་པར་བྱ་སྟེ་ཚིག་

གི་དོན་ཏོ། །དེ་ནི་བསྐྱེད་པའི་རིམ་པའོ། །སྔགས་དེ་རྣམས་བརྗོད་པས་སྟོབས་ཀྱིས་མི་འདོད་ན་ཡང་རྣལ་འབྱོར་པ་དེ་ལ་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་བརླབ་པོ། །རབ་ཏུ་བྱེད་པ་ལས་ཀྱང་ཇི་སྐད་དུ། རི་བོ་རྒྱལ་པོའི་རྩེ་མོ་ལས། །གང་ཞིག་ལྷུང་བར་འགྱུར་བ་སྟེ། །

ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་ཤེས་པ་གསུམ་པའོ། །སྐུ་གསུང་ཐུགས་ནི་རང་བཞིན་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་ནི་སྣང་བའི་ཡེ་ཤེས་སོ། །སརྦ་ཏ་ཐཱ་ག་ཏ་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །ཙིཏྟ་བཛྲ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །སྭ་བྷཱ་བ་ནི་འོད་གསལ་བ་སྟེ་དེའི་བདག་ཉིད་བདག་ཡིན་ཏེ་སེམས་རྣམ་པར་དག་པའི་རིམ་

པའོ། །དེ་བཞིན་གཤེགས་པའི་ཡི་གེ་གསུམ་སྟེ། དེ་རྣམས་ཀྱི་མཉམ་པ་ཉིད་གཉིས་སུ་མེད་པའི་འཇུག་པ་ལ་སོགས་པའི་རིམ་པས་ཡན་ལག་མ་ཉམས་པའི་བཟླས་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དེ་བཞིན་དུ་བཤད་པའོ། །ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་ནོ། །

เล่ม ๒๙ · หน้า 93a

སརྦ་ཏ་ཐཱ་ག་ཏ་ནི་ཡི་གེ་ཨཱའོ། །བཱཀ་བཛྲ་ནི་ཡི་གེ་ཧཱུཾ་སྟེ་གསུང་དང་ཐུགས་ཐ་མི་དད་པའི་ཕྱིར་རོ། །སྭ་བྷཱ་བ་ནི་འཇུག་པ་ལ་སོགས་པའི་རིམ་པས་རང་བཞིན་ཏེ་དེ་ཡོངས་སུ་སྤོང་བས་མ་ནིང་གི་བཟླས་པ་སྟེ། དེའི་བདག་ཉིད་ང་ཡིན་ཏེ་རྡོ་རྗེའི་བཟླས་པའི་

རིམ་པའོ། །རྡུལ་དང་བྲལ་བའི་གནས་ནི་འོད་གསལ་བ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་ནི་སྒྱུ་མ་ལྟ་བུའི་སྐུ་འཛིན་པ་སྟེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཨོཾ་ནི་ཆོས་ཀྱི་སྐུའོ། །སརྦ་ཏ་ཐཱ་ག་ཏ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀཱ་ཡ་བཛྲ་ནི་སྤྲུལ་པའི་སྐུ་སྟེ། དེ་ནི་ཐུགས་མེད་

པ་སྟེ། སྒྱུ་མའི་སྐྱེས་བུ་བཞིན་ནོ། །སྭ་བྷཱ་བ་ནི་དེ་རྣམས་ཀྱི་རང་བཞིན་ཏེ། སྒྱུ་མ་ལ་སོགས་པའི་དཔེ་དང་ཆོས་མཐུན་པའོ། །དེའི་བདག་ཉིད་བདག་ཡིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ། །དེ་ཉིད་ཀྱི་ཕྱིར་ཐུགས་དང་སྐུ་དང་གསུང་རྫོགས་པའི་ཕྱིར་རིམ་པ་

གསུམ་པོ་དེ་དག་བསྟན་པའོ། །རབ་ཏུ་བྱེད་པ་ལས་ཀྱང་། རང་བཞིན་སྣང་བའི་དབྱེ་བ་ཡིས། །དེ་ཉིད་བཞི་པ་ལ་བརྟེན་ཏེ། །རྣམ་པ་གསུམ་དུ་གང་བསྒོམ་པ། །དེས་ནི་མྱུར་དུ་འབྲས་བུ་ཐོབ། །ཅེས་སེམས་རྣམ་པར་དག་པའོ། །དེ་བཞིན་དུ། རྣམ་པ་ཐམས་ཅད་མཆོག་དང་

ལྡན། །ཤིན་ཏུ་མཛེས་པའི་སྐུ་མངའ་བ། །དེ་ཉིད་སློབ་མ་ལ་བསྟན་པ། །བདག་ལ་བྱིན་རླབས་དེ་བརྗོད་པའོ། །ཞེས་ལུས་རྣམ་པར་དག་པའོ། །དེ་བཞིན་དུ། སྔགས་ཀྱི་དེ་ཉིད་འདི་གསལ་བ། །གསུང་གི་རྡོ་རྗེ་སྒྲུབ་པ་སྟེ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་

ཙམ་ལ་ནི་ངེས་སྦྱོར་བྱ། །ཞེས་བྱ་བ་ནི་གང་རྣམ་པར་དག་པའོ། །ཡང་ན་སྐུ་རྡོ་རྗེ་གསུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་པོ་ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་མོ། །དེ་བཞིན་གཤེགས་པའི་ཡེ་ཤེས་གསུམ་མོ། །གསང་བ་ནི་སྐུ་གསུམ་མོ། །གནས་ནི་དེ་དག་

ཐམས་ཅད་ཡན་ལག་མ་ཉམས་པ་བཟླས་པའོ། །གནས་ཀྱི་རྣམ་པར་བསྒོམ་པར་བྱ་བ་ནི་འོད་གསལ་བ་ཉིད་དུའོ། །གང་ཞེ་ན་མཆོག་རབ་ནི་རིམ་པ་དེ་དག་གསུམ་པོས་རྫོགས་པའི་རིམ་པ་རང་བཞིན་ཅན་གྱིས་སོ། །སྔགས་ཀྱི་མཚན་ཉིད་ནི་འོད་གསལ་བའོ། །ཤིན་ཏུ་མཚན་བྱས་

เล่ม ๒๙ · หน้า 93b

ནི་དེ་ཉིད་ལས་བྱུང་བའི་སྒྱུ་མ་ལྟ་བུའི་སྐུ་ཡང་བསྒྲུབ་པར་བྱ་བ་སྟེ། སྔ་མ་དང་སྦྱར་རོ། །དེ་ནི་རིམ་པ་གསུམ་མོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་ནི་ནམ་མཁའི་མཛོད་ཀྱིས་རེ་བ་ཐམས་ཅད་རྫོགས་པར་བྱེད་པའོ། །དེ་ཉིད་དཔལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །

སྒྲོན་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་སྙིང་པོ་ཡིན་པའི་ཕྱིར་རྡོ་རྗེ་སྟེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་གསུམ་གྱི་ང་རྒྱལ་གྱིས་རང་སྣང་བ་ནི་རིགས་ལྔའི་སྔགས་ཀྱིས་ཡན་

ལག་བྱིན་གྱིས་བརླབ་པ་བྱས་ལ་ཤིང་ལ་འཛེག་པ་ལ་སོགས་པའི་དབྱེ་བས་འཁྱུད་པ་བརྒྱད་པ་བྱ་བའི་དུས་སུ་སྔགས་འདི་བརྗོད་པར་བྱའོ། །དེ་ལ་ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །སརྦ་ཏ་ཐཱ་ག་ཏ་ནི་སངས་རྒྱས་གསུམ་མོ། །ཨ་ནུ་རཱ་ག་ཎ་ནི་དེ་རྣམས་རྗེས་སུ་ཆགས་པ་སྟེ། བདེ་བ་ཆེན་པོ་

བསྐྱེད་པའོ། །དེ་ཉིད་བསྐལ་པའི་བར་དུ་གནས་པའི་ཕྱིར་བཛྲ་སྟེ། སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པ་ནི་དེའི་བདག་ཉིད་ང་ཡིན་ནོ་ཞེས་ང་རྒྱལ་གཟུང་བར་བྱའོ། །དེ་ནི་རང་བཞིན་ནོ། །ཡང་ན་སྒྲོན་མ་རྡོ་རྗེ་ནི་མངོན་པར་བྱང་ཆུབ་སྟེ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཨོཾ་ནི་ཆགས་པའོ། །སརྦ་

ཏ་ཐཱ་ག་ཏ་ནི་ཆགས་པ་དང་བྲལ་བའོ། །ཨ་ནུ་རཱ་ག་ཎ་ནི་ཆགས་པ་བར་པའོ། །རྡོ་རྗེ་ནི་བཞི་པའོ། །སྭ་བྷཱ་བ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་དག་གོ། །དེའི་བདག་ཉིད་བདག་ཡིན་ཏེ་མངོན་པར་བྱང་ཆུབ་ཀྱི་རིམ་པའོ། །འཁྱུད་པ་བྱས་ནས་ནང་གི་མཆོད་པ་

བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོན་མི་ཟ་བ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཏེ། དེ་ཉིད་རྡོ་རྗེ་ནི་འགྲོ་བའི་དོན་མཛད་པའི་ཕྱིར་ཏེ། དེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་འདི་བརྗོད་ཅིང་།

མཱ་མ་ཀཱི་ལ་སོགས་པའི་པདྨར་རྡོ་རྗེ་སྦྱར་བར་བྱའོ། །ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ། །སརྦ་ཏ་ཐཱ་ག་ཏ་ནི་བྷ་གའི་དབུས་སུ་གནས་པའི་རྩ་རྣམས་སོ། །པཱུ་ཛ་ནི་མཆོད་པ་སྟེ། དེ་དག་ཤུ་ཀྲས་མཆོད་པར་བྱའོ། །དེ་དག་གི་རང་བཞིན་བདག་ཡིན་ཏེ་རྒྱུ་ཡིན་ནོ། །ཡང་ན་གདོན་མི་

เล่ม ๒๙ · หน้า 94a

ཟ་བའི་རྡོ་རྗེ་ནི་བདེན་པ་གཉིས་དབྱེར་མེད་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་ཏོ། །ཨོཾ་ནི་རྡོ་རྗེ་བཟླས་པའོ། །སརྦ་ཏ་ཐཱ་ག་ཏ་ནི་འོད་གསལ་བའོ། །པཱུ་ཛ་ནི་སྒྱུ་མ་ལྟ་བུའི་སྐུའོ། །བཛྲ་ནི་ལྷན་ཅིག་སྐྱེས་པའོ། །དེ་རྣམས་ཀྱི་སྭ་བྷཱ་བ་ནི་རང་བཞིན་ཏེ་མི་གནས་པའི་མྱ་

ངན་ལས་འདས་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་ཀྱི་བདག་ཉིད་ང་ཡིན་ཏེ། ཟུང་འཇུག་གི་རིམ་པའོ། །མཆོད་པ་དེ་ཉིད་བཤད་པར་བྱ་སྟེ། རྟག་ཏུ་འདོད་པའི་ཡོན་ཏན་ལྔ། །ཞེས་བྱ་བ་ལ་སོགས་པ་ལ། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་

སོ། །དེ་དག་གི་སངས་རྒྱས་ནི་རང་གི་དབང་པོ་རྣམས་མཆོད་པར་བྱ་བ་ནི་མཉེས་པར་བྱ་བའོ། །ཇི་ལྟར་ཞེ་ན། ཚུལ་བཞིན་ཞེས་པ་ནི་སྔ་མ་བཞིན་དུ་ཁང་པ་སུམ་བརྩེགས་ལ་སོགས་པ་ལ་བསྐྱེད་པའི་རིམ་པས་དེ་རྣམས་རྣམ་པར་བསམས་ལ་སྤྲོས་པ་དང་བཅས་པའི་སྤྱོད་པས་སོ་ཞེས་

སྟོན་ཏོ། །རྟག་ཏུ་ཞེས་པ་ནི་རྒྱུན་མ་ཆད་པ་སྟེ། གཞན་དུ་ན་བསྒོམ་པ་བརྗེད་པའི་ཕྱིར་རོ། །ལྔ་ནི་ཡུམ་རྣམས་ཏེ་དེ་རྣམས་གང་ཞིག་ཉེ་བར་སྡུད་པར་བྱེད་པ་དེ་ནི་དེའི་རྣམ་པ་ལྔ་སྟེ། རྣམ་པར་ཤེས་པ་རྣམས་སོ། །དེ་རྣམས་མཆོད་པ་ནི་ཡུལ་འདོད་པ་ཡོངས་སུ་རྫོགས་པའི་ཕྱིར།

མྱུར་དུ་སངས་རྒྱས་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ། །ཡང་ན་འདོད་པའི་ཡོན་ཏན་ལྔ་ནི་སྨིག་རྒྱུ་དང་། དུ་བ་དང་། སྲིན་བུ་མེ་ཁྱེར་བ་དང་། མར་མེ་དང་། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་སྣང་བ་རྣམས་སོ། །དེ་དག་གིས་སངས་

རྒྱས་ནི་འོད་གསལ་བའི་དེ་ཁོ་ན་ཉིད་མཆོད་པར་བྱ་བ་ནི་མཚོན་པར་བྱའོ། །ཚུལ་བཞིན་དུ་སེམས་རྩེ་གཅིག་པ་ཉིད་དུའོ། །རྟག་ཏུ་ངེས་པ་ནི་དུས་མཚམས་དང་། མཚན་མོ་དང་། ཉིན་མོའི་བདག་ཉིད་ཀྱིས་སོ། །མཆོད་པ་རྣམ་པ་ལྔ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་། འདོད་

ཆགས་བར་པ་དང་། རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་རྣམས་སོ། །དེ་དག་མཆོད་པ་ནི་སྒོམ་པ་སྟེ། དེས་མྱུར་དུ་སངས་རྒྱས་ཉིད་ནི་མངོན་པར་བྱང་ཆུབ་ཐོབ་པར་འགྱུར་ཏེ། མངོན་པར་བྱང་ཆུབ་པའི་རིམ་པའོ་ཞེས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་

เล่ม ๒๙ · หน้า 94b

བསྡུས་པའོ། །ད་ནི་གཉི་གའི་རྣལ་འབྱོར་པ་རྣམས་ཀྱིས་རིམ་པ་གཉིས་ཀྱི་སྒོ་ནས་བསྒོམ་པ་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གོ་སླའོ། །སྔགས་ལ་དམིགས་པའི་ལུས་དང་ནི། །ཞེས་བྱ་བ་ལ། སྔགས་ཀྱི་སྟོང་པ་ཉིད་ནི་སྔགས་སོ། །དེ་ཉིད་ཀྱིས་

དམིགས་པ་ནི་སྟོང་པ་ཉིད་དེ་ཁོ་ན་ཉིད་བསམ་པའོ། །ཇི་ལྟ་བུ་ཞེ་ན། ལུས་ངག་ཡིད་གསུམ་པོ་དང་། ཁམས་གསུམ་པ་བསྐུལ་བ་ནི་མི་སྣང་བར་བྱེད་པའོ། །དེའི་ཚེ་དངོས་གྲུབ་རབ་མཆོག་ནི་དོན་དམ་པའི་དངོས་གྲུབ། ཡིད་དགའ་བ་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཡིད་རྣམ་

པར་དག་པར་བྱེད་པར་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནས་སེམས་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་ལ་རྣམ་པ་སྟེ་དེ་ལ་དམིགས་པ་ནི་དེའི་སྟེང་དུ་ཡི་གེ་གསུམ་ལ་སོགས་པའི་ས་བོན་དགོད་ཅིང་། བདག་མེད་པ་ནི་ས་བོན་གྱི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས་སོ། །ངག་

དང་ལུས་ཀྱི་ཉེ་བར་མཚོན་པའི་ཡིད་ཀྱང་ཡིན་ཏེ། དེ་ནས་ལུས་ངག་ཡིད་ཀྱི་ངོ་བོ་ས་བོན་དེ་རྣམས་ལ་ཁམས་གསུམ་པ་ཐིམ་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་སྦྱོར་བ་རྣམ་གསུམ་ནི་དམ་ཚིག་དང་ཡེ་ཤེས་དང་། ཏིང་ངེ་འཛིན་

སེམས་དཔའ་དང་ལྡན་པའི་སྐུ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་བྱ་བ་ལ། ནམ་མཁའ་དང་མཉམ་པ་ཉིད་གང་ལ་ཡོད་པ་དེ་ནི་ནམ་མཁའ་བཞིན་དུ་མཉམ་པ་སྟེ་ཆོས་འབྱུང་གི་ཕྱག་རྒྱའོ། །དེ་ཉིད་གནས་ནི་གཞི་གང་ལ་ཡོད་

པ་དེ་ལྟ་བུ་བསྒོམ་པར་བྱའོ། །ཆོས་འབྱུང་གི་ཕྱག་རྒྱའི་སྟེང་ན་གནས་པའི་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པའི་གཞལ་ཡས་ཁང་པའི་ནང་ན་གནས་པའོ་ཞེས་སྟོན་ཏོ། །དེའི་རྗེས་ལ་ལུས་ངག་ཡིད་ནི་ཡི་གེ་གསུམ་སྟེ། དེ་རྣམས་དམིགས་པ་ནི་བསྒོམ་པར་བྱའོ། །ངོ་བོ་ཉིད་ནི་

བསྟོད་པ་དང་། མཆོད་པ་དང་། བདུད་རྩི་མྱོང་བ་སྟེ། དེ་རྣམས་ཀྱང་བྱའོ། །ཇི་ལྟར་ཞེ་ན། དམིགས་སུ་མེད་ཅེས་པ་ནི་གསུམ་མི་དམིགས་པས་སོ། །དེའི་རྗེས་ལ་སྔགས་ཀྱི་ལུས་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་ལུས་ཏེ། དེ་དང་སྦྱོར་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་།

เล่ม ๒๙ · หน้า 95a

སྙོམས་པར་ཞུགས་ཏེ་མར་གྱི་བུམ་པ་བཞིན་དུ་རོ་གཅིག་པར་གྱུར་པ་ཉིད་དུ་བསྒོམ་པར་བྱའོ། །དེའི་རྗེས་ལ་བྱང་ཆུབ་མེད་པའི་རྣམ་པ་གཟུང་བའི་རྣམ་པར་རྟོག་པ་མེད་ཅིང་བསྒོམ་པ་མེད་པ་ནི་དཀྱིལ་འཁོར་པའི་རྣམ་པར་རྟོག་པ་མེད་པའོ། །དེའི་རྗེས་ལ་ཁྱོད་

ནི་རྡོ་རྗེ་སེམས་ཞེས་བྱ་བ་ལ་སོགས་པའི་ལྷ་མོའི་གླུ་རྣམས་ཀྱིས་བསྐུལ་བས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་དཔྱད་པ་ནི་གསན་ནས་མདོར་ན་ཞེས་པ་ནི་ཅིག་ཅར་དུ་སྐུ་གསུང་ཐུགས་ནི་སེམས་དཔའ་གསུམ་པོས་མཚན་པར་བྱ་བ་སྟེ། སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན་སྔགས་

ཀྱི་སྐུ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། བྱང་ཆུབ་ནི་རང་སྣང་བའི་ཤེས་རབ་སྟེ། དེ་དང་སྦྱོར་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དེ་བཞིན་དུ་སྔགས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱིས་སོ། །བརྟགས་པ་ནི་ཀུན་དུ་ཡོངས་སུ་བསྐོར་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །འདིར་ནི་རེ་

ཞིག་བསྐྱེད་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་བསྟན་པ་སྟེ། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱའོ། །དེ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་། ལས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྣམས་སོ། །

ཡང་ན་སྔགས་ནི་དབང་པོ་དང་ཡུལ་རྣམས་ལ་དམིགས་པ་ནི་ཕན་ཚུན་དུ་ཡང་དག་པར་བསྡུས་པའོ། །ཇི་ལྟ་བུ་ཞེ་ན། ལུས་ངག་ཡིད་བསྐུལ་བ་ནི་རོ་གཅིག་པར་གྱུར་པར་བྱའོ། །དེའི་རྗེས་ལ་དངོས་གྲུབ་རབ་མཆོག་ནི་བཅུ་པོ་དེ་རྣམས་གཅིག་ཏུ་བྱས་པས་དེ་བཞིན་གཤེགས་པ་

མོས་པའི་རང་བཞིན་ཅན་ཡིད་ནི་རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་རྣམས་ཀྱིས་ཡིད་དགའ་བར་བྱེད་པའོ། །མགུ་བར་ནི་སེམས་རྩེ་ཅིག་པར་གྱུར་པའི་མཚན་ཉིད་ཅན་ནོ། །དངོས་གྲུབ་ནི་ཏིང་ངེ་འཛིན་ལ་སློབ་པ་ནས་བསྒྲུབ་པར་བྱ་བ་ནི་བསྒོམ་པར་བྱའོ། །སེམས་

ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་དམིགས་པ་ནི་ཐིག་ལེའི་ངོ་བོར་གནས་པའོ། །དེ་ཉིད་ངག་ནི་རྡོ་རྗེའི་ངག་གིས་སོ། །ལུས་ནི་སྣའི་རྩེ་མོར་དགོད་ཅིང་བསྒོམ་པར་བྱའོ། །དེ་ནས་སྦྱོར་བ་རྣམ་གསུམ་ནི་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་པས་བསྒྲུབ་པར་བྱའོ། །ཇི་ལྟ་བུ་ཞེ་

เล่ม ๒๙ · หน้า 95b

ན། ནམ་མཁའ་ནི་དཀྱིལ་འཁོར་བཞི་སྟེ། དེ་དག་ལས་མཉམ་པ་ནི་གཡས་ལ་སོགས་པའི་སྤྲོ་བའི་རིམ་པས་དེའི་རིགས་ཀྱི་དེ་བཞིན་གཤེགས་པའི་བསྒོམ་པའོ། །གནས་ནི་དེ་ཉིད་ཀྱི་གནས་ཏེ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་ཐིག་ལེ་བསམ་པར་བྱའོ། །དེའི་རྗེས་ལ་ཐིག་ལེ་དེ་

ཉིད་སྤྲོ་བ་དང་བསྡུ་བའི་རིམ་པས་བསྟན་པར་གྱུར་ཅིང་རྡོ་རྗེ་ལ་སོགས་པའི་སྣ་རུ་འཛིན་པར་ལུས་དང་ངག་དང་སེམས་དམིགས་ཞེས་པ་ནི་ལུས་ལ་སོགས་པའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དམིགས་པར་མི་འགྱུར་ཏོ། །རྣམ་པར་རྟོག་པའི་འོད་གསལ་བ་མངོན་དུ་བྱའོ་ཞེས་སྟོན་ཏོ། །

ཐིག་ལེ་དེ་ཉིད་ལས་སྐུ་ལ་སོགས་པའི་རིགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ནམ་མཁའི་ཁམས་སྤྲོ་བའི་རིམ་པས་ཡོངས་སུ་གང་ཞིག སྔགས་ཀྱི་ལུས་སུ་སྦྱོར་བ་ལ། །ཞེས་པ་ནི་དེ་བཞིན་གཤེགས་པའི་སྐུ་སྤྲོ་བས། བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ཅེས་པ་ནི་རང་

དང་གཞན་གྱི་དབྱེ་བའི་རྣམ་པར་རྟོག་པ་སྤང་བར་བྱའོ། །དེ་ནས་ཐམས་ཅད་ཡོངས་སུ་སྤངས་ལ། མདོར་ན་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་གཉིས་སུ་མེད་པར་བྱ་བས་སྐུ་གསུང་ཐུགས་ནི་བདག་ལ་བྱིན་གྱིས་བརླབ་པ་དང་། རྡོ་རྗེའི་བཟླས་པ་དང་། སེམས་

རྣམ་པར་དག་པ་དང་། དེ་བཞིན་དུ་བྱང་ཆུབ་སྦྱོར་བ་ནི་མངོན་པར་བྱང་ཆུབ་ཀྱི་རིམ་པ་དང་། སྔགས་ཀྱི་བསྐྱེད་པའི་རིམ་པ་དང་། བརྟགས་པ་ནི་རྫོགས་པའི་རིམ་པ་སྟེ། དེ་རྣམས་རོ་གཅིག་པར་གྱུར་པའི་མི་གནས་པའི་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་ནི་

རྣལ་འབྱོར་རོ། །ཡང་ན་སྔགས་ནི་ཨཱ་ལི་དང་ཀཱ་ལིའི་ངོ་བོ་ལ་སོགས་པའི་ཀྵའི་མཐའ་ཅན་ཏེ་ཡི་གེ་ལྔ་བཅུའོ། །དཔེར་ན། ཨ་ཨཱ་ཨ་ཨཱི་ཨ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྜ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་

ས་ཧཀྵཿ དེ་ལ་དབྱེ་བ་ནི་འདི་ཡིན་ཏེ། ཐུང་བ་ནི་ལྔའོ། །རིང་བ་ནི་དགུའོ། །དེ་བཞིན་དུ་འཕར་བ་དགུའོ། །དཔེར་ན་ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨཻ་ཨཽ་ཨཾ་ཨཿ ལྕེ་རྩ་དང་སྦུད་པ་གཉིས་ཏེ། དཔེར་ན་ྈྐ་ྉྤ། རྗེས་སུ་འཇུག་པའི་དབྱངས་དང་བཅས་པའི་མཐར་གནས་པའི་ཡི་གེ་བཞི་སྟེ། དཔེར་

เล่ม ๒๙ · หน้า 96a

ན་རཾ་ཡཾ་ལཾ་ཝཾ། ཐོག་མ་དང་ཐ་མ་ཡང་དག་པར་སྦྱར་བས་ཟུང་བཞི་ཡིན་ཏེ། དཔེར་ན་ཀྔ་ཁྔ་གྔ་གྷྔ། དེ་རྣམས་ཀྱི་གལ་ཏེ། རིགས་ཀྱི་དབྱེ་བས་བརྒྱ་ཡོད་ན་ཡང་། གཙོ་བོར་གྱུར་པའི་ཕྱིར་བཞི་ཁོ་ན་བླང་བ་དང་། སྔགས་ཐམས་ཅད་ཀྱི་གཙོ་བོ་ཡི་གེ་གསུམ་

མོ། །ཨོཾ་ཨཱཿཧཱུཾ་དེ་ལྟར་ན་ཡི་གེ་བདུན་ཅུ་རྩ་གཉིས་ཡིན་ཏེ། རྩ་བདུན་ཁྲི་ཉིས་སྟོང་གི་ངོ་བོའོ། །གང་གི་སྟོང་རེ་རེ་ནི་རྩ་རེ་རེའི་གཙོ་བོར་གྱུར་པ་སྟེ། དེའི་ཕྱིར་རྩ་རེ་རེ་དེ་ཉིད་ལ་ཨ་ལ་སོགས་པའི་ཡི་གེ་རྣམས་དབང་བྱེད་པའོ། །དེ་ལ་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་། ཁམས་

བཅོ་བརྒྱད་དང་རྩའི་རྣམ་པར་ཤེས་པ་སྟེ། རྫས་སུམ་ཅུ་རྩ་དྲུག་ཡིན་ནོ། །མཚན་མོ་དང་ཉིན་མོའི་དབྱེ་བའམ། ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་དེ་རྣམས་བདུན་ཅུ་རྩ་གཉིས་སུ་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྩ་རྣམས་ཡིན་ནོ་ཞེས་

བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཡང་ན་སྒོ་དགུ་ནི་མིག་ལ་སོགས་པའོ། །ལུས་ངག་ཡིད་ནི་གསུམ་མོ། །དེ་རྣམས་བསྡུས་ནས་བཅུ་གཉིས་ཡིན་ནོ། །དེ་ལ་མ་ལས་སྐྱེས་པ་ནི་ཆ་གསུམ་དང་། ཕ་ལས་སྐྱེས་པ་ཡང་ཆ་གསུམ་སྟེ་ཆ་དྲུག་དང་ལྡན་པའི་གོང་བུ་ཡིན་ནོ། །

དེ་ལ་མ་ལས་སྐྱེས་པའི་ཆ་གསུམ་ནི་པགས་པ་དང་ཤ་དང་ཁྲག་གོ། །ཕ་ལས་སྐྱེས་པའི་ཆ་གསུམ་ནི་རྩ་རྒྱུས་དང་རུས་པ་དང་ཤུ་ཀྲའོ། །དེའི་ཕྱིར་སྔར་བཤད་པའི་སྒོ་ལ་སོགས་པའི་རྫས་བཅུ་གཉིས་པོ་རེ་རེ་ཁམས་དྲུག་དང་ལྡན་པ་ཡིན་པས་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་

རྣམས་ཉིད་རྩ་བདུན་ཅུ་རྩ་གཉིས་ཡིན་ཏེ་སྐྲའི་རྩེ་མོའི་རྩེ་མོ་ཡིན་པས་རྩ་རེ་རེར་སྟོང་སྟོང་གཙོ་འཁོར་ཡིན་ནོ། །དེའི་ཕྱིར་བདུན་ཁྲི་ཉིས་སྟོང་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་རིགས་བརྒྱའི་དབྱེ་བ་བཞིན་ནོ། །དེ་ལྟ་བུའི་སྔགས་ནི་ཡི་གེ་རྣམས་ཏེ། དེ་ལ་དམིགས་པ་ནི་རྩའི་ངོ་བོར་

རྟོགས་པའོ། །རྩ་དེ་རྣམས་ཀྱང་ལུས་ངག་ཡིད་ཀྱིས་བསྐུལ་བ་ནི་ལུས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཁམས་གསུམ་པ་ཁྱབ་ཅིང་གནས་པའོ། །རྩ་དེ་རྣམས་ཉིད་དངོས་གྲུབ་རབ་མཆོག་ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་གྲུབ་པར་བྱ་བ་ནི་འགྲུབ་པར་བྱེད་པ་ཇི་ལྟ་བུ་ཞེ་ན། ཡིད་

เล่ม ๒๙ · หน้า 96b

ནི་རྣལ་འབྱོར་པའི་ཤེས་པ་ལ། དགའ་བ་ནི་བདེ་བ་སྟེར་བའོ། །དེ་ཉིད་ཀྱི་ཕྱིར་མགུ་བ་ནི་མི་གཏོང་བ་ཞེས་བྱ་བའི་བར་དུའོ། །ཇི་ལྟར་ཞེ་ན་སེམས་ལ་དམིགས་པ་ནི་ཡིད་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། བདག་མེད་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་ཕྱི་རོལ་

གྱི་བརྟགས་པའི་ཕྱིར་ཕྱག་རྒྱ་སེལ་བའི་མཚན་ཉིད་ཅན་ལུས་དང་ངག་གི་རང་བཞིན་ནི་སྐུའི་རྣམ་པ་ལྟ་བུ་དང་བཅས་པ་བསྒོམ་པར་བྱའོ། །སྦྱོར་བ་རྣམ་གསུམ་ནི་བཅུ་པོ་གསུམ་གྱིས་སྦྱོར་བ་གང་ལ་ཡོད་པ་དེ་ནི་སྦྱོར་བ་རྣམ་པ་གསུམ་སྟེ་ཟླ་བའོ། །སྦྱོར་བ་རྣམ་གསུམ་དེ་ལ་ནམ་མཁའ་

མཉམ་ཉིད་ནི་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོ་རྡོ་རྗེ་ལུས་མེད་གནས་པ་བཞི་བསྒོམ་པར་བྱའོ། །འདི་སྐད་བཤད་པ་ཡིན་ཏེ། ཡར་ངོའི་ཕྱོགས་གོ་བཟློག་པ་ནས་བརྩམས་ཏེ། མར་ངོའི་ཚེས་གཅིག་གི་བར་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་རྩ་ཀུན་དུ་སྤྱོད་པ་བསྒོམས་ན་ཕྱག་རྒྱ་

ཆེན་པོའི་དངོས་གྲུབ་སྟེར་བར་འགྱུར་རོ། །རྡོ་རྗེ་ཕྲེང་བ་ལས་ཀྱང་། ཉ་ལ་མུར་གོང་གཉིས་པོ་ལ། །འདོད་པ་འབྱུང་བར་བྱེད་པ་ཡིན། །བཞི་པ་ལ་ནི་གཉའ་བ་སྟེ། །མཆན་ཁུང་དག་ལ་བཅུ་གསུམ་པ། །བཅུ་གཉིས་ལ་ནི་བྲང་ལ་གནས། །ནུ་མ་དག་ལ་བཅུ་གཅིག་ལ། །

ལྟེ་བའི་དབུས་སུ་ཚེས་བཅུ་ལ། །ཚེས་དགུ་ལ་ནི་བྷ་གར་གནས། །ལྐོག་མའི་ཕྱོགས་སུ་ཚེས་བརྒྱད་ལ། །སྣ་གཡས་ལ་ནི་ཚེས་བདུན་ལ། །སྣ་གཡོན་ལ་ནི་ཚེས་དྲུག་ལ། །བརླ་གཡས་ལ་ནི་ལྔ་པར་གནས། །བརླ་གཡོན་ལ་ནི་བཞི་པ་ལ། །རྗེ་ངར་དག་ལ་ཚེས་

གསུམ་ལའོ། །རྐང་པ་གཡས་ལ་ཚེས་གཉིས་ལ། །རྐང་པ་གཡོན་ལ་ཚེས་གཅིག་ལའོ། །གནམ་སྟོང་ལ་ནི་ལྟོ་བར་གནས། །ཉི་ཤུ་དགུ་ལ་དེ་གློ་གཡས། །ཉི་ཤུ་བརྒྱད་ལ་དེ་གཡོན་ལ། །ཉི་ཤུ་བདུན་ལ་རྒྱུ་ཞབས་ལ། ཉི་ཤུ་དྲུག་ལ་གཡོན་ལོགས་སུ། །ཉི་ཤུ་

ལྔ་ལ་དེ་གཡས་ལ། །ཉི་ཤུ་བཞི་ལ་བྷ་གར་ནི། །འདོད་ལ་རྟག་ཏུ་གནས་པར་བྱེད། །མར་ངོའི་ཉི་ཤུ་གསུམ་པ་ལ། །ལུས་མེད་རྒྱལ་པོ་སྙིང་གར་གནས། །ཉི་ཤུ་གཉིས་ལ་རྟག་ཏུ་ནི། །རྐང་པ་གཡོན་པའི་མཐིལ་ལ་གནས། །ཉི་ཤུ་གཅིག་ལ་ལག་གཡས་ལ། །ཉི་ཤུ་

เล่ม ๒๙ · หน้า 97a

ལ་ནི་ལག་ངར་ལ། །ལག་ངར་དེ་ནི་གཡས་པ་ལ། །བཅུ་དགུ་ལ་ནི་འདོད་ལ་གནས། །བཅོ་བརྒྱད་ལ་ནི་ཀོ་སྐོ་ལ། །བཅུ་བདུན་ལ་ནི་མ་མཆུར་གནས། །གནམ་སྟོང་ལ་ནི་མིག་གཉིས་ལ། །དེ་ནི་འདོད་ལ་ཤར་བའོ། །འདི་ནི་སྲོག་སྟེ་བདེ་བ་ཞེས། །

ཐར་པ་ཡོངས་སུ་བསྲུང་བའོ། །དགའ་བ་དེ་ཉིད་ཡང་དག་བརྟན། །དབང་བའི་ཆུ་འཁྱིལ་གྱིས་འཁྲུགས་པ། །གང་ཚེ་རྟོག་པ་རྣམ་སྤངས་པ། །དེ་ཚེ་གྲོལ་བའི་ལམ་ལ་གནས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིམ་པ་འདི་གཉིས་ཀྱིས་རྩ་ཀུན་དུ་སྤྱོད་པའི་རིམ་པས་

དེ་ཁོ་ན་ཉིད་ཐོབ་ན་དེའི་ཚེ་བྱང་ཆུབ་མེད་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣམ་པར་རྟོག་པ་མེད་པའོ། །སྒོམ་པ་མེད་པ་ནི་ཡི་གེ་ཕྱི་མོ་ཡི་གེའི་རང་བཞིན་རྩའི་སྒོམ་པ་ཡང་མེད་དོ། །ཇི་སྐད་དུ། དེ་སྲིད་དུ་མ་ཆོས་རྣམས་བྱུང་། །ཇི་སྲིད་ཡིད་ནི་སོམ་ཉི་སྟེ། །དགའ་བའི་འཁོར་ལོ་

རབ་བྱུང་ན། །དམ་ཆོས་དེར་མིན་རིམ་པ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་རྣམ་པར་དཔྱད་ནས། མདོར་ན་ཞེས་པ་ནི་ཉེ་བར་བསྡུས་པས་སྐུ་གསུང་ཐུགས་

ཀྱི་མཚན་ཉིད་ནི་ཉེ་བར་མཚོན་པའོ། །དེའི་ཚེ་རྣལ་འབྱོར་པས་བྱང་ཆུབ་སྦྱོར་བ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སྔགས་ཀྱིས་བརྟགས་པ་ནི་ངོ་བོ་མེད་པའི་ཡེ་ཤེས་དང་ལྡན་པ་བསྒོམ་པར་བྱའོ། །དེ་ནི་བསྐྱེད་པའི་རིམ་པ་དང་འབྲས་བུ་དག་གོ། །ད་ནི་དབྱེ་བ་གཞན་གྱིས་ཕྲ་མོའི་རྣལ་

འབྱོར་བཤད་པར་བྱ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ་བསྐྱེད་པའི་རིམ་པའོ། །རྡོ་རྗེ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་དེ་ཁོ་ན་ཉིད་དེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ཏེ་རྫོགས་པའི་རིམ་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་

དེ། དེ་འཛིན་པས་རྡོ་རྗེ་འཛིན་པ་སྟེ་དང་པོ་སྦྱོར་བའོ། །རྡོ་རྗེ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་ངོ་བོ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཛིན་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་གོ། །རྡོ་རྗེ་ནི་དཀྱིལ་འཁོར་པ་རྣམས་ཏེ། དེ་དག་འཛིན་པ་ནི་སྤྲོ་བར་བྱེད་པས་ན་རྡོ་རྗེ་འཛིན་ཏེ་ལས་

เล่ม ๒๙ · หน้า 97b

ཀྱི་རྒྱལ་བ་མཆོག་གོ། །རྡོ་རྗེ་ནི་རྡོ་རྗེའི་བཟླས་པ་སྟེ། དེ་ཉིད་འཇུག་པ་ལ་སོགས་པའི་རིམ་པས་འཛིན་པས་ན་རྡོ་རྗེ་འཛིན་ཏེ་རྡོ་རྗེའི་བཟླས་པའོ། །རྡོ་རྗེ་ནི་རྣམ་པར་ཤེས་པ་གསུམ་ཏེ། དེ་རྣམས་འོད་གསལ་བ་ལ་ཞུགས་པས་འཛིན་པ་ནི་རྣམ་པར་དག་པ་སྟེ་རྡོ་རྗེ་འཛིན་ཏོ། །དེ་ནི་

སེམས་རྣམ་པར་དག་པའོ། །རྡོ་རྗེ་ནི་མི་གཡོ་བའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ཉིད་འཛིན་པ་ནི་འོད་གསལ་བ་ལས་སྤྲོ་བར་བྱེད་པས་ན་རྡོ་རྗེ་འཛིན་ཏེ་བདག་ལ་བྱིན་གྱིས་བརླབ་པའོ། །རྡོ་རྗེ་ནི་འདོད་ཆགས་ལ་སོགས་པ་རྣམ་པ་གསུམ་སྟེ། དེ་རྣམས་འཛིན་པ་ནི་བཞི་པའི་མན་

ངག་གིས་མི་སྣང་བར་བྱེད་པས་ན་རྡོ་རྗེ་འཛིན་ཏེ་མངོན་པར་བྱང་ཆུབ་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པས་ཤེས་ན་རྡོ་རྗེ་འཛིན་ཏེ་ཟུང་འཇུག་གོ། །བ་ནི་ཐབས་སོ། །ཛྲ་ནི་ཤེས་རབ་བོ། །དེ་དག་གཉི་ག་འཛིན་པ་ནི་ཡང་

དག་པར་སྦྱོར་བས་ན་རྡོ་རྗེ་འཛིན་ཏེ་རང་བཞིན་ནོ། །དེ་བཞིན་དུ་རྡོ་རྗེ་དང་རྡོ་རྗེ་ནི་རྡོ་རྗེ་དག་སྟེ་གསུངས་པ་རྣམས་ཀྱི་བྱེད་ཚིག་གཅིག་ལ་གཅིག་ལུས་པར་འགྱུར་རོ་ཞེས་བྱ་བས། རྡོ་རྗེའི་སྒྲ་གཅིག་ནི་བྱེ་བར་འགྱུར་རོ། །གཉིས་པ་ནི་ལུས་པར་འགྱུར་རོ། །དེས་ནི་དོན་འདི་ཡིན་ཏེ་གཅིག་ནི་རྡོ་རྗེ་རྡོ་

རྗེ་ཁོ་ནའོ། །གཉིས་པ་ནི་རྡོ་རྗེས་ནང་ན་མཚན་པའི་ཕྱིར་རྡོ་རྗེ་སྟེ་པདྨའོ། །སྐྱེས་བུའི་རྟགས་མཚུངས་མི་ཡི་སྣ་དག་ནི། །འདྲ་བའི་པགས་པས་གཡོགས་སུ་བྱས་པ་སྟེ། །འཇམ་ཞིང་ཕྲ་བའི་དཀྱིལ་འཁོར་རྩེ་མོ་ཅན། །མེ་ཏོག་སྙིང་པོའི་ཁ་སྦྱོར་ནང་དང་མཚུངས། །རྒྱ་ཆེན་དཔལ་

གྱི་བེའུ་འདབ་མཚུངས་པ་ཡི། །ཡན་ལག་ཅན་གྱི་སྤྱི་བོའི་ཆ་ལ་བརྟེན། །བུད་མེད་དབང་པོ་གཉིས་པོ་དེ་འདོད་པས། །སོར་མོའི་རྩེ་མོས་དེ་ནི་ཤིན་ཏུ་བཙིར། །ཞེས་འབྱུང་ངོ་། །རྡོ་རྗེ་དང་པདྨ་དེ་དག་འཛིན་པ་ནི་བསྡུས་པ་ནས་རྒྱུའོ། །རྡོ་རྗེ་ནི་ཧཱུཾ་དང་ཕཊ་ལ་སོགས་པ་ཆར་རེངས་པ་

དང་བསྐྱེད་པའི་ས་བོན་དེ་དག་དགོད་ཅིང་འཛིན་པར་བྱེད་པས་ན་རྡོ་རྗེ་འཛིན་དེ་ལས་སོ། །རྡོ་རྗེ་ནི་རང་གི་རིག་པ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་འཛིན་པ་ནི་ཉམས་སུ་མྱོང་བས་རྡོ་རྗེ་འཛིན་ཏེ་འབྲས་བུའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པས་སོ་སོར་སྡུད་པ་ལ་

เล่ม ๒๙ · หน้า 98a

སོགས་པའི་ཡན་ལག་དྲུག་གི་རྣལ་འབྱོར་དེ་འཛིན་པ་ནི་རྟག་ཏུ་གོམས་པས་ན་རྡོ་རྗེ་འཛིན་ཏེ་རྣལ་འབྱོར་རོ། །རྡོ་རྗེ་ནི་དམ་ཚིག་ཆེན་པོ་ལྔ་སྟེ། དེ་འཛིན་པ་ནི་སྟོན་པའམ་སྤྱོད་པས་ན་རྡོ་རྗེ་འཛིན་ཏེ་སྒྲུབ་པའོ། །དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་

གང་ལ་ཡོད་པ་དེ་ནི་དཔལ་ལྡན་ནོ། །དེ་བཞིན་གཤེགས་པ་ཀུན་ནི་རིགས་ཀྱི་གཙོ་བོ་ལྔས་མཆོད་པ་ནི་མཆོད་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀུན་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཆོག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། དེ་རྣམས་ཀྱི་ནང་ན་ཀུན་

མཁྱེན་ནི་རྡོ་རྗེ་འཆང་ཆེན་པོས་སོ། །བསྒོམ་པ་མཆོག་ནི་ཐམས་ཅད་ཀྱི་ཕུལ་དུ་བྱུང་བའི་ཏིང་ངེ་འཛིན་གྱི་ཁྱད་པར་བཀའ་སྩལ་པ་ནི་གསུངས་སོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་སྙིང་ག་སྟེ། དེའི་དབུས་སུ་གནས་པ་ནི་ཟླ་བའི་དཀྱིལ་

འཁོར་ཏེ། ཡི་གེ་གསུམ་ལས་བྱུང་བ་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་སངས་རྒྱས་ཀྱི་སྐུ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། ཡེ་ཤེས་སེམས་དཔའི་གཟུགས་རྣམ་པར་བསྒོམས་ཤིང་ཕྲ་མོའི་རྣལ་འབྱོར་ནི་ཐིག་ལེ་བསྒོམ་པ་བརྩོན་པར་བྱའོ། །ཇི་ལྟར་ཞེ་ན། སྣའི་

རྩེ་མོ་ནི་ཡེ་ཤེས་སེམས་དཔའི་རྡོ་རྗེ་ལ་སོགས་པའི་སྣའི་རྩེ་མོར་རོ། །ཡུངས་ཀར་ནི་སྔགས་ལ་སོགས་པའི་ཐིག་ལེ་བསམ་པར་བྱའོ། །དེས་ནི་སེམས་དབང་དུ་བྱ་བ་ཡིན་ནོ། །སེམས་དབང་དུ་བྱ་བ་བསྟན་པར་བྱ་སྟེ། འགྲོ་དང་མི་འགྲོ་ཡུངས་ཀར་དེ་ལ་བསྒོམ་པར་བྱ་སྟེ། དེའི་རང་

བཞིན་བསམ་པར་བྱ་བའམ། འགྲོ་དང་མི་འགྲོ་བར་དེར་ཐིམ་པར་བྱའོ། །བསྟན་པ་དང་གཡོ་བ་ཁྱད་པར་བསྟན་ནས། རིགས་ལྔའི་རང་བཞིན་བསྟན་པར་བྱ་སྟེ། ཡེ་ཤེས་ནི་མི་བསྐྱོད་པའོ། །གནས་ནི་རྣམ་པར་སྣང་མཛད་དོ། །ཉམས་དགའ་བ་ནི་འོད་དཔག་ཏུ་མེད་པའོ། །གསང་

བ་ནི་རིན་ཆེན་འབྱུང་ལྡན་ནོ། །ཡེ་ཤེས་ཀྱི་བརྟག་པ་ནི་དོན་ཡོད་གྲུབ་པ་སྟེ། དེ་རྣམས་ཀྱི་རང་བཞིན་དུ་བསྒོམ་པར་བྱ་བ་ནི་བསམ་པར་བྱའོ། །ལེའུ་བཅོ་བརྒྱད་པ་ལས་ཀྱང་། སྣའི་རྩེ་མོར་ཡུངས་ཀར་ཞེས། །སྲོག་དང་རྩོལ་བ་བརྟག་པ་སྟེ། །སངས་རྒྱས་ངོ་བོ་འོད་ཟེར་ལྔ། །སྲོག་དང་རྩོལ་

เล่ม ๒๙ · หน้า 98b

ལ་གནས་པའོ། །ཞེས་འབྱུང་ངོ་། །འདིར་ནི་རིགས་པ་འདི་ཡིན་ཏེ། གང་ཞིག་བདེ་བ་ཆེན་པོའི་ངོ་བོའི་གཟུགས་ཐིག་ལེ་ཙམ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་མི་བསྐྱོད་པའོ། །གང་ཞིག་སྣང་བར་གྱུར་པའི་གཟུགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་སྟེ་རྣམ་པར་སྣང་མཛད་དོ། །

གང་ཞིག་འགྲོ་བ་དང་མི་འགྲོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ནི་སྣང་བ་མཐའ་ཡས་སོ། །དབང་པོ་ཐམས་ཅད་དང་རྣམ་པར་ཤེས་པ་དང་། ཁམས་དྲུག་པོ་རོ་གཅིག་པར་གྱུར་པའི་མཚན་ཉིད་ཅན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་རིན་

ཆེན་འབྱུང་ལྡན་ནོ། །གང་ཞིག་འདི་འོད་ཟེར་མ་ལུས་པའི་སྤྲོ་བའི་མཚན་ཉིད་ཅན་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ་དོན་ཡོད་གྲུབ་པའོ། །དེས་ནི་འདི་བཤད་པ་ཡིན་ཏེ། ཡུངས་ཀར་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསམ་པར་བྱའོ། །དེས་ནི་ཡེ་ཤེས་སེམས་དཔའི་

སྒོ་ནས་ཕྲ་མོའི་རྣལ་འབྱོར་བསྟན་པའོ། །ད་ནི་དམ་ཚིག་སེམས་དཔའི་སྒོ་ནས་རིགས་ཀྱི་དབྱེ་བས་ཕྲ་མོའི་རྣལ་འབྱོར་བཤད་པར་བྱ་སྟེ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་པདྨའི་སྣ་སྟེ། དེའི་དབུས་སུ་གནས་པའི་ཉི་མའི་དཀྱིལ་འཁོར་ནི་རྣམ་པར་རྟོག་

པ་མ་ལུས་པ་བསྲེག་པའི་ངོ་བོ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མི་བསྐྱོད་པའི་གདན་དུ་གྱུར་པ་རྩ་དབུས་མ་ལ་བསམ་པར་བྱའོ། །ཉི་མའི་གདན་དེ་ཉིད་ཀྱི་སྟེང་དུ་སངས་རྒྱས་ཀྱི་སྐུ་ནི་མི་བསྐྱོད་པའི་སྐུ་སྟེ། ཞལ་གསུམ་ཕྱག་དྲུག་པ་མཱ་མ་ཀཱི་དང་སྙོམས་པར་ཞུགས་པ་རྣམ་པར་བསྒོམས་

ཏེ། དེའི་རྗེས་ལ་ཆགས་པ་ཆེན་པོའི་མེས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བ་འོད་དུ་ཞུ་བ་བསམས་ལ་གནས་ནི་ཐིག་ལེ་ཙམ་དུ། དེའི་སྟེང་དུ་ནི་རྩ་དབུས་མའི་གཞིར་གྱུར་པའི་ཉི་མའི་དཀྱིལ་འཁོར་ལ་དགོད་པར་བྱའོ། །འདིར་ནི་སྔགས་འདི་ཡིན་ཏེ། ཧཱུཾ་སྔགས་འདི་བརྗོད་ནས་སྣའི་

རྩེ་མོར་ཐིག་ལེ་བསམ་པར་བྱའོ། །དེའི་རང་བཞིན་ཐིག་ལེ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །ལ་ལ་ན་རེ་དེའི་ཡེ་ཤེས་སེམས་དཔའི་སྔགས་ཀྱི་ཐིག་ལེ་དེའི་རྣམ་པ་ཡིན་ནོ་ཞེས་ཟེར་རོ། །ལྟེ་བའི་མི་བསྐྱོད་པ་གཙོ་བོར་གྱུར་པའི་ཕྲ་མོའི་རྣལ་འབྱོར་བསྒོམས་ལ་རྣམ་པར་སྣང་མཛད་ལ་

เล่ม ๒๙ · หน้า 99a

སོགས་པའི་གཙོ་བོར་གྱུར་པ་བཤད་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་པདྨའི་སྣའི་ནུབ་ཕྱོགས་སུ་རྩ་ལྷ་སྦྱིན་མའི་དབུས་སུ་གནས་པ་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་བསམས་ཏེ།

སྤྱན་གྱི་ཚུལ་དུ་སྦྱོར་བ་ལ། །ཞེས་བྱ་བ་ནི་ལྷ་མོ་སྤྱན་དང་སྙོམས་པར་ཞུགས་པའི་རྟག་པ་བསྒོམས་ཏེ། རྡོ་རྗེ་པདྨ་ནི་དེ་དག་གིས་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་ཇི་སྲིད་ཆགས་པའི་མེས་ཞུ་ཞིང་སྔ་མ་བཞིན་དུ་ཐིག་ལེ་ཙམ་དུ་དེ་ཉིད་བསྒོམ་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་

འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ནམ་མཁའི་དབྱིངས་ནི་པདྨའི་དབུས་སུ་གནས་པའི་གཡས་ཕྱོགས་སུ་རྩ་རུས་སྦལ་མ་ལ་རིན་ཆེན་དཀྱིལ་འཁོར་ནི་རིན་ཆེན་འབྱུང་ལྡན་གྱི་གདན་དུ་གྱུར་པ་ཉི་མའི་དཀྱིལ་འཁོར་བསྒོམ་སྟེ། དེའི་སྟེང་དུ་དང་པོ་སྦྱོར་བ་སྟེ་དང་པོ་སྦྱོར་

བ་ལ་སོགས་པའི་རིམ་པས་འབྱུང་བ་རང་གི་ལྷ་མོ་དང་སྙོམས་པར་ཞུགས་པ་རིན་ཆེན་འབྱུང་ལྡན་ནན་ཏན་གྱིས་ནི་ཡང་སྔ་མ་བཞིན་དུ་ཞུ་བ་བསམས་ཏེ། དེ་ཉིད་ཙམ་དུ་བསྒོམ་པར་བྱ་སྟེ། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ནམ་

མཁའི་དབྱིངས་ནི་པདྨ་ཉིད་ཀྱི་དབུས་སུ་གཡོན་ཕྱོགས་སུ་རྩ་ཟླ་བ་མ་ལ་འོད་ཟེར་གཙོ་བོར་གྱུར་པའི་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་སངས་རྒྱས་ཚུལ་ནི་སྣང་བ་མཐའ་ཡས་ཀྱི་སྐུ་ཞི་བའི་ངོ་བོ་འཁོར་གོས་དཀར་མོ་དང་བཅས་པར་བསམས་ཏེ། ཁྱད་པར་ནི་སྔ་མ་

བཞིན་དུ་འོད་དུ་ཞུ་བ་དེ་ཉིད་ལ་ཐིག་ལེ་ཙམ་དུ་བསྒོམ་པར་བྱ་སྟེ། སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་རྩ་ལ་ཨུཏྤལ་མཐིང་གའི་མདོག་འདྲ་བ་ཞེས་པ་ནི་དོན་ཡོད་གྲུབ་པ་སྟེ། རྩེ་མོ་ལྔ་པ་ནི་རིགས་ལྔ་ཉེ་བར་སྡུད་པར་བྱེད་པ་ལྷ་མོ་

སྒྲོལ་མ་དང་སྙོམས་པར་ཞུགས་པ། ཁྱད་པར་དུ་ཞེས་པ་ནི་འོད་དུ་ཞུ་ཞིང་ཐིག་ལེ་ཙམ་གྱི་ངོ་བོ་ནས་ཀྱི་འབྲུ་ཙམ་ཞེས་པ་ཚད་དེ་ཉིད་ཀྱིས་ཉེ་བར་མཚོན་པ་སྣའི་རྩེ་མོར་ནི་རྩ་ནོར་རྒྱལ་མ་དེ་ཉིད་ལ་བསམ་པར་བྱ་སྟེ། ལས་ཀྱི་རིགས་ཀྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །པདྨའི་

เล่ม ๒๙ · หน้า 99b

སྣའི་རྩེ་མོར་ཐིག་ལེ་བསྒོམ་པར་བྱ་སྟེ། རྡོ་རྗེ་ལ་ཡང་བཤད་པར་བྱ་བའི་ཕྱིར། ཙ་ན་ཀ་ཡི་འབྲུ་ཙམ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བུ་གའི་ནང་དུ། འདབ་མ་བརྒྱད་པ་གེ་སར་བཅས། །ཞེས་པ་ནི་སྔ་མ་བཞིན་དུ་རྩ་གཡོན་པ་ལ་ཙ་ན་ཀའི་འབྲུའི་ཚད་ཙམ་

བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པ་སྣང་བ་མཐའ་ཡས་སྔ་མ་བཞིན་དུ་འོད་དུ་ཞུ་བ་ཁ་དོག་ལྔ་པ་ཐིག་ལེའི་ངོ་བོ་བྱང་ཆུབ་གཞོལ་བར་གྱུར་པ་ནི་སྣང་བ་མཐའ་ཡས་རྣལ་འབྱོར་པས་བསམ་པར་བྱ་སྟེ། སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པའི་ཕྲ་མོའི་རྣལ་འབྱོར་རོ། །

འཁོར་ལོ་ལ་སོགས་པ་ཁྱད་པར་དུ་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རྡོ་རྗེའི་རྩེ་མོར་དེ་ཉིད་གཡས་དང་ཤར་དང་ནུབ་དང་དབུས་རྣམས་སུ་འཁོར་ལོ་ལ་སོགས་པར་བསམ་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྲ་མོའི་རྣལ་འབྱོར་

བསྒོམ་པར་བྱའོ། །དེ་ལྟར་བྱས་ནས་བྱང་ཆུབ་གྲུབ་པར་གྱུར་པ་ནི་མི་བསྐྱོད་པ་འགྲུབ་པར་འགྱུར་བའོ། །གནས་ནི་རིན་ཆེན་འབྱུང་ལྡན་གྲུབ་པོ། །ཉམས་དགའ་བ་ནི་སྣང་བ་མཐའ་ཡས་གྲུབ་པོ། །དངོས་གྲུབ་ཐམས་ཅད་ནི་རྣམ་པར་སྣང་མཛད་གྲུབ་པོ། །ཡོན་ཏན་ནི་ཞི་བ་ལ་སོགས་

པའི་ལས་རྣམས་ཀྱི་གནས་ནི་གདོན་མི་ཟ་བ་གྲུབ་སྟེ། དངོས་གྲུབ་དེ་རྣམས་ལྔ་པོ་རྣལ་འབྱོར་པས་འགྲུབ་པར་འགྱུར་ཞེས་ཚིག་གི་དོན་ཏོ། །རང་གི་སེམས་དབང་དུ་བྱས་ལ། གཞན་གྱི་དོན་གྲུབ་པར་བྱ་བའི་ཕྱིར། སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།

མདོར་ན་ཞེས་པ་ཅིག་ཅར་དུ་སངས་རྒྱས་ནི་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་བྱང་ཆུབ་ནི་རང་རང་གི་ཤེས་རབ་མ་སྟེ་དེ་རྣམས་ཀྱི་བྷ་གར་གནས་པའོ། །དེ་བཞིན་དུ་ཆོས་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དང་། གནས་ནི་དོན་ཡོད་གྲུབ་པའི་རིགས་ཅན་དང་། སྐུ་

གསུང་ཐུགས་ཀྱིས་མཚན་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན་དུ་དེ་རྣམས་སྤྲོ་བར་བྱའོ། །ཡང་ན་རྩ་ལྔ་རྩེ་མོ་དེ་རྣམས་ཀྱི་གང་ཞིག་ཐིག་ལེ་དེ་རྣམས་བསྒོམ་པ་དེ་དག་སངས་རྒྱས་ནི་དེ་བཞིན་གཤེགས་པའི་རང་བཞིན་ཏེ། བྱང་ཆུབ་གནས་པ་ནི་རྩ་

เล่ม ๒๙ · หน้า 100a

དབུས་མ་ལ་རོ་གཅིག་པར་གྱུར་པ་ཉིད་དུ་བྱའོ། །དེ་བྱས་ནས་སྐུ་ལ་སོགས་པའི་རིགས་ཅན་གྱི་དེ་བཞིན་གཤེགས་པ་རྣམས་དེ་ཉིད་ལས་སྤྲོ་བར་བྱ་སྟེ་རྫོགས་པའི་རིམ་པའོ། །ཕྲ་མོའི་རྣལ་འབྱོར་གྱི་འོག་རོལ་དུ་མཆོད་པའི་རིམ་པ་བཤད་པར་བྱ་སྟེ། མཆོད་

པ་དེ་ཡང་རྣམ་པ་གསུམ་སྟེ། གསང་བའི་མཆོད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། མཆོད་པ་ཆེན་པོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་རིགས་པའི་རྡོ་རྗེ་སྟེ། དེ་འཛིན་ནི་པདྨའི་ནང་དུ་ཞུགས་པར་མཛད་པས་ན་རྡོ་རྗེ་འཛིན་ཏེ་རྒྱུའོ། །རྡོ་རྗེ་ནི་ཆོས་ཀྱི་

དབྱིངས་ཀྱི་ཡེ་ཤེས་ཏེ་དེ་འཛིན་པས་ན་རྡོ་རྗེ་འཛིན་ཏེ་འབྲས་བུའོ། །རྡོ་རྗེ་བདུད་རྩི་ནི་ལྕགས་ཀྱུ་རྣམས་ཏེ་དེ་འཛིན་པ་ནི་སྤྱོད་པར་བྱེད་པས་ན་འཛིན་ཏེ་དེ་སྒྲུབ་པའོ། །དཔལ་ནི་རང་སྣང་བའི་ཤེས་རབ་མ་སྟེ། དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ཏེ་རང་བཞིན་ནོ། །དཔལ་ནི་ཡེ་ཤེས་ཕུན་

སུམ་ཚོགས་པ་སྟེ། དེ་གང་ལ་ཡོད་པ་སྟེ་རྫོགས་པའི་རིམ་པའོ། །དཔལ་ནི་བདུད་རྩི་མྱོང་བ་སྟེ་དེ་གང་ལ་ཡོད་པ་སྟེ་སྒྲུབ་པའོ། །ཀུན་ནི་གསང་བའི་མཆོད་པ་དང་། དོན་ནི་མཆོད་པ་ཆེན་པོས་ཏེ། དེ་རྣམས་སྟོན་པར་མཛད་པས་ན། དེ་ཉིད་དོན་ཀུན་སྟོན་པ་པའོ། །སྤྱོད་པ་

ཀུན་ནི་རྣམ་པ་གསུམ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་རྣམས་སོ། མཆོག་ནི་དེ་དག་གི་ཕུལ་དུ་བྱུང་བའོ། །ལེགས་དག་པ་ནི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པའོ། །གསང་བ་དམ་པ་ནི་མཆོད་པ་རྣམ་པ་གསུམ་རྡོ་རྗེ་འཛིན་དེས་

བཀའ་སྩལ་ཏོ་ཞེས་སྟོན་ཏོ། །གཟུགས་དང་སྒྲ་དང་རོ་ལྡན་པ། །ཞེས་བྱ་བ་ལ་སོགས་པ་ལ། །དྲུག་ཅེས་པ་ནི་དྲུག་གི་གྲངས་དང་ལྡན་པ་ཟླ་བ་ནི་ཟླ་བ་རེ་རེ་ལ་མེ་ཏོག་འབྱུང་བའི་ཕྱིར། ཟླ་བ་དྲུག་ནི་རིགས་དྲུག་ལས་བྱུང་བའི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། དམ་ཚིག་གི་

ཕྱག་རྒྱ་མ་རྣམས་བསྒོམ་པར་བྱའོ། །གང་གིས་ཤེ་ན། གཟུགས་དང་སྒྲ་ལ་སོགས་པའི་འདོད་པའི་ཡོན་ཏན་རྣམས་དང་ལྡན་པས་སོ། །གཞན་ཇི་ལྟ་བུ་ཞེ་ན། ཤེས་རབ་ཅན་གྱི་ནི་ཕྱག་རྒྱ་མ་དེ་རྣམས་དང་ལྡན་པས་གལ་ཏེ་བསྒོམ་པ་ནི་སྔར་བཤད་པའི་རིམ་པས་སྙོམས་པར་ཞུགས་

เล่ม ๒๙ · หน้า 100b

པར་བྱེད་ན་དེའི་ཚེ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་ཚིག་གི་ལྷག་མའོ། །དེའི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུ་དང་། གསང་བའི་མཆོད་པ་དང་། སྤྲོས་པ་དང་བཅས་པའི་སྤྱོད་པ་རྣམས་སོ། །ཡང་ན་ཟླ་བ་དྲུག་ནི་བཤང་གཅི་ལ་སོགས་པ་ལྔ་དང་ལྕགས་

ཀྱུ་ལྔ་གཅིག་སྟེ་དྲུག་གོ། །དེ་རྣམས་གཟུགས་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་དང་ལྡན་པ་ནི་སྦྱང་བ་ལ་སོགས་པའི་རིམ་པས་དྲི་མ་མེད་པར་བྱས་ཏེ། ཤེས་རབ་ཅན་ནི་སྨོད་པ་མེད་པའི་རྣལ་འབྱོར་པས་གལ་ཏེ་སྤྱོད་པར་བྱེད་ན་དེའི་ཚེ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་

རོ་ཞེས་ཚིག་གི་ལྷག་མའོ། །དེ་ནི་སྒྲུབ་པ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་སྤྲོས་པ་མེད་པའི་སྤྱོད་པ་རྣམས་སོ། །ཡང་ན་གོ་ཀུ་ད་ཧ་ནའི་ཤ་ལྔ་དང་། དབང་པོའི་དྲི་མ་སྟེ་ཟླ་བ་དྲུག་གོ། །གཟུགས་དང་སྒྲ་དང་དྲི་དང་རོ་ལ་སོགས་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་ལ།

གང་ཞིག་ཤེས་རབ་ཅན་གྱི་རིམ་པས་བསྒོམ་པ་ནི་གཏོར་མ་ཕུལ་ན་དེའི་ཚེ་རྣལ་འབྱོར་པ་དེ་ནི། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་རོ། །དེ་ནི་སྒྲུབ་པ་དང་མཆོད་པ་ཆེན་པོ་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་རྣམས་སོ། །འདི་ཉིད་བཤད་པར་བྱ་བའི་ཕྱིར། །གསང་

བ་དེ་ཉིད་མཆོད་ཆེན་གྱིས། །ཞེས་བྱ་བ་ལ་སོགས་པ་ལ་གསུངས་ཏེ། མཆོད་པ་དེ་དག་རྣམ་པ་གསུམ་གྱིས་མཆོད་པ་བྱས་ལ་བསྒོམ་པར་བྱ་བ་ནི་ཁྱད་པར་དུ་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་ཏེ་སྒྲུབ་པའོ། །དེ་ཁོ་ན་ཉིད་དང་གསང་བའི་མཆོད་པ་དང་མཆོད་པ་ཆེན་པོ་དག་

རྒྱ་ཆེ་བར་བཤད་པར་བྱ་སྟེ། བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ། བཤང་གཅི་དག་ཉེ་བར་མཚོན་པའི་ཕྱིར་རྫས་ལྔ་སྟེ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་འབྲས་བུ་འདོད་པས། ཁྱད་པར་གྱི་

ཞག་ལ་བརྟེན་ཅིང་གལ་ཏེ་སྤྱོད་ན་དེའི་ཚེ་དེ་ལ་བླ་མེད་དེ་དེ་ཁོ་ན་ཉིད་ནི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཡིད། དེ་བཞིན་དུ་བྱང་ཆུབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། སྐྱོན་མེད་པ་ནི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་འགྱུར་ཏེ་སྒྲུབ་པ་ཉིད་དོ། །ཇི་སྐད་དུ། དེ་དུས་

เล่ม ๒๙ · หน้า 101a

བརྩམས་ཏེ་དེ་ནི་རྟོག་པ་མེད། །དེ་མཆོག་དབྱིབས་དང་ཕྱག་མཚན་ཅི་འདོད་པ། །བསམ་གྱིས་མི་ཁྱབ་རྣམ་པར་སྨིན་པའི་སྐུ། །སྡོམ་པ་དེ་ལས་བྱ་བ་བྱས་པ་བསྒོམ། །ཞེས་འབྱུང་ངོ་། །ཡང་བཤང་གཅི་ལ་སོགས་པའི་ཕུང་པོ་ལྔ་སྟེ། དེ་དག་ཟོས་པ་ནི་

སེམས་རྣམ་པར་དག་པའི་རིམ་གྱིས་འོད་གསལ་བར་ཞུགས་པ་གང་ཡིན་པ་དེ་རྣམས་ཟས་སུ་བཤང་གཅི་ཟ་བ་སྟེ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །འབྲས་བུ་འོད་གསལ་བ་དོན་དུ་གཉེར་བས་ན་འབྲས་བུ་འདོད་པའོ། །ཡང་དག་བླ་མེད་ནི་སེམས་དང་སེམས་ལས་

བྱུང་བ་སྤོང་བས་མཆོག་ཏུ་གྱུར་པའོ། །བྱང་ཆུབ་ནི་འོད་གསལ་དྲི་མ་མེད་པས་ན་སྐྱོན་མེད་པ་དེ་དང་འདྲ་བའི་རྣལ་འབྱོར་པ་ལ་འགྲུབ་པར་འགྱུར་ཏེ། སེམས་རྣམ་པར་དག་པའི་རིམ་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །ཟས་སུ་ཤ་རྣམས་ཞེས་བྱ་བ་ལ་སོགས་པས་མཆོད་པ་

ཆེན་པོ་བསྟན་པར་བྱ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པའི་དོན་དུ་གལ་ཏེ་ལྷ་བཤོས་ཕུལ་ན་དེའི་ཚེ་ཤ་དབུལ་བར་བྱའོ། །རིགས་ཐམས་ཅད་ཀྱི་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཤ་ཆེན་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་མི་རོའི་ལུས་ལས་བྱུང་བ་དེ་དང་འདྲ་བ་རབ་བརྟགས་པ་ནི་

དབུལ་བ་དང་སྤྱོད་པར་བྱའོ། །འདིར་མན་ངག་ནི་སྐྱེ་བ་བདུན་པ་ལ་སོགས་པ་མཚན་ཉིད་དང་ལྡན་པའམ། ལྕེབས་ནས་ཤི་བའི་སྐྱེས་པའི་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པའི་ཆོ་གས། མཆོད་པ་སྔོན་དུ་འགྲོ་བ་བླངས་ཏེ། དེ་ཉིད་ཀྱི་ལག་པར་མཚོན་ཆ་སྦྱིན་ཞིང་དེས་བྱིན་པ་ལུས་

ཀྱི་དུམ་བུ་བྱིན་པ་གང་ཡིན་པ་དེ་ནི་ཤ་ཆེན་ཏེ། ལྷ་རྣམས་ལ་ཕུལ་ན་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་མཁས་པ་རྣམས་ཀྱིས་གསུངས་སོ། །དེ་ལྟར་བྱས་ནས་སྐུ་གསུང་ཐུགས་ནི་སྐུ་ལ་སོགས་པ་གསུམ་མམ། དེ་བཞིན་གཤེགས་པ་རིགས་ལྔ་འགྲུབ་པར་འགྱུར་བ་ནི་འཁོར་ལོའི་

རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་རྩོལ་བ་མེད་པས་འགྲུབ་པར་འགྱུར་རོ། །གསང་བ་ནི་རོ་ལངས་པའི་ཆོ་ག་ཡང་འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། དངོས་གྲུབ་ཐམས་ཅད་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་སུ་ཤེས་པའི་དངོས་གྲུབ་རྣམས་

เล่ม ๒๙ · หน้า 101b

སྟེར་བ་སྟེ། དངོས་གྲུབ་ཐམས་ཅད་སྟེར་བའོ། །དེ་ནི་སྒྲུབ་པ་དང་མཆོད་པ་ཆེན་པོའོ། །ཡང་ན་ཤ་ནི་རྣམ་པར་ཤེས་པ་གསུམ་མོ། །དེ་རྣམས་བཟའ་བ་ནི་སྣང་བ་ལ་སོགས་པའི་རིམ་པས་མི་སྣང་བར་བྱེད་པའོ། །ཤ་ཆེན་ནི་དེ་ཉིད་འོད་གསལ་བར་བརྟགས་པར་བསྒོམ་པར་བྱའོ། །དེ་ལྟར་

བྱས་ནས་སྐུ་གསུང་ཐུགས་འགྲུབ་པར་འགྱུར་བ་ནི་ལུས་ངག་ཡིད་བསྐྱེད་པའི་རྒྱུར་གྱུར་པ་རང་བཞིན་རྣམས་བཀག་པས་སོ། །གསལ་བ་ནི་ཐམས་ཅད་སྟོང་པའི་གོ་འཕང་ངོ་། །དངོས་གྲུབ་ཐམས་ཅད་སྟེར་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དངོས་

གྲུབ་སྟེར་བར་འགྱུར་ཞེས་སྟོན་ཏོ། །དེ་ནི་སེམས་རྣམ་པར་དག་པའོ། །ཤའི་སྐབས་སུ་གཞན་ཡང་བཤད་པར་བྱ་བའི་ཕྱིར། གླང་པོའི་ཤ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་ཆེ་ལ་སོགས་པ་གསུམ་ནི་འཇིག་རྟེན་ལས་འགལ་བའི་སྲོག་ཆགས་སོ། །དེ་བཞིན་

གྱི་སྒྲས་ནི་བ་ལང་ཡང་སྟོབས་སོ། །དམ་པ་ནི་སྐྱེས་པའིའོ། །སྲོག་ཆགས་དེ་རྣམས་ཀྱི་ཤ་བླངས་ཏེ། ཨོཾ་ཏྲཱཾ་ཧྲཱིཿཧཱུཾ་ཁཾ་ཞེས་བྱ་བའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་ལ་ཁྲོ་བོའི་རྒྱལ་པོ་རྣམས་ལ་ཕུལ་ཞིང་དེ་ནས་བདག་ཉིད་ཀྱིས་བཟའ་བར་བྱའོ། །ཟས་ཀྱི་ཕྱིར་ཟས་གཞན་མ་རྣམས་

ཞེས་པ་ནི་དེ་མ་ཡིན་པའི་ཟས་བཟའ་བར་མི་བྱ་སྟེ། ཞི་བའི་ཟས་ནི་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ལ་དགོས་པ་མ་ཡིན་ཏེ་སྒྲུབ་པའོ། །ཡང་ན་གླང་པོ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཟུགས་གླང་པོ་མོའི་རེག་པས་ཕྱི་རོལ་དུ་ཆགས་པའི་ཕྱིར་རོ། །རྟ་ནི་རྣ་བའི་རྣམ་པར་ཤེས་པ་

སྟེ། སྒྲའི་རྩྭ་ལ་སོགས་པ་ལ་ཆགས་པའི་ཕྱིར་རོ། །ཁྱི་ནི་སྣའི་རྣམ་པར་ཤེས་པ་སྟེ། དྲིའི་ཟས་ལ་ཆགས་པའི་ཕྱིར་རོ། །བ་ལང་ནི་ལྕེའི་རྣམ་པར་ཤེས་པ་སྟེ་རོའི་གནས་ལ་རྟག་ཏུ་ཆགས་པའི་ཕྱིར་རོ། །སྐྱེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པ་སྟེ་རེག་བྱ་མེད་པས་ཤི་བ་འདོད་ཕྱིར་

རོ། །དེ་རྣམས་ཀྱི་ཤ་ནི་ཡུལ་ལྔ་སྟེ། དེ་རྣམས་བཅུ་བཟའ་བར་བྱ་བ་ནི་མངོན་པར་བྱང་ཆུབ་ཀྱི་རིམ་པས་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་དག་གིས་འོད་གསལ་བ་ལ་འཇུག་པར་བྱའོ། །ཟས་གཞན་དག་ནི་མ་ཟོས་ན་ཞེས་བྱ་བ་ལ་མངོན་པར་བྱང་ཆུབ་པའི་རིམ་པ་

เล่ม ๒๙ · หน้า 102a

ལ་གནས་པའི་རྣལ་འབྱོར་པས་ཟས་ནི་ཁམ་གྱི་ཟ་བའི་མཚན་ཉིད་ཅན་གྱིས་ཟ་བར་མི་བྱ་སྟེ། བསམ་གཏན་ཟ་བ་ཅན་གྱི་རྣལ་འབྱོར་པས་གནས་པར་འགྱུར་རོ་ཞེས་སྟོན་ཏོ། །མངོན་པར་བྱང་ཆུབ་པའི་རིམ་པའོ། །མཆོད་པ་རྣམ་པ་གསུམ་གྱི་འབྲས་བུ་བསྟན་

པར་བྱ་སྟེ། མཉེས་པར་གྱུར་པ་ནི་དེ་ལྟ་བུའི་རྣལ་འབྱོར་པས་སངས་རྒྱས་ནི་དེ་བཞིན་གཤེགས་པ་རྣམས་མཉེས་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པ་སྟེ། དེ་ཉིད་ཀྱི་བློ་ནི་ཤེས་རབ་མ་རྣམས་ཏེ་དེ་རྣམས་གང་ལ་ཡོད་པ་དེ་ནི་བློ་ཅན་ཏེ་རིགས་མཐུན་པ་ཉིད་

ཀྱིས་ཁྲོ་བོའི་རྒྱལ་པོ་རྣམས་སོ། །དེ་རྣམས་ཡང་མཉེས་པར་གྱུར་པ་སྟེ། དཀྱིལ་འཁོར་པ་མ་ལུས་པ་མཉེས་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་འདི་ལྟ་བུའི་སྦྱོར་བ་ནི་རྣམ་པ་གསུམ་གྱི་མཆོད་པའི་རིམ་པས་མྱུར་དུ་ནི་ཡུན་རིང་པ་མ་ཡིན་པར་སངས་རྒྱས་ཉིད་ཐོབ་པར་འགྱུར་ཏེ།

ཐབས་མང་བ་ཡོད་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་བཞིན་དུ་འདོད་ཁམས་ནི་གནས་ཉི་ཤུ་སྟེ་དེ་ལ་དབང་ཕྱུག་ནི་གཙོ་བོ་སྟེ་མཆོད་པའི་རིམ་པས་བྱིན་ལ་སོགས་པ་ལ་དབང་བྱེད་པའི་ཕྱིར་རོ། །གོ་འཕང་ནི་བསམ་གཏན་གཙོ་བོར་གྱུར་པའི་གཟུགས་ཀྱི་ཁམས་སོ། །ལས་ནི་

ལས་ཀྱི་བག་ཆགས་ཡོད་པའི་ཕྱིར་གཟུགས་མེད་པའི་ཁམས་སོ། །དེ་དག་བྱེད་པ་ནི་བདག་པོ་ཉིད་དུ་གནས་ཏེ་གོ་འཕང་ལས་ནི་བྱེད་པར་འགྱུར་རོ། །དེ་བཞིན་དུ་གཟི་ནི་མངོན་པར་ཤེས་པ་ལྔ་སྟེ། དེ་གང་ལ་ཡོད་པ་དེ་ནི་གཟི་ཅན་ནོ། །སྟོབས་ནི་དེ་བཞིན་གཤེགས་པའི་

སྟོབས་ཏེ་གནས་དང་གནས་མ་ཡིན་པའི་ཡེ་ཤེས་ཀྱི་སྟོབས་ལ་སོགས་པ་བཅུའོ། །དེ་རྣམས་ཡོད་པས་ན་སྟོབས་དང་ལྡན་པའོ། །གཙོ་བོ་མི་འཇིགས་པ་བཞིའོ། །མདངས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ། དེ་རྣམས་བཟང་པོ་གང་ལ་ཡོད་པ་ནི་དེ་བཞིན་ནོ། །

མཐོང་ན་ཡིད་དུ་འོང་བ་ནི་དཔེ་རྣམས་ཏེ། དེ་དང་ལྡན་པའི་ཕྱིར་ཡིད་དུ་འོང་བའོ། །འཇིག་རྟེན་འདི་དག་དབང་དུ་གྱུར། །ཞེས་པ་ནི་འགྲོ་བའི་གླིང་བཞི་པ་དང་མཐོ་རིས་ལ་གནས་པའི་ལྷ་ལ་སོགས་པའི་དབང་དུ་གྱུར་པ་ནི་བསྟན་པའི་སྒོ་ནས་དབང་དུ་བྱེད་པའོ། །མཐོང་བ་ཙམ་གྱིས་

เล่ม ๒๙ · หน้า 102b

ཞེས་པ་ནི་གཟུགས་མཐོང་བ་ཙམ་གྱིས་ཀྱང་དབང་དུ་བྱེད་པ་སྟེ། རྣལ་འབྱོར་པ་ནི་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །བསྐུལ་བ་ནི་གཞན་ཡང་འཇིག་རྟེན་གྱི་ལྷ་མོ་གཞན་མ་རྣམས་ཀྱིས་གནོད་པར་གྱུར་ན་དེ་རྣམས་དབང་དུ་བྱ་བ་ལ་སྨོས་ཅི་དགོས་ཞེས་སྟོན་ཏོ། །ཉེ་བར་བསྡུ་བ་

བཤད་པར་བྱ་སྟེ། འདི་ནི་སྔར་བཤད་པའི་མཆོད་པ་རྣམ་གསུམ་གྱི་མཚན་ཉིད་དང་། ཕྲ་མོའི་རྣལ་འབྱོར་བསྒོམ་པ་སྟེ། སངས་རྒྱས་ཐམས་ཅད་ནི་གཉི་གའི་རྣལ་འབྱོར་པ་རྣམས་ཀྱི་གསང་བ་ནི། རྟག་ཏུ་བསྒོམ་པར་བྱས་པ་དང་། སྦས་པར་བྱས་ནས་བྱང་ཆུབ་དམ་པ་ནི་རྡོ་རྗེ་འཆང་

ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་དོ། །འདི་ལས་ཡང་སྔོན་དུ་སྔགས་ནི་དེ་བཞིན་གཤེགས་པ་གསུམ་སྟེ། དེ་རྣམས་ཀྱི་གསང་བ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ས་བོན་གསུམ་མོ། །ཡང་དག་པ་ནི་རྗེས་སུ་དྲན་པར་བྱེད་པའི་སྔགས་རྣམ་གསུམ་མོ། །ཡང་ཇི་ལྟར་

བྱ་ཞེ་ན་ཐ་མལ་པའི་ལུས་ངག་སེམས་ལྟ་བ་ནི་སྦྱར་བར་བྱེད་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ། །སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ནི་ཡིག་འབྲུའི་སྔགས་དགོད་པ་དང་། ཀློག་པ་དག་གིས་རྣམ་པར་དག་པ་ལེའུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུད་འགྲེལ་

ལས་ལེའུ་དྲུག་པའི་ཚིག་གིས་དོན་བཅུ་དྲུག་གི་བཤད་པའོ། །ལེའུ་དྲུག་པའི་ཚིགས་སུ་བཅད་པའི་གྲངས་ནི་ཉིས་བརྒྱ་བདུན་ཅུ་རྩ་ལྔའོ།། །།ད་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་རྣལ་འབྱོར་པ་ལས་ལེའུ་ལྔ་པ་ལས་གསུངས་པའི་སྤྱོད་པ་སྤྲོས་པས་ཡང་སྤྱོད་

པར་བྱ་སྟེ། དེའི་ཕྱིར་ལེའུ་བདུན་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ནི་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་ཆེན་པོ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །དེ་ཁོ་ན་ཉིད་ནི་སྤྲོས་པ་མེད་

པའི་སྤྱོད་པའོ། །སྔགས་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ། སྤྱོད་པ་དེ་རྣམས་ཀྱིས་ཐོབ་པ་གང་ཞིག་མངོན་པར་བྱང་ཆུབ་པ་ནི་ཆོས་འབྱུང་བ་དང་ཆོས་ཀྱི་དབྱིངས་དང་། བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་སྟེ་གསུམ་མོ། །གཙོ་བོར་གྱུར་པའི་གཞུང་གི་ཚོགས་ནི་ལེའུ་སྟེ། དེ་

เล่ม ๒๙ · หน้า 103a

ཉིད་གསུངས་ནི་བཀའ་སྩལ་པ་སྟེ་སྒྲུབ་པའོ། །དེ་རྣམས་ཉིད་དང་པོ་བཤད་པར་བྱ་བའི་ཕྱིར། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ཐམས་ཅད་ནི་ཕྱིའི་ཕྱག་རྒྱ་མ་སྟེ། གཟུགས་རྡོ་རྗེ་མ་ལ་སོགས་པའི་

རང་བཞིན་ལྔའོ། །དེ་དག་མདོར་བསྡུས་པའི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་བསྐྱེད་ཅིང་ས་བོན་ལྔས་སྤྱི་བོ་ལ་སོགས་པར་བྱིན་གྱིས་བརླབས་ལ། སྔར་བཤད་པའི་ཁང་པ་སུམ་བརྩེགས་ལ་སོགས་པས་གནས་པ་སྟེ་རང་གིས་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་བྱས་ལ། སྔགས་

དང་ཕྱག་རྒྱའི་རིམ་པས་གལ་ཏེ་དེ་རྣམས་ལོངས་སྤྱོད་ནི་དེའི་ཚེ་ཇི་ལྟར་འདོད་པ་ནི་ཇི་ལྟར་སེམས་དགའ་བར་བྱས་ནས་སངས་རྒྱས་ཐོབ་པར་འགྱུར་རོ། །ཇི་སྐད་དུ། ལ་ལ་གཞོན་ནུ་མར་འདོད་དང་། །ལ་ལ་དར་ལ་བབ་འདོད་དང་། །གཞན་མས་རག་པ་གང་ཡང་རུང་། །ཕྲ་བ་ལྗང་གུ་གཞན་

མས་འདོད། །ཅེས་འབྱུང་ངོ་། །ཡང་ན་མདོག་དཀར་པོ་ལ་སོགས་པས་ཉེ་བར་མཚོན་པ་དང་། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་ལྷ་གང་ཡང་རུང་བའི་བསྒོམ་པ་ལ་ཆགས་པ་དང་། དམ་ཚིག་གི་ཕྱག་རྒྱ་མ་རྣམས་ལོངས་སྤྱོད་པར་བྱ་སྟེ། ཇི་ལྟར་འདོད་པའི་སྒྲའི་དོན་

ཏོ། །དེ་ལྟར་དེ་རྣམས་བསྟེན་ན་སྦྱོར་བ་ནི་འདོད་ཆགས་ལ་སོགས་པའི་རོལ་པའི་ཚོགས་ཀྱི་སྦྱོར་བས་མྱུར་དུ་ནི་བདེ་བས་སོ། །སངས་རྒྱས་ནི་ཆོས་འབྱུང་གི་མངོན་པར་བྱང་ཆུབ་ཐོབ་པར་གྱུར་པ་ནི་རྙེད་པར་འགྱུར་ཏེ། སྤྲོས་པ་དང་བཅས་པའི་སྤྱོད་པ་སྟེ་བསྐྱེད་པའི་རིམ་པ་དང་བསྒྲུབ་པ་

དག་གོ། །སྤྲོས་པ་མེད་པའི་སྤྱོད་པ་བཤད་པར་བྱ་སྟེ། འདོད་པ་ཐམས་ཅད་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཡུལ་ལྔའོ། །དེ་རྣམས་ཇི་ལྟར་འདོད་པ་ནི་ཇི་སྙེད་པས་ལུས་འཛིན་པར་བྱ་བའི་ཕྱིར་བསྟེན་པ་ནི་སྤྱོད་པའོ། །དེ་དག་བསྟེན་པ་ནི་རང་གི་ལྷ་སྟེ། རྡོ་རྗེ་སེམས་དཔའ་ལ་

སོགས་པ་ལས་གང་ཡང་རུང་བའི་དེ་བཞིན་གཤེགས་པའོ། །སྦྱོར་བ་ནི་དེ་ཉིད་ཤིང་ལ་སོགས་པས་ཕྱག་དང་ཞལ་ལ་སོགས་པའི་སྦྱོར་བའོ། །དེས་ཉེ་བར་མཚོན་པའི་རྣལ་འབྱོར་པས་བདག་ཉིད་རང་གི་བདག་ཉིད་དང་། གཞན་གྱི་ལུང་དུ་བསྟན་པའི་དམ་ཚིག་གི་ཕྱག་རྒྱ་མ་སྟེ་དེ་

เล่ม ๒๙ · หน้า 103b

དག་མཆོད་པར་བྱའོ། །དེ་ཡང་དེ་བཞིན་དུ་བྱས་ལ་ནགས་ལ་སློང་མོ་སློང་ཞིང་ནགས་ཚལ་གྱི་ལྷ་མོ་རྣམས་ལས་ཁ་ཟས་རྙེད་ཅིང་ལུས་འཚོ་བར་བྱ་བ་སྟེ། སྤྲོས་པ་མེད་པའི་སྤྱོད་པ་དང་། བསྐྱེད་པའི་རིམ་པ་དང་བསྒྲུབ་པ་རྣམས་སོ། །སྤྱོད་པ་གཉི་ག་ལ་ཞུགས་པའི་རྣལ་

འབྱོར་པ་དག་ལ་མི་བཟད་པའི་སྤྱོད་པ་དགག་པར་བྱ་བའི་ཕྱིར། དཀའ་ཐུབ་སྡོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀའ་ཐུབ་ནི་ལུས་ངལ་བར་བྱེད་པའི་ཉན་ཐོས་པ་རྣམས་ཀྱིས་སྦྱངས་པའི་ཡོན་ཏན་བཅུ་གཉིས་སོ། །སྡོམ་པ་ནི་ལན་གསུམ་དུ་གོས་བརྗེ་བ་དང་། ལན་གསུམ་

དུ་ཁྲུས་དང་ཉེ་རེག་ལ་སོགས་པ་སྟེ། བྱ་བའི་རྒྱུད་ཀྱི་སྔགས་པ་རྣམས་ཀྱིའོ། །མི་བཟད་པ་ནི་ལུས་ཀྱི་ཕྱག་རྒྱ་དང་། གཡས་བརྐྱང་པ་ལ་སོགས་པ་སྟེ། རྣལ་འབྱོར་གྱི་རྒྱུད་ཀྱི་སྔགས་པ་རྣམས་ཀྱིའོ། །དེ་དག་བརྟེན་ན་ཡང་འགྲུབ་པར་མི་འགྱུར་བ་ནི་མྱུར་དུ་དང་ཕྱིན་ཅི་མ་

ལོག་པར་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་རོ་ཞེས་སྟོན་ཏོ། །ལ་ལ་ན་རེ་མུ་སྟེགས་པ་ལ་སོགས་པའི་ཟླ་བ་སྤྱོད་པ་ལ་སོགས་པ་དཀའ་ཐུབ་ལ་སོགས་པའི་སྒྲ་རྣམས་ཀྱིས་བཤད་པ་ཡིན་ལ། དེ་ནི་མི་རིགས་ཏེ་ཉན་ཐོས་ལ་སོགས་པས་ཀྱང་དེ་རྣམས་སྤང་བྱ་ཡིན་ཏེ། སྔགས་

པ་རྣམས་ཀྱིས་སྨོས་ཅི་དགོས་སོ། །དེ་བས་ན་ཐ་མལ་པའི་ཐེག་པ་ལ་སོགས་པའི་དཀའ་ཐུབ་ལ་སོགས་པ་འདིར་བཀག་པར་རིགས་སོ། །རྒྱལ་པོའི་རིན་ཆེན་ཕྲེང་བ་ལས་ཀྱང་། ལུས་ནི་གཅིག་པུ་ངལ་བ་ཡིས། །གང་ཕྱིར་ཆོས་དག་དེ་ལས་མེད། །གཞན་གྱི་འཚེ་བ་བྲལ་

མིན་དང་། །གཞན་རྣམས་ལ་ནི་ཕན་པ་མེད། །སྦྱིན་པ་ཚུལ་ཁྲིམས་བཟོད་པས་གསལ། །གང་གིས་བསྟན་བཅོས་ལམ་པོ་ཆེ། །སྤངས་ཏེ་ལུས་ཀྱི་ངལ་བ་ཡི། །དགོན་པའི་ལམ་ངན་ལས་འགྲོ་བ། དེ་ནི། སྲིད་པའི་དགོན་པ་མི་བཟོད་པ། །མཐའ་ཡས་སྐྱེ་བོ་ཤིང་དྲུང་

ཅན། །ཉོན་མོངས་སྤྲུལ་ཅིང་དེས་ལུས་ཁྱབ། །ཤིན་ཏུ་རིང་བར་ཞུགས་པར་འགྱུར། །ཞེས་འབྱུང་ངོ་། །ཇི་ལྟར་གྲུབ་པར་འགྱུར་ཞེ་ན། སྔར་བཤད་པའི་འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པ་ལ་བརྟེན་ནས་མྱུར་དུ་འགྲུབ་པར་འགྱུར་ཏེ། བདེ་བ་དང་ལྡན་པས་སེམས་མཉམ་

เล่ม ๒๙ · หน้า 104a

པར་གཞག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེའི་རྒྱུད་ལས་ཀྱང་། བདེ་བས་བྱང་ཆུབ་ཐོབ་པ་ཡི། །ལུས་གདུངས་པས་ནི་བྱང་ཆུབ་མིན། །གང་ཕྱིར་བློ་ནི་བདེ་བ་ཡིས། །ཏིང་ངེ་འཛིན་ལས་སངས་

རྒྱས་འབྱུང་། །མི་ཟ་བ་སོགས་དཀའ་ཐུབ་ཀྱིས། །ལུས་གདུང་དེ་བཞིན་གཞན་རྣམས་དང་། །ལུས་ངལ་དང་ནི་ཉོན་མོངས་པས། །རྣམ་པར་གཡེང་བས་འགྲུབ་མི་འགྱུར། །དམན་པའི་སེམས་ཅན་གྲུབ་མིན་ཏེ། །དེས་ནི་མི་ཟད་རབ་ཏུ་བརྟན། །ཞེས་འབྱུང་ངོ་། །དེ་བཞིན་དུ་

དཔལ་མཆོག་དང་པོ་ལས་ཀྱང་། བདག་ནི་སངས་རྒྱས་ཐམས་ཅད་ཉིད། །སངས་རྒྱས་ཀྱི་སྲས་ཉིད་དེ་བཞིན། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དེ་ཕྱིར་བདག་ཉིད་བསྒྲུབ་པར་བྱ། །དཀའ་ཐུབ་སྡོམ་པ་མི་ཟད་པས། །ལུས་ནི་སྡུག་བསྔལ་ལྡན་བསྐམས་འགྱུར། །སྡུག་བསྔལ་

གྱིས་ནི་སེམས་གཡེངས་པས། །གཡེངས་པས་དངོས་གྲུབ་ཐོབ་མི་འགྱུར། །ཡིད་དང་ལུས་ངག་བརྟན་པའི་ཕྱིར། །རང་གི་བདེ་བས་བརྟན་པར་འགྱུར། །སྡུག་བསྔལ་གྱིས་ནི་གཡོ་འགྱུར་དང་། །འགལ་བ་ཡང་ནི་ཐོབ་པར་འགྱུར། །ཞེས་འབྱུང་ངོ་། །འོ་ན་ཕྱི་རོལ་

གྱི་ཡུལ་རྣམས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྒྱུ་ཡིན་པས་འོན་ཀྱང་ངན་འགྲོར་སྐུལ་བར་བྱེད་པ་བསྟན་པ་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུ་ཇི་ལྟར་ཡིན་ནོ་ཞེས་ཡང་དག་པའི་ཤེས་པ་མ་ཡིན་པའི་རྨོངས་པ་རྣམས་ཀྱིས་སྨྱོན་པ་ལ་སོགས་པ་བཞིན་དུ་ཚིག་འདི་ཡིན་ནོ་

ཞེ་ན་དེ་སྐད་མ་ཟེར་ཅིག །ཐབས་ཀྱི་ཁྱད་པར་གྱིས་ཡུལ་དེ་རྣམས་ལོངས་སྤྱོད་ན་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ་ཕྱིན་ཅི་ལོག་པས་བསྟེན་ན་དམྱལ་བའི་རྒྱུ་ཡིན་ཏེ། དཔེར་ན་ཀེ་ཏ་ཀའི་མེ་ཏོག་སྤོས་ཀྱི་གླང་པོས་ཟོས་ན་གླ་རྩི་བཞིན་དུ་འགྱུར་རོ། །ཐ་མལ་པའི་གླང་པོ་གཞན་མས་ཟོས་ན་དེ་ཉིད་

མི་གཙང་བ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ནི་དག་པའི་རྒྱུད་ལ་གནས་པས་འབྲས་བུ་ཁྱད་པར་ཅན་བྱེད་པ་སྟེ། བསམ་པའི་དབྱེ་བས་སོ། །གཞན་ཡང་དཔེར་ན་སྦྲུལ་ལ་སོགས་པས་འོ་མ་འཐུངས་ན་དུག་ལ་སོགས་པའི་ངོ་བོ་ཉིད་དུ་འགྱུར་རོ། །མི་

เล่ม ๒๙ · หน้า 104b

གཞན་མ་རྣམས་ཀྱིས་འཐུངས་ན་དེ་ཉིད་བདུད་རྩི་ལ་སོགས་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་དེ་རྣམས་ནི་བསམ་པ་ཁྱད་པར་དང་ལྡན་པ་ལ་ཁྱད་པར་གྱི་འབྲས་བུ་སྟེར་བ་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པའི་ཕྱིར་རོ། །འདིར་ནི་སྦྱོར་བ་འདི་ཡིན་ཏེ།

གང་དང་གང་ཁྱད་པར་གྱི་རྒྱུད་ལ་གནས་པ་དེ་དང་དེ་ཁྱད་པར་གྱི་འབྲས་བུ་སྟེར་བ་སྟེ། དཔེར་ན་ཀེ་ཏ་ཀ་ལ་སོགས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་ཡང་ཁྱད་པར་གྱི་རྒྱུད་ལ་གནས་པ་སྟེ། རང་བཞིན་གྱི་གཏན་ཚིགས་སོ། །འདིར་ནི་ཁྱད་པར་གྱི་རྒྱུད་ལ་དགོས་པའི་ཡོངས་

སུ་གྱུར་པ་ཙམ་གྱི་འགྲེལ་པ་དང་ལྡན་པས་ཁྱད་པར་གྱི་འབྲས་བུ་བྱེད་པ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པ་རྒྱུའི་ཚོགས་ཀྱིས་སྐྱེད་པར་བྱེད་པ་ཁོ་ནའོ། །གང་གི་རང་བཞིན་དེ་ཙམ་གྱིས་འབྲེལ་པ་དང་ལྡན་པ་དེ་ནི་དེས་བྱེད་པ་ཡིན་ཏེ་ཐོགས་པ་མེད་པའི་ཕྱིར་རོ། །མེད་ན་ཡིད་ཆེས་

པར་མི་འགྱུར་རོ། །དེ་བས་ན་ཁྱད་པར་གྱི་ཡོངས་སུ་འགྱུར་བ་ནི་གཞན་ལ་ལྟོས་པ་མ་ཡིན་ཏེ། དེ་ཙམ་གྱི་འབྲེལ་པ་བསྟན་ཏོ། །དེ་ལ་ཡང་ཐོགས་པ་མེད་པ་སྟེ་ལྟོས་པ་མེད་པའི་ཕྱིར་རོ། །ལྟོས་པ་མེད་པ་ནི་རྟོགས་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་བས་ན་དེ་ཙམ་གྱིས་

འབྲེལ་པའི་ངེས་པས་རང་བཞིན་གྱི་གཏན་ཚིགས་བསྟན་པ་ཡིན་ཏེ། རིགས་པ་འདི་ཉིད་ཀྱིས་འདོད་ཆགས་ལ་སོགས་པ་ཡང་རྣལ་འབྱོར་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ་རབ་ཏུ་སྒྲུབ་པའོ། །དོན་ཡོད་གྲུབ་པའི་རྒྱུད་ལས་ཀྱང་། རྨོངས་པ་གང་གིས་བཅིངས་འགྱུར་བ། །མཁས་

པ་ཉིད་ཀྱིས་གྲོལ་འགྱུར་བ། །དེ་ལྟར་བྱང་ཆུབ་བསྒོམ་པ་ཡིས། །ཐམས་ཅད་ཕྱིན་ཅི་ལོག་འདི་ཡིན། །ལྕགས་ཀྱི་གོང་བུ་ཆུར་བསྐུར་ན། །འབའ་ཞིག་ཏུ་ནི་ནུབ་པར་འགྱུར། །སྣོད་དུ་བྱས་པ་དེ་ཉིད་ནི། །གཞན་བསྒྲལ་བ་དང་རང་བརྒལ་བའོ། །ཞེས་འབྱུང་ངོ་། །ཤིན་ཏུ་

སྤྲོས་པ་མེད་པའི་སྤྱོད་པ་བཤད་པར་བྱ་སྟེ། སློང་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། སློང་མོ་ནི་ཕྱི་རོལ་གྱི་ཁམ་གྱི་ཟ་བ་སྟེ། དེ་ཉིད་གང་གིས་བཟའ་བར་བྱེད་པ་དེ་ནི་སློང་མོ་ཟ་བའོ། །ཕྱི་རོལ་གྱི་ཟས་ཟ་བ་དེ་ལྟ་བུའི་རྣལ་འབྱོར་པས་མི་བཟླ་སྟེ་ཞེས་པ་ནི་བསྒོམ་

เล่ม ๒๙ · หน้า 105a

པར་མི་བྱ་སྟེ། འོན་ཀྱང་བསམ་གཏན་གྱི་བཟའ་བས་འཚོ་བར་བྱའོ་ཞེས་སྟོན་ཏོ། །སློང་ལ་དགའ་བར་མི་བྱའོ། །ཞེས་པ་ནི་བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་ཕྱིར་ཤིན་ཏུ་དད་པས་བཅོམ་ལྡན་འདས་བཞིན་དུ་གལ་ཏེ་གཞན་མ་རྣམས་འབྱོར་པ་ལ་

བཟའ་བ་བྱིན་ན་དེ་སྤང་བར་མི་བྱ་སྟེ་འོན་ཀྱང་དེ་ཉིད་དུ་དགའ་བ་ནི་ཆགས་པ་མི་བྱའོ། །གཞན་དུ་ན་བསམ་གཏན་ཟ་བ་ཉིད་རིམ་གྱིས་ཉམས་པར་འགྱུར་རོ། །དེ་བཞིན་དུ་སྔགས་ནི་མི་འཇིགས་པའི་ཡི་གེ་བཟླས་པར་བྱའོ། །ཡན་ལག་མ་ཉམས་པ་ནི་གཉིས་སུ་མེད་པའི་ངོ་བོ་སྟེ་

མདོག་དང་དབྱིབས་དང་རླུང་དང་རྣམ་པར་ཤེས་པ་སྤངས་པ་སྟེ། འོན་ཀྱང་མ་ནིང་གི་བཟླས་པའི་རང་བཞིན་དུ་བཟླས་པར་བྱའོ། །རྣལ་འབྱོར་པ་ཇི་ལྟ་བུ་ཞེ་ན། འདོད་པ་ཀུན་ནི་དེ་རྣམས་ཀྱི་རང་བཞིན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་སྟེ།

དེ་དང་ལྷན་ཅིག་ཏུ་ལོངས་སྤྱོད་པ་ནི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་སྟེ། འདོད་པ་ཀུན་ལ་ལོངས་སྤྱོད་པའི་རྣལ་འབྱོར་པའོ་ཞེས་སྟོན་ཏོ། །དེ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དང་། རྡོ་རྗེའི་བཟླས་པའི་རིམ་པ་དང་སྒྲུབ་པ་རྣམས་སོ། །སྤྲོས་པ་དང་བཅས་པའི་སྤྱོད་པའི་འབྲས་བུ་བསྟན་

པར་བྱ་སྟེ། ལུས་དང་ངག་དང་སེམས་ཞེས་བྱ་བ་ལ་སོགས་པ་ལ། སྤྲོས་པ་དང་བཅས་པའི་རྣལ་འབྱོར་པས་གལ་ཏེ། ཐ་མལ་པའི་ལུས་ལ་སོགས་པ་ཡོངས་སུ་གྱུར་པས་བདེ་བར་གནས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རྣམ་པའི་རང་བཞིན་

གྱི་བརྟན་པ་ཉིད་གསལ་པོར་ཐོབ་ན་དེའི་བྱང་ཆུབ་ནི་ཆོས་འབྱུང་གི་མངོན་པར་བྱང་ཆུབ་ཐོབ་པ་ནི་རྙེད་པར་དཀའོ། །གལ་ཏེ་རྣལ་འབྱོར་པ་དེ་ཉིད་ཀྱིས་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བརྟན་པའམ། གསལ་པོར་མ་རྫོགས་ན་དེའི་ཚེ་དུས་མ་ཡིན་པར་འཆི་བ་དང་། དམ་ཚིག་ཉམས་

པས་སོ། །ཡང་ན་བདུད་རྩི་མྱོང་བའི་ཆོ་ག་མ་བསྒོམས་པས་དུས་མ་ཡིན་པར་འཆི་བར་འགྱུར་ཏེ། འཇིག་རྟེན་འདི་ཉིད་ཀྱི་འབྲས་བུའོ། །དམྱལ་བར་ངེས་པར་བསྲེག་པར་འགྱུར། །ཞེས་པ་ནི་ཏིང་ངེ་འཛིན་སྤངས་པས་སྐྱེ་བོ་བཞིན་དུ་དམྱལ་བར་འགྲོའོ་ཞེས་སྟོན་ཏོ། །དེའི་ཕྱིར་ཡུན་རིང་

เล่ม ๒๙ · หน้า 105b

དུ་རྒྱུན་མ་ཆད་པར་བརྟེན་པར་བྱས་ན་ཏིང་ངེ་འཛིན་ནི་བརྟན་པར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །སྤྲོས་པ་མེད་པའི་སྤྱོད་པས་འབྲས་བུ་བསྟེན་པར་བྱ་སྟེ། སངས་རྒྱས་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་གྱི་རྣལ་འབྱོར་རྣམས་སོ། །ཇི་ལྟ་བུ་ཞེ་ན། བྱང་ཆུབ་ནི་ལུང་དུ་བསྟན་

པའི་དམ་ཚིག་གི་ཕྱག་རྒྱ་མ་སྟེ། དེ་དང་ལྷན་ཅིག་སེམས་དཔའ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། དམ་ཚིག་གི་ཕྱག་རྒྱ་མ་དང་ལྡན་པའོ་ཞེས་སྟོན་ཏོ། །དེ་ལྟ་བུའི་རྣལ་འབྱོར་པ་རྣམས་ཆོས་མཆོག་མི་གཡོ་བ་བསྙེངས་པ་ཡང་ཞེས་པ་ལ། ཆོས་མི་གཡོ་བའི་

ཆོས་ནི་ཆོས་ཉིད་དོ། །མི་གཡོ་བ་ནི་གཡོ་བ་མི་འགྱུར་བའོ། །ཆོས་ཀྱང་དེ་ཡིན་ལ་མི་གཡོ་བ་འང་དེ་ཡིན་ཏེ། ཆོས་མི་གཡོ་བ་སྟེ་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །གང་གིས་ཤེ་ན། འདོད་པ་ཐམས་ཅད་ནི་རལ་པའི་ཅོད་པན་དང་། ཤིང་ལ་

སོགས་པས་བྱས་པའི་གདོང་པ་ཅན་དང་། ལག་པ་དང་མཚོན་ཆ་ལ་སོགས་པའོ། །དེ་བཞིན་དུ་བསྟེན་པ་ནི་ཤིང་ཐོག་ལ་སོགས་པ་ཟ་བ་དང་། ནགས་ཚལ་ལ་སློང་མོ་སློང་བ་སྟེ། བསྐྱེད་པའི་རིམ་པ་ཉིད་དོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའི་འབྲས་བུ་བསྟན་པར་བྱ་སྟེ།

ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། འདོད་ཡོན་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་བསམ་གཏན་གྱི་བཟའ་བ་སྟེ། དེ་ཉིད་བསྟན་པ་ནི་སྤྱོད་པའོ། །དེ་བཞིན་དུ་ཡེ་ཤེས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་མ་སྟེ། དེ་འདོད་པས་ན་ཡེ་ཤེས་འདོད་པའོ། །

ཆགས་པ་ནི་སྙིང་རྗེ་ཆེན་པོ་སྟེ་དེ་གང་ལ་ཡོད་པ་དེ་ནི་ཆགས་ཅན་ནོ། །དེ་ལྟ་བུའི་རྣལ་འབྱོར་པས་བྱང་ཆུབ་སེམས་དཔའ་མཉེས་པར་བྱ་བ་ནི་རྣམ་པར་མི་རྟོག་པའི་གོ་འཕང་ཐོབ་པའོ། །དེ་བཞིན་དུ་ཆགས་པར་བྱ་བ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་ཉིད་དུ་བྱ་བ་སྟེ་རྫོགས་པའི་རིམ་

པའོ། །ད་ནི་ཡུལ་ལ་ལོངས་སྤྱོད་པའི་སྒོ་ནས་རྣམ་པར་དག་པ་བཤད་པར་བྱ་སྟེ། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་ལ། ཕྱི་དང་ནང་དང་གཉི་གའི་རང་བཞིན་གྱི་གཟུགས་རྣམ་གསུམ་དུ་ཞེས་པ་ནི་རོ་གཅིག་པར་གྱུར་པ་ཡོངས་སུ་བརྟགས་ཏེ་ལྷ་ནི་

เล่ม ๒๙ · หน้า 106a

མིག་གི་དབང་པོ་དང་། དེའི་ཤེས་པ་ལ་དབུལ་བར་བྱའོ། །དེ་ཉིད་བཅོམ་ལྡན་འདས་སྣ་ཚོགས་པ་ཤེས་པ་ནི་འགྲོ་བ་དང་མི་འགྲོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཡིན་ནོ་ཞེས་མོས་པར་བྱའོ། །མིག་དང་གཟུགས་དག་ལས་མིག་

གི་རྣམ་པར་ཤེས་པ་གང་བྱུང་བ་དེ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་བསྒོམ་པར་བྱའོ། །དེ་བཞིན་དུ་ཕྱི་རོལ་ལ་སོགས་པས་ཐ་དད་པའི་སྒྲ་རྣམ་པ་གསུམ་དུ་ཤེས་ཏེ། །དེ་ལས་བྱུང་བའི་སྣའི་རྣམ་པར་ཤེས་པ་ནི་མཉམ་པ་ཉིད་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་བསྒོམ་པར་

བྱའོ། །དེ་བཞིན་དུ་རྣམ་པ་གསུམ་གྱི་དྲི་རྣ་བའི་རྣམ་པར་ཤེས་པས་རྟོག་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །རིམ་པ་དེ་ཉིད་ཀྱིས་རྣམ་པ་གསུམ་གྱི་རོ་མྱང་བའི་སྐབས་སུ་རོའི་རྣམ་པར་ཤེས་པ་བྱ་བ་ནན་ཏན་སྒྲུབ་པའི་བདག་ཉིད་ཀྱི་ངོ་བོ་དོན་ཡོད་

གྲུབ་པའི་ངོ་བོ་བསྒོམ་པར་བྱའོ། །དེ་ནས་རྣམ་པ་གསུམ་གྱི་རེག་པ་ལས་འབྱུང་བ་ལུས་ཀྱི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་མི་བསྐྱོད་པ་བསྒོམ་པར་བྱའོ། །ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། གཟུགས་ལ་སོགས་པའི་ཡུལ་རྣམས་དེ་དང་དེ་ལྟ་བུའི་བསྒོམ་པའི་རིམ་

པས་གལ་ཏེ་རྣལ་འབྱོར་པ་སེམས་ངེས་པར་སྦྱོང་ཞིང་ཉེ་བར་གཏང་ན་དེའི་ཚེ་འདི་ཉིད་དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་གསང་བ་སྟེ་བྱ་བ་ལ་སོགས་པའི་ཚུལ་ལ་བརྟེན་པ་ལ་མི་བརྟེན་པ་སྙིང་པོ་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་

བསྡུས་པ་ནི་ཡེ་ཤེས་ལྔའི་ངོ་བོ་ཏིང་ངེ་འཛིན་རྣལ་འབྱོར་པས་ཐོབ་པར་འགྱུར་རོ་ཞེས་ཚིག་གི་དོན་ཏོ། །གཟུགས་སོ། །རྣལ་འབྱོར་རོ། །ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ལྔ་པོས་ལྷ་ནི་ཡེ་ཤེས་སམ་དམ་ཚིག་གི་ཕྱག་རྒྱ་གཅིག་པུ་དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པ་

བསྒོམ་པར་བྱའོ། །དེ་ལ་མདངས་དང་མཛེས་པ་དང་ལྡན་པ་དེའི་ལུས་སྲ་བ་སྟེ་སའི་ཁམས་ཀྱི་རང་བཞིན་རྣམ་པར་སྣང་མཛད་བསམ་མོ། །དེ་བཞིན་དུ་ངང་པ་དང་ཕུག་རོན་ལ་སོགས་པ་དེ་དང་འདྲ་བ་དེའི་བདེ་བའི་སྒྲ་ནི་རིན་ཆེན་དཔལ་གྱི་རང་བཞིན་ནམ་མཁའ་རྣམ་པར་དག་པ་དང་། མཚོ་

เล่ม ๒๙ · หน้า 106b

སྐྱེས་དང་གླ་རྩི་ལ་སོགས་པ་དང་འདྲ་བ་དེའི་ལུས་དང་པདྨའི་དྲི་ནི་འོད་དཔག་ཏུ་མེད་པའི་རང་བཞིན་ཏེ། མེའི་རྣམ་པར་དག་པ་དང་། དེའི་མ་མཆུའི་རོ་མྱང་བ་ནི་དོན་ཡོད་གྲུབ་པའི་རང་བཞིན་ཏེ། རླུང་རྣམ་པར་དག་པ་དང་། དེའི་ཡན་ལག་རེག་པ་ལས་འཇམ་པའི་རེག་པ་ཆུའི་ཁམས་རྣམ་

པར་དག་པས་མི་བསྐྱོད་པའི་རང་བཞིན་བསམ་པར་བྱའོ། །དེ་ནི་ཕྱག་རྒྱ་གཅིག་གི་རིམ་པས་དེ་ཁོ་ན་ཉིད་ལ་བྱེད་པའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ནི་ཡེ་ཤེས་དང་དམ་ཚིག་གི་ཕྱག་རྒྱ་དག་ལས་གང་ཡང་རུང་བ། རིགས་ཀྱི་ཚུལ་དུ་ནི་སྤྱན་ལ་སོགས་པ་དང་། གཟུགས་

རྡོ་རྗེ་མ་ལ་སོགས་པའི་དབྱེ་བས་བསྒོམ་པར་བྱའོ། །དེ་ལ་ནི་དེའི་ནུ་མའི་སྲ་བ་ནི་སྤྱན་གྱི་ངོ་བོ་དང་། དེའི་མ་མཆུའི་ངོ་བོ་ནི་ཆུའི་ཁམས་མཱ་མ་ཀཱི་དང་། དེའི་པདྨའི་དྲོད་ཀྱི་རང་བཞིན་གོས་དཀར་མོ་དང་། དེའི་བསྐུམ་པ་དང་བརྐྱང་བ་དག་ནི་རླུང་གི་ཁམས་ཀྱི་རང་བཞིན་སྒྲོལ་མ་དང་།

དེའི་པདྨའི་ནང་གི་ཁོང་སྟོང་ནམ་མཁའི་རང་བཞིན་ཏེ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་སྟེ། གཟུགས་རྡོ་རྗེ་མ་ལ་སོགས་པ་དེའི་མདངས་དང་བདེ་བའི་སྒྲ་དང་ཁ་དང་པདྨའི་དྲི་དང་མ་མཆུའི་རོ་དང་ལུས་རེག་པ་ལ་སོགས་པར་ཤེས་པར་བྱ་སྟེ་རྫོགས་པའི་རིམ་པའོ། །ཡང་ན་གཟུགས་ནི་རྣམ་པ་

གསུམ། །ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པའི་ཡུལ་ལྔ་པོ་རྣམ་པར་སྤྱོད་ན་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་སྟེ་རྣམ་པར་རྟོག་པའི་དབང་གིས་འབྱུང་ངོ་། །རྣམ་པར་རྟོག་པ་དེ་ཡང་སྒྲ་ལས་བྱུང་ངོ་། །སྒྲའི་རྒྱུ་ནི་རྟོག་པ་དང་རྟོག་པའི་རྒྱུ་ཡང་སྒྲ་ཡིན་ནོ་

ཞེས་རྣམ་པར་རྟོག་པ་དང་སྒྲ་དག་ཕན་ཚུན་རྒྱུ་དང་འབྲས་བུའི་ངོ་བོར་རབ་ཏུ་གྲགས་པ་ཉིད་དོ། །དེ་བས་ན་སྒྲ་རྣམ་པར་དཔྱད་ན། ཨཱ་ལི་དང་ཀཱ་ལི་ལས་ལོགས་སུ་མེད་དེ་ཨཱ་ལི་དང་ཀཱ་ལི་དེ་དག་ཀྱང་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་འཇུག་པ་དང་གནས་པ་དང་ལྡང་བའི་བདག་ཉིད་ཅན་

གྱིས་བཅོམ་ལྡན་འདས་ཡི་གེ་གསུམ་ལ་ལྡན་པར་འགྱུར་རོ། །དེས་ན་གཟུགས་ལ་སོགས་པ་ནི་ཡི་གེ་གསུམ་གྱི་བདག་ཉིད་དུ་གྱུར་པ་སྟེ། རྣམ་པ་གསུམ་དུ་བསྟན་ཏོ། །དེ་རྣམས་སྤྱི་བོ་ལ་སོགས་པར་བསམས་ལ། འཇུག་པ་ལ་སོགས་པའི་རིམ་གྱིས་ལྷ་རྣམས་ཏེ། རྣམ་པར་

เล่ม ๒๙ · หน้า 107a

སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་རྣམ་པ་འོད་གསལ་བ་ལ་དབུལ་བ་ནི་བསྡུ་བར་བྱའོ། །དེ་ནི་ངེས་པའི་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཟུགས་དང་སྒྲ་དང་རོ་ལ་སོགས་པའི་ཕྱི་རོལ་པ་ལ་རྟག་ཏུ་སེམས་ནི་རྗེས་སུ་མཐུན་

པ་ཉིད་དུ་ཐོབ་པར་སྦྱོར་བ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་སློབ་པར་བྱའོ། །དེ་བས་ན་སངས་རྒྱས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་སྔགས་རྣམས་ཀྱི་གསང་བ་ནི་ཡི་གེ་གསུམ་མོ། །སྙིང་པོ་ནི་སྙིང་པོར་གྱུར་པའོ། །འདུས་པ་ནི་ཨཱ་ལི་དང་ཀཱ་ལིས་

བསྡུས་པ་སློབ་པར་བྱའོ་ཞེས་ཚིག་གི་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་གཟུགས་དང་སྒྲ་ལ་སོགས་པ་སྟེ་ཡི་གེ་གསུམ་གྱི་བདག་ཉིད་ཀྱིས་ལྷ་ནི་འོད་གསལ་བའི་གོ་འཕང་ཐོབ་པར་བྱའོ། །ཡང་རྣལ་འབྱོར་པའི་རྒྱུད་ཀྱི་དབྱེ་བས་ལེའུ་བཅུ་གསུམ་པ་ལས་གསུངས་པའི་རིམ་གྱིས་རིགས་

ཀྱི་ཚུལ་དུ་རྣམ་པར་བསྒོམ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་བཟླས་པའི་དབྱེ་བས་ཡི་གེ་གསུམ་དེ་བཟླས་པར་བྱའོ། །དེ་ནི་རྡོ་རྗེའི་བཟླས་པའི་རིམ་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཤེས་པ་ལ་ཐ་དད་པ་གཞན་མེད་དོ་ཞེས་རྣམ་པར་ཤེས་པའི་རྣམ་པ་ཡིན་ནོ། །

རྣམ་གསུམ་ནི་སྣང་བ་ལ་སོགས་པའི་དབྱེ་བས་ཤེས་ནས་ལྷ་རྣམས་ནི་ཐམས་ཅད་སྟོང་པ་ཉིད་ལ་ཕུལ་བ་ནི་འཇུག་པར་བྱའོ། །རིགས་པ་འདིས་ནི་གཟུགས་ལ་སོགས་པ་ལ་རྟག་ཏུ་སེམས་ངེས་པར་སྦྱོར་བ་ནི་གཟུགས་ལ་སོགས་པའི་རང་བཞིན་སེམས་པར་བྱའོ། །འདི་དེ་སངས་

རྒྱས་ཐམས་ཅད་ནི་ཡེ་ཤེས་གསུམ་གྱི་གསང་བ་སྟེ་འོད་གསལ་བའོ། །སྙིང་པོ་ནི་བརྟན་པ་དང་། འདུས་པ་ནི་སྟོང་པ་བཅུ་དྲུག་བསྡུས་པའི་མཚན་ཉིད་དེ་ཐམས་ཅད་སྟོང་པའི་ངོ་བོ་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། གཟུགས་ལ་སོགས་པ་སྟེ། དེའི་རང་བཞིན་རྣམ་པར་ཤེས་པ་

གསུམ་གྱིས་སོ། །ལྷ་ཉིད་དུ་བསྒོམ་པ་ནི་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རིམ་པས་བསྒོམ་པར་བྱའོ། །ཡང་ན་རིགས་ཀྱི་ཚུལ་ནི་ཤེས་རབ་དང་ཐབས་དང་མ་རིག་པ་ལ་སོགས་པའི་དབྱེ་བ་དེས་ནི་རང་བཞིན་བརྒྱ་དྲུག་ཅུ་ཉེ་བར་བསྡུ་བར་བསྒོམ་པར་བྱའོ། །དེ་ནི་སེམས་རྣམ་

เล่ม ๒๙ · หน้า 107b

པར་དག་པའི་རིམ་པའོ། །ཡང་ན་གཟུགས་ལ་སོགས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་རྣམ་པ་གསུམ་སྒྱུ་མའི་ངོ་བོ་སྐུ་ཞེས་པ་ནི་འོད་གསལ་བ་ལས་ལངས་ཏེ་གཞན་ཡང་ལྷ་རྣམས་ནི་འོད་གསལ་བ་ལ་དབུལ་བར་བྱ་བ་ནི་བཞུགས་པར་བྱའོ། །རབ་ཏུ་

བྱེད་པ་ལས་ཀྱང་ཇི་སྐད་དུ། ཇི་ལྟར་དང་བའི་ཆུ་དག་ལས། །ཉ་ནི་མྱུར་དུ་ལྡང་བར་འགྱུར། །ཐམས་ཅད་སྟོང་པ་དང་བ་ལས། །སྒྱུ་འཕྲུལ་དྲ་བ་དེ་བཞིན་འབྱུང་། །ཞེས་འབྱུང་ངོ་། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་བསྒོམ་པ་ནི་རིགས་ལྔའི་དབྱེ་བས་

དེ་ཉིད་ལས་ཅིག་ཅར་དུ་ལྡང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཐམས་ཅད་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །གསང་བ་ནི་བླང་བར་བྱའོ། །སྙིང་པོ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །འདུས་པ་ནི་སྐད་ཅིག་མས་བྱང་ཆུབ་སྟེར་

བའོ། །རིགས་པ་འདི་ཉིད་ཀྱིས་གཟུགས་དང་སྒྲ་ལ་སོགས་པ་དེའི་ངོ་བོ་ཉིད་ཀྱི་སྐུའི་སེམས་ངེས་པར་སྦྱོར་བ་ནི་བསྒོམ་པར་བྱའོ། །གང་ཞིག་གཟུགས་དང་སྒྲ་ལ་སོགས་པ་བལྟ་བ་དེ་རྣམས་ལྷ་ཉིད་དུ་བསྒོམ་པ་ནི་སྒྱུ་མའི་ངོ་བོར་དྲན་པར་བྱའོ། །ཡང་ན་རིགས་ཀྱི་ཚུལ་ནི་སྒྱུ་མའི་

རིགས་ཀྱི་དབྱེ་བ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་བསྒོམ་པར་བྱའོ། །རབ་ཏུ་བྱེད་པ་ལས་ཀྱང་། མེ་ལོང་ལ་ནི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མི་འཕྲུལ་དྲ་བ་དང་འདྲ་བ། །གང་གིས་བལྟ་བ་དེ་གཙོ་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། བདག་ལ་བྱིན་

གྱིས་བརླབ་པའི་རིམ་པའོ། །ཡང་ན་གཟུགས་རྡོ་རྗེ་མ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་མ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་མ་རྣམས་ཏེ་དེ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པའི་བདེ་བ་རྣམ་གསུམ་ནི་ཆགས་པ་དང་བྲལ་བ་དང་། ཆགས་པ་བར་པའི་དབྱེ་བས་ཤེས་ནས་ལྷ་རྣམས་ལ་ནི་

དེ་ཁོ་ན་ཉིད་བཞི་པ་ལ་དབུལ་བར་བྱ་བ་ནི་འདོད་ཆགས་ལ་སོགས་པ་འོད་གསལ་བ་ལ་བཞུགས་པར་བྱའོ། །གང་ཞིག་འོད་གསལ་བ་དེ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ནི་འདོད་ཆགས་

เล่ม ๒๙ · หน้า 108a

ལ་སོགས་པའི་གསང་བ་ནི་བཞི་པའོ། །སྙིང་པོ་ནི་ཡེ་ཤེས་ལྔ་སྟེ་དེ་རྣམས་འདུས་པ་ནི། ཤེས་པ་དང་ཤེས་བྱ་བྲལ་བའོ་ཞེས་སྟོན་ཏོ། །གཟུགས་དང་སྒྲ་ལ་སོགས་པ་ནི་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པའི་དུས་སུ་བདག་ཉིད་ལྷ་ནི་རྡོ་རྗེ་

འཆང་ཆེན་པོ་ཉིད་དུ་བསྒོམ་པ་ནི་བསམ་པར་བྱ་སྟེ། དེས་ན་བཞི་པོ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །གལ་ཏེ་ཏིང་ངེ་འཛིན་འདི་ཉིད་ཀྱིས་སེམས་བརྟན་པར་མི་འགྱུར་ན། དེའི་ཚེ་རིགས་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང་། ཚུལ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཏེ། དེ་

དག་གི་རྣམ་པར་བསྒོམ་པ་ནི་དབྱེ་བ་རྣམས་ཀྱིས་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །ཡང་ན་གཟུགས་ལ་སོགས་པ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་ཏེ། དེ་དག་རྣམ་གསུམ་ནི་ཀུན་རྫོབ་དང་དོན་དམ་པའི་ནང་ན་དབུ་མའི་ལམ་གསུམ་པ་སྟེ་ཟུང་འཇུག་

གི་བདག་ཉིད་ཅན་ནོ། །དེ་ཤེས་ནས་ལྷ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོའི་ཏིང་ངེ་འཛིན་ལ་སྦྱོར་བ་ནི་རབ་ཏུ་སྦྱོར་བར་བྱའོ། །ཏིང་ངེ་འཛིན་དེ་ཉིད་ཀྱི་གལ་ཏེ་གཟུགས་ལ་སོགས་པ་ལ་སེམས་སྦྱར་ན་དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད། སྙིང་

པོ་ནི་བསྟན་པར་མི་བྱ་བ་དང་། འདུས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་བོ་ཐོབ་པར་འགྱུར་རོ། །སྒྲ་དང་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་རྣམས་ལོངས་སྤྱོད་ན་ལྷ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་སྐུ། རྟག་ཏུ་ནི་དུས་གསུམ་དུ་བསྒོམ་པར་བྱའོ། །རིགས་

ཀྱི་དབྱེ་བ་ནི་གཙང་བ་ལ་སོགས་པ་སྟེ། དེ་རྣམས་རྣམ་པར་བསྒོམ་པ་ནི་དབྱེ་བ་སྤང་བའི་ཡིད་ལ་བྱེད་པ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་ཤེས་པར་བྱའོ། །རིགས་དང་རྫས་ལ་སོགས་པའི་དབྱེ་བ་རྟོགས་པར་མི་བྱ་སྟེ་ཟུང་འཇུག་གི་རིམ་པའོ། །ཡང་ན་གཟུགས་ལ་སོགས་པ་ནི་གཟུགས་

ལ་སོགས་པ་དང་ལྡན་པའི་བདུད་རྩི་དང་། ལྕགས་ཀྱུ་རྣམས་སོ། །རྣམ་གསུམ་ནི་དེ་རྣམས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱས་ལ་ལྷ་རྣམས་ནི་ཕུང་པོ་རྣམས་ལ་དབུལ་བར་བྱའོ། །ཕུང་པོ་དེ་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་འགྱུར་རོ་ཞེས་བསྒོམ་པར་བྱའོ། །འདི་

เล่ม ๒๙ · หน้า 108b

དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ནི་བདུད་རྩི་ལྔའི་ངོ་བོ་སྟེ་གསང་བ་ནི་བསྟན་པར་མི་བྱ་བ་དང་། སྙིང་པོ་ནི་གསང་བའི་དབང་བསྐུར་བའི་ངོ་བོ་དང་། འདུས་པ་ནི་ལྔ་པོ་བསྡུས་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ། །དེའི་འོག་ཏུ་གཟུགས་དང་སྒྲ་ལ་སོགས་པའི་ངོ་བོ་

བཟུང་བར་སྣོད་དུ་གྱུར་པའི་དམིགས་པ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལྷ་ཉིད་དུ་བསྒོམ་པ་ནི་དེའི་རྣམ་པར་གྱུར་པའོ་ཞེས་སྟོན་ཏོ། །ཡང་ན་རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་པས་བསྒོམ་པ་ནི་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་པས། གོ་ཀུ་ད་ཧ་ན་ལྔ་པོ་

བསྒོམ་པར་བྱའོ་ཞེས་ཚིག་གི་དོན་ཏོ། །དེ་ནི་སྒྲུབ་པའོ། །ད་ནི་རིམ་པ་གཉིས་ཀྱི་རྗེས་སུ་དྲན་པ་དྲུག་དེ་བཞིན་གཤེགས་པ་ལྔ་དང་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དུ་བཤད་པར་བྱ་སྟེ། སངས་རྒྱས་རྗེས་སུ་དྲན་པར་བསྒོམ་པ་ནི་སྦྱོར་བ་ལ་སོགས་པའོ། །སངས་རྒྱས་ནི་རྣམ་པར་སྣང་

མཛད་དེ། དེ་ཉིད་རྗེས་སུ་དྲན་པ་ནི་དེའི་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་སྐྱེས་པ་དེའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་དང་པོ་སྦྱོར་བ་ལ་སོགས་པའི་དབྱེ་བས་བསམ་པར་བྱའོ། །ཚིག་གི་ལྷག་མའོ། །དེ་བཞིན་དུ་ཆོས་རྗེས་སུ་དྲན་པ་ནི་སྣང་བ་མཐའ་ཡས་ཀྱི་

དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་བཞིན་དུ། སྐུ་དང་གསུང་དང་ཐུགས་རྣམས་བསྒོམ། །ཞེས་པ་ནི་སྐུ་ལ་སོགས་པའི་སྟོང་པ་ཉིད་སྔོན་དུ་འགྲོ་བའི་རྡོ་རྗེ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་བསྐྱེད་པའི་རིམ་པས་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །རིགས་

ནི་རིན་ཆེན་གྱི་རིགས་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་དེ་བཞིན་ཉིད་དང་ཟླ་བ་དང་ས་བོན་ལ་སོགས་པའི་རིམ་པས་བསྐྱེད་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་གདུལ་བར་དཀའ་བ་རྣམས་སྟོབས་ཀྱིས་འགུགས་པ་དང་། དབང་དུ་མཛད་པའི་ཕྱིར། ཁྲོ་བོ་ནི་དོན་ཡོད་གྲུབ་པ་སྟེ། དེ་ཉིད་རྗེས་

སུ་དྲན་པ་ནི་དང་པོ་སྦྱོར་བ་ལ་སོགས་པའི་རིམ་གྱིས་འབྱུང་བར་བསྒོམ་པར་བྱའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་ལྷ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་དཀྱིལ་འཁོར་ལྔས་ཀུན་དུ་བསྐོར་བ་སྟེ། དེ་ལྟ་བུའི་

เล่ม ๒๙ · หน้า 109a

སྦྱོར་བ་ནི་ཏིང་ངེ་འཛིན་གྱིས་བསྒོམས་ན། བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ་བསྐྱེད་པའི་རིམ་པའོ། །ཡང་ན་སངས་རྒྱས་ནི་དབང་པོ་ལྔ་དང་ཡུལ་ཕྲད་པར་བྱས་ལ། རྗེས་སུ་དྲན་པ་ནི་ཡུལ་རེ་རེ་དེ་ཉིད་ལ་དབང་པོ་བསྐུལ་

བར་བྱའི་ཉན་ཐོས་བཞིན་དུ་འགགས་པ་ནི་མ་ཡིན་ནོ། །དེའི་རྗེས་ལ་ཆོས་རྗེས་སུ་དྲན་པའི་ཡུལ་དང་དབང་པོ་རྣམས་ལྷ་རུ་བྱས་ཏེ། དེ་བཞིན་གཤེགས་པ་ལྔའི་ངོ་བོར་བསྒོམ་པར་བྱའོ། །དེ་བཞིན་དུ་སྐུ་གསུང་ཐུགས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་བསྡུས་ཏེ། རྡོ་རྗེ་

ནི་རྡོ་རྗེའི་རྩེ་མོར་རྗེས་སུ་དྲན་པ་ནི་འཛིན་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་རིགས་ནི་སྣ་གསུམ་གྱི་རྩེ་མོར། རྗེས་སུ་དྲན་པ་ནི་དེ་བཞིན་དུ་སྤྲོ་བ་དང་བསྡུ་བའི་རིམ་པས་དེ་ཉིད་དུ་སྲོག་དང་རྩོལ་བ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཁྲོ་བོ་ནི་ཤིན་ཏུ་གསལ་བའི་དཀྱིལ་འཁོར་རྣམས་

རྗེས་སུ་དྲན་པ་ནི་ཕྱི་རོལ་དུ་སྤྲོ་བར་བྱའོ། །དེ་བཞིན་དུ་ལྷ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ། དེ་ཉིད་རྗེས་སུ་དྲན་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ངོ་བོར་བསྒོམས་ན་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ། སོ་སོར་སྡུད་པ་དང་། བསམ་

གཏན་དང་། སྲོག་དང་། རྩོལ་བ་དང་། འཛིན་པ་དང་། རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་རྣམས་ཏེ་རྣལ་འབྱོར་རོ། །ཡང་ན་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པར་བྱས་ན་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པར་འགྱུར་རོ། །ལུས་རྣམ་པར་དག་པ་བྱུང་ཞིང་དེའི་རྗེས་ལ་

ཆོས་ནི་ངག་སྟེ། འཇུག་པ་ལ་སོགས་པའི་རིམ་པས་དེ་ཉིད་རྗེས་སུ་དྲན་པར་བྱས་ན་ངག་རྣམ་པར་དབེན་པ་ལ་འཇུག་གོ། །དེའི་རྗེས་ལ་སྐུ་གསུང་ཐུགས་ཀྱི་ངོ་བོ་རྣམ་པ་གསུམ་ལ་སྟོང་པ་དང་སྣང་བ་གསུམ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་ནི་སེམས་ཏེ། དེ་ཉིད་རྗེས་སུ་དྲན་པར་

བྱས་ན་སེམས་རྣམ་པར་དབེན་པ་ལ་འཇུག་གོ། །དེ་བཞིན་དུ་རིགས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཏེ། དེ་ཉིད་རྗེས་སུ་དྲན་པ་ནི་སྒྱུ་མ་ལྟ་བུའི་སྐུ་བསྒོམས་ན་བདག་ལ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེའི་རྗེས་ལ་ཆགས་པ་དང་ཆགས་པ་དང་བྲལ་བ་དང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด