རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གྱི་འགྲེལ་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་མཱ་ལ་མ་ཧཱ་ཡོ་ག་ཏནྟྲ་ཊཱི་ཀཱ་གཾ་བྷཱི་རཱརྠ་དྷི་པི་ཀ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๔ · หน้า 105b
ལྟ་བུས་ཤེ་ན། དེའི་ཕྱིར། རླུང་གི་དེ་ཉིད་ཕ་རོལ་ཕྱིན། །ཞེས་གསུངས་ཏེ། ལེའུ་བཅུ་གཉིས་པ་བསྟན་པ་སྟེ། ཕ་རོལ་ཕྱིན་ཅེས་བྱ་བ་ནི་ཕ་རོལ་ཏུ་སོན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མདོར་བསྟན་པ་བཤད་ནས། དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། རྡོ་རྗེའི་ཕྱག་རྒྱ་
དོན་སྡོམ་པ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ནི་ཡན་ལག་མ་ཉམས་པའི་བཟླས་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་བཟླས་པས་སོ། །ཕྱག་རྒྱ་ནི་མ་ནིང་གི་བཟླས་པའི་གནས་སྐབས་རྡོ་རྗེའི་ཕྱག་རྒྱའོ། །དེའི་གོ་འཕང་ནི་འདུག་པའི་གནས་ཏེ། གནས་རྡོ་རྗེའི་ཕྱག་རྒྱ་གོ་འཕང་ངོ་། །ཞི་ཞེས་བྱ་བ་ནི་རང་བཞིན་
གྱི་ཚོགས་བརྒྱ་རྩ་བརྒྱད་ཉེ་བར་ཞི་བས་སོ། །ཕྱག་རྒྱ་ཆེན་པོའི་དོན་སྡོམ་པ། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པའོ། །དོན་ནི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་ནོ། །སྡོམ་པ་ནི་བསྡུས་པའི་ངོ་བོའོ། །མཆོག་གི་དེ་ཉིད་ཅེས་བྱ་བ་ནི་ངག་གི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཀྱི་
ཕྱིར་རོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་ངག་གི་རྣམ་པར་རྟོག་པའི་སྒྲའི་རྣམ་པར་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་དེ་ཉིད་ལ་བརྟེན་པ་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་བརྗོད་པའོ། །དམིགས་པ་མེད་པའི་གོ་འཕང་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རྟེན་རྣམ་པར་རྟོག་པ་བཟློག་
པས་དོན་དམ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཤེས་པ་ལ་གསལ་བར་སྣང་བས་སོ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་རྒྱུ། །ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་བརྟེན་ནས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པ་ཉིད་ཀྱི་ཕྱིར་རོ། །ཚིག་འདི་ཉིད་ཀྱི་
བཤད་པ་གསུངས་པ་ནི། སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཀྱིས་བསྡུས་པའི་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་རྣལ་འབྱོར་པ་གསལ་བ་ཉིད་དུ་ཉེ་བར་སོང་བའོ། །དེ་ཉིད་ཀྱི་ཕྱིར་ཡིད་སྐྱབས་པས་ན་སྔགས་ཞེས་བརྗོད་དོ། །ལུས་ངག་ཡིད་ཀྱིས་སྡོམ་པའོ། །ཞེས་བྱ་བ་ནི་
མ་དག་པའི་ལུས་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་ནས་རྣམ་པར་དག་པའི་ལུས་ལ་སོགས་པ་སྣང་བ་བསྐྱེད་པ་དེ་རྣམས་ཉིད་ལ་སྡོམ་པ་ནི་བདེ་བ་མཆོག་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་དེའི་དངོས་པོ་ནི་དེ་ཉིད་དེ་ཕྱིན་ཅི་མ་ལོག་པའོ། །དེ་སྐྱེས་ཡེ་ཤེས་མཆོག་ཅེས་བྱ་བ་ནི་དེ་མ་ཐག་
เล่ม ๓๔ · หน้า 106a
པར་བཤད་པའི་སྔགས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ལས་གང་ཞིག་སྐྱེས་པའི་ཡོན་ཏན་ནི་མཆོག་ཅེས་བྱའོ། །ཡེ་ཤེས་མཆོག་ནི་མཆོག་གི་ཡུལ་དང་ཡུལ་ཅན་གྱི་རྣམ་པར་རྟོག་པ་བཟློག་པའི་བདག་ཉིད་ཅན་ནོ། །དེ་ཉིད་ཀུན་གྱི་དོན་བསྡུས་པ། །ཞེས་བྱ་
བ་ནི་ཀུན་གྱི་ནི་ལུས་ལ་སོགས་པའི་དེ་ཁོ་ན་ཉིད་ཟུང་འཇུག་གི་མཐར་ཐུག་པ་རྣམས་ཀྱི་དོན་ནི་བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱིས་བསྡུས་པ་ཞེས་བྱ་བ་ནི་བསྡུས་པར་གྱུར་པའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ལ་བརྟེན་པ་ཉིད་ཀྱི་རིམ་གྱིས་ཟུང་འཇུག་གི་གོ་འཕང་དངོས་སུ་བྱས་པའི་ཕྱིར་རོ། །དེ་ལྟ་
བུའི་སྔགས་ཀྱི་དེ་ཁོ་ན་ཉིད་གནས་གང་དུ་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་སྙིང་གའི་པདྨ་མཆོག་ཏུ་ཞེས་གསུངས་ཏེ། སྙིང་གར་གནས་པའི་པདྨ་ཁ་སྦྱར་བའི་དབུས་སུའོ། །མཆོག་ཏུ་ཞེས་བྱ་བ་ནི་ཧཱུྃ་ཡིག་གི་རྣམ་པ་ཉིད་ཀྱི་ཕྱིར་རོ། །གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་པ་ལ་གསལ་བའི་ངོ་བོས་སྣང་བའི་ཕྱིར་
རོ། །ཡེ་ཤེས་དེ་ཉིད་བླ་ན་མེད། །ཅེས་བྱ་བ་ལ། ཡེ་ཤེས་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །དེ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ཀྱིས་སོ། །བླ་ན་མེད་ཅེས་བྱ་བ་ནི་ཧཱུྃ་ཡིག་ལ་ཆ་ཤས་སུ་བརྟགས་པས་ཐིག་ལེ་ལ་སེམས་འཛིན་པར་ཕྱག་རྒྱ་ཆེན་པོའི་ངོ་བོ་མངོན་དུ་བྱས་པས་དེ་
ལས་གོང་དུ་གཞན་མེད་པའི་ཕྱིར་རོ། །ཟླ་དྲུག་བཟླས་པས་ཞེས་བྱ་བ་ནི་དུས་དེ་སྲིད་དུ་ཉེ་བར་མཚོན་པས་སོ། །འགྲུབ་པར་ནི་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་ཐོབ་པར་བྱ་བའོ། །འགྱུར་ཏེ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་གོང་དུ་ནི་མ་ཡིན་ཞེས་
བྱ་བའི་དོན་ཏོ། །ཐབས་དང་ནི་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་འདི་ཉིད་དོ། །མཆོག་གི་ཞེས་བྱ་བ་ནི་དམ་པའོ། །རྣལ་འབྱོར་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་དངོས་གྲུབ་ཀྱི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་པ་ནི་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་པོ་རྣམས་ལའོ། །
ཡོངས་སུ་གྲགས་ཞེས་བྱ་བ་ནི་བརྗོད་པའོ། །དམིགས་པ་མེད་པའི་ཚིག་བཤད་པའི་དོན་དུ་དམིགས་མེད་ཚིག་ནི་ཞེས་བྱ་བ་གསུངས་ཏེ། གང་སྔོན་དུ་བསྟན་པའིའོ། །དེ་ནི་དོན་དམ་པར་ནི་ཞེས་བྱ་བ་ནི་ཨ་ཡིག་གི་རང་བཞིན་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །བརྗོད་ཅེས་བྱ་བ་ནི་བརྗོད་པའོ། །ངག་གི་སྤྲོས་པ་
เล่ม ๓๔ · หน้า 106b
ཐམས་ཅད་ཨ་ཡིག་ནི་ནང་དུ་བསྡུས་པའོ། །སྦྲུལ་ལ་སོགས་པའི་རིམ་པའི་དབྱེ་བས་ཀུན་རྫོབ་ཏུ་སྦྲུལ་དང་། མགོ་མེད་པ་དང་། མཐའ་མེད་པ་དང་། བཏུ་བའི་དབྱེ་བས་སོ། །མི་ཟློས་པ་ཞེས་བྱ་བ་ནི་བཟླས་པར་མི་བྱ་བའོ། །རླུང་གསུམ་པོ་ཉིད་ལ་ཉེ་བར་འབྲེལ་པའི་ཡི་གེ་གསུམ་གྱི་ངོ་བོ་ཉིད་ཀྱིས་
དབུགས་ཀྱི་འཁོར་ལོ་མཚོན་པར་བྱའོ། །སླར་ཡང་ཕྱི་རོལ་གྱི་ཕྲེང་བ་བཟུང་ནས་ངག་གིས་བཟླས་པ་མི་བྱ་སྟེ། འདིར་དེ་སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཕྱིའི་བཟླས་པ་མི་བྱེད་ན། འོ་ན་ཇི་ལྟར་བཟླས་པར་བྱ་ཞེ་ན། དེའི་ཕྱིར་གཉིས་སུ་མེད་ཅེས་བྱ་བ་གསུངས་ཏེ། རླུང་དང་སྔགས་དང་།
ལྷ་དང་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་ཇི་ལྟར་གཉིས་སུ་རྟོགས་པར་མི་འགྱུར་བར་དེ་ལྟར་ཞེས་བྱ་བའི་དགོངས་པའོ། །གལ་ཏེ་གཉིས་སུ་མེད་པར་ཟློས་ན། ཇི་ལྟར་ཡི་གེ་གསུམ་གྱི་ངོ་བོ་ཉིད་ཀྱིས་དབྱེ་བར་བྱེད་ཅེ་ན། འོན་ཀྱང་ཞེས་བྱ་བ་གསུངས་ཏེ། འཇུག་པ་དང་། གནས་པ་དང་། ལྡང་
བའི་རྣམ་པས་རླུང་རྣམས་ཉེ་བར་མཚོན་པའི་དོན་དུ་དེ་ཉིད་གསུམ་ནི་ལུས་ངག་ཡིད་གསུམ་ས་བོན་གྱི་རང་བཞིན་གྱིས་མི་ཕྱེད་པ་ནི་རོ་མཉམ་པའོ། །སྔགས་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །དོན་ཀུན་བསྡུས་པའོ་ཞེས་བྱ་བ་ནི་ཐམས་ཅད་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་དོན་གང་
ཡིན་པའི་བརྗོད་པར་བྱ་བའི་མཚན་ཉིད་དོ། །དེའི་བསྡུས་པ་ནི་དེ་བསྡུས་པའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྔགས་ཀྱི་དེ་ཉིད་རྒྱས་པར་བཤད་ནས། དེའི་ཕན་ཡོན་བསྟན་པའི་ཕྱིར། བཟླས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་གསུམ་དགོད་པས་དབུགས་གསུམ་ཉེ་བར་
མཚོན་པར་བྱས་ནས་དངོས་གྲུབ་མཚུངས་པ་མེད་པ་ཞེས་བྱ་བ་དང་འབྲེལ་ལོ། །རྡོ་རྗེ་བཟླས་པའི་ངོ་བོ་ནི་དངོས་གྲུབ་བོ། །འགྲོ་བ་ནི་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། མཚུངས་པ་མེད་པ་ཞེས་བྱ་བ་གསུངས་ཏེ། བཟླས་པའི་རིམ་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །སུ་ཞིག་འགྲོ་
ཞེ་ན། དེའི་ཕྱིར། ཡང་དག་མཉམ་པར་གཞག་བཟླས་ན། །ཞེས་གསུངས་ཏེ། ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སེམས་ཆགས་པ་སྟེ། ཏིང་ངེ་འཛིན་གྱི་སྐྱོན་དྲུག་པོ་རྣམས་སྤོང་བར་བྱེད་པའི་འདུ་བྱེད་བརྒྱད་པོ་བསྒོམས་པས་ཟིལ་གྱིས་གནོན་པའི་ཕྱིར་རོ། །ཇི་ལྟར་འགྲོ་ཞེ་ན། དེའི་ཕྱིར།
เล่ม ๓๔ · หน้า 107a
རྣམ་དག་གོ་འཕང་བཟང་པོ་གསལ། །ཞེས་བྱ་བ་གསུངས་ཏེ། རྣམ་དག་གོ་འཕང་ནི་ངག་གི་སྤྲོས་པ་རྣམ་པ་བཞི་བཟློག་པའི་བདག་ཉིད་ཅན་ངག་གི་འོད་གསལ་བའི་ངོ་བོ་ལ་ཤིན་ཏུ་གསལ་བ་ཉིད་ནི་མི་གསལ་བ་ཉིད་ལས་བཟློག་པ་ཇི་ལྟར་འགྱུར་བ་དེ་ལྟར་བཟླ་ཞེས་བྱ་བ་ནི་བྱ་
བའི་ཁྱད་པར་རོ། །གང་ཞེས་བྱ་བ་ནི་སྒོམ་པ་པོའོ། །ཤེས་ཞེས་བྱ་བ་ནི་རིག་པའོ། །དེ་ནི་འགྲོ་བའི་བླ་མ་ཞེས་བྱ་བ་ནི་ཁམས་གསུམ་པའི་སློབ་དཔོན་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་སྔགས་
དོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། སྔགས་ཀྱི་དོན་དང་མིང་མཆོག་དང་། །གཉིས་མེད་ཡེ་ཤེས་མཚན་ཉིད་ཅན། །ཞེས་གསུངས་ཏེ། ཡིད་
སྐྱོབ་པར་བྱེད་པས་ན་སྔགས་སོ། །དེའི་དོན་ནི་དགོངས་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བར་བྱས་ནས་སོ། །སྔགས་ཀྱི་དེ་ཉིད་དང་ཞེས་བྱ་བ་ནི་སྔགས་ནི་དེ་མ་ཐག་པར་གསུངས་པའི་རིགས་པས་སོ། །དེ་ཁོ་ན་ཉིད་ནི་དོན་དམ་པའི་རྣམ་པ་ཉིད་ཀྱི་རྡོ་རྗེ་འཆང་གི་རྣམ་པ་ནི་སྔགས་ཀྱི་དེ་ཉིད་
དོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། རྟེན་པ་མེད་ཅིང་སྣང་བ་མེད། །ཅེས་བྱ་བ་དང་དེ་བཞིན་དུ། དེ་ཉིད་དེ་ནི་དོན་དམ་ཡང་། །ཞེས་གསུངས་སོ། །སྔགས་ཀྱི་མན་ངག་ཅེས་བྱ་བ་ནི་གནས་ཀྱི་དབྱེ་བ་དང་འཁོར་བའི་དབྱེ་བས་བླ་མའི་དྲུང་ནས་སྔགས་ཀྱི་མན་ངག་གི་མཚན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་
པ་ནི། ཞལ་ནས་ཞལ་དུ་ཞེས་བྱ་བ་སྟེ། བླ་མའི་ཞལ་ནས་སློབ་མའི་ཁར། །ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་ཉམས་མྱོང་ཞེས་བྱ་བ་ནི་སྔགས་ལ་བཏུ་བའི་རིམ་པས་སོ། །ཉམས་སུ་མྱོང་བ་ནི་ཡང་དག་པའི་ཡེ་ཤེས་ཏེ། སྔགས་ཀྱི་ཉམས་སུ་མྱོང་བའོ། །མི་གསལ་བ་ཞེས་བྱ་བ་ནི་ཕྱི་མོ་ལས་ཡང་དག་པར་
བསྡུས་པར་གྱུར་པ་ཉིད་ཀྱི་ཕྱིར་མི་གསལ་བའོ། །གང་ཞེས་བྱ་བ་ནི་སྒོམ་པ་པོའོ། །ཤེས་ཞེས་བྱ་བ་ནི་རིག་པའོ། །དེ་ནི་འགྲོ་བའི་བླ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་མཆོད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་རབ་ཏུ་དབྱེ་བ་བརྗོད་ནས། དེ་ཉེ་བར་མཁོ་བའི་དོན་བརྗོད་པའི་ཕྱིར། དེའི་ཡན་ལག་གསོལ་བ་
เล่ม ๓๔ · หน้า 107b
འདེབས་པ་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རབ་ཏུ་དབྱེ་བ་བཤད་པའི་རྗེས་ལའོ། །ཕྱག་ན་རྡོ་རྗེ་ནི་ཞུ་བ་པོའོ། །རྡོ་རྗེ་སེམས་དཔའ་དྲུག་པ་དེ་བཞིན་གཤེགས་པའི་རྣམ་པ་ལ་ཞུས་པ་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཀུན་མཁྱེན་ཞེས་
གསུངས་ཏེ། ཀུན་མཁྱེན་ནི་འོད་གསལ་གྱི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་རོ། །འགྲོ་བའི་བླ་མ་ཞེས་བྱ་བ་ནི་ཁམས་གསུམ་པའི་སློབ་དཔོན་དུ་གྱུར་པ་སྟེ། དེ་དང་དེའི་སེམས་ཅན་གྱི་བསམ་པའི་དབང་གིས་དེ་དང་དེའི་ཆོས་སྟོན་པའི་ཕྱིར་རོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་
ཕྱིར་ཡང་དང་ཡང་དུ་ཕྱག་བྱས་ནས་སོ། །ཅི་ཞིག་ཞུས་ཤེ་ན། དེའི་ཕྱིར། སྔགས་ཀྱི་མཚན་ཉིད་ཇི་ལྟ་བུ། །ཞེས་བྱ་བ་གསུངས་ཏེ། ཕྱིན་ཅི་མ་ལོག་པའི་ངོ་བོས་སྔགས་ནི། ཡིད་སྐྱོབ་པའི་བདག་ཉིད་ཅན་གྱི་མཚན་ཉིད་ནི་ཉེ་བར་མཚོན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གསོལ་བ་འདེབས་པ་རྩོམ་པ་
བཤད་ནས། དངོས་སུ་གསོལ་བ་འདེབས་པ་བརྗོད་པའི་ཕྱིར། སྔགས་དོན་ཞེས་པ་ཅི་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་ཞེས་པ་ནི་བོད་པའོ། །རང་བཞིན་ཅི་ཞེས་བྱ་བ་ནི་ཇི་ལྟ་བུའི་ངོ་བོའོ། །རབ་གསལ་ཞེས་བྱ་བ་ནི་གསལ་བར་གྱིས་ཤིག་པའོ། །སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི་འཆད་པར་འགྱུར་
བའི་མཚན་ཉིད་ཅན་ནོ། །དེ་བཞིན་མན་ངག་ནི་ཞེས་བྱ་བ་ནི་གནས་ཀྱི་དབྱེ་བ་ལ་སོགས་པ་འཆད་པར་འགྱུར་བ་ལས་སོ། །སྔགས་ཀྱི་སྡོམ་དོན་ཇི་ལྟ་བུ། །ཞེས་བྱ་བ་ནི་ཇི་ལྟར་སྦྱོར་བ་ནི་ཇི་ལྟར་སྲིད་པའོ། །ཕྱི་མོ་ལས་དོན་ནི་ཡི་གེ་གསུམ་ལའོ། །སྡོམ་པ་ནི་བསྡུས་པའི་ངོ་བོ་སྔགས་བཏུ་བས་ཞེས་
བྱ་བའི་ཐ་ཚིག་གོ། །དེ་ལྟར་དངོས་སུ་གསོལ་བ་འདེབས་པ་བསྟན་ནས། བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་བཤད་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ནི་གསོལ་བ་བཏབ་པའི་རྗེས་ལའོ། །རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ངོ་། །གསུངས་པ་ཞེས་བྱ་བ་ནི་འཆད་པར་འགྱུར་
བའི་དོན་བརྗོད་ཅིག་ཅེས་བྱའོ། །བཅོམ་ལྡན་འདས་ཀྱི་དོན་ནི་བཤད་ཟིན་ཏོ། །རྣལ་འབྱོར་གསུམ་གྱི་འབྲས་བུ་དག་ཉིད་ཅེས་བྱ་བ་ནི་གསུམ་ནི་དང་པོའི་རྣལ་འབྱོར་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་རྒྱལ་པོ་མཆོག་གི་མཚན་ཉིད་ཅན་དང་རིགས་བརྒྱའི་དབྱེ་བའི་བདག་ཉིད་ཅན་རྣམས་ཀྱི་
เล่ม ๓๔ · หน้า 108a
འབྲས་བུ་ནི་ལུས་རྣམ་པར་དབེན་པ་སྟེ། དེའི་བདག་ཉིད་ཅན་དེའི་རང་བཞིན་ནོ། །རྫོགས་པའི་རིམ་པའི་རྡོ་རྗེ་བཟླས་པ་ལ་རྣལ་འབྱོར་གསུམ་པོ་ནི་འཇུག་པ་ལ་སོགས་པ་དང་། ཡི་གེ་གསུམ་གྱི་ངོ་བོ་རྣམས་ཀྱི་འབྲས་བུ་ནི་ངག་གིས་བཟླས་པའི་མཚན་ཉིད་ཅན་ཏེ། དེའི་བདག་
ཉིད་ནི་དེའི་རང་བཞིན་ནོ། །སེམས་རྣམ་པར་དབེན་པའི་རིམ་པ་ལ་རྣལ་འབྱོར་རྣམ་པ་གསུམ་པོ་ནི། སྣང་བ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ནི་འོད་གསལ་བ་སྟེ། དེའི་བདག་ཉིད་ཅན་ནོ། །སྒྱུ་མའི་ལུས་ལ་རྣལ་འབྱོར་རྣམ་པ་གསུམ་ནི། ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་ངོ་བོ་རྣམས་ཏེ། འབྲས་བུ་ནི་
ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དབེན་པའོ། །དེ་བཞིན་དུ་མངོན་པར་བྱང་ཆུབ་པའི་རིམ་པ་ལ་རྣལ་འབྱོར་རྣམ་པ་གསུམ་ནི་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའི་ངོ་བོ་རྣམས་ཀྱི་འབྲས་བུ་ནི་ཐམས་ཅད་སྟོང་པའི་རང་བཞིན་འོད་གསལ་བ་སྟེ། དེའི་བདག་ཉིད་ནི་དེའི་རང་བཞིན་
ནོ། །དེ་བཞིན་དུ་ཟུང་དུ་འཇུག་པའི་རིམ་པ་ལ་རྣལ་འབྱོར་རྣམ་པ་གསུམ་ནི། རྒྱུ་དང་འབྲས་བུ་དང་། དེ་གཉིས་སུ་མེད་པའི་མཚན་ཉིད་ཅན་གྱི་འབྲས་བུ་ནི་གཉིས་སུ་མེད་པའི་མཚན་ཉིད་ཅན་ནོ། །དེའི་བདག་ཉིད་ནི་དེའི་རང་བཞིན་ནོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་དེ་ལ་མཁོ་བའི་དོན་
བརྗོད་ནས། དེ་སོ་སོར་རྒྱས་པར་བཤད་པ་བསྟན་པའི་ཕྱིར་དེའི་ཡན་ལག་སྔགས་ཀྱི་དོན་སོ་སོར་རྒྱས་པར་བཤད་པ་ནི། སྔགས་ཀྱི་དོན་དང་མིང་ཞེས་བྱ་བ་གསུངས་སོ། །མཆོག་དང་ཞེས་བྱ་བ་ནི་ཨོཾ་ཡིག་ལ་སོགས་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་དོན་སྟོན་པར་བྱེད་
པའི་ཕྱིར་རོ། །གཉིས་མེད་ཡེ་ཤེས་མཚན་ཉིད་ཅན། །ཞེས་བྱ་བ་ནི་ཡིད་སྐྱོབ་པར་བྱེད་པའི་དོན་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་གྱི་ཟུང་དུ་འཇུག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བཤད་ཀྱིས་ཉོན་ཞེས་བྱ་བ་ནི་བཅོམ་ལྡན་
འདས་ཀྱིས་གསུངས་ཏེ། ཕྱག་ན་རྡོ་རྗེ་ཉན་པ་ལ་སྦྱར་བའོ། །བཤད་ཀྱིས་ཞེས་བྱ་བ་ནི་བརྗོད་ཀྱིས་སོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དམ་པའི་ངོ་བོས་སོ། །ཇི་ལྟ་བུས་ཤེ་ན། དེའི་ཕྱིར་སྙིང་པོ་ཞེས་བྱ་བ་གསུངས་ཏེ། སྙིང་པོ་ནི་བསྐྱེད་པའི་རིམ་པ་ལས་སོ། །སྙིང་པོའི་དོན་གསུངས་པ་ཞེས་བྱ་བ་ནི།
เล่ม ๓๔ · หน้า 108b
རྫོགས་པའི་རིམ་པའི་རྗེས་སུ་འབྲངས་ནས་སྤྲོས་པ་དང་བྲལ་བའི་ཕྱིར་ངག་རྣམ་པར་དབེན་པར་འབྲས་བུ་སྐྱེད་པར་བྱེད་པའོ། །གཞན་ཡང་ཐོག་མ་མེད་ཞི་བ། །ཞེས་བྱ་བ་ནི་སྐྱེ་བ་དང་གནས་པ་དང་། འཇིག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་སྣང་བ་ཐམས་ཅད་གཅོད་པས་སོ། །
དངོས་དང་དངོས་མེད་ཟད་པའི་གཙོ། །ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བས་སོ། །གཙོ་ཞེས་བྱ་བ་ནི་ཁྱད་པར་བྱས་ནས་འབྱུང་བའི་ཕྱིར་རོ། །དེ་ཡང་དཀར་པོ་དང་། ནག་པོའི་ཕྱོགས་གཉིས་མི་འདོར་བ་ཉིད་ཀྱིས་གསུངས་སོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཞེས་བྱ་བ་ནི་
ཇི་ལྟར་རིགས་པ་རིམ་པ་དྲུག་ལ་ཤེས་རབ་དང་སྙིང་རྗེ་བདག་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །སྔགས་དོན་ཞེས་བྱ་བ་ནི་ཡིད་སྐྱོབ་པར་བྱེད་པའི་དོན་གྱིས་ནི་སྔགས་སོ། །དེའི་དོན་ནི་བརྗོད་པར་བྱ་བའི་ངོ་བོའོ། །རིག་པའི་མཚན་ཉིད་ནི་ཞེས་བྱ་བ་ནི་རིག་པ་ནི་སྦྱོར་བ་སྟེ། སྔགས་ཀྱི་སྒྲའི་བརྗོད་པར་བྱ་
བ་སྟོན་པ་ཉིད་ཀྱིས་དོན་དམ་པའི་ངོ་བོའོ། །དེ་ཉིད་མཚན་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་སྔགས་ཀྱི་དོན་སླར་རྒྱས་པར་བཤད་པ་བསྟན་ནས། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་སླར་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། སྔགས་ཀྱི་དོན་ནི་སྐལ་བཟང་སྟེ། །ཞེས་བྱ་བ་གསུངས་
ཏེ། འཆད་པར་འགྱུར་བའི་མཚན་ཉིད་ཅན་ལས་སོ། །སྐལ་བཟང་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར་རོ། །རྫོགས་པའི་རིམ་པའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་རང་བཞིན་གྱི་གདོད་མ་ནས་མ་སྐྱེས་པའི་ཆོས་ཉིད་མཚོན་
པར་བྱེད་པ་ཨ་ཡིག་གི་རྣམ་པར་ཡོངས་སུ་ཤེས་པའོ། །རྟེན་པ་མེད་ཅིང་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་ལས་སྐྱེས་པའི་ལྷའི་མཚན་ཉིད་ཅན་རྟེན་སྤངས་པ་ཉིད་ཀྱི་ཕྱིར་རོ། །སྣང་བ་མེད་ཅེས་བྱ་བ་ནི་རྡོ་རྗེ་བཟླས་པའི་རིམ་པ་ལ་བརྟེན་ནས་འཇུག་པ་དང་གནས་པ་དང་ལྡང་བ་སྤངས་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་
མེད་པ་ཞེས་བྱ་བ་ནི་སེམས་རྣམ་པར་དག་པའི་རིམ་པས་རང་བཞིན་དང་སྣང་བ་རྣམས་ལ་རང་བཞིན་མེད་པར་རྟོགས་པའོ། །མཆོག་གི་མཆོག་ཅེས་བྱ་བ་ནི་མཆོག་ནི་སྣང་བ་ལ་སོགས་པ་གསུམ་པའི་མཚན་ཉིད་ལས་སོ། །མཆོག་ནི་བཞི་པའི་རྣམ་པའོ། །མེད་ཅེས་བྱ་བ་ནི་བདག་བྱིན་གྱིས་བརླབ་པའི་
เล่ม ๓๔ · หน้า 109a
རིམ་པས་རྗོད་བྱེད་སྤངས་པའི་ཕྱིར་རོ། །རྣམ་པ་མེད་པ་དང་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པས་རགས་པ་དང་ཕྲ་བའི་རྣམ་པ་ཐམས་ཅད་སྤངས་པ་ཉིད་ཀྱི་ཕྱིར་རོ། །འགྱུར་བ་མེད་པའི་ཞེས་བྱ་བ་ནི་ཐ་དད་པའི་རྣམ་པར་རྟོག་པ་མ་ལུས་པ་ཐམས་ཅད་མེད་པས་ཟུང་
འཇུག་གི་རྣམ་པ་ཉིད་ཀྱི་ཕྱིར་རོ། །ཆེན་པོའི་མཆོག་ཅེས་བྱ་བ་ནི་མི་སློབ་པའི་ལམ་གྱི་རང་བཞིན་ཉིད་ཀྱིས་ཤིན་ཏུ་ཡང་མཆོག་ཉིད་ཀྱི་ཕྱིར་རོ། །གཉིས་པ་ཐམས་ཅད་རྣམ་སྤངས་པ། །ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། ཡོད་པ་དང་མེད་པའི་སྤྲོས་པ་ཉེ་བར་ཞི་བས་སོ། །བདེ་
བ་ཡང་དག་འཕེལ་བར་བྱེད། །ཅེས་བྱ་བ་ནི་ལུས་དང་སེམས་ཀྱི་བདེ་བ་དང་ཡིད་བདེ་བའི་འདོད་པ་མེད་པ་དག་ལ་འཕེལ་བར་བྱེད་པའོ། །ཤེས་བྱ་ཐམས་ཅད་ཆ་དང་བྲལ། །ཞེས་བྱ་བ་ནི་ཤེས་བྱའི་རྣམ་པར་རྟོག་པ་མ་ལུས་པ་རྣམས་ཀྱིས་མ་གོས་པའི་ཕྱིར་རོ། །ཤེས་བྱའི་རྟོག་པ་ཐམས་ཅད་ལས་
འདས་པ་སྙམ་དུ་བྱས་ནས་སོ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་སྐྱེས། །ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་ཆོས་ཐམས་ཅད་ལ་ཨ་ཡིག་གི་ཆོས་ཉིད་ཀྱིས་རྗེས་སུ་འབྱེད་པའི་ཕྱིར། གཉིས་སུ་མེད་པའི་སྦྱོར་བ་ནི་ཆོས་ཉིད་ཀྱི་རྣམ་པས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་
སྔགས་ཀྱི་ཚིག་བཤད་དོ། །དེ་ཁོ་ན་ཉིད་ཀྱི་ཚིག་བཤད་པ་ནི། དེ་ཉིད་དེ་ནི་ཞེས་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་ཞེས་བྱ་བ་སྟེ། མཆོག་གི་ཡེ་ཤེས་ཀྱི་ཡུལ་ཉིད་ཀྱི་ཕྱིར་དང་། རང་ཉིད་ཀྱང་མཆོག་ཡིན་པའི་ཕྱིར་དང་། མཆོག་ནི་དགོས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་དེ་བཞིན་ཞེས་བྱ་བ་ནི་རྟག་
ཏུ་བཅོས་མ་མ་ཡིན་པའི་ངོ་བོས་གནས་པའི་ཕྱིར་རོ། །གཞན་ཉིད་མིན་ཞེས་བྱ་བ་ནི་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་འཆང་བའི་དངོས། །ཞེས་བྱ་བ་ནི་སྤྲོས་པ་མེད་པ་ཉིད་ཀྱིས་རྡོ་རྗེ་འཆང་གི་དབུགས་འཛིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ལྔ་ཡི་རང་བཞིན་ནི། །ཞེས་བྱ་བ་ནི་མེ་
ལོང་ལྟ་བུའི་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ནོ། །ཁྱབ་པའི་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་ཁྱབ་པར་བྱེད་པའོ། །ཀུན་ལ་ཞེས་བྱ་བ་ནི་དོན་དམ་པའི་རང་བཞིན་མེད་པས་ཆོས་ཐམས་ཅད་ལ་འགྲོ་བ་མེད་པའི་ཕྱིར་རོ། །སྟོང་པ་ཉིད་ཅེས་བྱ་བ་ནི་རྫས་སུ་ཡོད་པ་ལ་མངོན་པར་ཞེན་
เล่ม ๓๔ · หน้า 109b
པ་བཟློག་པས་སོ། །ཉོན་མོངས་པ་ཐམས་ཅད་རབ་ཏུ་འཇོམས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པའི་ཕྱིར་རོ། །དྲི་མེད་ཅེས་བྱ་བ་ནི་ཁྱབ་བྱའི་ངོ་བོ་ཆོས་རྣམས་ཀྱི་སྐྱོན་གྱིས་མ་གོས་པ་ཉིད་ཀྱི་ཕྱིར་རོ། །དྲི་བྲལ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་དྲི་
མ་དང་བྲལ་བའོ། །དང་བ་དང་ཞེས་བྱ་བ་ནི་དག་པའི་ཤེལ་ལྟ་བུ་ཉིད་ཀྱི་ཕྱིར་རོ། །རང་གི་རྟོགས་པའི་གོ་འཕངས་ཞེས་བྱ་བ་ནི་རང་ནི་ཆོས་ཀྱི་དབྱིངས་ཏེ། རྟོགས་པ་ནི་མངོན་དུ་བྱེད་པའོ། །དེའི་གོ་འཕང་ནི་འདུག་པའི་གནས་སོ། །མཆོག་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་མཚན་ཉིད་དང་
བྲལ་བའི་ཕྱིར་རོ། །དང་པོའི་སངས་རྒྱས་ཞེས་བྱ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ངོ་བོས་གདོད་མ་ནས་ཆོས་ཐམས་ཅད་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་དགྱེས་ཞེས་བྱ་བ་ནི་དྲི་མ་མེད་པའི་རྣམ་པར་དག་པས་ཤིན་ཏུ་ཡང་དགའ་བ་ཉིད་ཀྱི་ཕྱིར་རོ། །རིགས་ལྔ་རྣམས་ནི་རྒྱས་པར་བྱེད། །
ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ལྔ་རྣམས་ལས་སད་པར་བྱེད་པའི་དོན་ཏོ། །དེ་ལྟར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་ནས། སྔགས་ཀྱི་མན་ངག་སོ་སོར་རྒྱས་པར་བཤད་པ་བརྗོད་པའི་ཕྱིར་དེའི་ཡན་ལག་རང་གི་ངོ་བོ་ནི་མན་ངག་ཅེས་བྱ་བ་གསུངས་ཏེ། མན་ངག་ནི་སྔགས་ཀྱི་
གདམས་ངག་གོ། །གནས་ཀྱི་བྱེ་བྲག་གིས་ཞེས་བྱ་བ་ནི་རྩ་གསུམ་གྱི་གནས་ཀྱི་དབྱེ་བ་དང་། གནས་བརྒྱད་ལ་རེག་པའི་དབྱེ་བས་སོ། །འཁོར་ལོའི་དབྱེ་བས་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཁོར་ལོའི་དབྱེ་བ་དང་། མེ་ལ་སོགས་པ་འཁོར་ལོ་བཞིའི་དབྱེ་བས་སོ། །བཏུ་བར་བྱ་ཞེས་བྱ་བ་ནི་ཕྱི་རོལ་གྱི་
ཡི་གེའི་ངོ་བོས་སོ། །ནང་དུ་ནི་འཁོར་ལོ་ལ་བརྟེན་ནས་སོ། །གནས་ཀྱི་བྱེ་བྲག་གིས་གསུངས་པ་གང་ཡིན་པ་དེ་རྒྱས་པར་བཤད་པའི་དོན་དུ་རྩ་དང་སྙིང་ག་མགྲིན་པ་བད་ཀན་ཞེས་བྱ་བ་གསུངས་ཏེ། གནས་བརྒྱད་དུ་ཡང་དག་པར་རེག་པ་ཞེས་བྱ་བའི་དོན་ཏོ། །རྩོལ་བ་ཞེས་བྱ་བ་ནི་སྦྱོར་བའོ། །འཁོར་
ལོའི་དབྱེ་བས་བཏུ་བར་བྱ། །ཞེས་བྱ་བ་རྒྱས་པར་བཤད་པ་ནི། དེ་བཞིན་དུ་ནི་ལས་རྣམས་བྱ། །ཞེས་གསུངས་ཏེ། དེ་བཞིན་དུ་ནི་ལས་རྣམས་བྱ་བ་ནི་མེའི་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་ཐུན་ཕྱེད་ཕྱེད་ཀྱི་བར་དུ་དབུགས་གཟུང་བས་དབང་དུ་བྱ་བ་ལ་སོགས་པའི་ལས་བསྒྲུབ་པར་བྱའོ། །ཞི་
เล่ม ๓๔ · หน้า 110a
བ་ལ་སོགས་ཞེས་བྱ་བ་ནི་དབང་དུ་བྱ་བ་ལ་སོགས་པའོ། །གོ་རིམས་བཞིན་ཞེས་བྱ་བ་ནི་ཇི་ལྟར་སྲིད་པར་འབྱུང་བའི་དཀྱིལ་འཁོར་རྣམས་ཀྱི་རྗེས་སུ་འབྲངས་ནས་སོ། །དངོས་གྲུབ་བཞིན་བྱ་བ་ནི་རྡོ་རྗེའི་བཟླས་པའི་དངོས་གྲུབ་བོ། །ཡེ་ཤེས་དེ་ཞེས་བྱ་བ་ནི་དུས་
གསུམ་དུ་གནས་པའི་དེ་བཞིན་གཤེགས་པས་ཡོངས་སུ་མཁྱེན་པའོ། །ཇི་ལྟར་ཉམས་སུ་མྱོང་མཚན་ཉིད། །ཅེས་བྱ་བ་ནི་མེའི་དཀྱིལ་འཁོར་ལ་སོགས་པའི་དབུགས་རྣམས་ནི་འབྱུང་བ་དང་། འཇུག་པ་དང་། གནས་པའི་བདག་ཉིད་ཅན་རྣམས་ཀྱིས་ཉམས་སུ་མྱོང་བའི་རིམ་པའོ། །ཇི་
ལྟར་རང་བཞིན་རྫོགས་པ་ཇི་ལྟ་བུས་ཞེས་བྱ་བ་ནི་ཨ་ཡིག་དང་ཧཾ་ཡིག་གི་བདག་ཉིད་ཅན་རང་བཞིན་གྱི་བཟླས་པ་རྫོགས་པ་དང་བསྐྱེད་པའི་རིམ་པ་ལ། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་གསུམ་རྫོགས་པའོ། །རྒྱུན་གྱི་དབྱེ་བ་ཇི་བཞིན་དུ། །ཞེས་བྱ་བ་ནི་རྒྱུན་
ནི་རྣམ་པར་མ་དག་པ་ལ་དབྱེ་བ་ནི་རྣམ་པར་དག་པ་ཉིད་སྐྱེད་པའོ། །རིགས་པ་ཇི་བཞིན་ཞེས་བྱ་བ་ནི་དཀྱིལ་འཁོར་རེ་རེ་ལ་ཉི་ཤུ་རྩ་ལྔ་དང་བཅས་པའི་ཉིས་བརྒྱའི་གྲངས་ཀྱིས་སོ། །སྦྱོར་བ་ཇི་བཞིན་ཞེས་བྱ་བ་ནི་དཀྱིལ་འཁོར་རེ་རེ་ལ་དེ་ལས་གཞན་པའི་དཀྱིལ་འཁོར་གྱི་ཆ་བརྩིས་པས་
དབུགས་དགུ་བརྒྱའི་གྲངས་ཀྱིས་སོ། །འབྲས་བུ་ཇི་ལྟ་བ་བཞིན་གནས། །ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ངོ་བོ་རྣམ་པ་བཅུ་གཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བདག་ཉིད་ཅན་ནོ། །ཡང་དག་བསམ་གཏན་ཕྱག་རྒྱའི་རིམ། །ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་རྣམ་པ་གཉིས་བསྒོམས་པས་རང་
གི་ལུས་མ་དམིགས་པས་ལྷག་མོས་ཀྱི་ཕྱག་རྒྱ་ཆེན་པོའི་ངོ་བོ་ལ་སེམས་པའོ། །ཡང་དག་ཅེས་བྱ་བ་ནི་བདེན་པའི་རྣམ་པར་རྟོག་པའི་གཉེན་པོ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་གཟུགས་རྫོགས་པ་ཞེས་གསུངས་ཏེ། སངས་རྒྱས་ལྔ་ལ་སོགས་པའི་དབྱེ་བས་ཕྱག་རྒྱ་ཆེན་པོའི་རྣམ་པར་རྟོག་པ་
ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་སྔགས་ཀྱི་མན་ངག་ཅེས་བྱ་བ་ནི་སྔ་མ་དང་འབྲེལ་པར་བྱའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། དེ་ཉིད་ལ་བླ་མའི་གདམས་ངག་གིས་ཐོབ་པར་བྱ་བ་བརྗོད་པའི་ཕྱིར། བླ་མའི་ཞལ་ལ་གནས་ཞེས་གསུངས་ཏེ། དེ་ལྟ་བུར་གྱུར་པའི་མན་ངག་རྡོ་རྗེ་སློབ་དཔོན་གྱི་
เล่ม ๓๔ · หน้า 110b
ཞལ་ལ་གནས་པའོ། །ཡང་དག་བསླབ་པར་བྱ་ཞེས་བྱ་བ་ནི་བླ་མས་བསྙེན་པ་ལ་སོགས་པ་སྔོན་དུ་འགྲོ་བས་བརྩལ་བར་བྱའོ། །རབ་ཏུ་འབད་པས་ཞེས་བྱ་བ་ནི་ལེ་ལོ་ལ་སོགས་པ་སྤངས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ཉིད་ལ་བླ་མའི་གདམས་ངག་ཐོབ་པར་བྱ་བ་ཉིད་བསྟན་ནས།
བླ་མ་མཉེས་པར་བྱ་བ་བརྗོད་པའི་ཕྱིར། གསེར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསེར་ལ་སོགས་པ་རྣམས་ཀྱིས་སོ། །དོ་ཤལ་གོས་དང་ནི་ཞེས་བྱ་བ་ནི་ཤིན་ཏུ་འཇམ་པའི་རེག་བྱ་ཅན་དར་ལ་སོགས་པ་རྣམས་ཀྱིས་སོ། །རིན་ཆེན་ཞེས་བྱ་བ་ནི་ཨིནྡྲ་ནཱི་ལ་དང་། མ་ར་ཀ་ཏ་དང་། པདྨ་རཱ་ག་
ལ་སོགས་པ་རྣམས་ཀྱིས་སོ། །སྣ་ཚོགས་ཡོན་ཏན་མཆོག་ཅེས་བྱ་བ་ནི་རང་རང་གི་མཐུའི་ཆེ་བས་ཤིན་ཏུ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ཀྱིས་སོ། །བྲན་དང་ཞེས་བྱ་བ་ནི་དུས་ཅུང་ཟད་ཡོངས་སུ་སྤྱོད་པ་རྣམས་ཀྱིས་སོ། །ལས་བྱེད་པ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་ཤིན་
ཏུ་གུས་པར་བྱེད་པའོ། །གྲངས་མེད་པ་དང་ཞེས་བྱ་བ་ནི་དཔག་ཏུ་མེད་པས་སོ། །དད་ཅིང་གུས་པ་ལ་སོགས་ཀྱིས། །ཞེས་བྱ་བ་ནི་མི་མཐུན་པའི་དངོས་པོ་སྤངས་པའི་ངོ་བོ་ཁྱད་པར་ཅན་གྱི་དད་པ་ངེས་པ་ལ་སོགས་པ་རྣམས་ཀྱིས་སོ། །མཉེས་པར་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་དང་འབྲེལ་པའོ། །
ཅི་ཞིག་གིས་མཉེས་པར་བྱ་ཞེ་ན། དེའི་ཕྱིར་ཇི་ལྟར་འདོད་པས་སྟེར་བ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་འདོད་པས་སློབ་མས་མངོན་པར་འདོད་པའི་དོན་རབ་ཏུ་སྟེར་བའོ། །སྟོན་པ་ཞེས་བྱ་བ་ནི་སློབ་མས་དབང་བསྐུར་བ་ལ་སོགས་པ་ནས་བརྩམས་ནས། ཐོས་པ་ལ་སོགས་པ་རྣམས་ཀྱི་སྟོན་པའོ། །
བླ་མ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ཡོན་ཏན་ལ་སྦྱོར་བ་དང་ལྡན་པའོ། །སྔགས་ཀྱི་དོན་སྟོན་ཞེས་བྱ་བ་ནི་སྔགས་ཀྱི་དོན་དེའི་མན་ངག་གི་བདག་ཉིད་སྟོན་པར་བྱེད་པའོ། །མཉེས་པར་བྱ་ཞེས་བྱ་བ་ནི་བསྟན་པར་བྱ་བའོ། །རབ་ཏུ་འབད་པས་ཞེས་བྱ་བ་ནི་དེ་དང་དེའི་བསམ་པ་འཛིན་པའི་ངོ་བོ་བརྩོན་འགྲུས་
ཀྱིས་སོ། །ཆགས་པ་བྲལ་བའི་སེམས་ཀྱིས་ཞེས་བྱ་བ་ནི་ཞེན་པ་དང་བྲལ་བའི་འཛིན་པ་ལ་སོགས་པས་སོ། །སེམས་ཀྱིས་ཞེས་བྱ་བ་ནི་ལྷག་པའི་བསམ་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསམ་པ་རྫོགས་བྱས་ནས། །ཞེས་བྱ་བ་ལ་དེ་ལྟར་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །བསམ་པ་རྫོགས་
เล่ม ๓๔ · หน้า 111a
བྱས་ནས་ཞེས་བྱ་བ་ནི་བླ་མ་དང་འབྲེལ་པའི་སེམས་ཀྱིས་སོ། །གང་གིས་ཤེ་ན། དེའི་ཕྱིར། རྙེད་པར་དཀའ་བའི་དངོས་རྣམས་ཀྱིས། །ཞེས་གསུངས་ཏེ། མནྡཱ་ར་བའི་དངོས་པོ་དབུལ་བའི་རྣམ་པ་རྣམས་ཀྱིས་སོ། །ཕྱག་བྱས་ཞེས་བྱ་བ་ནི་ལུས་ལ་སོགས་པ་རྣམས་ཀྱིས་སོ། །དེ་ཞེས་
བྱ་བ་ནི་ཡང་དག་པར་བསྟན་པར་བྱེད་པའི་བླ་མ་ལས་སོ། །སྔགས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཡི་གེ་གསུམ་མོ། །ཡང་དག་ཅེས་བྱ་བ་ནི་ཐེ་ཚོམ་མེད་པའི་བློས་སོ། །བཟུང་ནས་ཞེས་བྱ་བ་ནི་བླང་བར་བྱས་པའོ། །འབྲས་བུ་དོན་གཉེར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཀྱི་འབྲས་བུ་
མངོན་པར་འདོད་པ་རྣམས་ཀྱིས་སོ། །དེ་ཙམ་གྱིས་བླ་མ་མཉེས་པར་བྱ་བ་བསྟན་ཏོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་སྔགས་ཀྱི་མན་ངག་སོ་སོར་རྒྱས་པར་བཤད་པ་བསྟན་ནས། སྔགས་བཏུ་བའི་སོ་སོར་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་དེ་བཏུ་བའི་དོན་དུ་རྟེན་ལ་
སོགས་པ་བསྟན་པ་ནི། མི་ཡི་རུས་པའི་སྨྱུ་གུ་དང་། །ཞེས་གསུངས་ཏེ། མིའི་རྩིབ་མའི་རུས་པ་ལས་སྨྱུ་གུ་བྱས་ནས་སོ། །རིན་ཆེན་རབ་བདར་བ་ཞེས་བྱ་བ་ནི་མུ་ཏིག་གི་ཕྱེ་མ་ལ་སོགས་པ་རྣམས་སོ། །རབ་བདལ་བ་ཞེས་བྱ་བ་ནི་བཀྲམ་པའོ། །ས་གཞི་ཞེས་བྱ་བ་ནི་གཞི་མའོ། །དུར་
ཁྲོད་ཐལ་བ་ཞེས་བྱ་བ་ནི་རོ་བསྲེགས་པའི་ཐལ་བའོ། །ཡང་ན་ཞེས་བྱ་བ་ནི་དེ་མེད་ནའོ། །ལས་ཀྱི་དབྱེ་བས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་སོལ་བ་དང་། དུར་ཁྲོད་ཀྱི་སོ་ཕག་ལ་སོགས་པ་ཚོན་གྱི་བྱེ་བྲག་གིས་མངོན་སྤྱོད་ལ་སོགས་པའི་དངོས་གྲུབ་བསྒྲུབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཏུ་བའི་
དོན་དུ། རྟེན་ལ་སོགས་པ་བཤད་ནས། དེ་བཏུ་བ་པོའི་བྱེ་བྲག་བརྗོད་པའི་ཕྱིར། ཐོག་མར་དབང་བསྐུར་བླངས་བྱས་ནས། །ཞེས་བྱ་བ་གསུངས་ཏེ། བླ་མའི་དྲུང་ནས་གསང་བ་འདུས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་དབང་བཞི་བཟུང་སྟེ། ཐོག་མ་ནི་སྔགས་བཏུ་བ་ལས་དང་པོར་རོ། །དཀྱིལ་
འཁོར་ལ་སོགས་མདུན་དུ་བྱས། །ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཐུན་མོང་བའི་དཀྱིལ་འཁོར་བྱ་བ་ལ་སོགས་པས་རྣམ་པར་དག་པ་བྱས་པས་སོ། །བགེགས་མཐར་བྱེད་ལ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པ་ལའོ། །གཏོར་མ་ཆེ་ཞེས་བྱ་བ་ནི་གཏོར་མ་ཆེན་པོ་སྟེ། ཆང་དང་ཤ་ལ་སོགས་
เล่ม ๓๔ · หน้า 111b
པས་རྒྱ་ཆེ་བའོ། །སྦྱིན་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་རིམ་པས་དེ་བསྒྲུབ་སྔོན་དུ་འགྲོ་བ་བྱས་ནས་སོ། །ལྷའི་ཁང་པར་ཞེས་བྱ་བ་ནི་ལྷའི་ཁྱིམ་ལ་སོགས་པར་རོ། །སྔགས་བཏུ་བ་ཞེས་བྱ་བ་ནི་དེའི་རྗེས་ལ་འཆད་པར་འགྱུར་བའི་སྔགས་སོ། །མཚུངས་པ་མེད་པའི་ཞེས་བྱ་བ་ནི་མ་བཏུས་པའི་སྔགས་
དང་མཚན་ཉིད་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་དག་པའོ། །སྐུ་གསུང་ཐུགས་ནི་སྒྲུབ་བྱེད་པའོ་ཞེས་བྱ་བ་ནི་རྣམ་པར་མ་དག་པའི་ལུས་ལ་སོགས་པ་བཟློག་པས་ལྷའི་རྣམ་པའི་ལུས་ལ་སོགས་པ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཏུ་བ་པོའི་ཁྱད་པར་བསྟན་ནས་སྔགས་བཏུ་བ་རང་གི་ངོ་བོ་
བཤད་པའི་ཕྱིར། དང་པོའི་ཡི་གེ་ཐོག་མར་བྲི། །ཞེས་བྱ་བ་གསུངས་ཏེ། དང་པོར་ནི་དབྱངས་ཡིག་རྣམས་ཀྱི་དང་པོ་ཨ་ཡིག་བྲི་བར་བྱའོ། །དབྱངས་ཡིག་ལྔ་པ་ཡང་དག་ལྡན། །ཞེས་བྱ་བ་ནི་དབྱངས་ཡིག་ལྔ་པ་ཨུ་ཡིག་ཡང་དག་པར་ལྡན་པའོ། །དེ་ལྟར་ན་ཨའི་ཡི་གེ་ཕ་རོལ་དུ་བྱ་སྟེ།
ཡི་གེ་ཨ་ནི་ཨོར་འགྱུར་ཏེ། ཨུ་ཡིག་མི་སྣང་བར་འགྱུར་རོ། །དེ་ལྟར་ན་ཨོ་ཞེས་བྱ་བར་འགྱུར་རོ། །སྡེ་ཚན་མཐའ་མའི་མཐའ་ཅན་ལྡན། །ཞེས་བྱ་བ་ནི། ཀ་ལ་སོགས་པ་ནི་སྡེ་ཚན། །ལྔ་པའི་མཐའ་མ་ནི་པའི་སྡེ་ཚན་ནོ། །དེའི་མཐའ་མའི་མཐའ་ཅན་ནི་མའི་ཡི་གེ་སྟེ། དེ་དང་ལྡན་པ་ནི་ཀླད་ཀོར་དང་བཅས་
པའོ། །དེ་ལྟར་ན་ཡི་གེ་ཨོཾ་ཞེས་བྱ་བར་འགྱུར་རོ། །སྐུ་ཡི་ས་བོན་བཏུ་བར་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ས་བོན་ཞེས་བྱ་བའི་དོན་ཏོ། །ཐོག་མའི་ཡི་གེ་ཞེས་བྱ་བ་ནི་ཨའི་ཡི་གེའོ། །ཉིས་འགྱུར་ཞེས་བྱ་བ་ནི་ཨའི་ཡི་གེ་གཉིས་པས་བསྒྱུར་བའོ། །མཉམ་པ་ནི་མཚུངས་པ་ཕ་རོལ་དུ་
བྱ་སྟེ། ཨ་ཡིག་དང་པོ་ནི་རིང་པོར་འགྱུར་རོ། །ཨ་ཡིག་གཉིས་པ་ནི་མི་སྣང་བར་བྱས་ཏེ། ཨ་རིང་པོར་འགྱུར་རོ། །ཨུཥྨཱ་ན་ཡི་ཆ་དང་ལྡན། །ཞེས་བྱ་བ་ནི་ཧའི་ཡི་གེ་སྲོག་མེད་པ་དང་ལྡན་པའོ། །སྔགས་བཏུ་བྱ་ཞེས་བྱ་བ་ནི་དེ་ལྟར་ན་ཨཱ་ཞེས་བྱ་བར་འགྱུར་རོ། །མཚུངས་པ་མེད་པའི་ཞེས་བྱ་བ་ནི་
ཚེག་དྲག་གཉིས་ཀྱི་གནས་སུ་དབྱངས་ཡིག་མེད་པའི་ཡི་གེ་ཧ་དང་ལྡན་པའི་ཕྱིར་སྔགས་གཞན་གྱི་མཚན་ཉིད་དང་བྲལ་བའོ། །གསུང་གི་རྡོ་རྗེ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱིའོ། །སྙིང་པོ་ཞེས་བྱ་བ་ནི་དེ་སྐྱེད་པར་བྱེད་པའི་ས་བོན་ནོ། །མཆོག་ཅེས་བྱ་བ་ནི་ངག་རྣམ་པར་དག་པ་སྐྱེད་པར་བྱེད་པའོ། །
เล่ม ๓๔ · หน้า 112a
ཨུཥྨཱ་ན་ཡི་མཐའ་ཆ་ལྡན། །ཞེས་བྱ་བ་ལ། ཨུཥྨཱ་ན་ནི་ཧ་ཡིག་སྟེ། །དེ་རྣམས་ནི་ཤ་ཥ་ས་ཧ་སྟེ་ཞེས་བྱ་བའི་མིང་གིས་སོ། །ཆ་དང་ལྡན་ཞེས་བྱ་བ་ནི་སྟེང་དུ་ཟླ་ཚེས་ཀྱི་ཆ་དང་ལྡན་པར་བྱས་སོ། །དབྱངས་ཡིག་དྲུག་པས་ཡང་དག་བརྒྱན། །ཞེས་བྱ་བ་ནི་ཨཱུ་ཡིག་གིས་འོག་ཏུ་
བྱས་པས་སོ། །སྡེ་ཚན་མཐའ་མའི་མཐའ་མར་བཅས། །ཞེས་བྱ་བ་ནི་མའི་ཡི་གེ་ཀླད་ཀོར་དང་བཅས་པར་ལྡན་པའོ། །ཐུགས་ཀྱི་རྡོ་རྗེ་གོ་འཕང་ཞེས་བྱ་བ་ནི་མི་བསྐྱོད་པའི་ས་བོན་ནོ། །གསལ་ཞེས་བྱ་བ་ནི་ཆ་ལྔ་པ་གྲགས་པས་གསལ་བའོ། །དེ་ལྟར་སྔགས་བཏུ་བའི་ངོ་བོ་བསྟན་ནས། དེ་རྣམ་
པར་དག་པའི་སྒོ་ནས་དེ་ཉིད་ཀྱི་ཆེ་བའི་བདག་ཉིད་བཤད་པའི་ཕྱིར། དེ་ཉིད་གསུམ་ཞེས་བྱ་བ་གསུངས་ཏེ། ལུས་ངག་ཡིད་གསུམ་གྱི་དེ་ཁོ་ན་ཉིད་ཀྱི་ངོ་བོའི་ཕྱིར་རོ། །རྡོ་རྗེ་གསུམ་གྱི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་དམ་ཚིག་ནི་ཐུགས་བསྐུལ་བའི་
རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་གསུམ་ཡང་འགྲུབ་པར་བྱེད། །ཅེས་བྱ་བ་ནི་དེ་སྐྱེད་པ་པོ་ཉིད་ཀྱི་ཕྱིར་དང་སྤྲོ་བ་དང་སྡུད་པར་བྱེད་པའི་རིམ་པས་དེ་སྡུད་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་པའི་ཞེས་བྱ་བ་ནི་རིམ་པ་གཉིས་བསྒོམ་པའོ། །དེ་ཉིད་མཆོག་ཅེས་བྱ་བ་ནི་ལུས་ངག་ཡིད་གསུམ་
རྣམ་པར་དག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྔགས་བཏུ་བ་ནི་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་རིགས་པས་སོ། །བླ་ན་མེད་ཅེས་བྱ་བ་ནི་སྡིག་པ་ཐམས་ཅད་ཟད་པར་བྱེད་པའི་རྒྱུར་གྱུར་པའོ། །དངོས་གྲུབ་ཐམས་ཅད་བྱེད་ཅེས་བྱ་བ་སྤེལ་བ་སྔོན་དུ་འགྲོ་བས་ལས་ཚོགས་ཐམས་ཅད་སྒྲུབ་པར་བྱེད་
པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་ཡི་གེའི་ངོ་བོ་ཉིད་ཀྱིས་སྣང་ཡང་ཆོས་ཉིད་ཀྱི་ངོ་བོ་ཡོངས་སུ་མི་འདོར་བ་ཉིད་ཀྱི་ཕྱིར་རོ། །སྔགས་རྣམས་ཀུན་གྱི་དོན་བསྡུས་པ། །ཞེས་བྱ་བ་ནི་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། ཕྲེང་བ་དང་གཟུངས་སྔགས་ལ་སོགས་པ་རྣམས་ཀྱི་དོན་ནི་གསང་བ་གསུམ་གྱི་རང་
བཞིན་གྱིས་སྡུད་པ་ནི་དེའི་རང་བཞིན་ཏེ། ཡི་གེ་གསུམ་མེད་པར་དེ་རྣམས་མེད་པའི་ཕྱིར་རོ། །སྔགས་རྣམས་ཀུན་གྱི་གནས་ཡིན་ནོ། །ཞེས་བྱ་བ་ནི་སྔགས་རྣམས་ཐམས་ཅད་ཀྱི་གནས་ནི་སྔ་མ་བཞིན་ནོ། །རྒྱུ་དང་མི་རྒྱུ་ཉིད་བཞིན་ཞེས་བྱ་བ་ནི་ཇི་ལྟར་རྒྱུ་བའི་བཅུད་ཀྱི་སེམས་ཅན་རྣམས་དང་། མི་རྒྱུ་
เล่ม ๓๔ · หน้า 112b
བའི་སྣོད་ཀྱི་འཇིག་རྟེན་ནོ། །དེ་བཞིན་དུ་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་རྟེན་དུ་རིག་པར་བྱའོ། །དངོས་གྲུབ་རྣམས་ཀྱི་རྣལ་འབྱོར་མཆོག །ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་སྐུའི་དབང་ཕྱུག་ལ་སོགས་པའི་མཚན་ཉིད་ཅན་ནོ། །མཆོག་ནི་མཆོག་གི་རྣལ་འབྱོར་ཏེ། དེའི་བདག་པོ་
ཉིད་ཀྱིས་དེ་རྣམས་འབྱུང་བའི་ཕྱིར་རོ། །རྣལ་འབྱོར་ཡེ་ཤེས་ཞེས་བྱ་བ་ནི་དེ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བླ་ན་མེད་ཅེས་བྱ་བ་ནི་གསང་བ་གསུམ་གྱི་རང་བཞིན་ཉིད་ཀྱིས་འདི་གཞན་གང་ན་མེད་པའི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་བཞིས་སྔགས་བཏུ་བ་སོ་སོར་རྒྱས་པར་བཤད་པ་བསྟན་ནས།
ད་ནི་སྔགས་བཟླས་པའི་ཕན་ཡོན་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ་ནི། མན་ངག་ཇི་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེས་བྱ་བ་ནི་བསྒོམ་པའོ། །མན་ངག་ཇི་བཞིན་ཞེས་བྱ་བ་ནི་ཇི་ལྟར་བླ་མའི་གདམས་ངག་གོ། །ཟློས་པ་ཞེས་བྱ་བ་ནི་སྔོན་དུ་བཏུས་པའི་
སྔགས་ནི་ཚིག་གམ་ཡིད་ཀྱིས་འཇུག་པ་ལ་སོགས་པ་རྣམས་ལ་སྦྱར་བ་གོམས་པར་བྱེད་པ་སྟེ། དེ་ཡི་དངོས་གྲུབ་རྒྱ་ཆེར་འགྲོ། །ཞེས་བྱ་བ་དང་འབྲེལ་ཏོ། །ཅིའི་ཕྱིར་ཟློས་ཤེ་ན། དེའི་ཕྱིར་དངོས་གྲུབ་ཕྱིར་ནི་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་
དོན་དུའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ལུང་བཞིན་གྱིས་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་རྒྱུད་དུ་བསྟན་པའི་ཆོ་གས་སོ། །དེའི་ཞེས་བྱ་བ་ནི་རྣལ་འབྱོར་པའིའོ། །རྒྱ་ཆེན་ནི་རྒྱ་ཆེ་བ་དང་ཟབ་པའི་རང་བཞིན་ནོ། །དངོས་གྲུབ་ཅེས་བྱ་བ་ནི་སངས་རྒྱས་ཀྱི་མཚན་ཉིད་ཅན་ནོ། །འགྲོ་ཞེས་བྱ་བ་ནི་ཐོབ་པར་
འགྱུར་བའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ལའོ། །སྔགས་ཤེས་པས་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་མཁས་པའོ། །དེ་ལྟར་སྔགས་བཟླས་པ་ལ་ཕན་ཡོན་མདོར་བསྟན་པ་བཤད་ནས། དེ་རྒྱས་པར་བཤད་པའི་ཕྱིར། ཡེ་ཤེས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། དེ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཡེ་ཤེས་ཆེན་པོ་ཞེས་བཤད་པའོ་ཞེས་བྱ་བ་དང་འབྲེལ་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་བྱེད་པས་ན་ཡེ་ཤེས་ཆེན་པོ་དང་ལྡན་པའོ། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་སྐྱེས། །ཞེས་བྱ་བ་ནི་རྣམ་པར་མ་དག་པའི་ལུས་ངག་ཡིད་གསུམ་བཟློག་ནས་
เล่ม ๓๔ · หน้า 113a
རྣམ་པར་དག་པའི་ལུས་ལ་སོགས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ནི་རྣལ་འབྱོར་པའོ། །སྔགས་བཟླས་ཞེས་བྱ་བ་ནི་ཡི་གེ་གསུམ་མོ། །མཚུངས་པ་མེད་ཅེས་བྱ་བ་ནི་རང་གི་ངོ་བོ་དང་འབྲས་བུ་ལས་ཐུན་མོང་མ་ཡིན་པའོ། །འདོད་པ་ཀུན་ལ་ལོངས་སྤྱོད་
ཅེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །འདི་ཙམ་གྱིས་རྒྱས་པར་བཤད་པ་བསྟན་ནས། སོ་སོར་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་ནི་སྒྲུབ་པ་པོའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་
དུའོ། །སྔགས་ཞེས་བྱ་བ་ནི་སྔར་བཤད་པའི་ཡི་གེ་གསུམ་མོ། །འཆང་ཞེས་བྱ་བ་ནི་འཇོག་པའམ་བརྗོད་པའོ། །མགུར་བར་ཞེས་བྱ་བ་ནི་དེས་མཚོན་པའི་ཁ་ལའོ། །ཡང་ན་མགྲིན་པས་ཉེ་བར་མཚོན་པའི་མེ་ལ་སོགས་པའི་དཀྱིལ་འཁོར་གྱི་རྣམ་པ་ལ་འཇུག་པ་ལ་སོགས་པའི་རིམ་པས་
འཆང་བར་བྱེད་པའོ། །དེ་ཁོ་ན་ཉིད་ལེགས་པར་ཤེས། །ཞེས་བྱ་བ་ནི་མཛེས་པའི་དེ་ཁོ་ན་ཉིད་རིག་པས་ན་དེ་ཁོ་ན་ཉིད་ལེགས་པར་ཤེས་པའོ། །དབུགས་ཀྱི་འཁོར་ལོ་ཉེ་བར་མཚོན་པ་ནུས་པ་འམ། སྔགས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ། །རྟོག་པ་ཀུན་ཡང་འགྲུབ་པར་བྱེད། །ཅེས་བྱ་བ་ནི་རྣལ་འབྱོར་
པ་འདི་ལ་རྟོག་པ་ཐམས་ཅད་ནི་ཞི་བ་ལ་སོགས་པའི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་བའོ། །དཀྱིལ་འཁོར་ཀུན་དུ་ཞུགས་པ་དང་། །ཞེས་བྱ་བ་ནི་དཀྱིལ་འཁོར་ལ་གཙོ་ཆེར་ཡི་གེ་གསུམ་གྱི་རིམ་པས་རྫོགས་པའི་ཕྱིར་དང་། ཐམས་ཅད་དུ་ནི་དམ་ཚིག་ཤེས། །ཞེས་བྱ་བ་ནི་རྒྱུད་སྡེ་རྣམ་པ་ལྔ་ལ་
ཡང་འོས་པའི་བརྡ་ཡོངས་སུ་ཤེས་པའི་ཕྱིར་རོ། །འཇིག་རྟེན་གསུམ་པོ་སྒྲུབ་ཅེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་ཞི་བ་ལ་སོགས་པ་ཐམས་ཅད་སྒྲུབ་པར་བྱེད་པའོ། །བློ་བཟང་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་མཛེས་པའི་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་
འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅོ་ལྔ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཅོ་ལྔ་པས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་བཏབ་པ་བསྟན་ནས། ད་ནི་
เล่ม ๓๔ · หน้า 113b
རླུང་གི་གྲངས་ཀྱི་རིམ་པ་དང་གནས་བསྟན་པ་དྲི་བའི་ལན་བརྗོད་པར་འདོད་ནས་ལེའུ་བཅུ་དྲུག་པ་སྟོན་པར་བྱེད་ཅིང་། དང་པོར་རེ་ཞིག་དེ་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅོ་ལྔ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་ལ་ལྟོས་ནས་ཁྱད་པར་ཅན་ཉིད་ཀྱི་
ཕྱིར་རོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉན་པ་ལ་སྦྱར་བའོ། །གྲངས་ཀྱི་རིམ་པ་ཞེས་བྱ་བ་ནི་རླུང་རྣམས་ལ་འཆད་པར་འགྱུར་བའི་རིགས་པས་བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །བླ་ན་མེད་ཅེས་བྱ་བ་ནི་འདི་ལས་གོང་ན་མེད་པས་ན་བླ་ན་མེད་པའོ། །དེ་ཡང་རགས་པའི་གྲངས་ནས་བརྩམས་ཏེ།
ཤིན་ཏུ་ཕྲ་བའི་གྲངས་མཚོན་པར་བྱེད་པས་སོ། །ཇི་ལྟར་གནས་པའི་ཞེས་བྱ་བ་ནི་འཆད་བཞིན་པའི་རིམ་པས་སྲོག་བསྐྱེད་པ་ལ་རྟེན་ནས་སོ། །ཇི་སྐད་དུ་འཆད་པར་འགྱུར་བ་ལས། བཤང་ལམ་གསང་བའི་བར་གནས་ཞེས་བྱ་བ་གསུངས་སོ། །རླུང་རྣམས་ཀྱི་ཞེས་བྱ་བ་ནི་སྲོག་ལ་སོགས་པ་
རྣམས་ལའོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །སྔོན་གྱི་རིམ་པས་གོ་རིམས་སུ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་རྩོམ་པའི་རང་གི་ངོ་བོ་བསྟན་ནས་དགོས་པ་བརྗོད་པའི་ཕྱིར། གང་གིས་ཐོབ་པ་ཞེས་བྱ་བ་གསུངས་ཏེ། རླུང་གི་མཚན་ཉིད་ཡོངས་སུ་ཤེས་པར་
གྱུར་པས་སོ། །སྲོག་ནི་ཐོབ་པར་བྱེད་ཅེས་བྱ་བ་དང་འབྲེལ་ཏོ། །སྲོག་ནི་རྡུལ་ཕྲ་རབ་རང་གི་ངོ་བོའོ། །སྐལ་བ་བཟང་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཐམས་ཅད་བཟློག་ནས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་བདག་ཉིད་གནས་ཞེས་བྱ་བ་ནི་ལུས་ཕུང་པོ་ལྔའི་རང་བཞིན་ལ་
ཁྱད་པར་བྱེད་པ་ཉིད་ཀྱིས་རྣམ་པར་གནས་པའོ། །གང་གིས་ཡང་དག་ཡོངས་སུ་ཤེས། །ཞེས་བྱ་བ་ནི་རླུང་གང་ལ་ཕྲ་མོའི་ངོ་བོ་ཡོངས་སུ་ཤེས་པས་སོ། །རྣལ་འབྱོར་མཆོག་ནི་ཞེས་བྱ་བ་ནི་སྲོག་སྟོང་པ་ཉིད་ཀྱི་རྣམ་པའོ། །ཐོབ་པར་བྱེད་ཅེས་བྱ་བ་ནི་ཐོབ་པར་བྱེད་པའོ། །ཡང་དག་ཅེས་བྱ་
བ་ནི་རིགས་པའི་ཆའི་སྤྱོད་པ་ལས་བརྩམས་ནས། ཤིན་ཏུ་མཚོན་པར་དཀའ་བའི་དུས་ཀྱི་ཆའི་ངོ་བོས་ཕྱིན་ཅི་མ་ལོག་པའོ། །དེ་ལྟར་རྣམས་པ་གཉིས་ཀྱིས་དེ་བརྩམས་པ་བསྟན་ནས། དངོས་སུ་དེ་བསྟན་པ་བཤད་པའི་ཕྱིར། དེའི་ཡན་ལག་རླུང་གི་བླ་ན་མེད་པའི་མཚན་ཉིད་བརྗོད་པའི་
เล่ม ๓๔ · หน้า 114a
ཡན་ལག་རླུང་གི་མཚན་ཉིད་ཡོངས་སུ་མི་ཤེས་པའི་ཉེས་དམིགས་ནི། རླུང་གི་མཚན་ཉིད་མི་ཤེས་ཕྱིར། །ཞེས་གསུངས་ཏེ། ཕྲ་མོའི་རང་བཞིན་འཆད་པར་འགྱུར་བ་རླུང་གི་མཚན་ཉིད་ཡོངས་སུ་མ་ཤེས་ན། འཇིག་རྟེན་གསུམ་ནི་རྣམ་པར་འཁོར། །ཞེས་བྱ་བ་གསུངས་
ཏེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ཅན་འགྲོ་བ་གཞན་དང་གཞན་དུ་སྐྱེ་བར་འགྱུར་བའོ། །གོམས་པ་ཐོབ་པ་དེ་ཡང་ནི། །ཞེས་བྱ་བ་ནི་རླུང་གི་རང་བཞིན་མཚོན་པར་བྱེད་པའོ། །གོམས་པ་ཞེས་བྱ་བ་ནི་ཡང་དང་ཡང་དུ་མངོན་དུ་ཕྱོགས་པར་བྱས་པས་སོ། །ཐོབ་
པ་ཞེས་བྱ་བ་ནི་རྙེད་པའོ། །དེ་ཡང་བླ་མའི་ཁ་ལས་ཞེས་བྱ་བ་ནི་བླ་མ་ནི་རྡོ་རྗེ་སློབ་དཔོན་ནོ། །དེའི་སྦྱོར་བ་ཤེས་པའི་ཁ་ལས་སོ། །རླུང་དེའི་མཚན་ཉིད་ཉེ་བར་མཚོན་པ་ལ་སྦྱོར་བ་ནི་དེའི་སྦྱོར་བའོ། །དེ་ཤེས་པས་ན་དེའི་སྦྱོར་བ་ཤེས་པའོ། །དེའི་སྦྱོར་བ་ཤེས་པའི་ཁ་ནི་དེའི་སྦྱོར་བ་ཤེས་པའི་ཁ་སྟེ་
དེ་ལས་སོ། །དེ་ལྟར་རླུང་གི་མཚན་ཉིད་ཡོངས་སུ་མ་ཤེས་པའི་ཉེས་དམིགས་བསྟན་ནས། དེའི་མཚན་ཉིད་བཤད་པར་དམ་བཅའ་བ་བརྗོད་པའི་ཕྱིར། རླུང་གི་མཚན་ཉིད་ཇི་བཞིན་དུ། །ཞེས་བྱ་བ་གསུངས་ཏེ། སྲོག་གི་རང་བཞིན་གྱི་རླུང་གིའོ། །མཚན་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོས་
མཚན་པའོ། །ཇི་སྲིད་དུ། ལོ་ཚིགས་ཀྱི་ཞེས་བྱ་བ་ནི་ཕྱིའི་དུས་ཀྱིས་བསྡུས་པའི་ལོ་ཚིགས་ཀྱི་མཚན་ཉིད་དོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །མདོར་བསྡུས་ནས་ནི་ཞེས་བྱ་བ་ནི་མདོར་བསྡུས་པས་སོ། །སྤྲིན་གྱི་དབལ་ཞེས་བྱ་བ་ནི་དང་པོའི་སངས་རྒྱས་རྡོ་རྗེ་ཕྲེང་བའི་རྒྱུད་ཆེན་པོར་
ཇི་ལྟར་རྒྱ་ཆེར་བཤད་པས་དེའི་རྗེས་སུ་འབྲངས་པ་ཉིད་ཀྱིས་འདིར་ནི་བསྡུས་ནས་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཚན་ཉིད་བཤད་པར་དམ་བཅའ་བ་བསྟན་ནས། དངོས་སུ་དེའི་བཤད་པ་ནི་དུས་ནི་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔྱིད་དང་། སོས་ཀ་དང་། དབྱར་ག་དང་།
སྟོན་དང་། དགུན་སྟོད་དང་། དགུན་སྨད་ཀྱི་དབྱེ་བས་སོ། །མདོར་བསྡུས་ནས་ནི་ཞེས་བྱ་བ་ནི་མདོར་བསྡུས་པས་སོ། །ལོ་ཚིགས་ཞེས་བྱ་བ་ནི་ལོའོ། །ཡོངས་སུ་གྲགས་ཞེས་བྱ་བ་ནི་བརྗོད་པའོ། །གལ་ཏེ་དེ་ལྟར་ཡིན་ན་དུས་དྲུག་གིས་ལོར་བརྗོད་པ་ཡིན་ན། འོ་ན་དུས་ཇི་ལྟ་བུ་ཡིན་
เล่ม ๓๔ · หน้า 114b
ཞེ་ན། དེ་ཡི་སྦྱོར་བ་གཉིས་ནི་དུས་ཡིན་ཏེ། །ཞེས་བྱ་བ་གསུངས་ཏེ། ཉི་མའི་ཁྱིམ་གཉིས་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་གྱི་ཟླ་བ་གཉིས་ཀྱི་དུས་སོ། །དུས་གཉིས་བཤད་པའི་ཕྱིར་རོ། །དུས་དེ་ཉིད་ཞག་དྲུག་ཅུའོ་ཞེས་གསུངས་ཏེ། ཉིན་ཞག་དྲུག་ཅུ་ནི་དུས་ཞེས་བརྗོད་པར་བྱའོ། །གལ་
ཏེ་དེ་ལྟར་ཡིན་ན་ཉིན་ཞག་གི་ཚད་ཇི་ཙམ་དུ་འགྱུར་ཞེ་ན། དེའི་ཕྱིར། ཉིན་དང་མཚན་དུ་ངེས་པ་ལ། །ཞེས་བྱ་བ་གསུངས་ཏེ། ཕལ་ཆེ་བའི་དགོངས་པས་མཚན་མོ་དང་ཉིན་མོའི་དབྱེ་བས་ཉིན་ཞག་ཅེས་བྱ་བའི་གྲངས་སུ་འགྲོ་བའོ། །ངེས་པ་ལ་ཞེས་བྱ་བ་ནི་དབྱུ་གུ་དྲུག་ཅུའི་དགོངས་པས་ཞེས་བྱ་བའི་
དོན་ཏོ། །ཉིན་མཚན་གྱི་ཚད་ཇི་ཙམ་ཞེ་ན་དེའི་ཕྱིར། ཉིན་མཚན་དབྱུ་གུ་དྲུག་ཅུའོ། །ཞེས་བྱ་བ་གསུངས་ཏེ། ཕྱི་རོལ་དུ་ཟླ་བ་དང་ཉི་མའི་རྒྱུ་བ་བརྗོད་པར་འདོད་པས། ཕལ་ཆེར་ནི་དབྱུ་གུ་དྲུག་ཅུས་ཉིན་མཚན་གྱི་གྲངས་སོ། །འོད་གསལ་གྱི་སྐད་ཅིག་གི་མཚན་ཉིད་ཀྱིས་ཆུ་ཚོད་བཞིའི་གྲངས་
ལ་མི་ལྟོས་པས་སོ། །དེ་ལྟར་ན་ཉིན་མོ་ཆུ་ཚོད་སུམ་ཅུ་ཐམ་པ་དང་། མཚན་མོ་ཡང་དེ་ལྟར་རོ། །འོ་ན་ཆུ་ཚོད་ཀྱི་གྲངས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཆུ་ཚོད་ཙ་ཤ་ཀ་ཞེས་གྲགས། །ཞེས་གསུངས་ཏེ། རེ་ཞིག་ཕྱི་རོལ་དུ་ནི་ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་ཀྱི་ཚད་དེ། ཙ་ཤ་ཀ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །
ཙ་ཤ་ཀའི་ཚད་ཀྱང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། འབྱུང་དང་རྔུབ་པའི་དུས་དྲུག་ལ། །ཙ་ཤ་ཞེས་ནི་རབ་ཏུ་གྲགས། །ཞེས་བྱ་བ་གསུངས་ཏེ། དབུགས་འབྱུང་བ་དང་རྔུབ་པ་དྲུག་གི་ཙ་ཤ་ཞེས་རབ་ཏུ་གྲགས་པ་ནི་བརྗོད་པའོ། །སྐད་ཅིག་མ་དྲུག་ལ་ནི་དབུགས་ཞེས་བྱ་བ་ནི། དབུགས་འབྱུང་བ་
དང་། རྔུབ་པའི་གྲངས་ཀྱི་སྐད་ཅིག་མ་དྲུག་ལའོ། །དེ་ཉིད་སེ་གོལ་གཏོགས་པའི་ཚད། །ཅེས་བྱ་བ་ནི་སྐད་ཅིག་མའི་ཚད་ནི་སེ་གོལ་གཏོགས་པ་ཙམ་མོ། །སེ་གོལ་གཏོགས་པའི་ཚད་ཇི་ཙམ་ཞེ་ན། དེའི་ཕྱིར། ཐང་ཅིག་གསུམ་ལ་སྐད་ཅིག་གོ། །ཞེས་གསུངས་ཏེ། ཐང་ཅིག་གསུམ་གྱི་
ཚད་ནི་སྐད་ཅིག་མའི་ཚད་དོ། །དེ་ཡང་ཡུངས་ཀར་བསྐོར་བ་ཙམ། །ཞེས་བྱ་བ་ནི་ཐང་ཅིག་གི་ཚད་ནི་ཡུངས་ཀར་གྱི་འབྲུ་ལ་ལག་པའི་མཐིལ་ལན་ཅིག་བསྐོར་བ་ཙམ་མོ། །དབུགས་གསུམ་ལ་ནི་ཐང་ཅིག་བརྗོད། །ཅེས་བྱ་བ་ནི་ནང་དུ་འཇུག་པ་དང་། གནས་པ་དང་འབྱུང་བའི་ངོ་བོ་དབུགས་
เล่ม ๓๔ · หน้า 115a
གསུམ་གྱིས་ཐང་ཅིག་ཅེས་བརྗོད་དོ། །དེ་ནི་ཡུད་ཙམ་མོ་ཞེས་བྱ་བ་ནི་དབུགས་ཀྱི་ཚད་ནི་ཡུད་ཙམ་ཞེས་བརྗོད་དོ། །ཐང་ཅིག་གསུམ་ལ་མིག་འཛུམས་ཏེ། །ཞེས་བྱ་བ་ནི་གཅིག་གི་ངོ་བོའི་དབུགས་ཀྱི་རང་བཞིན་གྱི་ཡུད་ཙམ་གསུམ་གྱིས་ནི་མིག་འཛུམས་པའོ། །དེ་ཡང་
མིག་ནི་འཛུམས་པ་ཙམ། །ཞེས་བྱ་བ་ནི་དེ་ཡང་ཞེས་བྱ་བ་ནི་མིག་བཙུམས་པའོ། །མིག་འཛུམས་པ་ཞེས་བྱ་བ་ནི་མིག་བཙུམས་པ་ཙམ་གྱི་ཚད་དོ། །གལ་ཏེ་དེ་ལྟར་ཡིན་ན། མིག་བཙུམས་པའི་ཚད་ནི་ཇི་ཙམ་ཞེ་ན། དེའི་ཕྱིར། ཙམ་གསུམ་ལ་ནི་མིག་བཙུམས་ཏེ། །ཞེས་བྱ་བ་གསུངས་
ཏེ། ཙམ་ཡང་ཚད་ཇི་ཙམ་སྙམ་དུ་མི་ཤེས་ན། དེའི་ཕྱིར། ཙམ་ནི་ཐལ་མོ་བརྡབས་པའོ། །ཞེས་བྱ་བ་གསུངས་ཏེ། ལག་པ་གཅིག་གིས་ལག་པ་གཞན་ལ་བརྡབས་པ་ཙམ་ཞེས་བྱ་བའི་དོན་ཏོ། །ནང་དུ་ནི་ཙམ་པོ་ཇི་ཙམ་དུ་ཞེ་ན། དེའི་ཕྱིར། བདེ་བ་འཆར་བ་གསུམ་ལ་ཙམ། །ཞེས་བྱ་
བ་གསུངས་ཏེ། རྣམ་པ་གསུམ་གྱི་བདེ་བའི་གནས་སྐབས་ལ་ཙམ་པོར་འགྱུར་རོ། །གལ་ཏེ་དེ་ལྟར་ཡིན་ན། བདེ་བ་འཆར་བ་གསུམ་གྱི་ཚད་ཇི་ཙམ་ཡིན་ཞེ་ན། དེའི་ཕྱིར། དེ་ནི་ཐིག་ལེ་འཕོ་བའོ། །ཞེས་བྱ་བ་གསུངས་ཏེ། མཆོག་གི་རྣལ་འབྱོར་མ་དང་ཡང་དག་པར་སྦྱོར་བ་
ལས་ཐིག་ལེ་ནི་ཀུན་རྫོབ་པ་སྟེ། ལན་གསུམ་དུ་འཕོ་བ་དེ་ནི་བདེ་བར་བརྗོད་དོ། །གལ་ཏེ་དེ་ལྟར་ཡིན་ན། བདེ་བ་འཆར་བའི་ཚད་ཇི་ཙམ་ཡིན་ཞེ་ན། དེའི་ཕྱིར། སྔགས་པ་གསུམ་ལ་བདེ་བར་བཤད། །ཅེས་གསུངས་ཏེ། འཇིག་པ་སྐྱེ་བའི་གནས་གསུམ་ལ་བདེ་བར་བཤད་པའོ། །སྔར་
མ་བྱུང་བའི་དངོས་པོ་ཉམས་སུ་མྱོང་བས་སྔགས་པ་དང་བདེ་བ་དག་འདྲ་བའི་ཕྱིར་རོ། །འདི་ནི་གཡང་ས་འཇིགས་པར་བརྗོད། །ཅེས་བྱ་བ་ནི་སྔགས་པ་རང་གི་ངོ་བོ་ནི་གཡང་ས་འཇིགས་པའོ། །རིའི་རྩེ་མོ་ལ་སོགས་པ་ལས་ལྟུང་བ་ལས་དོགས་པ་སྐད་ཅིག་མའི་ངོ་བོའོ། །གལ་ཏེ་དེ་ལྟར་
ཡིན་ན། འཇིགས་པ་ཇི་ལྟ་བུའི་ངོ་བོ་ཞེ་ན། དེའི་ཕྱིར། དུས་གསུམ་ལ་ནི་འཇིགས་པར་བཤད། །ཅེས་གསུངས་ཏེ། འདས་པ་ལ་སོགས་པའི་དུས་གསུམ་གྱིས་ཏེ། དེ་ལས་མ་རྫོགས་པ་དེ་མི་དམིགས་པའི་ཕྱིར་རོ། །ཕྲ་བ་ནི་སྐད་ཅིག་མཚན་ཉིད་ཅེས་བྱ་བ་ནི་ཤིན་ཏུ་ཐུང་བའི་དུས་ཀྱི་ཆའི་རང་
เล่ม ๓๔ · หน้า 115b
བཞིན་རྣལ་འབྱོར་པ་རྣམས་ཀྱིས་རེག་པར་བྱ་བས་སོ་སོའི་སྐྱེ་བོའི་ཡུལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དུས་གསུམ་གྱི་ངོ་བོ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་འདས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་བ་རྫོགས་པ་ནི་འདས་པའོ། །ད་ལྟར་དང་ཞེས་བྱ་བ་ནི་བརྩམས་པ་མ་རྫོགས་
པའི་མཚན་ཉིད་དོ། །མ་འོངས་པ་ཡི་མཚན་ཉིད་དོ། །ཞེས་བྱ་བ་ནི་བྱ་བ་ཡང་དག་པར་མ་ཐོབ་པ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡིན་ན། འདས་པ་ལ་ཡང་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར། འདས་པའི་མཚན་ཉིད་གསུམ་དུ་གསུངས། །ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་།
ད་ལྟར་བྱུང་བའི་ཆས་བརྟགས་པས་སོ། །དེ་ལྟར་ཡང་ནི་སྐད་ཅིག་གསུམ། །ཞེས་བྱ་བ་ནི་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །མ་འོངས་སྐད་ཅིག་གསུམ་དུ་བཤད། །ཅེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །དེ་ནས་སླར་ཡང་ཞེས་བྱ་བ་ནི་དེའི་རྗེས་ལའོ། །དེ་ལྟར་སྐད་ཅིག་གསུམ་གྱི་ཆ། །ཞེས་
བྱ་བ་ནི་རེ་རེ་ལ་ཡང་ཆ་གསུམ་དུ་བརྟགས་པས་སོ། །དེ་ལ་ཆ་གསུམ་ཞེས་བྱ་བ་ནི་ད་ལྟར་བའི་ཆ་གསུམ་ཡང་སྔོན་བཞིན་དུ་གསུམ་དུ་བྱས་ནས། སྟོང་པའི་ངོ་བོ་བརྗོད་དུ་མེད་པ་རྙེད་པ་སྟེ། ཤིན་ཏུ་ཕྲ་བའི་ཡོངས་སུ་གཅོད་པ་སྟོང་པའི་ཕྱིར་རོ། །དེ་ལྟར་དངོས་སུ་བཤད་པ་བརྗོད་ནས། སྲོག་གི་
མཐར་ཐུག་པའི་གྲངས་ཀྱི་རང་གི་ངོ་བོ་བཤད་པའི་ཕྱིར། ཇི་སྲིད་རྟོག་པ་ཞེས་བྱ་བ་གསུངས་ཏེ། ཕྲ་ཞིང་ཕྲ་བའི་ཆ་ཡོངས་སུ་བརྟགས་པས་སོ། །དེ་སྲིད་དུ་རྟོག་པ་སྟོང་པ་ཞེས་བྱ་བ་ནི་ཕྲ་མོའི་རྣམ་པར་རྟོག་པའི་ཆ་རྣམས་ཀྱིས་མ་བསྒྲིབས་པའི་གཉིས་སུ་དེ་ཁོ་ན་ཉིད་ཐམས་ཅད་ཉེ་བར་
ཞི་བའི་རྣམ་པའོ། །ཐོས་པར་འགྱུར་ཞེས་བྱ་བ་ནི་མངོན་སུམ་དུ་འགྱུར་རོ། །རྣལ་འབྱོར་མཆོག་ནི་མཆོག་གི་རྣལ་འབྱོར་གྱི་ངོ་བོའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྲོག་ནི་གནས་ན་ཞེས་བྱ་བ་གསུངས་ཏེ། སྲོག་གི་རླུང་སྟོང་པའི་ངོ་བོ་ལའོ། །བླ་ན་མེད་ཅེས་བྱ་བ་ནི་སྣང་བ་ཐམས་ཅད་ཉེ་བར་བཅད་པས་དེ་
ལ་གོང་ན་གཞན་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པའི་གྲངས་ལས་འདས། །ཞེས་བྱ་བ་ནི་ཡུལ་དང་དུས་དང་རྣམ་པ་རྣམས་དང་བྲལ་བའི་ཕྱིར་རོ། །དེ་ལ་ཕྱོགས་ཀྱི་སྒྲས་ནི་ཤར་དང་ལ་སོགས་པའི་ཡུལ་བརྗོད་དོ། །དུས་ཀྱི་སྒྲས་ནི། དུས་ནི་སྟོན་དཔྱིད་ལ་སོགས་པ་དང་ལྡན་པའོ། །རྣམ་པར་རྟོག་
เล่ม ๓๔ · หน้า 116a
པའི་སྒྲས་ནི་རྣམ་པ་སྟེ། དེ་ལ་རྟོག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཕྱོགས་དང་དུས་དང་རྟོག་པ་རྣམས་སོ། །དེ་རྣམས་དང་འདས་པ་ནི་སྟོང་པ་ཞེས་བྱ་བའི་དོན་ཏོ། །རིགས་པའི་མཚན་ཉིད་སྤངས་པ་དང་། །ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཡོངས་སུ་
གཅད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེའི་སྲོག་ནི་ཤར་ནས་ཞེས་བྱ་བ་ནི་སྲོག་ནི་སྐྱེད་པར་བྱེད་པའོ། །ཐིམ་ཞེས་བྱ་བ་ནི་དེ་ཉིད་ལ་སྔ་མ་བཞིན་དུ་བརྗོད་དུ་མེད་པ་རྟོགས་པའི་བདག་ཉིད་ཅན་ནོ། །དེའི་ཞེས་བྱ་བ་ནི་སྲོག་གི་རླུང་རྣམ་པར་ཤེས་པ་དང་བཅས་པ་ལའོ། །གཉིས་མེད་ཅེས་བྱ་བ་
ནི་ཐ་དད་པས་ཡོངས་སུ་ཆད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་བསྡུས་པ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་གོ་འཕང་བསྡུས་པའི་ངོ་བོའོ། །མཐར་ཐུག་པའི་གནས་སྐབས་སུ་ཕྲ་བའི་ཆ་གང་ལ་ཡང་མི་དམིགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་རླུང་གི་བླ་ན་མེད་
པའི་མཚན་ཉིད་བསྟན་ནས། སྲོག་གི་འཆར་བའི་རིམ་པ་བརྗོད་པའི་ཕྱིར། དེའི་ཡན་ལག་བཤད་པར་དམ་བཅའ་བ་ནི། གཞན་ཡང་བཤད་པར་བྱ་ཡིས་ཉོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེ་ཐོས་པ་ལ་སྦྱར་བའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་ལ་ལྟོས་ནས་
ཁྱད་པར་དུ་བྱས་པའོ། །སྲོག་ནི་ཐིམ་དང་འཆར་བ་ཡིས། །ཞེས་བྱ་བ་ནི་འཆར་བ་ནི་སྐྱེད་པའོ། །ཐིམ་པ་ནི་འཇིག་པའོ། །སྲོག་ནི་བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་པའོ། །དེ་ལྟར་བཤད་པ་དམ་བཅའ་བ་བསྟན་ནས། དུས་ཀྱི་ངེས་པ་བརྗོད་པར་བྱ་བའི་ཕྱིར། ཇི་སྲིད་སྐད་ཅིག་ལ་
སོགས་རྟོགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་ནི་བརྗོད་དུ་མེད་པའི་ངོ་བོའོ། །བརྗོད་དུ་མེད་པའི་རྗེས་ལ་རགས་པའི་གྲངས་ཀྱི་མཐར་ཐུག་པའི་རྟོག་པའམ། ཡོད་པ་དང་མེད་པའི་སྤྲོས་པའི་རྟོག་པའོ། །ཇི་སྲིད་ཅེས་བྱ་བ་ནི་དུས་ཇི་སྲིད་ཀྱི་བར་དུའོ། །ཀུན་ནས་
ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །རབ་ཏུ་མ་ཞི་བ་ཞེས་བྱ་བ་ནི་རྣམ་པར་མ་ལོག་པའམ། སྤོང་བ་མ་ཡིན་པའོ། །དེ་སྲིད་སྲོག་གི་ཞེས་བྱ་བ་ནི་དུས་དེ་སྲིད་ཀྱི་བར་དུ་སྲོག་གི་རླུང་གི་གནས་ཞེས་བྱ་བ་ནི་རྟེན་ནོ། །རྟེན་ནི་ཤེས་པ་མ་ཡིན་ཏེ། གང་གིས་ཤེ་ན། དེའི་ཕྱིར། ཐར་པ་འདོད་པའི་
เล่ม ๓๔ · หน้า 116b
རྣལ་འབྱོར་པས། །ཞེས་གསུངས་ཏེ། དེ་ལྟར་དུས་ཀྱི་ངེས་པ་བརྗོད་ནས། སྲོག་གི་བསྐྱེད་པའི་ངོ་བོ་ཉིད་བརྗོད་པའི་ཕྱིར། བཤང་སྒོ་གསང་བའི་ཞེས་བྱ་བ་གསུངས་ཏེ། བཤང་སྒོ་ཡང་ཡིན་ལ་གསང་བ་ཡང་ཡིན་པས་ན་བཤང་སྒོ་གསང་བའོ། །དེ་དག་གི་དབུས་ནི་བར་རོ། །དེར་གནས་
པས་ན་དེ་ལ་གནས་པའོ། །མིང་ནི་མ་སྐྱེས་ཞེས་བྱ་བ་ནི་མ་སྐྱེས་པ་ཞེས་བརྗོད་པ་སྟེ། སྐྱེ་བ་དང་འཇིག་པ་སྤངས་པའི་ཕྱིར་དང་། སེམས་ཀྱི་ཁམས་མ་ལུས་པ་ལས་འབྱུང་བར་འགྱུར་བ་སྟེ། འདི་ལས་མ་ལུས་པ་སྐྱེས་པ་ཞེས་བྱ་བ་བྱས་ནས་སོ། །ཆ་ཆེན་པོ་ཞེས་བྱ་བ་ནི་ཆ་ཡང་ཡིན་ལ་
ཆེན་པོ་ཡང་ཡིན་པས་ན་ཆ་ཆེན་པོའོ། །ཆེན་པོའི་སྒྲས་ནི་སྐྱེ་བ་དང་འཇིག་པ་སྤངས་པ་ཉིད་འདི་ལ་གསུངས་ཏེ། གང་ཡང་བཤང་སྒོ་དང་གསང་བའི་དབུས་སུ་གནས་པ་སྟེ། ཇི་ལྟར་མ་ལུས་པ་སྐྱེད་པར་བྱེད་ཅིང་། གང་གི་ཕྱིར་དབུས་ནི་དོན་མེད་པ་སྟེ། དེ་བས་ན་སངས་རྒྱས་ཐམས་ཅད་
ཀྱི་རྒྱུད་ཕྱི་མའི་མན་ངག་གིས་བརྗོད་པར་བྱ་སྟེ། གསང་བའི་མདུད་པའི་གནས་སོ། །བཤང་སྒོ་ནི་རྡོ་རྗེའི་ཁའོ། །དེ་དག་གི་དབུས་གང་ཡིན་པ་དེ་ནི་བར་ཏེ། ཐམས་ཅད་ཀྱི་ངོ་བོ་དང་བྲལ་བ་ལྷན་ཅིག་སྐྱེས་པའི་གནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་མ་ཡིན་ཏེ། གང་ཞིག་འཇིག་རྟེན་དུ་
གྲགས་པ་དེའི་དོན་དང་བཅས་པར་འགྱུར་རོ། །དེ་ཡང་རྣམ་ཤེས་དང་བྲལ་བ། །ཞེས་བྱ་བ་ནི་གང་གི་ཕྱིར་ཐམས་ཅད་ཀྱི་ངོ་བོ་དང་བྲལ་བའི་གནས་ལ་རྣམ་པར་ཤེས་པ་ཞེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྣམ་པར་ཤེས་པ་མེད་པས་ཀྱང་རྣམ་པར་གཞག་པ་ཇི་ལྟར་ཡིན་པའོ། །རྣམ་པར་
ཤེས་པ་མེད་པ་ཅིའི་ཕྱིར་ཐམས་ཅད་སྟོང་པའི་རང་བཞིན་ཡེ་ཤེས་མེད་པ་གང་དུ་དེ་ཡོད་པ་དེ་ཐམས་ཅད་རིགས་པས་དེའི་བདག་ཉིད་ཀྱིས་ཡོད་དོ། །དེ་ལྟར་གང་ཞིག་གཉིས་སུ་རྟོག་པ་སྤངས་པའི་གནས་དེ་ཡེ་ཤེས་ཀྱི་ལུས་ལས་འདས་པའོ། །དེ་ཉིད་ཀྱི་ཕྱིར། ཡེ་ཤེས་ལུས་ནི་བདག་
མེད་པ། །ཞེས་བྱ་བ་གསུངས་ཏེ། དེ་ཉིད་ནི་ཡང་དག་པར་བདག་མེད་པའི་གནས་སོ། །དེ་ཉིད་ཀྱི་ཕྱིར་ན། ཡེ་ཤེས་ལུས་ནི་བདག་མེད་པ། །ཞེས་བྱ་བ་དེ་ནི། ཆ་ཆེན་པོ་ཡི་བདག་མེད་པ། །ཞེས་བྱ་བར་དགོངས་སོ། །དེར་ནི་སྲོག་ནི་སྐྱེས་པ་མཆོག །ཅེས་བྱ་བ་ནི་དེ་མཆོག་གི་དབང་
เล่ม ๓๔ · หน้า 117a
ཕྱུག་གི་བདག་མེད་པ་ལས་མཆོག་ནི་མཆོག་ཏུ་གྱུར་པ་སྟེ། སྲོག་གི་སྒྲས་ནི་མཆོག་དགའ་སྟེ། གང་གི་ཕྱིར་ཐམས་ཅད་གསོ་བར་བྱེད་པའོ། །ཁ་ཅིག་ཀུན་གཞི་རྣམ་པར་ཤེས་པ་ཞེས་སྨྲའོ། །སྲོག་ཆགས་རྣམས་ཀྱི་ཞེས་བྱ་བ་ནི་གང་ལ་སྲོག་ཡོད་པ་དེ་རྣམས་ནི་སྲོག་ཆགས་རྣམས་
སོ། །མཆོག་ཏུ་བརྗོད་ཅེས་བྱ་བ་ནི་བླ་ན་མེད་པའི་དོན་སྒྲུབ་པའོ་ཞེས་བྱ་བ་ནི་དགའ་བའི་འོད་ཟེར་གྱི་ཕྲེང་བ་བྱེད་པའི་མཁན་པོའོ། །གཞན་དག་ནི་བཤང་སྒོ་གསང་བ་ཞེས་བྱ་བ་ནི་ཤེས་རབ་དང་འབྲེལ་པའི་དབུས་སུ་གནས་པ་ནི། ཆོས་འབྱུང་གི་དབུས་སུ་གནས་པའོ། །མིང་ནི་མ་སྐྱེས་
ཞེས་བྱ་བ་ནི་མ་སྐྱེས་པ་ཞེས་བྱ་བ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ཉིད་ཀྱི་ཕྱིར་རོ། །ཆ་ཆེན་པོ་ཞེས་བྱ་བ་ནི་མངལ་གྱི་རྩའི་བདག་ཉིད་ཅན་ཉིད་ཀྱི་ཆ་ཆེན་པོའི་རི་བོང་གིས་མཚན་པའི་ངོ་བོའི་རྟེན་གྱི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ཆོས་འབྱུང་གི་རྩའོ། །རྣམ་ཤེས་དང་བྲལ་བ་ཞེས་བྱ་
བ་ནི་རྟག་ཏུ་དེ་དང་ལྷན་ཅིག་མ་འགྲོགས་པས་བེམས་པོའི་རང་བཞིན་ནོ། །ཡེ་ཤེས་ལུས་ནི་ཞེས་བྱ་བ་ནི་དངོས་པོ་ལ་ཕྱི་རོལ་གྱི་དོན་མེད་ཀྱང་དེའི་སྣང་བའི་རྣམ་པར་ཤེས་པའི་རང་བཞིན་ནོ། །ཡང་ན་བར་མ་དོའི་ངོ་བོ་རྣམ་པར་ཤེས་པ་དང་འབྲེལ་པས་ཡེ་ཤེས་ཀྱི་ལུས་ཅན་ནོ། །བདག་མེད་པ་
ཞེས་བྱ་བ་ནི་ལྷག་པར་གནས་པ་པོ་བདག་ལ་སོགས་པ་འགའ་ཞིག་མེད་པའི་ཕྱིར་རོ། །དེར་ནི་སྐྱེ་བ་ཞེས་བྱ་བ་ནི་ཆོས་འབྱུང་གི་རྩ་ལའོ། །སྲོག་གི་མཆོག་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་བཞོན་པའི་ངོ་བོ་སྲོག་གི་རླུང་མངོན་དུ་བྱས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་སྟོབས་ཀྱིས་སོ། །
སྐྱེས་པ་ཞེས་བྱ་བ་ནི་མེར་མེར་པོ་ལ་སོགས་པའི་ངོ་བོས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སྲོག་ཆགས་རྣམས་ཀྱིས་ཞེས་བྱ་བའི་ནི་ལུས་བླངས་པ་རྣམས་ཀྱིས་སོ། །མཆོག་ཏུ་བརྗོད་ཅེས་བྱ་བ་ནི་དེ་དང་དེའི་ལས་ཀྱི་དབང་གིས་དམ་པ་མ་ཡིན་པ་དང་འབྲེལ་པ་ཡང་རང་གི་ངོ་བོ་མི་འདོར་བའི་ཕྱིར་རོ། །དེ་ལྟར་
སྲོག་འཆར་བའི་ངོ་བོ་བསྟན་ནས། དེ་ལས་ཀྱང་ཕུང་པོ་ལ་སོགས་པ་བསྐྱེད་པ་བརྗོད་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ངོ་བོ་རྟེན། །ཞེས་བྱ་བ་གསུངས་ཏེ། དེ་ཉིད་ནི་སྲོག་གི་རླུང་བར་མ་དོའི་སྲིད་པའི་ངོ་བོ་ལ་བརྟེན་ནས་སོ། །ཐོག་མར་འབྱུང་བ་བཞི་པོ་ལ། །ཞེས་བྱ་བ་ནི་ཐོག་མ་ནི་
เล่ม ๓๔ · หน้า 117b
དང་པོའོ། །འབྱུང་བ་བཞི་པོ་ལ་ཞེས་བྱ་བ་ནི་མེར་མེར་པོའི་གནས་སྐབས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ལའོ། །སྐྱེས་པ་ཡི་ནི་ངོ་བོར་བྱེད། །ཅེས་བྱ་བ་ནི་རང་གི་ངོ་བོ་བསྐྱེད་ནས་ཞེས་བྱ་བའི་དོན་ཏོ། །རང་གི་གནས་སུ་ཞེས་བྱ་བ་ནི་མ་སྐྱེས་པའི་རྩའི་གནས་ལའོ། །ཐིམ་ཞེས་བྱ་བ་ནི།
བརྒྱལ་བར་འགྱུར་བར་ཞེས་བྱ་བའི་དོན་ཏོ། །རྣམ་ཤེས་ལས་ནི་ཞེས་བྱ་བ་ནི་རིམ་པས་ཡོངས་སུ་སྨིན་པ་ཐོབ་པ་ལས་སོ། །རླུང་སྐྱེའོ་ཞེས་བྱ་བ་ནི་ཕུང་པོ་ལྔའི་བདག་ཉིད་ཀྱི་རླུང་གི་རྣམ་པའོ། །དེ་ལས་ཞེས་བྱ་བ་ནི་རླུང་ལས་སོ། །མེ་ནི་སྐྱེ་བར་འགྱུར་ཞེས་བྱ་བ་ནི་དྲོ་བའི་མཚན་ཉིད་ཅན་འབྱུང་
བའོ། །ཆུ་ནི་ཞེས་བྱ་བ་ནི་གཤེར་བའི་རང་བཞིན་ཅན་ནོ། །འབྱུང་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །དེ་ལས་ཞེས་བྱ་བ་ནི་ཆུ་ལས་སོ། །ས་ནི་སའི་ངོ་བོ་སྲ་བའི་མཚན་ཉིད་ཅན་ལས་སོ། །འབྱུང་བར་འགྱུར་བ་ནི་བསྐྱེད་པའོ། །དེ་དག་རྣམས་ལས་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་
བཞི་ཡོངས་སུ་སྨིན་པའི་གནས་སྐབས་རྣམས་ལས་སོ། །ཕུང་པོར་ཞེས་བྱ་བ་ནི་ལྔ་རྣམས་ལའོ། །འབྱུང་ཞེས་བྱ་བ་ནི་སྐྱེ་བའོ། །དེ་ཕྱིར་ཞེས་བྱ་བ་ནི་ཕུང་པོ་ལྔའི་མཚན་ཉིད་ཅན་ལས་སོ། །སྐྱེ་མཆེད་རྣམས་དང་ནི་ཞེས་བྱ་བ་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དབང་པོའི་རླུང་དང་ལྷན་
ཅིག་ཏུ་གྱུར་པའོ། །དེ་ལས་རྣམ་ཤེས་རང་བཞིན་རྣམས། །ཞེས་བྱ་བ་ནི་དེ་ལས་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ཡུལ་རྣམས་ཀྱིས་ཁྱད་པར་དུ་བྱས་པ་ལས་སོ། །རང་བཞིན་རྣམས་ནི་ཡེ་ཤེས་གསུམ་དང་ལྷན་ཅིག་ཏུ་འགྱུར་བས་རང་བཞིན་འབྱུང་བར་འགྱུར་ཏེ། གྲངས་བསྟན་པའི་
ཕྱིར་བརྒྱ་དང་བརྒྱད་ཀྱིས་ལྷག་པའི་ཞེས་གསུངས་ཏེ། སྔར་བཤད་པ་བཞིན་ནོ། །རིམ་ཞེས་བྱ་བ་ནི་འདི་ནི་མཚོན་པར་བྱེད་པ་སྟེ། ཅིག་ཅར་ཡང་དུས་འགའ་ཞིག་གི་ཚེ་ན་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དགའ་བའི་འོད་ཟེར་གྱི་ཕྲེང་བ་བྱེད་མཁན་འདི་སྐད་ཅེས་སྨྲ་སྟེ། རྣམ་
པར་ཤེས་པའི་ངོ་བོ་རྟེན། །ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ངོ་བོ་སྟོང་པ་ཉིད་གསུམ་གྱི་མཚན་ཉིད་དོ། །གང་གི་ཕྱིར་དེ་ལ་བརྟེན་ནས་སྐྱེ་བར་འགྱུར་ཏེ། དང་པོ་ནི་མ་རིག་པའི་མཚན་ཉིད་དོ། །གཉིས་པ་ནི་སེམས་ལས་བྱུང་བའོ། །དེ་ལྟར་སྟོང་པ་ཉིད་གསུམ་གྱི་མཚན་ཉིད་དུས་གསུམ་
เล่ม ๓๔ · หน้า 118a
དུ་སྤྱོད་པའི་ལས་སོ། །དེ་ཡང་སྣང་བ་གསུམ་གྱི་བདག་ཉིད་ཅན་དེ་སྣང་བ་གསུམ་གྱི་བདག་ཉིད་ཀྱི་ཕྱིར་དངོས་པོ་ཀུན་གྱི་བདག་ཉིད་ནི་མཆོག་དགའོ། །དེ་བས་ན་ནང་གི་བདག་ཉིད་ཀྱིས་འབྱུང་བ་བཞི་པོས་སྲིད་པའི་རྟེན་ཡེ་ཤེས་རྣམ་པར་འབྱེད་པར་བྱེད་པ་ཞེས་
བྱ་བ་སྲ་བ་ལ་སོགས་པ་རང་གི་རང་བཞིན་དུ་སྒྲོ་བཏགས་ནས་རང་གི་གནས་གསུམ་དུ་ཐིམ་པར་འགྱུར་རོ། །རང་གི་གནས་ནི་བདག་མེད་པའི་གོ་འཕང་ཞེས་བརྗོད་པར་བྱའོ། །དེ་ལས་ཞེས་བྱ་བ་ནི་རྒྱུ་དེ་ལས་ཞེས་བྱ་བའི་དོན་ཏེ། ལུགས་འདིས་འབྱུང་བ་ཆེན་པོ་ལ་སོགས་པའི་རིམ་
པའི་ཡེ་ཤེས་གསུམ་དང་། རང་བཞིན་དང་སྣང་བ་སྐྱེད་པར་འགྱུར་ཞེས་རྟོགས་པར་བྱའོ། །དེ་ལྟར་དོན་རྣམ་པ་བཞིས་སྲོག་ལས་འབྱུང་བའི་རིམ་པ་བསྟན་ནས། དེ་ཉིད་ཀྱི་ཐིམ་པའི་རིམ་པ་རྒྱས་པར་བཤད་པའི་ཕྱིར། དེའི་ཡན་ལག་དེ་རྩོམ་པ་ནི། ཇི་ལྟར་སྐྱེ་བ་དེ་ལྟར་གནས། །ཞེས་བྱ་
བ་གསུངས་ཏེ། འབྱུང་བ་ཆེན་པོ་དང་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་ཇི་ལྟར་སྐྱེས་པ་དེ་ལྟར་དེ་ཉིད་དུ་ཞེས་བྱ་བ་ནི་རླུང་གི་ངོ་བོ་ལའོ། །ཐིམ་ནས་འགྲོ་བ་ཞེས་བྱ་བ་ནི་ཉེ་བར་སྡུད་པར་འགྲོ་བའོ། །རང་བཞིན་ཞེས་བྱ་བ་ནི་ལས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །དགའ་བའི་འོད་ཟེར་གྱི་ཕྲེང་བ་བྱེད་
པའི་མཁན་པོ་ནི། ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་གིས་དང་པོར་སྐྱེ་བའོ། །དེ་ལྟར་ནི་རྣམ་པ་དེ་ཉིད་ཀྱིས་ཐིམ་ནས་སོ། །གང་གི་ཕྱིར་དེ་རྣམས་ལ་འགྲོ་བ་གཞན་མེད་དེ་ཇི་ལྟར་རྣམ་པར་འགྱུར་བ་རྣམ་པར་གསལ་བ་སྤྲིན་གྱི་སྒྲས་ཁྱབ་པའི་ཆུ་འཛིན་པའི་ཚོགས་རྣམས་ཀྱིས་སྤྲིན་གྱི་ཚོགས་
རྣམས་མ་ལུས་པའི་ནམ་མཁའི་ངོ་བོ་ལ་ཁྱབ་ནས་དེ་ཉིད་དུ་ཐིམ་པར་འགྱུར་བའོ། །རང་བཞིན་དེ་ཉིད་ཅེས་བྱ་བ་ནི་རང་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བྱེད་པ་རྩོམ་པ་བཤད་ནས། དེ་ཉིད་ཀྱིས་ཐིམ་པ་རྒྱས་པར་བཤད་པའི་ངོ་བོ་ཉིད་བརྗོད་པའི་ཕྱིར། རྒྱགས་པ་བསྐྱེད་པའི་རླུང་ཆེན་
པོ། །ཞེས་བྱ་བ་གསུངས་ཏེ། ཟླ་བ་དང་ཉི་མའི་འཆི་ལྟས་བྱུང་བའི་རྗེས་ལའོ། །རྒྱགས་པ་བསྐྱེད་པ་ཞེས་བྱ་བ་ནི་ཐུར་སེལ་གྱི་རླུང་གི་ངོ་བོའོ། །ཉོན་མོངས་ཡིད་ནི་སྐུལ་བར་བྱེད། །ཅེས་བྱ་བ་ནི་རང་གི་བག་ཆགས་དང་རྣམ་པར་སྨིན་པའི་སྟོབས་ཀྱིས་རྣམ་པར་ཤེས་པ་བསྐུལ་བ་
เล่ม ๓๔ · หน้า 118b
སྟེ། སྐྱེ་མཆེད་རྣམས་ནི་སྡུད་པར་བྱེད་པ་ཞེས་བྱ་བ་དང་འབྲེལ་ཏོ། །སྐྱེ་མཆེད་དང་ལྷན་ཅིག་པར་འགྱུར་བའི་རླུང་ལྔ་པོར་སྟོབས་ཆུང་བར་བྱས་ནས། རིམ་གྱིས་ཟ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར། སྟོབས་ཐོབ་ནས་ནི་རྣམ་རྒྱལ་ཏེ། །ཞེས་བྱ་བ་གསུངས་
ཏེ། སྡུད་པའི་གནས་སྐབས་སུ་སྐྱེ་མཆེད་རྣམས་ཉེ་བར་སྡུད་པའི་ངོ་བོ་སྟོབས་ཐོབ་ནས་སོ། །དེ་ལས་རྒྱགས་པ་ཆུ་ཡི་རླུང་། །ཞེས་བྱ་བ་ནི་མཉམ་གནས་ཀྱི་ངོ་བོའོ། །རྒྱགས་པ་བསྐྱེད་པ་ཟབ་པའི་ཕྱིར། །ཞེས་བྱ་བ་ནི་ཐུར་སེལ་གྱི་རླུང་གི་ངོ་བོའོ། །ཟབ་པའི་ཕྱིར་ཞེས་བྱ་བ་ནི་
སྐྱེ་མཆེད་ཉེ་བར་སྡུད་པར་བྱེད་པ་ལ་བྱ་བ་བྱས་པའོ། །ཕུང་པོ་རྣམས་ཀྱང་སྡུད་བྱེད་ཉིད། །ཅེས་བྱ་བ་ནི་ཕུང་པོ་ལྔ་པོ་རྣམས་སོ། །རིམ་གྱིས་ལུས་ཆེན་སྒྲོགས་ཞེས་བྱ་བ་ནི་ནུས་པ་བཅོམ་པར་བྱས་ནས་སོ། །ལུས་ཆེན་ཞེས་བྱ་བ་ནི་ལུས་ཐམས་ཅད་ལ་ཁྱབ་པར་འགྲོ་བས་འདོད་པའི་
ཕྱིར་རོ། །དེ་ལས་རྒྱགས་པའི་ཆ་ནི་འབྱུང་། །ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གི་ངོ་བོའོ། །རྒྱགས་པའི་ཆུ་ཞེས་བྱ་བ་ནི་མཉམ་གནས་ཀྱི་ངོ་བོའོ། །འབྱུང་བ་རྣམས་ནི་བསྡུས་ནས་ཀྱང་། །ཞེས་བྱ་བ་ནི་ས་ལ་སོགས་པ་རྣམས་སོ། །གོ་རིམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། རིམ་པ་
གང་ཞིག་འདི་ཉིད་ཀྱིས་སྔར་སྐྱེས་པའི་རིམ་པ་དེ་ཉིད་ཀྱིས་སྡུད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལས་རླུང་གི་བཏང་བཟུང་འབྱུང་། །ཞེས་བྱ་བ་ནི་སྲོག་གི་རླུང་གི་ངོ་བོའོ། །འབྱུང་ཞེས་བྱ་བ་ནི་འཆི་བའི་གནས་སྐབས་སུའོ། །རྒྱགས་པའི་ཆ་ནི་ཟ་བར་བྱེད། །ཅེས་བྱ་བ་ནི་རྒྱགས་
པའི་ཆ་ནི་གྱེན་དུ་རྒྱུ་བའི་རླུང་ངོ་། །དེ་ནས་ཀྱང་ནི་རླུང་མི་སྡུད། །ཅེས་བྱ་བ་ནི་འདི་ནི་གནས་པའི་གཟུགས་ཀྱི་ཕུང་པོའི་རླུང་ངོ་། །ཁྱབ་ཅིང་ཞེས་བྱ་བ་ནི་ལུས་ཀྱི་ཚོགས་ཐམས་ཅད་ལ་ཁྱབ་པའོ། །ཕྲ་བ་ཞེས་བྱ་བ་ནི་ཕྲ་བའི་རྒྱུས་པའི་མཚམས་ལ་གནས་པའོ། །སྒྲིབ་པར་བྱེད་ཅེས་བྱ་བ་
ནི་བར་མ་དོར་རླུང་དང་ལྷན་ཅིག་ཅུང་ཟད་འདྲེས་པའི་ཕྱིར་རོ། །དེ་ལས་ཀྱང་མི་ཟད་བཏང་བཟུང་ལས་ཞེས་བྱ་བ་ནི་སྲོག་གི་རླུང་གི་ངོ་བོའོ། །དྲག་ཤུལ་ཞེས་བྱ་བ་ནི་ཁྱབ་བྱེད་ཀྱི་རླུང་ཟ་བའི་ཕྱིར་རོ། །རྣམ་ཤེས་ཞེས་བྱ་བ་ནི་བར་མ་དོའི་རྣམ་པར་ཤེས་པའོ། །སྒྲིབ་པར་བྱེད་ཅེས་བྱ་བ་ནི་ཁྱབ་
เล่ม ๓๔ · หน้า 119a
པར་བྱེད་ཅེས་པའོ། །སྐད་ཅིག་ཅེས་བྱ་བ་ནི་འདི་བའི་ཕུང་པོ་དོར་བའི་སྐད་ཅིག་མ་ལས་སོ། །བསྒྲིབས་ནས་དེ་ལ་རྣམ་ཤེས་ཀྱིས། །ཞེས་བྱ་བ་ནི་སྲོག་གི་རླུང་གི་བར་མ་དོའི་རྣམ་པར་ཤེས་པ་སྒྲིབ་པར་བྱེད་པའོ། །བེམས་པོ་སོང་ནས་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་
སྟོབས་ཀྱིས་སྔོན་གྱི་གནས་སྐབས་མ་དྲན་པས་སོ། །བརྒྱལ་བར་འགྱུར་ཞེས་བྱ་བ་ནི་དྲི་ཞིམ་པ་དང་མི་ཞིམ་པའི་བག་ཆགས་ཀྱི་སྟོབས་ཀྱིས་ཁྱོགས་ཀྱི་བཞོན་པ་ལྟ་བུར་ཞེས་བྱ་བའི་དོན་ཏོ། །དག་པའི་ཆ་ནི་སྒྲིབ་པར་བྱེད། །ཅེས་བྱ་བ་ནི་རྣལ་འབྱོར་པས་ཀྱང་རིམ་པ་གཉིས་
བསྒོམས་པ་འམ། སྔགས་དང་རླུང་གི་དེ་ཁོ་ན་ཉིད་བསྒོམས་པ་དང་། འབྱུང་བ་དང་རྔུབ་པ་དྲུག་གི་རྗེས་སུ་དྲན་པ་བསྒོམས་པས་སོ། །དག་པའི་ཆ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་འབྲེལ་པའོ། །དག་པ་ཞེས་བྱ་བ་ནི་ཡོངས་སུ་དག་པའི་སེམས་ཀྱི་ངོ་བོར་ཉེ་བར་མཚོན་པས་སོ། །མ་
སྐྱེས་ཡེ་ཤེས་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཆོས་ཉིད་ཀྱི་རྣམ་པའོ། །མཆོག་གི་མཆོག་ཅེས་བྱ་བ་ནི་སྲོག་གི་རླུང་གིས་རྣམ་པར་ཤེས་པའི་ངོ་བོ་མཚོན་པས་སོ། །དེ་ལས་ཐིམ་པར་འགྱུར་བའི་སྲོག་ཅེས་བྱ་བ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་པ་སྟེ། རླུང་གི་ངོ་བོ་མཚོན་པས་
རྣམ་པར་ཤེས་པའི་ངོ་བོ་ཉིད་མཚོན་པར་བྱེད་པའོ། །རྣམ་ཤེས་དང་ནི་མཚུངས་པར་ལྡན། །ཞེས་བྱ་བ་ནི་སྲོག་གི་རླུང་རྣམ་པར་ཤེས་པའི་ཆོས་ཉིད་ལ་སྦྱར་བའི་ཕྱིར་རོ། །དེ་ཡང་ལེའུ་སུམ་ཅུ་རྩ་བཞི་པ་སྡུད་པར་བྱེད་པའི་མཁའ་འགྲོ་མའི་ཞེས་བྱ་བ་ལས་རང་ཉིད་ཀྱིས་འཆད་པར་འགྱུར་
ཏེ། འདིར་ནི་ཕྱོགས་ཙམ་ཞིག་བསྟན་པའོ། །དེ་ལྟར་དེ་ཉིད་ཀྱིས་ཐིམ་པའི་རིམ་པ་རྒྱས་པར་བཤད་པའི་ངོ་བོ་བསྟན་ནས། ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེ་ལྟར་བཤད་ཅེས་གསུངས་ཏེ། སྔོན་དུ་གསུངས་པའི་རིགས་པས་སོ། །དེ་ཉིད་མཆོག་གི་རྣལ་འབྱོར་པ་ལ་བར་མ་དོའི་གནས་
སྐབས་སུ་དེ་ཉིད་སྔོན་དུ་འགྲོ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྲོག་ནི་ཞེས་བྱ་བ་ནི་སྲོག་གི་རླུང་ལའོ། །ཐིམ་ཞིང་འཆར་བ་དང་ཞེས་བྱ་བ་ནི་ཡོངས་སུ་མ་ཤེས་པའི་གནས་སྐབས་ན། སྐྱེ་བ་དང་འཇིག་པ་སྐྱེད་པའི་ངོ་བོའོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོས་སོ། །ཡོངས་སུ་
เล่ม ๓๔ · หน้า 119b
ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བླ་མ་བརྒྱུད་པའི་རིམ་གྱིས་འབྱུང་། །ཞེས་བྱ་བ་ནི་བླ་མ་བརྒྱུད་པའི་རིམ་པས་འབྱུང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་དེ་ཉིད་ལ་ཐིམ་པའི་རིམ་པ་རྒྱས་པར་བཤད་པ་བསྟན་ནས་རྡོ་རྗེའི་སྐུ་སྒྲུབ་པ་ལ་རིགས་པ་བརྗོད་པའི་ཕྱིར།
དེའི་ཡན་ལག་བཤད་པར་དམ་བཅའ་བ་ནི། རིགས་པ་གཞན་ཡང་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྔར་བཤད་རིགས་པས་སེམས་ཅན་རྣམས་འཆི་བར་མི་འགྱུར་བ། དེ་ལྟར་རིགས་པ་གཞན་ཞེས་བྱ་བ་ནི་རྣལ་འབྱོར་པ་ལ་ལྟོས་ནས་ཁྱད་པར་ཅན་ནོ། །
བཤད་པར་ཞེས་བྱ་བ་ནི་བརྗོད་པར་བྱའོ། །རྡོ་རྗེའི་སྐུ་ནི་སྒྲུབ་པའི་ཕྱིར། །ཞེས་བྱ་བ་ནི་བསྟན་པའི་ལུས་ཉིད་སྒྲུབ་པར་བྱེད་པའོ། །བཅུད་ལེན་གྱི་སྦྱོར་བའི་ཐབས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་སྐུ་སྒྲུབ་པར་བྱེད་
པའི་རིགས་པས་སོ། །འཆི་མེད་ལུས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ལུས་སོ། །ལུས་མཆོག་ནི་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ཁ་དོག་དང་དབྱིབས་དང་ཡང་དག་པར་ལྡན་པའོ། །ཐོབ་པ་ནི་རྙེད་པའོ། །ཡོན་ཏན་རྣམས་ཀྱི་རྟེན་ཞེས་བྱ་བ་ནི་གོང་ནས་གོང་དུ་དགེ་བའི་རྩ་བ་འཕེལ་བའི་རྒྱུར་
གྱུར་པ་ཉིད་ཀྱི་ཕྱིར་རོ། །ཡོན་ཏན་རྣམས་ཀྱི་རྟེན་ཞེས་བྱ་བར་བྱས་ནས་སོ། །དེ་ལྟར་བཤད་པར་དམ་བཅའ་བ་བསྟན་ནས། དེ་བཤད་པའི་དགོས་པ་བརྗོད་པའི་ཕྱིར། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩོད་པ་ཅན་གྱི་དུས་འདི་ལ་གང་གི་ཕྱིར་སེམས་ཅན་རྣམས་ཚེ་
ཐུང་བ་ནི་ལོ་བརྒྱ་ཙམ་དུ་ཐུབ་པ་སྟེ། དེ་ལ་ལོ་ལྔ་བཅུ་ནི་མཚན་མོ་གཉིད་ཀྱིས་ཟད་པར་འགྱུར་རོ། །ལོ་ཉི་ཤུ་རྩ་ལྔ་ནི་བྱིས་པ་དང་གཞོན་ནུའི་གནས་སྐབས་ཀྱིས་སོ། །ལོ་ཉི་ཤུ་རྩ་ལྔས་ཀྱང་ཐོས་པ་དང་བསམ་པ་དང་བསྒོམ་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེའི་ཕྱིར་ཚེ་ཐུང་བ་ཞེས་
བསྟན་ཏོ། །ཚེ་ཐུང་བའི་སེམས་ཅན་རྣམས་ཀྱིས་སོ། །མི་ཟད་ཅེས་བྱ་བ་ནི་ཟད་མི་ཤེས་པའོ། །ཐོས་པ་དང་བསམ་པ་དང་། བསྒོམ་པ་རྣམས་ཀྱི་གོ་སྐབས་མེད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཚེ་ཐུང་བ་རྣམས་ཀྱིས་ཅུང་ཟད་ཀྱང་མི་འགྲུབ་སྟེ། དེའི་ཕྱིར་འབད་པ་
เล่ม ๓๔ · หน้า 120a
ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཤིན་ཏུ་ཡང་བརྩོན་འགྲུས་དྲག་པོས་སོ། །བརྟན་པའི་ལུས་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་བརྟེན་པའི་ལུས་ཀྱི་ཐོབ་པ་ལ་སོགས་པ་ནུས་པའོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་བཤད་
པའི་དགོས་པ་བསྟན་ནས། དེ་ཉིད་ཀྱི་དོན་རྣམས་ཞུ་བ་པོའི་བྱ་བ་བརྗོད་པའི་ཕྱིར། ཕྱག་བྱས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཞུ་བ་པོས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་གི་ངོ་བོའོ། །ཞུས་ཞེས་བྱ་བ་ནི་གསོལ་བ་འདེབས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཅི་ཞིག་
བྱས་ནས་ཤེ་ན། དེའི་ཕྱིར་ཕྱག་བྱས་ནས་ནི་ཞེས་གསུངས་ཏེ། ལུས་ལ་སོགས་པའི་སྒོ་ནས་ཕྱག་དང་བསྐོར་བ་ལ་སོགས་པ་བྱས་ནས་སོ། །མགོན་པོ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་གཙོ་བོའོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པའོ། །རྣལ་འབྱོར་
དེ་ཉིད་ཅེས་བྱ་བ་ནི་ཟུང་འཇུག་གི་དེ་ཁོ་ན་ཉིད་དོ། །ཕ་རོལ་བྱོན་ཞེས་བྱ་བ་ནི་མཐར་ཐུག་པ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཞུས་ཤེ་ན། དེའི་ཕྱིར། འཆི་བ་མེད་ཅིང་རིགས་པར་ནི། །ཞེས་བྱ་བ་གསུངས་ཏེ། འཆི་བ་མེད་ཅིང་ཞེས་བྱ་བ་ནི་གོང་དུ་བསྟན་པའི་མཚན་ཉིད་ཅན་ནོ། །
རིགས་པར་ནི་ཞེས་བྱ་བ་ནི་སྦྱོར་བ་གང་ཞིག་གོ། །ཇི་ལྟར་ཡང་དག་ཐོབ་པར་འགྱུར། །ཞེས་བྱ་བ་ནི་རྣམ་པ་གང་གིས་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་འགྱུར་རོ། །དེ་ལས་ཞུས་ཞེས་བྱ་བ་ནི་ཕྱི་མ་དང་འབྲེལ་པའོ། །རྡོ་རྗེ་སེམས་དཔའ་སྙིང་རྗེ་ཆེ། །ཞེས་གསུངས་ཏེ། རྡོ་རྗེ་ནི་སྟོང་
པ་ཉིད་ལ་སེམས་དཔའ་ནི་དགོངས་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ལ་བོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྙིང་རྗེ་ཆེ་ཞེས་བྱ་བ་ནི། སྙིང་རྗེ་ཆེན་པོ་རྣམ་པ་གསུམ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་བསྟན་དུ་གསོལ་ཞེས་
བྱ་བ་ནི་གསལ་བར་མཛོད་ཅིག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བོད་པའོ། །དེ་ལྟར་དེའི་དོན་ཉིད་དུ་ཞུ་བ་པོའི་བྱ་བ་བརྗོད་ནས། བཅོམ་ལྡན་འདས་ཀྱིས་མཛད་པ་བསྟན་པའི་ཕྱིར། དེའི་ཡན་ལག་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་
เล่ม ๓๔ · หน้า 120b
གསུངས་ཏེ། གསོལ་བ་བཏབ་པའི་རྗེས་ལའོ། །བཅོམ་ལྡན་འདས་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་པའི་རྣམ་པའོ། །དེ་ཉིད་བྱ་བ་ཀུན་བསྒྲུབ་གོ་འཕང་ནི། །ཞེས་བྱ་བ་དང་འབྲེལ་ཏོ། །བྱ་བ་རྣམས་ཐམས་ཅད་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་
བསྐྱེད་པ་བཟོད་པ་མི་ནུས་པའོ། །གོ་འཕང་ཞེས་བྱ་བ་ནི་འདུག་པའི་གནས་སོ། །བརྟན་པའི་ལུས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ངོ་བོའོ། །མ་ཕམ་པ་ཞེས་བྱ་བ་ནི་དུས་མ་ཡིན་པར་འཆི་བ་རྣམས་ཀྱིས་ཕམ་པར་མི་ནུས་པའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་
ངོ་བོས་སོ། །དེ་ཉིད་རྣམས་ངེས་པ་ཞེས་བྱ་བ་ནི། དེ་ཉིད་ནི། སངས་རྒྱས་ཀྱི་མཚན་ཉིད་ཅན་ལ་ཁྱད་པར་དུ་ཐོས་པ་དང་། བསམ་པ་དང་བསྒོམ་པའི་མཚན་ཉིད་ཅན་གྱིས་རྣམ་པར་ངེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་རྒྱུ་མཚན་གསུངས་པ། ཚེ་ནི་ཐུང་བ་ཡིས་ཞེས་བྱ་བ་སྟེ། ཚེ་ཐུང་བ་
རྣམས་གསུམ་གྱིའོ། །སེམས་ཅན་རྣམས་ནི་ཞེས་བྱ་བ་ནི་ཁམས་གསུམ་གྱིས་བསྡུས་པ་རྣམས་སོ། །བསྒྲུབ་བྱའི་དོན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱི་མཚན་ཉིད་ཅན་ནོ། །སྒྲུབ་མི་འགྱུར་ཞེས་བྱ་བ་ནི་ཚེ་ཐུང་བ་ཉིད་ཀྱིས་རྫོགས་པར་མི་འགྱུར་རོ། །ཚེ་རིང་བ་ནི་འོས་པའོ། །དེའི་ཕྱིར་
ཞེས་བྱ་བ་ནི་རྒྱུ་འདི་ལས་སོ། །ཚེ་རིང་བ་ནི་གོང་དུ་བརྟན་པར་གནས་པའི་མཚན་ཉིད་དོ། །འོས་པ་ནི་རུང་བར་བྱའོ། །དགེ་བ་ཡིད་ནི་རྣལ་འབྱོར་པ། །ཞེས་བྱ་བ་ནི་ལེགས་པར་བྱེད་པའི་སྒོམ་པ་པོ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པའི་རྒྱུ་མཚན་
དང་བཅས་པ་བརྗོད་ནས། དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་ནང་གི་བདག་ཉིད་ཀྱི་རྣལ་འབྱོར་གྱི་ངོ་བོ་ནི། དེ་ལ་ཐོག་མར་ཞེས་བྱ་བ་གསུངས་ཏེ། རྒས་པ་མེད་པའི་ལུས་སྒྲུབ་པར་བྱེད་པས་ཐོག་མ་ནི་དང་པོ་ཉིད་དུའོ། །ནང་གི་བདག་ཉིད་སྒྲུབ་ཅེས་བྱ་བ་དང་འབྲེལ་ཏོ། །
ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པས་ནང་གི་བདག་ཉིད་དུའོ། །བློ་བཟང་ཞེས་བྱ་བ་ནི་དེ་སྒྲུབ་པར་བྱེད་པ་ལ་མཁས་པའོ། །རྣལ་འབྱོར་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མཆོག་ཅེས་བྱ་བ་གསུངས་ཏེ། མཆོག་ནི་སྐྱེས་བུའི་དོན་མཆོག་སྒྲུབ་པར་བྱེད་པའོ། །ཇི་ལྟར་ཞེ་ན། དེའི་ཕྱིར། ལྕེ་ནི་རྐན་གྱི་དབུས་བཞར་
เล่ม ๓๔ · หน้า 121a
བ། །ཞེས་བྱ་བ་གསུངས་ཏེ། རྐན་གྱི་ཕུགས་སུ་ཞུགས་པའི་ལྕེ་བྱས་ནས་སོ། །དེ་ལ་ཞེས་བྱ་བ་ནི་ལྕེ་དེ་ལའོ། །ཚིག་ཅེས་བྱ་བ་ནི་ཡི་གེའི་རང་བཞིན་ནོ། །བཟླ་ཞེས་བྱ་བ་ནི་དགོད་པར་བྱའོ། །རང་གིས་བཟླས་པའི་རྣམ་པ་དང་། ཚིག་ཏུ་ཡང་བརྗོད་པར་བྱའོ། །ཅི་ཞིག་བྱས་
ནས་ཤེ་ན། དེའི་ཕྱིར། སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །ཞེས་གསུངས་ཏེ། བདེ་བར་གནས་པའི་རྒྱུ་བཅས་ནས་སོ། །ཡང་དག་རྣལ་འབྱོར་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་འགོག་པའི་རྣམ་པའོ། །རྗེས་དྲན་བྱ་ཞེས་བྱ་བ་ནི་བྱ་ཞེས་བྱ་བའི་དོན་ཏོ། །སྣ་རྩེར་ཞེས་བྱ་བ་ནི་ཀུན་
རྫོབ་ཀྱི་སྣ་རྩེར་རོ། །དབུགས་ནི་མི་འབྱུང་བ་ཞེས་བྱ་བ་ནི་འོད་ཟེར་གྱི་ཐིག་ལེ་བསྒོམ་པའི་བདག་ཉིད་ཅན་ནོ། །མི་བྱ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པའོ། །གལ་ཏེ་དེ་ལྟར་ཡིན་ན། ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། རང་གི་ཁར་ནི་དགག་པར་བྱ། །ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ། །རྐན་གྱི་གནས་སོན་
ཟླ་བ་ནི། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཟླ་བའི་རྣམ་པའོ། །བཞུ་བར་བྱ་ཞེས་བྱ་བ་ནི་ལྕེའུ་ཆུང་གི་སྦྱོར་བས་སོ། །ཇི་ལྟར་ཞེ་ན། དེའི་ཕྱིར་སྔགས་ཀྱི་རྣལ་འབྱོར་ཞེས་བྱ་བ་གསུངས་ཏེ། འཆད་པར་འགྱུར་བའི་སྔགས་ཀྱིས་ཞེས་བྱ་བ་དང་འབྲེལ་ཞེས་བྱ་བའི་དོན་ཏོ། །ལྕེའུ་ཆུང་
གི་སྦྱོར་བས་ཞུ་བར་བྱས་ནས་སོ། །རླུང་གི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་ཐུར་སེལ་གྱི་རླུང་འབབ་པའི་སྦྱོར་བས་སོ། །བཏུང་ཞེས་བྱ་བ་ནི་བདུད་རྩི་མྱོང་བར་བྱ་བའོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི་མཆོག་གི་སྒོམ་པ་པོའོ། །ཕྱི་རོལ་གྱི་བཟའ་བ་ལ་མངོན་པར་མ་ཞེན་པ་ཞེས་བྱ་
བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་དུས་ཀྱི་མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། དུས་ཀྱི་ངེས་པ་བརྗོད་པའི་ཕྱིར། མཚན་ཕྱེད་ཀྱི་དུས་ཚོད་མཐར་ཞེས་བྱ་བ་གསུངས་ཏེ། མཚན་ཕྱེད་ཀྱི་རྗེས་ལའོ། །ཇི་སྲིད་ཐུན་གཅིག་ཅེས་བྱ་བ་
ནི་ཐུན་གསུམ་པ་རྫོགས་པའོ། །མི་འཕོ་བ་ཞེས་བྱ་བ་ནི་གཞན་ཡིད་ལ་མི་བྱེད་པས་མི་བརྟན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་སྲིད་སྔགས་ནི་བཟླ་ཞེས་བྱ་བ་ནི། ནང་གི་བཟླས་པའི་བདག་ཉིད་ཀྱི་ངོ་བོས་སོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་འགོག་པ་སྒོམ་པ་
เล่ม ๓๔ · หน้า 121b
པོས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ལུས་ནི་བྱེད་པ་པོ། །ཞེས་བྱ་བ་ནི་ལུས་བརྟན་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དུས་ཀྱི་ངེས་པ་བསྟན་ནས། དེ་ཉིད་ཀྱི་དོན་དུ་སྔགས་བཏུ་བ་བརྗོད་པའི་ཕྱིར། སྡེ་ཚན་གཉིས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ཡིག་ལ་ལྟོས་ནས་ཀའི་
སྡེ་ཚན་པས་སོ། །གསུམ་པ་ལ་ཞེས་བྱ་བ་ནི་ག་ཡིག་གོ། །དབྱངས་ཅན་ཞེས་བྱ་བ་ནི་ཀ་ཡིག་དང་བཅས་པ་སྟེ། གསལ་བྱེད་ཀྱི་ཡི་གེ་ཙམ་པོ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཨ་ཡིག་ཡང་དག་ལྡན་ཞེས་བྱ་བ་ནི་ཚེག་དྲག་གཉིས་དང་བཅས་པའོ། །དེ་ལྟར་ན་གཿཞེས་བྱ་བར་འགྱུར་རོ། །སྔགས་
བཟླས་ཞེས་བྱ་བ་ནི་ནང་གི་རང་བཞིན་གྱི་ཚིག་གམ་ཡིད་ཀྱིས་དྲན་པར་བྱའོ། །ཡན་ལག་མ་ཉམས་ཞེས་བྱ་བ་ནི་རླུང་དང་སྔགས་ཐ་མི་དད་པ་ཞེས་བྱ་བའི་དོན་ཏོ། །སྲོག་ནི་འགུགས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འགུགས་པར་བྱེད་པ་ཉིད་ཀྱི་བརྟན་པའི་ལུས་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །
དེ་ལྟར་དོན་རྣམ་པ་གསུམ་གྱིས་ནང་གི་བདག་ཀྱི་ཉིད་སྦྱོར་བ་བསྟན་ནས། ཕྱི་རོལ་གྱི་སྦྱོར་བ་བསྟན་པའི་ཕྱིར་དེའི་ཡན་ལག་བདུད་རྩི་བདུན་བསྟེན་པ་བཤད་པ་ནི། རྫས་ཀྱང་རྟག་ཏུ་བསྟེན་པར་བྱ། །ཞེས་བྱ་བ་གསུངས་ཏེ། ངེས་པར་བསྟེན་པར་བྱ་བའོ། །དེ་ཉིད་ལྔ་པའི་རིམ་པ་བསྐྱེད། །ཅེས་བྱ་
བ་ནི་རྩ་ལྔ་ལས་འབྱུང་བའི་བདུད་རྩི་ལྔའི་རང་བཞིན་ནོ། །དེ་ཁོ་ན་ཉིད་ལྔ་དམ་ཚིག་ཆེན་པོའི་རང་བཞིན་རྣམས་ཀྱི་རིམ་པ་སྟེ། གོ་རིམས་ཀྱིས་འོངས་པ་ནི་ཐོབ་པའོ། །ཡང་ན་དེ་ཁོ་ན་ཉིད་ལྔ་ནི། གླང་པོ་ཆེ་དང་། རྟ་དང་། ཁྱི་དང་། བ་ལང་དང་། སྐྱེས་པ་ལྔ་པོའི་སེམས་ཀྱི་ཁམས་ལ་
སོགས་པ་ལས་འབྱུང་བའོ། །ཇི་སྐད་དུ། གཉིས་སུ་མེད་པའི་ཟླ་གསང་ཐིག་ལེ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །བརྟེན་པའི་ལུས་ནི་སྒྲུབ་བྱེད་པ། །རྟག་ཏུ་ཐར་པ་དོན་གཉེར་བས། །གང་གིས་དངོས་གྲུབ་མྱུར་དུ་འགྲུབ། །གླང་པོའི་རྫས་དང་རྟ་ཡི་རྫས། །བ་ལང་
རྫས་དང་ཁྱི་ཡི་རྫས། །མི་རྣམས་ཀྱི་ནི་དེ་བཞིན་རྫས། །རྫས་ཀྱང་དེ་བཞིན་ཉིད་དུ་བརྗོད། །ཅེས་བྱའོ། །ཡང་ན་འབྲས་བུ་གསུམ་དང་ལྕགས་ཀྱི་ཕྱེ་མར་བཅས་པ་དང་། རང་གི་དྲི་ཆུ་དང་བསྲེས་པ་བསྐོལ་ནས། ལྕགས་ལྔའི་རང་བཞིན་གྱི་སྣོད་དུ་བཞག་ནས་སྦྱང་བ་ལ་སོགས་པ་སྔོན་དུ་
เล่ม ๓๔ · หน้า 122a
འགྲོ་བས་དེ་ཉིད་ཀྱི་དབུས་སུ་རྡུལ་དང་ཁུ་བ་བསྲེས་པར་བྱས་ནས། བདུད་རྩི་བདུན་བསྒྲུབ་པར་བྱའོ། །ཇི་སྐད་དུ་རྒྱུད་ཆེན་པོ་ལས། ཨ་རུ་བ་རུ་ར་དང་བཅས། །དེ་བཞིན་སྐྱུ་རུ་ར་དང་ནི། །ལྕགས་ཀྱི་ཕྱེ་མ་དང་བཅས་པ། །རང་གི་ཆུ་དང་ཕྱེ་མར་བཅས། །བཙུན་མོའི་ཁུ་བ་ཉམས་
དགའ་བ། །དེ་བཞིན་ཁུ་བས་ཀུན་ནས་ནི། །རྣལ་འབྱོར་དབང་ཕྱུག་ཡང་དག་བསྒྲུབ། །རྡོ་རྗེའི་སྐུ་ནི་ཐོབ་པར་འགྱུར། །ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བཟླས་པ་རྫོགས་ནས་ཞེས་བྱ་བ་ནི་བཟླས་པའི་མཐར་ཐུག་པའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ལུས་ལས་འབྱུང་བ་ཞེས་
བྱ་བ་ནི་རང་གི་ལུས་ལས་སྲོག་ཆགས་ལྔའི་ཡན་ལག་ལས་སོ། །དྲི་མ་མེད་པ་ཞེས་བྱ་བ་ནི་ལྕགས་ཀྱི་དྲི་མ་ལ་སོགས་པའི་སྐྱོན་དང་བྲལ་བ་ལའོ། །ལྕགས་ལྔའི་རང་བཞིན་ཞེས་བྱ་བ་ནི་གསེར་དང་དངུལ་དང་ཟངས་དང་ལྕགས་དང་ཁབ་ལེན་ལྕགས་རྣམས་བསྲེས་ནས་བྱས་པའི་
སྣོད་དུའོ། །གཟུང་ནས་ཞེས་བྱ་བ་ནི་བཞག་ནས་སོ། །དུས་ཇི་སྲིད་དུ་ཞེ་ན། དེའི་ཕྱིར་ཇི་སྲིད་ཉི་མ་འཆར་ཀ་ཞེས་བྱ་བ་གསུངས་ཏེ། མཚན་ཕྱེད་ཀྱི་རྗེས་ལ་ཇི་སྲིད་ཉི་མ་འཆར་ཀའི་བར་དུའོ། །དེ་ནས་ཞེས་བྱ་བ་ནི། ལྕགས་ལྔའི་རང་བཞིན་གྱི་སྣོད་གཞག་པའི་རྗེས་ལའོ། །དེ་ལ་ཡང་ཞེས་
བྱ་བ་ནི་སྣོད་དེ་ལའོ། །བཙུན་མོའི་ཁྲག་དང་ཞེས་བྱ་བ་ནི་བུད་མེད་ཀྱི་རང་བྱུང་ངོ་། །བདེ་བ་ཆེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ཁམས་དང་བཅས་པའོ། །བླུགས་ནས་ཞེས་བྱ་བ་ནི་བསྲེ་བར་བྱས་ནས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཡང་ནས་ཡང་དུའོ། །མཆོག་ཅེས་བྱ་བ་ནི་ཕྱི་རོལ་གྱི་རྫས་ཀྱི་མཚན་ཉིད་
དང་བྲལ་བའི་ཕྱིར་རོ། །བདུད་རྩི་བདུན་པ་ཞེས་བྱ་བ་ནི་བདུད་རྩི་ལྔའི་སྟེང་དུ་རྫས་གཉིས་དང་བསྲེས་པ་ཡིས་སོ། །མཆོག་ཅེས་བྱ་བ་ནི་བདུད་རྩི་ལྔ་སྒྲུབ་པའི་ཐབས་ཀྱི་ཆོ་གས་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་བདུད་རྩི་ལྔ་བསྟེན་པ་བརྗོད་ནས། བསྟེན་པའི་དུས་བཤད་པའི་ཕྱིར། ཉལ་ཀར་ཡང་ནི་
དེ་འཐུངས་ནས། །ཞེས་བྱ་བ་ནི་སྲོད་ལའོ། །བདུད་རྩི་བདུན་གྱི་ངོ་བོའོ། །འཐུངས་ནས་ཞེས་བྱ་བ་ནི་བཏུང་བར་བྱ་བའོ། །ཚེ་ནི་རྣམ་པར་འཕེལ་ཞེས་བྱ་བ་ནི་ཡུན་རིང་པོར་གནས་པ་རྣམ་པར་འཕེལ་བའི་རྒྱུར་གྱུར་པའོ། །དེ་ལྟར་བསྟེན་པའི་དུས་བསྟན་ནས། སྔགས་བརྗོད་པའི་ཕྱིར། སྔགས་
เล่ม ๓๔ · หน้า 122b
ཀྱི་རྒྱལ་པོ་ཨོཾ་ཨཱ་ཧཱུྃ། ཞེས་བྱ་བ་གསུངས་ཏེ། ཡི་གེ་གསུམ་མོ། །དེ་ལས་ལན་བདུན་ཞེས་བྱ་བ་ནི་ལན་བདུན་བྱས་ནས་སོ། །བཟླས་པ་བྱ་ཞེས་བྱ་བ་ནི་བདུད་རྩི་བདུན་པོ་སྦྱང་བའི་དོན་དུ་བརྗོད་པར་བྱའོ། །དེ་ལྟར་སྔགས་བརྗོད་ནས། ཕྱག་རྒྱ་སྔོན་དུ་འགྲོ་བས་སྦྱང་བ་བསྟན་པའི་ཕྱིར།
ལག་གཡས་ཞེས་བྱ་བ་གསུངས་ཏེ། ལག་པ་གཡས་པས་སོ། །རྒྱལ་མཚན་གྱིས་བརྒྱན་པ་ཞེས་བྱ་བ་ནི་བ་དན་གསུམ་གྱི་ཕྱག་རྒྱའི་དབྱིབས་དང་ལྡན་པའོ། །དེ་ལ་བཀབ་ནས་སུ་ཞེས་བྱ་བ་ནི་ལྕགས་ལྔའི་རང་བཞིན་གྱི་སྣོད་ལའོ། །སྣོད་བཟང་ཞེས་བྱ་བ་ནི་རིན་པོ་ཆེའི་ངོ་བོས་མཛེས་
པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་བརྒྱ་པའི་ཞེས་བྱ་བ་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ་ཞེས་བྱ་བ་ལ་སོགས་པའོ། །སྔགས་ཀྱིས་ནི་ཞེས་བྱ་བ་ནི་ཡིད་སྐྱོབ་པའི་དོན་གྱི་ཕྱིར་རོ། །སྦྱང་བར་བྱ་ཞེས་བྱ་བ་ནི་མི་གཙང་བའི་རྣམ་པར་རྟོག་པ་ལོག་པར་བྱ་བའོ། །ལན་གསུམ་དུ་ནི་ཞེས་བྱ་བ་ནི།
ལན་གསུམ་དུ་བརྗོད་པ་ཙམ་གྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱག་རྒྱ་སྔོན་དུ་འགྲོ་བས་སྦྱང་བ་བརྗོད་ནས། དེའི་ཡན་ལག་བསྟན་པའི་ཕྱིར། དེ་རྗེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་བརྒྱ་པས་སྦྱངས་པའི་རྗེས་ལའོ། །བུད་མེད་གཞོན་ནུའི་ནུ་ཞོ་ནི། །ཞེས་བྱ་བ་ནི་མི་
མོའི་ནུ་ཞོའོ། །ནུ་མ་ཞེས་བྱ་བ་ནི་ནུ་མ་ལས་བྱུང་བར་གྱུར་པས་སོ། །མཁུར་བ་བཀང་ཞིང་ཞེས་བྱ་བ་ནི་ཇི་ལྟར་ཁ་བཀང་བར་གྱུར་པ་ན་དེ་ལྟར་བཏུང་བར་བྱ་ཞེས་བྱའོ། །དེའི་ཞེས་བྱ་བ་ནི་བདུད་རྩི་བདུན་ཟ་བའི་དུས་ལའོ། །དེའི་ཞེས་བྱ་བ་ནི་མི་མོའི་དེའིའོ། །བཟའ་བ་ཞེས་བྱ་བ་ནི་བཟའ་
བའོ། །སྦྱིན་པ་ཡང་ཞེས་བྱ་བ་ནི་སྦྱིན་པར་བྱའོ། །མར་དང་བསྲེས་པའི་ཞེས་བྱ་བ་ནི་མར་དང་བསྲེས་པའོ། །འབྲས་ལས་སྐྱེས་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་བཟའ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་ཡན་ལག་བརྗོད་ནས། རྫས་གཞན་གྱི་ངེས་པ་བསྟན་པའི་ཕྱིར།
མ་ཤ་དང་ནི་ཁ་ར་དཀར། །ཞེས་བྱ་བ་ནི་བྱེ་མ་ཁ་ར་དཀར་པོ་དང་བཅས་པའོ། །འཇམ་པ་ཞེས་བྱ་བ་ནི་བའི་ནུ་མ་ལྟ་བུའི་རྒུན་འབྲུའོ། །རའི་འོ་མ་དང་ཞེས་བྱ་བ་ནི་རའི་འོ་མའོ། །ཏིལ་རྣམས་ཆ་མཉམ་བྱས་ནས་ནི། །ཞེས་བྱ་བ་ནི་ཏིལ་དཀར་པོ་དང་ཆ་མཉམ་པར་བྱས་ནས་སོ། །མོས་པ་ཡིས་
เล่ม ๓๔ · หน้า 123a
ཞེས་བྱ་བ་ནི། ཤིན་ཏུ་ཡང་བརྩོན་འགྲུས་དྲག་པོས་སོ། །ཉལ་ཀར་ཞེས་བྱ་བ་ནི་སྲོད་ལའོ། །དེ་ནི་བཟའ་དང་ཞེས་བྱ་བ་ནི་འདྲེས་པའི་ངོ་བོ་བདག་ཉིད་ཀྱིས་བཟའ་བར་བྱའོ། །བཟའ་བར་སྦྱིན་ཞེས་བྱ་བ་ནི་གཞན་དག་ལ་ཡང་ངོ་། །མཆོག་ཅེས་བྱ་བ་ནི་སྦྱང་བ་ལ་སོགས་པའི་
རིམ་པས་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་དྲུག་གིས་ཕྱི་རོལ་གྱི་སྦྱོར་བ་བསྟན་ནས། དེ་ཉེ་བར་བསྡུ་བའི་ཕྱིར། དེ་ལྟར་རིགས་པ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་སྔར་བཤད་པའི་རིགས་པས་སོ། །མཆོག་ཅེས་བྱ་བ་ནི་མཆོག་གོ། །ཤེས་ནས་ཞེས་བྱ་བ་ནི་ཤེས་
པར་བྱ་བའོ། །སྨྲ་བར་མི་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པའོ། །མི་བྱའོ་ཞེས་བྱ་བ་ནི་འགེགས་པའི་ཚིག་གོ། །སུ་ལ་ཞེས་བྱ་བ་ནི་དམ་ཚིག་དང་མི་ལྡན་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །རིགས་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཀུན་ལ་དང་པོར་འབྱུང་བ་ནི། །ཞེས་བྱ་བ་ནི་ཐམས་
ཅད་ནི་འཇིག་རྟེན་པ་ལ་སོགས་པའི་དངོས་པོ་རྣམས་ལའོ། །དང་པོར་ནི་ཐོག་མ་ཉིད་དུའོ། །འབྱུང་བ་ནི་འབྱུང་བའི་ངང་ཚུལ་ཅན་ཏེ། དེ་མེད་པས་ཅི་ཡང་མི་འགྲུབ་པ་ཉིད་ཀྱི་ཕྱིར་རོ། །ཞི་བར་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་མི་སྐྱེད་པ་ཉིད་ཀྱིས་སོ། །དངོས་གྲུབ་ཅེས་བྱ་བས་ནི་
ཕྱག་རྒྱ་ཆེན་པོའི་རྣམ་པའོ། །སྐད་ཅིག་ཅེས་བྱ་བ་ནི་དེའི་མོད་ལའོ། །རབ་ཏུ་སྟེར་ཞེས་བྱ་བ་ནི་སྟེར་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །གོང་བུ་བསྟེན་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་བྱེད་དོ། །ཟླ་བ་དྲུག་ཏུ་ཞེས་བྱ་བ་ནི་དུས་དེ་སྲིད་ཀྱི་མཐར་ཐུག་པར་རོ། །
བརྟེན་པ་ཞེས་བྱ་བ་ནི་གོམས་པར་བྱེད་པའོ། །གང་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །རྡོ་རྗེའི་ལུས་སུ་ཞེས་བྱ་བ་ནི་རྡོ་རྗེ་བཞིན་དུ་བརྟན་པའི་ལུས་ལའོ། །འགྱུར་ཞེས་བྱ་བ་ནི་འགྱུར་བའོ། །དེ་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །བཅུད་ཀྱིས་ལེན་དང་ཞེས་བྱ་བ་ནི་བདུད་རྩིའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །
བཅུད་ལེན་མཆོག་ཅེས་བྱ་བ་ནི་བཅུད་ལེན་མཆོག་གི་ངོ་བོའོ། །སྲོག་འགུགས་པ་ཞེས་བྱ་བ་ནི་གཡོ་བའི་རྣམ་པའི་རང་གི་སྲོག་དུས་རིང་པོར་གནས་པའོ། །མཆོག་ཅེས་བྱ་བ་ནི་མཆོག་གི་དངོས་གྲུབ་ཐོབ་པའི་རྒྱུར་གྱུར་པའོ། །བརྟེན་པར་བྱ་ཞེས་བྱ་བ་ནི་གོམས་པར་བྱ་བའོ། །རབ་ཏུ་འབད་
เล่ม ๓๔ · หน้า 123b
པས་ཞེས་བྱ་བ་ནི་བརྩོན་འགྲུས་དྲག་པོས་སོ། །ཕྱག་རྒྱ་ཆེ་དོན་སྒྲུབ་པ་པོས། །ཞེས་བྱ་བ་ནི་བརྟན་པའི་ལུས་བསྒྲུབ་པ་སྔོན་དུ་འགྲོ་བས་ཟུང་འཇུག་གི་རྣམ་པའི་ཕྱག་རྒྱ་ཆེན་པོ་ཚེ་འདི་ཉིད་ལ་སྒྲུབ་པས་སོ། །དེ་ལྟར་འདི་ཙམ་གྱིས་རྡོ་རྗེའི་ལུས་སྒྲུབ་པ་ལ་རིགས་པ་བརྗོད་ནས། དེའི་འབྲས་བུ་བསྟན་པའི་ཕྱིར།
རྒས་པ་མེད་ཅིང་ཞེས་བྱ་བ་ནི་རྒས་པར་མི་འགྱུར་བའོ། །སྲིན་ནད་མེད་པ་ཞེས་བྱ་བ་ནི་ནང་གི་བདག་ཉིད་ལ་ཕྲ་མོའི་ནད་ལས་སོ། །ནད་ཅེས་བྱ་བ་ནི་རགས་པའི་ངོ་བོ་རྣམས་སོ། །སྙོམ་ལས་མེད་ཅིང་ཞེས་བྱ་བ་ནི་ལེ་ལོ་མེད་པའོ། །ལྐུགས་པ་མེད་པ་ཞེས་བྱ་བ་ནི་སེམས་ཀྱིས་བསམ་པའི་མཚན་ཉིད་
ཅན་ནོ། །ཀོ་ཀམ་ཞེས་བྱ་བ་ནི་བད་ཀན་ནོ། །རླུང་མཁྲིས་སོགས་ནད་མེད་ཅེས་བྱ་བ་ནི་བསལ་བའོ། །ནད་དང་ཞེས་བྱ་བ་ནི་གསུམ་འདུས་པ་ལས་སྐྱེས་པའོ། །འབྲས་ཀྱི་ཞེས་བྱ་བ་ནི་ཕོལ་ལ་སོགས་པའོ། །འབྲུམ་བུ་དང་ཞེས་བྱ་བ་ནི་མཛེའི་རྣམ་འགྱུར་གྱི་ངོ་བོའོ། །ཤུ་བ་ཞེས་བྱ་བ་ནི་བཤང་
ལམ་གྱི་ནད་དོ། །གཡའ་བ་ཞེས་བྱ་བ་ནི་གཡའ་བའོ། །འབྲུམ་ཕྲན་མེད་ཅེས་བྱ་བ་ནི་འབྲུམ་བུ་ཕྲ་མོ་མེད་པའོ། །མཛེ་ནད་ཅེས་བྱ་བ་ནི་མཛེ་རིགས་བཅོ་བརྒྱད་དོ། །མཚན་པར་རྡོལ་བ་མེད་ཅེས་བྱ་བ་ནི་བཤང་ལམ་གྱི་ནད་དོ། །དུང་དང་ཀུནྡ་ལྟར་ཞེས་བྱ་བ་ནི་དེ་ལྟ་བུའི་ལུས་གང་ལ་ཡོད་པ་
དེ་ལ་དེ་སྐད་ཅེས་བྱའོ། །དཔལ་ལྡན་ཞེས་བྱ་བ་ནི་དཔལ་ནི་ལུས་ཀྱི་འོད་ཀྱི་མཚན་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འཛམ་བུ་ཆུ་བོའི་གསེར་ལྟར་འབར། །ཞེས་བྱ་བ་ནི་གསེར་མདོག་ཅན་གྱིས་མཛེས་པ་ཞེས་བྱ་བའི་དོན་ཏོ། །འགུགས་པར་བྱེད་ཅེས་བྱ་བ་ནི་འགུགས་པར་བྱེད་པའོ། །
དེ་ནི་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མ་འཆད་པར་རོ། །རིག་པ་འཛིན་པའི་བུ་མོ་མཆོག །ཅེས་པ་ནི་རིག་པ་འཛིན་པའི་རིགས་ལས་འབྱུང་བའོ། །མཆོག་ནི་མདོག་དང་དབྱིབས་ལ་སོགས་པ་རྣམས་ཀྱིས་ཉམས་དགའ་བའོ། །བུ་མོའི་ཞེས་བྱ་བ་ནི་བཙུན་མོ་རྣམས་
སོ། །མཛའ་ཆེན་ཞེས་བྱ་བ་ནི་ཚེ་ཕུན་སུམ་ཚོགས་པ་དང་མདོག་ཕུན་སུམ་ཚོགས་པའོ། །དེ་ནི་ཞེས་བྱ་བ་ནི་བཅུད་ཀྱིས་ལེན་གྱི་དངོས་གྲུབ་བོ། །ལྷ་རྣམས་ཏེ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་གྱི་གནས་ན་གནས་པ་ལ་སོགས་པ་རྣམས་སོ། །རྣལ་འབྱོར་པ་རྣམས་ཞེས་བྱ་བ་ནི་སྔགས་
เล่ม ๓๔ · หน้า 124a
ཀྱི་སྒོའི་སྤྱད་པ་སྤྱོད་པས་གནས་པ་རྣམས་སོ། །སེམས་པར་བྱེད་ཅེས་བྱ་བ་ནི་ཡིད་དུ་འོང་བའོ། །ཕྱག་བྱ་བ་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སློབ་དཔོན་ཉིད་ཀྱི་ཕྱིར་རོ། །མཆོད་པར་འགྱུར་ཞེས་བྱ་བ་ནི་མཆོད་པའི་ཞིང་ཉིད་ཀྱིས་ན་མཆོད་པར་བྱ་བའོ། །
བསྒོམ་པར་བྱ་བ་ཞེས་བྱ་བ་ནི་བསྒོམ་པར་བྱ་བའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །འགྱུར་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་ཤིན་ཏུ་གསལ་བར་
བྱེད་པ་ཞེས་བྱ་བ་ལས་ལེའུ་བཅུ་དྲུག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཅུ་དྲུག་པོས་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རེ་རེ་ནས་དྲི་བའི་ལན་འདེབས་པ་བསྟན་ནས། ད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་དྲི་བའི་ལན་གདབ་པ་བརྗོད་
པའི་ཕྱིར་རོ། །རྩ་ལ་སོགས་པའི་རྣམ་པར་དབྱེ་བ་བསྟན་ནས། རྩ་དང་འཁོར་ལོའི་རིམ་པའི་གནས་སྐབས་ཀྱི་ཡུལ་ལ་འདྲི་བ་བཤད་པའི་ཕྱིར། ལེའུ་བཅུ་བདུན་པ་སྟོན་པར་བྱེད་ཅིང་དེ་རྩོམ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་དྲུག་པ་བཤད་པའི་རྗེས་ལའོ། །
གཞན་ཡང་ཉོན་ཞེས་བྱ་བ་ནི་སྔར་ལ་ལྟོས་པས་ཐ་དད་པའོ། །རྩ་རྣམས་ཀྱི་ཞེས་བྱ་བ་ནི་འཁོར་ལོ་ལ་གནས་པ་རྣམས་ལ་སྟེ། གྲངས་དང་གནས་རྣམས་བསྡུས་པ་ཉོན། །ཞེས་བྱ་བ་དང་འབྲེལ་ཏོ། །གྲངས་ནི་བགྲང་བ་སྟེ། གནས་དྲུག་པོ་རྣམས་ལ་བསྡུས་པ་ནི། གྲངས་དང་
གནས་རྣམས་བསྡུས་པ་སྟེ། བསྡུས་ནས་བརྒྱ་དང་ཉི་ཤུ་རྩ་དགུའོ། །རྒྱས་པར་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་བྱ་བའི་དོན་ཏོ། །ཁྱོད་ཉོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཐོས་པ་ལ་སྦྱར་བར་མཛད་པའོ། །དེ་ཉིད་ཀྱི་ཕྱིར། འཁོར་ལོ་གྲངས་ཀྱི་དབྱེ་བ་ཡིས། །
ཞེས་བྱ་བ་གསུངས་ཏེ། འཁོར་ལོ་དྲུག་པོ་རྣམས་ཀྱི་གྲངས་ནི་རྩའི་ངོ་བོའི་དབྱེ་བས་ཏེ། དེས་སོ། །ཇི་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་ཏེ། མན་ངག་དང་བཅས་པའི་ཕྱིར་རོ། །རྨད་དུ་བྱུང་བའི་མཆོག་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་
เล่ม ๓๔ · หน้า 124b
མིང་གི་སྒོ་ནས་ཐེ་ཚོམ་མེད་པར་རྟོགས་པའི་ཕྱིར་རོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། དངོས་སུ་རྩའི་གྲངས་བསྟན་པའི་ཕྱིར། དེའི་ཡན་ལག་བཤད་པར་དམ་བཅའ་བ་ནི། འཁོར་ལོ་དྲུག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོ་དང་། རླུང་དང་། ལོངས་སྤྱོད་དང་།
མེ་དང་། ཆོས་དང་། སྤྲུལ་པའི་འཁོར་ལོའི་དབྱེ་བས་སོ། །བཅུ་དྲུག་རྟེན་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་རྣམས་ལས་སོ་སོར་འབྱུང་བ་བཞིའི་བདག་ཉིད་ཀྱི་ཕྱིར་རོ། །ལུས་ལ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་ལའོ། །ལྷའི་གཞལ་ཡས་ཁང་ཞེས་བྱ་བ་ནི།
མཐའ་ཡས་པའི་སངས་རྒྱས་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་གཞི་ཡིན་པའི་ཕྱིར་རོ། །གནས་ཇི་བཞིན་ཞེས་བྱ་བ་ནི་འཁོར་ལོ་དྲུག་ལ་ལྟོས་པས་སོ། །ཇི་ལྟར་རིགས་པར་བྱ་ཞེས་པ་ནི་ཇི་ལྟར་གནས་པའི་ངོ་བོ་བརྗོད་པར་འདོད་པས་སོ། །བཤད་པར་
བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །མདོར་བསྡུས་ནས་ནི་ཞེས་བྱ་བ་ནི་ཡང་དག་པར་བསྡུས་ནས་སོ། །དེ་ལྟར་བཤད་པར་དམ་བཅའ་བ་བཤད་ནས། འཁོར་ལོའི་དབྱེ་བས་རྩ་རྣམས་ཀྱི་མདོར་བསྡུས་ནས་མིང་བརྗོད་པར་བྱ་བའི་དོན་དུ་རླུང་གི་འཁོར་ལོ་གནས་པའི་རྩ་ཞེས་བྱ་བ་གསུངས་ཏེ།
རླུང་གི་འཁོར་ལོ་ཞེས་བྱ་བའོ། །འདབ་མ་དྲུག་ནི་ཟུར་དྲུག་རྣམས་སུའོ། །གནས་པའི་རྩ་ཞེས་བྱ་བ་ནི་རྩ་རྣམས་གནས་པའོ། །རླུང་གིས་མཁའ་ལ་སྤྱོད་ཅེས་བྱ་བ་ནི་ལོགས་སུ་འགྲོ་བའི་ངང་ཚུལ་གང་ལ་ཡོད་པ་ཉིད་ཀྱིས་མཁའ་ལ་སྤྱོད་པར་བྱེད་པའོ། །རླུང་གིས་ཞེས་བྱ་བ་ནི་རླུང་གི་ངོ་བོ་ཉིད་ཀྱི་
ཕྱིར་རོ། །འདབ་གསུམ་ཞེས་བྱ་བ་ནི་དེའི་དབྱིབས་ལའོ། །མེའི་འཁོར་ལོ་བཤད་ཅེས་བྱ་བ་ནི་མེའི་འཁོར་ལོའི་མིང་ཅན་ལའོ། །རྩ་གསུམ་ཞེས་བྱ་བ་ནི་རྩ་རྣམ་པ་གསུམ་མོ། །རིམ་བཞིན་འཆར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམ་པས་དེ་མ་ཐག་ཏུ་བརྗོད་པར་འགྱུར་བའི་ཕྱིར་རོ། །
ལོངས་སྤྱོད་འཁོར་ལོ་ཡང་ཞེས་བྱ་བ་ནི་རོ་དྲུག་ལ་ལོངས་སྤྱོད་པའི་བདག་ཉིད་ཅན་ནོ། །རྩ་ནི་བཅུ་དྲུག་ཏུ་ཡང་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིགས་པས་སོ། །ཡང་དག་བརྗོད་ཅེས་བྱ་བ་ནི་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་
เล่ม ๓๔ · หน้า 125a
གི་མཚན་ཉིད་འཛིན་པར་བྱེད་པ་ལའོ། །གནས་པ་བརྒྱད་ཅེས་བྱ་བ་ནི་ཐུན་བརྒྱད་ཀྱི་རྣམ་པར་དག་པས་སོ། །རྩ་ནི་ཀུན་ལ་ཁྱབ་པ་ཞེས་བྱ་བ་ནི་ལུས་ཐམས་ཅད་ལ་ཁྱབ་པས་གནས་པའི་ཕྱིར་རོ། །དེ་རྣམས་ནི་སྲོག་གི་རྩ་ཉིད་དུ་གྲགས་པའི་ཕྱིར་རོ། །སྤྲུལ་པའི་
འཁོར་ལོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་སྤྲུལ་པའི་ཕྱིར་རོ། །དྲུག་ཅུ་རྩ་བཞི་ཞེས་བྱ་བ་ནི་དབྱུ་གུ་དྲུག་ཅུ་རྩ་བཞིའི་རྣམ་པར་དག་པས་སོ། །འཆད་པར་བཤད་ཅེས་བྱ་བ་ནི་བརྗོད་པའོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །ཞེས་བྱ་བ་ནི་མགོ་བོའི་གནས་ཀུན་རྫོབ་ཀྱི་སེམས་ཀྱི་ཟླ་བའི་
རྟེན་ལའོ། །རྩ་ནི་སུམ་ཅུ་རྩ་གཉིས་སོ། །ཞེས་བྱ་བ་ནི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་རྣམ་པར་དག་པའོ། །བཤད་ཅེས་བྱ་བ་ནི་བརྗོད་པའོ། །མདོར་བསྡུས་ཞེས་བྱ་བ་ནི་ཐམས་ཅད་མདོར་བསྡུས་ནས་སོ། །རིམ་པ་ཡང་ཞེས་བྱ་བ་ནི་གྲངས་ཀྱིའོ། །བརྒྱ་དང་ཉི་ཤུ་རྩ་དགུའོ། །ཞེས་བྱ་བ་ནི་
འཁོར་ལོ་དྲུག་གི་གྲངས་སོ་ཞེས་བྱ་བའི་དོན་ཏོ། །རྩ་རྣམས་སུ་ནི་ཡང་དག་བཤད། །ཅེས་བྱ་བ་ནི་གསུངས་པའོ། །ཡང་དག་ཅེས་བྱ་བ་ནི་མང་བ་དང་ཉུང་བ་དང་གྲངས་སྤངས་པའི་ཕྱིར་རོ། །དེ་ལྟར་འཁོར་ལོའི་དབྱེ་བ་བསྡུས་པ་བསྟན་ནས། རྒྱས་པར་བསྟན་པ་བརྗོད་པའི་ཕྱིར། གཞན་
དག་ཏུ་ནི་རྒྱས་པར་ཡང་། །ཞེས་བྱ་བ་ནི་རྒྱ་ཆེར་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས་སོ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས། །ཞེས་བྱ་བ་ནི་ཟླ་བ་དང་། ཉི་མ་དང་། རླུང་རྒྱུ་བ་ཉིད་ཀྱིས་སོ། །ཇི་སྐད་དུ། འཆད་པར་འགྱུར་བའི་ལེའུ་སུམ་ཅུ་པ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་
པོའི། །རྩ་རྣམས་རྟག་ཏུ་ངོ་མཚར་བའི། །བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། །བདེ་བ་ཀུན་གྱི་རྗེས་སུ་འཇུག །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་རྣམས་རྟག་ཏུ་ངོ་མཚར་བའི། །ཁྲག་ནི་རྒྱུ་བར་ཤེས་བྱ་སྟེ། །ཉི་མ་སྐྱེས་པའི་བདག་ཉིན་ཅན། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་རྣམས་རྟག་ཏུ་ངོ་
མཚར་བའི། །རླུང་ནི་རྒྱུ་བར་ཤེས་པར་བྱ། །རིམ་གྱིས་རྒྱས་པའི་རྒྱུད་ལས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངེས་པར་བརྗོད་པ་འབུམ་སྡེར་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་རྒྱུད་དུའོ། །བརྗོད་ཅེས་བྱ་བ་ནི་གསུངས་པའོ། །རྩ་གནས་དབྱེ་བས་ཕྱེ་ནས་ཞེས་བྱ་བ་ནི་དེ་དང་དེའི་
เล่ม ๓๔ · หน้า 125b
གནས་ཀྱི་གྲངས་ཀྱིས་ཕྱེ་བའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །འཆར་བ་ཞེས་བྱ་བ་ནི་བརྗོད་པའོ། །དེ་ཉིད་དུ་ཞེས་བྱ་བ་ནི་འདི་ཉིད་དུའོ། །ཉུང་ངུའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཉུང་ངུའི་རྒྱུ་ཉིད་ཀྱིས་སོ། །སྙིང་པོ་ལ་ནི་སྙིང་པོར་ཞེས་བྱ་བ་ནི་སྙིང་པོ་ནི་སྟོང་ཕྲག་བདུན་ཅུ་
རྩ་གཉིས་ཀྱི་གྲངས་ཀྱི་ངོ་བོ་ཉིད་ལས་སོ། །སྙིང་པོར་གསུངས་ཞེས་བྱ་བ་ནི་འཁོར་ལོ་དྲུག་གི་དབྱེ་བས་ཉི་ཤུ་རྩ་དགུས་ལྷག་པའི་བརྒྱའི་གྲངས་སོ། །དེ་ལྟར་རྒྱས་པར་བརྗོད་པ་བསྟན་ནས། འཁོར་ལོའི་དབྱེ་བས་རྩ་རྣམས་རྒྱས་པར་བཤད་པ་ནི། སྨིན་མའི་དབུས་གནས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། སྨིན་མའི་དབུས་གནས་ཞེས་བྱ་བ་ནི་རླུང་གི་འཁོར་ལོའི་གནས་སོ། །རླུང་ཆེན་ཞེས་བྱ་བ་ནི་རླུང་རྒྱུ་བ་ཉིད་ཀྱིས་ཆེན་པོ་ཡང་ཡིན་ལ་རང་ཉིད་ཀྱང་རླུང་གི་ངོ་བོ་ཉིད་ཀྱི་ཕྱིར་རླུང་ཆེན་པོའོ། །དབྱེ་བ་འཁྱིལ་པ་ཞེས་བྱ་བ་ནི་ཨ་དང་ར་དག་གིས་སད་པར་བྱེད་པས་ན་དབྱེ་བ་
སྟེ། རྒྱབ་ཀྱིས་ཕྱོགས་སོ། །དེ་འཁྱིལ་པ་སྟེ་ཡོངས་སུ་གྱུར་པར་འགྲོ་བས་ན་བྱེ་བ་འཁྱིལ་པའོ། །མི་བཟད་པ་ཞེས་བྱ་བ་ནི་མེས་བསྐུལ་བའི་དུས་སུ་དྲག་པའི་ཕྱིར་མི་བཟད་པའོ། །འཛིན་པ་ཞེས་བྱ་བ་ནི་མགོ་བོར་འཕྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ལ་རང་གི་གནས་སུ་འཛིན་པའི་ཕྱིར་
འཛིན་པའོ། །རྟོག་མེད་ཅེས་བྱ་བ་ནི་དེ་ཉིད་ལ་འགྲོ་བ་དང་འོང་བ་ལ་སོགས་པ་ལས་ཀྱི་དུས་ལ་བདག་གིས་ལས་བྱའོ་སྙམ་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་རྟོག་མེད་དོ། །གང་པོ་ནི་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རིམ་པའི་དུས་སུ་བྱང་ཆུབ་ཀྱི་སེམས་རྒྱུན་འབབ་པས་ཀུན་ནས་གང་བའི་ཕྱིར་གང་བའོ། །
བཤད་པ་ཞེས་བྱ་བ་ནི་དེ་ལྟ་བུའི་མིང་གིས་བསྟན་པའོ། །བསྟན་པས་ཞེས་བྱ་བ་ནི་མིང་གིས་སོ། །རླུང་ལས་བྱུང་ཞེས་བྱ་བ་ནི་རླུང་གི་འཁོར་ལོར་སོན་པ་ཞེས་བྱ་བའི་དོན་ཏོ། །གྲུ་གསུམ་ཞེས་བྱ་བ་ནི་པདྨའི་འདབ་མ་གསུམ་གྱི་དབྱིབས་ཅན་ལའོ། །རྩ་གསུམ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །
མེའི་དཀྱིལ་འཁོར་ཞེས་བྱ་བ་ནི་མེའི་འཁོར་ལོའོ། །འདྲེན་པའི་འོག་ཏུ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་འོག་གི་ཆ་ལའོ། །བཤད་པ་ཡིན་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །དྲི་མ་བྲལ་དང་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་དྲི་མ་མེད་པས་དྲི་མ་དང་བྲལ་བའི་ཕྱིར་རོ། །གསལ་
เล่ม ๓๔ · หน้า 126a
བ་དང་ཞེས་བྱ་བ་ནི་འབར་ཞིང་གསལ་བའི་རྣམ་པ་ཉིད་ཀྱིས་གཟི་བརྗིད་འབར་བ་དང་ལྡན་པའི་ཕྱིར་རོ། །གང་པོ་དང་ནི་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་ལམ་ནས་རོ་མྱང་བ་ཉིད་ཀྱིས་ཡོངས་སུ་ཚིམ་པའི་ཕྱིར་གང་བའོ། །གསུམ་པ་ཡིན་ནོ་ཞེས་བྱ་
བ་ནི་རྣམ་པ་གསུམ་མོ། །རིམ་པ་ཞེས་བྱ་བ་ནི་རྩའི་དབྱིབས་ཀྱི་རིམ་པས་སོ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་འཁོར་ལོའི་རྩའི་མིང་བསྟན་པའི་ཕྱིར། ཡང་དག་ཤུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པར་བྱང་ཆུབ་ཀྱི་སེམས་ཤུགས་ཀྱིས་འབབ་པས་ན་
ཡང་དག་ཤུགས་སོ། །ཤིན་ཏུ་ཤུགས་ཞེས་བྱ་བ་ནི་དེ་ལས་ཀྱང་ལྷག་པར་འབབ་པས་སོ། །ཤིན་ཏུ་བཟང་བ་དང་ཞེས་བྱ་བ་ནི་ཚིམ་པར་བྱེད་པའི་བཟང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཟང་པོར་འགྲོ་བ་ཞེས་བྱ་བ་ནི་བཟང་བ་ནི་ཡེ་ཤེས་ཀྱི་མེ་དང་བྱང་ཆུབ་ཀྱི་སེམས་
འགྲོ་བའི་ཕྱིར་བཟང་པོར་འགྲོ་བའོ། །སྟོབས་ཆེན་དང་ནི་ཞེས་བྱ་བ་ནི་རྒྱུ་དང་ཡེ་ཤེས་ཀྱི་རིམ་པའི་དུས་སུ་བྱང་ཆུབ་ཀྱི་སེམས་འགྲོ་བ་དང་འོང་བ་ལ་སྟོབས་ཆེན་པོ་དང་ལྡན་པའི་ཕྱིར་རོ། །མི་བཟོད་ཆེ་ཞེས་བྱ་བ་ནི་རྒྱུད་ཀྱི་རིམ་པའི་དུས་སུ་ཡེ་ཤེས་ཀྱི་མེའི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །
མཛེས་ཆེན་ཞེས་བྱ་བ་ནི་ཤིན་ཏུ་ཡང་དུས་གཉིས་ལ་འདོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །མདུན་དུ་སྐྱེས་པ་ཞེས་བྱ་བ་ནི་ཨའི་ཡི་གེའི་ངོ་བོ་ལ་བརྟེན་ནས་སྐྱེ་བ་ཐོབ་པའི་ཕྱིར་རོ། །རྒྱགས་པའི་རྟགས་ནི་ཞེས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཀྱིས་རྒྱགས་པའི་རྟགས་སུ་གྱུར་པའི་ཕྱིར་རོ། །
རྒྱགས་པའི་ཆ་ཞེས་བྱ་བ་ནི་རྡུལ་སྐྱེས་པའི་ཕྱིར་རོ། །རྒྱགས་པའི་ཆུ་དང་ཞེས་བྱ་བ་ནི་ཆུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྒྱགས་པ་མྱོས་བྱེད་ཅེས་བྱ་བ་ནི་རྒྱགས་པ་ནི་འདོད་ཆགས་ལ་སོགས་པས་གནས་སྐབས་གཞན་ཐོབ་པའི་ཕྱིར་རོ། །རྒྱགས་དང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་
མྱོས་པའི་ཕྱིར་རོ། །རྒྱགས་པའི་རྒྱུ་མཐུན་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེ་བ་ཆེན་པོའི་རྣམ་འགྱུར་ཉིད་ཀྱི་ཕྱིར་རོ། །རྒྱགས་པའི་རླན་དང་ཞེས་བྱ་བ་ནི་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཀྱིས་བརླན་པའི་ཕྱིར་རོ། །རྒྱགས་པ་འཆང་བ་ཞེས་བྱ་བ་ནི་ཁུ་བ་བརྟན་པ་འཛིན་པའི་བདག་ཉིད་ཀྱི་ཕྱིར་རོ། །རྩུབ་
เล่ม ๓๔ · หน้า 126b
དང་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་མེས་རེག་བྱ་རྩུབ་པའི་ཕྱིར་རོ། །མཁའ་འབྱུང་ཞེས་བྱ་བ་ནི་མཁའ་ནི་བདེ་བ་ཆེན་པོའི་ནམ་མཁའ་ལའོ། །འབྱུང་བ་ནི་འགྲོ་བ་ཉིད་ཀྱི་ཕྱིར་རོ། །གླང་པོ་དང་ཞེས་བྱ་བ་ནི་དབྱིབས་ཀྱིས་ཐུང་བའི་ཕྱིར་རོ། །དབུགས་མི་བདེ་བ་དང་ཞེས་བྱ་བ་ནི་བློ་སྐྱེད་པར་བྱེད་པའི་ཕྱིར་རོ། །
གཡའ་ཞེས་བྱ་བ་ནི་གཡའ་བའི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མཁའ་འགྲོ་ཞེས་བྱ་བ་ནི་རྡོ་རྗེའི་མཁའ་ལ་གནས་པའི་ཕྱིར་རོ། །ཡན་ལག་ཁའི་གདོང་ཞེས་བྱ་བ་ནི་ཁ་ནི་བྱང་ཆུབ་ཀྱི་སེམས་སོ། །ཡན་ལག་ནི་རྟགས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདབ་ཆགས་ཞེས་བྱ་བ་ནི་དེའི་
དབྱིབས་ཉིད་ཀྱི་ཕྱིར་རོ། །ཟ་ཕོད་ཅེས་བྱ་བ་ནི་ལས་མང་པོ་བྱེད་པའི་ཕྱིར་རོ། །མི་ཟད་སྒྲ་སྒྲོགས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་སྒྲིབ་པར་བྱེད་པས་ཤིན་ཏུ་མི་ཟད་པའི་ཕྱིར་རོ། །སྙིང་པོ་ཅན་ཞེས་བྱ་བ་ནི་བརྟན་པའི་ངོ་བོ་ཁྲག་རྒྱུ་བའི་ཕྱིར་རོ། །གསོད་བྱེད་མ་ཞེས་བྱ་བ་ནི་ཨའི་ཡི་གེའི་རྗེས་སུ་འགྲོ་
བའི་ཕྱིར་རོ། །རྡུལ་བ་ཞེས་བྱ་བ་ནི་ལས་ཀྱིས་རླུང་དང་ཡང་དག་པར་སྦྱོར་བས་རྡུལ་བ་ཉིད་ཀྱི་ཕྱིར་རོ། །དབྱངས་དང་ཞེས་བྱ་བ་ནི་དུས་གཉིས་ལ་ཡང་རང་དང་འོས་པའི་སྒྲ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དབྱངས་སྐྱེས་དང་ཞེས་བྱ་བ་ནི་ཨ་ཡིག་སྒྲ་ཐམས་ཅད་ཀྱི་བདག་ལས་གྲུབ་པའི་ཕྱིར་རོ། །སྤྲིན་ཞེས་
བྱ་བ་ནི་ཡེ་ཤེས་ཀྱི་མེའི་སྔོན་དུ་རྟག་ཏུ་བས་བསྒྲིབས་པའི་ཕྱིར་རོ། །ཆུ་བ་ཞེས་བྱ་བ་ནི་པདྨ་ཅན་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་ཁྱབ་པ་ཉིད་ཀྱིས་ཀྱང་དེ་བཞིན་དུ་སེམས་ཀྱི་ཁམས་ཀྱི་རྣམ་པར་རྟོག་པས་མ་གོས་པ་ཉིད་ཀྱི་ཕྱིར་རོ། །སྡོང་བུ་ཅན་དང་ཞེས་བྱ་བ་ནི་ལྟེ་བའི་པདྨ་ལ་སྡོང་བུའི་རྣམ་
པར་གནས་པ་ཉིད་ཀྱི་ཕྱིར་རོ། །སྔོ་བ་ཞེས་བྱ་བ་ནི་དུ་བའི་མདོག་ཅན་ཉིད་ཀྱི་ཕྱིར་རོ། །ཡུད་ཙམ་ཞེས་བྱ་བ་ནི་རྣོ་བའི་ཕྱིར་རོ། །ཡུད་ཙམ་སྐྱེས་ཞེས་བྱ་བ་ནི་ཡུད་ཙམ་ཨ་ཡིག་གི་རྣམ་པ་ལས་སྐྱེས་པའི་ཕྱིར་རོ། །རྒྱབ་ཏུ་ཁ་བལྟས་ཞེས་བྱ་བ་ནི་འོག་ཏུ་རྒྱུ་བ་ཉིད་ཀྱི་ཕྱིན་ཅི་ལོག་པའི་གདོང་ངོ་། །དབྱུག་པ་དང་ཞེས་བྱ་
བ་ནི་དབྱུག་པ་ལྟར་ཤིན་ཏུ་དྲང་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དབྱུག་སྙེམས་དང་ཞེས་བྱ་བ་ནི་དབྱུག་པ་ལྟར་སྙེམས་པ་དྲང་བའི་རྣམ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྙིང་པ་ཉིད་དང་ཞེས་བྱ་བ་ནི་ཡང་དང་ཡང་དུ་རང་དང་འོས་པའི་ཁམས་རྒྱུ་བ་ཉིད་ཀྱིས་སྲ་བ་ཉིད་ཀྱི་ཕྱིར་རོ། །ཚིགས་ཀྱི་ལྟོ་དང་
เล่ม ๓๔ · หน้า 127a
ཞེས་བྱ་བ་ནི་ལྡུད་པའི་དབྱིབས་ཅན་ཉིད་ཀྱི་ཕྱིར་རོ། །ཚིགས་ཀྱི་མགོ་བོ་ཞེས་བྱ་བ་ནི་ཚིགས་ཀྱི་རྣམ་པའི་མདོག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཚིགས་ཀྱི་ཚད་དང་ཞེས་བྱ་བ་ནི་གདུ་བུའི་དབྱིབས་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་གནོན་པ་ཞེས་བྱ་བ་ནི་གཞན་གྱི་
རྣམ་པ་རྣམ་པར་གནོན་པའི་ཕྱིར་རོ། །ཚིགས་ཀྱི་གནས་ཞེས་བྱ་བ་ནི་རྩ་གསུམ་གྱི་མདུད་པ་ལ་དམིགས་ནས་གནས་པའི་ཕྱིར་རོ། །ཚིགས་ཀྱི་གདོང་ཞེས་བྱ་བ་ནི་མདུད་པའི་གདོང་ངོ་། །ཚིགས་ཀྱི་འོད་ཅེས་བྱ་བ་ནི་དེ་བཞིན་དུ་རྣལ་འབྱོར་པ་ལ་གསལ་བའི་ཕྱིར་རོ། །ཚིགས་ཀྱིས་
ཁྱབ་པ་ཞེས་བྱ་བ་ནི་བར་བར་དུ་མདུད་པས་ཁྱབ་པའི་ཕྱིར་རོ། །དུལ་བར་བྱེད་པ་ཞེས་བྱ་བ་ནི་རླུང་རྒྱུ་བར་བྱེད་པ་ཉིད་ཀྱིས་སོ། །དུལ་འགྲོ་ཞེས་བྱ་བ་ནི་དུལ་བའི་ངོ་བོས་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་བྱེད་པས་དེ་ཨའི་ཡི་གེ་ལ་འགྲོ་བའི་ཕྱིར་རོ། །གཟི་བརྗིད་དང་ཞེས་བྱ་བ་ནི་ཡེ་ཤེས་
ཀྱི་མེའི་སྣང་བ་ལ་བརྟེན་ནས་གནས་པའི་ཕྱིར་རོ། །དྲི་མེད་ཅེས་བྱ་བ་ནི་སྔགས་སྲེག་པའི་དུས་སུའོ། །དུལ་བའི་སྙེམས་པ་དང་ཞེས་བྱ་བ་ནི་ཨའི་ཡི་གེ་དུལ་བའི་ངོ་བོ་ལ་བརྟེན་ནས་ང་རྒྱལ་དང་ལྡན་པའི་ཕྱིར་རོ། །ཆུན་འཕྱང་ཞེས་བྱ་བ་ནི་ཆུན་པོ་ཐམས་ཅད་འཕྱང་བའི་ཕྱིར་རོ། །ཆུན་འཕྱང་དགའ་
ཞེས་བྱ་བ་ནི་རྩའི་བདག་ཉིད་ཀྱི་ཆུན་འཕྱང་གི་ངོ་བོ་ཉིད་ལ་དགའ་བའི་ཕྱིར་རོ། །ཆུན་འཕྱང་མ་ཞེས་བྱ་བ་ནི་ཆུན་འཕྱང་བྱེད་ཅེས་བྱ་བ་ཨ་ཡིག་དང་ལྷན་ཅིག་ཏུ་བདེ་སྡུག་ཐ་མི་དད་པའི་ཕྱིར་རོ། །སྦྲང་བུ་ཞེས་བྱ་བ་ནི་སེམས་ཀྱི་ཁམས་ཀྱི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །ཕྲུ་གུ་ཞེས་བྱ་བ་
ནི་ཡང་དེ་བཞིན་དུའོ། །ཕྲུ་གུ་སྟེར་ཞེས་བྱ་བ་ནི་ཕྲུ་གུའི་ངོ་བོ་སེམས་ཉིད་གསང་བའི་འཁོར་ལོ་ན་གནས་པའི་རྩ་རྣམས་ལ་སྟེར་བས་ན་སྙམ་དུ་བྱས་ནས་སོ། །འགྲོ་བ་ཞེས་བྱ་བ་ནི་རབ་ཏུ་འགྲོ་བས་ན་ཞེས་བྱ་བའོ། །ལོ་མ་ཞེས་བྱ་བ་ནི་ལོ་མའི་གདོང་གི་རྣམ་པ་ཡོད་པས་ན་ལོ་མའོ། །ལོ་མའི་མགྲིན་པ་དང་ཞེས་
བྱ་བ་ནི་དེ་བཞིན་དུ་ལོ་མའི་མགྲིན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རབ་མཆོག་མ་དང་ཞེས་བྱ་བ་ནི་སེམས་ཀྱི་རྫས་རབ་མཆོག་ཏུ་བྱས་ནས་སོ། །རབ་གསལ་ཏེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དྲུག་ཅུ་རྩ་བཞིར་ཞེས་བྱ་བ་ནི་དབྱུ་གུ་དྲུག་ཅུ་རྩ་བཞིའི་རྣམ་པར་དག་
เล่ม ๓๔ · หน้า 127b
པས་སོ། །དེ་ལྟར་བརྗོད་ཅེས་བྱ་བ་ནི་སྔར་བཤད་པའི་རིགས་པས་སོ། །ཡང་ན་རྩ་དྲུག་ཅུ་རྩ་བཞི་ལ་ཨཱ་ལི་དང་ཀཱ་ལི་དྲུག་ཅུ་རྩ་བཞི་ལ་བརྟེན་ནས་དོན་བརྗོད་པར་བྱའོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས། །ཞེས་བྱ་བ་ནི་གོ་སླའོ། །བདུད་རྩི་མཆོག་གིས་ཡོངས་སུ་གང་། །ཞེས་བྱ་བ་ནི་བྱང་
ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་འཁོར་ལོའི་རྩ་རྣམས་ཀྱི་མིང་གསུངས་པ་ནི། རིན་ཆེན་ཅོད་པན་ཞེས་བྱ་བ་སྟེ། རིན་ཆེན་འབྱུང་ལྡན་གྱི་ས་བོན་ཡོད་པའི་ཕྱིར་རོ། །པདྨ་ཆེ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་ས་བོན་ནོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ་
པའི་ས་བོན་ཉིད་ཀྱི་ཕྱིར་རོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ལུས་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །མགོ་བོ་ཆེ་ཞེས་བྱ་བ་ནི་སྤྱན་མའི་ས་བོན་ཡོད་པའི་ཕྱིར་རོ། །སྒྲ་ཆེན་དང་ཞེས་བྱ་བ་ནི་བདག་མེད་མའི་ས་བོན་ཡོད་པའི་ཕྱིར་རོ། །ཉེར་དགའ་ཆེན་པོ་ཞེས་བྱ་བ་ནི་གོས་དཀར་མོའི་ས་བོན་ཉིད་ཀྱི་
ཕྱིར་རོ། །མྱོས་པོ་ཆེ་ཞེས་བྱ་བ་ནི་སྒྲོལ་མའི་ས་བོན་ཡོད་པའི་ཕྱིར་ཏེ་རིགས་པ་འདིས་སོ། །ཆོས་ཀྱི་འཁོར་ལོའི་ནང་དུ་ཞེས་བྱ་བ་ནི་དབུས་སུའོ། །སྙིང་ག་ཞེས་བྱ་བ་ནི་སྙིང་གའི་གནས་ལའོ། །པདྨར་ཡང་དག་གནས་ཞེས་བྱ་བ་ནི་པདྨར་གནས་པ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་
འཁོར་ལོའི་རྩ་རྣམས་ཀྱི་མིང་བསྟན་པའི་ཕྱིར། ལོངས་སྤྱོད་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ཡིག་བཅུ་དྲུག་ལ་བརྟེན་པ་ཉིད་ཀྱིས་རྩ་བཅུ་དྲུག་རྣམས་ཀྱི་དོན་ཤེས་པར་བྱའོ། །ལོངས་སྤྱོད་འཁོར་ལོར་གནས་ཞེས་བྱ་བ་ནི་མགྲིན་པའི་ཕྱོགས་སུ་རོ་དྲུག་ལ་ལོངས་སྤྱོད་
པའོ། །གྲངས་ནི་ཞེས་བྱ་བ་ནི་བགྲང་བའོ། །བཅུ་དྲུག་ཏུ་ནི་བརྗོད་ཅེས་བྱ་བ་ནི་འཕོ་བ་བཅུ་དྲུག་གི་དབྱེ་བས་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོའི་འཁོར་ལོའི་རྩའི་མིང་བསྟན་པའི་ཕྱིར། དེ་སྟེང་ཞེས་བྱ་བ་གསུངས་ཏེ། དེའི་སྟེང་ནི་མགོ་བོ་ལའོ། །རིམ་རིགས་ཞེས་བྱ་བ་ནི་ཨ་ཡིག་
ལ་བརྟེན་པའི་ཕྱིར་རོ། །དབྱངས་ཡིག་བཅུ་དྲུག་རྣམས་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཉིས་འགྱུར་དུ་བྱས་ནས། དེའི་རྗེས་སུ་འབྲངས་ནས་ངེས་ཚིག་གིས་བཤད་པར་བྱའོ། །མན་ངག་གི་ཁྱད་པར་གཞན་གང་ཞིག་ཡོད་པ་བླ་མའི་ཞལ་ལས་རྟོགས་པར་བྱ་སྟེ། དེའི་ཕྱིར་འདིར་རྒྱ་ཆེར་མ་
เล่ม ๓๔ · หน้า 128a
བཤད་དོ། །སུམ་ཅུ་རྩ་གཉིས་ཞེས་ནི་བཤད། །ཅེས་བྱ་བའི་རིགས་པ་འདིས་སོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །ཞེས་བྱ་བ་ནི་མགོ་བོའི་གནས་ལའོ། །མཆོག་ཏུ་དགའ་བ་སྟེར་བར་བྱེད། །ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ཀྱིས་རྒྱུན་འཛག་པས་སོ། །
ཕྲ་དང་རེག་བྱ་མཆོག་ཏུ་ཕྲ། །ཞེས་བྱ་བ་ནི་ཕྲ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ལས་ཤིན་ཏུ་ཡང་གདུང་བ་ཞི་བར་བྱེད་ཅིང་རེག་བྱ་བསིལ་བ་དང་ལྡན་པའི་ཕྱིར་རོ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱ་བ་ནི་ཡུལ་དང་ཡུལ་ཅན་གྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་རྟེན་དུ་
གྱུར་པ་རྣམས་ཀྱིས་བརྟེན་པ་བྱང་ཆུབ་ཀྱི་སེམས་འཇུག་པ་ཞེས་བྱ་བ་ནི་རྣམ་རྟོག་མེད་པའི་ཕྱིར་རོ། །རང་ཉིད་བདེ་ཆེན་རྣམ་པ་དང་། །ཞེས་བྱ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་ཡིན་པའི་ཕྱིར་རོ། །གཞན་དག་ལ་ཡང་ཞེས་བྱ་བ་ནི་རྩ་གཞན་རྣམས་ལ་ཡང་བདེ་བ་ཆེན་པོ་ཀུན་རྫོབ་
ཀྱི་བདག་ཉིད་ཅན་སྟེར་བར་བྱེད་པ་ཞེས་བྱ་བའོ། །དེ་ལྟར་འཁོར་ལོའི་དབྱེ་བ་རྒྱས་པར་བཤད་པ་བསྟན་ནས། ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་རྩ་བསྟན་པའི་དགོས་པ་བཤད་པའི་ཕྱིར་དེའི་ཡན་ལག་དགོས་པའི་ངོ་བོ་མདོར་བསྟན་པའི་ཕྱིར། དེ་ལྟར་ཡང་དག་རྩ་ཡི་རིམ། །ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། སྔར་བཤད་པའི་རིགས་པས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་
རྩའི་རིམ་མེད་ཅེས་བྱ་བ་གསུངས་ཏེ། རྩའི་རིམ་པ་སྤངས་པས་སོ། །བདེན་པར་ཞེས་བྱ་བ་ནི་བརྫུན་པ་མ་ལགས་སོ། །ཕུང་པོ་ལ་སོགས་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལའོ། །མི་འབྱུང་ཞིང་ཞེས་བྱ་བ་ནི་སྐྱེ་བར་མི་འགྱུར་བའོ། །ཕུང་པོ་མེད་ན་ཞེས་བྱ་བ་
ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་མེད་ནའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པའམ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཐོབ་མི་འགྱུར་ཞེས་བྱ་བ་ནི་རྙེད་པར་མི་འགྱུར་བའོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི་རིམ་པ་གཉིས་སྒོམ་
เล่ม ๓๔ · หน้า 128b
པ་པོས་སོ། །ཇི་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་ཏེ། དེ་ལྟར་དགོས་པ་རང་གི་ངོ་བོ་བསྟན་ནས། དེ་རྒྱས་པར་
བཤད་པར་བརྗོད་པའི་ཕྱིར། ཕུང་པོ་ལྔ་ནི་བདག་ཉིད་ལུས། །ཞེས་གསུངས་ཏེ། ལུས་ནི་ལུས་སོ། །མཁའ་འགྲོ་ལྔ་ནི་རབ་ཏུ་གྲགས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་གསུངས་ཏེ། གནས་སྐབས་ལྔ་ཉམས་སུ་མྱོང་བའི་རིམ་པས་དེ་རྣམས་
གྲུབ་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ལུས་སོ། །འབྱུང་བའི་ངོ་བོ་ཡིས་ཞེས་བྱ་བ་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔའི་ངོ་བོས་སོ། །ཡེ་ཤེས་ལྔར་ནི་ཞེས་བྱ་བ་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་ངོ་བོའོ། །རྣམ་པར་གནས་ཞེས་བྱ་བ་ནི་དངོས་པོ་ལ་དེ་ལྟ་ཉིད་
དུ་གནས་པའི་ཕྱིར་རོ། །དེ་ལྟར་གཟུགས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱིས་མེ་ལོང་ལྟ་བུས་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ། དོན་དམ་པར་ལུས་ནི་གཟུགས་བརྙན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཀྱི་ཕྱིར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་
རང་བཞིན་ཏེ། ཚོར་བ་རྣམ་པ་གསུམ་པོ་ལ་རྣམ་པ་གཅིག་པས་མཉམ་པའི་ཕྱིར། འདུ་ཤེས་ནི་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། གདོད་མ་ནས་ཤི་བ་ཉིད་ཀྱིས་སྤྱོད་པའི་ཕྱིར་རོ། །འདུ་བྱེད་ནི་དོན་ཡོད་གྲུབ་པའི་ངོ་བོ་ཉིད་ཀྱིས་བྱ་བ་ནན་ཏན་གྱི་
ཡེ་ཤེས་ཀྱི་ངོ་བོ་སྟེ། མཚུངས་པར་ལྡན་པ་དང་མཚུངས་པར་མི་ལྡན་པ་ལ་སོགས་པ་དགེ་བའི་རྣམ་པ་ཉིད་དུ་ཤེས་ནས་བྱ་བ་སེམས་ཅན་གྱི་དོན་གྱི་མཚན་ཉིད་བསྒྲུབ་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་
ཀྱི་ངོ་བོ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ཉོན་མོངས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་འཁྲུགས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལུས་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །དེའི་ཕྱིར་འབད་པ་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་བརྩོན་
เล่ม ๓๔ · หน้า 129a
འགྲུས་ཀྱིས་སོ། །རྩའི་འཁོར་ལོ་ཞེས་བྱ་བ་ནི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ལུས་ཀྱི་རྟེན་དུ་གྱུར་པའོ། །བཙལ་བར་བྱ་ཞེས་བྱ་བ་ནི་ཡེ་ཤེས་ཆེན་པོ་བཙལ་བའི་ཕྱིར་རྗེས་སུ་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་རྒྱས་པར་བཤད་པ་བསྟན་ནས། དཔེ་བཤད་པའི་ཕྱིར། ཇི་ལྟར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་དབུས་ཀྱི་ཞེས་བྱ་བ་ནི་ཆུའི་སྐྱོར་བ་ཞེས་བྱ་བ་ལས་སོ། །ཤིང་ཞེས་བྱ་བ་ནི་ས་ལས་སྐྱེས་པའོ། །འཕེལ་ནས་འགྲོ་ཞེས་བྱ་བ་ནི་སྡོང་བུ་དང་། ཡལ་ག་དང་། ལྕུག་མ་དང་། འདབ་མ་ཕུན་སུམ་ཚོགས་པ་ལས། ཡོངས་སུ་རྫོགས་པར་
འགྱུར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཤིན་ཏུ་རིང་པོར་རོ། །དེ་ལ་འབྲས་བུ་སོགས་ལྡན་པ། །ཞེས་བྱ་བ་ནི་ཤིང་རྒྱས་པའི་རྗེས་ལ་འབྲས་བུ་སོགས་ལྡན་པ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་ལ་སོགས་པའོ། །སྟེར་བ་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ནི་ཐེ་ཚོམ་མེད་པའི་ཕྱིར་རོ། །དེ་ལྟར་
དཔེ་བསྟན་ནས། དོན་བརྗོད་པར་བྱ་བའི་ཕྱིར། དེ་བཞིན་ཕུང་པོ་ཤིང་ཞེས་བྱ་བ་ནི་ཕུང་པོ་ལྔའི་ཡན་ལག་ཅན་ནོ། །ཤེས་བྱ་ཞེས་བྱ་བ་ནི་ཤིང་གི་དཔེས་ཤེས་པར་བྱའོ། །རྩ་ཡི་ཆུ་ཡིས་འཕེལ་ནས་ནི། །ཞེས་བྱ་བ་ནི་རྩ་ལས་བྱུང་བའི་ཁམས་སུམ་ཅུ་རྩ་གཉིས་ཀྱི་ཆུས་འཕེལ་བ་ཉིད་ཀྱི་ཕྱིར་ཆུ་
དེས་འཕེལ་བ་ནི་འཕེལ་བར་བྱེད་པའོ། །འཕེལ་བས་ཞེས་བྱ་བ་ནི་རིམ་གྱིས་ཡོངས་སུ་རྒྱས་པར་འགྱུར་བའོ། །འབྲས་བུ་སྟེར་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་གསུངས་ཏེ། ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་གདམས་ངག་
བསྒོམས་པས་ཞེས་བྱ་བའི་དོན་ཏོ། །ལྷའི་རྣམ་པའི་ངོ་བོ་ཡིས། །ཞེས་བྱ་བ་ནི་འཆད་པར་འགྱུར་བ་ལས་སོ། །རྩ་རྣམས་ཞེས་བྱ་བ་ནི་འཁོར་ལོ་དྲུག་གི་དབྱེ་བས་ཐ་དད་པ་རྣམས་ལའོ། །རང་བཞིན་གྱིས་འགྱུར་ཞེས་བྱ་བ་ནི་ལྷའི་རྣམ་པའི་ངོ་བོས་འགྱུར་བའོ། །ཇི་སྐད་དུ་ལེའུ་ཉི་ཤུ་རྩ་བདུན་
པ་ལས། དེ་རྣམས་མིང་ནི་བཤད་བྱ་སྟེ། །དེ་ལས་གཞན་པའི་ལྷ་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དོན་རྣམ་པ་བཞིས་ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་རྩ་བསྟན་པའི་དགོས་པ་བརྗོད་པས་སོ། །ད་ནི་རྩ་རྣམས་བསྐྱེད་པའི་རིམ་པ་བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་མེའི་
เล่ม ๓๔ · หน้า 129b
དྲོད་ཀྱིས་གདུངས་པས་བྱང་ཆུབ་ཀྱི་སེམས་འབྱུང་བ་ནི། རེག་བྱའི་རྒྱལ་མཚན་གཉིས་ཕྲད་པས། །ཞེས་གསུངས་ཏེ། རེག་བྱའི་སྒྲས་ནི་པདྨ་ལ་བརྗོད་དེ། ཤིན་ཏུ་རེག་བྱ་བ་དེ་ཉིད་ཀྱི་ཕྱིར་རྒྱལ་མཚན་གྱི་ངོ་བོའོ། །ལྷག་ཅེས་བྱ་བ་ནི་བསྲུང་བྱ་དང་བསྒྲུབ་བྱའི་ནུས་པའོ། །དེ་ཚེ་ཞེས་བྱ་བ་ནི་དེའི་དུས་
སུའོ། །མེ་ནི་ཡང་དག་འབར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་འབར་བ་ཞེས་བྱ་བའི་དོན་ཏོ། །ལྟེ་བའི་དབུས་སུ་སྤྲུལ་པའི་འཁོར་ལོ་དང་། སྟེང་དུ་གནས་པའི་མེའི་འཁོར་ལོ་གཉིས་ནི་འབར་བའི་རྣམ་པ་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །མེའི་འཁོར་ལོའི་དབུས་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་
འཁོར་ལོའི་འོག་ན་གནས་པའི་མེའི་འཁོར་ལོའོ། །འཁོར་ལོ་མིག་ཅན་པདྨ་རྣམས། །ཞེས་བྱ་བ་ནི་འབར་བའི་རྣམ་པས་མ་ལུས་པར་དྲོད་ཀྱིས་ཁྱབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འགྲོ་བར་འགྱུར་ཞེ་ན། དེའི་ཕྱིར་རིམ་གྱིས་རིམ་གྱིས་ཞེས་བྱ་བ་གསུངས་ཏེ། འདིས་ནི་སྔགས་དང་རྒྱུད་ཀྱི་
རིམ་པ་བཤད་དོ། །དེ་རྗེས་བརྩལ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེས་བསྲེགས་པས་མི་སྣང་བ་ཉིད་དུ་འགྱུར་བས་སོ། །འབབ་དེ་ལ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པའི་བྱང་ཆུབ་ཀྱི་སེམས་དེའི་དྲོད་ཀྱིས་གདུངས་པས་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྟོབས་
ཀྱིས་གྲུབ་པས་རྩ་སྲེག་པར་བྱེད་པའི་བདག་ཉིད་དོ། །སྤྲུལ་པའི་སྙིང་པོར་ཡང་དག་ཐོབ། །ཅེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ནས་གསང་བའི་འཁོར་ལོའི་དབུས་སུ་རིམ་གྱིས་ཐོབ་པར་བྱས་ནས་སོ། །གཅིག་གྱུར་ཞེས་བྱ་བ་ནི་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །བསྡུས་ནས་ནི་གོང་
བུའི་རྣམ་པར་བྱས་ནས་འགྲོ་བར་འགྱུར་ཞེས་བྱ་བ་ལྷག་མའོ། །དེ་ལྟར་མེས་ཀུན་ནས་གདུངས་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བསྟན་ནས། རྩ་གསུམ་གྱི་ཁམས་འབབ་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་གཉིས་ནི་གཡས་པ་དང་
གཡོན་པའི་ངོ་བོའོ། །ཁའི་ལམ་ཞེས་བྱ་བ་ནི་རང་གི་ཁའི་ལམ་ནས་སོ། །འཛག་པ་ཞེས་བྱ་བ་ནི་འབབ་པའོ། །ཅི་ཞིག་ཅེ་ན། དེའི་ཕྱིར་ཉི་མ་ཟླ་བའོ་ཞེས་བྱ་བ་གསུངས་ཏེ། །རྡུལ་དང་ཁུ་བ་ནི་ཉི་མ་དང་ཟླ་བ་དག་གོ། །སྐྱེ་གནས་འཁོར་ལོའི་དབུས་སུ་ཡང་། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་
เล่ม ๓๔ · หน้า 130a
སྒྲུབ་པར་བྱེད་པ་གཉིས་ཕྲད་པའི་དུས་སུའོ། །སྐྱེ་གནས་འཁོར་ལོ་ནི་པདྨའི་དཀྱིལ་འཁོར་གྱི་དབུས་སུ་རྣལ་འབྱོར་མ་དང་འབྲེལ་པའི་རྩ་གཉིས་སྲང་བུའི་རྣམ་པར་གནས་པའོ། །གཉིས་ཀ་འདུས་པས་ཟ་མ་ཏོག་གི་ཚུལ་དུ་གནས་པའོ། །གལ་ཏེ་དེ་ལྟར་ཡིན་ན་ཐབས་
ཤེས་རབ་དང་འབྲེལ་པའི་རྩ་གསུམ་པོ་གང་ལས་འབྱུང་ཞེ་ན། དེའི་ཕྱིར་རྒྱུ་གཅིག་ཏུ་ཞེས་བྱ་བ་གསུངས་ཏེ། རྩ་དབུས་མ་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར། དེ་ལས་གཞན་པའི་རྩ་གཉིས་ལ་གཙོ་ཆེར་ཏེ། གཞན་རྣམས་ཀྱི་ཡང་རྒྱུ་ཡིན་ནོ། །ཤེས་ནས་ཞེས་བྱ་བ་ནི་ཤེས་
པར་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་གཙོ་བོར་གྱུར་པའི་དབུས་མའོ། །འབྲས་བུ་ཞེས་བྱ་བ་ནི་ཁྲག་དང་ཁུ་བ་འབབ་པ་ཉིད་ཀྱིས་འབྲས་བུ་ལས་སོ། །རྣམ་པ་གཉིས་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱའི་དབྱེ་བས་སོ། །གཡོན་པ་ཞེས་བྱ་བ་ནི་གཡོན་པའི་རྩ་ལས་སོ། །ཟླ་བ་རྣམ་པར་འབྱུང་ཞེས་བྱ་བ་ནི་
བྱང་ཆུབ་ཀྱི་སེམས་ཀྱི་ཁམས་བསྐྱེད་པའོ། །གཡས་པ་ཞེས་བྱ་བ་ནི་གཡས་པའི་རྩའོ། །ཉི་མའི་ཞེས་བྱ་བ་ནི་ཁྲག་གི་ཁམས་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །ཁམས་གཉིས་པོ་འདི་ཉིད་ནི་བདེ་བ་ཆེན་པོ་རྗོད་པར་བྱེད་པ་སྟེ། དོན་དམ་པར་བདེ་བ་ཆེན་པོའི་རང་བཞིན་དུ་འགྱུར་ཞེས་བྱ་བའོ། །
གཡས་པ་ཞེས་བྱ་བ་ནི་གཡས་པའི་རྒྱུ་བས་སོ། །གང་ཚེ་ཉི་མ་ནི་ཞེས་བྱ་བ་ནི་དུས་གང་ལ་ཉི་མའི་རང་བཞིན་དུ་འགྱུར་རོ། །དེ་ཚེ་ཁྲག་ཅེས་བྱ་བ་ནི་ཐབས་ཀྱི་རྣམ་པའོ། །འགྱུར་བདེ་བའོ་ཞེས་བྱ་བ་ནི་བདེ་བ་ཆེན་པོར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་རྒྱུ་མཐུན་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །གང་ཚེ་
གཡོན་པའི་ཟླ་བ་ཞེས་བྱ་བ་ནི་གཡོན་པའི་རྩ་ནི་ཟླ་བའི་རྣམ་པའོ། །གང་ཚེ་ཞེས་བྱ་བ་ནི་དུས་གང་གི་ཚེ་ནའོ། །གསལ་ཞེས་བྱ་བ་ནི་དྲི་མ་མེད་པའོ། །དེའི་ཚེ་ཞེས་བྱ་བ་ནི་དུས་དེ་ལའོ། །ཀུནྡ་ལྟ་བུ་ཡི་ཞེས་བྱ་བ་ནི་ཀུནྡའི་མེ་ཏོག་ལྟར་དཀར་བའོ། །བདེ་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཉིད་
ཅེས་བྱ་བའི་དོན་ཏོ། །དེ་གཉིས་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་རྩ་དག་གོ། །ཁོང་དུ་ཆུད་པའི་ཞེས་བྱ་བ་ནི་ཨ་བ་དྷཱུ་ཏཱིར་གནས་པའོ། །མེ་ཞེས་བྱ་བ་ནི་དུས་ཀྱི་མེའི་རང་བཞིན་ནོ། །ཡན་ལག་ཀུན་ལ་ཡང་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་ཐུན་མོང་དུ་སྤྱིའི་ཚུལ་དུ་གནས་པ་སྟེ། ཁྱབ་
เล่ม ๓๔ · หน้า 130b
བྱེད་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་མེའི་དྲོད་ཀྱིས་བྱང་ཆུབ་ཀྱི་སེམས་འབྱུང་བ་བསྟན་ནས། བར་མ་དོར་སྲིད་པ་འཇུག་པ་བརྗོད་པའི་ཕྱིར། སྔོན་ལས་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་ལས་ཀྱི་སྟོབས་ཀྱིས་སོ། །རླུང་གི་རྣམ་ཤེས་ནི་ཞེས་བྱ་བ་ནི་རླུང་དང་བཅས་
པའི་རྣམ་པར་ཤེས་པ་སྟེ། བར་མ་དོའི་རྣམ་པར་ཤེས་པའོ། །བརྒྱ་ལམ་ཞེས་བྱ་བ་ནི་ཤི་བའི་སྲིད་པའི་རྗེས་ལ་རྒྱུ་མཚན་མེད་པའི་གང་ཚེ་འགྲོ་བར་འགྱུར་ན་ཞེས་བྱ་བ་ནི་བར་དུ་ཉི་མ་ཁ་ཅིག་འགྲོ་བར་འགྱུར་ཏེ། འཁོར་བར་འགྱུར་ནི་དྲི་ཞིམ་པ་དང་། དྲི་ངན་པ་ཟ་ཞིང་ལོངས་སྤྱོད་པའོ། །དེ་ཚེ་
ཞེས་བྱ་བ་ནི་དུས་གང་གི་ཚེའོ། །ཕ་ཡི་ཁ་ལ་མཚུངས་པར་གནས། །ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་མ་མཐོང་ནས་འབྱུང་བར་འགྱུར་བའི་ཕ་ཡང་མཐོང་སྟེ། འདི་དང་ལྷན་ཅིག་རོལ་པར་བྱེད་མི་ནུས་པའོ། །མི་ནུས་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་བློ་སྐྱེས་ནས་ཕ་ཉེ་བར་གྱུར་པ་ལ་ཡང་
རོལ་པ་བཟློག་པའི་བློས་ཁ་ལ་ཉེ་བར་གནས་པའོ། །དེའི་ཚེ་ཞེས་བྱ་བ་ནི་དུས་དེའི་ཚེའོ། །ཆགས་པའི་དབང་དུ་འགྱུར་བ་ཞེས་བྱ་བ་ནི་མའི་ཡུལ་ལ་འཁྲིག་པ་ལ་དགའ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དུས་དེའི་ཚེ་དྲི་ཟ་ལ་སེམས་གཉིས་ལས་སེམས་
གཞན་རྒྱུ་བ་ཡིན་ཏེ། འདི་ལྟ་སྟེ་རྗེས་སུ་ཆགས་པ་དང་ལྷན་ཅིག་པར་འགྱུར་བའམ། ཁོང་ཁྲོ་བ་དང་ལྷན་ཅིག་པར་འགྱུར་བ་ཞེས་བྱ་བའོ། །སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས་ཀྱང་། དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ཕྱིར་མི་ལྡོག་ཅིང་དྲི་ཟ་བ། །ཕྱིན་ཅི་ལོག་པའི་བློ་གྲོས་ཏེ། །
འགྲོ་བའི་ཡུལ་ལ་རོལ་པར་འདོད། །ཅེས་གསུངས་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་ནས་ཀྱང་། སེམས་ཅན་གཞན་དུ་མི་ཁྱེར་བ། །དམན་པའི་སྐྱེ་གནས་འགྲོ་བ་ཡང་། །བདག་ལ་ཆགས་དང་ལྡན་པར་སྡུག །བདེ་བ་དོར་བ་ཐོབ་འདོད་པས། །ཞེས་གསུངས་
སོ། །ཟླ་མཚན་ལྡན་པའི་རྩ་ཞེས་བྱ་བ་ནི་དཔྱིད་ཀྱི་དུས་དང་ལྡན་པ་ནི་ཟླ་བ་མཚན་དང་ལྡན་པའོ། །གང་ཚེ་ཞེས་བྱ་བ་ནི་དུས་གང་གི་ཚེ་ནའོ། །རྩ་ཞེས་བྱ་བ་འབྱུང་བར་འགྱུར་བའི་མའོ། །མེ་དང་ཉི་མ་འཆར་བ་ན། །ཞེས་བྱ་བ་ནི་མེ་ནི་དབུས་མའི་རྒྱུ་བའོ། །ཉི་མ་ནི་ཁྲག་གི་ཁམས་འཆར་བ་
เล่ม ๓๔ · หน้า 131a
ཡོད་པ་སྟེ་འཆར་བའོ། །དེ་ཚེ་ཞེས་བྱ་བ་ནི་དུས་དེའི་ཚེ་ནའོ། །ལྷག་པར་ཆགས་པས་ཞེས་བྱ་བ་ནི་ཁྱོ་དང་ལྷན་ཅིག་ལྷག་པར་ཆགས་པས་ནོན་པ་ནི་གཞན་དབང་དུ་གྱུར་པའོ། །གཅིག་ཏུ་ཆགས་པ་ཞེས་བྱ་བ་ནི་ས་བོན་གཏོང་བར་འདོད་པར་འགྱུར་རོ། །མཆོག་ཏུ་
ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་སེམས་ཅན་སྐྱེ་བ་ལ་ཅུང་ཟད་རིགས་པའི་ཕྱིར་མཆོག་གོ། །རྡོ་རྗེ་པདྨ་ཞེས་བྱ་བ་ནི་བོ་ལ་དང་ཀཀྐོ་ལའོ། །འདྲེས་པའི་གདོང་ཞེས་བྱ་བ་ནི་ཕན་ཚུན་དུ་ཆགས་པའི་ངོ་བོ་ཐོབ་པའོ། །འཇུག་པ་ཞེས་བྱ་བ་ནི་རབ་ཏུ་འཇུག་པའོ། །ཕའི་ཁ་ཞེས་བྱ་བ་ནི་ཕ་ལ་
མངོན་པར་ཕྱོགས་སོ། །རླུང་ཞེས་བྱ་བ་ནི་ལས་ཀྱི་རླུང་གིས་བསྐུལ་བའི་བར་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བར་མ་དོའི་སྲིད་པར་འཇུག་པ་བསྟན་ནས། ས་བོན་འདྲེས་པའི་ངོ་བོས་རྩ་བསྐྱེད་པར་བརྗོད་པའི་ཕྱིར། དེ་ཚེ་ཞེས་བྱ་བ་གསུངས་ཏེ། དུས་དེའི་ཚེའོ། །ས་བོན་དུ་ནི་ཞེས་
བྱ་བ་ནི་ཕ་མ་དག་གི་ཁུ་བ་དང་ཐིགས་པའི་ངོ་བོ་ལའོ། །འགྱུར་ཞེས་བྱ་བ་ན་འབྱུང་བར་འགྱུར་བའོ། །ས་བོན་ལས་ནི་ཞེས་བྱ་བ་ནི་དེ་མ་ཐག་པར་བཤད་པས་བར་མ་དོའི་སྲིད་པ་བརྒྱལ་བར་འགྱུར་བ་ལས་སོ། །སེམས་ཅན་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པ་ལ་རབ་ཏུ་ཞུགས་པ་ལའོ། །འབྱུང་
ཞེས་བྱ་བ་ནི་འགྲུབ་པ་སྟེ། ཟླ་བ་བཅུ་ལ་སོགས་པའི་རིམ་གྱིས་འགྱུར་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་ས་བོན་ཡོངས་སུ་གྱུར་པ་ལས་སོ། །རྩ་ལས་ཡང་དག་འཆར་ཞེས་བྱ་བ་ནི་སྐྱེ་བའི་སེམས་ཅན་ལ་རྩ་འབྱུང་བས་སོ། །ཡང་དག་ཅེས་བྱ་བ་ནི་མཁས་པའི་གང་ཟག་གི་
དགོངས་པས་སོ། །འབྲས་བུ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའི་རྣམ་པའོ། །ངོ་མཚར་ཅན་ནི། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཤིན་ཏུ་ཡང་ངོ་མཚར་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྐྱེས་ཞེས་བྱ་བ་ནི་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །
དེ་ལྟར་ས་བོན་འདྲེས་པའི་ངོ་བོས་རྩ་འབྱུང་བ་བརྗོད་ནས། བྱང་ཆུབ་ཀྱི་སེམས་མི་འཆོར་བས་རྩ་རྣམས་མི་འབྱུང་བ་བརྗོད་པའི་ཕྱིར། དེ་ཉིད་བྱང་ཆུབ་སེམས་ཀྱང་ནི། །ཞེས་བྱ་བ་གསུངས་ཏེ། གཉིས་ཀ་ཡང་དག་པར་སྦྱར་བ་ལས་སྐྱེས་པའོ། །འཛིན་པའི་ཞེས་བྱ་བ་ནི་སྔར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด