རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གྱི་འགྲེལ་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་མཱ་ལ་མ་ཧཱ་ཡོ་ག་ཏནྟྲ་ཊཱི་ཀཱ་གཾ་བྷཱི་རཱརྠ་དྷི་པི་ཀ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๔ · หน้า 131b
བཤད་པའི་རྣམ་པ་གསུམ་གྱིས་སོ། །སྲོག་ནི་བསྡུས་པའོ་ཞེས་བྱ་བ་ནི་སྲོག་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་ལ་བསྡུས་པ་ནི། ནང་ཉིད་དུ་བཞག་པར་གྱུར་པའོ། །དེ་ལྟར་བྱས་པར་གྱུར་པ་ལ་ཡེ་ཤེས་མཆོག་དང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རྣམ་པའོ། །དེ་ཉིད་མཆོག་
ཅེས་བྱ་བ་ནི་དོན་གྱིས་ལྷན་ཅིག་སྐྱེས་པའི་ངོ་བོའོ། །མཆོག་ཏུ་བདེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོའོ། །རྨད་བྱུང་ཚེ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་སྤྱོད་པའི་སྟོབས་ཀྱིས་སངས་རྒྱས་ཉིད་ཐོབ་པ་དེ་ནི་ངོ་མཚར་བའོ། །ཐོབ་པ་ཡེ་ཤེས་ཞེས་བྱ་བ་ནི་ཤིན་ཏུ་རྟོགས་པའོ། །ཡེ་ཤེས་རྣལ་འབྱོར་
ཞེས་བྱ་བ་ནི་གདམས་ངག་གི་ངོ་བོ་ཐོས་པ་ལ་སོགས་པའི་མཚན་ཉིད་ཀྱིས་སོ། །མཆོག་ཏུ་བདེ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རྒྱུད་ལ་མངའ་བའོ། །བླ་ན་མེད་ཅེས་བྱ་བ་ནི་འདི་ལས་གོང་ན་གཞན་མེད་པའི་ཕྱིར་བླ་ན་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་
ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅུ་བདུན་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཅུ་བདུན་པས་རྩའི་འཁོར་ལོའི་རིམ་པ་གནས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་སྐབས་སུ་བབ་
པའི་རྣལ་འབྱོར་པའི་ལུས་ལ་རྩའི་ཚོགས་ཀྱི་ཡུལ་ལ་དྲི་བའི་ལན་གདབ་པ་བརྗོད་པའི་ཕྱིར་ལེའུ་བཅོ་བརྒྱད་པ་སྟོན་པར་བྱེད་ཅིང་། དང་པོར་རེ་ཞིག་དེ་རྩོམ་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་བདུན་པ་བཤད་པའི་རྗེས་ལའོ། །གཞན་ཡང་
ཞེས་བྱ་བ་ནི་སྔར་ལ་ལྟོས་པས་ཁྱད་པར་ཅན་ཉིད་ཀྱི་ཕྱིར་རོ། །བཤད་བྱ་ཞེས་བྱ་བ་ནི་བརྗོད་པར་བྱའོ། །རྣལ་འབྱོར་ལུས་ལ་ཞེས་བྱ་བ་ནི་སྒོམ་པ་པོའི་ལུས་ལའོ། །རིམ་པ་ཇི་ལྟ་བཞིན་དུ་རྩ་རྣམས་ངེས་པ་ནི་ཞེས་བྱ་བ་དང་། བདེ་བ་ཆེན་པོའི་འཁོར་ལོ་གོ་རིམས་ཀྱི་རྩ་རྣམས་ངེས་པའོ། །ཡང་དག་
ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །བརྒྱུད་པ་ཡི་ནི་རིམ་གྱིས་སྐྱེ། །ཞེས་བྱ་བ་ནི་གདམས་ངག་གི་བརྒྱུད་པས་འོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩོམ་པའི་ངོ་བོ་བསྟན་ནས། དེ་ཉིད་སྦ་བར་བྱ་བ་ཉིད་བརྗོད་པའི་ཕྱིར། གསལ་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
เล่ม ๓๔ · หน้า 132a
སྣོད་མ་ཡིན་པའི་སྐྱེ་བོ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའོ། །མ་གསུངས་པ་ཞེས་བྱ་བ་ནི་ངག་ཏུ་བརྗོད་པར་བྱ་བ་མ་ཡིན་པའོ། །གང་དུ་ཡང་ཞེས་བྱ་བ་ནི་བྱ་བ་ལ་སོགས་པའི་རྒྱུད་རྣམས་སུའོ། །གསལ་བར་མ་གསུངས་པ་ཞེས་བྱ་བ་ནི་མ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན།
སྐལ་བ་མེད་དོན་དུ་ཞེས་བྱ་བ་གསུངས་སོ། །སྐྱེ་བོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དད་པའི་བསམ་པ་རྣམས་སྤངས་པ། །ཞེས་བྱ་བ་གསུངས་ཏེ། ཁྱད་པར་དུ་འཕགས་པའི་བཅོམ་ལྡན་འདས་ཀྱི་གསུང་ལ་ཡིད་ཆེས་པའི་ངོ་བོ་འདོད་པའི་བསམ་པ་དང་རྣམ་
པར་སྤངས་པ་ནི་བྲལ་བ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །སྙིགས་མ་ལྔ་ཞེས་བྱ་བའི་དུས་ཞེས་བྱ་བ་ནི་ཚེ་དང་། ལྟ་བ་དང་། སེམས་ཅན་དང་། ཉོན་མོངས་པ་དང་། བསྐལ་པའི་སྙིགས་མ་དང་ལྡན་པ་ལའོ། །སྣོད་དུ་བྱ་བར་འདོད་པ་ཡིས། །ཞེས་བྱ་བ་ནི་སྣོད་དུ་བྱ་བའི་བསམ་པས་སོ། །སེམས་
ཅན་མྱུར་དུ་དངོས་གྲུབ་དོན། །ཞེས་བྱ་བ་ནི་མཐོང་བའི་ཆོས་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་འབྲས་བུ་ཐོབ་པའི་ཕྱིར་རོ། །རང་བྱུང་ཡེ་ཤེས་ཞེས་བྱ་བ་ནི་རྐྱེན་གཞན་གྱིས་མ་བྱུང་བའི་རང་རིག་གི་ཡེ་ཤེས་སོ། །རྨད་འབྱུང་བ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པས་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པའོ། །
བཤད་པར་བྱ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་རྩོམ་པའི་དོན་བརྗོད་ནས། དངོས་སུ་དེ་བཤད་པའི་ཕྱིར། དེའི་ཡན་ལག་རྟེན་གྱི་ངོ་བོ་བཤད་པས་གཙོ་བོའི་རྩ་བསྟན་པའི་ཕྱིར་རོ། །རྣལ་འབྱོར་ལུས་ནི་ཞེས་བྱ་བ་ནི་སྒོམ་པ་པོའི་ལུས་སོ། །བདེ་བ་ཆེན་པོའི་ཞེས་བྱ་
བ་ནི་བདེ་བ་ཆེན་པོའི་གནས་སྐབས་སྔོན་དུ་འགྲོ་བས་བསྐྱེད་པའི་ཕྱིར་དང་། རང་ཉིད་ཀྱིས་ཀྱང་དེའི་རང་བཞིན་གྱི་ཕྱིར་རོ། །འཁོར་ལོའི་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལའོ། །སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་གྲངས་སོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་གདུང་བ་ཞི་བར་བྱེད་པ་ཉིད་
ཀྱི་ཕྱིར་རོ། །རྩ་རྣམས་ཞེས་བྱ་བ་ནི་རིམ་རིགས་ལ་སོགས་པའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་ལེའུ་བཅུ་བདུན་པར་བསྟན་པའོ། །བྱང་ཆུབ་སེམས་འབབ་ཅེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་འབབ་པའོ། །གསལ་
เล่ม ๓๔ · หน้า 132b
ཞེས་བྱ་བ་ནི་གསལ་བར་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩའི་གཙོ་བོ་བསྟན་ནས། དེ་རྣམས་ཀྱི་མཚན་ཉིད་ཀྱི་སྒོ་ནས་ཁོངས་སུ་བསྡུ་བ་བརྗོད་པའི་ཕྱིར། དེ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་རྩ་རྣམས་སོ། །བདེ་བ་ཆེན་
པོའི་གནས་ཞེས་བྱ་བ་ནི་དེ་བརྗོད་པའི་འཁོར་ལོ་ལའོ། །མཚན་ཉིད་ཅེས་བྱ་བ་ནི་ངོ་བོ་ཉིད་ཉེ་བར་མཚོན་པའི་ངོ་བོའོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །ད་ནི་ཞེས་བྱ་བ་ནི་ད་ལྟ་ཉིད་དུ་ཞེས་བྱ་བའི་དོན་ཏོ། །ཨ་ཀ་ཙ་ཊ་ཏ་པ་སྡེ་ཚན་དང་ཞེས་བྱ་བ་ནི་དྲུག་གི་གྲངས་སོ། །
ཡ་ར་ལ་ཝ་ཤ་ཥ་ས་ཞེས་བྱ་ནི་ཡའི་སྡེ་ཚན་དང་། ཤའི་སྡེ་ཚན་གྱི་དབྱེ་བས་སྡེ་ཚན་གཉིས་ཏེ། དེ་ལྟར་ན་བརྒྱད་དོ། །རིགས་པས་ཤེས་པར་བྱ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་མ་ལུས་པ་བསྡུས་པའི་ངོ་བོ་ཉིད་དུ་རྟོགས་པར་བྱའོ། །སླར་ཡང་ཞེས་བྱ་བ་ནི་སྡེ་ཚན་བརྒྱད་པོ་རྣམས་སོ། །བསྡུས་ནས་
འགྲོ་ཞེས་བྱ་བ་ནི་ཁོངས་སུ་བསྡུས་ནས་འགྲོ་བའོ། །གཅིག་ཏུ་ཞེས་བྱ་བ་ནི་ཨ་ཡིག་གི་ངོ་བོའོ། །ཡི་གེ་ཙམ་ཞེས་བྱ་བ་ནི་ཆོས་ཉིད་མཚོན་པར་བྱེད་པའོ། །དེ་ཡང་ཞེས་བྱ་བ་ནི་ཨ་ཡིག་གི་ངོ་བོའི་ཡི་གེའོ། །ཞི་བ་ཞེས་བྱ་བ་ནི་ཐམས་ཅད་ཉེ་བར་ཞི་བའི་ངོ་བོའོ། །ཡོངས་ཤེས་ཞེས་བྱ་
བ་ནི་དེ་བཞིན་ཉིད་དང་ཐ་མི་དད་པའོ། །བྱང་ཆུབ་སེམས་ལ་ཞེས་བྱ་བ་ནི་དོན་དམ་པའི་གཞོམ་དུ་མེད་པའི་ངོ་བོ་དང་ཀུན་རྫོབ་བོ། །ཐིམ་ནས་འགྲོ་ཞེས་བྱ་བ་ནི་ཁོངས་སུ་འགྲོ་བའི་ཕྱིར་རོ། །ཀུན་རྟོག་ཐམས་ཅད་སྤངས་ནས་ནི། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཉེན་པོ་དོན་དམ་པ་
ཉིད་དོ། །བདེ་བ་ཀུན་གྱི་གཞི་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་སོ། །མཆོག་ཅེས་བྱ་བ་ནི་བླ་ན་མེད་པའོ། །ཤེས་དང་ཤེས་བྱའི་རྣམ་པར་སྤངས། །ཞེས་བྱ་བ་ནི་གཟུང་དང་འཛིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་གསུམ་དུ་
ཡང་ངོ་། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ལུས་ནི་ཐམས་ཅད་དུའོ། །དེ་ལྟར་དེ་རྣམས་ཀྱིས་མཚན་ཉིད་ཀྱི་སྒོ་ནས་ཁོངས་སུ་བསྡུ་བ་བསྟན་ནས། སྤྲོ་བའི་རིམ་པ་དེ་རྣམས་ཉིད་ལ་རང་གི་ངོ་བོའི་ངེས་པ་བརྗོད་པའི་ཕྱིར། དེ་ལས་འཁོར་ལོ་གསུམ་དབྱེ་བ། །ཞེས་བྱ་བ་གསུངས་ཏེ།
เล่ม ๓๔ · หน้า 133a
ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་ངོ་བོ་རྩ་བརྒྱད་ཀྱི་དབྱེ་བས་འཁོར་ལོ་གསུམ་ལ་ཉི་ཤུ་རྩ་བཞིར་འགྱུར་རོ། །དེ་རྣམས་ཀྱང་ལུས་ངག་ཡིད་གསུམ་གྱི་དབྱེ་བས་ལན་གསུམ་དུ་བགྲངས་པས་སོ། །གསུམ་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞི་པོའི་གྲངས་དེ་རྣམས་ལན་གསུམ་དུ་
བགྲངས་པས་བདུན་ཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་རོ། །གསལ་ཞེས་བྱ་བ་ནི་གསལ་བར་བྱས་ནས་སོ། །དེ་ནི་ཞེས་བྱ་བ་ནི་བདུན་ཅུ་རྩ་གཉིས་སོ། །སྟོང་དུ་རབ་ཏུ་ཕྱེ་བའང་། །ཞེས་བྱ་བ་ནི་བརྒྱ་ཕྲག་བཅུའི་གྲངས་སོ། །སོ་སོར་ཞེས་བྱ་བ་ནི་རྩ་རེ་རེ་ལ་བསྟན་ནས་སོ། །སྤྲོ་བའི་བདག་
ཉིད་ཅན་ཞེས་བྱ་བ་ནི་སྟོང་ཕྲག་སྟོང་ཕྲག་གི་གྲངས་ཀྱིས་ཏེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་རྩ་རྣམས་ཀྱི་གྲངས་ཞེས་བྱ་བའོ། །རླུང་དང་མཁྲིས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རླུང་དང་མཁྲིས་པ་ལ་སོགས་པའི་ཁམས་གསུམ་གྱི་དབྱེ་བས་སྔར་གསུངས་པའི་འཁོར་ལོ་གསུམ་ལ་
བདེ་བ་ཆེན་པོའི་འཁོར་ལོ་སྤངས་ནས། ལོངས་སྤྱོད་དང་། ཆོས་དང་། སྤྲུལ་པའི་འཁོར་ལོའི་དབྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནི། །ཞེས་བྱ་བ་ནི་དཔལ་གསང་བ་འདུས་པའི་རྒྱུད་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྤྲོ་བའི་
རིམ་པས་དེ་རྣམས་ཀྱི་ལྷའི་ངོ་བོ་བསྟན་ནས། དེ་རྣམས་ཀྱི་ལྷའི་ངོ་བོ་བརྗོད་པའི་ཕྱིར་ཕྱག་རྒྱའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མཆོག་དང་དེ་ཉིད་ཅེས་བྱ་བ་ནི་མཆོག་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནོ། །རྩའི་སྒོ་ནས་དེ་ལ་དམིགས་པའོ། །
ལྷའི་རིམ་པ་ཞེས་བྱ་བ་ནི་ལྷ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ངོ་བོའོ། །དེའི་མཚན་ཉིད་ནི་ཞེས་བྱ་བ་ནི་མཚན་ཉིད་དོ། །རྩ་སོ་སོའི་ཞེས་བྱ་བ་ནི་རྩ་རེ་རེའི་གྲངས་ནི་ལྷ་རེ་རེའི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་དབྱེ་བ་ཡིས། ཞེས་གསུངས་སོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །བླ་མའི་
ཞལ་ལས་ཞེས་བྱ་བ་ནི་མཚན་ཉིད་ཕུན་སུམ་ཚོགས་པའི་རྡོ་རྗེ་སློབ་དཔོན་གྱི་ཞལ་ལས་ཏེ། མ་འོངས་པའི་དུས་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་རྣམས་ཀྱི་ལྷའི་ངོ་བོ་བསྟན་ནས། དེ་རྣམས་ཉིད་ཀྱི་སླར་ཡང་བསྡུས་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རྩའི་བསྡུས་པ་ནི། དེ་ལས་ཀྱང་ཞེས་བྱ་
เล่ม ๓๔ · หน้า 133b
བ་ནི་དེའི་རྗེས་སུའམ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་སོ། །སྡོམ་སྦྱོར་བར་ཞེས་བྱ་བ་ནི་བསྡུས་པའོ། །རིགས་པས་ཞེས་བྱ་བ་ནི་དེ་མ་ཐག་པར་བསྟན་པའོ། །དེ་ལྟར་ཡང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་བདུན་ཅུ་རྩ་གཉིས་ལ་འགྲོ་བའོ། །དེ་རྣམས་ཀྱི་རྩ་ནི་སུམ་ཅུ་རྩ་གཉིས་
ལ་ཞེས་བྱ་བར་བྱས་ནས་སོ། །དེ་ཉིད་བསྟན་པའི་ཕྱིར་ཕན་ཚུན་དུ་བསྟེན་བྱས་ནས་ཞེས་གསུངས་ཏེ། ཕན་ཚུན་དུ་འབྲེལ་པ་ལས་སོ། །དེ་ཉིད་བསྟན་པའི་ཕྱིར། རྩ་སུམ་ཅུ་རྩ་གཉིས་ལ་ཞེས་གསུངས་ཏེ། འཁོར་ལོ་རེ་རེ་ལ་འཁོར་ལོ་བཞིའི་གྲངས་ཀྱིས་སོ། །མཆོག་ཅེས་བྱ་བ་ནི་རྣམ་
པར་ཤེས་པའི་ཚོགས་བརྒྱད་དང་། ཐུན་བརྒྱད་ཀྱི་དབྱེ་བས་སོ། །གསལ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ཆ་ཉིད་ཀྱི་ཕྱིར་གསལ་བའོ། །ཇི་སྐད་དུ། སྟེང་གི་རྩ་བ་ཡལ་ག་མགོ། །ལུས་ནི་ཤིང་ཞེས་བརྗོད་པར་བྱ། །ཞེས་གསུངས་སོ། །རྣལ་འབྱོར་ལུས་ཞེས་བྱ་བ་ནི་
སྒྲུབ་པ་པོའི་ལུས་སོ། །མཆོག་ཅེས་བྱ་བ་ནི་མཆོག་སྟེ། གཞན་རྣམས་ཀྱང་སྡུད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྩ་ནི་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་འཁོར་ལོ་བཞིའི་དབྱེ་བས་སོ། །རྨད་འབྱུང་ཞེས་བྱ་བ་ནི་བསྡུ་བར་བྱ་བ་སྡུད་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་རྣལ་འབྱོར་པས་ཇི་ལྟར་
ཉེ་བར་མཚོན་ཞེ་ན། དེའི་ཕྱིར་ཡི་གེ་སུམ་ཅུ་རྩ་གཉིས་ཕྱེ་བས་ཞེས་གསུངས་ཏེ། དབྱངས་ཡིག་བཅུ་དྲུག་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཕྱེ་བའོ། །ཐོབ་ཅེས་བྱ་བ་ནི་ཐོབ་པར་བྱ་བའོ། །རྣལ་འབྱོར་མཆོག་གིས་ཞེས་བྱ་བ་ནི་སྒོམ་པ་པོའི་ཁྱུ་མཆོག་རྣམས་ཀྱིས་སོ། །རྟག་ཏུ་ཞེས་བྱ་
བ་ནི་དུས་ཐམས་ཅད་དུའོ། །དེ་ལྟར་རྟེན་གྱི་ངོ་བོའི་རྩ་བ་བཤད་ནས། བརྟེན་པའི་དཀྱིལ་འཁོར་གྱི་བཤད་པ་བརྗོད་པའི་ཕྱིར་དེའི་ཡན་ལག་མདོར་བསྟན་པ་ནི། ཕུང་པོ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་ལྔའོ། །འབྱུང་བ་ཞེས་བྱ་བ་ནི་ས་ལ་
སོགས་པ་བཞིའོ། །དོན་དང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལྔའོ། །དབང་པོའི་ཞེས་བྱ་བ་ནི་དྲུག་སྟེ་ལུས་ཀྱི་ཚིགས་ཐམས་ཅད་དང་རྒྱུས་པའི་མཚམས་ཐམས་ཅད་དང་བཅས་པའོ། །སྒོ་ནི་སྲུང་བར་བྱེད་པ་ཞེས་བྱ་བ་ནི་དཔུང་པ་དང་། ཉེ་བའི་དཔུང་པ་དང་། བརླ་དང་བྱིན་པ་ལ་
เล่ม ๓๔ · หน้า 134a
སོགས་པའི་དབྱེ་བས་ཁྲོ་བོ་བཅུ་རྣམས་སོ། །སུམ་ཅུ་རྩ་གཉིས་དབྱེ་བདག་ཉིད། །ཅེས་བྱ་བ་ནི་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ནོ། །སྣང་བ་ཡི་ནི་ཞེས་བྱ་བ་ནི་བརྟེན་པའི་རྣམ་པའོ། །དེ་ལྟར་ཕུང་པོ་ལྔ་ལ་ནི་སངས་རྒྱས་ལྔའོ། །ས་ལ་སོགས་པའི་ཁམས་བཞི་ལ་སྤྱན་
མ་ལ་སོགས་པ་ལྷ་མོ་བཞིའོ། །ཡུལ་རྣམས་ལ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔའོ། །མིག་ལ་སོགས་པའི་དབང་པོ་ལྔ་ལ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དོ། །ལུས་ཀྱི་ཡན་ལག་དང་ཉིང་ལག་ལ་སོགས་པ་ལ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་
བཅུ་ཞེས་བྱ་བ་སྟེ། སྡུད་པས་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྤྲོ་བའི་རིམ་པས་བརྟེན་པའི་དཀྱིལ་འཁོར་བསྟན་ནས། དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། ལུས་ཀྱི་གཞལ་ཡས་ཁང་དུ་ཡང་
གསུངས་ཏེ། གཞལ་ཡས་ཁང་དུ་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པ་བརྟེན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། གྲུ་བཞི་འཕགས་པའི་བདེན་པ་བཞི། །ཚངས་པའི་གནས་བཞི་གྲྭ་རྣམས་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ནི་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ངོ་བོ་ལུས་སོ། །
ནང་བཞུགས་པས་ཞེས་བྱ་བ་ནི་ནང་དུ་སྤྱོད་པའོ། །དེ་བཞིན་གཤེགས་དང་ཞེས་བྱ་བ་ནི་སངས་རྒྱས་ལྔའོ། །ལྷ་མོ་དང་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པའོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་ཡུལ་གྱི་ལྷ་མོ་ལྔའོ། །རྒྱལ་སྲས་ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་
བརྒྱད་དོ། །ཁྲོ་བོ་བཅུ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །ཡང་དག་བཞུགས་ཞེས་བྱ་བ་ནི་རང་གི་ལུས་ལའོ། །དེ་ཉིད་ཅེས་བྱ་བ་ནི་རྣམ་པར་དག་པའི་རིམ་པས་སོ། །མཆོག་ཅེས་བྱ་བ་ནི་མཆོག་གི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་གཉིས་ཀྱིས་སྤྲོ་བའི་རིམ་
པས་བརྟེན་པའི་དཀྱིལ་འཁོར་བཤད་པར་བྱས་ནས་སྡུད་པའི་རིམ་པས་དེ་ཉིད་བསྟན་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་ནི་ཁྲོ་བོ་རྒྱལ་སྲས་ལ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པ་རྣམས་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ནང་དུ་མི་
เล่ม ๓๔ · หน้า 134b
སྣང་བར་ཡང་ཞེས་བྱ་བ་ནི་ནང་དུ་སྡུད་པའོ། །འགྲོ་བ་ཞེས་བྱ་བ་ནི་འགྲོ་བར་འགྱུར་བའོ། །ཁྲོ་བོ་དང་བྱང་ཆུབ་སེམས་དཔའ་དག་གཞན་དོན་ལ་ཁྱད་པར་མེད་པའི་ཕྱིར་རོ། །རྒྱལ་སྲས་རྣམས་ནི་ལྷ་མོ་རྣམས། །ཞེས་བྱ་བ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ལ་སའི་
སྙིང་པོ་ལ་སོགས་པ་བརྒྱད་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ཡུལ་གྱི་ལྷ་མོ་རྣམས་ལ་བསྡུས་པས་འགྲོ་བ་སྟེ། ཡུལ་ཅན་རྣམས་ནི་ལུས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །བསྡུས་ནས་ནི་ཞེས་བྱ་བ་ནི་མདོར་བསྡུས་ནས་སོ། །ས་སོགས་ཞེས་བྱ་བ་ནི་ཁམས་ཀྱི་ལྷ་མོ་སྤྱན་མ་ལ་སོགས་
པ་བཞི་པོ་རྣམས་ལས་སོ། །དེ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་སོ། །འགྲོ་ཞེས་བྱ་བ་ནི་བསྡུས་ནས་འགྲོ་བའོ། །འཁོར་རྣམས་ནི་གཙོ་བོ་ལ་བསྡུས་པའི་ཕྱིར་དང་། ལྷ་མོ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་ཁམས་ཀྱི་ལྷ་མོ་བཞི་པོའོ། །དེ་བཞིན་
གཤེགས་པ་ལྔ་ལ་ཞེས་བྱ་བ་ནི་སངས་རྒྱས་ལྔ་ལ་སྟེ། ཆོས་ཉིད་ཆོས་རྣམས་ལས་ཐ་དད་པ་མེད་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། དེ་དག་ལ་ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །སྐུ་ལ་སོགས་པ་གསུམ་བསྡུས་ནས། །ཞེས་བྱ་བ་ནི་ཁོངས་སུ་བསྡུས་
པར་འགྲོ་བའོ། །གཏི་མུག་གི་རིགས་ལ་རིན་ཆེན་འབྱུང་ལྡན་ནང་དུ་སྡུད་པའོ། །གཏི་མུག་དང་ང་རྒྱལ་དག་གཅིག་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཀྱི་རིགས་ལ་ལས་ཀྱི་རིགས་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཆགས་པའི་དབང་གིས་ཕྲག་དོག་སྐྱེ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་
མཆོག་གཅིག་པུ་དེ་ལ་ཡང་ནི་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་པའོ། །གཅིག་པུ་ཞེས་བྱ་བ་ནི་གྲིབ་མའི་རིགས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་རིགས་ལའོ། །མཆོག་ཅེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མ་བཅོས་པའི་རང་བཞིན་ནོ། །ཐིམ་ནས་
ཞེས་བྱ་བ་ནི་བསྡུས་ནས་སོ། །ཞི་བ་ཞེས་བྱ་བ་ནི་བདེ་ལེགས་བྱེད་པའི་ཕྱིར་རོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གཟུང་བ་དང་། འཛིན་པ་རྣམས་ལས་གྲོལ་ཞེས་གསུངས་ཏེ། སྣང་བ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་
เล่ม ๓๔ · หน้า 135a
བའི་རྟེན་ལའོ། །མཆོག་ཅེས་བྱ་བ་ནི་མི་སློབ་པའི་ཕྱིར་བླ་ན་མེད་པའོ། །དེ་ཡང་ཞེས་བྱ་བ་ནི་རྡོ་རྗེ་འཆང་གི་ངོ་བོའོ། །ཉམས་མྱོང་ཙམ་ལས་ཞེས་བྱ་བ་ནི་རང་གི་སེམས་ཀྱིས་སོ། །ཡི་གེ་ཙམ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་རྣམ་པ་ཙམ་རང་གི་སེམས་སོ། །ཡི་གེ་
ཙམ་ནི་ཨ་ཡིག་གི་ངོ་བོ་སྟེ། ཐིམ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །ཡི་གེ་ཙམ་ནི་ཐིག་ལེར་ཐིམ། །ཞེས་བྱ་བ་ནི་ཡི་གེ་ཙམ་ནི་ཨ་ཡིག་གི་ངོ་བོའོ། །ཐིག་ལེ་ཞེས་བྱ་བ་ནི་ཕྲ་བ་དང་རིག་པའི་ངང་ཚུལ་ཅན་བརྗོད་དུ་མེད་པ་ལའོ། །དེ་ཡང་ཞེས་བྱ་བ་ནི་ཐིག་ལེའི་ངོ་བོའོ། །སྒྲ་ལ་ཞེས་
བྱ་བ་ནི་བྲག་ཅའི་སྒྲ་དང་འདྲ་བའི་རང་བཞིན་གྱིས་འོད་གསལ་བའོ། །ཐིམ་ནས་འགྲོ་ཞེས་བྱ་བ་ནི་བསྡུས་ནས་འགྲོ་བའོ། །སྒྲ་ཙམ་ཞེས་བྱ་བ་ནི་དེ་བས་ཀྱང་ཕྲ་བ་ལའོ། །འོད་གསལ་བ་ལའོ་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལའོ། །འོད་གསལ་
གོ་འཕང་ཞེས་བྱ་བ་ནི་འོད་གསལ་གྱི་ངོ་བོའོ། །ཡང་དག་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོའོ། །སྤྲོ་བ་དང་བསྡུས་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་རང་གི་བསྐྱེད་པ་དང་འཇིག་པའི་མཚན་ཉིད་དང་བྲལ་བ་ཉིད་ཀྱིས་དེ་དང་དེའི་རྣམ་པ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །དེ་ལྟར་བསྡུས་
པའི་རིམ་པས་དེའི་བཤད་པ་རང་གི་ངོ་བོ་བསྟན་ནས། དེ་ཉིད་ཀྱི་མིང་གི་རྣམ་པ་བརྗོད་པའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་གསུངས་ཏེ། དེ་ཉིད་རང་བཞིན་གྱིས་འོད་གསལ་བའི་ངོ་བོའོ། །དེ་ནི་རང་བཞིན་གྱི་རྣམ་པས་ཐམས་ཅད་ཤེས་པའི་ཕྱིར་རྣམ་པར་ཤེས་པ་ཞེས་བརྗོད་
དོ། །ཆོས་ཀྱི་དབྱིངས་དང་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དབྱིངས་ཏེ། རིགས་ཤེས་པར་བྱས་ནས་སོ། །དོན་དམ་པ་དང་ཞེས་བྱ་བ་ནི་མཆོག་གི་ཡེ་ཤེས་ཀྱི་ཡུལ་ཉིད་ཀྱི་ཕྱིར་དང་། མཆོག་གི་སྐྱེས་བུའི་དོན་ཉིད་ཀྱི་ཕྱིར་དང་། རང་ཉིད་ཀྱི་དགོས་པ་ཆེན་པོ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་
སྡུག་བསྔལ་མ་ལུས་པ་བཟློག་པས་དོན་དམ་པ་བྱང་ཆུབ་སེམས་ཀྱི་རྣམ་པའོ། །གཟུང་བ་དང་འཛིན་པ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཡུལ་དང་དབང་པོའི་སྣང་བ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་སྐུ་གསུམ་གྱི་རྣམ་པའི་བྱང་ཆུབ་ཀྱི་ཡུལ་ཉིད་ཀྱི་ཕྱིར་རོ། །དྲི་མ་མེད་ཅེས་
เล่ม ๓๔ · หน้า 135b
བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱ་ལ་སོགས་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་རྣམ་པའོ། །ཞི་བ་ཆེ་ཞེས་བྱ་བ་ནི་གདོད་མ་ཉིད་ནས་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །གཉིས་མེད་ཡེ་ཤེས་ཞེས་བྱ་བ་ནི་དེའི་བདག་པོ་ཉིད་ཀྱི་ཟུང་དུ་འཇུག་པ་བརྗོད་
པའི་ཕྱིར་རོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་འབད་རྩོལ་མེད་པར་སེམས་ཅན་གྱི་དོན་ལ་འཇུག་པས་སོ། །དབང་བསྐུར་བ་བཞི་པ་ཞེས་བྱ་བ་ནི་དབང་བཞི་པའི་ངོ་བོའོ། །བདེ་བ་དང་ཞེས་བྱ་བ་ནི་དཔེའི་སྒོ་ནས་མཚོན་པའོ། །བཞི་པའི་དགའ་བ་ཞེས་བྱ་བ་ནི་དོན་གྱི་ལྷན་ཅིག་སྐྱེས་པའི་རྣམ་པ་དགའ་
བ་བཞིའི་ངོ་བོའོ། །གོ་འཕང་མཆོག་ཅེས་བྱ་བ་ནི་མི་སློབ་པའི་ལམ་གྱི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དེ་སོགས་མིང་གི་བྱེ་བྲག་གིས། །ཞེས་བྱ་བ་ནི་མིང་གི་དབྱེ་བས་སོ། །གསུངས་པ་ཡིན་ཞེས་བྱ་བ་ནི་བརྗོད་པའོ། །གོ་འཕང་མཆོག་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངོ་བོའོ། །སྤྲོ་བ་དང་སྡུད་
པའི་དབྱེ་བ་ཡིས་ཞེས་བྱ་བ་ནི་གཉི་གའི་རྣམ་པས་སོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །རིམ་པ་ཞེས་བྱ་བ་ནི་གོ་རིམས་ཀྱིས་སོ། །དེ་ལྟར་ན་རྣམ་པ་གཉིས་ཀྱིས་བསྡུ་བའི་རིམ་པས་བརྟེན་པའི་དཀྱིལ་འཁོར་བཤད་དོ། །དེ་ལྟར་བརྟེན་པའི་དཀྱིལ་འཁོར་བཤད་
ནས། ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེ་ལྟར་བསྐྱེད་ནས་རྫོགས་པ་ནི། །ཞེས་གསུངས་ཏེ། ལེའུ་འདི་ཉིད་ལས་བསྟན་པའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་སློབ་དཔོན་གྱིས་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །རང་རིག་པ་ཞེས་བྱ་བ་ནི་ངག་གི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་
རང་གི་རིག་པར་བྱ་བའོ། །ཡེ་ཤེས་ཀྱི་མཆོག་ཅེས་བྱ་བ་ནི་བསྒོམས་བཞིན་པ་ཉིད་ཀྱིས་ཡེ་ཤེས་མཆོག་གི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྤྲོས་པ་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །གཉིས་མེད་མཚན་ཉིད་ཅན་ཞེས་བྱ་བ་ནི་ཐ་དད་པའི་སྣང་བ་ཉེ་བར་ཆད་པས་གཅིག་
པ་ལ་ཆོས་ཀྱི་དབྱིངས་ཙམ་པོའི་ལྷག་མ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་བཤད་པའོ།། །།
เล่ม ๓๔ · หน้า 136a
དེ་ལྟར་ལེའུ་བཅོ་བརྒྱད་པས་རྣལ་འབྱོར་པའི་ལུས་ལ་རྩ་བསྡུས་པའི་ཡུལ་ལ་དྲི་བའི་ལན་གདབ་པའི་ཕྱིར་བརྗོད་ནས། ད་ནི་སྣ་ཚོགས་ལ་སོགས་པ་སྐད་ཅིག་གི་ཡུལ་ལ་དྲི་བའི་ལན་གདབ་པའི་ཕྱིར། ལེའུ་བཅུ་དགུ་པ་ཉེ་བར་སྟོན་ཅིང་དེ་རྩོམ་པ་ནི། དེ་ནས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ལེའུ་བཅོ་བརྒྱད་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་ལ་ལྟོས་ནས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །སྣ་ཚོགས་ལ་སོགས་སྐད་ཅིག་འགག །མཚན་ཉིད་ཅེས་བྱ་བ་དང་འབྲེལ་ཏོ། །མཚན་ཉིད་ཅེས་བྱ་བ་ནི་སྣ་ཚོགས་ལ་སོགས་པ་སྐད་ཅིག་ཐུན་མོང་མ་
ཡིན་པའི་དེ་ཁོ་ན་ཉིད་འཇུག་པར་བྱེད་པའོ། །བརྡ་བཞིན་ཞེས་བྱ་བ་ནི་རང་དང་འོས་པའི་བརྡའི་ངོ་བོའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །ཇི་ལྟ་བ་བཞིན་ཉོན་ཞེས་བྱ་བ་ནི་རྩེ་གཅིག་པ་ཉིད་ཀྱིས་མཉན་པར་གྱིས་ཤིག་པའོ། །དེ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་
པའི་རྣམ་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྣ་ཚོགས་པ་སྐད་ཅིག་གི་ཡུལ་ལ་དྲི་བའི་ལན་འདེབས་པར་རྩོམ་པ་དངོས་སུ་དེ་བཤད་པར་རྩོམ་པ་ནི། རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་སྣ་ཚོགས་པ་ནི་འཁྱུད་པ་དང་འོ་བྱེད་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་
སྨིན་ཞེས་བྱ་བ་ནི་དེའི་ཕྱིན་ཅི་མ་ལོག་གི་ངོ་བོ་ཉིད་ཀྱིས་བདེ་བའི་ཡེ་ཤེས་ལ་ལོངས་སྤྱོད་པའི་ཕྱིར་རོ། །རྣམ་པར་འཇོམས་དང་ཞེས་བྱ་བ་ནི་བདེ་བ་མཐོང་བའི་བདག་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་བྲལ་ཞེས་བྱ་བ་ནི་ཆགས་པ་དང་ཆགས་བྲལ་སྤངས་པའི་ཕྱིར་རོ། །བཞི་ཞེས་བྱ་བ་ནི་རྣམ་པ་བཞིས་སོ། །
སྐད་ཅིག་མ་ཞེས་གསུངས་ཞེས་བྱ་བ་ནི་སྐད་ཅིག་མའི་ཉམས་སུ་མྱོང་བའི་དངོས་པོ་རྣམས་ཀྱིའོ་ཞེས་བྱ་བ་ནི་མིང་ངོ་། །རྣམ་པར་ཕྱེ་ནས་སླར་བཤད་པ། །ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་རྣམས་ཀྱིས་བརྗོད་པར་བྱ་བ་སྟེ། ད་ནི་ཞེས་བྱ་བ་ནི་ད་ལྟར་རོ། །རྣམ་པ་སྣ་ཚོགས་མངོན་པར་འདོད། །ཅེས་
བྱ་བ་ནི་བདེ་བ་ཆེན་པོ་མངོན་པར་འདོད་པའོ། །འདི་མན་ཆད་ལེའུ་བཅུ་དགུ་པའི་མཐར་ཐུག་པའི་གཞུང་མདོར་ཏེ། དེའི་ཕྱིར་འདི་གཞག་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་
เล่ม ๓๔ · หน้า 136b
བ་ལས་ལེའུ་བཅུ་དགུ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་བཅུ་དགུ་པས་སྣ་ཚོགས་ལ་སོགས་པ་སྐད་ཅིག་གི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་ཉི་ཤུ་པ་སྟོན་པར་བྱེད་ཅིང་། དང་པོར་རེ་ཞིག་
དེ་རྩོམ་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་དགུ་པ་བཤད་པའི་རྗེས་ལའོ། །དགའ་བ་བཞིའི་མཚན་ཉིད་བཤད་པར་བྱ་བ་དང་འབྲེལ་ཏོ། །དགའ་བ་བཞི་པོ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་རྣམས་ཀྱིའོ། །མཚན་ཉིད་ནི་རང་གི་ངོ་བོ་འཇུག་པར་
བྱེད་པའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ལུགས་འབྱུང་ཞེས་གསུངས་ཏེ། འཁོར་ལོ་བཞིའི་ལྟོས་པས་ལུགས་དང་མཐུན་པ་དང་ལུགས་ལས་ཟློག་པ་དག་གིས་སོ། །ཇི་ལྟ་བའི་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །རིམ་པ་ཇི་བཞིན་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུའོ། །དེ་ལྟར་དེའི་རྩོམ་པ་
བསྟན་ནས། དངོས་སུ་དེ་བཤད་པའི་ཡན་ལག་འོག་ཏུ་རྒྱུ་བ་ལ་བརྟེན་ནས། དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། དགའ་བ་བདེ་བ་དང་པོ་སྟེ། །ཞེས་གསུངས་ཏེ། ཅུང་ཟད་བདེ་བའི་རང་བཞིན་ཉིད་ཀྱིས་དགའ་བའི་ངོ་བོའོ། །མཆོག་ཏུ་དགའ་བ་གཉིས་པ་དང་། །ཞེས་བྱ་བ་ནི་
སྔ་མ་ལས་ལྷག་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དགའ་བྲལ་ཞེས་བྱ་གསུམ་པ་དང་། །ཞེས་བྱ་བ་ནི་ཆགས་བྲལ་གྱི་བདག་ཉིད་ཀྱི་ཕྱིར་རོ། །བཞི་པ་ལྷན་ཅིག་སྐྱེས་པར་བཤད། །ཅེས་བྱ་བ་ནི་དགའ་བ་རྣམ་པ་གསུམ་སྤངས་པ་ཉིད་ཀྱི་ཕྱིར། བཅོས་མ་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །
ཇི་སྐད་དུ། དགྱེས་པ་རྡོ་རྗེའི་རྒྱུད་ལས། ཅུང་ཟད་བདེ་བ་དགའ་བ་སྟེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་ཆགས་པ་བྲལ་འགྱུར་ཏེ། །བཞི་པ་འདི་རྣམས་དང་ནི་བྲལ། །ཞེས་གསུངས་སོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ལུགས་ལས་བཟློག་པའི་རིམ་པས་དགའ་བ་
ལ་སོགས་པའི་རྣམ་པར་དབྱེ་བ་བརྗོད་པའི་ཕྱིར། སྤྲུལ་པའི་འཁོར་ལོ་དགའ་བ་དང་། །ཞེས་བྱ་བ་གསུངས་ཏེ། དགའ་བའི་སྒྲས་བརྗོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྟེན་དུ་གྱུར་པ་ཉིད་ཀྱི་དབུས་སུ་ཨའི་ཡི་གེ་ཡོད་པའི་ཕྱིར་དང་། གྱེན་དུ་རྒྱུ་བས་བྱང་ཆུབ་ཀྱི་སེམས་ཁྱེར་བའི་ཕྱིར་རོ། །མཆོག་
เล่ม ๓๔ · หน้า 137a
དགའ་ཆོས་ཀྱི་འཁོར་ལོར་གནས། །ཞེས་བྱ་བ་ནི་དེར་དེ་བཞིན་གཤེགས་པ་དང་ལྷ་མོའི་ས་བོན་མཆོག་གི་ངོ་བོ་རྣམས་ཡོད་པའི་ཕྱིར་དང་། སྔ་མ་བཞིན་དུ་རྒྱུ་བས་བྱང་ཆུབ་ཀྱི་སེམས་ཁྱེར་བའི་ཕྱིར་རོ། །ལོངས་སྤྱོད་དགའ་བ་བྲལ་བ་དང་། །ཞེས་བྱ་བ་ནི་རོ་དྲུག་
ལ་ལོངས་སྤྱོད་པས་དེའི་ཡུལ་ལ་དགའ་བ་དང་དགའ་བྲལ་སྔར་བཞིན་བྱང་ཆུབ་ཀྱི་སེམས་ཐོབ་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ལྷན་ཅིག་སྐྱེས་པའི་ངོ་བོ་སྟེ། དེ་ལ་ཧ་ཡིག་གི་དབྱིབས་མི་ཤིགས་པ་ཡོད་པའི་ཕྱིར་དང་། རང་ཉིད་
ཀྱིས་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཏུ་འདྲེས་པས་ཁྱད་པར་ཅན་གྱི་བདེ་བ་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །ལུགས་བཟློག་རིམ་པ་ཞེས་སུ་གསུངས། །ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་རིམ་པ་འདིས་ལུགས་ལས་བཟློག་པའི་མཚན་ཉིད་རིམ་པ་མ་ཡིན་པའི་རང་བཞིན་གསུངས་ཏེ།
དེ་ལྟར་ལུགས་ལས་བཟློག་པའི་རིམ་པའི་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་བསྟན་ནས། ལུགས་ལས་བྱུང་བའི་རིམ་པས་དེའི་རྣམ་པར་དབྱེ་བའི་ཡན་ལག་གི་ངོ་བོ་བསྟན་པའི་ཕྱིར། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །ཞེས་གསུངས་ཏེ། གོ་རིམས་ཀྱི་ངོ་བོའོ། །བདེ་
ཆེན་འཁོར་ལོའི་སྤྱི་བོ་ལ། །ཞེས་བྱ་བ་ནི་འདབ་མ་སུམ་ཅུ་རྩ་གཉིས་པ་རླུང་གི་འཁོར་ལོའི་མཐར་ཐུག་པ་ལའོ། །དེ་ནི་དགའ་བར་བཤད་པ་ཡིན། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེས་གདུངས་པའི་སྟོབས་ཀྱིས་ཞུ་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་དེ་ལས་འཕོ་བའི་ཕྱིར་རོ། །དེ་ནི་
ཞེས་བྱ་བ་ནི་དེའི་རྗེས་ལའོ། །ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་ལ་མེའི་འཁོར་ལོའི་མཐར་ཐུག་པར་མཆོག་དགའོ། །མགྲིན་པ་ལས་ལྷག་པའི་གནས་ཀྱི་མཐར་ཐུག་པར་ཅུང་ཟད་ཡན་ལག་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པའི་ཕྱིར་རོ། །དགའ་བྲལ་ཆོས་
ཀྱི་འཁོར་ལོར་གནས། །ཞེས་བྱ་བ་ནི་རྩ་བརྒྱད་ཀྱི་ངོ་བོ་ཆོས་ཀྱི་འཁོར་ལོ་སྟེ་བྱང་ཆུབ་ཀྱི་སེམས་ཀྱིས་དེ་འཐོབ་པས་ཆགས་པ་དང་ཆགས་བྲལ་དག་ལ་དེ་ཉིད་དུ་རིག་པའི་ཕྱིར་རོ། །འདིར་ཡང་ཐ་མལ་པའི་དང་རྣལ་འབྱོར་པའི་དགའ་བྲལ་གྱི་གནས་སྐབས་བླ་མའི་ཞལ་ལས་རྟོགས་པར་བྱའོ། །སྤྲུལ་པའི་འཁོར་ལོར་
เล่ม ๓๔ · หน้า 137b
ལྷན་ཅིག་སྐྱེས། ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ནས་གསང་བའི་བར་དུ་ཐོབ་པས་ལྷན་ཅིག་སྐྱེས་པའི་དགའ་བའི་གནས་སྐབས་རྟོགས་པར་བྱའོ། །དེ་ཉིད་ལ་བླ་མའི་མན་ངག་གི་སྟོབས་ཀྱིས་དོན་གྱི་ལྷན་ཅིག་སྐྱེས་པ་བསྒོམས་པས་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ།
ཉམས་སུ་མྱོང་བར་བྱེད་ཅེས་བྱ་བ་སྟེ། ཁྱད་པར་དུ་འཕགས་པའི་གདམས་ངག་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལུགས་ལས་འབྱུང་བའི་རིམ་པས་དེ་རྣམ་པར་འབྱེད་པ་རང་གི་ངོ་བོ་བསྟན་ནས། གནས་སྐབས་ཀྱི་དབྱེ་བ་དེ་རྣམ་པར་དབྱེ་བའི་ཕྱིར་ལྟ་དང་འགུགས་དང་ཞེས་བྱ་བ་
གསུངས་ཏེ། རྣལ་འབྱོར་ཕ་དང་རྣལ་འབྱོར་མའི་ལྟ་བ་ནི་མཐོང་བ་སྟེ། བྱ་བའི་རྣམ་པ་དགུག་པ་གང་ཡིན་པའི་རྣམ་པ་ཁྱད་པར་ཅན་གྱི་དམ་ཚིག་རྟོགས་པར་བྱེད་པ་གང་ཡིན་པ་དེ་ནི་ལྟ་དང་འགུགས་པའོ། །དེ་བཞིན་བརྡ་ཞེས་བྱ་བ་ནི་ལུས་ངག་གི་ངོ་བོའི་རྣལ་འབྱོར་པ་རྣམས་ཀྱི་བརྡའོ། །ཁ་ལ་
འོ་ནི་བྱེད་པ་ཡི། །ཞེས་བྱ་བ་ནི་མཆུས་མཆུ་འཇིབས་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཁ་ལ་ཞེས་གསུངས་ཏེ། གདོང་གིའོ། །དགའ་བའི་གནས་སྐབས་ཞེས་བྱ་བ་ནི་དེ་ལྟ་བུའི་ངོ་བོ་དགའ་བའི་གནས་སྐབས་ཤེས་པར་བྱའོ། །ཇི་ལྟ་བུས་ཤེ་ན། དེའི་ཕྱིར། རྣམ་པ་སྣ་ཚོགས་མཚན་ཉིད་
དོ། །ཞེས་བྱ་བ་གསུངས་ཏེ། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པ་སྔ་མ་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། སྣ་ཚོགས་རྣམ་པ་སྣ་ཚོགས་གྲངས། །འཁྱུད་དང་འོ་བྱེད་ལ་སོགས་པ། །ཞེས་གསུངས་སོ། །རྣལ་འབྱོར་རྣལ་འབྱོར་མ་
མཆོག་ཏུ། །ཞེས་བྱ་བ་ནི་རྣལ་འབྱོར་དང་རྣལ་འབྱོར་མ་ནི་ཐབས་དང་ཤེས་རབ་དག་གིས་ཡང་དག་པར་འབྱུང་བ་ནི་སྐྱེ་བའོ། །སྐྲ་ལ་འཛིན་པ་དང་ཞེས་བྱ་བ་ནི་སྐྲ་འཕྱང་བའི་རྣམ་པ་སྟེ། དེ་ནི་གཅིག་གོ། །དེ་བཞིན་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་སྦྱོར་བའི་རྣམ་པ་ནི། གནས་སྐབས་གཉིས་
པའོ། །སྐད་ཅིག་མཆོག་ཅེས་བྱ་བ་ནི་མཆོག་དགའི་གནས་སྐབས་ཀྱི་ངོ་བོ་ནི་སྐད་ཅིག་ཅེས་བརྗོད་དོ། །རྣམ་སྨིན་སྐད་ཅིག་ཅེས་བྱ་བ་ནི་གནས་སྐབས་དེ་ཉིད་ནི་རྣམ་སྨིན་སྐད་ཅིག་གོ། །རྣམ་སྨིན་དེའི་ཕྱིན་ཅི་ལོག་གོ། །དེ་ཉིད་རྒྱུར་ནི་རྣམ་པར་ཤེས། །ཞེས་བྱ་བ་ནི་དེ་ཉིད་ནི་ལྷན་ཅིག་
เล่ม ๓๔ · หน้า 138a
སྐྱེས་པའི་རྒྱུའི་རྒྱུ་ཞེས་བརྗོད་པར་བྱའོ། །ལྟེ་བའི་དབུས་ན་རབ་གསལ་གནས། །ཞེས་བྱ་བ་ནི་ལས་ཀྱི་རླུང་དང་སྦྱར་བས་འབར་བའི་ཕྱིར་རབ་གསལ་ལའོ། །ལྟེ་བའི་དབུས་ན་གནས་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོའི་དབུས་ན་གནས་པའོ། །གཏུམ་མོ་ཡང་
ཞེས་བྱ་བ་ནི་གཏུམ་མོའི་ལས་བྱེད་པའི་ཕྱིར་རོ། །རྣམ་རྟོག་འཇོམས་ཞེས་བྱ་བ་ནི་སྔགས་ལ་སོགས་པའི་རྣམ་རྟོག་འཇོམས་པའི་ཕྱིར་རོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་བདེ་བ་ཆེན་པོའི་འཁོར་ལོའི་ཞེས་གསུངས་ཏེ། མགོ་བོར་གནས་པའོ། །ཞུ་བར་བྱེད་པ་ཞེས་བྱ་བ་ནི་འཛག་པར་
བྱེད་པའོ། །མཆོག་གི་ཆ་ནི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་ངོ་བོའོ། །དགའ་བྲལ་ཉམས་སུ་མྱོང་བ་ནི། དགའ་བྲལ་ཉམས་སུ་མྱོང་བའི་གནས་སྐབས་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་དང་ཀུན་རྫོབ་པ་རྟོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྣམ་འཇོམས་སྐད་
ཅིག་མཚན་ཉིད་དོ། །ཞེས་བྱ་བ་ནི་ཇི་སྐད་དུ་རྣམ་འཇོམས་མཐོང་བ་ཞེས་བརྗོད་དེ། བདེ་བ་བདག་གིས་ལོངས་སྤྱོད་དོ། །ཞེས་བྱ་བའོ། །དེ་ལ་རོ་གཅིག་དངོས་པོ་ནི། །ཞེས་བྱ་བ་ནི། གཏུམ་མོས་གདུངས་པའི་བྱང་ཆུབ་ཀྱི་སེམས་ལྷུང་བའི་དེ་མ་ཐག་པར་རོ། །རོ་གཅིག་པར་གྱུར་པའི་
བྱང་ཆུབ་ཀྱི་སེམས་ཀྱི་ཁམས་སོ། །རྩ་ནི་གཅིག་གི་རྒྱུད་ལ་བརྟེན། །ཞེས་བྱ་བ་ནི་རྡོ་རྗེའི་རྩ་གཅིག་ལས་འབབ་པས་ན། རྩ་གཅིག་གི་རྒྱུན་ལས་འབབ་པའོ། །བདེ་བ་ཆེན་པོའི་གོ་འཕང་ཞེས་བྱ་བ་ནི་དེ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བས་ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེད་པའི་ཕྱིར་རོ། །ཞི་ཞེས་
བྱ་བ་ནི་མི་མཐུན་པའི་ཕྱོགས་འཇོམས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་དགའི་མཚན་ཉིད་ནི། །ཞེས་བྱ་བ་ནི་མ་བཅོས་པའི་ཉམས་སུ་མྱོང་བའི་ངོ་བོའོ། །མཚན་ཉིད་དང་བྲལ་སྐད་ཅིག་ཅེས་བྱ་བ་ནི་དེ་ལས་གཞན་པའི་གནས་སྐབས་གསུམ་གྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཇི་སྐད་
དུ། མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་བྱ་བ་གསུངས་སོ། །བདེ་བའི་ཞེས་བྱ་བ་ནི་གདམས་ངག་གི་རྗེས་སུ་འབྲངས་ནས་བསྒོམ་པ་རབ་ཀྱི་མཐར་ཐུག་པར་གྲུབ་པས་རྟག་ཏུ་དགའ་བའི་རང་བཞིན་གྱི་ཕྱིར་རོ། །གསུངས་ཞེས་བྱ་བ་ནི་
เล่ม ๓๔ · หน้า 138b
བརྗོད་པའོ། །མཆོག་ཏུ་རྨད་དུ་བྱུང་ཞེས་བྱ་བ་ནི་འདོད་ཆགས་ཀྱི་སྤྱོད་པའི་སྟོབས་ཀྱིས་བྱང་ཆུབ་མངོན་དུ་བྱེད་པའི་རྣམ་པའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་ལུགས་ལས་འབྱུང་བའི་རིམ་པས་དེའི་རྣམ་པར་དབྱེ་བ་བསྟན་ནས། ལུགས་ལས་བཟློག་པའི་རིམ་པས་དེའི་རྣམ་པར་དབྱེ་
བ་བཤད་པའི་ཕྱིར། རླུང་གི་དེ་ཉིད་རྗེས་འགྲོ་བས། །ཞེས་བྱ་བ་གསུངས་ཏེ། ལེའུ་བཅུ་གཉིས་པར་གསུངས་པའི་རིམ་པའི་རླུང་གི་དེ་ཉིད་སྒོམ་པའི་རིམ་པས་སོ། །དེ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱུན་ནི་སྟེང་སོང་ནས་ཞེས་བྱ་བ་ནི་སླར་ཡང་རྡོ་རྗེའི་ལམ་ནས། བདེ་བ་ཆེན་
པོའི་འཁོར་ལོའི་བར་དུ་ཁྱེར་བར་བྱེད་པའོ། །རྣལ་འབྱོར་པས་ནི་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོས་སོ། །སྒྲུབ་པར་བྱེད་པའི་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ལ་གོམས་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་ལའོ། །དེ་ལ་སྤྲུལ་པའི་འཁོར་ལོ་ནི། །ཞེས་བྱ་བ་ནི་རྡོ་རྗེའི་རྩེ་མོ་ལས་
སྤྲུལ་པའི་འཁོར་ལོར་ཐོབ་པ་ལའོ། །དགའ་བ་ཞེས་བྱ་རྣམ་པར་ཤེས། །ཞེས་བྱ་བ་ནི་ཅུང་ཟད་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བདེ་བ་ཀུན་གྱི་ཡང་དག་རྟེན། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བའི་རང་བཞིན་ནོ། །རྣམ་པ་སྣ་ཚོགས་སྐད་ཅིག་གསུངས། །
ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་བདེ་བ་ལ་ཉེ་བར་དམིགས་པའི་ཕྱིར་རོ། །སྟོང་ཉིད་ཀུན་གྱི་གཞི་ཡི་མཆོག །ཅེས་བྱ་བ་ནི་རྟག་ཏུ་རང་བཞིན་གྱིས་འོད་གསལ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་མཆོག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྙིང་ག་ལས་
སོ། །སྟེང་ཞེས་བྱ་བ་ནི་ལུགས་ལས་བཟློག་པས་སོ། །བསྒྲུབ་བྱ་ཞེས་བྱ་བ་ནི་སྔོན་བཞིན་དུ་བྱང་ཆུབ་ཀྱི་སེམས་དབང་དུ་གྱུར་པ་ལའོ། །རྣལ་འབྱོར་པའི་ཞེས་བྱ་བ་ནི་སྔར་བཞིན་ནོ། །གནས་སྐབས་ཞེས་བྱ་བ་ནི་བདེ་བའི་གནས་སྐབས་སོ། །མཆོག་དགའ་ཞེས་བྱ་བ་ནི་དེའི་མིང་གི་བརྗོད་པས་བྱ་
བ་ཉིད་ཀྱི་ཕྱིར་རོ། །རྣམ་སྨིན་སྐད་ཅིག་ཅེས་བྱ་བ་ནི་སྔོན་གྱི་གནས་སྐབས་ལས་རྣམ་པར་སྨིན་པའི་ཕྱིར་རོ། །ལོངས་སྤྱོད་འཁོར་ལོ་ཞེས་བྱ་བ་ནི་སྟེང་དུ་བྱེད་པའི་སྐད་ཅིག་ལ་སྟེ། བྱང་ཆུབ་ཀྱི་སེམས་སྟེང་དུ་རྒྱུ་བའི་སྐད་ཅིག་ལའོ། །གནས་སྐབས་བྲལ་བའི་དགའ་བ་ནི། །ཞེས་བྱ་བ་ནི་དགའ་བྲལ་
เล่ม ๓๔ · หน้า 139a
གྱི་གནས་སྐབས་སུའོ། །རྣམ་ཉེད་སྐད་ཅིག་མཚན་ཉིད་ནི། །ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་བྱང་ཆུབ་ཀྱི་སེམས་ཐོབ་པའི་རྣམ་པར་རྟོག་པ་ཁྱད་པར་དུ་འཇོམས་པའི་ཕྱིར་མི་མཐུན་པའི་ཕྱོགས་བཟློག་པའི་ཕྱིར་རོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །ཞེས་བྱ་བ་ནི་མགོ་
བོའི་གནས་སུའོ། །དེ་ཐོབ་མཚན་ཉིད་སྐད་ཅིག་མ། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་ཟླ་དང་ལྷན་ཅིག་ཏུ་སེམས་ཀྱི་ཐིག་ལེ་གྱེན་དུ་རྒྱུ་བ་དང་འདྲེས་པའི་སྐད་ཅིག་ལའོ། །ལྷན་ཅིག་སྐྱེས་པའི་གནས་སྐབས་ནི། །ཞེས་བྱ་བ་ནི་དེའི་མིང་གིས་བརྗོད་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་
དང་བྲལ་སྐད་ཅིག་གོ། །ཞེས་བྱ་བ་ནི་ཆགས་པ་དང་ཆགས་བྲལ་ལས་གྲོལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ལུགས་ལས་བཟློག་པའི་རིམ་པས་དེའི་རྣམ་པར་དབྱེ་བ་བསྟན་ནས། རྩ་རྣམས་ཀྱི་ནམ་མཁའ་ལ་རྣལ་འབྱོར་པའི་ཚོགས་ཀྱི་ངེས་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་བོ་བསྟན་པ་
སྔོན་དུ་འགྲོ་བས་དེ་རྣམས་ཀྱི་བྱ་བ་བསྟན་པ་ནི། རྩ་རྣམས་ཀུན་གྱི་ནམ་མཁའ་ཆེ། །ཞེས་གསུངས་ཏེ། འཁོར་ལོ་བཞི་རྣམས་སམ་འཁོར་ལོ་དྲུག་གི་རྩའི་ནམ་མཁའ་ཁོང་སྟོང་གི་ངོ་བོ་ལའོ། །རྣལ་འབྱོར་མ་ཚོགས་ཡང་དག་བརྟེན། །ཞེས་བྱ་བ་ནི་ལས་དང་རྡོ་རྗེ་དང་། པདྨ་ལ་སོགས་
པའི་མིང་གིས་འཆད་པར་འགྱུར་བའི་ལེའུ་ཉི་ཤུ་རྩ་བདུན་པ་ལས་སོ། །རབ་སད་ཅེས་བྱ་བ་ནི་རང་ཉིད་ཀྱི་ངོ་བོ་རབ་ཏུ་སད་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་རབ་ཏུ་སད་པའི་རྗེས་ལའོ། །གནས་སྐབས་མཚན་ཉིད་གཅིག་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཐོབ་པས་ཁམས་རོ་
མཚུངས་པ་ཞེས་བྱ་བའི་དོན་ཏོ། །ཡུལ་ཆེན་པོ་ནི་ཉམས་སུ་མྱོང་། །ཞེས་བྱ་བ་ནི་གཉིས་ཀ་དང་སྦྱོར་བའི་དབང་གིས་ལྷན་ཅིག་སྐྱེས་པའི་རྣམ་པའི་ཡུལ་ལ་མྱོང་བར་བྱས་ནས་སོ། །ཡང་ན་གོ་ཙ་ར་ཞེས་བྱ་སྟེ། གོ་ནི་རྡོ་རྗེ་སྟེ། དེ་ལ་ཙ་ར་ནི་སྤྱོད་པ་ལ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཀྱི་རྣམ་པའོ། །དེ་
ཉིད་ལ་འཛིན་པར་བྱེད་པའི་ཕྱིར་ཆེན་པོའོ། །སླར་ཡང་རྣམ་འགྱུར་མེད་པར་འགྲོ། །ཞེས་བྱ་བ་ནི་ལས་དང་པོ་པ་ལ་ལྟོས་ནས་དེ་སྐད་བརྗོད་པའོ། །ལས་དང་པོ་པ་ཡིན་པ་ལ་ལྟོས་ནས་དེ་རྣམས་ལ་ནམ་ཡང་འགྱུར་བ་མེད་པའོ། །རྟག་ཏུ་ལྷན་ཅིག་སྐྱེས་པའི་ངོ་བོ་ལས་དེ་རྣམས་མ་གཡོས་
เล่ม ๓๔ · หน้า 139b
པའི་ཕྱིར་རོ། །དེ་ལྟར་རང་གི་ངོ་བོ་བསྟན་པ་སྔོན་དུ་འགྲོ་བས། དེ་རྣམས་ཀྱིས་བྱ་བ་བརྗོད་ནས། རྣམ་པར་དག་པ་བཤད་པའི་ཕྱིར། རབ་ཏུ་སད་པའི་གནས་སྐབས་མཐའ། །ཞེས་བྱ་བ་ནི་དེ་མ་ཐག་པར་བཤད་པ་ལྟར་ལུགས་སུ་འབྱུང་བའི་རིམ་པས་དགའ་བ་ལ་སོགས་པ་བཞི་དང་སྣ་
ཚོགས་ལ་སོགས་པ་སྐད་ཅིག་མ་བཞིའི་ངོ་བོ་དང་། དེ་བཞིན་དུ་ལུགས་ལས་བཟློག་པའི་རིམ་པས་ཀྱང་བརྒྱད་དུ་གསུངས་སོ། །སྟོང་ཉིད་བཅུ་དྲུག་བདག་ཉིད་ཅན། །ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་སྟེ། གྲངས་མཚུངས་པ་དང་མཚན་ཉིད་མཚུངས་པས་སོ། །བདེ་
ཆེན་གོ་འཕང་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་ཡེ་ཤེས་དང་ཁྱད་པར་མེད་པའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་གོ་འཕང་གནས། །ཞེས་བྱ་བ་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་པ་གཉིས་ཀྱིས་རྩའི་ནམ་མཁའ་ལ་རྣལ་འབྱོར་མའི་ཚོགས་
གནས་པ་བསྟན་ནས། ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེ་ལྟར་འདི་ནི་དགའ་བྱེད་པ། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རིགས་པས་སོ། །དགའ་བ་བཞི་པོ་རྣམས་ཀྱི་རྣམ་པར་དབྱེ་བ་ནི་ཁྱད་པར་རོ། །གང་དུའང་གསལ་བར་མ་གསུངས་སོ། །ཞེས་
བྱ་བ་ནི་སྣོད་དང་མི་ལྡན་པའི་སེམས་ཅན་རྣམས་ལ་སྦ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་མ་ཡི་བཀའ་དྲིན་གྱིས། །ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་མན་ངག་གི་སྟོབས་ཀྱིས་སོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །བླ་མའི་ཞལ་ལས་ཤེས་ཞེས་བྱ་བ་ནི་རྡོ་རྗེ་སློབ་
དཔོན་གྱི་ཞལ་ལས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་ཉི་ཤུ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་ཉི་ཤུ་པས་
དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བརྗོད་ནས། ད་ནི་ཐིག་ལེ་གསུམ་གྱི་རྣམ་པར་དབྱེ་བའི་ཡུལ་ལ་དྲི་བའི་ལན་བརྗོད་པ་བསྟན་པའི་ཕྱིར། ལེའུ་ཉི་ཤུ་རྩ་གཅིག་པ་སྟོན་པར་བྱེད་ཅིང་། དང་པོར་རེ་ཞིག་དེ་རྩོམ་པར་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་
เล่ม ๓๔ · หน้า 140a
གསུངས་ཏེ། ལེའུ་ཉི་ཤུ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་ལ་ལྟོས་པ་དང་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཐོས་པ་ལ་སྦྱར་བ་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་གསུམ་ནི་བཤད་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །རྫས་དང་སྔགས་
དང་། འོད་ཀྱི་ངོ་བོ་ཉིད་ཀྱིས་མཚུངས་པ་ཉིད་ཀྱི་ཕྱིར་རོ། །བླ་ན་མེད་པ་ཞེས་བྱ་བ་ནི་བླ་ན་མེད་པའི་ངག་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་གསུངས་ཏེ། ཐིག་ལེ་གསུམ་གྱིས་སོ། །ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་
རིམ་པས་ཁོང་དུ་ཆུད་པ་ཙམ་གྱིས་སོ། །དངོས་གྲུབ་འགྱུར་ཞེས་བྱ་བ་ནི་སེམས་བསྟན་པའི་ངོ་བོའོ། །ཇི་ལྟར་ཞེ་ན། དེའི་རྣལ་འབྱོར་པའི་ཞེས་བྱ་བ་གསུངས་ཏེ། རིམ་པ་གཉིས་སྒོམ་པ་ལ་གནས་པའོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། དངོས་སུ་དེ་བརྗོད་པའི་ཕྱིར། དེའི་ཡན་ལག་
གི་ཐིག་ལེ་གསུམ་གྱི་ངོ་བོ་རྫས་ཀྱི་ཐིག་ལེ་བཤད་པ་ནི། རྩ་རྣམས་ཀུན་དུ་དབབ་པ་དང་། །ཞེས་གསུངས་ཏེ། ཕྱི་རོལ་གྱི་ཐབས་ཤེས་རབ་སྙོམས་པས་ལུས་སུ་གཏོགས་པའི་རྩ་རྣམས་ཐམས་ཅད་ལ་དབབ་པ་ནི་གཞུག་པའི་ཕྱིར་རོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པ་བདེ་བ་ཆེན་
པོའི་གནས་སུ་ཞུ་བར་གྱུར་ནས་འབྱུང་བ་སྟེ་དེ་ལས་སོ། །བསྟན་བྱས་པ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིགས་པས་བསྟན་པར་བྱས་པའོ། །སེམས་དེ་ཉིད་ལས་ཐབས་ཤེས་རབ་ཀྱི་ངོ་བོ་སྒོམ་པ་པོ་ལ་ལྟོས་པས་སོ། །རྡོ་རྗེའི་རྩེ་དང་པདྨའི་རྩེར། །རླུང་ནི་གཟུང་བའི་སྐད་ཅིག་ལ། །ཞེས་བྱ་
བ་ནི་རླུང་ནི་སྲོག་གི་རླུང་སྟེ། རྣལ་འབྱོར་མཆོག་གིས་ཐོབ་པར་བྱེད། །ཅེས་བྱ་བ་དང་འབྲེལ་ཏོ། །གཞན་ཡང་ཐབས་གང་གིས་རྫས་ཀྱི་ཐིག་ལེ་གཟུང་བར་བྱ་ཞེ་ན། དེའི་ཕྱིར། རྐན་ལ་ཡི་གེའི་སྦྱོར་བ་དང་། །ཞེས་གསུངས་ཏེ། རྐན་ནི་ཆོས་འབྱུང་གི་དབུས་སུ་ཤིན་ཏུ་རིང་བའི་རྩའི་ངོ་བོའོ། །དེ་ལ་
སྡེབས་པའི་སྦྱོར་བ་ནི་ཤིན་ཏུ་དམ་པ་ཉིད་ཀྱིས་བསྡམས་པའོ། །དེའི་སྦྱོར་བ་ནི་རབ་ཏུ་སྦྱོར་བས་སོ། །ཀྵྨཱི་སྔགས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྡོ་རྗེའི་རྩེ་མོར་བསྒོམས་པས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་བསྒོམས་པས་སོ། །ཐོས་པར་བྱེད་ཅེས་བྱ་བ་ནི་ཤིན་ཏུ་རྟོགས་
เล่ม ๓๔ · หน้า 140b
པར་བྱ་བའོ། །མཆོག་ཅེས་བྱ་བ་ནི་སེམས་བརྟན་པའི་རྒྱུར་གྱུར་པའི་ངག་འོད་གསལ་བའོ། །རྣལ་འབྱོར་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །བདེ་བ་ཀུན་གྱི་གཞི་ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་བའི་གཞིའོ། །མཆོག་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །
དེ་ལྟར་རྫས་ཀྱི་ཐིག་ལེ་རྒྱས་པར་བསྟན་ནས། སྔགས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྙིང་གའི་གནས་ལའོ། །མཆོག་ཅེས་བྱ་བ་ནི་མཆོག་གི་ངོ་བོ་སྟེ། སེམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །སྙིང་གའི་པདྨའི་ལྟེ་བ་ལ། །ཞེས་བྱ་བ་ནི་སྙིང་གའི་
ཆུ་སྐྱེས་ཀྱི་དབུས་སུའོ། །ངེས་པ་ཞེས་བྱ་བ་ནི་ངེས་པར་བྱས་ནས་སེམས་ཀྱི་ཞེས་བྱ་བའི་ལྷག་མའོ། །ཧཱུྃ་ཡིག་ཅེས་བྱ་བ་ནི་ཆ་ལྔ་པའི་རྣམ་པར་སྔགས་ཀྱི་ཐིག་ལེ་ལ་ཆ་ཤས་ཡོངས་སུ་གྱུར་པ་ལས་དེ་གྲུབ་པའི་ཕྱིར་རོ། །ཐམས་ཅད་སྟོང་པ་ཉིད་བདག་ཉིད། །ཅེས་བྱ་བ་ནི་སེམས་ཀྱི་ཁྱད་
པར་ལའོ། །རང་བཞིན་གྱིས་འོད་གསལ་བ་ནི། དོན་དམ་པར་སེམས་ཉིད་དོ། །ཞི་བ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་རོ། །དངོས་དང་དངོས་མེད་རྣམ་པར་གྲོལ། །ཞེས་བྱ་བ་ནི་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱི་ཕྱིར། དངོས་པོ་ལས་
རྣམ་པར་གྲོལ་བའོ། །ཡི་གེའི་ངོ་བོ་ཉིད་ཀྱིས་རྣལ་འབྱོར་པའི་ཤེས་པ་ལ་སྣང་བའི་ཕྱིར། དངོས་མེད་ལས་རྣམ་པར་གྲོལ་བའོ། །ཡེ་ཤེས་ལུས་ཅན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་ཀྱིས་ཉེ་བར་ཐོབ་པའི་ཕྱིར་རོ། །ཕྱོགས་ཡུལ་དུས་དང་རྣམ་པར་བྲལ། །ཞེས་བྱ་བ་ནི་དངོས་པོ་
ལ་ཡུལ་དང་དུས་དང་རྣམ་པ་རྣམས་ཀྱིས་ཡོངས་སུ་འཆད་པ་མ་ཡིན་པའོ། །ཐོག་མ་བར་དང་ཐ་མ་སྤངས། །ཞེས་བྱ་བ་ནི་ཡི་གེ་མེད་པའི་བདག་ཉིད་ཀྱི་ཕྱིར་རོ། །ཡི་གེའི་རང་བཞིན་ཧཱུྃ་ཡིག་ལ་སོགས་པ་ལ་ཐོག་མ་དང་བར་མ་ལ་སོགས་པ་ཐ་དད་པར་བརྟགས་པས་ལེགས་པ་སྟེ།
འདི་ལ་ཡང་དེ་སྤངས་པ་ཉིད་ཀྱི་ཕྱིར་དེ་བཞིན་དུ་ཞེས་བྱ་བའོ། །ཆ་མེད་ཅེས་བྱ་བ་ནི་ཆ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །རང་གི་ངོ་བོས་གནས་ཞེས་བྱ་བ་ནི་རང་གི་ངོ་བོས་གནས་པ་ཉིད་ཀྱི་ཕྱིར་རོ། །ངག་གི་དྲི་མ་ཡོངས་སུ་སྤངས། །ཞེས་བྱ་བ་ནི་སྤྲོས་པ་མེད་པ་ཉིད་ཀྱིས་ངག་གི་སྤྲོས་པའི་སྤྱོད་
เล่ม ๓๔ · หน้า 141a
ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་ཚད་མ་དང་བྲལ་ཞེས་བྱ་བ་ནི་རྟོག་གེ་པས་ཡོངས་སུ་བརྟགས་པའི་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་འགྱུར་བ་ཉིད་ཀྱི་ཕྱིར་གཏན་ཚིགས་དང་། ཚད་མ་ངག་གིས་སྤངས་པ་ཞེས་བྱ་བ་བྱས་
ནས་སོ། །རྟོག་པའི་སྤྱོད་ཡུལ་འདས་པ་ཞེས་བྱ་བ་ནི་རང་རྒྱུད་ལོག་པའི་རྣམ་པར་རྟོག་པ་ལས་རིང་བ་ཉིད་དུ་ཡུལ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པར་རྟོག་པ་མ་ལུས་པས་མ་གོས་པའོ། །རྟག་ཅིང་ཞེས་བྱ་བ་ནི་རང་
བཞིན་གྱིས་རྟག་པའོ། །མཆོག་ཏུ་ཞེས་བྱ་བ་ནི་གཅིག་ཏུ་རྣལ་འབྱོར་པའི་ཡུལ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཞིའོ་ཞེས་བྱ་བ་ནི་དེ་ལས་འབད་པ་མེད་པར་གཞན་དོན་འགྲུབ་པའི་ཕྱིར་རོ། །འདི་ནི་སྔགས་ཀྱི་ཐིག་ལེར་བཤད། །ཅེས་བྱ་བ་ནི་སྙིང་གའི་གནས་སུ་རླུང་ལྔའི་བདག་ཉིད་
ཆ་ལྔ་པ་བསྒོམས་པས་སོ། །ཞེ་སྡང་གི་རིགས་ཅན་གྱི་རྣལ་འབྱོར་པ་ལ་ལྟོས་པས་སོ། །དངོས་གྲུབ་སྟེར་ཞེས་བྱ་བ་ནི་རྡོ་རྗེའི་བཟླས་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་སྟེར་བའི་ཕྱིར་རོ། །རྣལ་འབྱོར་རྣམས་ཀྱི་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོ་རྣམས་ལའོ། །རྟག་པའི་ཞེས་
བྱ་བ་ནི་འབྲས་བུ་ཐོབ་པའི་མཐར་ཐུག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྔགས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་བསྟན་ནས། འོད་ཟེར་གྱི་ཐིག་ལེ་བསྟན་པའི་ཕྱིར། རླུང་གི་ཐིག་ལེ་ཞེས་བྱ་བ་གསུངས་ཏེ། རླུང་ལྔ་བསྡུས་པའི་རིམ་པའོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི།
སེམས་རྩེ་གཅིག་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཁ་དོག་རྣམ་ལྔ་ཞེས་བྱ་བ་ནི་རླུང་ལྔ་པོ་དེ་བཞིན་གཤེགས་པ་ལྔའི་མདོག་ཅན་ཉིད་ཀྱི་ཕྱིར་རོ། །གསལ་བ་ཆེ་ཞེས་བྱ་བ་ནི་འབར་བའི་རྣམ་པས་རྣལ་འབྱོར་པའི་ཤེས་པ་ལྔ་སྣང་བའི་ཕྱིར་རོ། །སྣ་རྩེར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣ་རྩེར་རོ། །སྦྱོར་བའི་རྣལ་འབྱོར་
ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པས་དམིགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཀུན་ནས་ཀྱང་ནི་འདི་འདྲ་བའི། །ཨ་ཡིག་སྔགས་ཀྱི་མཆོག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་ཨ་ཡིག་གི་རྣམ་པའོ། །དེ་དང་ཕྱི་རོལ་པ་ཉིད་ཀྱིས་དེ་མེད་པ་ཉིད་ཀྱི་
เล่ม ๓๔ · หน้า 141b
ཕྱིར་རོ། །བཟླས་པར་བྱ་ཞེས་བྱ་བ་ནི་རླུང་གི་གྲངས་ཉེ་བར་ཐོབ་པ་ལའོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོས་སོ། །དེ་ལྟར་འོད་ཟེར་གྱི་ཐིག་ལེ་བསྒོམ་པ་བཤད་ནས། ཐིག་ལེ་གསུམ་བསྒོམ་པའི་ཕན་ཡོན་བརྗོད་པའི་ཕྱིར། སྔ་མ་བཞིན་དུ་ཞེས་བྱ་བ་ནི།
ལེའུ་དྲུག་པར་བསྟན་པའི་ཐིག་ལེའི་དབྱེ་བའི་ཕན་ཡོན་བྱས་པའི་ཆོ་གས་སོ། །ཇི་སྐད་དུ། དེ་ལས་རྐང་མགྱོགས་གསེར་འགྱུར་དང་ནི་དུག་ལས་རྒྱལ་དང་མེ་ཡི་ནང་དུ་འཇུག་པ་ལ་སོགས་དང་། །མངོན་ཤེས་ལྔ་ཡི་གོ་འཕང་དང་ནི་ཤིན་ཏུ་ཆེ་བའི་ཡེ་ཤེས་རྣམས་ནི་ཁྱོད་ཀྱིས་ཐོབ་པར་
འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་ལྔ་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལྔའོ། །མངོན་ཤེས་ལྔ་ཡི་མཚན་ཉིད་ཅན། །ཞེས་བྱ་བ་ནི་ལྷའི་མིག་ལ་སོགས་པའི་ངོ་བོའོ། །ཞི་བ་ལ་སོགས་དེ་བཞིན་བསྒྲུབ། །ཅེས་བྱ་བ་ནི་འཇིག་རྟེན་
པའི་དངོས་གྲུབ་རྣམས་སོ། །ཇི་སྐད་དུ། མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །ཞེས་གསུངས་སོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་ཐིག་ལེ་གསུམ་སྒོམ་པ་པོའི་རྣལ་འབྱོར་པས་
སོ། །རིམ་པའི་མཚན་ཉིད་ཅན་ཞེས་བྱ་བ་ནི་སྐས་ཀྱི་གདང་བུའི་རིམ་པའི་རིགས་པས་འགྲུབ་པའི་ཕྱིར་ཅིག་ཅར་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་ཐིག་ལེ་གསུམ་གྱི་ངོ་བོ་བསྟན་ནས། དེ་ཉིད་ཀྱི་རྩ་གསུམ་གྱི་ངོ་བོ་བརྗོད་པའི་ཕྱིར། དེའི་ཡན་ལག་རང་གི་ངོ་
བོ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་ཐིག་ལེ་གསུམ་སྐུ་ལ་སོགས་པའི་དབྱེ་བས་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་བ་དྷཱུ་ཏཱིའི་ངོ་བོ་གསུངས་སོ། །དེ་ལ་ལུས་ལ་སོགས་པ་གཉིས་གང་ལ་ཡང་འབྲེལ་པར་བྱ་
སྟེ། དེ་ལ་ལུས་ཀྱི་རྩ་ནི་ཁྲག་འབབ་པའོ། །ངག་གི་རྩ་ནི་ཁུ་བ་འབབ་པའོ། །སེམས་ཀྱི་རྩ་ནི་རྣམ་པར་རྟོག་པ་ཐམས་ཅད་ཟ་བར་བྱེད་པས་ན་སྒྲ་གཅན་འབབ་པའོ། །ཡང་ན་ལུས་ཀྱི་ཐིག་ལེ་ནི་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པ་ལ་ལྟོས་ནས་འོད་ཟེར་གྱི་ཐིག་ལེའི་ངོ་བོའོ། །
เล่ม ๓๔ · หน้า 142a
ངག་གི་ཐིག་ལེའི་རྫས་ཀྱི་ཐིག་ལེའི་ངོ་བོ་འདོད་ཆགས་ཀྱི་རིགས་ཅན་གྱི་རྣལ་འབྱོར་པ་ལ་ལྟོས་པས་སོ། །སེམས་ཀྱི་ཐིག་ལེ་སྔགས་ཀྱི་ཐིག་ལེའི་ངོ་བོ་ཞེ་སྡང་གི་རིགས་ཅན་གྱི་རྣལ་འབྱོར་པ་ལ་ལྟོས་པས་སོ། །བསྡུས་ནས་ཞེས་བྱ་བ་ནི་རྩ་མ་ལུས་པ་བསྡུས་ནས་
སོ། །སླར་ཡང་དབྱེ་བ་ནི་སླར་ཡང་དབྱེ་བས་སྣ་ཚོགས་པའི་ངོ་བོ་ཉིད་ཀྱིས་སོ། །འགྲོ་ཞེས་བྱ་བ་ནི་འགྲོ་བའོ། །སོ་སོར་ཞེས་བྱ་བ་ནི་སོ་སོའི་རྩའི་ངོ་བོས་སོ། །དེ་ཡང་ཕན་ཚུན་ཏེ། གཅིག་ལ་གཅིག་གིས་ཞེས་བྱ་བའི་དོན་ཏོ། །ཡང་ན་སླར་ཡང་དབྱེ་བ་ནི། རྩ་གསུམ་གྱི་ངོ་བོ་ཉིད་
དང་། ཐིག་ལེ་གསུམ་གྱི་ངོ་བོ་ཉིད་ཀྱིས་སོ། །སོ་སོ་མ་ཡིན་པར་ཁྱབ་པར་ཞེས་བྱ་བའི་འདོད་པས་སོ། །ཕན་ཚུན་རྩ་གསུམ་ལའམ་ཐིག་ལེ་གསུམ་ལའོ། །སོ་སོ་མ་ཡིན་པ་ཞེས་བྱ་བ་ནི་ཐ་མི་དད་པས་སོ། །ཁྱབ་པ་ནི་ཁྱབ་པར་བྱེད་པ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་
རྩ་གསུམ་གྱི་ངོ་བོ་བསྟན་ནས། ཐིག་ལེ་གསུམ་ལ་ཕན་ཚུན་དུ་ཐིག་ལེ་གསུམ་གྱི་ངོ་བོ་ཉིད་བརྗོད་པའི་ཕྱིར། ཁོངས་སུ་ཞེས་བྱ་བ་གསུངས་ཏེ། རྫས་ཀྱི་ཐིག་ལེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོ་ལའོ། །སྔགས་དང་རླུང་དག་གི་ཁོངས་སུ་ཆུད་པ་ཞེས་བྱ་བ་དང་འབྲེལ་
ཏོ། །སྔགས་དང་འོད་ཟེར་གྱི་ཐིག་ལེ་དག་ཁོངས་སུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །རྫས་ཀྱི་ཐིག་ལེ་ལ་ཧཱུྃ་ཡིག་གི་རྣམ་པ་ཉིད་ཀྱི་ཕྱིར་རླུང་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་ཐིག་ལེ་ཞེས་བྱ་བ་ནི་སྙིང་གར་གནས་པའི་ཧཱུྃ་ཡིག་ལའོ། །དེ་ཉིད་མཆོག་ཅེས་བྱ་བ་ནི་སེམས་ཀྱི་ས་བོན་ཉིད་ཀྱི་ཕྱིར་
མཆོག་གི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ནོ། །ཐིག་ལེ་གཉིས་ནི་རྫས་དང་འོད། །ཅེས་བྱ་བ་ནི་ཁོངས་སུ་བསྡུས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཧཱུྃ་ཡིག་རླུང་ལྔའི་བདག་ཉིད་ཀྱི་ཕྱིར་དང་། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སླར་ཡང་རླུང་གི་ཐིག་ལེ་ཡང་། །ཞེས་བྱ་བ་ནི་འོད་
ཟེར་གྱི་ཐིག་ལེའོ། །སྔགས་དང་རྫས་ཀྱི་བདག་ཉིད་ཅན། །ཞེས་བྱ་བ་ནི་རྫས་དང་སྔགས་ཀྱི་ཐིག་ལེ་དག་ནང་དུ་བསྡུས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ཡང་སྔགས་དང་རྫས་ཕྱི་རོལ་དུ་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་ཤེས་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོ་ཤེས་
เล่ม ๓๔ · หน้า 142b
པའོ། །འདིར་ཞེས་བྱ་བ་ནི་འཇིག་རྟེན་འདིར་རོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི། རླུང་གི་དེ་ཉིད་སྒོམ་པ་པོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐིག་ལེ་གསུམ་ཕན་ཚུན་དུ་ཐིག་ལེ་གསུམ་གྱི་ངོ་བོ་ཉིད་བསྟན་ནས། སླར་ཡང་རྩ་གསུམ་གྱི་ངོ་བོ་རྒྱས་པར་བསྟན་པ་བརྗོད་པའི་ཕྱིར།
ཟླ་བ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་ཉི་མ་མེའི་རྩ་གསུམ་པོ་མི་རྒྱུ་བ་རྣམས་ལའོ། །མཚན་ཉིད་དོ་ཞེས་བྱ་བ་ནི་ཐིག་ལེ་གསུམ་གྱི་ངོ་བོ་ཉིད་ཀྱིས་མཚོན་པ་ཞེས་བྱ་བའི་དོན་ཏོ། །གསུམ་ཞེས་བྱ་བ་བརྗོད་དེ། དེ་ལ་མི་ཤེས་པས་གསུམ་པོ་དེ་ཉིད་གང་ཡིན་སྙམ་པ་
ལ། དེའི་ཕྱིར་ལ་ལ་ནཱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྐད་དུ། དགྱེས་པ་རྡོ་རྗེའི་རྒྱུད་ལས། ཤེས་རབ་ངོ་བོ་ལ་ལ་ནཱ། །ར་ས་ནཱ་ནི་ཐབས་ཀྱིས་གནས། །ཨ་བ་དྷཱུ་ཏཱི་དབུས་མའི་ཡུལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རང་བཞིན་དང་།
དེ་ཉིད་དུ་ནི་ཞེས་བྱ་བ་ནི་གསུམ་ཉིད་ནི་དེ་མ་ཐག་པར་གསུངས་པའི་རིགས་པས་དེ་མ་ཐག་པར་གསུངས་པའོ། །ཡོངས་སུ་གྲགས་ཞེས་བྱ་བ་ནི་བརྗོད་པའོ། །སྟེང་དང་འོག་ཏུ་ཁྱབ་པ་ཉིད། །ཅེས་བྱ་བ་ནི་རྩ་གསུམ་གཙོ་བོར་གྱུར་པ་དེ་རྣམས་ནི་གཙོ་བོའི་རྩ་རྣམས་སོ། །སོ་སོར་ལུ་གུ་རྒྱུད་
ཚུལ་ཞེས་བྱ་བ་ནི་དབུས་སུ་མདུད་པ་བརྗོད་པར་འདོད་པས་སྟེང་དང་འོག་གི་དབྱེ་བས་ཐ་དད་པའི་ཕྱིར་དྲུག་ཉིད་དུ་འགྱུར་རོ། །ཇི་སྐད་དུ། བཤང་གཅི་ཟླ་བ་ཉི་མ་དང་། །སྒྲ་གཅན་དུས་མེའི་རྩ་རྣམས་ནི། །དྲུག་ཅེས་བྱ་བ་ལ་སོགས་པའོ། །རྩ་རྣམས་ཀུན་ལ་ཁྱབ་ནས་ནི། །ཞེས་བྱ་བ་ནི་དེ་
མ་ཐག་པར་གསུངས་པའི་གསུངས་པ་དེ་རྣམས་ཉིད་ནི་དེ་ལས་གཞན་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །དེ་མེད་པར་དེ་ལས་གཞན་པ་རྣམས་ཀྱི་ངོ་བོ་མ་གྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་རིམ་པར་ཞེས་བྱ་བ་ནི་བླ་མའི་གདམས་ངག་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་གསུང་
གི་ཚད་མས་སོ། །གནས་ཞེས་བྱ་བ་ནི་རྣམ་པར་གནས་པའོ། །དེ་ལྟར་སླར་ཡང་རྩ་གསུམ་གྱི་ངོ་བོ་ཉིད་ཀྱིས་རྒྱས་པར་བསྟན་ནས་ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་ཕན་ཡོན་བརྗོད་པའི་ཕྱིར། དེ་ལྟར་རྣལ་འབྱོར་ཞེས་བྱ་བ་གསུངས་ཏེ། སྔར་གསུངས་པའི་ཐིག་ལེ་གསུམ་གྱི་ངོ་བོ་འམ་རྩ་གསུམ་
เล่ม ๓๔ · หน้า 143a
གྱི་ངོ་བོའོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་གི་གོ་འཕང་ཐོབ་པར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཕྲ་ཞེས་བྱ་བ་ནི་སྒོམ་པ་པོས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཤེས་དང་ཤེས་བྱ་རྣམ་པར་སྤངས། །ཞེས་བྱ་བ་ནི་འབྲས་བུའི་གནས་སྐབས་ལས་གཟུང་བ་དང་འཛིན་པ་རྣམ་
པར་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ཤེས་པ་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོའོ་ཞེས་བྱ་བ་ནི་འོད་ཟེར་དང་སྔགས་ཀྱི་ཐིག་ལེའི་ངོ་བོ་སྟེ་དེ་སྤངས་པའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གཞི། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལ་བརྟེན་
ནས་སོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་འཕགས་པ་ཉིད་ཀྱི་ཕྱིར་རོ། །རྨད་བྱུང་ཆེ་ཞེས་བྱ་བ་ནི་རྩ་དང་ཁམས་ཀྱི་ངོ་བོའི་ཐབས་ལ་བརྟེན་ནས་བྱང་ཆུབ་ཀྱི་ངོ་བོ་མངོན་དུ་བྱེད་པས་ན། ངོ་མཚར་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་དེ་ཉིད་ཀྱི་རྩ་
གསུམ་གྱི་ངོ་བོ་ཉིད་བསྟན་ནས་བཅོས་མའི་བརྟུལ་ཞུགས་ལ་སོགས་པ་ཡོངས་སུ་དོར་ནས། དེ་སྒོམ་པ་པོ་ལ་བརྗོད་པའི་ཕྱིར། གསོ་སྦྱོང་མ་ཡིན་ཞེས་བྱ་བ་གསུངས་ཏེ། ཐིག་ལེ་གསུམ་སྒོམ་པ་པོའི་རྣལ་འབྱོར་པ་ལ་གསོ་སྦྱོང་ལ་སོགས་པའི་ངོ་བོ་མི་དགོས་ཏེ། མཆོག་
གི་གོ་འཕང་ཐོབ་པའི་ཕྱིར་དང་། ས་དགུ་པ་ལ་ཉེ་བར་གནས་པའི་ཕྱིར་རོ། །བཟླས་པ་མིན་ཞེས་བྱ་བ་ནི་ངག་གི་བཟླས་པ་ལ་སོགས་པ་སྟེ། དབུགས་ཀྱི་འཁོར་ལོ་ཉིད་རང་བཞིན་གྱིས་གྲུབ་པ་ཉེ་བར་མཚོན་པའི་ཕྱིར་རོ། །ཕྲེང་བས་མ་ཡིན་ཞེས་བྱ་བ་ནི་མི་རུས་ཀྱི་ཕྲེང་བ་ལ་སོགས་པ་མ་
ཡིན་ནོ། །སྲོག་རྩོལ་ལ་རང་བཞིན་གྱིས་གྲུབ་པ་ལ་ཕྲེང་བ་ཉིད་ཀྱི་ཕྱིར་རོ། །འཛིན་པ་མིན་ཞེས་བྱ་བ་ནི་རས་རིས་ལ་སོགས་པ་ལ་སེམས་འཛིན་མི་དགོས་ཏེ། སྣ་རྩེ་རྣམ་པ་གསུམ་ཐིག་ལེ་རྣམ་པ་གསུམ་འཛིན་པའི་ཕྱིར་རོ། །གྲངས་མིན་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས་
པའི་ངོ་བོ་མ་ཡིན་ཏེ། ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ཉམས་སུ་མྱོང་བའི་ཕྱིར་རོ། །ཆ་མིན་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་ངོ་བོ་བསྒོམས་པས་སམ། ཡི་གེ་བསྒོམས་པའི་ངོ་བོ་མ་ཡིན་ཏེ། དུས་ཐམས་ཅད་དུ་ཆ་དང་བྲལ་བའི་རྣམ་པ་ཆོས་ཉིད་ལ་
เล่ม ๓๔ · หน้า 143b
དམིགས་པའི་ཕྱིར་རོ། །སྦྱིན་སྲེག་མིན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་དང་། དབྱེ་བ་ཐ་དད་པ་ནི་མ་ཡིན་ཏེ། འོད་གསལ་གྱི་མེས་རང་བཞིན་གྱི་རྣམ་པར་རྟོག་པ་སྲེག་པའི་ཕྱིར་རོ། །འབྱིན་བྱེད་ཅེས་བྱ་བ་ནི་ཕྱི་རོལ་པའི་གྲུབ་མཐའི་དགོངས་པས་འབྱུང་བའི་རླུང་གི་ངོ་བོ་ནི་མ་ཡིན་ནོ། །
འགེངས་བྱེད་ཀྱིས་ནི་མིན་ཞེས་བྱ་བ་ནི་དེ་ཉིད་ཀྱིས་འཇུག་པའི་རླུང་གི་ངོ་བོ་དགོས་པ་མ་ཡིན་ཏེ། འཇུག་པ་དང་གནས་པ་དང་ལྡང་བ་གསུམ་སྤངས་པའི་མ་ནིང་གི་བཟླས་པ་མཚོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་འོ་ན་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་གཅིག་
པུས་མིན་ཞེས་བྱ་བ་ནི་མཆོག་གི་གཅིག་པུས་སོ། །རྣལ་འབྱོར་རང་རིག་པས་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་རང་རིག་པར་བྱའོ། །ཡེ་ཤེས་ཆེན་པོའི་གོ་འཕང་ནི། །ཞེས་བྱ་བ་ནི་འོད་གསལ་གྱི་ངོ་བོ་ཐིག་ལེ་གསུམ་བསྒོམ་པའི་ངོ་
བོའོ། །ཞི་ཞེས་བྱ་བ་ནི་གཞན་གྱི་དོན་ལ་འབད་པ་མེད་པར་འགྲུབ་པའི་ཕྱིར་རོ། །དེ་ལྟར་བཅོས་མའི་བརྟུལ་ཞུགས་ལ་སོགས་པ་སྤངས་པ་བསྟན་ནས། དེའི་ཕན་ཡོན་བརྗོད་པའི་ཕྱིར། མངོན་པར་ཤེས་པ་ལྔ་དང་ནི། །ཞེས་བྱ་བ་གསུངས་ཏེ། ལྷའི་མིག་ལ་སོགས་པའི་ངོ་བོའོ། །དེ་བཞིན་
ཞེས་བྱ་བ་ནི་མངོན་པར་ཤེས་པ་ཐོབ་པའི་ཤེས་པའོ། །ཡེ་ཤེས་ལྔ་ཞེས་བྱ་བ་ནི་མེ་ལོང་ལ་སོགས་པ་རྣམས་སོ། །ཐོབ་ཅེས་བྱ་བ་ནི་རྙེད་པའོ། །མཆོག་ཅེས་བྱ་བ་ནི་གཅིག་པུའོ། །སྔར་བཤད་པའི་རྣལ་འབྱོར་གྱི་ཆེ་བའི་བདག་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིས་ནི་འཇིག་རྟེན་ལས་འདས་
པའི་དངོས་གྲུབ་གསུངས་སོ། །འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྟན་པའི་ཕྱིར། ཞི་སོགས་བྱ་བ་ཡང་དག་ནི། །ཞེས་བྱ་བ་གསུངས་སོ། །ཞི་བ་ལ་སོགས་པའི་ལས་ཚོགས་ཐམས་ཅད་དོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སོ། །ཐིག་ལེ་གསུམ་ནི་སྒོམ་པ་པོ། །
ཞེས་བྱ་བ་ནི་བཤད་མ་ཐག་པའི་རླུང་གི་སྒོམ་པ་པོའོ། །བསྒྲུབ་ཅེས་བྱ་བ་ནི་རིམ་པ་ལྔའི་རྗེས་སུ་འབྲངས་ནས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། རྡོ་རྗེ་བཟླས་པའི་རིམ་པ་ལས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །ཞེས་གསུངས་པས་སོ། །དེ་བཞིན་དུ། རྡོ་རྗེའི་བཟླས་པ་འདི་ཡིས་ནི། །ཆོ་ག་ཇི་བཞིན་བསྙེན་
เล่ม ๓๔ · หน้า 144a
བྱས་ནས། །ཞེས་གསུངས་སོ། །འདི་གཅིག་པུ་སྒྲུབ་པར་མ་ཟད་ཀྱི་ཇི་སྲིད་དུ་འདི་ཡང་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་མཆོག་གི་ཞེས་བྱ་བ་ནི་རྗེས་ཐོབ་ཀྱི་ཏིང་ངེ་འཛིན་གྱི་ངོ་བོའོ། །སྟོང་ཉིད་ཡེ་ཤེས་མཚན་ཉིད་ནི། ངག་རྣམ་པར་དབེན་པའི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་
ལྟར་རྣམ་པ་གཉིས་ཀྱིས་བཅོས་མའི་བརྟུལ་ཞུགས་ལ་སོགས་པ་སྤངས་པ་བསྟན་ནས། ཐིག་ལེ་གསུམ་གྱི་རྣམ་གྲངས་བརྗོད་པའི་ཕྱིར། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐིག་ལེ་གསུམ་ཡང་དག་པར་མིང་གི་རྣམ་གྲངས་ཀྱིས་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་
ལ་སོགས་པའི་ཚིག་གིས་ཤེས་པར་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་ཡེ་ཤེས་སེམས་དཔའ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་གྱི་ཐིག་ལེ་ལའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྫས་ཀྱི་ཐིག་ལེའོ། །འདི་ལ་སེམས་དཔའ་ཡོད་པ་སྙམ་དུ་བསམས་ནས་སོ། །དམ་ཚིག་སེམས་དཔའ་ཞེས་བྱ་བ་
ནི་སྔགས་ཀྱི་ཐིག་ལེའོ། །དམ་ཚིག་གི་ངོ་བོ་མི་བསྐྱོད་པ་ལ་དེའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །གནས་དང་གྲངས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་ནི་གནས་ནི་སྣ་རྩེ་རྣམ་པ་གསུམ་མོ། །གྲངས་ཀྱི་དབྱེ་བ་ཞེས་བྱ་བ་ནི་ཕན་ཚུན་སོ་སོ་ནས་ཐིག་ལེ་གསུམ་གྱི་ངོ་བོ་དང་རྩ་གསུམ་གྱི་ངོ་བོ་ཉིད་དོ། །གནས་དང་
གྲངས་ནི་གནས་དང་གྲངས་དག་གོ། །དེའི་དབྱེ་བ་ནི་དེའི་རབ་ཏུ་དབྱེ་བས་སོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་མ་འོངས་པའི་དུས་སུ་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་ཞེས་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་
འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ལས་ལེའུ་ཉི་ཤུ་རྩ་གཅིག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་ཉི་ཤུ་རྩ་གཅིག་པས་ཐིག་ལེ་གསུམ་གྱི་རྣམ་པར་དབྱེ་བའི་ཡུལ་དྲི་བའི་ལན་བརྗོད་ནས་ད་ནི་ཡི་གེ་གསུམ་གྱི་ཡུལ་ལ་
དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་ཉི་ཤུ་རྩ་གཉིས་པ་སྟོན་པར་བྱེད་ཅིང་། དང་པོར་རེ་ཞིག་དེ་རྩོམ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་ཉི་ཤུ་རྩ་གཅིག་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་ལ་ལྟོས་པས་ཐ་དད་པ་བྱས་པ་སྟེ། ཡི་གེ་གསུམ་བཤད་པར་བྱ་ཞེས་བྱ་བ་
เล่ม ๓๔ · หน้า 144b
དང་འབྲེལ་ཏོ། །ཇི་ལྟར་ཞེ་ན། དེའི་ཕྱིར་དེ་ཉིད་ཅེས་བྱ་བ་གསུངས་ཏེ། ཡི་གེ་རེ་རེ་ལ་རྣམ་པ་གསུམ་དབྱེ་བར་བྱས་པས་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གོ་འཕང་མཆོག་ཅེས་བྱ་བ་གསུངས་ཏེ། མཆོག་ནི་གསང་བ་གསུམ་གྱི་རྣམ་པ་ལ་འདུག་པའི་གནས་ཡིན་པའི་ཕྱིར་
རོ། །སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྐུ་ལ་སོགས་པའི་སྟོང་པ་ཉིད་ཀྱི་ངོ་བོ་གསུམ་པོ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་སྙིང་པོ་སྟེ། དེ་རྣམས་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དམ་ཚིག་བདག་ཉིད་ནི་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་བརྡའི་ངོ་བོ་ཉིད་ཀྱི་ཕྱིར་དང་། འགོད་པར་
མི་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡི་གེ་གསུམ་ནི་ཞེས་བྱ་བ་ནི་ཨོཾ་ཡིག་ལ་སོགས་པ་གསུམ་མོ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ་ནི་མ་དག་པའི་སྐུ་ལ་སོགས་པ་གསུམ་བཟློག་ནས། རྣམ་པར་དག་པའི་ལུས་ལ་སོགས་པ་རྣམས་ལ་རྒྱུད་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བ་བཞིན་བཤད་ཅེས་བྱ་བ་ནི་ཇི་
ལྟར་གྲགས་པའི་རྒྱུད་སྡེ་རྣམ་པ་ལྔ་ལའོ། །དེ་ཉིད་ཉོན་ཅིག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཐོས་པ་ལ་སྦྱར་བའོ། །རྣམ་ཕྱེ་ཞེས་བྱ་བ་ནི་དབྱེ་བས་སོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །བཤད་ཅེས་བྱ་བ་ནི་བརྗོད་པར་བྱ་བའོ། །ད་ནི་ཞེས་བྱ་བ་ནི་ད་ལྟ་ཉིད་དུ་ཞེས་བྱ་བའི་
དོན་ཏོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ་ནི། ཨོཾ་ཡིག་ཅེས་བྱ་བ་ནི་དོན་གྱིས་སྟོང་པའི་ཡིད་ཀྱི་རང་བཞིན་ནོ། །སྐུ་རྡོ་རྗེའི་ཞེས་བྱ་བ་ནི་སྐུ་སྟོང་པ་ཉིད་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །སྙིང་པོ་ཉིད་དུ་ཡང་
དག་བཤད། །ཅེས་བྱ་བ་ནི་ས་བོན་གྱི་ངོ་བོར་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མདོར་བསྟན་པ་བཤད་ནས། དེ་ཉིད་ལ་རབ་ཏུ་དབྱེ་བའི་སྒོ་ནས་རྒྱས་པར་བསྟན་པ་བརྗོད་པའི་ཕྱིར། ཡི་གེ་ཨ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་ཇི་ལྟ་བ་བཞིན་ནོ། །ཡི་གེ་ཨོཾ་ནི་ཡི་གེ་གསུམ་
གྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རབ་ཏུ་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་བསྟན་ནས། སོ་སོར་རྒྱས་པར་བཤད་པའི་ཡན་ལག་ཨ་ཡིག་ལ་གནས་བརྗོད་པ་སྔོན་དུ་འགྲོ་བས་དེའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། ཨ་ནི་ཆོས་ཀྱི་འཁོར་ལོ་པདྨ་ཞེས་བྱ་བ་གསུངས་ཏེ། ཨ་ཡིག་ནི་སྲོག་གི་
เล่ม ๓๔ · หน้า 145a
རླུང་གི་རྣམ་པའོ། །ཆོས་ཀྱི་འཁོར་ལོའི་ཆུ་སྐྱེས་ནི་པདྨའོ། །དེ་ལ་བརྟེན་ནས་རླུང་གི་འཁོར་ལོ་ཞེས་བྱ་བ་ནི་སྨིན་མའི་དབུས་སུ་གནས་པའི་རྩིབས་དྲུག་པ་ལའོ། །ཁྱབ་ཅེས་བྱ་བ་ནི་དེའི་མཐར་ཐུག་པར་ཁྱབ་ནས་གནས་པའོ། །ཨ་ཡིག་གི་རྣམ་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྒྲིབ་མེད་ཅེས་བྱ་བ་གསུངས་ཏེ། མི་
མཐུན་པའི་ཕྱོགས་རྣམས་ཀྱི་ཟིལ་གྱིས་མི་ནོན་པའི་ཕྱིར་དྲི་མ་མེད་པའོ། །རླུང་ཆེན་པོ་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་གྱི་རྣམ་པར་ཤེས་པའི་བཞོན་པ་ཉིད་ཀྱི་ཕྱིར་རོ། །སྲོག་ཅེས་བྱ་བ་ནི་སྲོག་གི་མིང་ཅན་ནོ། །ཐམས་ཅད་བསྡུས་ཞེས་བྱ་བ་ནི་རླུང་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཆ་མེད་ཅེས་
བྱ་བ་ནི་ཟད་པ་དང་འཕེལ་བའི་བདག་ཉིད་ཅན་གྱི་ཆ་དང་བྲལ་བའི་ཕྱིར་རོ། །ཆ་དང་བྲལ་བ་ཞེས་བྱ་བ་ནི་རྟོགས་པར་མི་ནུས་པའི་ཕྱིར་རོ། །དངོས་དང་དངོས་མེད་མཐའ་སྤངས་པ། །ཞེས་བྱ་བ་ནི་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་དང་། ཀུན་རྫོབ་ཏུ་ཡང་རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་མཐའ་གཉིས་སྤངས་པ་ནི་
བྲལ་བའོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཐིག་ལེ་འཁོར་ལོ་ཆ་ལ་ཁྱབ། །ཅེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོའི་འཁོར་ལོའི་ཆ་ནི་ཧ་ཡིག་གི་རྣམ་པ་ལ་བརྟེན་ནས་གནས་པའི་ཕྱིར་དེ་ལ་ཁྱབ་པའོ། །ནམ་མཁའི་ཁམས་ནི་ཞེས་བྱ་བ་ནི་སྟོང་པའི་དབུས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་མཆོག་ཅེས་བྱ་བ་
ནི་དོན་དམ་པར་ཡི་གེའི་དབྱིབས་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །སྔགས་རྣམས་ཐམས་ཅད་རབ་སད་བྱེད། །ཅེས་བྱ་བ་ནི་སྔགས་ཐམས་ཅད་ནི་སྦྲུལ་ལ་སོགས་པ་དང་། སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པ་རྣམས་དང་དེའི་དོན་ནི་བརྗོད་པར་བྱ་བས་བསྡུས་པའི་གཞི་ནི་རྟེན་གྱི་ངོ་བོའོ། །ཨའི་ཡི་གེ་ཉིད་ལ་བརྟེན་ནས་
མ་ལུས་པའི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་འཇུག་པའི་ཕྱིར་རོ། །རབ་སད་བྱེད་ཅེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་གདོད་མ་ནས་མ་སྐྱེས་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སོ། །སད་པར་བྱེད་པ་ནི་རྟོགས་པར་བྱེད་པའོ། །སྔགས་ཐམས་ཅད་གསོ་བར་བྱེད་ཅེས་བྱ་བ་ནི་བྱིན་གྱིས་རློབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཇི་
སྐད་དུ། དེ་ཉིད་ཕྱིར་ན་མི་དད་དེ། །སྔགས་ཀྱི་ངོ་བོའི་ཡིག་འབྲུ་རྣམས། །རྩ་ལ་ཡང་ནི་མི་ནུས་ཏེ། །རྒྱུ་བར་བྱེད་པ་རྩོམ་པ་ལ། །ཞེས་གསུངས་སོ། །ངག་གི་འཁོར་ལོ་རབ་སད་བྱེད། །ཅེས་བྱ་བ་ནི་རང་གི་ལུས་ལ་གནས་པའི་ངག་གི་འཁོར་ལོ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་བདག་ཉིད་དང་། ངག་གི་རྣམ་པར་འགྱུར་བ་མ་ལུས་
เล่ม ๓๔ · หน้า 145b
པ་མཐའ་ཡས་པའི་ཆོས་ཀྱི་ཕུང་པོའི་ཚོགས་ཀྱི་མཚན་ཉིད་ཅན་ལ་རབ་ཏུ་སད་པར་བྱེད་པ་ནི། རྟོག་པ་སྐྱེད་པར་བྱེད་པ་དང་། སྤྲོ་བ་དང་སྡུད་པར་བྱེད་པའོ། །དངོས་སུ་ལན་གསུམ་གྱི་ནི་གཞི། །ཞེས་བྱ་བ་ནི་ལན་གསུམ་གྱི་བར་དུ་གཅོད་པའི་རྩ་གསུམ་གྱི་གཞི་རྟེན་དུ་གྱུར་པའོ། །ལན་གསུམ་གྱི་གཞི་ཞེས་བྱ་བ་ནི་བྱས་ནས་
སོ། །དངོས་སུ་ཞེས་བྱ་བ་ནི་རྣལ་འབྱོར་པའི་མངོན་སུམ་གྱི་རྟོགས་པས་སོ། །འབྱུང་བ་ཐམས་ཅད་དབང་དུ་བྱེད། །ཅེས་བྱ་བ་ནི་འབྱུང་བ་ཐམས་ཅད་ནི་རང་གི་ལུས་སུ་གཏོགས་པའི་ཁམས་ཀྱི་དཀྱིལ་འཁོར་རྣམས་ལ་དབང་དུ་བྱེད་པ་རྣམས་ཀྱི་དེ་བཞིན་ནོ། །ཟད་མེད་ཅེས་བྱ་བ་ནི་ཨ་ཡིག་དེ་ཉིད་མི་ཟད་པ་ཞེས་བྱ་བར་
བརྗོད་དེ། མི་ཟད་པ་ཉིད་ཀྱི་ཕྱིར་རོ། །འཕོ་བ་མེད་པའི་གནས་ཞེས་བྱ་བ་ནི་འཇིག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་ས་བོན་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི་བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེ་ཞེས་བྱ་བ་སྟེ། དེའི་དུས་ན་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་
བའི་ཕྱིར་རོ། །གཟུགས་མེད་ཁམས་སུ་ཡང་དག་བཤད། །ཅེས་བྱ་བ་ནི་ཨ་ཡིག་གི་དབང་གིས་སྙོམས་པར་འཇུག་པ་བཞི་ཡོངས་སུ་གྲུབ་པའི་ཕྱིར་རོ། །འཁོར་ལོ་བཞི་ཡི་དོན་བསྡུས་པ། །ཞེས་བྱ་བ་ནི་སྤྲུལ་པ་ལ་སོགས་པའི་འཁོར་ལོ་བཞིའི་དོན་ནི་དོན་དམ་པའི་རྣམ་པའི་ངོ་བོས་བསྡུས་པའོ། །ཡང་ན་
གཟུགས་མེད་ཁམས་ཀྱི་བྱེ་བྲག་འདིས་བརྗོད་པར་བྱ་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་འཁོར་ལོ་བཞིས་བསྡུས་པའི་ཕྱིར་རོ། །དེ་ལྟར་ཨ་ཡིག་གི་གནས་བརྗོད་པ་སྔོན་དུ་འགྲོ་བས་ཆེ་བའི་བདག་ཉིད་བརྗོད་ནས། ཨུ་ཡིག་ལ་ཡང་དེ་བརྗོད་པ་སྔོན་དུ་འགྲོ་བས་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་རོ། །
ཨུ་ཡིག་ལོངས་སྤྱོད་འཁོར་ལོར་གནས། །ཞེས་གསུངས་ཏེ། ཨུ་ཡིག་ནི་སུམ་སྐོར་གྱི་རྩ་རྗོད་པར་བྱེད་པ་ལ་ཆ་ཉིད་ཀྱི་ཕྱིར་རོ། །མེ་དང་ཉི་མ་དང་འདྲ་བའི། །ཞེས་བྱ་བ་ནི་མེ་དང་ཉི་མ་ལྟར་འོད་གསལ་གྱི་རྣམ་པའོ། །མེ་ཡང་ཡིན་ལ་ཉི་མ་ཡང་ཡིན་པས་ན་མེ་དང་ཉི་མ་དག་གོ། །དེ་དང་འདྲ་བ་འམ་མཚུངས་པ་
ག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །མགྲིན་པའི་མཐའ་ནས་ཞེས་བྱ་བ་ནི་མགྲིན་པའི་མཐའ་མ་ནས་སོ། །སྤྱི་གཙུག་མཐའ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་མཐའི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱབ་པའི་ཞེས་བྱ་བ་ནི་དེ་ནས་བརྩམས་ནས་བདེ་བ་ཆེན་པོའི་འཁོར་ལོའི་མཐའི་བར་དུ་གནས་
เล่ม ๓๔ · หน้า 146a
པའོ། །ཅིའི་ཕྱིར་ཞེ་ན་ཁྱད་པར་གྱི་སྒོ་ནས་གཏན་ཚིགས་གསུངས་པ་ནི། གཟི་བརྗིད་ཀྱི་ནི་ལུས་ཞེས་བྱ་བ་ནི་འབར་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གཟུགས་ཀྱི་ཁམས་ཞེས་བྱ་བ་ནི་རོ་དྲུག་གི་ལོངས་སྤྱོད་ལ་ལྷའི་རྣམ་པ་བསྒོམས་པས་རང་བཞིན་མེད་པར་ཤེས་པས་འདོད་པའི་འདོད་ཆགས་དང་
བྲལ་ནས་གཟུགས་ཀྱི་ཁམས་ཞེས་བྱ་བར་བརྗོད་པའོ། །གནས་རིས་བཅུ་བདུན་བདག་ཉིད་ཅན། །ཞེས་བྱ་བ་ནི་བསམ་གཏན་བཞི་ལ་སོ་སོར་ལྷའི་གནས་ཀྱིས་བསྡུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཨུ་ཡིག་ལ་ཡང་ཆེ་བའི་བདག་ཉིད་བསྟན་ནས་མ་ཡིག་ལ་ཡང་དེ་བརྗོད་པ་སྔོན་དུ་འགྲོ་བས་ཆེ་བའི་བདག་ཉིད་སྟོན་ཞིང་
གསུངས་པ་ནི། བདེ་ཆེན་འཁོར་ལོ་ཞེས་བྱར་གནས། །ཡི་གེ་མ་ནི་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ས་བོན་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་ཙམ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཙམ་གྱི་ངོ་བོའོ། །མཐོ་གང་ཚད་ནི་སོར་བཅུ་གཉིས། །མཐའ་ནི་སོར་བཞིའི་ཚད་ཙམ་རྒལ། །ཞེས་བྱ་བ་ནི་ངག་སྟེ་དེ་ལས་མཐོ་
གང་ཙམ་ནི་སོར་བཅུ་གཉིས་སོ། །རྒལ་བར་ནི་འདའ་བར་བྱས་ནས་སོ། །སྟེང་དུ་གནས་ཞེས་བྱ་བ་ནི་སོར་བཅུ་གཉིས་ཀྱི་ཚད་ཙམ་ལ་བརྟེན་ནས་གནས་པ་ཞེས་བྱ་བའི་དོན་ཏོ། །ཟླ་བའི་གཟུགས་དང་འདྲ་བ་ཡི། །ཞེས་བྱ་བ་ནི་འོད་གསལ་བ་ཉིད་ཀྱིས་ཡོངས་སུ་གང་བས་ཟླ་བའི་དཀྱིལ་འཁོར་དང་འདྲ་བའོ། །
བདེ་བ་ཆེན་པོའི་གོ་འཕང་ནི། །ཞེས་བྱ་བ་ནི་དོན་དམ་པའི་རང་བཞིན་གྱི་བདེ་བ་ཆེན་པོ་ཤིན་ཏུ་གསལ་བར་བྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཞི་ཞེས་བྱ་བ་ནི་མ་ལུས་པའི་ལུས་གསོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྩ་རྣམས་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་བ་ནི་ལུས་སུ་གཏོགས་པའི་རྩ་སུམ་ཅུ་རྩ་གཉིས་ལ་ཁྱབ་པའོ། །མི་ཕྱེད་
ལུས་ཀྱི་གོ་འཕང་ནི། །ཞེས་བྱ་བ་ནི་དོན་དམ་པར་མི་ཕྱེད་པའི་ཡེ་ཤེས་ལས་ཕྱི་རོལ་དུ་གྱུར་པ་མེད་པའི་ཕྱིར་རོ། །མི་ཕྱེད་གོ་འཕང་ནི་ལུས་ཏེ། དེ་གང་ལ་ཡོད་པ་ཞེས་བྱ་བར་བྱས་ནས་སོ། །འདོད་པའི་ཁམས་ཞེས་བཤད་པ་ཡིན། །ཞེས་བྱ་བ་ནི་རྐང་མེད་དང་རྐང་གཉིས་ལ་སོགས་པ་སྒོ་ང་ལས་སྐྱེས་པའི་དབྱེ་བས་ཐ་དད་པ་
རྣམས་ལ་བྱང་ཆུབ་ཀྱི་སེམས་ཉིད་ལས་སྐྱེས་པའི་ཕྱིར་རོ། །གནས་རིགས་ཉི་ཤུས་བསྡུས་པའོ། །ཇི་སྐད་དུ། དམྱལ་བ་ཡི་དགས་དུད་འགྲོ་དང་། །མི་དང་ལྷ་གནས་དྲུག་པོ་ནི། །འདོད་པའི་ཁམས་ཞེས་བྱ་བའོ། །དེ་ལྟར་ཨ་ཡིག་ལ་ཡང་དེ་བརྗོད་པ་སྔོན་དུ་འགྲོ་བས་ཆེ་བའི་བདག་ཉིད་བསྟན་ནས་ཡི་གེ་གསུམ་བསྡུས་ནས་རྣམ་
เล่ม ๓๔ · หน้า 146b
པར་དག་པ་སྔོན་དུ་འགྲོ་བར་བྱ་བ་བརྗོད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔོན་དུ་བཤད་པའི་རིགས་པས་སོ། །རླུང་ནི་སྲོག་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཁམས་གསུམ་གྱི་ཞེས་བྱ་བ་ནི་གཟུགས་མེད་པ་ལ་སོགས་པའི་དབྱེ་བས་སོ། །རྩ་གསུམ་ནི་གནས་སུ་འདུས་ཞེས་བྱ་བ་ནི་རྩ་གསུམ་ནི་
ལ་ལ་ནཱ་ལ་སོགས་པའི་ཚིག་གིས་བསྡུས་པ་སྟེ་དེ་རྣམ་པར་དག་པའི་ངོ་བོའོ། །རླུང་དང་ཁམས་ལ་སོགས་པ་རྣམས་དང་རྩ་གསུམ་དང་རླུང་དང་ཁམས་ལ་སོགས་པའི་རྩ་གསུམ་སྟེ་བསྡུས་པའོ། །ཨོཾ་ཡིག་ནི་བརྡ་ཞེས་བྱ་བ་ནི་ཨོཾ་ཡིག་གི་རྣམ་པའི་ཡི་གེ་ཞེས་བྱ་བའི་དོན་ཏོ། །བརྡ་ཤེས་བྱ་ཞེས་བྱ་བ་ནི་ཤེས་པའོ། །ཁམས་
གསུམ་རྣམ་པར་སད་པར་བྱེད། །ཅེས་བྱ་བ་ནི་འདོད་པ་ལ་སོགས་པའི་ཁམས་གསུམ་སད་པར་བྱེད་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་དེ་སྐྱེད་པའི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་རོ། །འགྲོ་གཟུགས་རྣམ་པའི་སྤྲོ་བདག་ཉིད། །ཅེས་བྱ་བ་ནི་འགྲོ་བ་ནི་ཁམས་གསུམ་སྟེ། གཟུགས་ཀྱི་རྣམ་པ་ནི་གཟུགས་ཀྱི་ཕུང་པོའི་
རྣམ་པས་སོ། །སྤྲོ་བའི་བདག་ཉིད་ནི་དེའི་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་གྱི་ངོ་བོ་ནི་དོན་དམ་པར་ནི་སྟོང་པ་ཉིད་ཀྱི་ཕྱིར་རོ། །བྱ་བ་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར། རྣམ་པར་རྟོག་པའི་རླུང་གཉིས་ནི། །ཞེས་བྱ་བ་གསུངས་ཏེ་སྲོག་དང་ཐུར་སེལ་གྱི་བདག་ཉིད་དོ། །རྣམ་པར་རྟོག་པའི་རང་བཞིན་གྱི་རླུང་
གཉིས་སོ། །སྣའི་བུ་ག་ནས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣ་རྩེའི་བུ་ག་གཉིས་ནས་སོ། །ཡང་དག་སྤྲོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་དབུགས་དབྱུང་བ་དང་འཇུག་པ་ཤིན་ཏུ་གསལ་བ་ཉིད་ཀྱིས་ཉམས་སུ་མྱོང་བའི་ཕྱིར་རོ། །ཉི་མ་ཟླ་བ་གཉིས་ཞེས་བྱ་བ་ནི་ལུས་ཀྱི་འོག་ཏུ་ཁྲག་དང་ཁུ་བ་དག་ཡོངས་སུ་དག་པར་འབྱུང་
ཞེས་བྱ་བའོ། །གཉིས་ཞེས་བྱ་བ་ལ་གཉི་ག་ཞེས་བྱ་བ་ནི་གཉིས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སོ། །གྱེན་དུ་རྒྱུ་བའི་རླུང་གཉིས་པོ་དང་། འོག་ཏུ་རྒྱུ་བའི་ཟླ་བ་དང་། ཉི་མ་དག་ལ་ནང་དུ་རྒྱུ་བ་ཞེས་བྱ་བ་ནི་ནང་དུ་རྒྱུ་བའོ། །ཡང་དག་སྦས་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་སྦས་པའི་ངོ་བོ་ལ་
བརྟེན་ནས་གནས་པའོ། །མེ་ནི་འབར་བྱེད་ཅེས་བྱ་བ་ནི་མེ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ན་གནས་པའི་ཕྱིར་རོ། །རྩེ་མོ་ལ་ནི་སྨིན་མའི་དབུས། །ཞེས་བྱ་བ་ནི་བདེ་བ་ཆེན་པོ་དང་རླུང་གི་འཁོར་ལོའོ། །སྲོག་ནི་རླུང་ཞེས་བྱ་བ་ནི་སྲོག་གི་རང་བཞིན་ནོ། །དེ་ལྟར་ཞེས་བྱ་བ་ནི་སྔར་གསུངས་པའི་རིགས་པས་སོ། །གཅིག་
เล่ม ๓๔ · หน้า 147a
པུ་འང་ཞེས་བྱ་བ་ནི་ཨོཾ་ཡིག་གི་བདག་ཉིད་དོ། །གསུམ་དུ་བཤད་ཅེས་བྱ་བ་ནི་ཨ་ཡིག་དང་མ་ཡིག་གི་ངོ་བོ་ཉིད་ཀྱིས་དེ་མ་ཐག་པར་བཤད་པའི་ཆོ་གས་སོ། །སོ་སོར་སྐུ་ལ་སོགས་པ་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་དོ། །ཁམས་གསུམ་ལ་ཁྱབ་པ་ཞེས་བྱ་བ་ནི་སྲོག་གི་རླུང་གི་ངོ་བོ་ཉིད་ཀྱི་
ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ས་བོན་དོན་ཀུན་བསྡུས་པའོ། །ཞེས་བྱ་བ་ནི་མ་ལུས་པའི་སྔགས་ཀྱི་ཡི་གེ་གཙོ་བོར་གྱུར་པའོ། །ཡང་ན་སྐྱེད་པའི་ས་བོན་དོན་རྒྱས་པའོ་ཞེས་ཁ་ཅིག་ལས་འབྱུང་ངོ་། །དེའི་ཕྱོགས་ལ་སྐྱེད་པའི་ས་བོན་སེམས་སྐྱེད་པར་བྱེད་པ་བྱང་ཆུབ་
ཀྱི་སེམས་ཀྱི་ཁམས་སོ། །རྒྱས་པའོ་ཞེས་བྱ་བ་ནི་ཁམས་སུམ་ཅུ་རྩ་གཉིས་ལ་ཁྱབ་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་སོ་སོར་རྒྱས་པར་བསྟན་པ་གསུངས་སོ། །འདིས་ནི་ལུས་ཀྱི་ས་བོན་བརྗོད་པའི་མཚན་ཉིད་ཅན་གྱི་དོན་བསྟན་ནས། ངག་གི་ས་བོན་བརྗོད་པའི་
དང་པོར་མདོར་བསྟན་པ་ནི། ཡི་གེ་ཨ་ནི་ཡེ་ཤེས་མཆོག །ཅེས་བྱ་བ་གསུངས་ཏེ། ངག་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །གསུང་གི་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་སྙིང་པོ་ཉིད་ཀྱི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོས་མཆོག་ཉིད་དོ། །དེ་ལྟར་
མདོར་བསྟན་པ་བཤད་ནས། དེ་ཉིད་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། ཨ་གཉིས་དང་ནི་ཡི་གེ་ཧ། །ཞེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་ཇི་ལྟ་བ་བཞིན་ནོ། །རིང་པོར་བྱས་ཏེ་ཞེས་བྱ་བ་ནི་མཉམ་པ་ནི་ཡི་གེ་འདྲ་བ་དང་ཞེས་བྱ་བ་ལ་སོགས་པས་གོང་མའི་ཨ་རིང་པོར་
བྱས་ཏེ། ཨ་འོག་མ་ཕྱིས་པས་ཨཱ་ཧ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་ན་དེ་ཉིད་རྣམ་པ་གསུམ་མོ། །དེ་ལྟར་རྒྱས་པར་བཤད་པ་བསྟན་ནས། སོ་སོར་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། ཨ་ཡིག་དང་པོ་བརྗོད་པ་སྔོན་དུ་འགྲོ་བས། དེ་ཡི་ཆེ་བའི་བདག་ཉིད་ནི། །ཡི་གེ་ཨ་ནི་སྔར་བཤད་ཟིན། །ཞེས་བྱ་བ་ནི་ཨོཾ་གྱི་ཡི་གེ་
བཤད་པའི་དུས་ན་ཇི་སྐད་དུ། ཨ་ཡིག་ཆོས་ཀྱི་འཁོར་པདྨ། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །ཅེས་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་དོན་བསྡུས་པ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཐོག་མ་ཐ་མ་མེད་པའི་རིགས་ཀྱི་དོན་ནི་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་དོ། །དེ་བསྡུས་པ་ནི་དེའི་ཁོངས་སུ་གཏོགས་ཞེས་བྱ་བའོ། །
เล่ม ๓๔ · หน้า 147b
སྲོག་གི་རླུང་ནི་ཞེས་བྱ་བ་ནི་སྲོག་གི་རྣམ་པ་ཉིད་དོ། །མཆོག་ཡིན་ནོ་ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་རྣམ་པར་དག་པར་སྦྱང་བའི་ཕྱིར་མཆོག་གོ། །སྟོང་ཉིད་ཡེ་ཤེས་མིང་ཅན་དེ། །ཞེས་བྱ་བ་ནི་རྣམ་གྲངས་ཀྱིས་སོ། །སྲོག་དང་རྩོལ་བ་གཉིས་སུ་རིགས། །ཞེས་བྱ་བ་ནི་རླུང་གཉིས་སོ། །དེ་བསྡུས་ཞེས་བྱ་བ་ནི་
རིགས་པ་སྟེ། གཟུང་བ་དང་འཛིན་པ་དངོས་པོའི་མཚན་ཉིད་ཅན་གྱིས་སོ། །ཡུལ་དང་དབང་པོ་བསྡུས་པ་ཡི། །ཞེས་བྱ་བ་ནི་ཡུལ་དང་དབང་པོ་བསྡུས་པས་ཡུལ་དང་དབང་པོ་བསྡུས་པའོ། །འོ་ན་ཇི་ལྟར་ཡུལ་དང་དབང་པོ་བསྡུས་ཤེ་ན། ཀུན་གཞི་དང་ནི་ཉོན་མོངས་ཡིད། །ཅེས་གསུངས་ཏེ། ཕྱི་རོལ་གྱི་དོན་
མེད་པ་ལ་ཀུན་གཞི་རྣམ་པར་ཤེས་པ་ཉིད་དེ་དང་དེའི་བག་ཆགས་ཀྱི་སྟོབས་ཀྱིས་སྔོན་པོ་ལ་སོགས་པའི་དབྱེ་བས་སྣང་བ་ཉིད་དེ་གཟུང་བའི་རྣམ་པས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དང་། དབང་པོ་རྣམས་ལ་དེའི་སྣང་བའི་རྣམ་པ་ལ་བརྟེན་ནས་འཛིན་པའི་རྣམ་པ་སྣང་བའོ། །དེ་ལ་བརྟེན་པ་ནི་སྲོག་རྩོལ་གྱི་ལམ་
གཉིས་སོ། །དེ་ཉིད་ཀྱི་ཕྱིར། གཟུང་དང་འཛིན་པའི་ངོ་བོ་ཉིད། །ཅེས་གསུངས་སོ། །རྣམ་པར་ཤེས་པ་གཅིག་ཉིད་ལ་གཟུང་བ་དང་འཛིན་པ་དག་དམིགས་ནས་རླུང་གཉིས་ཀྱི་ངོ་བོས་རབ་ཏུ་སྣང་བ་ཞེས་བྱ་བའི་དོན་ཏོ། །ངོ་བོ་གཅིག་ཏུ་གྱུར་ནས་ནི། །ཞེས་བྱ་བ་ནི་རླུང་གཉིས་སྲོག་དང་རྩོལ་བའི་མཚན་ཉིད་
ཅན་གཅིག་ཏུ་བརྟགས་ནས་སོ། །གསུང་གི་རྡོ་རྗེ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་ས་བོན་ནོ། །བརྗོད་པའི་ཚིག་ཅེས་བྱ་བ་ནི་བསྐུལ་བའི་བདག་ཉིད་དོ། །དེ་ལྟར་ཨ་ཡིག་དང་པོ་བརྗོད་པ་སྔོན་དུ་འགྲོ་བས་དེའི་ཆེ་བའི་བདག་ཉིད་བརྗོད་ནས། ཨ་ཡིག་གཉིས་པའི་ཆེ་བ་སྟོན་ཅིང་གསུངས་པ་ནི། ཨ་ཡིག་
ཆོས་འཁོར་པདྨ་ལས། །ཞེས་བྱ་བ་ནི་སྙིང་གར་རྟོགས་པའི་རླུང་གི་རྣམ་པ་ལས་སོ། །མགྲིན་པར་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའོ། །ཡི་གེ་ཨ་ཉིད་འགྱུར་ཞེས་བྱ་བ་ནི་དེ་ནས་དེའི་བར་དུ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡི་གེ་ཨ་ཉིད་འགྱུར་ཞེས་བྱ་བ་སྟེ་རིང་པོ་ཉིད་ཐོབ་པའོ། །དེ་ལྟར་
ཨ་ཡིག་གཉིས་པའི་ཆེ་བའི་བདག་ཉིད་བསྟན་ནས། ཧ་ཡིག་གསུམ་པའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་གསུངས་པ། སྲོག་ཉིད་དང་ནི་ཞེས་བྱ་བ་སྟེ། སྤེལ་བ་ཞེས་བྱ་བའི་དོན་ཏོ། །ཐུར་སེལ་ཞེས་བྱ་བ་ནི་ཐུལ་སེལ་གྱི་རླུང་ངོ་། །ཡི་གེ་ཧ་ཡིག་ཅེས་བྱ་བ་ནི་དབྱངས་ཡིག་མེད་པས་སོ། །ཀུན་ནས་ནི་ཞེས་བྱ་བ་ནི་རྣམ་
เล่ม ๓๔ · หน้า 148a
པ་ཐམས་ཅད་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཧ་ཡིག་གསུམ་པའི་ཆེ་བའི་བདག་ཉིད་བརྗོད་ནས་ཡི་གེ་གསུམ་བསྡུ་བར་བྱས་ནས་དེ་ཉིད་ལ་རྣམ་པར་དག་པ་སྔོན་དུ་འགྲོ་བའི་བྱ་བ་བསྟན་པའི་ཕྱིར། མགྲིན་པའི་དབུས་ན་གནས་པ་བཅིངས། །ཞེས་གསུངས་ཏེ། མགྲིན་པའི་གནས་ཞེས་
བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོར་རོ། །བཅིངས་ཞེས་བྱ་བ་ནི་ཡི་གེ་གསུམ་གྱི་དབྱིབས་སྲོག་དང་ཐུར་སེལ་གྱི་ངོ་བོར་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཨ་ཧ་ཞེས་བྱ་བ་ནི་རླུང་གི་ས་བོན་ནོ། །ཁ་ནས་གསལ་བར་བརྗོད་ཅེས་བྱ་བ་ནི་མགྲིན་པའི་གནས་ནས་ཁའི་ལམ་ལ་ཉེ་བར་གྱུར་པ་ཞེས་བྱ་བའི་དོན་ཏོ། །
རོ་འབབ་པ་དང་ཞེས་བྱ་བ་ནི་རོ་དྲུག་འབབ་པའོ། །ཁྲུང་ཁྲུང་ཞེས་བྱ་བ་ནི་གྱ་གྱུའི་དབྱིབས་ཅན་ཉིད་ཀྱི་ཆུ་སྐྱར་གྱི་རྣམ་པའོ། །རོ་སྐྱུར་བ་ཞེས་བྱ་བ་ནི་རོ་ལ་དགའ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ན་དེ་ལྟར་ཞེས་བྱ་བ་སྟེ། ལེའུ་བཅུ་བདུན་པར་གསུངས་པའི་རྩ་གསུམ་གྱི་དབྱེ་བས་སོ། །དེ་ཞེས་བྱ་བ་ནི་ཨ་ཡིག་གོ། །
རབ་ཏུ་དབྱེ་བས་ཡི་གེ་གསུམ་གྱི་ངོ་བོའོ། །བཀུག་ནས་རྟག་ཏུ་ཁྱབ་པར་བྱེད། །ཅེས་བྱ་བ་ནི་བཀུག་ནས་ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་རྩ་གསུམ་པོའོ། །ཁྱབ་པར་བྱེད་ཅེས་བྱ་བ་ནི་རྩ་དེ་རྣམས་ལ་གནས་པའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །གཟུགས་ཀྱི་ཁམས་ནི་ཞེས་བྱ་བ་ནི་དེ་རྣམ་
པར་དག་པའི་ངོ་བོའོ། །དམར་ཆེན་པོ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དམར་པོའི་མདོག་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་སོ་སོར་རྒྱས་པར་བཤད་པ་གསུངས་སོ། །དེ་ལྟར་དོན་གསུམ་གྱི་ངག་གི་ས་བོན་གྱི་མཚན་ཉིད་ཀྱི་དོན་བསྟན་ནས། སེམས་ཀྱི་ས་བོན་བརྗོད་པའི་
དོན་དུ་དེའི་ཡན་ལག་མདོར་བསྟན་པ་ནི། ཧཱུྃ་གི་ཡི་གེ་ཡེ་ཤེས་མཆོག །ཅེས་གསུངས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཐུགས་ས་བོན་ཞེས་བྱ་བ་ནི་ཐུགས་ཀྱི་ས་བོན་ནོ། །མི་བསྐྱོད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་གཙོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་མདོར་བསྟན་
པ་བཤད་ནས། དེ་ཉིད་ལ་རབ་ཏུ་དབྱེ་བའི་སྒོ་ནས་རྒྱས་པར་བསྟན་པ་ནི། ཧ་དང་དེ་བཞིན་ཡི་གེ་ཨུ། །དེ་ནི་ཡི་གེ་མ་དང་གསུམ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཇི་ལྟ་བ་བཞིན་དུའོ། །དེ་ནི་གསུམ་ཞེས་བྱ་བ་ནི་ཧཱུྃ་ཡིག་གོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རྐང་པ་ནས་ནི་མགོ་བོའི་བར། །ཞེས་གསུངས་ཏེ། རྐང་པ་
เล่ม ๓๔ · หน้า 148b
ནས་བརྩམས་ཏེ་མགོ་བོའི་མཐར་ཐུག་པར་རོ། །འཁོར་ལོ་བཞི་ནི་དོན་བསྡུས་པ། །ཞེས་བྱ་བ་ནི་སྤྲུལ་པ་ལ་སོགས་པའི་འཁོར་ལོ་བཞི་པོ་བསྡུས་པའི་རང་བཞིན་ནོ། །སེམས་ལས་མ་གཏོགས་པའི་ཕྱི་རོལ་གྱི་འཁོར་ལོ་བཞི་པོ་རྣམས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་དེ་ཉིད་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་རྒྱས་
པར་བཤད་པ་བསྟན་ནས། སོ་སོར་རྒྱས་པར་བཤད་པ་བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་ཧ་ཡིག་གི་གནས་བརྗོད་པ་སྔོན་དུ་འགྲོ་བས། དེའི་ཆེ་བའི་བདག་ཉིད་ནི། ཧ་ནི་ཐུར་སེལ་མིང་ཅན་རླུང་། །ཞེས་བྱ་བ་གསུངས་ཏེ། ཐུར་སེལ་གྱི་རླུང་གི་ངོ་བོ་ཡི་གེའི་དབྱིབས་ཀྱི་མཚན་ཉིད་ཡིན་ནོ། །
བཤང་སྒོ་གསང་བའི་དབུས་ན་གནས། །ཞེས་བྱ་བ་ནི་དེ་སྐྱེས་པའི་རྩ་ཉིད་ལ་བརྟེན་པ་ཉིད་ཀྱི་ཕྱིར་དང་། བཤང་སྒོ་གསང་བའི་བར་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཧ་ཡིག་གི་གནས་བརྗོད་པ་སྔོན་དུ་འགྲོ་བས་དེའི་ཆེ་བའི་བདག་ཉིད་བསྟན་ནས། ཨུ་ཡིག་གནས་སྔོན་དུ་འགྲོ་བས་དེའི་
ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། ཡི་གེ་ཨུ་ནི་གྱེན་དུ་རྒྱུ་བའི་ཞེས་བྱ་བ་ནི་གྱེན་དུ་རྒྱུ་བའི་རླུང་གི་ངོ་བོར་འགྱུར་རོ། །མགྲིན་པའི་པདྨའི་དབུས་ན་གནས། །ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་སྟེང་དུ་གནས་ཞེས་བྱ་བའོ། །དེ་ལྟར་ཨུ་ཡིག་གི་གནས་བརྗོད་པ་སྔོན་དུ་འགྲོ་བས། དེའི་ཆེ་བའི་
བདག་ཉིད་གསུངས་སོ། །མ་ཡིག་གི་གནས་བརྗོད་པ་སྔོན་དུ་འགྲོ་བས། དེའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། ཡི་གེ་མ་ནི་གྱེན་དུ་རྒྱུ་བའི་ཞེས་བྱ་བ་གསུངས་ཏེ། སྲོག་རླུང་ཡིན་ཞེས་བྱ་བའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་རླུང་གི་འཁོར་ལོ་ལ་ཞེས་བྱ་བ་གསུངས་ཏེ། རླུང་གི་འཁོར་ལོར་རོ། །དཔྲལ་
བར་ཞེས་བྱ་བ་ནི་སྨིན་མའི་དབུས་སུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མ་ཡིག་གི་གནས་བརྗོད་པ་སྔོན་དུ་འགྲོ་བས། དེའི་ཆེ་བའི་བདག་ཉིད་གསུངས་སོ། །ཡི་གེ་གསུམ་པོ་བསྡུས་པའི་རྣམ་པས་དེ་ཉིད་ཀྱི་རྣམ་པར་དག་པ་སྔོན་དུ་འགྲོ་བར་བྱས་ནས། དེ་དག་གཅིག་གྱུར་ཅེས་བྱ་བ་གསུངས་
ཏེ། དེ་མ་ཐག་པར་བཤད་པའི་ཡི་གེ་གསུམ་བསྡུས་པར་བྱས་ནས་སོ། །སྙིང་ག་ལ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་གནས་ལའོ། །ཐུགས་ཀྱི་ས་བོན་ཞེས་བྱ་བ་ནི་མི་བསྐྱོད་པའི་ས་བོན་ནོ། །ངེས་པར་ཕྱུང་ཞེས་བྱ་བ་ནི་ཕྱི་རོལ་དུ་ངག་གི་ངོ་བོས་ཞེས་བྱ་བའི་དོན་ཏོ། །མི་བསྐྱོད་
เล่ม ๓๔ · หน้า 149a
སྙིང་པོ་ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་ཧཱུྃ་ཡིག་གོ། །ཁ་དོག་ནག་ཅེས་བྱ་བ་ནི་རང་གི་རིགས་ཀྱི་ཁ་དོག་ཉིད་ཀྱི་ཕྱིར་རོ། །གཟུགས་མེད་ཁམས་ཀྱི་མིང་ཅན་ནོ། །ཞེས་བྱ་བ་ནི་དེ་གཅིག་ཏུ་ཕུང་པོ་བཞིའི་བདག་ཉིད་ཅན་སེམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་
ལྟར་དོན་རྣམ་པ་བཞིས་སོ་སོར་རྒྱས་པར་བཤད་པ་བསྟན་ནས། དེ་ཉིད་ལ་དོན་རྣམ་པ་གསུམ་གྱིས་སེམས་ཀྱི་ས་བོན་བསྟན་ནས། དེའི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཞེས་བྱ་བ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །རབ་
ཏུ་བཤད་ཅེས་བྱ་བ་ནི་བརྗོད་པའོ། །སྙིང་པོ་ཞེས་བྱ་བ་ནི་ཡི་གེ་གསུམ་གྱི་བདག་ཉིད་དོ། །དེ་ལྟར་དོན་བཞིས་ཡི་གེ་གསུམ་བཤད་པ་བསྟན་ནས། དེའི་ནང་ནས་གཙོ་བོའི་ཡི་གེ་བཤད་པའི་ཕྱིར། དེའི་ཡན་ལག་དེའི་དོན་ཉིད་ཞུ་བར་བྱེད་པ་ནི། སླར་ཡང་ཞུས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། སྔར་གྱི་ཞུས་པ་ལ་ལྟོས་ནས་སོ། །ཐམས་ཅད་མཁྱེན་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་མཁྱེན་པས་ན་ཐམས་ཅད་མཁྱེན་པའོ། །ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི་ཞུ་བ་པོའོ། །ཐལ་སྦྱར་ནས་ཞེས་བྱ་བ་ནི་ལག་པ་གཉིས་ཀྱི་ཐལ་མོ་སྦྱར་
བའོ། །གུས་པར་བྱེད་པ་སྔོན་དུ་འགྲོ་བས་ཡོངས་སུ་ཞུ་བར་བྱེད་པའི་ཕྱིར་རོ། །ཅི་ཞིག་ཞུ་བར་བྱས་ཤེ་ན། དེའི་ཕྱིར་གནས་ཀྱི་དབྱེ་བ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསུམ་གྱི་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །ཡི་གེའི་དོན་ཞེས་བྱ་བ་ནི་ཡི་གེ་གསུམ་གྱི་མཆོད་པར་བརྗོད་པར་བྱ་བའོ། །
གནས་ཀྱི་དབྱེ་བ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྟེན་གྱི་དབྱེ་བས་སོ། །རྟོགས་ལགས་ན་ཞེས་བྱ་བ་ནི་བདག་གིས་བཅོམ་ལྡན་འདས་ཀྱི་དྲིན་གྱིས་རྟོགས་པའོ། །ཇི་ལྟ་བུ་ཞིག་གཙོ་བོར་གསུངས་ཤེ་ན། དེའི་ཕྱིར་འདི་རྣམས་ཞེས་བྱ་བ་གསུངས་ཏེ། ཡི་གེ་གསུམ་པོ་འདི་རྣམས་
ཀྱི་ནང་ནས་སོ། །ཇི་ལྟ་བུ་ཞིག་བདག་པོ་ཞེ་ན། དེའི་ཕྱིར་ཡི་གེ་གང་གིས་གཙོ་བོ་ཉིད་དོ། །ཇི་ལྟ་བུ་ཞིག་གཙོ་བོར་གསུངས་ཤེ་ན། དེའི་ཕྱིར་གཙོ་བོ་ཞེས་གསུངས་ཏེ། གཙོ་བོ་ནི་བཅོམ་ལྡན་འདས་ལ་བོད་པ་སྟེ། སངས་རྒྱས་ལྔའི་བདག་པོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེའི་དོན་ཉིད་དུ་ཞུ་བ་བསྟན་ནས་བཅོམ་ལྡན་
เล่ม ๓๔ · หน้า 149b
འདས་ཀྱི་གསུང་ལ་འཇུག་པ་སྔོན་དུ་འགྲོ་བས་དེ་བཤད་པར་དམ་བཅའ་བ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སླར་ཡང་གསུངས་ཞེས་བྱ་བ་སྟེ། སླར་ཡང་ཞེས་བྱ་བ་ནི་སྔར་ལ་ལྟོས་ནས་སོ། །བཅོམ་ལྡན་འདས་ནི་སྔར་བཤད་ཟིན་ཏོ། །རྡོ་རྗེ་འཆང་བ་ཆེ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་རྡོ་རྗེ་
ཆེན་པོ་འཆང་བའི་ཕྱིར་རོ། །གཙོ་བོ་ཞེས་བྱ་བ་ནི་ཁམས་གསུམ་པའི་བདག་པོ་ཉིད་ཐོབ་པའི་ཕྱིར་རོ། །གསང་བ་ཞེས་བྱ་བ་ནི་སྦས་པ་ཉིད་ཀྱི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་ཉིད་དོ། །གསང་བ་ཡིན་ཞེས་བྱ་བ་ནི་ཟབ་པའོ། །སྦས་པའི་དོན་ནི་ཞེས་བྱ་བ་ནི་མྱུར་བ་ཉིད་དུ་མི་རྟོགས་པའི་ཕྱིར་རོ། །
ཁྱོད་དྲི་བ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་འདྲི་བ་ལ་བཅོམ་ལྡན་འདས་ཀྱིས་ཕན་ཡོན་གསུངས་པའོ། །རྒྱུད་རྣམས་ཀུན་དུ་སྦས་པ་ནི། །ཞེས་བྱ་བ་ནི་བྱ་བ་ལ་སོགས་པའི་རང་བཞིན་རྣམས་ལའོ། །མཉན་པར་གྱིས་ཞེས་བྱ་བ་ནི་ཉན་པ་ལ་སྦྱར་བའོ། །ཡང་དག་བཤད་ཀྱིས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་
ངོ་བོ་ཉིད་ཀྱིས་གསལ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུང་ལ་འཇུག་པས་སྔོན་དུ་འགྲོ་བས་དེ་བཤད་པར་རྩོམ་པ་བསྟན་ནས། གཙོ་བོའི་ངོ་བོ་བཤད་པའི་ཕྱིར། གཙོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙོ་བོར་ནི་གཙོ་བོ་ཉིད་དོ། །ཐུགས་ཀྱི་ས་བོན་ཞེས་བྱ་བ་ནི་ཧཱུྃ་གི་ཡི་གེ་
མི་བསྐྱོད་པའི་ས་བོན་ཉིད་ལའོ། །དེ་ཉིད་ལ་ཐམས་ཅད་ཀྱི་ནང་ནས་གཙོ་བོ་ཉིད་དོ། །ཆོས་ཐམས་ཅད་སེམས་ལ་རག་ལས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྣམ་པར་རྟོག་མེད་ཅེས་གསུངས་ཏེ། རྣམ་པར་རྟོག་པས་མ་གོས་པའོ། །ཀུན་གྱིས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཀུན་ལ་
ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་སྐབས་ལ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་གཙོ་བོ་གཞན་རྣམས་ནི་ཞེས་བྱ་བ་ནི་གང་གི་ཕྱིར་ནི་གང་ལས་སོ། །གཞན་རྣམས་ནི་ཞེས་བྱ་བ་ནི་ངག་དང་ལུས་ཀྱི་ས་བོན་རྣམས་ལས་སོ། །འགྲིབ་དང་དེ་བཞིན་འཕྲོག་པར་བྱེད། །ཅེས་བྱ་བ་ནི་རིམ་པ་ཇི་
ལྟ་བ་བཞིན་དུ་རྣམ་པར་རྟོག་པ་དང་རླུང་གཉིས་སོ། །གང་གི་ཕྱིར་སེམས་ཀྱི་ས་བོན་ལས་བརྒྱ་རྩ་བརྒྱད་ཀྱི་གྲངས་དང་ལྡན་པའི་རྣམ་པར་རྟོག་པའི་ཚོགས་སོ། །འགྲིབ་དང་ཞེས་བྱ་བ་ནི་རང་བཞིན་ཡོངས་སུ་ཤེས་ནས་སྤོང་བར་འགྱུར་རོ། །རླུང་གཉིས་ནི་སྲོག་དང་ཐུར་སེལ་གྱི་བདག་ཉིད་ཅན་ནོ། །
เล่ม ๓๔ · หน้า 150a
འཕྲོག་པར་བྱེད་ཅེས་བྱ་བ་ནི་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པ་བསྒོམས་པས་འཕྲོ་བར་བྱེད་པ་ནི་རྣམ་པར་ཟློག་པར་བྱེད་པ་སྟེ། དེའི་རང་བཞིན་ཡོངས་སུ་ཤེས་པས་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཉིས་པོ་དེ་དག་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ལུས་ཀུན་ལ་ནི་ཁྱབ་པར་བྱེད། །
ཅེས་བྱ་བ་གསུངས་ཏེ། སྲོག་འཛིན་པ་ཐམས་ཅད་ལ་ཐམས་ཅད་དུ་ཁྱབ་པའོ། །སྣ་ཡི་བུ་ག་དག་ལ་རྒྱུ། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣའི་བུ་ག་གཉིས་ཀྱི་ལམ་ནས་རྒྱུ་བར་བྱེད་པའོ། །ལུས་ལ་ཞེས་བྱ་བ་ནི་ལུས་ཉིད་ལའོ། །འབྱུང་བར་བྱེད་ཅེས་བྱ་བ་ནི་དེ་དང་དེའི་ལས་བསགས་པས་སོ། །རྟག་ཏུ་
ཞེས་བྱ་བ་ནི་དུས་རྟག་ཏུའོ། །གང་གི་སྟོབས་ཀྱིས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རླུང་གི་ཆེ་བའི་བདག་ཉིད་ཀྱི་མཐུས་སོ། །ཡོངས་སུ་མ་ཤེས་པའི་གནས་སྐབས་ནའོ། །འཁོར་བའི་ལམ་ཞེས་བྱ་བ་ནི་སྲིད་པའི་ལམ་ལའོ། །འགྲོ་བ་དྲུག་གི་དབྱེ་བས་ཐ་དད་པ་ལའོ། །འདིར་ཞེས་བྱ་བ་ནི་ཉེ་བར་དམིགས་
པར་གྱུར་པའོ། །འཁོར་བའི་ཞེས་བྱ་བ་ནི་ཟོ་ཆུན་རྒྱུད་མོའི་རིགས་པས་འབྱུང་བར་འགྱུར་ཞེས་པའི་དོན་ཏོ། །གསུམ་པ་ཞེས་བྱ་བ་ནི་ཧཱུྃ་ཡིག་གི་ངོ་བོ་དེ་ལས་གཞན་པའི་གཉིས་བརྗོད་པར་འདོད་ནས་སོ། །རྣལ་འབྱོར་པ་ཡིས་རྟོགས་ཞེས་བྱ་བ་ནི་རིམ་པ་གཉིས་སྒོམ་པ་པོ་རྣམས་ཀྱི་ཡུལ་ལོ། །རྣམ་
རྟོག་མེད་པ་ཞེས་བྱ་བ་ནི་རྣམ་པར་དག་པ་གཉིས་ཀྱི་དགོངས་པས་ཀྱང་རྣམ་པར་རྟོག་པ་དང་བྲལ་བའོ། །རྨད་བྱུང་ཆེ་ཞེས་བྱ་བ་ནི་དེ་དང་དེའི་རྣམ་པ་ཉིད་ཀྱིས་དེ་ཉིད་ལ་སྣང་བའི་ཕྱིར་རོ། །རླུང་རྣམས་ཐམས་ཅད་འགོག་པས་ན། །ཞེས་བྱ་བ་ནི་རླུང་བཅུ་འགོག་པ་དང་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་འགགས་
པས་སོ། །སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །གང་ལ་ཞེ་ན། དེའི་ཕྱིར་དེ་ཉིད་རྟོགས་པའོ་ཞེས་གསུངས་ཏེ། སེམས་ཀྱི་དབང་ཕྱུག་གི་ས་བོན་ཉེ་བར་མཚོན་པ་རྣམས་སོ། །དེ་ལྟར་ན་དོན་གསུམ་གྱིས་གཙོ་བོའི་ཡི་གེ་བཤད་ནས། དེ་དངོས་སུ་བྱེད་པའི་ཐབས་བརྗོད་པར་འདོད་ནས་དེའི་ཡན་ལག་
འཁོར་ལོ་གསུམ་གྱི་ངོ་བོ་གསུངས་པ་ནི། རླུང་ནི་ཐམས་ཅད་འགོག་པ་སྤངས། །ཞེས་བྱ་བ་སྟེ། ཐམས་ཅད་ནི་བརྒྱ་རྩ་བརྒྱད་ཀྱི་གྲངས་དང་ལྡན་པའམ། བཅུ་པོ་རྣམས་འགོག་པ་ནི་ཉེ་བར་བསྡུ་བའོ། །ཡང་དག་ཅེས་བྱ་བ་ནི་མ་འཁྲུལ་པ་ཉིད་ཀྱིས་སོ། །བདག་གིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་
เล่ม ๓๔ · หน้า 150b
དྲུག་པའི་རྣམ་པ་ཅན་སྟོན་པ་པོའོ། །རིགས་པ་ཞེས་བྱ་བ་ནི་ཐབས་ཀྱི་མཚན་ཉིད་དོ། །བཤད་ཅེས་བྱ་བ་ནི་བརྗོད་པར་གྱུར་པའོ། །སྤྲུལ་པ་ཆོས་ཀྱི་འཁོར་ལོའི་དབུས། །ཞེས་བྱ་བ་ནི་འཁོར་ལོ་གཉིས་ཀྱི་དབུས་སུའོ། །པདྨ་གཉིས་སུ་ཞེས་བྱ་བ་ནི་པདྨ་གཉིས་སོ། །འདིར་ནི་ཞེས་བྱ་བ་ནི་རྣལ་འབྱོར་མའི་
རྒྱུད་བཤད་པའི་སྐབས་སུའོ། །གསུངས་ཞེས་བྱ་བ་ནི་བཤད་པའོ། །དྲུག་ཅུ་རྩ་བཞི་བརྒྱད་འདབ་གཉིས། །ཞེས་བྱ་བ་ནི་འཁོར་ལོ་གཉིས་ཏེ་རེ་རེ་བཞིན་པདྨའི་དབྱིབས་ཉིད་ཀྱི་ཕྱིར་རོ། །དེ་དག་ཟ་མ་ཏོག་བཞིན་གནས། །ཞེས་བྱ་བ་ནི་ཟ་མ་ཏོག་གི་ཚུལ་ཁྲིམས་ཀྱི་སྟེང་དང་འོག་ཏུ་ཁ་སྦྱར་བའི་རིགས་
པས་གནས་པའོ། །གཞན་ཡང་སྟེང་འོག་ཅེས་བྱ་བ་ནི་སྟེང་དང་འོག་ཏུ་ཡང་དག་པར་བརྟེན་ནས་སོ། །སྲོག་དང་ཐུར་སེལ་ཞེས་བྱ་བ་ནི་ཇི་ལྟར་སྲིད་པའི་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་རླུང་གཉིས་རྒྱུ་བར་བྱེད་པའོ། །དེ་གཉིས་ཞེས་བྱ་བ་ནི་གང་དག་ཟ་མ་ཏོག་བཞིན་དུ་གནས་པའོ། །རྟོག་པ་
དང་བཅས་པ་ཞེས་བྱ་བ་ནི་ཡུལ་གྱི་སྟོབས་ཀྱིས་རྣམ་པར་རྟོག་པ་དང་། རང་བཞིན་སྐྱེད་པའི་ཕྱིར་རོ། །རླུང་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་རང་བཞིན་ནོ། །གསུངས་ཞེས་བྱ་བ་ནི་བསྟན་པའོ། །གསལ་བར་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ཉམས་སུ་མྱོང་བར་གྱུར་པའི་ཕྱིར་རོ། །སྐུ་དང་གསུང་གི་
སྙིང་པོ་གཉིས་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་དག་གོ། །ཡི་གེ་གཉིས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཉིད་དོ། །ལ་ལ་ནཱ་དང་ར་ས་ནཱ་ཞེས་བྱ་བ་ནི་རྩ་གཉིས་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འཁོར་ལོ་གཉིས་ཀྱི་ངོ་བོ་བསྟན་ནས། རྩ་དབུས་མའི་ངོ་བོ་
བཤད་པའི་ཕྱིར། ཨ་བ་དྷཱུ་ཏཱིའི་རྣམ་པར་རྟོག་པ་སྤངས་པ་ཉིད་ཀྱི་ཕྱིར་རོ། །མཆོག་གི་རྩ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱི་གཙོ་བོའོ། །དེ་གཉིས་ཞེས་བྱ་བ་ནི་དེ་མ་ཐག་པར་བཤད་པའི་འཁོར་ལོ་དག་གིའོ། །དབུས་མ་ཞེས་བྱ་བ་ནི་བར་དུའོ། །མཆོག་གི་མཆོག་ཅེས་བྱ་བ་ནི་མཆོག་ནི་རྩ་གཉིས་པོ་དག་ལས་
མཆོག་སྟེ། ཁྱད་པར་དུ་འཕགས་པའོ། །རླུང་ཞེས་བྱ་བ་ནི་རླུང་ངོ་། །རྣམ་རྟོག་མེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་མ་འདྲེས་པའོ། །གང་ཡིན་ཞེས་བྱ་བ་ནི་ཨ་བ་དྷཱུ་ཏཱིའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །རྒྱུ་ཞིང་ཞེས་བྱ་བ་ནི་རབ་ཏུ་རྒྱུ་བའོ། །ལུས་འདི་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཀྱིས་འགྲོ་
เล่ม ๓๔ · หน้า 151a
བའི་ཕྱིར་ཀུན་ལ་ཁྱབ་པའོ། །གང་ཐོབ་ཅེས་བྱ་བ་ནི་རྣམ་པར་རྟོག་པའི་རླུང་རྒྱུ་བའི་རྩ་དབུས་མ་ཡང་དག་པར་ཐོབ་ནས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་སྒོམ་པ་པོའོ། །རྟག་ཏུ་ནི་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །སེམས་ཅན་དོན་ནི་བྱེད་ནུས་པ། །ཞེས་བྱ་བ་ནི་འབད་པ་མེད་
པར་སེམས་ཅན་གྱི་དོན་བྱེད་ནུས་པར་འགྱུར་ཞེས་བྱ་བའི་ལྷག་མའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར། རླུང་གི་རང་བཞིན་བྱེ་བྲག་ནི། །ཞེས་བྱ་བ་གསུངས་ཏེ། རང་བཞིན་ཡང་ཡིན་ལ་རླུང་ཡང་ཡིན་པས་ན། རླུང་གི་རང་བཞིན་ནོ། །དེ་རྣམས་བྱེ་བྲག་ནི་དབྱེ་བའོ། །དེ་རྣམས་ཀྱི་བརྒྱ་དང་བརྒྱད་དང་རང་བཞིན་
ནི་བརྒྱ་རྩ་བརྒྱད་དོ། །བརྒྱལ་ནས་ཞེས་བྱ་བ་ནི་ལེའུ་གསུམ་པར་གསུངས་པའི་ཆོ་གས་སྤངས་ནས་སོ། །གང་གནས་པ་ཞེས་བྱ་བ་ནི་རྩ་དབུས་མར་གནས་པར་བྱེད་པའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །རིགས་ཞེས་བྱ་བ་ནི་སྔར་བཤད་པའི་སྦྱོར་བའི་བྱེ་བྲག་གིས་སོ། །མི་ཤེས་པ་ཞེས་བྱ་
བ་ནི་ཡུལ་མ་ཡིན་པའོ། །རྣལ་འབྱོར་བྱིས་པ་ཞེས་བྱ་བ་ནི་བྱིས་པ་ནི་རྫོགས་པའི་རིམ་པ་ཡོངས་སུ་མི་ཤེས་པས་རྣལ་འབྱོར་ཡང་ཡིན་ཏེ། བསྐྱེད་པའི་རིམ་པ་ཙམ་བསྒོམ་པའི་ཕྱིར། རྣལ་འབྱོར་བྱིས་པས་སོ། །ཡང་ན་རིགས་པ་མི་ཤེས་པ། །ཞེས་བྱ་བ་དང་འབྲེལ་ཏོ། །མངོན་སུམ་དང་རྗེས་སུ་དཔག་
པའི་རིགས་པ་ལས་ཕྱི་རོལ་དུ་གྱུར་པའོ། །སྐད་ཅིག་གཅིག་རྫོགས་མངོན་བྱང་ཆུབ། །ཅེས་བྱ་བ་ནི་ཨ་བ་དྷཱུ་ཏཱིའི་གནས་སྐབས་ཐོབ་པའི་དུས་སུ་སྐད་ཅིག་གཅིག་ལ་བྱ་བ་རྫོགས་པའི་མཚན་ཉིད་ཅན་ནོ། །མངོན་པར་བྱང་ཆུབ་པ་ནི་སངས་རྒྱས་ཉིད་ཐོབ་པའོ། །དེ་ཡིས་ཐོབ་པར་ཞེས་བྱ་བ་ནི་ཨ་བ་དྷཱུ་ཏཱིའི་ངོ་
བོས་ཐོབ་པས་སོ། །འདིར་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པར་རོ། །གསུངས་ཞེས་བྱ་བ་ནི་བརྗོད་པའོ། །དེ་ནི་གང་ཚེ་སྐད་ཅིག་འཐོབ། །ཅེས་བྱ་བ་ནི་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པའོ། །དེ་ནི་སྐད་ཅིག་ཅེས་བྱ་བ་ནི་སྐད་ཅིག་གཅིག་གིས་མངོན་པ་བྱང་ཆུབ་པ་འཐོབ་པའི་མཚན་ཉིད་དོ། །
མཆོག་ཏུ་གསུངས་ཞེས་བྱ་བ་ནི་ཀུན་རྫོབ་གཅིག་པུ་བསྟན་པ་ཡིན་ཏེ། དེའི་ངོ་བོ་དེ་ཁོ་ན་ཉིད་མ་མཐོང་བས་བརྗོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྩ་དབུས་མའི་རང་གི་ངོ་བོ་བསྟན་ནས་དེ་ཐོབ་པར་བྱེད་པའི་ཐབས་ཀྱི་ངོ་བོ་བརྗོད་པའི་ཕྱིར། དེ་ཡང་ཇི་ལྟར་འཐོབ་པར་བྱེད། །ཅེས་བྱ་བ་གསུངས་ཏེ། རྩ་དབུས་མ་ལ་
เล่ม ๓๔ · หน้า 151b
བརྟེན་ནས་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པའོ། །ཇི་ལྟར་ཐོབ་པར་བྱེད་ཅེས་བྱ་བ་ནི་ཐབས་གང་གིས་རྟོགས་པར་བྱ་བའོ། །རིགས་པ་ཞེས་བྱ་བ་ནི་སྦྱོར་བའོ། །དེ་ལ་ཞེས་བྱ་བ་ནི་དེ་ཐོབ་པའི་ཕྱིར་རོ། །བརྗོད་ཅེས་བྱ་བ་ནི་བརྗོད་པའོ། །རིགས་པ་དེ་གང་ཡིན་ཞེ་ན། དེའི་ཕྱིར་ཐོག་མར་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། རྣལ་འབྱོར་ཆེན་པོ་ནི་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པའི་རྗེས་སུ་འབྲངས་ནས་བྱང་ཆུབ་མངོན་དུ་བྱེད་པ་ལ་ཕྱོགས་པའོ། །ཞི་གནས་སྒོམ་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་རྒྱུར་གྱུར་པའི་ཏིང་ངེ་འཛིན་ལ་གོམས་པར་བྱེད་པའོ། །བློ་བཟང་གིས་ནི་ཞེས་བྱ་བ་ནི་གདམས་ངག་ཇི་ལྟ་བ་
བཞིན་དུ་བསྒོམ་པ་ཤེས་པའི་ཕྱིར་རོ། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་བསྒོམ་པས་སོ། །ཕྱག་རྒྱ་བྱས་ནས་ཞེས་བྱ་བ་ནི་ལྷའི་རྣམ་པར་བསྐྱེད་ནས་སོ། །འབར་བའི་ཞེས་བྱ་བ་ནི་མེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་སྲེག་པར་བྱེད་པས་སོ། །བསྡམས་ཞེས་བྱ་བ་ནི་
བསྡམས་པར་བྱས་ནས་སོ། །དབང་པོའི་སྒོ་ནི་སྒོ་དགུ་ལ། །ཞེས་བྱ་བ་ནི་རང་དང་འོས་པའི་ཡུལ་ལ་སོགས་པའི་ངོ་བོ་རྣམས་སོ། །དགུའི་གྲངས་ཀྱིས་ཞེས་བྱ་བ་ནི་མིག་ལ་སོགས་པ་དགུའི་གྲངས་ཀྱི་དབྱེ་བས་སོ། །ཧཱུྃ་བཟླས་པ་ནི་མཚུངས་པ་མེད། །ཅེས་བྱ་བ་ནི་སེམས་ཀྱི་བཟླས་པའི་རྣམ་པ་སྟེ། ཧཱུྃ་གཅིག་ཉིད་
ལ་རྣམ་པ་གསུམ་དུ་འཇུག་པ་དང་། གནས་པ་དང་ལྡང་བ་རྣམས་ལ་སྦྱར་ནས་དབུགས་ཀྱི་འཁོར་ལོ་མཚོན་པར་བྱའོ། །དེ་ཉིད་ཀྱི་ཕྱིར་མཚུངས་པ་མེད་ཅེས་གསུངས་ཏེ། ཕྱི་རོལ་གྱི་ཧཱུྃ་ཡིག་གི་བཟླས་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་དབུགས་ཀྱི་རིམ་པས་ཉེ་བར་མཚོན་པར་བྱའོ། །མཆོག་ཏུ་རྒྱུན་མི་
ཆད་པར་བྱ། །ཞེས་བྱ་བ་ནི་ཉིན་མཚན་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་ཀྱི་གྲངས་ཀྱིས་སོ། །མཆོག་ཅེས་བྱ་བ་ནི་མ་ནིང་གི་བཟླས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དུས་ཇི་ཙམ་དུ་ཞེ་ན། དེའི་ཕྱིར་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པ་ཕྱི་མའི་དུས་དེ་ཙམ་གྱི་མཐར་ཐུག་པར་རོ། །བཟླས་པ་ནི་ཞེས་བྱ་བ་ནི་ཧཱུྃ་
ཡིག་གི་སྒོ་ནས་དབུགས་ཀྱི་འཁོར་ལོ་མཚོན་པར་བྱས་ནས་སོ། །དེ་ཞེས་བྱ་བ་ནི་ཟླ་བའི་རྗེས་ལའོ། །སྐད་ཅིག་དེ་ལ་ཐོབ་ཅེས་བྱ་བ་ནི་ཨ་བ་དྷཱུ་ཏཱིར་ཞུགས་ནས་སྐད་ཅིག་གཅིག་རྫོགས་མངོན་པར་བྱང་ཆུབ་པའི་སྐད་གཅིག་མའོ། །དེ་ལྟར་དེ་ཐོབ་པར་བྱེད་པའི་ཐབས་ཀྱི་ངོ་བོ་བསྟན་ནས་ཐབས་བསྒོམ་པའི་
เล่ม ๓๔ · หน้า 152a
ལུགས་བསྟན་པའི་ཕྱིར། གང་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་བཟླས་བྱས་ན་ཞེས་བྱ་བ་ནི་ཧཱུྃ་ཡིག་དེ་འཇུག་པ་ལ་སོགས་པ་རྣམས་ལ་སྦྱར་བར་གྱུར་པས་གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་རོ། །སྙིང་གའི་པདྨ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་པདྨའོ། །སྟེང་བལྟས་འགྲོ་ཞེས་
བྱ་བ་ནི་ཟ་མ་ཏོག་ལ་ཁ་ཕྱེ་བས་སྟེང་གི་ཕྱོགས་སུ་འགྲོ་བ་སྟེ་ཁ་བཀག་ཕྱེ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འགྲོ་ཞེས་གསུངས་ཏེ། འགྲོ་བར་འགྱུར་རོ། །དེ་ནས་གསང་བའི་པདྨ་ལས། །ཞེས་བྱ་བ་ནི་གསང་བའི་པདྨ་སྤྲུལ་པའི་འཁོར་ལོའི་ངོ་བོ་དེ་ལས་སོ། །ཕྱེ་བ་ཞེས་བྱ་བ་ནི་ཟ་མ་ཏོག་བཅིངས་པ་བཟློག་པར་བརྗོད་
པའོ། །རྣམ་པར་རྟོག་པའི་རླུང་གཉིས་ནི། །ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་རླུང་གཉིས་ཀྱི་ངོ་བོའོ། །དེ་ནས་ཞེས་བྱ་བ་ནི་ཟ་མ་ཏོག་ཁ་ཕྱེ་བའི་རྗེས་ལ། རྣམ་པར་བཅད་ནས་འགྲོ་ཞེས་བྱ་བ་ནི་སྟེང་དང་འོག་གི་རྒྱུ་བ་བཟློག་ནས་དབུ་མར་ཞུགས་ཏེ། རོ་གཅིག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐབས་བསྒོམ་པ་
བསྟན་ནས་ཐབས་ལས་བྱུང་བ་ཐོབ་པའི་ངོ་བོ་བརྗོད་པའི་ཕྱིར། རྣམ་རྟོག་མེད་པའི་རླུང་ཆེན་པོ། །ཞེས་བྱ་བ་གསུངས་ཏེ། ཨ་བ་དྷཱུ་ཏཱིའི་ངོ་བོས་གནས་པའོ། །སྐུ་གསུམ་རྡོ་རྗེས་བཅད་ནས་ནི། །ཞེས་བྱ་བ་ནི་རྩ་གཉིས་ཀྱི་རྒྱུ་བ་སྲོག་དང་ཐུར་སེལ་གྱི་བདག་ཉིད་ཅན་འཁོར་ལོ་གཉིས་ལས་བྱུང་བའི་ལུས་དང་
ངག་གི་རང་བཞིན་བཅད་ནས་སོ། །རྣམ་རྟོག་མེད་པ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པ་ལ་ལྟོས་ནས་རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་རོ། །བདེ་བ་སྟེར་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ངོ་བོ་ཟག་པ་མེད་པའི་བདེ་བའི་ངོ་བོའོ། །ཐོབ་ཅེས་བྱ་བ་ནི་རྟོགས་པའོ། །སྔགས་ཀྱི་དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་སྔོན་
དུ་གསུངས་པའི་ཧཱུྃ་བསྒོམས་པས་སོ། །ཨ་བ་དྷཱུ་ཏཱིའི་རྒྱུན་ལ་གནས། །ཞེས་བྱ་བ་ནི་གཡོན་དང་གཡས་པའི་རྒྱུ་བ་བཟློག་ནས་དབུས་མའི་རྒྱུ་བའི་གནས་པ་ཉིད་ཀྱི་ཕྱིར་རོ། །སྨིན་དབུས་ཞེས་བྱ་བ་ནི་རླུང་གི་འཁོར་ལོའི་གནས་སོ། །རླུང་གིས་ཕྱེ་བྱས་ལ་ཞེས་བྱ་བ་ནི་ཐིག་ལེའི་ངོ་བོ་འབྱེད་པའོ། །འདི་ཐོབ་ཅེས་བྱ་
བ་ནི་དབུས་མར་འཇུག་པ་འཐོབ་པའོ། །ཐོབ་བྱས་དགའ་བས་ནི་ཞེས་བྱ་བ་ནི་དགའ་བའི་བྱེ་བྲག་གི་བདག་ཉིད་ཅན་ནོ། །མི་ཟད་པ་ཞེས་བྱ་བ་ནི་དགའ་བ་རྟག་པས་སོ། །རྟག་ཏུ་འཆར་ཞིང་ཞེས་བྱ་བ་ནི་ཇི་སྲིད་འཁོར་བར་གནས་ཀྱི་བར་དུའོ། །ཆགས་སོགས་བྲལ་ཞིང་ཞེས་བྱ་བ་ནི་རང་བཞིན་གྱི་ཚོགས་བརྒྱ་རྩ་
เล่ม ๓๔ · หน้า 152b
བརྒྱད་བཟློག་པའི་བདག་ཉིད་ཀྱི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་གདོད་མ་ནས་ཞི་བ་ཉིད་ཀྱི་རང་བཞིན་མེད་པའོ། །རང་རིག་ཅེས་བྱ་བ་ནི་སོ་སོ་རང་གིས་རིག་པར་བྱ་བའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ལས་ཟློག་པར་བྱེད་པའོ། །དེ་ལྟར་དོན་རྣམ་པ་ལྔས་དེ་མངོན་དུ་བྱེད་པའི་ཐབས་
བསྟན་ནས། ཐབས་ལས་བྱུང་བ་ཐོབ་པའི་དུས་སུ་རྟགས་བརྗོད་པའི་ཕྱིར་རོ། །མཚན་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟགས་སོ། །འདི་ལ་ཞེས་བྱ་བ་ནི་དབུས་མ་སྒོམ་པ་པོའི་རྣལ་འབྱོར་པའིའོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །གསང་སྔགས་གྲུབ་པའི་ཞེས་བྱ་བ་ནི་
སྔགས་ཀྱི་སྤྱོད་པས་གྲུབ་པའི་ཕྱིར་གྲུབ་པའོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་སྒོམ་པ་པོས་སོ། །འདར་དང་ཞེས་བྱ་བ་ནི་རླུང་གི་ངོ་བོ་མངོན་དུ་བྱེད་པ་པོ་དང་ཉེ་བའི་ཕྱིར་ལུས་འདར་བའོ། །རྔུལ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རྣམ་འགྱུར་འབྱུང་བའི་ཕྱིར་རོ། །བ་སྤུ་ལངས་ཞེས་བྱ་བ་ནི་བ་སྤུའི་རྩ་བ་རྔུལ་བའོ། །
རྟག་ཏུ་དགའ་བའི་བསམ་པ་དང་། །ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཡིད་མི་བདེ་བ་བཟློག་པའོ། །གདོང་ནི་ཞེས་བྱ་བ་ནི་བྱད་ཀྱི་གདོང་ངོ་། །ཟངས་མདོག་ཡིད་དུ་འོང་ཞེས་བྱ་བ་ནི་ཟངས་དང་འདྲ་བར་འབར་བར་འགྱུར་བ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །ཀུན་གྱིས་མཐོང་ནས་ཞེས་བྱ་བ་ནི་རྣལ་འབྱོར་དང་རྣལ་
འབྱོར་མ་ཐམས་ཅད་དགའ་བའོ། །མཆོག་ཏུ་བདེ་བ་སྟེར་བར་བྱེད་པས་སོ། །གྲང་དང་ལྷག་པར་ཚ་ཞེས་བྱ་བ་ནི་གྲང་དང་ཚ་བ་སྐྱེད་པར་བྱེད་པའོ། །དེས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྣལ་འབྱོར་པ་ལའོ། །གནོད་པ་ཉིད་དུ་མི་འགྱུར་བའོ་ཞེས་བྱ་བ་ནི་དེ་དག་གིས་དེ་ལ་དགའ་བ་དང་། གདུང་བ་ལ་སོགས་
པ་སྐྱེ་བར་མི་འགྱུར་རོ། །འཇིག་རྟེན་ཆོས་དང་ཞེས་བྱ་བ་ནི་བསྟོད་པ་དང་སྨད་པ་ལ་སོགས་པ་བརྒྱད་དོ། །དེ་བཞིན་གཞན་ཞེས་བྱ་བ་ནི་གཞན་རྣམས་སོ། །གནོད་པ་ཉིད་དུ་མི་འགྱུར་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་བསྐྱེད་པའོ། །དེ་ལ་ཞེས་བྱ་བ་ནི་རྣལ་འབྱོར་པ་ལའོ། །སྔགས་ཀྱི་དེ་ཉིད་ནི་
ཞེས་བྱ་བ་ནི་ཧཱུྃ་ཡིག་གི་ངོ་བོ་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་པོས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་རྒྱ་ཆེར་བཤད་པའོ།། །།
เล่ม ๓๔ · หน้า 153a
དེ་ལྟར་ལེའུ་ཉི་ཤུ་རྩ་གཉིས་པ་ཡི་གེ་གསུམ་གྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་དེ་ཁོ་ན་ཉིད་གསུམ་གྱི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་ཉི་ཤུ་རྩ་གསུམ་པ་སྟོན་པར་བྱེད་ཅིང་། དང་པོར་རེ་ཞིག་དེ་རྩོམ་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་
སོགས་པ་སྟེ། ལེའུ་ཉི་ཤུ་རྩ་གཉིས་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་ལ་ལྟོས་ནས་སོ། །ཉོན་ཞེས་བྱ་བ་ནི། ཞུ་བ་པོ་ཉན་པ་ལ་སྦྱར་བའོ། །དེ་ཉིད་གསུམ་གྱི་ཚིག་བསྟན་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཁོ་ན་ཉིད་གསུམ་པ་ནི། བདག་དང་སྔགས་དང་
ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅན་གྱི་ཚིག་རྣམ་པར་རྗོད་པར་བྱེད་པའི་བདག་ཉིད་ཀྱིས་བསྟན་པར་བྱ་ཞེས་བྱ་བ་ནི། བརྗོད་པར་བྱ་བའི་དོན་ལ་ངེས་པར་བྱེད་པ་བསྟན་པར་བྱ་ཞེས་བྱ་བའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་བདག་ཉིད་སོགས་དབྱེ་བས་ཞེས་བྱ་བ་གསུངས་ཏེ། སོགས་
པའི་སྒྲས་ནི་སྔགས་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱིས་བསྡུས་པར་རིག་པར་བྱའོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི། ཕྱིན་ཅི་ལོག་པའི་ངོ་བོས་སོ། །རིམ་པ་རྣམས་ཞེས་བྱ་བ་ནི་བདག་གི་དེ་ཁོ་ན་ཉིད་ལ་སོགས་པའི་རིམ་པས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྩོམ་པ་བསྟན་ནས། དངོས་སུ་བཤད་པ་བརྗོད་
པའི་ཕྱིར། དེའི་ཡན་ལག་བདག་གིས་དེ་ཁོ་ན་ཉིད་མདོར་བསྟན་པ་ནི་བདག་གི་དེ་ཉིད་ཅེས་བྱ་བ་སྟེ། ཀུན་དུ་བརྟགས་པ་ཕུང་པོ་ལྔའི་ཚོགས་ཀྱི་དེ་ཉིད་ནི་ཇི་ལྟ་བ་བཞིན་དུ་གནས་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ངོ་བོ་བདག་གིས་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །རྣལ་འབྱོར་
མཆོག་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོའི་མཚན་ཉིད་དང་བྲལ་བའི་ཕྱིར། བསམ་གཏན་མཆོག་གི་ངོ་བོའོ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་རྒྱུ། །ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་ལ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡོངས་སུ་ཤེས་པས་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པའོ། །སངས་རྒྱས་ཀུན་གྱི་རང་བཞིན་བདག །
ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་སྐུ་གསུང་ཐུགས་ཀྱི་ངོ་བོའི་བདག་ཉིད་ཅན་ནོ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །ཞེས་བྱ་བ་ནི་སངས་རྒྱས་ཀུན་གྱི་སྐུ་གཅིག་གང་ལ་ཡོད་པ་དེ་ནི་སངས་རྒྱས་ཀུན་གྱི་སྐུ་གཅིག་པུའོ། །རྡོ་རྗེ་འཆང་ཆེན་པོའི་རྣམ་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཀུན་མཁྱེན་
เล่ม ๓๔ · หน้า 153b
གོ་འཕང་ཞེས་བྱ་བ་ནི་ཁམས་གསུམ་པོ་ཐམས་ཅད་ལ་སངས་རྒྱས་ལྔའི་ངོ་བོས་ཤེས་པའི་ཕྱིར་རོ། །མི་གསལ་བ་ཞེས་བྱ་བ་ནི་གཟུགས་ཅན་གྱི་ངོ་བོ་དང་བྲལ་བར་བྱ་བའི་ཕྱིར་རོ། །རིགས་ཀྱི་དབྱེ་བས་རབ་གསལ་བྱེད། །ཅེས་བྱ་བ་ནི་རྩ་བའི་ཉོན་མོངས་པ་སྦྱང་བའི་ཐབས་ཀྱིས་གཏི་མུག་ལ་སོགས་པའི་
རིགས་ཀྱི་དབྱེ་བ་གསལ་བར་བྱེད་པའོ། །རིགས་ལྔའི་རྣམ་པ་གང་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སོ། །དེ་ནི་ཕུང་པོ་ལྔ་ཡི་མཚན་ཉིད་དོ། །ཞེས་བྱ་བ་ནི་ཕུང་པོ་ལྔའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདག་གི་དེ་ཁོ་ན་ཉིད་མདོར་བསྟན་པ་བརྗོད་ནས། དེ་རྒྱས་པར་བཤད་པ་
བསྟན་པའི་ཕྱིར། གཟུགས་ཀྱི་ཕུང་པོའི་རྣམ་པར་དག་པ་ནི། ཕྲ་རགས་ལ་སོགས་དབྱེ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རགས་པ་ནི་གཟུགས་ཀྱི་ཕུང་པོ་སྟེ། ཕྱི་རོལ་དུ་དེའི་ངོ་བོས་སྣང་བ་ཉིད་ཀྱི་ཕྱིར་རོ། །ཕྲ་བ་ནི་དེ་ལས་གཞན་པའི་ཚོར་བ་ལ་སོགས་པ་རྣམས་ཏེ། གཟུགས་
མེད་པ་ཉིད་ཀྱིས་རགས་པའི་སྣང་བ་མེད་པའི་ཕྱིར་རོ། །ཐོགས་བཅས་ཐོགས་མེད་མཚན་ཉིད་ཅན། །ཞེས་བྱ་བ་ནི་གཟུགས་ནི་ཐོགས་པ་དང་བཅས་པ་སྟེ། རང་གི་ཡུལ་ཕྱོགས་ལ་གཞན་སྐྱེ་བ་འགོག་པའི་ཕྱིར་རོ། །ཚོར་བ་ལ་སོགས་པ་རྣམས་ནི་ཐོགས་མེད་དེ། སྔ་མ་ལས་བཟློག་པའི་ཕྱིར་རོ། །
ཐོགས་བཅས་དང་ཐོགས་མེད་ནི་ཐོགས་བཅས་དང་ཐོགས་མེད་དག་སྟེ། དེ་དག་ཉིད་ནི་མཚན་གང་ལ་ཡོད་པ་དེ་རྣམས་ནི། ཐོགས་བཅས་དང་ཐོགས་མེད་རྣམས་སོ། །འབྱུང་བ་ཆེན་པོ་བཞི་ཡི་དངོས། །ཞེས་བྱ་བ་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོའི་བདག་སྟེ། དེས་བསྒྲུབ་པར་བྱ་བའི་ཕྱིར་རོ། །
གཟུགས་ཀྱི་ཕུང་པོར་ཞེས་བྱ་བ་ནི་གཟུགས་ཀྱི་མཚན་ཉིད་ཅན་ནོ། །འདིར་ནི་ཞེས་བྱ་བ་ནི་སངས་རྒྱས་པའི་བསྟན་པ་ལའོ། །གསུངས་ཞེས་བྱ་བ་ནི་བརྗོད་པའོ། །དེར་ནི་རྣམ་སྣང་ངོ་བོ་དང་། །ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོའི་རང་བཞིན་རྣམ་པར་སྣང་མཛད་ཀྱི་ངོ་བོ་སྟེ། དེ་ཉིད་དང་གཞན་དག་ཉིད་ཀྱིས་གཟུགས་
བརྙན་བཞིན་དུ་ཁྱད་པར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་སྣང་བའི་ཕྱིར་རོ། །ཐམས་ཅད་སྤྲོ་བར་བྱེད་པའི་རྒྱུ། །ཞེས་བྱ་བ་སྟེ་ཐམས་ཅད་ནི་རང་གི་རིགས་དང་འབྲེལ་པའི་ལྷན་ཅིག་སྤྱོད་མ་དང་། རྗེས་སུ་སྤྱོད་མ་ལ་སོགས་པ་སྤྲོ་བར་བྱེད་པས་ན་ཐམས་ཅད་སྤྲོ་བར་བྱེད་པའི་རྒྱུའོ། །དེ་
เล่ม ๓๔ · หน้า 154a
ལྟར་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་བསྟན་ནས། ཚོར་བའི་ཕུང་པོ་རྣམ་པར་དག་པ་བརྗོད་པའི་ཕྱིར། བདེ་དང་སྡུག་བསྔལ་ཞེས་བྱ་བ་གསུངས་ཏེ། བདེ་བ་དང་སྡུག་བསྔལ་ལོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་གོ། །ཞི་ཞེས་བྱ་བ་ནི་མཆོག་མ་ཡིན་པ་དང་། བཏང་
སྙོམས་ཀྱི་རྣམ་པའོ། །གྲང་དང་དྲོ་བ་ཞེས་བྱ་བ་ནི་དེ་དང་རེག་པའི་རྣམ་པའོ། །མཆོག་གི་མཆོག་ཅེས་བྱ་བ་ནི་ཕྲ་བ་དང་རགས་པའི་ངོ་བོའོ། །རིག་པ་ནི་ཉམས་སུ་མྱོང་བའོ། །གང་གིས་ཞེས་བྱ་བ་ནི་ཡོངས་སུ་གཅོད་པའི་རྣམ་པའི་ཤེས་པས་སོ། །དེ་ནི་ཞེས་བྱ་བ་ནི་དེ་ལྟ་བུའི་ཉམས་སུ་མྱོང་བའི་ངོ་བོའོ། །
ཕལ་ཆེར་ཞེས་བྱ་བ་ནི་ཕལ་ཆེ་བས་སོ། །ཚོར་བའི་ཕུང་པོའི་མཚན་ཉིད་དོ། །ཞེས་བྱ་བའོ། །རིན་ཆེན་འབྱུང་ལྡན་གྱི་མཚན་ཉིད་དོ། །བདེ་སྡུག་ལ་སོགས་པའི་རྣམ་པ་ཅན་གྱི་མཚན་ཉིད་ཅན་གྱི་ཚོར་བ་ལ་སོགས་པའི་སྟོང་པའི་ངོ་བོ་ཉིད་ཀྱི་མཉམ་པ་ཉིད་ཀྱི་རྟོགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་
སྤྲོས་བདག་ཉིད། །ཅེས་བྱ་བ་ནི་རང་གི་རིགས་ཅན་གྱི་ལྷན་ཅིག་སྤྱོད་མ་དང་རྗེས་སུ་སྤྱོད་མའི་བདག་ཉིད་ཅན་ནོ། །དེ་ལྟར་ཚོར་བའི་ཕུང་པོའི་རྣམ་པར་དག་པ་བསྟན་ནས། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་བསྟན་པའི་ཕྱིར། གླང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་ཞེས་བྱ་བ་ནི་གླང་པོ་ཆེའོ། །བོང་
བུ་ཞེས་བྱ་བ་ནི་བོང་བུའོ། །གོ་མ་ཡུ་ཞེས་བྱ་བ་ནི་ཅེ་སྦྱང་ངོ་། །སྟག་དང་ཞེས་བྱ་བ་ནི་ཤ་རྟུ་ལའོ། །རི་དགས་ཞེས་བྱ་བ་ནི་ཨེ་ན་ཡ་ལ་སོགས་པའོ། །ཕག་ཅེས་བྱ་བ་ནི་ཕག་ལ་སོགས་པའོ། །ཕ་དང་ཞེས་བྱ་བ་ནི་སྐྱེད་པ་པོའོ། །མ་དང་ཞེས་བྱ་བ་ནི་སྐྱེད་བྱེད་མའོ། །ཕ་ཡི་སྤུན་ཟླ་ལ་སོགས་པ། །ཞེས་བྱ་བ་ནི་དེའི་
མཆེད་ཟླ་ལ་སོགས་པའོ། །མཛའ་བོ་ཞེས་བྱ་བ་ནི་དགའ་བའོ། །སྣག་གི་གཉེན་མཚམས་ཞེས་བྱ་བ་ནི་ཉེ་འབྲེལ་ལ་སོགས་པའོ། །གང་གིས་ཡང་དག་ཤེས་པ་ནི། །ཞེས་བྱ་བ་ནི་རང་དང་འོས་པའི་མཚན་མ་འཛིན་པའི་རྣམ་པའི་ཤེས་པས་སོ། །དེ་ཞེས་བྱ་བ་ནི་མཚན་མ་འཛིན་པའི་རྣམ་པའོ། །ཡང་དག་ཅེས་
བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སོ། །འདུ་ཤེས་ཕུང་པོའི་མཚན་ཉིད་ནི། །ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་འཇུག་པ་པོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཤེགས་པ་ལའོ། །འོད་དཔག་མེད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་རྣམ་
เล่ม ๓๔ · หน้า 154b
པ་ལའོ། །དེ་ནི་ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སྤྲོ་བར་ཤེས་པར་བྱའོ། །ཀུན་ལས་ཞེས་བྱ་བ་ནི་ཀུན་ནས་སོ། །གསལ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་རིགས་ཅན་རྣམས་སྤྲོ་བའི་ཕྱིར་རོ། །འགྲོ་ལ་ཁྱབ་པར་ཞེས་བྱ་བ་ནི་ཁམས་གསུམ་པོ་ལ་མཚན་མར་འཛིན་པ་ལ་རང་བཞིན་མེད་པ་ཉིད་དུ་སོ་
སོར་རྟོག་པའི་ཕྱིར་རོ། །རྨད་འབྱུང་ཆེ་ཞེས་བྱ་བ་ནི། དཔྱོད་པའི་སྟོབས་ཀྱིས་འདུ་ཤེས་ཀྱི་རྣམ་པར་རྟོག་པ་བཟློག་པས་ངོ་མཚར་བ་དང་བཅས་པའོ། །དེ་ལྟར་འདུ་ཤེས་ཕུང་པོའི་རྣམ་པར་དག་པ་བསྟན་ནས། །འདུ་བྱེད་ཀྱི་ཕུང་པོའི་རྣམ་པར་དག་པ་བརྗོད་པའི་ཕྱིར། དགེ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་
ཞེས་བྱ་བ་གསུངས་ཏེ། དགེ་དང་མི་དགེ་བའི་ལས་ཀྱི་འབྲས་བུའོ། །ལས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་རང་བཞིན་ནོ། །གཞན་ཡང་ལུང་མ་བསྟན་མིང་ཞེས་བྱ་བ་ནི་ལུང་མ་བསྟན་པའི་རང་བཞིན་ཏེ། གཟུགས་དང་གཟུགས་མེད་ལ་སོགས་པ་བསྐྱེད་པའི་ཕྱིར་རོ། །དེ་ནི་འདུ་བྱེད་དུ་ནི་བཤད། །
ཅེས་བྱ་བ་ནི་མཚུངས་པར་ལྡན་པ་དང་མཚུངས་པར་མི་ལྡན་པ་ལ་སོགས་པའི་དབྱེ་བས་ཐ་དད་པ་རྣམས་སོ། །བཤད་ཅེས་བྱ་བ་ནི་བརྗོད་པའོ། །དོན་ཡོད་སྤྲོ་བའི་རང་བཞིན་ཅན། །ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། ཉོན་མོངས་པའི་སྟོབས་ཀྱིས་དགེ་བ་དང་མི་དགེ་བའི་ལས་ལས་
ལྡོག་པར་བྱས་ནས་གཅིག་ཏུ་སེམས་ཅན་རྣམས་ཀྱི་བྱ་བ་བསྒྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་ཡོད་གྲུབ་པ་འཁོར་དང་བཅས་པ་ལ་སྤྲོ་བའི་རང་བཞིན་ཅན་ནོ། །དེ་ལྟར་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་བསྟན་ནས། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་བསྟན་པའི་ཕྱིར། དངོས་དང་དངོས་མེད་ལ་
སོགས་ཞེས་བྱ་བ་གསུངས་ཏེ། དངོས་པོ་ནི་དོན་བྱེད་ནུས་པའི་བདག་ཉིད་ཅན་ནོ། །དངོས་མེད་ནི་དེ་ལས་བཟློག་པའོ། །དངོས་པོ་དང་དངོས་མེད་ནི་དངོས་པོ་དང་དངོས་མེད་དག་གོ། །དེ་དག་གི་རྣམ་པར་དབྱེ་བ་ནི། དངོས་པོ་དང་དངོས་མེད་ཀྱི་རྣམ་པར་དབྱེ་བའོ། །དེ་ལ་སོགས་པ་གང་རྣམས་ལ་དེ་བཞིན་
ནོ། །དེའི་ངོ་བོའི་ཀུན་དུ་རྟོག་པ་ནི་རྣམ་པར་རྟོག་པའོ། །དེ་འབྱུང་བའི་བདག་ཉིད་ཅན་ཞེས་བྱ་བ་ནི། དེ་ལྟ་བུའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའོ། །རྣམ་ཤེས་ཞེས་བྱ་བ་ནི་རྣམ་པར་དབེན་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །མི་བསྐྱོད་སྤྲོ་བའི་བདག་
เล่ม ๓๔ · หน้า 155a
ཉིད་ཅན། །ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཉོན་མོངས་པ་རྣམས་ཀྱིས་ཕྲོག་པར་མི་ནུས་པ་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་ལྔ་རྣམ་པར་དག་པ་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། དེ་ལྟར་
ཕུང་པོ་ཡོངས་ཤེས་ན། །ཞེས་བྱ་བ་གསུངས་ཏེ་སྔོན་དུ་གསུངས་པའི་རིགས་པས་ཕུང་པོ་ལྔ་རྣམས་ལ་སངས་རྒྱས་ལྔ་ཉིད་དུ་ཡོངས་སུ་ཤེས་པའོ། །ཤེས་ན་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །ལུང་དང་རིགས་པའི་ཤེས་པ་སྐྱེ། །ཞེས་བྱ་བ་ནི་རིགས་པ་ནི་སྔགས་ཀྱི་ཐེག་པར་གྲགས་པའོ། །ལུང་ནི་
བྱེ་བྲག་སྨྲ་བའི་ལུགས་སུ་གྲགས་པ་སྟེ། དེ་དག་གིས་འཆར་བ་ནི་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕུང་པོ་རྣམ་པ་ལྔའི་རྣམ་པར་དག་པ་ཉེ་བར་བསྡུ་བ་བསྟན་ནས། སྤྲོ་བའི་སྔགས་བརྗོད་པའི་ཕྱིར། ཛི་ན་ཛིཀ་ཅེས་བྱ་བ་ནི། རྒྱལ་བའི་ངང་ཚུལ་ཅན་ནི་རྒྱལ་བ་སྟེ་བདུད་རྣམས་སོ། །དེ་རྣམས་
རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་རྒྱལ་བར་བྱེད་པས་ན། ཛི་ན་ཛིཀ་གོ། །དྲང་བའི་དོན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུད་བཞི་འཇོམས་པའི་ཕྱིར་རོ། །ཛི་ན་ཛིཀ་སྟེ་ངེས་པའི་དོན་ཏོ། །རཏྣ་དྷྲྀཀ་ཅེས་བྱ་བ་ནི། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཛིན་པར་བྱེད་པས་
ན་རཏྣ་དྷྲྀཀ་གོ། །དྲང་བའི་དོན་ཏོ། །ཡང་དག་པའི་མཐའ་རིན་པོ་ཆེ་འཛིན་པས་ན་རཏྣ་དྷྲྀ་ཀ་སྟེ། ངེས་པའི་དོན་ཏོ། །ཨཱ་རོ་ལྀཀ་དང་ཞེས་བྱ་བ་ནི། ཨཱ་ནི་ཀུན་ནས་སོ། །རོ་ནི་འཁོར་བ་ལས་སོ། །ལྀཀ་ཅེས་བྱ་བ་ནི། འགྲོ་བས་ནི་ཨཱ་རོ་ལྀཀ་གོ། །དྲང་བའི་དོན་ཏོ། །ཨ་ར་ཨོ་ཞེས་བྱ་བ་ནི། ཡེ་ཤེས་
གསུམ་གྱིས་འོད་གསལ་དུ་འགྲོ་བས་ན་ཨཱ་རོ་ལྀཀ་སྟེ། ངེས་པའི་དོན་ཏོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བ་ནི། སོ་སོར་འབྱེད་པའི་མཚན་ཉིད་ཅན་གྱི་ཤེས་རབ་འཛིན་པས་ན་པྲ་ཛྙཱ་དྷྲྀ་ཀ་གོ། །དྲང་བའི་དོན་ཏོ། །ཤེས་རབ་ནི་ཟླ་བའི་སྣང་བ་ལ་སོགས་པ་སྟེ། དེ་འཛིན་པས་ན་པྲ་ཛྙཱ་དྷྲྀཀ་སྟེ། ངེས་པའི་དོན་
ཏོ། །བཛྲ་དྷྲྀཀ་ཅེས་བྱ་བ་ནི། རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་མཚོན་པར་བྱེད་པས་ནི། བཛྲ་ཛྙཱ་དྷྲྀཀ་གོ། །དྲང་བའི་དོན་ཏོ། །བདེན་པ་གཉིས་ཀྱི་བདག་ཉིད་ཀྱིས་རྡོ་རྗེ་འཛིན་པར་བྱེད་པས་ན་བཛྲ་དྷྲྀཀ་གོ། །ངེས་པའི་དོན་ཏོ། །དེ་ལྟར་སྔགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་རྣམས་ཀྱིའོ། །
เล่ม ๓๔ · หน้า 155b
ཡིད་སྐྱོ་བའི་དོན་གྱི་སྤྲོ་བའི་སྔགས་ཀྱི་རང་བཞིན་རྣམས་སོ། །རིམ་བཞིན་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་རྣམ་པར་དག་པའི་རིམ་པས་སོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རིགས་པ་ཞེས་བྱ་བ་ནི་རིགས་པས་དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ་སྤྲོ་བའི་རིགས་པ་དང་བཟླས་པ་རྣམ་པ་གཉིས་
བྱེད་པའི་དུས་སུ་རང་དང་མཐུན་པའི་རིགས་པས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བདུན་གྱིས་ཕུང་པོའི་དབྱེ་བ་བསྟན་ནས། ཁམས་ཀྱི་དབྱེ་བ་བསྟན་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ་ནི། སྤྱན་ལ་སོགས་པ་བཞི་པོ་གང་། །ཞེས་བྱ་བ་ནི་ལྷན་ཅིག་སྤྱོད་མ་བཞིའི་རང་བཞིན་ནོ། །དེ་ནི་
ཁམས་སུ་ཡོངས་སུ་བརྟག །ཅེས་བྱ་བ་ནི་ས་ལ་སོགས་པའི་ཁམས་བཞིའི་ངོ་བོ་ཉིད་ཀྱིས་བརྟགས་པའོ། །དེ་ལྟར་མདོར་བསྟན་པ་བཤད་ན། རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་སའི་ཁམས་ཀྱི་རྣམ་པར་དག་པ་བསྟན་པའི་ཕྱིར། སྲ་བ་ལ་སོགས་བཞིར་ཕྱེ་བས། །ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། སྲ་བའི་ངོ་བོས་མཚན་ཉིད་ལ་བརྟེན་ནས། ས་ཡི་ཁམས་སུ་ཡོངས་སུ་བརྟག །ཅེས་བྱ་བ་ནི་རང་གི་ལུས་ལ་གནས་པའི་རུས་པ་ལ་སོགས་པ་སྲ་བའི་ངོ་བོར་ཡོངས་སུ་བརྟག་པའོ། །བཞིར་ཕྱེ་བས་ཏེ། རེ་རེ་ཡང་འབྱུང་བ་བཞིའི་བདག་ཉིད་ཀྱི་ཕྱིར་རོ། །གཏི་མུག་དག་ལ་མངོན་
པར་བརྗོད། །ཅེས་བྱ་བ་ནི་གཏི་མུག་རྣམ་པར་དག་པ་རྣམ་པར་སྣང་མཛད་ལ་དགའ་བ་གང་ལ་ཡོད་པ་དེ་སྙམ་དུ་བསམས་ནས་སོ། །དེ་ནི་སྤྱན་དུ་ཞེས་བྱ་བ་ནི་སའི་ཁམས་ལ་ཆ་ཤས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་སྣང་བའི་ཕྱིར་རོ། །གྲགས་ཞེས་བྱ་བ་ནི་ཡོངས་སུ་གྲགས་པ་ཉིད་དོ། །དེ་ལྟར་སའི་
ཁམས་ཀྱི་རྣམ་པར་དག་པ་བསྟན་ནས། ཆུའི་ཁམས་ཀྱི་རྣམ་པར་དག་པ་བརྗོད་པའི་ཕྱིར། ཞུ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུ་བ་ནི་འཇམ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གཅིན་མཆི་ཁུ་བ་སོགས་ཞེས་བྱ་བ་ནི་གཅི་བ་དང་། མིག་ཆུ་དང་། གཙོ་བོའི་ས་བོན་ལ་སོགས་པའོ། །རྫས་ཀྱི་བྱེ་
བྲག་གང་རྟེན་ལ། །ཞེས་བྱ་བ་ནི་ཁྲག་ལ་སོགས་པའི་དབྱེ་བས་ཐ་དད་པའོ། །ཆུའི་ཁམས་སུ་རྣམ་པར་ཤེས། །ཞེས་བྱ་བ་ནི་འཇིག་རྟེན་པའི་རྗེས་སུ་འབྲངས་ནས་སོ། །ཆུའི་ཁམས་སུ་རྣམ་པར་རྟོག་པ་ལ་བདག་གི་དེ་ཉིད་ཡོངས་སུ་ཟད་པར་བྱེད་པའི་ཕྱིར་མཱ་མ་ཀཱི་སྟེ། དེའི་སྤྲོ་བའི་བདག་
เล่ม ๓๔ · หน้า 156a
ཉིད་ནི་དེའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆུའི་ཁམས་ཀྱི་རྣམ་པར་དག་པ་བསྟན་ནས། མེའི་ཁམས་ཀྱི་རྣམ་པར་དག་པ་བརྗོད་པའི་ཕྱིར། དྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལུས་ལ་དྲོ་བའི་རྣམ་པའོ། །བཟའ་བཏུང་སྨིན་པ་དང་ཞེས་བྱ་བ་ནི་ཐུན་མོང་བའི་
རྫས་སྨིན་པ་དང་། བཟའ་བ་ལ་སོགས་པ་ནང་གིའོ། །གཟི་བརྗིད་འཕྲོག་པའི་མེ་ཡི་མཚན་ཉིད་ཅན། །ཞེས་བྱ་བ་ནི་གཟི་བརྗིད་འཕྲོག་པའི་མེའི་མཚན་ཉིད་ཚ་བར་བྱེད་པའོ། །མེ་ཡི་ཁམས་སུ་ཤེས་པར་བྱ། །ཞེས་བྱ་བ་ནི་མེའི་ཁམས་ཞེས་འཇིག་རྟེན་པ་ལ་གྲགས་པའོ། །གོས་དཀར་སྤྲོ་བའི་བདག་ཉིད་
ཅན། །ཞེས་བྱ་བ་ནི་མེའི་ཁམས་སུ་རྟོག་པ་མི་སྣང་བར་བྱེད་པའི་ཕྱིར་གོས་དཀར་མོའོ། །སྤྲོ་བའི་བདག་ཉིད་ཅན་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་དག་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མེའི་ཁམས་ཀྱི་རྣམ་པར་དག་པ་བསྟན་ནས། རླུང་གི་ཁམས་ཀྱི་རྣམ་པར་དག་པ་བརྗོད་པའི་ཕྱིར། འབྱུང་དང་
རྔུབ་པ་རབ་ཏུ་འཕེལ། །ཞེས་བྱ་བ་གསུངས་ཏེ་རང་གི་ལུས་ལ་སྲོག་དང་ཐུར་སེལ་རབ་ཏུ་འཇུག་པའོ། རླུང་རྣམས་ཀྱི་ནི་དམ་ཚིག་མཆོག །ཅེས་བྱ་བ་ནི་ཕུང་པོའི་རླུང་དང་དབང་པོའི་རླུང་རྣམས་ཀྱི་བཅུའི་བདག་ཉིད་དོ། །དམ་ཚིག་ཅེས་བྱ་བ་ནི་རང་དང་འོས་པའི་བྱ་བའོ། །མཆོག་ཅེས་བྱ་བ་ནི་ཕུང་པོ་ལ་
སོགས་པ་འཛིན་པ་ལ་བདག་ཉིད་ཅན་གྱི་ཕྱིར་མཆོག་གོ། །བརྐྱང་བ་དང་བརྐུམ་པའི་བདག་ཉིད་ཅན་ནོ། །འོག་དང་སྟེང་དུ་བྱེད་པ་དང་ནི་ཞེས་བྱ་བ་ནི་སྟེང་དང་འོག་ཏུ་འབྱུང་བ་དང་འཇུག་པའོ། །དེ་ནི་རླུང་གི་ཁམས་སུ་ཤེས། །ཞེས་བྱ་བ་ནི་དེའི་མིང་ནི་གྲགས་པའོ། །སྒྲོལ་མ་སྤྲོ་བའི་བདག་
ཉིད་ཅན། །ཞེས་བྱ་བ་ནི་རླུང་གི་ཁམས་ཀྱི་རྣམ་པར་རྟོག་པ་ལས་སྒྲོལ་བར་བྱེད་པས་ན་སྒྲོལ་མའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རླུང་གི་ཁམས་ཀྱི་རྣམ་པར་དག་པ་བསྟན་ནས། ཁམས་བཞི་པོ་ཉེ་བར་བསྡུ་བའི་ཕྱིར། དེ་ལྟར་འབྱུང་བ་བཞི་པོ་ཡང་། །ཞེས་བྱ་བ་གསུངས་ཏེ་དེ་ལྟར་སྔོན་དུ་གསུངས་
པའི་རིགས་པས་སོ། །འབྱུང་བ་བཞི་པོ་ཡང་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་པོའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རྣལ་འབྱོར་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པ་ལྷ་མོ་བཞིའི་རྣལ་འབྱོར་གྱིས་སོ། །མཆོག་ཉིད་ཅེས་བྱ་བ་ནི་ལྷ་མོའི་རང་བཞིན་ཉིད་ཀྱི་མཆོག་གོ། །དེ་ལྟར་ཁམས་བཞི་
เล่ม ๓๔ · หน้า 156b
པོ་ཉེ་བར་བསྡུ་བ་བསྟན་ནས། སྤྲོ་བའི་སྔགས་བརྗོད་པ་བཤད་པའི་ཕྱིར། མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མོ་ཧ་ར་ནི་རྣམ་པར་སྣང་མཛད་དོ། །དེ་ལ་དགའ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དྲང་བའི་དོན་ཏོ། །གཏི་མུག་རྣམ་པར་དག་པས་འོད་གསལ་ལ་དགའ་བ་གང་ལ་ཡོད་པ་
དེ་ནི་རཱ་ག་ར་ཏི་ཏེ། ངེས་པའི་དོན་ཏོ། །དྭེ་ཥ་ར་ཏི་ཞེས་བྱ་བ་ནི་དྭེ་ཥ་ནི་མི་བསྐྱོད་པའོ། །དེ་ལ་དགའ་བ་གང་ལ་ཡོད་པ་དེ་ནི། དྭེ་ཥ་ར་ཏི་སྟེ། དྲང་བའི་དོན་ཏོ། །ཞེ་སྡང་གི་རྣམ་པར་དག་པ་འོད་གསལ་ལ་དགའ་བ་གང་ལ་ཡོད་པ་དེ་ནི་དེ་ཥ་ར་ཏིའོ། །ངེས་པའི་དོན་ཏོ། །རཱ་ག་ར་ཏི་ཞེས་བྱ་བ་ལ་རཱ་ག་ནི་སྣང་བ་
མཐའ་ཡས་སོ། །དེ་ལ་དགའ་བ་གང་ལ་ཡོད་པ་དེ་ནི། རཱ་ག་ར་ཏི་སྟེ། དྲང་བའི་དོན་ཏོ། །ཆགས་པ་ནི་ཆགས་པ་རྣམ་པར་དག་པ་འོད་གསལ་ལ་དགའ་བ་གང་ལ་ཡོད་པ་དེ་ནི་རཱ་ག་ར་ཏི་སྟེ། ངེས་པའི་དོན་ཏོ། །བཛྲ་ར་ཏི་ཞེས་བྱ་བ་ནི་བཛྲ་ནི་དོན་ཡོད་གྲུབ་པ་སྟེ། དེ་ལ་དགའ་བ་གང་ལ་ཡོད་པ་དེ་ནི་བཛྲ་ར་ཏིའོ། །དྲང་བའི་
དོན་ཏོ། །རྡོ་རྗེ་ནི་དེ་དང་འདྲ་བར་བསྟན་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ལ་དགའ་བ་གང་ལ་ཡོད་པ་དེ་ནི་བཛྲ་ར་ཏི་སྟེ། ངེས་པའི་དོན་ཏོ། །དེ་ལྟའི་རིམ་གྱིས་ཞེས་བྱ་བ་ནི་ས་ལ་སོགས་པའི་ཁམས་བཞི་པོའི་གོ་རིམས་ཀྱིས་སོ། །སྔགས་རྣམས་ནི་ཞེས་བྱ་བ་ནི་སྤྲོ་བའི་སྔགས་རྣམས་སོ། །དངོས་གྲུབ་ཅེས་
བྱ་བ་ནི། རྣལ་འབྱོར་པ་ཆེན་པོའི་རྒྱུད་དུ་གྲགས་པའོ། །དེ་རྣམས་ཞེས་བྱ་བ་ནི་ཁམས་ཀྱི་ལྷ་མོ་དེ་རྣམས་ཀྱིའོ། །ཆོ་ག་ཡི་ཞེས་བྱ་བ་ནི་སྔར་བཞིན་དུ་དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ་བྱང་ཆུབ་སེམས་ཀྱི་ངོ་བོའི་ཡི་གེ་སྤྲོས་པ་དང་བཟླས་པ་གཉིས་ཀྱི་རྗེས་སུ་འབྲངས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་
རྣམ་པ་དྲུག་གིས་རྒྱས་པར་བསྟན་པ་བཤད་ཟིན་ཏོ། །འདི་ཙམ་གྱིས་རབ་ཏུ་དབྱེ་བ་དང་བཅས་པའི་ཁམས་ཀྱི་རབ་ཏུ་དབྱེ་བ་བསྟན་ནས། ཡུལ་གྱི་དབྱེ་བ་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པས་ནི། གཟུགས་ལ་སོགས་པ་ཡུལ་གྱི་ཚོགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་མིག་ལ་
སོགས་པ་རྣམས་ཀྱི་ཡུལ་དུ་གྱུར་པ་རྣམ་པ་ལྔའོ། །ལྷ་མོའི་གཟུགས་ཀྱི་མཚན་ཉིད་དུ། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིགས་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་ངོ་བོའི་ཕྱིར་རོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཤེས་པའོ། །རྣལ་འབྱོར་མཆོག་གི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རང་བཞིན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด