རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གྱི་འགྲེལ་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་མཱ་ལ་མ་ཧཱ་ཡོ་ག་ཏནྟྲ་ཊཱི་ཀཱ་གཾ་བྷཱི་རཱརྠ་དྷི་པི་ཀ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๔ · หน้า 157a

དབང་པོ་རྣམས་ལ་ཡུལ་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཚན་ཉིད་ཅན་དང་། ལྷན་ཅིག་ཏུ་རོ་མཉམ་པའི་རྟོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །སྟོང་ཉིད་གཅིག་པུ་རྒྱུ་གཅིག་པུ། །ཞེས་བྱ་བ་ནི་འོད་གསལ་གཅིག་པུ་ཉིད་ལ་རྒྱུ་སྟེ། རྒྱུར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གཉིས་ཀ་དང་སྙོམས་

པར་ཞུགས་པས་ཐམས་ཅད་སྟོང་པའི་གོ་འཕང་མངོན་དུ་བྱེད་པའོ། །དེ་ལྟར་མདོར་བསྟན་པ་བཤད་ནས། རྒྱས་པར་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་གཟུགས་ཀྱི་རྣམ་པར་དག་པ་ནི། སྔོ་སེར་ལ་སོགས་དབྱེ་བ་དང་། །ཞེས་བྱ་བ་གསུངས་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་

པོ་ལ་སོགས་པའི་དབྱེ་བས་སོ། །རིང་དང་ཐུང་བའི་རྣམ་པ་ཡིས། །ཞེས་བྱ་བ་ནི་མཐོ་བ་དང་། དམའ་བ་དང་། རིང་བ་དང་། ཐུང་བ་དང་། ཟླུམ་པ་དང་། མཉམ་པ་དང་། མི་མཉམ་པའི་དབྱིབས་ཀྱི་ངོ་བོས་སོ། །གཟུགས་ཤེས་བྱ་ཞེས་བྱ་བ་ནི་གཟུགས་ཤེས་པར་བྱ་ཞེས་བྱ་བའི་ལྷག་མའོ། །ལྷ་མོ་དེ་

གཟུགས་རྡོ་རྗེ་མ། །ཞེས་བྱ་བ་ནི་གཟུགས་ཀྱི་ཡུལ་ལ་རྣམ་པར་རྟོག་པ་ལ་སྟོང་པ་ཉིད་དུ་ལྷུང་བའི་ཕྱིར་རོ། །གཟུང་དང་འཛིན་པའི་རང་བཞིན་ཅན། །ཞེས་བྱ་བ་ནི་གཟུང་བ་ནི་བཤད་མ་ཐག་པའི་གཟུགས་ལ་འཛིན་པའི་ངོ་བོ་སྟོང་པ་ཉིད་ཀྱི་རྣམ་པ་འཛིན་པའི་ཕྱིར་རོ། །དེ་ལྟར་གཟུགས་ཀྱི་རྣམ་པར་དག་པ་བསྟན་ནས།

སྒྲ་ཡི་རྣམ་པར་དག་པ་བསྟན་པའི་ཕྱིར། །འཁར་རྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁར་རྔ་ནི་ཏིང་ཏིང་ཤགས་ལ་སོགས་པའོ། །སིལ་སྙན་ནི་རྫ་རྔ་ལ་སོགས་པ་ལས་སྐྱེས་པའི་རོལ་མོའོ། །སྦུབས་སྟོང་པ་ཞེས་བྱ་བ་ནི། །གླིང་བུ་ལ་སོགས་པ་ལས་སྐྱེས་པའོ། །དེ་བཞིན་ཞེས་བྱ་བ་ནི་པི་ཝང་ལ་

སོགས་པ་ལས་སྐྱེས་པའོ། །རྔ་སྙན་ཞེས་བྱ་བ་ནི་དེ་ལས་གཞན་པའི་རོལ་མོའི་ཆ་ལས་བྱུང་བའོ། །བསྟོད་དང་སྨད་སོགས་ཞེས་བྱ་བ་ནི་བསྟོད་པ་དང་སྨད་པ་ལ་སོགས་པའི་སྒྲ་དག་གོ། །སྒྲའི་རྡོ་རྗེ་མར་ཞེས་བྱ་བ་ནི་སྒྲ་རྡོ་རྗེ་མའི་རང་བཞིན་དུ་ཤེས་པར་བྱའོ། །གཟུང་བའི་རང་བཞིན་ཞེས་བྱ་བ་ནི་རྣ་བའི་དབང་པོའི་

རྣམ་པར་དག་པ་ཕྱག་ན་རྡོ་རྗེ་གཟུང་བར་བྱ་བའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་ཐ་མལ་པའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཡུལ་དབང་པོ་རྣམ་པར་རྟོག་པ་ལོག་པའི་བདག་ཉིད་ཅན་ལའོ། །སད་པར་བྱེད་ཅེས་བྱ་བ་ནི། །འོད་གསལ་བའི་རང་བཞིན་རྟོགས་པས་སོ། །

เล่ม ๓๔ · หน้า 157b

དེ་ལྟར་སྒྲའི་རྣམ་པར་དག་པ་བསྟན་ནས། དྲིའི་རྣམ་པར་དག་པ་བརྗོད་པའི་ཕྱིར། དྲི་ཞེས་བྱ་བ་གསུངས་ཏེ། སྣའི་དབང་པོའི་ཡུལ་དུ་གྱུར་པའོ། །ངན་པ་ཞེས་བྱ་བ་ནི་དྲི་ང་བའི་ངོ་བོ་སྟེ། ཡིད་དུ་མི་འོང་བའི་ཕྱིར་རོ། །དྲི་བཟངས་ཞེས་བྱ་བ་ནི་དྲི་ཞིམ་པ་སྟེ། སྔར་ལས་བཟློག་པའི་ཕྱིར་རོ། །སྦྱར་བ་ཞེས་བྱ་བ་ནི་དྲི་སྣ་ཚོགས་

པ་འདྲེས་པར་བྱས་པ་ལས་བྱུང་བའོ། །མཆོག་རྣམས་ཞེས་བྱ་བ་ནི་གཞན་ནོ། །དྲིའི་རྡོ་རྗེ་མར་ཞེས་བྱ་བ་ནི་དྲིའི་རྣམ་པར་རྟོག་པ་སྟོང་པ་ཉིད་དུ་བྱེད་པའོ། །གཟུང་བའི་རྣམ་པ་ཞེས་བྱ་བ་ནི་སྣའི་དབང་པོ་ནམ་མཁའི་སྙིང་པོའི་རྣམ་པར་དག་པ་ལ་ཡུལ་ཉིད་དུ་གྱུར་པའི་ཕྱིར་རོ། །ཆེར་འབར་ཞེས་བྱ་བ་ནི་ཐ་མལ་པའི་རིམ་པར་

རྟོག་པའི་གཉེན་པོ་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་བདེ་བ་སྟེར་བའི་ཕྱིར་རོ། །དེ་ལྟར་དྲིའི་རྣམ་པར་དག་པ་བསྟན་ནས། རོའི་རྣམ་པར་དག་པ་བརྗོད་པའི་ཕྱིར། རོ་དྲུག་ཅེས་བྱ་བ་གསུངས་ཏེ། ཁ་བ་དང་སྐྱུར་བ་ལ་སོགས་པའི་དབྱེ་བས་སོ། །མཆོག་ཅེས་བྱ་བ་ནི་ལྕེའི་དབང་པོ་ཚིམ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །

ལྡན་པ་ནི་ཞེས་བྱ་བ་ནི་ལྷའི་རྣམ་པའི་ངོ་བོ་བསྒོམ་པའི་རང་བཞིན་ནོ། །ལན་ཚྭ་སྐྱུར་སོགས་དབྱེ་བ་ཡིས། །ཞེས་བྱ་བ་ནི་ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་བ་དང་། བསྐ་བའི་རབ་ཏུ་དབྱེ་བ་ལས་སོ། །རོ་རྡོ་རྗེ་མ་ཞེས་བྱ་བ་ནི་རོའི་རྣམ་པར་རྟོག་པ་སྟོང་པ་ཉིད་དུ་བྱེད་པའི་ཕྱིར་རོ། །གཟུང་བའི་རྣམ་པའོ་ཞེས་བྱ་བ་ནི་ལྕེའི་

དབང་པོའི་འཇིག་རྟེན་དབང་ཕྱུག་གི་རྣམ་པར་དག་པའོ། །གཟུགས་ཀྱི་ཡུལ་ཉིད་དུ་གྱུར་པའི་ཕྱིར་རོ། །ཀུན་ནས་ཞེས་བྱ་བ་ནི་ཀུན་ནི་གཟུགས་ལ་སོགས་པའི་རྣམ་པའོ། །འདིར་དབང་པོ་རེ་རེ་ཡང་ཡུལ་སྣ་ཚོགས་པ་སྣང་བའི་ཕྱིར་རོ། །དེ་ལྟར་རོའི་རྣམ་པར་དག་པ་བསྟན་ནས། རེག་བྱའི་རྣམ་པར་དག་པ་བརྗོད་

པའི་ཕྱིར་རོ། །འཇམ་དང་རྩུབ་པའི་དབྱེ་བ་ཡིས། །ཞེས་བྱ་བ་ནི་འཇམ་དང་རྩུབ་པ་ལ་སོགས་པའི་དབྱེ་བ་ཡིས་སོ། །རེག་པ་ཤེས་པར་བྱ་ཞེས་བྱ་བ་ནི། རེག་པ་ཤེས་པར་བྱ་བ་སྟེ། ཇི་ལྟར་ཞེ་ན། དེའི་ཕྱིར་རྣམ་པར་དབྱེ་བས་ཞེས་བྱ་བ་སྟེ། ཇི་སྐད་དུ། རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་བྱ་བའོ། །དེ་ཉིད་

ཅེས་བྱ་བ་ནི་རེག་པའོ། །རེག་བྱའི་རྣམ་པར་རྟོག་པ་སྟོང་པ་ཉིད་དུ་བྱེད་པས་སོ། །གཟུང་བའི་རྣམ་པ་ཞེས་བྱ་བ་ནི། ལུས་ཀྱི་དབང་པོ་ནི། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམ་པར་དག་པའི་ཡུལ་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །རང་གི་གཙོ་བོ་ལ་ཞེས་བྱ་བ་ནི་དབུས་ཀྱི་གཙོ་བོའི་རྣམ་པ་མི་བསྐྱོད་པ་ལ་རང་ཉིད་

เล่ม ๓๔ · หน้า 158a

གཟུང་བའི་རྣམ་པ་སྟེ། དེ་དང་འཁྱུད་པ་ཉིད་ཀྱི་ཕྱིར། །ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། མདོར་བྱས་ལས། རྡོ་རྗེ་སེམས་དཔའ་དང་འཁྱུད་པ་རེག་བྱ་རྡོ་རྗེ་མ་ནི་གནས་ཞེས་བྱ་བའོ། །དེ་ལྟར་རྣམ་པ་གཉིས་རབ་ཏུ་དབྱེ་བ་དང་བཅས་པ་དག་གིས་ཡུལ་གྱི་རབ་ཏུ་དབྱེ་བ་བརྗོད་ནས། ནང་གི་བདག་

ཉིད་ཀྱི་སྐྱེ་མཆེད་ཀྱི་དབྱེ་བ་བརྗོད་པར་བྱ་བའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ། རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དབྱེ་

བས་སོ། །བརྟེན་པའི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མིག་ལ་སོགས་པ་བརྒྱད་པོ་རྣམས་ཀྱི་བརྟན་པ་སྟེ། རྟེན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། མིག་ལ་སོགས་པ་དབང་པོ་ལ། །ཞེས་བྱ་བ་ནི་བརྒྱད་ལ་བརྟེན་པའོ། །དེ་ལ་བརྟེན་ནས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་དངོས་པོ་བསྐྱེད་པའི་ཕྱིར་རོ། །

བྱང་ཆུབ་སེམས་དཔའ་བསྐྱེད་དུ་ཞེས་བྱ་བ་ནི་སའི་སྙིང་པོ་དང་པོར་བྱས་ནས། ཀུན་དུ་བཟང་པོའི་མཐར་ཐུག་པ་རྒྱལ་བའི་སྲས་ཀྱི་ངོ་བོ་རྣམས་སུ་ཤེས་པར་བྱའོ། །དེའི་རྣམ་པར་དག་པ་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པའི་དངོས་པོའི་རིམ་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རིམ་པས་ཞེས་བྱ་བའི་དོན་ཏོ། །དེ་

ལྟར་མདོར་བསྟན་པ་བཤད་ནས། རྒྱས་པར་བརྗོད་པ་བརྗོད་པར་བྱ་བའི་ཕྱིར། དེའི་ཡན་ལག་མིག་གི་དབང་པོ་རྣམ་པར་དག་པ་ནི། མིག་གཉིས་ས་ཡི་སྙིང་པོར་གསུངས། །ཞེས་གསུངས་ཏེ་མིག་གཉིས་ནི་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་རང་བཞིན་ནོ། །དེའི་ཡུལ་ས་ལ་སོགས་པའི་འབྱུང་བ་ཆེན་པོ་

སྐྱེད་པར་བྱེད་ཅིང་། རྣམ་པར་རྟོག་པའི་མཚན་ཉིད་དུ་རྟོགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བྱང་ཆུབ་ནི་སྐུ་གསུམ་གྱི་ངོ་བོ་སྟེ། དེ་ལ་སེམས་དཔའ་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །རྨད་དུ་ཆེ་ཞེས་བྱ་བ་ནི་སྣ་ཚོགས་པའི་ཐབས་ཀྱིས་གཞན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །གཟུགས་

ལ་སོགས་པ་ཅི་རིགས་པར། །ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཡུལ་ལྔ་རྣམས་ལ་ཡང་ཀུན་ནས་ཅི་རིགས་པར་རོ། །གཞན་ཡང་། རང་གི་ངོ་བོ་སྤྲོ་བར་བྱེད། །ཅེས་བྱ་བ་ནི་རང་ཉིད་ཀྱི་ངོ་བོ་མ་སྐྱེས་པའི་རྣམ་པ་ལ་སྤྲོ་བ་བྱེད་པའོ། །དེ་ལྟར་མིག་གི་དབང་པོ་རྣམ་པར་དག་པ་བསྟན་ནས། རྣ་བའི་

เล่ม ๓๔ · หน้า 158b

དབང་པོ་རྣམ་པར་དག་པར་བྱ་བའི་ཕྱིར། སྒྲའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲའི་རྣམ་པ་པི་ཝང་ལ་སོགས་པའི་དབྱེ་བས། ཐ་དད་པ་རྣམས་ཀྱི་སྒྲའི་རྣམ་པ་ཀུན་བཅད་པས། ཐ་མལ་པའི་རྣམ་པར་རྟོག་པ་ཡོངས་སུ་ཟིན་པའི་རྣམ་པའོ། །དེ་ཉིད་ནི་དབྱེ་བ་སྟེ། ཁྱད་པར་ལ་དེ་དང་དེའི་རྣམ་

པར་རྟོག་པའི་གཉེན་པོའི་ཕྱིར་རོ། །དེ་ཡོངས་སུ་བསྒོམས་པས་རྣམ་པར་དཔྱད་པའོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་སྒྲའི་རྣམ་པར་རྟོག་པ་ལ་ཕྱག་ན་རྡོ་རྗེའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །ཡང་དག་བཤད་ཅེས་བྱ་བ་ནི་བརྗོད་པའོ། །སྒྲ་ཡི་རྣམ་ཤེས་མཚན་ཉིད་ནི། །ཞེས་བྱ་བ་ནི་སྒྲ་ལ་གདོད་མ་

ནས་སྐྱེ་བ་མེད་པ་ཉིད་ཀྱིས་ཤེས་པས་ན། དེའི་མཚན་ཉིད་ཅན་ནོ། །དེ་ལྟར་རྣ་བའི་དབང་པོའི་རྣམ་པར་དག་པ་བསྟན་ནས། སྣའི་དབང་པོའི་རྣམ་པར་དག་པ་བསྟན་པའི་ཕྱིར། དྲིའི་བྱེ་བྲག་རྣམ་པར་རྟོག་པ་ཞེས་བྱ་བ་གསུངས་ཏེ། དྲི་རྣམ་པ་བཞིའི་རྣམ་པར་རྟོག་པ་ནི། རྟོག་པའི་ངོ་བོ་རབ་ཏུ་དབྱེ་བ་གང་ཡིན་

པ་དེ་ལ་ཀུན་ནས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྒོམ་པ་པོའོ། །ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི་དྲིའི་རྣམ་པར་རྟོག་པ་སྟོང་པ་ཉིད་ཀྱིས་འཛིན་པའི་ཕྱིར་རོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །སྣ་ཡི་རྣམ་ཤེས་མཚན་ཉིད་ནི། །ཞེས་བྱ་བ་ནི་དྲི་འཛིན་པར་བྱེད་པའི་སྣ་ལ་གདོད་མ་ནས་སྐྱེ་བ་མེད་པར་ཤེས་པས་

དེའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་ལྟར་སྣའི་དབང་པོའི་རྣམ་པར་དག་པ་བསྟན་ནས། ལྕེའི་དབང་པོའི་རྣམ་པར་དག་པ་བརྗོད་པའི་ཕྱིར། རོ་ཡི་བྱེ་བྲག་ལ་རྟོག་པ། །ཞེས་བྱ་བ་གསུངས་ཏེ། རོ་རྣམ་པ་དྲུག་གི་བྱེ་བྲག་ལ་རྣམ་པར་རྟོག་པའི་ངོ་བོ་སྟེ། དེའི་རབ་ཏུ་དབྱེ་བ་ནི། རབ་ཏུ་དབྱེ་བའི་རྣམ་པའོ། །དེ་ལ་

ཀུན་ནས་སྟོང་པ་ཉིད་ཀྱི་རྣམ་པས་བསྒོམ་པའོ། །འཇིག་རྟེན་དབང་ཕྱུག་ཏུ་ནི་ཞེས་བྱ་བ་ནི། འཇིག་རྟེན་ན་གནས་པའི་རོའི་རབ་ཏུ་དབྱེ་བ་ལ་སྟོང་པ་ཉིད་རྟོགས་པ་ལས། རང་དགའ་ཉིད་ཐོབ་པའི་ཕྱིར་འཇིག་རྟེན་དབང་ཕྱུག་གོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །ལྕེའི་རྣམ་ཤེས་མཚན་ཉིད་ནི།

ལྕེའི་ཡུལ་དང་བཅས་པ་ལ་སྟོང་པ་ཉིད་དུ་ཤེས་པས་དེའི་རྣམ་པར་ཤེས་པའི་མཚན་ཉིད་དོ། །དེ་ལྟར་ལྕེའི་དབང་པོའི་རྣམ་པར་དག་པ་བསྟན་ནས། ལུས་ཀྱི་དབང་པོའི་རྣམ་པར་དག་པ་བརྗོད་པའི་ཕྱིར། རེག་བྱའི་བྱེ་བྲག་ལ་སྤྱོད་པ། །ཞེས་བྱ་བ་གསུངས་ཏེ། རྣམ་པ་བཅུ་གཅིག་གི་བདག་ཉིད་ཀྱི་རབ་ཏུ་དབྱེ་

เล่ม ๓๔ · หน้า 159a

བའོ། །དེའི་ཀུན་ནས་སྟོང་པ་ཉིད་ཀྱི་རྣམ་པས་བསྒོམས་པས་སྒོམ་པའོ། །སྒྲིབ་པ་ཐམས་ཅད་རྣམ་སེལ་ཞེས་བྱ་བ་ནི། རེག་པའི་སྟོབས་ཀྱིས་སྐྱེས་པའི་སྒྲིབ་པ་ཐམས་ཅད་ནི་འདོད་ཆགས་པའི་ཉོན་མོངས་པ་རྣམས་རྣམ་པར་སེལ་བར་བྱེད་པ་ནི། དུས་དེ་ཙམ་དུ་བཟླས་པའི་ཕྱིར་སྒྲིབ་པ་

ཐམས་ཅད་རྣམ་པར་སེལ་བའོ། །རེག་བྱའི་རྣམ་ཤེས་མཚན་ཉིད་ནི། །ཞེས་བྱ་བ་ནི་རེག་པ་ལ་གདོད་མ་ནས་སྐྱེས་པ་ཉིད་ཀྱི་རྣམ་པར་ཤེས་པ་སྟེ། དེའི་མཚན་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ལུས་ཀྱི་དབང་པོའི་རྣམ་པར་དག་པ་བསྟན་ནས། ཡིད་ཀྱི་དབང་པོའི་རྣམ་པར་དག་པ་བརྗོད་པའི་

ཕྱིར། ཡིད་ཀྱི་བྱེ་བྲག་ལ་སྤྱོད་པ། །ཞེས་བྱ་བ་གསུངས་ཏེ། ཡིད་ཀྱི་བྱེ་བྲག་ལ་ལྟོས་ནས། རྫས་བདུན་གྱི་བདག་ཉིད་ཆོས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་དང་། ཡུལ་ཅན་ལ་ལྟོས་ནས་སྣ་ཚོགས་པའི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་རྟོག་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་རང་བཞིན་ནོ། །དེའི་རབ་ཏུ་དབྱེ་བ་ནི་

ཁྱད་པར་རོ། །དེ་ལ་ཀུན་ནས་ནི་མ་ལུས་པ་ལ་སྟོང་པ་ཉིད་ཀྱི་རྣམ་པ་བསྒོམས་པས་དེ་སྒོམ་པ་པོའོ། །ཡིད་ཀྱི་རྣམ་ཤེས་ཞེས་གསུངས་པ། །ཞེས་བྱ་བ་ནི། འཇིག་རྟེན་པ་ལ་གྲགས་པ་གང་ཡིན་པ་དེ་ནི་འཇམ་དཔལ་ཞེས་བརྗོད་པ་ཡིན་ཞེ་ན། དེའི་རང་བཞིན་མེད་པ་ཤེས་པའི་ཕྱིར་རོ། །དེ་ལྟར་ཡིད་ཀྱི་དབང་

པོ་རྣམ་པར་དག་པ་བསྟན་ནས། ལུས་ཀྱི་དབང་པོའི་ལྷག་མར་གྱུར་པ་རྒྱུས་པ་ཀུན་གྱི་རྣམ་པར་དག་པ་བརྗོད་པའི་ཕྱིར། རྒྱུས་པ་ཀུན་ལ་ངེས་པར་སྦྱར། །ཞེས་བྱ་བ་གསུངས་ཏེ། ལུས་སུ་གཏོགས་པའི་རྒྱུས་པ་ཀུན་ལས་ངེས་པར་སྦྱོར་བའི་བྱེ་བྲག་ནི། ཡང་དག་པར་སྦྱོར་བའི་ཁྱད་པར་ལའོ། །ཡོངས་

སུ་ཞེས་བྱ་བ་ནི་ཀུན་ནས་སོ། །སྒོམ་པ་པོ་ཞེས་བྱ་བ་ནི་རང་བཞིན་མེད་པ་སྒོམ་པ་པོའོ། །བྱམས་པ་ཉིད་དུ་ཡོངས་སུ་ཤེས། །ཞེས་བྱ་བ་ནི་རྒྱུས་པ་ཀུན་ལ་རང་བཞིན་མེད་པ་ཉིད་དུ་ཡོངས་སུ་ཤེས་པས་དགའ་བ་ཁྱད་པར་ཅན་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །བག་ཆགས་རྟོག་པའི་བདག་ཉིད་ཅན། །ཞེས་

བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལུས་ཀྱི་དབང་པོའི་ལྷག་མར་གྱུར་པ་རྒྱུས་པ་ཀུན་ལས་ངེས་པར་སྦྱོར་བ་རྣམ་པར་དག་པ་བསྟན་ནས། ལུས་ཐམས་ཅད་ཚིགས་སུ་རྣམ་པར་དག་པ་བསྟན་པའི་ཕྱིར། རྩ་རྣམས་སོ་སོའི་

เล่ม ๓๔ · หน้า 159b

བདག་ཉིད་ཅན། །ཞེས་བྱ་བ་གསུངས་ཏེ། རང་གི་ལུས་སུ་གཏོགས་པའི་རྩ་རྣམས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བའི་བདག་ཉིད་ནི་ཁྱད་པར་ཅན་གྱི་བདག་ཉིད་ཅན་ནོ། །བདེ་བ་ཀུན་གྱི་གཞི་ཞེས་བྱ་བ་ནི། རྩ་བའི་རྣམ་པར་རྟོག་པ་བཟློག་ནས། འཇིག་རྟེན་ལས་འདས་པའི་བདེ་བ་ཀུན་ལ་བརྟེན་ནས་སོ། །མཆོག་ཅེས་བྱ་

བ་ནི་གདོང་ལ་སོགས་པའི་དབྱིབས་ཅན་ཉིད་ཀྱིས་རྣམ་པར་དབེན་པའི་ཕྱིར་རོ། །དངོས་པོ་ཀུན་གྱི་རང་བཞིན་བདག །ཅེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོའི་བདག་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཁོ་ན་ཉིད་ཀྱི་རྣམ་པ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པའི་བདག་ཉིད་ཅན་ཀུན་ཏུ་བཟང་པོར་

གྲགས་པའི་ཕྱིར་རོ། །ཀུན་དུ་བཟང་པོར་ཞེས་བྱ་བ་ནི་ཀུན་ནི་རྩ་རྣམས་ཀྱི་རྟོག་པ་ལ་དབེན་པས་ཐ་དད་པའི་ཕྱིར་རོ། །བཟང་པོ་ནི་དགེ་བ་གང་རྣམས་ཡོད་པ་དེ་རྣམས་ཞེས་བྱ་བར་བྱས་ནས་སོ། །འདི་ནི་ཞེས་བྱ་བ་ནི་རྣམ་པ་འདི་ཉིད་ཀྱིས་མིང་དུ་བྱེད་པའི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་བརྒྱད་ཀྱིས་རྒྱས་པར་བཤད་པ་བསྟན་

ནས། ཉེ་བར་བསྡུ་བའི་ཕྱིར་བརྗོད་པ་ནི། དེ་ལྟར་རྣམ་ཤེས་ཚོགས་བརྒྱད་སོགས། །ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམ་པར་དག་པའི་ངོ་བོའོ། །ཡང་དག་དེ་ཉིད་ཅེས་བྱ་བ་ནི་ནང་གི་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པ་ལུས་

རྣམ་པར་དབེན་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཀྱི་རྒྱུ་ཉིད་དུ་གྱུར་པའི་ཕྱིར་རོ། །མིག་སོགས་དབང་པོ་རྣམ་ཤེས་ནི། །ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་དྲུག་པོ་རྣམས་ལུས་ཀྱི་དབང་པོའི་ཁྱད་པར་དུ་གྱུར་པ་གཉིས་པོ་དག་ནི། ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པ་དང་། ཀུན་གཞི་རྣམ་པར་

ཤེས་པའི་མཚན་ཉིད་ཅན་གཉིས་པོ་དག་གི་རྣམ་པར་དག་པའི་ངོ་བོ་ཉིད་བགྲངས་ནས་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་འགྱུར་རོ། །གཟུགས་སོགས་མཐོང་བའི་མཚན་ཉིད་ནི། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དྲུག་པོ་དང་། རྒྱུས་པ་ཐམས་ཅད་དང་། ཡན་ལག་གི་ཚོགས་ཐམས་ཅད་ཀྱི་མཚན་ཉིད་

ཅན་གྱི་ལུས་ཀྱི་དབང་པོའི་ཡུལ་བྱེ་བྲག་ཏུ་གྱུར་པ་རྣམས་སོ། །མཐོང་བའི་མཚན་ཉིད་ཅན་ཞེས་བྱ་བ་ནི། མཐོང་བ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གསུམ་གྱིས་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་ཀྱི་དབྱེ་བ་བསྟན་ནས། ཡན་ལག་ཉིད་ཀྱི་དབྱེ་བ་བརྗོད་པའི་ཕྱིར་དེའི་ཡན་ལག་

เล่ม ๓๔ · หน้า 160a

གི་མདོར་བསྟན་པ་ནི། རྗེ་ངར་དཔུང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པ་དང་གཡས་པའི་པུས་མོ་གཉིས་རིམ་པ་ཇི་ལྟ་བ་བཞིན་དུ་དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་གཉིས་ཀྱི་གནས་སོ། །དཔུང་པ་ཞེས་བྱ་བ་ནི་དཔུང་པ་གཡོན་པ་དང་གཡས་པ་ནི་གཤིན་རྗེ་མཐར་བྱེད་དང་

ཤེས་རབ་མཐར་བྱེད་གཉིས་ཀྱི་གནས་སོ། །ཕྲག་པ་དག་ཅེས་བྱ་བ་ནི་གཡས་པ་དང་གཡོན་པའི་ཕྲག་པ་གཉིས་ནི་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་གཉིས་ཀྱི་གནས་སོ། །སྟེང་དང་འོག་ཅེས་བྱ་བ་ནི་མགོ་བོ་དང་། རྐང་པའི་མཐིལ་གཉིས་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གནོད་མཛེས་

རྒྱལ་པོ་གཉིས་ཀྱི་གནས་སོ། །བུག་པའི་སྒོ་ཞེས་བྱ་བ་འདིས་ནི་ཁ་དང་རྡོ་རྗེའི་ལམ་དག་བསྡུས་པའོ། །འདི་ཡང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་གཉིས་ཀྱི་གནས་སོ། །ཇི་སྐད་དུ་མདོར་བྱས་ལས། ལག་པ་གཡས་པར་གཤིན་རྗེ་གཤེད། །གཞན་གྱིས་མི་ཐུབ་གཡོན་པ་ལ། །ཁ་ལ་རྟ་མགྲིན་

བསྒོམ་བྱ་སྟེ། རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་མི་གཡོ་བ། །འདོད་པའི་རྒྱལ་པོ་གཡོན་པ་ལ། །དབྱུག་པ་སྔོན་པོ་ཆེར་འབར་བ། །པུས་མོ་གཡས་པ་ལ་ནི་བསམ། །པུས་མོ་གཡོན་པར་སྟོབས་པོ་ཆེ། །མགོ་ལ་གཙུག་ཏོར་འཁོར་ལོས་སྒྱུར། །རྐང་པ་གཉིས་ལ་དགོད་པ་ནི། །

གནོད་མཛེས་རྒྱལ་པོ་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བུར་གྱུར་པའི་གནས་ལ་ཐམས་ཅད་ཅེས་བྱ་བ་ནི། ལུས་ཐམས་ཅད་ལ་ཁྱབ་པར་གནས་ཏེ། ཁྲོ་བོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཤེས་པ་བཅུ་ཡི་མཚན་ཉིད་ནི། །ཞེས་བྱ་བ་ནི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་

དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཡོངས་སུ་རྒྱལ་བ་ཤེས་པའོ། །དེ་ལ་གང་ཞིག་སྡུག་བསྔལ་སྐྱེ་བ་མེད་པར་ཤེས་པ་ནི་དང་པོའོ། །གང་ཞིག་ཀུན་འབྱུང་སྤང་བྱར་ཤེས་པ་དེ་ནི་གཉིས་པའོ། །གང་ཞིག་

སྡུག་བསྔལ་འགོག་པ་ཤེས་པ་ནི་གསུམ་པའོ། །གང་ཞིག་ལམ་ལ་ལམ་དུ་ཤེས་པ་དེ་ནི་བཞི་པའོ། །གང་ཞིག་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཟད་པ་ཤེས་པ་དེ་ནི་ལྔ་པའོ། །གང་ཞིག་སྲིད་པར་འགྲོ་བ་མི་སྐྱེ་བ་ཤེས་པ་དེ་ནི་དྲུག་པའོ། །གང་ཞིག་ཕུང་པོ་ལྔ་རྣམས་ལ་ཆོས་ཉེ་བར་གཅོད་པ་ཤེས་

เล่ม ๓๔ · หน้า 160b

པ་དེ་ནི་བདུན་པའོ། །གང་ཞིག་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ཤེས་པ་དེ་ནི་བརྒྱད་པའོ། །གང་ཞིག་སེམས་ཅན་ཕ་རོལ་པོ་རྣམས་དང་གང་ཟག་གཞན་རྣམས་ལ་སེམས་ཉིད་ཀྱིས་སེམས་ཤེས་པ་དེ་ནི་དགུ་པའོ། །གང་ཞིག་སྒྲུབ་པ་ཤེས་པ་དང་ཡོངས་སུ་ཟད་པ་ཤེས་པ་དེ་ནི་བཅུ་པའོ། །ཡོངས་སུ་ཤེས་པ་ཞེས་

བྱ་བ་ནི། སྔོན་དུ་གསུངས་པའི་རྟོག་པའི་བདག་ཉིད་ཅན་གྱི་རྣམ་པར་དཔྱད་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མདོར་བསྟན་པ་བཤད་ནས་ཁྲོ་བོའི་སྔགས་ཀྱི་སྒོ་ནས་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། གཤིན་རྗེ་མཐར་བྱེད་ཅེས་བྱ་བ་གསུངས་ཏེ། གཤིན་རྗེ་མཐར་བྱེད་དོ། །གཤིན་རྗེ་ནི་དམྱལ་བའོ། །དེ་

ལ་ཁྲོ་བ་ཆེན་པོས་ཏིང་ངེ་འཛིན་གྱི་མཐར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དྲང་བའི་དོན་ཏོ། །གཤིན་རྗེ་ནི་མ་རིག་པའོ། །དེ་ལ་འོད་གསལ་གྱི་ངོ་བོས་མཐར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། ངེས་པའི་དོན་ཏོ། །ཤེས་རབ་མཐར་བྱེད་ཅེས་བྱ་བ་ནི་ཤེས་རབ་མཐར་བྱེད་དོ། །ཤེས་རབ་རྣམ་པར་བཅད་པས་ཉོན་མོངས་པ་

མཐར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། དྲང་བའི་དོན་ཏོ། །འཇུག་པའི་རྣམ་པར་ཤེས་པ་ཡོངས་སུ་འགྱུར་བའི་བདག་ཉིད་ཀྱི་ཕྱིར་ཤེས་རབ་བོ། །དེ་ལ་འོད་གསལ་བ་ཞུགས་པས་མཐར་བྱེད་པའི་ཕྱིར་ཤེས་རབ་མཐར་བྱེད་དོ། །ངེས་པའི་དོན་ཏོ། །པདྨ་མཐར་བྱེད་ཅེས་བྱ་བ་ནི་པདྨ་མཐར་བྱེད་དོ། །ཆུ་ཡིས་མི་གོས་

པའི་པདྨ་ལྟར་ཉོན་མོངས་པས་མ་གོས་པར་གྱུར་པས་དེ་རྣམས་མཐར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། དྲང་བའི་དོན་ཏོ། །པདྨ་ནི་སྐྱེ་གནས་སོ། །མཐར་ནི་དབུས་ཏེ། དེ་ལ་བདེ་བ་བྱེད་པས་ན་པདྨ་མཐར་བྱེད་དེ། ངེས་པའི་དོན་ཏོ། །དེའི་རྗེས་ལ་བགེགས་མཐར་བྱེད་ཅེས་བྱ་བ་ནི། བགེགས་མཐར་བྱེད་དོ། །

བགེགས་རྣམས་འཇོམས་པར་བྱེད་པས་ན་བགེགས་མཐར་བྱེད་དེ། །དྲང་བའི་དོན་ཏོ། །བགེགས་ནི་ཁམས་རྣམས་སོ། །དེ་རྣམས་ལ་ཐབས་ཀྱི་ཡེ་ཤེས་འཆང་བས་མཐར་བྱེད་པས་ན་དེ་སྐད་ཅེས་བྱའོ། །ངེས་པའི་དོན་ཏོ། །འདོད་པའི་རྒྱལ་པོ་ཞེས་བྱ་བ་ནི། འདོད་པ་ནི་གདུག་པ་ཅན་རྣམས་འཆིང་བ་ལ་

ཞེས་བྱ་བའི་བྱེད་པ་ཁམས་ཀྱི་སྦྱོར་བ་ལ་གདུག་པ་ཅན་རྣམས་འཆིང་བར་བྱེད་པ་ཉིད་ཀྱིས་རྒྱལ་པོ་ནི་གསལ་བར་བྱེད་པས་ན་འདོད་པའི་རྒྱལ་པོའོ། །དེ་བཞིན་མི་གཡོ་བ་ཞེས་བྱ་བ་ནི། བགེགས་ཀྱིས་མི་གཡོ་བ་ཉིད་ཀྱི་ཕྱིར་རོ། །སྟོབས་པོ་ཆ་ཞེས་བྱ་བ་ནི། བགེགས་ལ་སོགས་པ་བཟློག་པས་སྟོབས་ཆེན་པོ་

เล่ม ๓๔ · หน้า 161a

དང་ལྡན་པའི་ཕྱིར་རོ། །དབྱུག་པ་སྔོན་པོ་ཞེས་བྱ་བ་ནི། དབྱུག་པ་སྔོན་པོས་གདུག་པ་ཅན་གྱི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གནོད་མཛེས་ཞེས་བྱ་བ་ནི་བགེགས་རྣམས་ཐམས་ཅད་ངེས་པར་འཇོམས་པས་གནོད་མཛེས་ཏེ། དེའི་ངོ་

བོས་གསལ་བས་ན་གནོད་མཛེས་རྒྱལ་པོའོ། །གཙུག་ཏོར་འཁོར་ལོས་སྒྱུར་ཞེས་བྱ་བ་ནི་གཙུག་ཏོར་མགོར་བྱས་ཏེ་ནམ་མཁའ་ལ་སྤྱོད་པའི་བགེགས་རྣམས་བཟློག་པ་སྔོན་དུ་འགྲོ་བས་འཁོར་ནི་དཀྱིལ་འཁོར་གྱི་འཁོར་ལོའི་སྟེང་གི་ཆ་ལ་བསྒྱུར་བའི་ངང་ཚུལ་ག་ལ་ཡོད་པ་དེ་ནི། གཙུག་ཏོར་འཁོར་ལོས་སྒྱུར་

བའོ། །དེ་ལྟར་དེ་རྣམས་ཞེས་བྱ་བ་ནི་ཁྲོ་བོ་བཅུའོ། །གནས་དབྱེ་བ་ཞེས་བྱ་བ་ནི། དེ་མ་ཐག་པར་བཤད་པའི་དཔུང་པ་དང་ཉེ་བའི་དཔུང་པ་ལ་སོགས་པའི་དབྱེ་བས་སོ། །རྡོ་རྗེ་གསུམ་གྱིས་ཡོངས་སུ་གསལ། །ཞེས་བྱ་བ་ནི་གསང་བ་གསུམ་གྱི་ངོ་བོ་མི་བསྐྱོད་པའམ་རྡོ་རྗེ་འཆང་ཆེན་པོ་ལས་ཡོངས་སུ་

གསལ་བ་ནི་སྐྱེས་པའོ། །རང་ཉིད་ཀྱིས་རྡོ་རྗེ་གསུམ་གྱི་སྐུ་ལ་སོགས་པའི་དབྱེ་བས་ཡོངས་སུ་གསལ་བ་ནི་དེའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ངོ་བོ་གཅིག་ཏུ་གྱུར་ནས་ནི། །ཞེས་བྱ་བ་ནི་རང་གི་ལུས་ལ་གཅིག་པ་ཉིད་ཐོབ་པའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །དེ་ཁོ་ན་ཉིད་བརྟེན་ཞེས་

བྱ་བ་ནི་ལུས་རྣམ་པར་དབེན་པའི་མཚན་ཉིད་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་བརྟེན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདག་གི་དེ་ཁོ་ན་ཉིད་ཀྱིས་རྒྱས་པར་བཤད་པ་བསྟན་ནས། ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། །བདག་གི་དེ་ཉིད་ཅེས་བྱ་བ་གསུངས་ཏེ། སྔོན་དུ་གསུངས་པའི་རིགས་པས་བདག་ཉིད་ཀྱི་ལུས་ལ་

ཕུང་པོ་དང་ཁམས་ལ་སོགས་པའི་དབྱེ་བ་ཐ་དད་པའི་དེ་ཁོ་ན་ཉིད་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཉིད་ཀྱིས་ཡོངས་སུ་ཤེས་པའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་རྒྱུད་རྒྱས་པའི་རིམ་པས་སོ། །ཤེས་བྱ་ཞེས་པ་ནི་ཤེས་པར་བྱ་བའོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི། མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་གྱི་

ཞལ་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དབྱེ་བ་དང་བཅས་པའི་དོན་རྣམ་པ་གསུམ་གྱི་བདག་གི་དེ་ཁོ་ན་ཉིད་བརྗོད་ནས། སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། དེའི་ཡན་ལག་གི་ངོ་བོ་བཤད་པ་ནི། སྔགས་ཀྱི་དེ་ཉིད་ཅེས་གསུངས་ཏེ། སྔགས་ནི་སྦྲུལ་ལ་སོགས་པ་རྣམས་ཀྱི་དེ་ཉིད་ནི་ཨ་ཡིག་གི་

เล่ม ๓๔ · หน้า 161b

རྣམ་པ་ཉིད་དོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི་སྤྲོས་པ་དང་བྲལ་བའི་ཕྱིར་མཆོག་གི་ཏིང་ངེ་འཛིན་གྱི་རྣམ་པའོ། །ཡེ་ཤེས་ཆེན་པོ་ཞེས་བྱ་བ་ནི་འོད་གསལ་ཡོངས་སུ་ཤེས་པའི་ཕྱིར་རོ། །ལེགས་རྒྱས་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་མེད་ཅེས་བྱ་བ་ནི་སྐྱེ་བ་མེད་པས་སོ། །ཟག་མེད་ཅེས་བྱ་བ་ནི་

འཇིག་པ་མེད་པའི་ཕྱིར་རོ། །མི་གསལ་དང་ཞེས་བྱ་བ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་ཡང་དེ་ལྟར་སྣང་བ་མེད་པའི་ཕྱིར་རོ། །འགྱུར་བ་མེད་ཅིང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རྣམས་ཀྱིས་མི་འགྱུར་བའི་ཕྱིར་རོ། །སྒྲིབ་པ་མེད་ཅེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་སོ། །གཉིས་མེད་ཅེས་བྱ་བ་ནི་

གཉིས་སུ་མེད་པའི་ཕྱིར་རོ། །འཇིག་མེད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་འཇིགས་པ་མེད་པས་སོ། །ཞི་བ་དང་ཞེས་བྱ་བ་ནི་དང་པོ་ཉིད་ནས་ཉེ་བར་ཞི་བའི་ཕྱིར་རོ། །བདེ་བ་ཆེན་པོའི་གོ་འཕང་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་བཟློག་པས་སོ། །མཆོག་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་

པའི་ཕྱིར་རོ། །དེ་ལྟར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་བསྟན་ནས། རབ་ཏུ་དབྱེ་བ་བརྗོད་པའི་ཕྱིར། སྦྲུལ་དང་། བཏུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོ་དང་མཇུག་མ་ཡོད་པའི་ཕྱིར་སྦྲུལ་དང་འདྲ་བས་ན་སྦྲུལ་ལོ། །བཏུ་ཞེས་བྱ་བ་ནི་གཉིས་ཀ་ཡང་མེད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །མཐའ་

མེད་དང་ཞེས་བྱ་བ་ནི་མགོ་ཡོད་ཀྱང་མཇུག་མ་མེད་པ་ཉིད་ཀྱི་ཕྱིར་རོ། །མགོ་མེད་ཅེས་བྱ་བ་ནི་མཇུག་མ་ཡོད་ཀྱང་མགོ་མེད་པ་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་བསྟན་པའི་ཕྱིར། ཨོཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཡིག་དང་པོ་ཅན་ནོ། །ཧཱུྃ་དང་སྭཱ་ཧཱའི་མཐའ་ཞེས་བྱ་བ་ནི། ཡོངས་སུ་

རྫོགས་པ་ཉིད་ཀྱིས་སྦྲུལ། །ཞེས་བྱ་བ་མངོན་པར་བརྗོད་ཅེས་བྱ་བ་ནི། དེ་དང་འདྲ་བ་ཉིད་ཀྱིས་མགོ་དང་མཇུག་མ་དག་ཡོད་པར་ཆོས་མཐུན་པས་ཨོཾ་ཡིག་དང་སྭཱ་ཧཱའི་ཡི་གེ་དག་ཡོད་པའི་ཕྱིར་རོ། །རང་མིང་ངོ་བོ་བརྗོད་པ་ནི། །ཞེས་བྱ་བ་ནི་རང་ནི་བདག་དང་འབྲེལ་པའི་མིང་བརྗོད་པའི་རྣམ་པ་སྟེ། དེའི་མཚན་ཉིད་

དོ། །བཏུས་པའི་མཚན་ཉིད་མིང་ཅན་ནོ། །ཞེས་བྱ་བ་ནི་མགོ་དང་མཇུག་མ་དག་མེད་པའི་ཕྱིར། ཊཀྐི་ཧཱུྃ་ཛཿབྱ་བ་ལྟ་བུའོ། །ཨོཾ་དང་པོ་ཞེས་བྱ་བ་ནི། ཨོཾ་ཡིག་དང་པོ་ཉིད་དུ་ཡོད་པའི་ཕྱིར་རོ། །གང་ཞིག་སྔགས་ཞེས་བྱ་བ་ནི་གང་ཞིག་དེ་ལྟ་བུར་གྱུར་པའོ། །སྭཱ་ཧཱའི་ཡི་གེ་རྣམ་པར་སྤངས། །ཞེས་

เล่ม ๓๔ · หน้า 162a

བྱ་བ་ནི་མཇུག་མ་དང་འདྲ་བ་དེ་མེད་པའི་ཕྱིར་རོ། །མཐའ་མེད་ཅེས་བྱ་བའི་མིང་ཅན་ནོ་ཞེས་བྱ་བ་ནི་མཐའ་མེད་པ་ཉིད་ཀྱི་ཕྱིར་རོ། །བླ་མའི་ཞལ་གྱི་རིམ་ལས་བྱུང་། །ཞེས་བྱ་བ་ནི་སློབ་དཔོན་གྱི་ཞལ་གྱི་བརྒྱུད་པ་ལས་བྱུང་ཞེས་བྱ་བའི་དོན་ཏོ། །སྭཱ་ཧཱའི་མཐའ་ཅན་ཞེས་བྱ་བ་ནི། མཇུག་

མ་དང་འདྲ་བའི་སྭཱ་ཧཱའི་ཡི་གེ་ཡོད་པའི་ཕྱིར་རོ། །ཨོཾ་མེད་པ་ཞེས་བྱ་བ་ནི་ཨོཾ་ཡིག་དང་བྲལ་བའོ། །མགོ་མེད་ཅེས་བྱ་བ་ནི་དེ་དང་འདྲ་བར་མགོ་བོ་བཅད་པའི་ཕྱིར་རོ། །བཤད་པ་ཡིན་ནོ་ཞེས་བྱ་བ་ནི་བརྗོད་པའོ། །དེ་ལྟར་རབ་ཏུ་དབྱེ་བ་བཤད་ནས་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དེ་ལྟར་ཞེས་བྱ་བ་

ནི་སྔར་གསུངས་པའི་རིགས་པས་སོ། །མཚན་ཉིད་ཅེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ངོ་བོ་འཇུག་པར་བྱེད་པའི་ངོ་བོས་སོ། །ཤེས་ནས་ནི་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི་དེ་མ་ཐག་པར་གསུངས་པ་རྣམས་སོ། །བླ་ན་མེད་ཅེས་བྱ་བ་ནི་ཨ་ཡིག་གི་ངོ་བོ་ཉིད་ཀྱིས་རྟོགས་པའི་

ཕྱིར་རོ། །འདི་ཡི་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །རྒྱ་ཆེན་དོན་ཞེས་བྱ་བ་ནི་བརྗོད་པར་བྱ་བ་ལ་སོགས་པ་སྤྲོས་པའི་བདག་ཉིད་ཅན་ནོ། །ཤེས་བྱ་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པའི་ལེའུ་དང་པོར་གསུངས་པའི་རིགས་པས་

ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་གསུམ་གྱི་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་ནས། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བརྗོད་པའི་ཕྱིར། དེའི་ཡན་ལག་སྤྱིའི་ངོ་བོ་བསྟན་པ་ནི། ཡེ་ཤེས་དེ་ཉིད་ཅེས་བྱ་བ་གསུངས་ཏེ། འབྲས་བུར་གྱུར་པའི་ཟུང་འཇུག་གི་རྣམ་པ་སྟེ། ཀུན་རྫོབ་དང་དོན་དམ་པ་རོ་

གཅིག་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི་མཐར་ཐུག་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནི་ཐ་དད་པའི་རྣམ་པར་རྟོག་པ་མ་ལུས་པ་བཟློག་པའི་བདག་ཉིད་ཀྱི་ཕྱིར་རོ། །དབང་པོ་ཐམས་ཅད་མཉམ་པར་སྦྱོར། །ཞེས་བྱ་བ་ནི་སོ་སོར་

སྡུད་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། དབང་པོ་བཅུ་པོ་རྣམ་ཉིད་ནི། །རང་གི་འབྱུང་གནས་ཐམས་ཅད་ལས། །སོ་སོར་སྡུད་པ་ཞེས་ནི་བརྗོད། །འདོད་པ་སོ་སོར་སྡུད་པའོ། །ཞེས་བྱ་བ་ལྟ་བུའོ། །དབང་པོ་ཐམས་ཅད་ནི་ལྔ་སྟེ། དེ་རྣམས་ཡུལ་རྣམས་དང་ལྷན་ཅིག་ཏུ་

เล่ม ๓๔ · หน้า 162b

མཉམ་པར་སྦྱོར་བ་ནི་འབྲེལ་པའོ། །དངོས་པོ་ཐམས་ཅད་གཅིག་པའི་ལུས། །ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལ་གཅིག་པ་ཉིད་དོ། །རོ་མཉམ་པ་ཉིད་ཀྱི་ལུས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ནི་བསམ་གཏན་གྱི་ངོ་བོ་ཉིད་བསྟན་ཏེ། ཡུལ་རྣམ་པ་གསུམ་ལ་དེ་བཞིན་གཤེགས་པ་

གསུམ་གྱི་རྣམ་པ་གདོད་མ་ནས་སྐྱེ་བ་མེད་པ་ཉིད་དུ་ཤེས་པའི་ཕྱིར་རོ། །ངག་གི་རྣམ་རྟོག་ཀུན་སྤངས་པ། །ཞེས་བྱ་བ་ནི་སྲོག་དང་རྩོལ་བའི་ངོ་བོ་སྟེ་ངག་གི་རྟོག་པ་ཐམས་ཅད་ལས་འདས་པ་སྙམ་དུ་བྱས་ནས་སོ། །སྣང་བ་ཀུན་གྱི་ངོ་བོ་ཉིད། །ཅེས་བྱ་བ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་རིམ་

གྱིས་སེམས་འོད་གསལ་བའི་རྣམ་པ་ཅན་ནོ། །འདིས་ནི་སེམས་འོད་གསལ་བའི་ངོ་བོ་འཛིན་པ་གསུངས་སོ། །བདག་བྱིན་བརླབས་པའི་རང་བཞིན་ཅན། །ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་གྱི་ཕྱིར། འདིས་ནི་རྗེས་སུ་དྲན་པའི་ཡན་ལག་གསུངས་སོ། །ཀུན་ལ་ཁྱབ་པ་

ཞེས་བྱ་བ་ནི། སྟོང་པ་གསུམ་གྱི་རང་བཞིན་ཅན་ཆོས་རྣམས་ཐམས་ཅད་ལ་ཁྱབ་པའོ། །འདིས་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པ་འཛིན་པ་གཉིས་པའི་ངོ་བོ་གསུངས་སོ། །རྨད་དུ་བྱུང་ཞེས་བྱ་བ་ནི་འབད་པ་མེད་པར་སེམས་ཅན་གྱི་དོན་གྲུབ་པས་སོ། །རང་རིག་པའི་ཞེས་བྱ་བ་ནི། མཐའ་

གཉིས་སུ་མ་ལྟུང་བ་རང་རིག་པར་བྱ་བ་ཉིད་ཀྱིས་ཟུང་འཇུག་གི་རྣམ་པའོ། །འདིས་ནི་ཏིང་ངེ་འཛིན་གྱིས་བསྡུས་པ་བསྟན་ཏོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི། བླ་ན་མེད་པའི་ཕྱིར་རོ། །སྐད་ཅིག་བཞི་པའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་དོན་གྱི་ལྷན་ཅིག་སྐྱེས་པའི་ངོ་བོའོ། །ཆ་བྲལ་ཞེས་བྱ་

བ་ནི། ཆ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་བྲལ་བ་ཉིད་ཀྱིས་ཤེས་པར་བྱའོ། །ཀུན་འགྲོ་ཞེས་བྱ་བ་ནི་དགའ་བ་ལ་སོགས་པ་གསུམ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །ཕྲ་མོའི་ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱ་བའོ། །ཡུལ་མ་

ཡིན་ཞེས་བྱ་བ་ནི་སྤྱོད་ཡུལ་དུ་མ་གྱུར་པའོ། །རྣལ་འབྱོར་བྱིས་པས་ཞེས་བྱ་བ་ནི་ལས་དང་པོ་པའི་བསྐྱེད་པའི་རིམ་པ་སྒོམ་པ་པོས་སོ། །ཀུན་རྫོབ་ཀྱིས་ནི་ཡོངས་སུ་ཤེས་པ་ནི། །ཞེས་བྱ་བ་ནི་སྒྲ་དང་རྣམ་པར་རྟོག་པ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དོན་དམ་རང་གི་ངོ་བོ་ནི། །

เล่ม ๓๔ · หน้า 163a

ཞེས་བྱ་བ་ནི་གཅིག་ཏུ་མཐར་ཕྱིན་པའི་རྣལ་འབྱོར་པ་རྣམས་ཀྱིས་རེག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྤྱིར་རང་གི་ངོ་བོ་བསྟན་ནས། ཁོངས་སུ་བསྡུས་པའི་སྒོ་ནས་ཁྱད་པར་དུ་རང་གི་ངོ་བོ་བརྗོད་པའི་ཕྱིར། རྫོགས་པའི་རིམ་པའི་དབྱེ་བ་དང་། །ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱི་

རྫོགས་པའི་རིམ་པའི་ངོ་བོའོ། །སྔགས་ཀྱི་དེ་ཉིད་ཅེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་འོ། །རབ་འཇུག་གསལ་ཞེས་བྱ་བ་ནི་གསུངས་པའོ། །ཨོཾ་ནི་ཞེས་བྱ་བ་ནི་ཡི་གེ་ཨོཾ་མོ། །དེ་ཉིད་ཐིག་ལེ་ནང་དུ་ཐིམ། །ཞེས་བྱ་བ་ནི་ཨོཾ་ཡིག་གི་ཐིག་ལེ་ནང་དུ་འདུས་པའོ། །ཡང་དག་ཅེས་བྱ་བ་ནི་

སྤྲོས་པ་མེད་པའི་ངོ་བོ་ཉིད་ལ་བརྟེན་ནས་སོ། །རྣམ་པར་བསྒོམ་ཞེས་བྱ་བ་ནི་སྒོམ་པའོ། །ཐིག་ལེ་ཞེས་བྱ་བ་ནི་ཨོཾ་ཡིག་དང་འབྲེལ་པའི་འོ། །ཡི་གེ་ཨཿལ་ཞེས་བྱ་བ་ནི། ངག་གི་ས་བོན་ལའོ། །ཐིམ་ཞེས་བྱ་བ་ནི་ནང་དུ་འདུས་པ་སྟེ། ལུས་ལ་བརྟེན་ནས་ངག་སྐྱེ་བའི་ཕྱིར་དང་། ལུས་ལ་

ཡང་རགས་པ་དང་ཕྲ་བའི་ངོ་བོ་ཅན་གྱི་ངག་ལ་ཐིམ་པའི་ཕྱིར་རོ། །ཨ་ཡིག་ཅེས་བྱ་བ་ནི་རང་ཉིད་ཀྱིས་ངག་གི་དབང་ཕྱུག་གི་ས་བོན་ནོ། །ཧ་ཡིག་ཅེས་བྱ་བ་ནི་རང་གི་ཆའི་ངོ་བོ་ཚེག་དྲག་གཉིས་ཀྱི་ངོ་བོ་ལའོ། །དེ་ལ་ལྟོས་ནས་དེ་སྤྲོས་པ་མེད་པའི་ཕྱིར་རོ། །ཧ་ཡིག་ཅེས་བྱ་བ་ནི། ཧ་ཡིག་དང་འབྲེལ་

པ་ཆ་ཤས་ཀྱི་ངོ་བོའོ། །ཡི་གེ་ཧཱུྃ་ལ་ཞེས་བྱ་བ་ནི་སེམས་ཀྱི་དབང་ཕྱུག་གི་ས་བོན་ལའོ། །ཧ་ཡང་ཞེས་བྱ་བ་ནི་སེམས་ཀྱི་དབང་ཕྱུག་གི་ས་བོན་གྱི་ཆ་ཤས་སོ། །ཡི་གེ་ཨུ་ནི་ཞེས་བྱ་བ་ནི་ཧཱུྃ་ཡིག་གི་ཆ་ཤས་ལའོ། །ཐིམ་ཞེས་བྱ་བ་ནི་ནང་དུ་འདུས་ནས་འགྲོ་བའོ། །ཡི་གེ་ཧ་ཡང་ཞེས་བྱ་བ་ནི།

ཨུ་ཡིག་གི་ནང་དུ་འདུས་པར་བྱེད་པའོ། །ཡི་གེ་མ་ཡང་ཞེས་བྱ་བ་ནི་ཡི་གེ་ཧཱུྃ་ཡིག་གི་ཐིག་ལེ་ལའོ། །ཡི་གེ་མ་ཡང་ཞེས་བྱ་བ་ནི་ཐིག་ལེའི་བདག་ཉིད་དོ། །ཐིག་ལེ་ཙམ་ཞེས་བྱ་བ་ནི། ཧཱུྃ་ཡིག་གི་ཐིག་ལེ་བརྗོད་པར་བྱ་བ་མ་ཡིན་པའི་ངོ་བོ་ལའོ། །ཐིག་ལེ་ཡང་ནི་སྒྲ་ལ་ཐིམ། །ཞེས་

བྱ་བ་ནི་བྲག་ཅ་དང་འདྲ་བའི་སྒྲ་ལའོ། །ཡང་དག་ཐིམ་ཞེས་བྱ་བ་ནི་ནང་དུ་ཐིམ་པའོ། །སྒྲ་ཡང་ཞེས་བྱ་བ་ནི་བྲག་ཅའི་ངོ་བོའི་སྒྲའོ། །སྒྲ་ཙམ་ལ་ནའོ་ཞེས་བྱ་བ་ནི། སྒྲ་རྫོགས་པའི་ངོ་བོའི་སྟོང་པ་ལའོ། །སྒྲ་ཙམ་མཆོག་གི་ནམ་མཁའ་ལ། །ཞེས་བྱ་བ་ནི་མཆོག་གི་ནམ་མཁའ་ལའོ། །དེ་ཡང་

เล่ม ๓๔ · หน้า 163b

ཞེས་བྱ་བ་ནི་མཆོག་གི་ནམ་མཁའ་འོ། །འགྲོ་ཞེས་བྱ་བ་ནི་འགྲོ་བའོ། །འོད་གསལ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་ལའོ། །འོད་གསལ་གོ་འཕང་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པའི་འདུག་པའི་གནས་སོ། །གསལ་པོར་ནི་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་

པའོ། །ཤིན་ཏུ་རྣམ་པར་དག་ཅེས་བྱ་བ་ནི་དྲི་མ་མེད་པའི་རྣམ་པར་དག་པ་དང་ལྡན་པའོ། །ཆོས་དབྱིངས་ཏེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱི་ངོ་བོའོ། །གཉིས་སུ་མེད་པ་ཞེས་བྱ་བ་ནི་ཐ་དད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི་ཡེ་ཤེས་མེད་པའི་ངོ་བོ་ཉིད་ཀྱི་

ཕྱིར་རོ། །རབ་ཏུ་སད་ཅིང་ཞེས་བྱ་བ་ནི་ལམ་གྱི་སྟོབས་ཀྱིས་རྣམ་པར་དག་པའི་ཕྱིར་རོ། །རྟག་ཏུ་འཆར་ཞེས་བྱ་བ་ནི་རང་བཞིན་གྱིས་རྟོགས་པའི་ཕྱིར་རོ། །ངག་གི་སྤྱོད་པ་རྣམས་དང་བྲལ། །ཞེས་བྱ་བ་ནི་སྒྲ་དང་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་སོ། །གཉིས་པ་ཐམས་ཅད་རྣམ་པར་

སྤངས། །ཞེས་བྱ་བ་ནི་ཐ་དད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཕུང་པོ་ལྔ་ནི་གཅིག་པུའི་གཞི། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཕྱིར་དེ་ལ་བརྟེན་པའོ། །འབྱུང་བ་ལྔ་ནི་ཡང་དག་བརྟན། །ཞེས་བྱ་བ་ནི་ས་ལ་སོགས་པའི་ཁམས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྣམ་

ཤེས་བརྒྱད་ཀྱི་ངོ་བོར་འགྱུར། །ཞེས་བྱ་བ་ནི་དེའི་རང་བཞིན་ནི་སྔ་མ་བཞིན་ནོ། །ཕྱི་ཡི་ཡུལ་དྲུག་བསྡུས་པ་ནི། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ཉིད་ཀྱི་ཕྱིར་རོ། །རླུང་བཅུ་ཤེས་པ་ཞེས་བྱ་བ་ནི་རླུང་བཅུའི་བདག་ཉིད་ཀྱི་ཕྱིར་རོ། །ཤེས་པའི་མཚན་ཉིད་ཅེས་བྱ་བ་ནི་ཤེས་པ་

གསུམ་གྱི་མཚན་ཉིད་དོ། །ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི་རིམ་པ་ཐམས་ཅད་བསྡུས་པའི་ངོ་བོའོ། །དེ་ལྟར་ནང་དུ་བསྡུས་པའི་སྒོ་ནས་ཁྱད་པར་དུ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་བསྟན་ནས། དེ་རྟོགས་པ་པོའི་ཕན་ཡོན་བརྗོད་པའི་ཕྱིར། ཀུན་ནས་སྤྲོ་བའི་རྣལ་འབྱོར་གྱིས། །ཞེས་

གསུངས་ཏེ། བསྐྱེད་པའི་རིམ་པའི་རྗེས་ལ་རྫོགས་པའི་རིམ་པ་མཐར་ཐུག་པ་ཀུན་ནས་སྤྲོ་བའི་རྣལ་འབྱོར་གྱིས། རང་དང་གཞན་གྱི་དོན་གྱི་མཚན་ཉིད་ཀྱིས་སོ། །གང་གིས་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་པོའི་རྣལ་འབྱོར་པས་སོ། །སྲིད་པ་གསུམ་ཞེས་བྱ་བ་ནི་

เล่ม ๓๔ · หน้า 164a

ཁམས་གསུམ་པོ་ལའོ། །བཞུགས་ནས་ཞེས་བྱ་བ་ནི་སྤྱོད་པ་བྱེད་པའོ། །དངོས་གྲུབ་ཀུན་བྱེད་ཅེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བྱེད་པའོ། །དཔལ་དང་ལྡན་ཞེས་བྱ་བ་ནི་ཚོགས་གཉིས་ཡང་དག་པར་རྫོགས་པའི་ཕྱིར་རོ། །བསྐལ་པ་

བཟང་པོ་ཀུན་འཕེལ་བ། །ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ཐམས་ཅད་ཉོན་མོངས་པ་རྣམས་ཀྱི་གཞན་དབང་དུ་མ་གྱུར་པའི་མཚན་ཉིད་ཅན་ལ་འཕེལ་བར་བྱེད་པས་ན་ཀུན་འཕེལ་བ་སྟེ། ཐམས་ཅད་དུ་ངག་འཛིན་པའི་ཕྱིར་རོ། །རྡོ་རྗེ་དེ་ནི་ཞེས་བྱ་བ་ནི་འདི་ཉིད་རྡོ་རྗེ་འཆང་གི་ངོ་བོ་སྟེ།

སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ཕྱིར་རོ། །རྡོ་རྗེ་སེམས་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་ལ་ལྟོས་ནས་སོ། །རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་ནི། རྡོ་རྗེ་ལྟར་རྣམ་པར་རྟོགས་པས་མི་འཇིགས་པའི་ཕྱིར་རོ། །དབང་ཕྱུག་དང་ཞེས་བྱ་བ་ནི་ཐམས་ཅད་དུ་རང་དགའ་ཉིད་ཐོབ་པའི་ཕྱིར་རོ། །

ཧེ་རུ་ཀ་དང་ཞེས་བྱ་བ་ནི་རྣལ་འབྱོར་མའི་རྒྱུད་ལ་ལྟོས་ནས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། ཧེ་ནི་རྒྱུ་སོགས་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ཀྱི་འཁོར་ལོ་དང་ཞེས་བྱ་བ་ནི། ཀ་ཡིག་རྒྱུ་ནི་ཞི་བ་སྟེ། །ལ་ཡིག་འདི་ལ་སྟོབས་

དང་ལྡན། །རྩ་ཡིག་སེམས་ཀྱི་གཡོ་བ་ཉིད། །ཀྲ་ཡིག་གིས་ནི་རིམ་པར་བཅིང་། །ཞེས་གསུངས་སོ། །དང་པོའི་སངས་རྒྱས་ཞེས་བྱ་བ་ནི་དང་པོ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པས་སངས་རྒྱས་པ་ཉིད་ཀྱི་ཕྱིར་རོ། །ཐུབ་པ་ཆེ་ཞེས་བྱ་བ་ནི་ལུས་ལ་སོགས་པ་ཐུབ་པ་དང་ལྡན་པའི་

ཕྱིར་ཐུབ་པའོ། །ཉན་ཐོས་ལ་སོགས་པའི་མཚན་ཉིད་དང་བྲལ་བའི་ཕྱིར་ཆེན་པོའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་ཀུན་ནས་བཟང་བ་འདི་ལས་འབྱུང་བས་ན་ཀུན་དུ་བཟང་པོའོ། །དེ་ཡང་རྣམ་པར་དག་པ་གཉིས་དང་ལྡན་པའི་ཕྱིར་དང་། ཕུན་སུམ་ཚོགས་པ་གཉིས་དང་ལྡན་པའི་ཕྱིར་

རོ། །འཇམ་དཔལ་དང་ཞེས་བྱ་བ་ནི་འཇམ་པ་ནི་ཡིད་དུ་འོང་བ་སྟེ། དཔལ་ནི་ཕུན་སུམ་ཚོགས་པ་འདི་ལ་ཡོད་པ་སྙམ་དུ་བྱས་ནས་སོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། སྣ་ཚོགས་སྤྲོ་བའི་བདག་ཉིད་ཅན། །ཞེས་བྱ་བ་གསུངས་ཏེ། དེ་དང་དེའི་སེམས་ཅན་གྱི་བསམ་པའི་རྗེས་སུ་

เล่ม ๓๔ · หน้า 164b

འབྲངས་ནས། དེའི་རྣམ་པའི་གཟུགས་ཡོངས་སུ་སྤྲོ་བའི་བདག་ཉིད་ཅན་གྱི་ཕྱིར་རོ། །སྣ་ཚོགས་པ་རྣམས་རྣམ་པར་གྲོལ། །ཞེས་བྱ་བ་ནི་དངོས་པོ་ལ་རྣམ་པ་མེད་པ་ཉིད་ཀྱིས་རྣམ་པ་མེད་པས་སོ། །སྣ་ཚོགས་ཡོན་ཏན་ཚོགས་ཀྱི་གཞི། །ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་

པ་སངས་རྒྱས་ཀྱི་ཡོན་ཏན་དང་ཡང་དག་པར་ལྡན་པའོ། །ཀུན་ནས་སྤྲོ་བའི་རྣལ་འབྱོར་ནི། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་སྐུ་སྤྲོ་བའི་སྦྱོར་བས་སོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི། རང་གི་ངོ་བོ་ལས་མ་གཡོས་པའི་ཕྱིར་རོ། །དྲི་མ་མེད་ཅེས་བྱ་བ་ནི་གཞན་གྱི་དོན་འགྲུབ་

པས་སོ། །དེ་རྟོགས་པ་པོའི་ཕན་ཡོན་བསྟན་ནས་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར་ཡེ་ཤེས་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མ་ཐག་པར་བཤད་པ་རྣམས་སོ། །གསལ་བ་ཞེས་བྱ་བ་ནི་རྣལ་འབྱོར་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །ཤེས་བྱ་མིན་ཞེས་བྱ་བ་ནི། །སོ་སོའི་

སྐྱེ་བོ་རྣམས་ཀྱིས་ཡོངས་སུ་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གནས་པ་མེད་ཅེས་བྱ་བ་ནི། རྟེན་གྱི་དབེན་པའོ། །ཆོས་ཀྱི་དབྱིངས་འགྲོ་བ་ཞེས་བྱ་བ་ནི། དེའི་དབང་གིས་དེ་ལྟ་བུའི་ཡེ་ཤེས་བསྐྱེད་པའི་ཕྱིར་རོ། །བསྐྱེད་དང་རྫོགས་པའི་མཚན་ཉིད་དང་། །ཞེས་བྱ་བ་ནི་རིམ་པ་

གཉིས་ཀྱི་ཁྱད་པར་གྱི་ཕྱིར་རོ། །སྐྲའི་རྩེ་མོ་བརྒྱད་སྟོང་འདྲ། །ཞེས་བྱ་བ་ནི་ཤིན་ཏུ་ཡང་ཕྲ་བས་སོ། །ཤིན་ཏུ་གསལ་ཞིང་ཞེས་བྱ་བ་ནི་ཤིན་ཏུ་ཡང་གསལ་བས་སོ། །འོད་གསལ་བ་ཞེས་བྱ་བ་ནི་རྣམ་པར་དག་པའི་མཐར་ཕྱིན་པས་སོ། །བླ་མའི་ཞལ་ལས་ཞེས་བྱ་བ་ནི་སློབ་དཔོན་གྱི་

ཞལ་ལས་སོ། །ཤེས་བྱ་ཞེས་བྱ་བ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ལུང་དང་རིག་པའི་དབྱེ་བ་ཡིས། །ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་དང་རྗེས་སུ་མཐུན་པའི་རིགས་པ་དང་། ལུང་ནི་རྒྱུད་སྡེ་ལྔ་ལ་སོགས་པའི་བདག་ཉིད་ཀྱིས་སོ། །དབྱེ་བས་ཤེས་ཞེས་བྱ་བ་ནི་དེའི་རབ་ཏུ་དབྱེ་བས་

ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གསུངས་སོ། །དེ་ལྟར་དེ་ཁོ་ན་ཉིད་གསུམ་བསྟན་ནས། དེའི་ཉེ་བར་བསྡུས་པ་བརྗོད་པའི་ཕྱིར། དེ་ལྟར་དེ་ཉིད་གསུམ་དང་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་དེ་ཁོ་ན་ཉིད་ལ་སོགས་པའི་ངོ་

เล่ม ๓๔ · หน้า 165a

ངོ་བོ་སྟེ། ཡེ་ཤེས་མཆོག་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པའི་རྗེས་ལ་རིམ་པ་ལྔ་པོ་སྡུད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གསང་བ་ནི་ཞེས་བྱ་བ་ནི་སྣོད་མ་ཡིན་པ་རྣམས་ལ་སྦ་བར་བྱ་བའི་ཕྱིར། བཞི་པ་ཡེ་ཤེས་མཚན་ཉིད་དོ། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་རྣམ་པ་ཉིད་ཀྱི་

ཕྱིར་དང་། མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་ཉི་ཤུ་རྩ་གསུམ་པའི་རྒྱ་ཆེར་བཤད་པའོ།། །།

དེ་ལྟར་ལེའུ་ཉི་ཤུ་རྩ་གསུམ་པས་དེ་ཁོ་ན་ཉིད་གསུམ་གྱི་ཡུལ་ལ་དྲི་བའི་ལན་གདབ་པ་བསྟན་ནས། ད་ནི་སྣའི་རྩེ་མོ་གསུམ་གྱི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར་ལེའུ་ཉི་ཤུ་རྩ་བཞི་པ་ཉེ་བར་སྟོན་ཅིང་། དང་པོར་དེ་རྩོམ་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་

ཉི་ཤུ་རྩ་གསུམ་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་ལ་ལྟོས་པས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉན་པ་ལ་སྦྱར་བའོ། །སྣ་རྩེ་གསུམ་གྱི་མཚན་ཉིད་ཅེས་བྱ་བ་ལ། སྣ་རྩེ་གསུམ་ནི་གསང་བ་དང་། སྙིང་ག་དང་། ཁའི་དབྱེ་བས་ཐ་དད་པའི་

མཚན་ཉིད་ནི། ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་འཇོག་པར་བྱེད་པའོ། །བཤད་ཀྱིས་ཞེས་བྱ་བ་ནི་བརྗོད་པར་བྱ་ཡིས་ཞེས་པའོ། །དེ་ལྟར་དེའི་རྩོམ་པ་བསྟན་ནས། དངོས་སུ་བསྟན་པ་བརྗོད་པའི་ཕྱིར། །དེའི་ཡན་ལག་སྣ་རྩེ་གསུམ། །བསྟན་པས་གསུངས་པ་ནི། གསང་བ་སྙིང་ག་

གདོང་སྣའི་མིང་། །ཞེས་བྱ་བ་སྟེ། དེས་བརྗོད་པར་བྱ་བའོ། །གསུམ་པ་རྒྱུད་ལས་ཞེས་བྱ་བ་ནི། རྩ་བའི་རྒྱུད་དཔལ་གསང་བ་འདུས་པ་ལས་སོ། །གསལ་བ་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །འཁོར་ལོ་གསུམ་གྱི་དབྱེ་བ་ཡིས། །ཞེས་བྱ་བ་ནི། སྤྲུལ་པ་དང་། ཆོས་

དང་། ལོངས་སྤྱོད་རྫོགས་པ་ལ་ཉེ་བར་གནས་པའི་འཁོར་ལོ་གསུམ་གྱི་དབྱེ་བས་སོ། །རྣལ་འབྱོར་པ་ཡིས་ཞེས་བྱ་བ་ནི། རླུང་གི་དེ་ཁོ་ན་ཉིད་སྒོམ་པ་པོ་རྣམས་ཀྱིའོ། །བསྒོམ་པའི་རིམ་པ་ཞེས་བྱ་བ་ནི། རླུང་གི་དེ་ཁོ་ན་ཉིད་བསྒོམ་པའི་རིམ་པའོ། །དེ་ལྟར་སྣ་རྩེ་གསུམ་གྱི་ཡུལ་ལ་དྲི་བ་

เล่ม ๓๔ · หน้า 165b

མདོར་བསྟན་ནས། དེ་རྒྱས་པར་བཤད་པ་བསྟན་པའི་ཕྱིར་གསང་བའི་སྣ་རྩེ་བརྗོད་པའི་ཡན་ལག་རྫས་ཀྱི་ཐིག་ལེ་བསྒོམ་པ་ནི། ཤིན་ཏུ་ཆགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་ཆགས་པ་ནི་ཤིན་ཏུ་ཆགས་པ་སྟེ་ཆགས་པ་ཆེན་པོའོ། །དེ་ཀུན་ནས་ནོན་པ་གང་ལ་ཡོད་པ་དེ་ལ་

དེ་སྐད་ཅེས་བྱ་སྟེ། དེ་རྣམས་ཀྱིའོ། །བདེ་བ་སྟེར་ཞེས་བྱ་བ་ནི་བདེ་བ་ཐོབ་པར་བྱེད་པ་སྟེ། བདེ་བ་ཆེན་པོ་ཀུན་ནས་སྐྱེ། །ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟར་ཞེ་ན། རླུང་གི་དེ་ཉིད་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། སྲོག་དང་རྩོལ་བའི་རླུང་གི་སྦྱོར་བ་དག་གིས་སོ། །རྩ་ཡི་འཁོར་ལོ་སད་

པར་བྱེད། །ཅེས་བྱ་བ་ནི་རྩའི་འཁོར་ལོ་ནི་རང་གི་ལུས་ལ་གནས་པའོ། །སད་པར་བྱེད་པ་ནི་ཡོངས་སུ་ཤེས་པའི་རྒྱུས་སོ། །ཀུན་ནས་སྐྱེ་ཞེས་བྱ་བ་ནི། ཐབས་ཤེས་རབ་སྦྱོར་བའི་སྟོབས་ཀྱིས་ཀུན་ནས་སྐྱེ་བའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་ངོ་བོའོ། །ཇི་ལྟར་ཞེ་ན། ཁམས་

རྣམས་རོ་གཅིག་གྱུར་ནས་ནི། །ཞེས་གསུངས་ཏེ། ཁམས་སུམ་ཅུ་རྩ་གཉིས་རོ་མཉམ་པ་ཉིད་ཀྱིས་སོ། །དགུག་ཅེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་སྟོབས་ཀྱིས་བཟུང་ནས་སོ། །གཞུག་ཅེས་བྱ་བ་ནི་གཞུག་པའོ། །ཆོ་ག་བཞིན་དུ་བྱ་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་ཆོ་གས་སོ། །གཟུང་ཞེས་

བྱ་བ་ནི་གཟུང་བར་བྱ་བའོ། །རྡོ་རྗེའི་རྩེ་མོར་ཞེས་བྱ་བ་ནི་རྡོ་རྗེའི་རྩེ་མོར་རོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་རྣམ་པའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་དང་རྒྱུ་མཐུན་པའི་ཕྱིར་རོ། །ལྷན་སྐྱེས་སྐད་ཅིག་མཚན་ཉིད་ནི། །ཞེས་བྱ་བ་ནི་དཔེའི་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་

ནོ། །ཡེ་ཤེས་ལྔའི་རང་བཞིན་ཞེས་བྱ་བ་ནི། ལས་ཀྱི་ཐིག་ལེ་ལ་དག་པའི་ཟླ་བ་དང་ཀུནྡ་ལྟ་བུའི་གཟུགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཁམས་སུམ་ཅུ་རྩ་གཉིས་དང་རོ་མཉམ་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ལ་བདེ་བ་ཉམས་སུ་མྱོང་བའི་ངོ་བོ་ཉིད་ནི། སོ་སོར་རྟོག་པའི་ཡེ་

ཤེས་སོ། །དེ་ལས་སྤྲོ་བ་དང་། བསྡུ་བའི་རིམ་པས་བྱ་བ་རྫོགས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །བདེ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་ཆོས་ཉིད་ཀྱི་ཕྱིར་རོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་

เล่ม ๓๔ · หน้า 166a

བྱ་བ་ནི་མི་མཐུན་པའི་ཕྱོགས་དང་རྣམ་པར་བྲལ་བའི་ཕྱིར་རོ། །རྫས་ཐིག་ལེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གསང་བའི་སྣ་རྩེར་ཞེས་བྱ་བ་ནི། རྡོ་རྗེའི་རྩེའམ་པདྨའི་སྣ་རྩེར་ཡང་རུང་སྟེ། དེའི་མཐར་ཞེས་བྱ་བ་ནི་དེའི་མཐའ་མར་རོ། །ཡང་དག་

གཟུང་བའི་བདག་ཉིད་ཅན། །ཞེས་བྱ་བ་ནི་གཟུང་བའི་ངོ་བོའོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི། མཆོག་གི་རྣལ་འབྱོར་གྱི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཆགས་ཆེན་སེམས་ནི་གཅིག་པུ་ཡིས། །ཞེས་བྱ་བ་ནི་ཤིན་ཏུ་ཡང་འདོད་ཆགས་ཤས་ཆེ་བ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །ཆགས་པ་ཆེན་པོའི་

ཡུལ་ལ་སེམས་གཅིག་པུ་གང་རྣམས་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་རྫས་ཀྱི་ཐིག་ལེ་བསྒོམ་པ་བསྟན་ནས། གསང་བའི་སྣ་རྩེའི་ངོ་བོ་བཤད་པའི་ཕྱིར། པད་འདབ་དྲུག་ཅུ་རྩ་བཞི་ལ། །ཞེས་བྱ་བ་གསུངས་ཏེ། དེ་རྩ་རྣམས་ཀྱི་དབྱིབས་ཉིད་ཀྱི་ཕྱིར་རོ། །པདྨ་ཞེས་བྱ་བ་ནི་དེའི་རྣམ་པ་ཉིད་

ཀྱི་ཕྱིར་རོ། །རྩའི་འཁོར་ལོ་ཞེས་བྱ་བ་ནི་ཡང་དག་ཤུགས་ལ་སོགས་པའི་མཚན་ཉིད་ཀྱི་ཕྱིར་རོ། །རྩ་ཡི་འཁོར་ལོ་ཇི་སྐད་འབྱུང་། །ཞེས་བྱ་བ་ནི་ལེའུ་བཅུ་བདུན་པ་ལས། ཇི་སྐད་དུ་བསྟན་པའོ། །དེ་ཡི་ལྟེ་བ་སྣ་རྩེར་བཤད། །ཅེས་བྱ་བ་ནི་སྤྲུལ་པའི་འཁོར་ལོའི་དབུས་ཀྱི་ལྟེ་བ་དང་། དེ་དང་ཉེ་

བར་གསང་བའི་འཁོར་ལོར་གནས་པའི་རྡོ་རྗེ་དང་པདྨའི་རྩའི་ལྟེ་བའོ། །སྣ་རྩེར་བཤད་ཅེས་བྱ་བ་ནི་གསང་བའི་སྣ་རྩེར་བརྗོད་པའོ། །དེ་ཉིད་ཀྱི་ཕྱིར་གསང་བ་ཞེས་བྱ་བ་གསུངས་ཏེ། གསང་བའི་མིང་ཅན་ནོ། །བདེ་བ་ཐམས་ཅད་སྟེར་བར་བྱེད་པའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་གསང་བའི་

སྣ་རྩེར་བཤད་ནས། སྙིང་གའི་སྣ་རྩེར་ངོ་བོ་བཤད་པ་ནི། སྙིང་གའི་སྣ་རྩེར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པར་བྱེད་པའི་བདག་ཉིད་ཅན་ལའོ། །སྙིང་གའི་ཞེས་བྱ་བ་ནི་སྙིང་གའི་གནས་སུའོ། །པདྨ་འདབ་བརྒྱད་ཅེས་བྱ་བ་ནི།

པདྨ་འདབ་མ་བརྒྱད་པའི་རྣམ་པ་ལའོ། །ལྟེ་བ་ཞེས་བྱ་བ་ནི་དབུས་སུ་གེ་སར་དང་བཅས་པའོ། །སྣ་ཡི་རྩེ་མོ་སྙིང་ག་སྟེ། །ཞེས་བྱ་བ་ནི་སྙིང་གའི་སྣ་རྩེར་རོ། །གང་ལ་ཞེ་ན། དེའི་ཕྱིར་ཞེ་སྡང་ཉིད་ཀྱི་སེམས་ནི་ཞེས་བྱ་བ་གསུངས་ཏེ། ཞེ་སྡང་གི་རིགས་ཅན་རྣམས་ཀྱིའོ། །དེ་ལ་ཞེས་བྱ་བ་ནི་སྙིང་

เล่ม ๓๔ · หน้า 166b

གའི་སྣ་རྩེ་དེ་ལའོ། །སྔགས་ནི་ཞེས་བྱ་བ་ནི་སྤྲིན་གྱི་སྒྲའི་ངོ་བོ་ལའོ། །རྡོ་རྗེ་འཆང་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའོ། །ཡང་དག་སྤྲོ་བར་བྱེད་པའི་རྒྱུ་ནི། སྐྱེད་པར་བྱེད་པའི་རྒྱུའོ། །ངག་གི་རྟོག་པ་ཀུན་སྤངས་པ། །ཞེས་བྱ་བ་ནི་ངག་གི་སྤྲོས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །

མཆོག་གི་ཡེ་ཤེས་ཞེས་བྱ་བ་ནི། མཆོག་གི་ཡེ་ཤེས་དག་འོད་གསལ་བའི་རྣམ་པའི་རྒྱུར་གྱུར་པའི་ཕྱིར་རོ། །རྨད་འབྱུང་ཆེ་ཞེས་བྱ་བ་ནི། །དེ་ཉིད་ལས་ངག་གི་སྤྲོས་པ་ཐམས་ཅད་འཇུག་པའི་ཕྱིར་རོ། །ཕྲ་བའི་ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་གྱི་ཡུལ་ཡིན་པའི་ཕྱིར་རོ། །རྟག་ཏུ་འཆར་ཞེས་བྱ་

བ་ནི་ཆོས་ཉིད་ཀྱི་ངོ་བོས་རྟག་ཏུ་ཡོད་པའི་ཕྱིར་རོ། །ནཱ་ད་ནི་ཞེས་བྱ་བ་ནི་ཨ་ཡིག་གི་རྣམ་པའོ། །རྣམ་རྟོག་མེད་པའི་ཞེས་བྱ་བ་ནི་ཆ་ལྔ་པའི་ངོ་བོའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །བདེ་བ་ཆེ་ཞེས་བྱ་བ་ནི་དེར་སེམས་འཛིན་པས་རྣམ་པར་གཡེང་བའི་ངོ་བོ་སྡུག་བསྔལ་བཟློག་པའི་ཕྱིར་རོ། །བསྒོམ་

བཞིན་ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་སྔགས་ཀྱི་ཐིག་ལེ་སྒོམ་པར་བྱེད་ཅིང་ངོ་། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་སྒོམ་པ་པོ་ལ་ལྟོས་ནས་མཆོག་ཉིད་ཀྱི་ཕྱིར་རོ། །རིགས་པས་ཞེས་བྱ་བ་ནི་འབྱུང་བ་དང་འཇུག་པའི་རྗེས་སུ་བསྟན་པའི་ངོ་བོས་སོ། །མན་ངག་ཐོབ་

པས་ཞེས་བྱ་བ་ནི་མན་ངག་ཡང་དག་པར་རྟོགས་པའོ། །བདེ་བར་ཞེས་བྱ་བ་ནི་བདེ་བར་བྱས་ནས་སོ། །རྒྱལ་ཞེ་སྡང་ཞེས་བྱ་བ་ནི་ཉོན་མོངས་པ་ཞེ་སྡང་ཀུན་དུ་རྒྱུ་བའི་གནས་སྐབས་ཅན་ནོ། །དབང་བྱས་ན་ཞེས་བྱ་བ་ནི་ཞེ་སྡང་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་བདག་ཉིད་ལ་གཞན་དབང་དུ་བྱས་

ནས་སོ། །མྱུར་དུ་ཞེས་བྱ་བ་ནི་མྱུར་བའོ། །ཐིག་ལེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཞི་བའི་དེ་ཉིད་རྒྱུ་གཅིག་ནི། །ཞེས་བྱ་བ་གསུངས་ཏེ་ཞི་བའི་རྣམ་པར་རྟོག་པའི་རླུང་གི་རང་བཞིན་རྣམས་དང་མ་བསྲེས་པའི་དེ་ཁོ་ཉིད་ནི་འོད་གསལ་བའི་རྣམ་པ་ལ་རྒྱུ་གཅིག་པ་དེ་ཉིད་དེ་ཐིག་ལེའི་དབང་གིས་དེ་ལ་མངོན་

པར་ཕྱོགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་སྔགས་ཀྱི་ཐིག་ལེ་བསྒོམ་པ་བཤད་ནས། ད་ནི་ཀུན་རྫོབ་ཀྱི་སྣ་རྩེ་བརྗོད་པའི་ཡན་ལག་གི་རང་གི་ངོ་བོ་བསྟན་པའི་ཕྱིར། ཉི་མ་ཟླ་བ་མེ་དང་གསུམ། །ཞེས་བྱ་བ་གསུངས་ཏེ་ལ་ལ་ནཱ་དང་ར་ས་ནཱ་དང་། ཨ་ཝ་དྷཱུ་

เล่ม ๓๔ · หน้า 167a

ཏཱིའི་ངོ་བོ་སྟེ། ཁམས་གསུམ་པོ་འབབ་པར་བྱེད་པའི་ཕྱིར་རོ། །ལན་གསུམ་གྱིས་ནི་དབུས་ནས་ཁྱབ། །ཅེས་བྱ་བ་ནི་རྩ་གསུམ་གྱི་དབུས་སུ་ཆུད་པའོ། །གདོང་གི་སྣ་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣ་རྩེའོ་ཞེས་བྱར་ཞེས་བྱ་བ་ནི་བརྗོད་པའོ། །རླུང་རྣམས་གནས་ཀྱི་

མཚན་ཉིད་དང་། །ཞེས་བྱ་བ་ནི་རླུང་རྣམས་ནི་ལྔའམ་བཅུའི་གནས་ཀྱི་མཚན་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། དེ་ཉིད་དུ་འོད་ཟེར་གྱི་ཐིག་ལེ་བསྒོམ་པ་མདོར་བཤད་པའི་ཕྱིར། དེ་ལ་གནས་པའི་བྱ་བ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་

སྣ་རྩེ་དེ་ལའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ལ་ཡེ་ཤེས་ཆེ་བ་ནི་རྡོ་རྗེའི་བཟླས་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཐིག་ལེ་ཆེ་ཞེས་བྱ་བ་ནི་འོད་ཟེར་གྱི་ཐིག་ལེའོ། །གཏི་མུག་གིས་གནོན་ཡིད་ཅེས་བྱ་བ་ནི་མི་ཤེས་པས་དཀྲུགས་པའི་སེམས་ཀྱི་རྒྱུན་དང་ལྡན་པའི་རྣལ་འབྱོར་པའོ། །བསམ་

གཏན་ཞེས་བྱ་བ་ནི་བསྒོམ་པར་བྱ་བའོ། །གཏི་མུག་མཆོག་ལས་རྒྱལ་ཞེས་བྱ་བ་ནི་མི་ཤེས་པ་འབིགས་པར་བྱེད་པའོ། །མཆོག་ཅེས་བྱ་བ་ནི་གཏི་མུག་སྟེ། ཉོན་མོངས་པ་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཇི་སྐད་དུ། གཏི་མུག་སྐྱོན་རྣམས་ཀྱི་ནི་རྒྱུ། །དེ་ཉིད་ཕྱིར་

ན་མངོན་པར་བརྗོད། །གཞན་དུ་འཇིག་ཚོགས་ལྟ་བ་ནི། །དེ་སྤངས་པས་ནི་སྤངས་པའོ། །ཞེས་བྱ་བ་གསུངས་པ་ལྟ་བུའོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དངོས་པོ་ཐམས་ཅད་རྣམ་པར་སྨད། །ཅེས་གསུངས་ཏེ། དངོས་པོ་ཐམས་ཅད་ནི་ཕྱི་དང་ནང་གི་བདག་ཉིད་ཅན་རྣམས་ལ་བྱེ་

བྲག་ཏུ་སྨོད་པར་བྱེད་པ་སྟེ། དེའི་དབང་གིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མི་ཤེས་པའི་ཕྱིར་རོ། །དེ་ལྟར་དེ་ཉིད་ལས་འོད་ཟེར་གྱི་ཐིག་ལེ་བསྒོམ་པ་མདོར་བསྟན་ནས། དེ་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། ཡེ་ཤེས་ལྔ་ཡི་བདག་ཉིད་གསལ། །ཞེས་བྱ་བ་གསུངས་ཏེ། དེའི་བདག་

ཉིད་ཅན་འོད་ཟེར་གྱི་ཐིག་ལེ་སྟེ། རླུང་ལྔ་པོ་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ལྔ་ནི་བསྟེན་པ་ཡི། །ཞེས་བྱ་བ་ནི་དེ་ལ་སྲོག་གི་རླུང་ནི་མི་བསྐྱོད་པའི་རང་བཞིན་ནོ། །ཐུར་སེལ་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །མཉམ་གནས་ནི་སྣང་བ་མཐའ་ཡས་

เล่ม ๓๔ · หน้า 167b

ཀྱི་རང་བཞིན་ནོ། །གྱེན་དུ་རྒྱུ་བ་ནི་དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཁྱབ་བྱེད་ནི་ལུས་ཐམས་ཅད་ཀྱི་ཚོགས་ལ་གནས་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །རྟེན་ནི་དེའི་རང་བཞིན་གྱི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་ངག་འོད་གསལ་བའི་རྒྱུར་གྱུར་པའོ། །དེ་ནི་འོད་ཟེར་ཐིག་ལེ་

ཙམ། །ཞེས་བྱ་བ་ནི་དེའི་མིང་གིས་དེ་བརྗོད་པའི་ཕྱིར་རོ། །གདོང་གི་སྣ་རྩེར་ཡང་དག་བརྟེན། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣ་རྩེ་ལ་བརྟེན་ནས་གནས་པའི་ཕྱིར་རོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་སྣའི་རྩེ་མོར་འཛིན་པར་བྱེད་པའོ། །རྣལ་འབྱོར་མཆོག་ནི་ཞེས་བྱ་བ་ནི། རྡོ་རྗེ་བཟླས་པའི་རྒྱུད་

ཉིད་དུ་གྱུར་པའི་ཕྱིར་རོ། །གཏི་མུག་རྒྱ་མཚོ་ལས་ནི་རྒལ། །ཞེས་བྱ་བ་ནི་གཏི་མུག་གི་རྒྱ་མཚོ་མི་སྣང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་རྒྱས་པར་བཤད་པ་བསྟན་ནས། དེ་ཉིད་ཀྱི་མིང་བརྗོད་པའི་ཕྱིར། དམ་ཚིག་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་

ནི་ཞེས་བྱ་བ་ནི་འོད་ཟེར་གྱི་ཐིག་ལེ་ལའོ། །དམ་ཚིག་སེམས་དཔའ་ཞེས་བྱ་བ་ནི་མིང་ངོ་། །ཡང་དག་པའམ་ཀུན་ནས་སོན་པ་ནི་འགྲོ་བའི་རང་བཞིན་རླུང་རྣམ་པ་ལྔ་ལ་སེམས་དཔའ་ཡོད་པས་དམ་ཚིག་སེམས་དཔའ་འོ། །མིང་ཅན་དུ་ནི་ཞེས་བྱ་བ་ནི་མིང་ངོ་། །ཡང་དག་ཅེས་བྱ་བ་ནི། རྫོགས་

པའི་རིམ་པའི་རང་བཞིན་ཉིད་དུ་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སོ། །དམ་ཚིག་སེམས་དཔའ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་གྱིའོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་

ཤེས་ལྔའི་བདག་ཉིད་ཅན་ཏེ། དོན་ལ་དེ་རླུང་རྣམ་པ་ལྔའི་བདག་ཉིད་ཅན་གྱི་ཕྱིར་སྙམ་དུ་དགོངས་པའོ། །རིགས་པ་ཞེས་བྱ་བ་ནི་འོད་ཟེར་གྱི་ཐིག་ལེའི་རང་བཞིན་ཅན་ནོ། །རྣལ་འབྱོར་མཁས་པ་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་སྣ་རྩེར་འོད་ཟེར་གྱི་ཐིག་ལེ་འཛིན་པར་ནུས་པ་རྣམས་ཀྱིའོ། །གཏི་མུག་

མུན་པ་རྣམ་པར་འཇོམས། །ཞེས་བྱ་བ་ནི་མི་ཤེས་པའི་མུན་ནག་འཇོམས་པ་སྟེ། རླུང་རང་གི་ངོ་བོ་ཉེ་བར་མཚོན་པས་ངག་རང་བཞིན་མེད་པའི་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཀུན་དུ་རྟོག་པ་ཐམས་ཅད་བྲལ། །ཞེས་བྱ་བ་ནི་ངག་གི་སྤྲོས་པ་ཐམས་ཅད་མི་སྣང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཀུན་མཁྱེན་རྟོག་པའི་མཚན་ཉིད་ནི། །ཞེས་བྱ་བ་ལ་ཀུན་

เล่ม ๓๔ · หน้า 168a

མཁྱེན་རྟོག་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་དེའི་མཚན་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕྲ་མོའི་རྣལ་འབྱོར་རྣམས་ཀྱིས་རིག་པར་བྱ་བའི་ཕྱིར་རོ། །དེ་ལྟར་དེ་ཉིད་ཀྱི་མིང་བརྗོད་པ་བསྟན་ནས། ད་ནི་འོད་ཟེར་གྱི་ཐིག་ལེ་འཇུག་པའི་སྒོ་ནས་བརྗོད་པའི་ཕྱིར། དེའི་ཡན་ལག་

མདོར་བསྟན་པ་ནི། སྣ་ཡི་བུ་ག་ལས་བྱུང་ཞིང་། །ཞེས་བྱ་བ་གསུངས་ཏེ། གདོང་གི་སྣའི་བུ་ག་དག་ལས་རླུང་འབྱུང་བའོ། །སངས་རྒྱས་ལྔ་ཡི་རིགས་གནས་པ། །ཞེས་བྱ་བ་ནི་རླུང་ལྔ་པོ་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ཞེས་བྱ་བ་

ནི་རླུང་ལྔ་པོ་རྣམས་སྟེང་གི་སྣའི་སྒོ་ནས་ཀུན་དུ་རྒྱུ་བ་ཉིད་ཀྱི་ཕྱིར་རོ། །ལུས་ལ་སྤྱོད་པར་ཞེས་བྱ་བ་ནི་ལུས་ལའོ། །རྟག་ཏུ་འགྱུར་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སྟེ། རླུང་ལུས་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །ཀུན་རྫོབ་སྣར་ནི་རྒྱུ་བ་ཡིན། །ཞེས་བྱ་བ་ནི་གདོང་གི་སྣ་ལས་འབྱུང་བས་སོ། །སྒོ་

དེ་ལས་ནི་ཞེས་བྱ་བ་ནི་གདོང་གི་སྣའི་བུ་ག་ལས་སོ། །དེ་ཞེས་བྱ་བ་ནི་རླུང་ངོ་། །རྣམ་པར་འབྱུང་ཞེས་བྱ་བ་ནི་སྐྱེ་བའོ། །དེ་ལྟར་མདོར་བསྟན་ནས། ད་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། གཡོན་དང་གཡས་དང་གཉིས་ཀ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡས་པ་དང་

གཡོན་པ་དང་གཉིས་ཀ་དང་ཉིད་ལས་དལ་བར་རྒྱུ་བའི་དབྱེ་བས་རླུང་གི་རྒྱུ་བ་དེ་རྣམས་བཞི་སྟེ། ཐུན་དང་པོ་ལ་སོགས་ལ་ལྟོས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ཐུན་དང་པོ་ལས་མེའི་དཀྱིལ་འཁོར་གྱི་རླུང་སྣ་བུག་གཡས་པ་ནས་འབྱུང་བར་འགྱུར་ཏེ། ཐུན་གཉིས་པ་ལ་རླུང་གི་དཀྱིལ་འཁོར་

སྣ་བུག་གཡོན་པ་ལས། ཐུན་གསུམ་པ་ལས་སའི་དཀྱིལ་འཁོར་གཉིས་ནས་འབྱུང་བར་འགྱུར་ཏེ། ཐུན་བཞི་པ་ལ་གཉིས་ཀ་དག་ལས་ཆུའི་དཀྱིལ་འཁོར་ནས་དལ་བར་གྱུར་པས་འབབ་བོ། །མཚན་མོ་ལ་ཡང་དེ་བཞིན་ནོ། །འདིར་ཡང་དཀྱིལ་འཁོར་རེ་རེ་ནས། དཀྱིལ་འཁོར་བཞིའི་ཆ་

ཆའི་གྲངས་ཀྱི་སྣ་བུག་རེ་རེ་ནས་གཡས་པ་ལ་སོགས་པའི་དབྱེ་བས་ཐ་དད་པ་ཉིད་དུ་རྟོགས་པར་བྱའོ། །གཡས་པ་ནས་ནི་འབྱུང་བ་ཡི། །ཞེས་བྱ་བ་ནི་གཡས་པའི་སྣ་བུག་ནས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །ཁམས་ཞེས་བྱ་བ་ནི་རླུང་ངོ་། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཞེས་བྱ་བ་ནི་མེའི་

เล่ม ๓๔ · หน้า 168b

དཀྱིལ་འཁོར་རོ། །ཁ་དོག་དམར་པོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་རྣམ་པར་དག་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གསལ་བ་འདི་ཞེས་བྱ་བ་ནི། རྣལ་འབྱོར་ཤེས་པ་ཉིད་དུ་སྣང་བའི་ཕྱིར་རོ། །པདྨ་མགོན་པོ་ཞེས་བྱ་བ་ནི། པདྨ་བཞིན་དུ་འདོད་ཆགས་ལ་སོགས་

པས་མ་གོས་པ་ཉིད་ཀྱི་ཕྱིར་པདྨའོ། །དེ་ཉིད་ནི་རང་གི་རིགས་རྣམས་ཀྱི་བདག་པོ་ཉིད་ཀྱི་ཕྱིར་པདྨ་མགོན་པོའོ། །རྒྱུ་བའོ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཉིད་གྱེན་དུ་རྒྱུ་བའི་རྣམ་པས་རྒྱུ་བའོ། །གཡོན་པ་ནས་ནི་ཞེས་བྱ་བ་ནི། གཡོན་པའི་སྣའི་བུ་ག་ནས་སོ། །འབྱུང་བའི་ཞེས་བྱ་བ་ནི་སྐྱེས་པའི་

འོ། །ཁམས་ཞེས་བྱ་བ་ནི་མཉམ་གནས་ཀྱི་རླུང་གི་རྣམ་པའོ། །རླུང་གི་དཀྱིལ་འཁོར་དང་། རྟེན་པ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ཞེས་བྱ་བ་ནི། ལྗང་གུའི་མདོག་ཅན་ནོ། །ལས་ཀྱི་མགོན་པོའི་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །རྒྱུ་

བའོ་ཞེས་བྱ་བ་ནི་རླུང་གི་རྣམ་པར་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་ཀ་ལས་ནི་ཞེས་བྱ་བ་ནི་སྣའི་བུ་ག་གཉིས་ཀ་ལས་སོ། །འབྱུང་བའི་ཞེས་བྱ་བ་ནི་སྐྱེ་བའོ། །ཁམས་ཞེས་བྱ་བ་ནི་མཉམ་གནས་ཀྱི་རླུང་གི་རྣམ་པའོ། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །ཞེས་བྱ་བ་ནི་ཁ་དོག་སེར་པོའོ། །

དབང་ཆེན་གྱི་དཀྱིལ་འཁོར་ཉིད་ཅེས་བྱ་བ་ནི། སའི་དཀྱིལ་འཁོར་རོ། །རིན་ཆེན་མགོན་པོ་རྣམས་ཞེས་བྱ་བ་ནི། བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་རིན་ཆེན་འབྱུང་ལྡན་ནོ། །རྒྱུ་བའོ་ཞེས་བྱ་བ་ནི་དེའི་རྣམ་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །དལ་ཞིང་རྒྱུ་བ་མེད་ཅེས་བྱ་བ་ནི། ཆུའི་དཀྱིལ་

འཁོར་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །དལ་ཞིང་རྒྱུ་བ་ཞེས་བྱ་བ་ནི། ཆུ་ལ་སྟེང་དུ་འགྲོ་བ་མེད་པའི་ཕྱིར་རོ། །ཆུའི་དཀྱིལ་འཁོར་ཏེ་ཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་ཉིད་དོ། །དག་པའི་ཤེལ་ལྟར་སྣང་བ་ནི། །ཞེས་བྱ་བ་ནི་མདོག་ཉིད་ཀྱིས་ཏེ་དྲི་མ་མེད་པའི་ཕྱིར་རོ། །རྡོ་རྗེ་མགོན་པོ་ཞེས་བྱ་བ་

ནི་མི་བསྐྱོད་པ་སྟེ། རྡོ་རྗེ་བཞིན་དུ་སྟོང་པ་ཉིད་ལ་བསྟན་པའི་ཕྱིར་རོ། །མགོན་པོ་ཡང་ཡིན་ཏེ་རང་གི་རིགས་རྣམས་ཀྱི་བདག་པོ་ཉིད་ཀྱི་ཕྱིར་རོ། །དེའི་རྣམ་པ་ཉིད་ཀྱིས་དེ་ཉིད་དུ་འབབ་པའི་ཕྱིར་རོ། །ཁམས་ཀུན་ལས་ནི་ཞེས་བྱ་བ་ནི་རླུང་བཞིའི་རང་བཞིན་ནོ། །ཡང་དག་འབྱུང་ཞེས་བྱ་བ་ནི།

เล่ม ๓๔ · หน้า 169a

བརྟེན་ནས་སོ། །རྟེན་དང་བརྟེན་པའི་འཛིན་པ་ནི། །ཞེས་བྱ་བ་ནི་རྟེན་ལ་བཞི་པོ་འཛིན་པ་ཉིད་ཀྱི་ཕྱིར་རོ། །རྟེན་དང་བརྟེན་པའི་འཛིན་པ་སྟེ་ཁྱབ་བྱེད་ཀྱི་རླུང་ངོ་། །རྣམ་པར་སྣང་མཛད་རང་བཞིན་ཏེ། །ཞེས་བྱ་བ་ནི་གཟུགས་ལ་ཁྱབ་པར་བྱེད་པ་ཉིད་ཀྱིས་རྣམ་པར་སྣང་བས་སོ། །འཆི་

བའི་མཐའ་ནི་ཞེས་བྱ་བ་ནི། རྟག་ཏུ་དེའི་ལས་མེད་པས་འཆི་བའི་དུས་སུ་ཕྱིར་འབྱུང་བ་ཉིད་དེའི་བྱ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱས་པར་བཤད་པ་བསྟན་ནས། ད་ནི་དཀྱིལ་འཁོར་བཞིའི་རིམ་པས་ནང་གི་བཟླས་པ་བརྗོད་པའི་ཕྱིར། དཀྱིལ་འཁོར་བཞི་པོ་འདི་དག་ནི། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། མེ་ལ་སོགས་པའི་དཀྱིལ་འཁོར་བཞིའི་རིམ་པས། འབྱུང་བའི་དབུགས་ཀྱི་འཁོར་ལོ་ཟློས། །ཞེས་བྱ་བ་ནི་ཡི་གེ་གསུམ་སྦྱར་བ་སྔོན་དུ་འགྲོ་བས། ཉེ་བར་མཚོན་པར་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་མཚན་རྟག་ཏུའོ། །མཉམ་པར་བཞག་ནས་ཞེས་བྱ་བ་ནི། སྒྱུ་མ་ལྟ་བུའི་

ཏིང་ངེ་འཛིན་ལ་གནས་པས་སོ། །ཉིན་མཚན་ཞེས་བྱ་བ་ནི་ཐུན་བརྒྱད་ཀྱི་དབྱེ་བས་སོ། །རྟག་ཏུ་ཟློས་ཞེས་བྱ་བ་ནི་རླུང་གི་འཁོར་ལོ་དེ་ཉིད་དོ། །སྔགས་པས་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་ལ་གནས་པས་སོ། །བཟླས་པའི་གྲངས་ཀྱིས་ནི་ཞེས་བྱ་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ཀྱིས་སོ། །

དེ་ལྟར་དཀྱིལ་འཁོར་བཞིའི་རིམ་པས་ནང་གི་བཟླས་བརྗོད་ནས། ད་ནི་འོད་ཟེར་གྱི་ཐིག་ལེ་ཉེ་བར་བསྡུ་བའི་སྒོ་ནས་ལས་ཚོགས་བརྗོད་པའི་ཕྱིར། དེ་ལྟར་རླུང་གི་སྣ་རྩེར་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་ལྔ་པོ་བསྡུས་པའི་རྣམ་པའོ། །སྣ་རྩེར་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣའི་རྩེ་མོར་

རོ། ཁ་དོག་ལྔ་པར་ཞེས་བྱ་བ་ནི་རིགས་ལྔའི་རང་བཞིན་གྱི་ཁ་དོག་ཉིད་ཀྱི་ཕྱིར་རོ། །རྣམ་པར་བསྒོམ་ཞེས་བྱ་བ་ནི་ཡུངས་ཀར་གྱི་འབྲས་བུ་ཙམ་ཉིད་ཀྱིས་སོ། །གཉིས་མེད་མཆོག་གི་རྣལ་འབྱོར་གྱིས། །ཞེས་བྱ་བ་ནི་སྔགས་དང་རླུང་དང་དཀྱིལ་འཁོར་དང་། ལྷ་རྣམས་ཀྱིས་གཉིས་སུ་མེད་

པའི་རྣལ་འབྱོར་གྱིས་ཏེ། ཐ་མི་དད་པ་རྟོགས་པ་ཉིད་ཀྱིས་སོ། །འོད་ཟེར་ཚོགས་ནི་ཞེས་བྱ་བ་ནི་རླུང་ལྔའི་རང་བཞིན་ནོ། །འབར་བ་ཆེ་ཞེས་བྱ་བ་ནི་ཤིན་ཏུ་ཡང་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །དེ་ཡིས་ཞེས་བྱ་བ་ནི་འོད་ཟེར་གྱི་ཐིག་ལེས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བསྒྲུབ་པར་བྱའོ། །ཇི་

เล่ม ๓๔ · หน้า 169b

ལྟར་ཞེ་ན། དེའི་ཕྱིར་རྣལ་འབྱོར་པས་ཞེས་བྱ་བ་གསུངས་ཏེ། ཐུན་མཚམས་ཕྱེད་ཕྱེད་ཀྱི་དུས་འཛིན་པའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་རིམ་པའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། མེ་དང་རླུང་དང་དབང་ཆེན་དང་། །ཆུ་དང་དཀྱིལ་འཁོར་སོ་སོ་ལ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་

ནི་གཉིས་གཉིས་རབ་ཏུ་གནས། །ཞེས་གསུངས་སོ། །དེ་ལྟར་དོན་རྣམ་པ་བཞིས་འོད་ཟེར་གྱི་ཐིག་ལེ་འཇུག་པའི་སྒོ་ནས་གསུངས་སོ། །དེ་ལྟར་རབ་ཏུ་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་བསྟན་ནས། ད་ནི་དེ་ཉིད་ཀྱི་ཡུལ་དེ་སྒོམ་པ་པོའི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། དེའི་ཡན་

ལག་གསོལ་བ་འདེབས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་བསྡུ་བའི་སྒོ་ནས་ལས་ཚོགས་བརྗོད་པའི་རྗེས་ལའོ། །ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི་གསོལ་བ་འདེབས་པ་པོའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི། སྟོན་པ་པོ་དྲུག་པ་རྡོ་རྗེ་འཆང་གི་རྣམ་པའོ། །གསུངས་

པ་ནི་འཆང་བཞིན་པའི་དོན་གྱི་ལྷག་མའོ། །འགྲོ་བའི་བླ་མ་ཞེས་བྱ་བ་ནི། ཁམས་གསུམ་པའི་སློབ་དཔོན་ཉིད་དུ་གྱུར་པའི་ཕྱིར་རོ། །ཅི་ཞིག་གསུངས་ཤེ་ན་དེའི་ཕྱིར་ཐིག་ལེ་གསུམ་གྱི་ཞེས་གསུངས་ཏེ། རྫས་དང་སྔགས་དང་འོད་ཟེར་གྱི་ཐིག་ལེའི་ངོ་བོའོ། །ཡོངས་སུ་ཤེས་ཞེས་

བྱ་བ་ནི། བཅོམ་ལྡན་འདས་ཀྱི་དྲིན་གྱིས་སོ། །ཐིག་ལེ་གསུམ་ནི་ཤེས་ཟིན་ཏེ། །སྣ་ཡི་རྩེ་མོ་གསུམ་དང་ལྡན། །ཞེས་བྱ་བ་ནི། གསང་བ་དང་སྙིང་ག་དང་གདོང་གི་སྣའི་རྩེ་མོ་གསུམ་དང་བཅས་པ་སྟེ། འདི་དག་གི་རྟེན་དུ་གྱུར་པའོ། །འདི་ལ་ཅུང་ཟད་ཅེས་བྱ་བ་ནི་ཐིག་ལེ་གསུམ་གྱི་བསྒོམ་པ་དང་།

སྣའི་རྩེ་མོ་གསུམ་གྱི་བསྒོམ་པ་ལའོ། །བདག་ལ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་བདག་ལའོ། །ཐེ་ཚོམ་ཞེས་བྱ་བ་ནི་ཡིད་གཉིས་སོ། །སྲིད་མཐར་མཛད་ཀྱིས་བསལ་བར་མཛད། །ཅེས་བྱ་བ་ནི་དེ་ཐེ་ཚོམ་སྟེ་བཅོམ་ལྡན་འདས་ཀྱིས་བསལ་བར་མཛོད་ཅིག་པའོ། །སྲིད་པ་ནི་འཁོར་བ་སྟེ། དེ་མཐར་བྱེད་

པ་ནི་དགྲ་སྟེ། འཁོར་བ་རྩད་ནས་གཅོད་པའི་ཕྱིར་རོ། །ཐེ་ཚོམ་རང་གི་ངོ་བོ་གསུངས་པ་ནི། རྫས་དང་སྔགས་དང་ཞེས་བྱ་བ་ལ་སོགས་པའོ། །ཐིག་ལེ་གསུམ་གྱིས་སྒོམ་པ་པོ། །རྣལ་འབྱོར་པ་གཅིག་ཉིད་དམ་ནི། །ཡང་ན་རྣལ་འབྱོར་སོ་སོར་བསྒོམ། །ཞེས་བྱ་བ་ནི་རྣལ་འབྱོར་པ་སོ་སོ་

เล่ม ๓๔ · หน้า 170a

ཡིན་ནམ་ཞེས་བྱ་བའོ། །དེ་ལྟར་གསོལ་བ་འདེབས་པ་བསྟན་ནས། དེ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་འཇུག་པའི་སྔོན་དུ་འགྲོ་བས་སྒོམ་པ་པོ་གསུམ་གྱི་ངེས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དྲི་བ་བྱས་པའི་རྗེས་ལའོ། །བཅོམ་ལྡན་འདས་

རྡོ་རྗེ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་སྟེ། གསུངས་ཞེས་བྱ་བ་དང་འབྲེལ་ཏོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཐེ་ཚོམ་ཀུན་གཅོད་ཅེས་གསུངས་ཏེ། ཐེ་ཚོམ་ཐམས་ཅད་ནི་སོམ་ཉིའོ། །དེ་རྣམས་གཅོད་པ་ནི་འཇོམས་པ་སྟེ། ཟློག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །གཙོ་བོ་ཞེས་བྱ་བ་ནི་སངས་རྒྱས་

ལྔའི་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཅི་གསུངས་ཤེ་ན། དེའི་ཕྱིར་ཡུན་རིངས་ཞེས་བྱ་བ་གསུངས་ཏེ། དུས་ཤིན་ཏུ་རིང་བའོ། །ཆགས་ཆེན་དབང་སོང་བ་ཞེས་བྱ་བ་ནི་ཤིན་ཏུ་ཆགས་པ་ཆེན་པོའི་དབང་དུ་སོང་བས་སོ། །སྲིད་པ་གསུམ་དུ་ཞེས་བྱ་བ་ནི་ཁམས་གསུམ་པོ་ལའོ། །གང་ཞིག་ཅེས་བྱ་བ་ནི་

སེམས་ཅན་རྣམས་སོ། །སྐྱོ་བ་ཞེས་བྱ་བ་ནི་ཀུན་ནས་ངལ་བའོ། །དེ་དག་འགྲོ་བའི་དོན་དུ་ཞེས་བྱ་བ་ནི། འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་དེ་རྣམས་ལ་རང་དང་འོས་པའི་སྤྱོད་པའི་ཐབས་ཀྱིས་གྲོལ་བའི་དོན་དུ་སྟེ། འདོད་ཆགས་ཉེ་བར་ཞི་བའི་ཕྱིར་རོ། །རྫས་ཀྱི་ཐིག་ལེའི་

ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེའི་ངོ་བོའོ། །གསུངས་པ་ཡིན་ཞེས་བྱ་བ་ནི་བརྗོད་པའོ། །ཞེ་སྡང་ཆེན་པོའི་ཞེས་བྱ་བ་ནི་ཞེ་སྡང་ནི་ཤིན་ཏུ་ཆེ་བའོ། །དབང་སོང་བས་ཞེས་བྱ་བ་ནི་གཞན་དབང་ངོ་། མིང་གང་ཞེ་ན། སེམས་ཅན་རྣམས་སོ། །དེ་ཉིད་ཀྱི་ཕྱིར་མི་སྲུན་པའི་ལུས་

ཞེས་གསུངས་ཏེ། ཞེ་སྡང་གི་དབང་གིས་མི་སྲུན་པའི་ལུས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་རྣམས་ཞེས་བྱ་བ་ནི་སེམས་ཅན་ཞེ་སྡང་གི་སྤྱོད་པ་ཅན་རྣམས་ལའོ། །མྱུར་དུ་ཞེས་བྱ་བ་ནི་མྱུར་བ་ཉིད་དུའོ། །གྲོལ་དོན་དུ་ཞེས་བྱ་བ་ནི་ཞེ་སྡང་ལས་སྟོན་པའི་ཕྱིར་རོ། །སྔགས་ཀྱི་ཐིག་

ལེ་ཞེས་བྱ་བ་ནི། སྙིང་གའི་སྣ་རྩེ་ལ་ཧཱུཾ་ཡིག་གི་རྣམ་པའོ། །གསུངས་པ་ཡིན་ཞེས་བྱ་བ་ནི་བརྗོད་པའོ། །གཏི་མུག་ཆེན་པོས་ཞེས་བྱ་བ་ནི་མི་ཤེས་པ་ཆེན་པོས་སོ། །ཀུན་ནས་འཁྲུལ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པས་སོ། །སྐྱོ་བ་ཞེས་བྱ་བ་ནི་ཡིད་ཡོངས་སུ་ངལ་བས་སོ། །གང་ཞེས་བྱ་བ་ནི་

เล่ม ๓๔ · หน้า 170b

སེམས་ཅན་རྣམས་སོ། །སྲིད་པའི་རྒྱ་མཚོ་འདི་ཞེས་བྱ་བ་ནི། འཁོར་བའི་རྒྱ་མཚོ་ལས་སོ། །དེ་རྣམས་ཞེས་བྱ་བ་ནི་གཏི་མུག་ཆེན་པོས་སེམས་ཀྱི་རྒྱུད་མནན་པ་རྣམས་ཀྱིའོ། །མྱུར་བར་ཞེས་བྱ་བ་ནི་འབྲས་བུ་མྱུར་བ་ཉིད་དུའོ། །དངོས་གྲུབ་ཅེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ངོ་བོའོ། །ཐོབ་

ཕྱིར་ཞེས་བྱ་བ་ནི་མྱུར་བའི་འབྲས་བུ་ཅན་གྱི་དངོས་གྲུབ་ཐོབ་པའི་ཕྱིར་རོ། །ཡེ་ཤེས་མཚན་ཉིད་ནི་ཞེས་བྱ་བ་ནི། མི་ཤེས་པ་བཅོམ་པས་ཡེ་ཤེས་ཀྱི་ངོ་བོའོ། །རླུང་གི་ཐིག་ལེར་ཞེས་བྱ་བ་ནི་འོད་ཟེར་གྱི་ཐིག་ལེའོ། །གསུངས་པ་ཡིན་ཞེས་བྱ་བ་ནི་བརྗོད་པའོ། །ཇི་ལྟ་བུ་ཞེ་ན། དེའི་

ཕྱིར། ཡང་དག་དེ་ཉིད་སྤྲོ་བ་ནི། །ཞེས་བྱ་བ་གསུངས་ཏེ། ཕྱིན་ཅི་མ་ལོག་པའི་ངོ་བོས་དེ་ཉིད་སྤྲོ་བའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུངས་ལ་འཇུག་པ་སྔོན་དུ་འགྲོ་བས་སྒོམ་པ་པོ་གསུམ་གྱི་ངེས་པ་བསྟན་ནས། ད་ནི་སྣ་རྩེ་གསུམ་གྱི་ཉེ་བར་བསྡུ་བ་

བརྗོད་པའི་ཕྱིར། རང་གི་ངོ་བོ་བརྗོད་པ་ནི། དེ་ལྟར་ཐིག་ལེ་གསུམ་གྱི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། རང་གི་ངོ་བོ་བརྗོད་པ་ནི། །དེ་ལྟར་ཐིག་ལེ་གསུམ་ཞེས་གསུངས་ཏེ། དེ་མ་ཐག་པར་བཤད་པའོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །སྦྱོར་བ་ཇི་ལྟ་བཞིན་

ཞེས་བྱ་བ་ནི་ཇི་ལྟར་རླུང་གི་སྦྱོར་བའོ། །བསམ་པ་ཇི་བཞིན་ཞེས་བྱ་བ་ནི། འདོད་ཆགས་ཀྱི་རིགས་ཅན་ལ་སོགས་པ་ལ་ལྟོས་པས་སོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ལའོ། །གྲུབ་དོན་དུ་ཞེས་བྱ་བ་ནི། རླུང་གི་དེ་ཁོ་ན་ཉིད་ལ་ཕ་རོལ་ཏུ་སོན་པའི་ཕྱིར་རོ། །སྒྲིབ་པ་ཐམས་

ཅད་དག་པའི་ཕྱིར། །ཞེས་བྱ་བ་ནི་གསུངས་ཞེས་བྱ་བའི་ལྷག་མའོ། །སྒྲིབ་པ་ཐམས་ཅད་ནི་ལུས་དང་ངག་རྣམ་པར་དབེན་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས་ལ་དག་པའི་ཕྱིར་ནི་ཉེ་བར་ཞི་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཉེ་བར་བསྡུ་བ་རང་གི་ངོ་བོ་བསྟན་ནས། དེ་ནི་བསྒོམ་

པའི་གནས་ཀྱི་ངེས་པ་བརྗོད་པའི་ཕྱིར། རྩེ་གཅིག་པ་ཡི་སེམས་ཀྱིས་ནི། །ཞེས་བྱ་བ་གསུངས་ཏེ། རྣམ་པར་མི་གཡེང་བའི་སེམས་ཀྱིས་སོ། །ཉམས་དགའི་གནས་ཞེས་བྱ་བ་ནི། ཉམས་དགའ་བའི་ས་ཕྱོགས་སུའོ། །ཡེ་ཤེས་བསྡུས་པ་ཞེས་བྱ་བ་ནི། ཡེ་ཤེས་ལྔ་བསྐྱེད་པ་

เล่ม ๓๔ · หน้า 171a

དང་རྗེས་སུ་མཐུན་པ་སྟེ། དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །འབད་པ་ཡིས་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། མེ་ཏོག་འབྲས་བུ་ཆུ་ཡིས་བརྒྱན། །ཞེས་བྱ་བ་གསུངས་ཏེ། མི་གཡེང་ཞིང་ཤིན་ཏུ་ཉམས་དགའ་བའི་

ཕྱིར་རོ། །དབེན་པ་ཞེས་བྱ་བ་ནི་སྐྱེ་བོ་མེད་པའོ། །རིའི་རྩེར་ཞེས་བྱ་བ་ནི་ས་འཛིན་གྱི་རྩེ་མོ་ལའོ། བསྒྲུབ་པར་བྱ་ཞེས་བྱ་བ་ནི་བསྒོམ་པར་བྱ་བའོ། །འབད་པ་ཡིས་ནི་ཞེས་བྱ་བ་ནི། བརྩོན་འགྲུས་ཀྱིས་སོ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་ནི་ཞི་བ་

ལ་སོགས་པ་རྣམས་ཀྱིའོ། །བསྡུས་པ་ནི་སྡུད་པར་བྱེད་པའི་རྣམ་པ་སྟེ། ཐིག་ལེ་གསུམ་གྱི་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་ཉི་

ཤུ་རྩ་བཞི་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་ཉི་ཤུ་རྩ་བཞི་པས་སྣ་རྩེ་གསུམ་གྱི་ཡུལ་ལ་དྲིས་པའི་ལན་བསྟན་ནས། ད་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་ཉི་ཤུ་རྩ་ལྔ་པ་ཉེ་བར་དགོད་ཅིང་། དང་པོར་རེ་ཞིག་རྩོམ་པར་བཤད་པ་ནི།

དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་ཉི་ཤུ་རྩ་བཞི་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི། སྔ་མ་ལ་ལྟོས་ནས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །ཉོན་ཞེས་བྱ་བ་ནི་སྡུད་པ་པོ་ཉན་པ་ལ་སྦྱར་བའོ། །སྟོང་ཉིད་ཡེ་ཤེས་མཚན་ཉིད་ནི། །ཞེས་བྱ་བ་ནི་བཤད་ཀྱིས་ཞེས་

བྱ་བ་དང་འབྲེལ་པའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ལུས་ལ་གནས་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་བརྟེན་ནས་དེ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་གསུངས་སོ། །དེ་ཉིད་མཆོག་ཅེས་བྱ་བ་ནི། མཆོག་སྟེ་

དེ་ཁོ་ན་ཉིད་མཐར་ཐུག་པའི་རྣམ་པའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི། རྩའི་ཚོགས་མ་ལུས་པའི་བདག་ཉིད་ཅན་གྱི་ལུས་ལའོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། དངོས་སུ་བཤད་པ་དེ་བསྟན་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རབ་ཏུ་ཕྱེ་

เล่ม ๓๔ · หน้า 171b

ནས། ཚིག་གཉིས་བཤད་པའི་ཡན་ལག་མདོར་བསྟན་པ་བཤད་པའི་ཕྱིར། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ནི་ཤེས་པ་དང་ཤེས་བྱ་བསྡུས་པའོ། །སྣང་མེད་མཚན་ཉིད་ནི་ཞེས་བྱ་བ་ནི། མི་དམིགས་པའི་རྣམ་པའོ། །སྟོང་པ་ཉིད་ཅེས་བྱ་བ་ནི།

ཆོས་ཉིད་ལ་འདོད་དོ། །དེ་ལ་ཡེ་ཤེས་ཞེས་བྱ་བ་ནི་སྟོང་པ་ཉིད་དེ་ལའོ། །བདེ་བ་ཆེ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་རང་གི་ངོ་བོ་སྟེ། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བས་སོ། །འོད་གསལ་བ་ནི་རྣམ་དག་པས། ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའི་དབང་གིས་འོད་གསལ་ལ་ཉེ་བར་དམིགས་པས།

དེའི་སྦྱོང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མདོར་བསྟན་པ་བཤད་ནས། དེའི་རྒྱས་པར་བཤད་པ་བསྟན་པ་དེའི་ཡན་ལག་སྟོང་པ་ཉིད་ཀྱི་ཚིག་བཤད་པའི་ཕྱིར། གང་ཕྱིར་ཨ་ཝ་དྷཱུ་ཏཱིར་ཞུགས། །ཞེས་བྱ་བ་གསུངས་ཏེ། ལེའུ་ཉི་ཤུ་རྩ་གཉིས་པའི་རྗེས་སུ་འབྲངས་ནས། ཨ་ཝ་དྷཱུ་ཏཱིར་རྣམ་

པར་མི་རྟོག་པའི་རླུང་ཞུགས་པ་ལ་སྟོང་པ་ཉིད་ཅེས་བརྗོད་དོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ཡང་དག་ཅེས་བྱ་བ་གསུངས་ཏེ། ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །ཆོས་རྣམས་ཞེས་བྱ་བ་ནི། སྔ་མ་བཞིན་དུ་ཤེས་པ་དང་ཤེས་བྱའི་མཚན་ཉིད་ཅན་ནོ། །རྣམ་རྟོག་སྣང་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་

རང་བཞིན་ནོ། །ཀུན་རྟོག་ཐམས་ཅད་གཅོད་པར་བྱེད། །ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཡུལ་ལ་རྣམ་པར་རྟོག་པ་མ་ལུས་པ་གཅོད་པ་སྟེ། རྣམ་པར་བཟློག་པའོ། །རྣམ་རྟོག་རླུང་གི་ངལ་བསོ་བར། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་ནི་རང་བཞིན་བརྒྱ་རྩ་བརྒྱད་ཀྱི་ངོ་བོ་དང་། རླུང་རྣམས་ཀྱང་

དེ་ཙམ་གྱི་གྲངས་གཅོད་པའོ། །ངལ་བསོ་བར་ཞེས་བྱ་བ་ནི། དེའི་དབང་གིས་འཁོར་བར་རྣམ་པར་གྲོལ་བ་ལས་ཡང་བཟློག་པའི་གནས་སོ། །སྟོང་པ་ཉིད་དུ་ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱིའི་ངོ་བོའོ། །དེ་ནི་བཤད་ཅེས་བྱ་བ་ནི། དེ་ལྟར་བུར་གྱུར་པ་བརྗོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་སྟོང་པ་ཉིད་ཀྱི་

ཚིག་གི་བཤད་པ་བྱས་ནས། ད་ནི་དེའི་སངས་རྒྱས་ཀྱི་ཞིང་གི་ངོ་བོ་ཉིད་ཀྱིས་རྒྱས་པར་བཤད་པ་བསྟན་པའི་ཕྱིར། འདི་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ནི་ཨ་ཝ་དྷཱུ་ཏཱིའི་ངོ་བོའོ། །འཇིག་རྟེན་ཁམས་ནི་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞིང་གི་ངོ་བོའི་གནས་ཀྱི་ཁྱད་པར་

เล่ม ๓๔ · หน้า 172a

རོ། །འདི་ཉིད་དོ་ཞེས་བྱ་བ་ནི་འགྱུར་ཞེས་བྱ་བའོ། །གང་གི་ཞེ་ན། དེའི་ཕྱིར་མི་བསྐྱོད་པ་ཞེས་བྱ་བ་གསུངས་ཏེ། ཐུགས་ཀྱི་རྡོ་རྗེ་སྟེ། ཉོན་མོངས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གཙོ་བོ་ཆེན་པོ་ཞེས་བྱ་བ་

གསུངས་ཏེ། ཆེན་པོ་ནི་སེམས་ཅན་གྱི་ཁམས་ལ་གཙོ་བོ་སྟེ་མངའ་བདག་གོ། །དེར་ནི་ཞེས་བྱ་བ་ནི། ཨ་ཝ་དྷཱུ་ཏཱིའི་ངོ་བོའི་སྟོང་པ་ཉིད་ལའོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །བཞུགས་པའི་ས་ཞེས་བྱ་བ་ནི་རྟེན་ནོ། །འདི་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །ཇི་ལྟ་བུ་

ཞེ་ན། དེའི་ཕྱིར། སྲོག་གི་ཡེ་ཤེས་མིང་ཅན་དེ། །ཞེས་གསུངས་ཏེ། འོད་གསལ་བའི་རླུང་གི་ངོ་བོ་སྟེ། སྲོག་གི་ཡེ་ཤེས་ཞེས་བྱ་བ་ནི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་གཟུགས་མེད་ཅེས་བྱ་བ་ནི། ཞལ་དང་ཕྱག་དང་མདོག་དང་དབྱིབས་དང་བྲལ་བ་ལའོ། །དྲག་པོ་

ཆེན་པོ་ཞེས་བྱ་བ་ནི། རྣམ་པར་རྟོག་པའི་རླུང་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ། །གཞན་ཡང་། ཞི་བའི་འཛིན་པའི་མཚན་ཉིད་ཅན། །ཞེས་བྱ་བ་ནི་ཞི་བ་ནི་རྣམ་རྟོག་གི་རླུང་ཉེ་བར་ཞི་བའོ། །འཛིན་པ་ནི་མི་དམིགས་པའི་རྣམ་པ་ཉིད་ཀྱིས་འཛིན་པའོ། །དེ་ཉིད་ནི་བདག་ཉིད་ཅན་གྱི་ངོ་བོ་གང་ལ་

ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་གི་ངོ་བོ་ཉིད་ཀྱིས་རྒྱས་པར་བཤད་པ་བསྟན་ནས། ད་ནི་ཡེ་ཤེས་ཀྱི་ཚིག་རྒྱས་པར་བསྟན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་དེ་ནི། ཨ་ཝ་དྷཱུ་ཏཱིའི་ངོ་བོ་ལའོ། །བདེ་ཆེན་ཞེས་

བྱ་བ་ནི། དོན་དམ་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་དང་། བྱང་ཆུབ་སེམས་ཀྱིས་གང་བ་ཉིད། །ཅེས་བྱ་བ་ནི་ཀུན་རྫོབ་པའི་བྱང་ཆུབ་སེམས་ཀྱི་ཟླ་བས་གང་བ་ཉིད་དོ། །བདེ་ཆེན་གོ་འཕང་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་ཁྱད་པར་ཏེ། བདེ་བ་ཆེན་པོ་རྣམ་པ་གཉིས་ཀྱི་རྟེན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི།

བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི། སྤྱིར་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་གསུམ་གྱིས་རྒྱས་པར་བཤད་པ་བསྟན་ཏོ། །ད་ནི་དེ་ལྟར་རྣམ་པ་གཉིས་ཀྱིས་དབྱེ་བ་དང་།

เล่ม ๓๔ · หน้า 172b

བཅས་པ་དག་གིས་རབ་ཏུ་ཕྱེ་སྟེ། ཚིག་གཉིས་ཀྱིས་བཤད་པ་བརྗོད་ནས། བསྡུས་ཏེ་ཚིག་གཉིས་ཀྱིས་བཤད་པའི་ཡན་ལག་ཉེ་བར་བསྡུ་བའི་སྒོ་ནས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསྟན་པའི་ཕྱིར། དེ་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། དེ་མ་ཐག་པར་བསྟན་པའི་བདེ་བ་ཆེན་པོའི་ཚིག་དེ་ཁོ་ན་ཉིད་ལ་སོགས་

པ་རྣམས་ཀྱིས་སོ། །མིང་གི་སྒྲས་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་རྣམས་ཀྱིས་སོ། །བརྗོད་བྱ་ཞེས་བྱ་བ་ནི་རབ་ཏུ་བསྟན་པར་བྱའོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་སུ་མེད་པའོ། །བདེ་བ་ཆེ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་བཟློག་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སོ། །དངོས་

པོ་གཅིག་དང་ལྡན་པ་ཉིད། །ཅེས་བྱ་བ་ནི་རྩ་དབུས་མ་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་པའོ། །ཡང་ན་ཚིག་གཉིས་པོ་གཅིག་ཏུ་གྱུར་པའི་སྟོང་ཉིད་ཡེ་ཤེས་ཞེས་བྱ་བ་ནི་བརྗོད་ཅེས་བྱ་བ་སྟེ། དེའི་མིང་གིས་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཉེ་བར་བསྡུ་བའི་སྒོ་ནས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་

ངོ་བོ་ཉིད་བསྟན་ནས། སྟོང་པ་ཉིད་ཁོ་ན་ལ་སངས་རྒྱས་ཀྱི་ཞིང་གི་ངོ་བོ་བསྟན་པའི་ཕྱིར། བདེ་བ་ཅན་ཞེས་དེ་ལ་བཤད། །ཅེས་གསུངས་ཏེ། དེ་ནི་སྟོང་པ་ཉིད་དོ། །བདེ་བ་ཅན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ལ་བརྗོད་དོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དམ་པའི་བདེ་བ་ཀུན་གྱི་གཞི། །ཞེས་གསུངས་

ཏེ། དམ་པའི་བདེ་བ་ཞེས་བྱ་བ་ནི། ཟག་པ་མེད་པའི་བདེ་བ་ཆེན་པོའོ། །ཐོབ་པའི་གཞི་ཞེས་བྱ་བ་ནི་ཐོབ་པའི་མཚན་ཉིད་ཅན་ནོ། །དེ་ལྟར་དེ་ཉིད་ལ་སངས་རྒྱས་ཀྱི་ཞིང་གི་ངོ་བོ་ཉིད་བསྟན་ནས། ད་ནི་ངེས་པའི་ཚིག་བཤད་པའི་ཕྱིར། ངག་དེ་བདེ་བར་གནས་པ་ནི། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། སྟོང་པ་ཉིད་ཀྱི་རྩ་དབུས་མའི་རྣམ་པ་གང་ལའོ། །བདེ་བར་ཞེས་བྱ་བ་ནི་བདེ་བའི་རྣམ་པ་ཉིད་སྡུག་བསྔལ་མཐའ་དག་བཟློག་པའི་རྣམ་པས་སོ། །གནས་པ་ཞེས་བྱ་བ་ནི་གནས་པའོ། །གང་དེ་ཞེས་བྱ་བ་ནི་གནས་གང་ལའོ། །དེ་ནི་བདེ་བ་ཅན་ཞེས་བརྗོད། །ཅེས་བྱ་བ་ནི་བདེ་བར་གནས་པའི་ཕྱིར་

ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་ངེས་ཚིག་བསྟན་ནས། དེ་ནི་བཅོམ་ལྡན་འདས་རང་གི་ངོ་བོ་བཤད་པའི་ཕྱིར། ཚེ་དཔག་མེད་ཀྱི་ཞིང་ཁམས་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་མིང་ཅན་ནོ། །ཞིང་ཁམས་ནི་གནས་སོ། །བདེ་བ་ཐམས་ཅད་གཞི་ཡི་མཆོག་

เล่ม ๓๔ · หน้า 173a

ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་བདེ་བ་མ་ལུས་པ་ཐམས་ཅད་དོ། །མཆོག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་མཆོག་གི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ངོ་བོ་བསྟན་ནས། ད་ནི་དེའི་ངེས་ཚིག་བཤད་པའི་ཕྱིར། ཚེ་དཔག་མེད་ཀྱི་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། ཚེ་དཔག་མེད་ནི་གཞལ་དུ་མེད་པའོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་ཀུན་རྫོབ་ཀྱིའོ། །གང་དེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གང་ལས་སོ། །དེ་ལས་བྱུང་ཞེས་བྱ་བ་ནི་སྐྱེས་པའོ། །འོད་ཅེས་བྱ་བ་ནི་འོད་ཟེར་རྣམས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་དེས་སོ། །འོད་དཔག་མེད་

ཅེས་བྱ་བ་ནི་དེའི་མིང་གིས་སོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །བདེ་བ་ཀུན་གྱི་གཞི་ཞེས་བྱ་བ་ནི་སྔ་མ་བཞིན་དུ་འཇིག་རྟེན་ལས་འདས་པའི་བདེ་བ་མ་ལུས་པའི་རྟེན་ནོ། །མཆོག་ཅེས་བྱ་བ་ནི་ཞལ་དང་ཕྱག་དང་དབྱིབས་སྤངས་པའི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་ལྔས་བསྡུས་ནས། ཚིགས་

གཉིས་བཤད་པའི་ཡན་ལག་གི་ངོ་བོ་བསྟན་ནས། ད་ནི་ཁྱད་པར་དུ་འཕགས་པའི་ཐབས་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ཚིག་བཤད་པ་བརྗོད་པའི་ཕྱིར། སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རྡོ་རྗེ་འཆང་

ཆེན་པོའི་ཡུམ་མོ། །ཡེ་ཤེས་རྡོ་རྗེ་དབང་ཕྱུག་དང་། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོའོ། །རྡོ་རྗེ་ལ་དབང་ཕྱུག་པས་ན་རྡོ་རྗེའི་དབང་ཕྱུག་གོ། །དེ་དག་ཉིད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དག་ལའོ། །སྦྱོར་བ་ཞེས་བྱ་བ་ནི་རོ་གཅིག་པའི་རྣམ་པར་སྙོམས་པར་

འཇུག་པའི་མཚན་ཉིད་ཅན་ནོ། །སྟོང་ཉིད་ཡེ་ཤེས་ཞེས་ནི་བརྗོད། །ཅེས་བྱ་བ་ནི་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ཚིག་གིས་བསྟན་པ་ཡིན་ཏེ། ཟུང་འཇུག་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཁྱད་པར་དུ་འཕགས་པའི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ཚིག་གི་བྱེད་པ་བརྗོད་ནས། ད་ནི་

ཐུན་མོང་པའི་ཐབས་དང་ཤེས་རབ་ཀྱི་རྩ་གཉིས་ཀྱི་ངོ་བོ་ཉིད་ཀྱིས་དེའི་བཤད་པ་བསྟན་པའི་ཕྱིར། ཤེས་རབ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ནི་དམ་ཚིག་གི་ཕྱག་རྒྱའི་ངོ་བོའོ། །པདྨ་ཞེས་བྱ་བ་ནི་པདྨ་ལའོ། །ལ་ལ་ནཱ་ཞེས་བྱ་བ་ནི་དེའི་མིང་ཅན་གྱི་རྩའོ། །ཟླ་མཚན་ཉི་མ་འབབ་པ་ཅན། །

เล่ม ๓๔ · หน้า 173b

ཞེས་བྱ་བ་ནི་ཟླ་མཚན་གྱི་ཁམས་ཀྱི་ངོ་བོའི་ཉི་མ་འབབ་པ་སྟེ། འབབ་པ་ཅན་ཞེས་བྱ་བ་ནི་འཇུག་པར་བྱེད་པའོ། །དེ་ཡང་སྟོང་པར་ཞེས་བྱ་བ་ནི་རྩ་དེ་སྟོང་པ་ཉིད་ཀྱི་སྒྲས་བརྗོད་པར་བྱ་སྟེ། ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དང་། རྩའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གཉིས་པ་ཐམས་

ཅད་རྣམ་པར་སྤངས། །ཞེས་གསུངས་ཏེ། བདག་ནི་ཁྲག་གི་ཁམས་འབབ་པར་བྱེད་པ་ཞེས་བྱ་བ་འདི་ལྟ་བུའི་རྟོགས་པ་གཉིས་མེད་པའི་ཕྱིར་རོ། །ཐབས་ནི་རྡོ་རྗེ་ཞེས་བྱ་བ་ནི་ཐབས་ནི་ཁྱད་པར་ཅན་གྱི་རྣལ་འབྱོར་པའིའོ། །རྡོ་རྗེ་ཞེས་བྱ་བ་ནི་དེའི་མིང་ཅན་ནོ། །ར་ས་ནཱ་ཞེས་བྱ་བ་ནི་དེ་རྗོད་པར་བྱེད་པའི་

རྩའོ། །ཟླ་བ་ཤུ་ཀྲ་རབ་ཏུ་འབབ། །ཅེས་བྱ་བ་ནི་ཟླ་བ་ནི་ཆ་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཤུ་ཀྲ་ཞེས་བྱ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པའོ། །རབ་ཏུ་འབབ་ཅེས་བྱ་བ་ནི་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་གསུངས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྒྲ་ཉིད་ཀྱིས་གསུངས་པ་སྟེ། ཁྱད་པར་ཅན་

གྱི་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པའོ། །བདེ་བ་ཆེན་པོའི་གོ་འཕང་ཞེས་བྱ་བ་ནི། །དོན་དམ་པའི་ངོ་བོ་བདེ་བ་ཆེན་པོའི་གཞིའམ་གནས་སུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་དག་ལའོ། །སྦྱོར་བ་ཞེས་བྱ་བ་ནི་

འབྲེལ་པའོ། །མཆོག་ཏུ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་མཚན་ཉིད་དང་བྲལ་བའོ། །ཤེས་པ་སྟོང་ཉིད་ཡེ་ཤེས་ཞེས་བྱ་བ་ནི། དེ་ལྟ་བུར་གྱུར་པ་ཉིད་ཀྱིས་ཤེས་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །མི་ཟད་པ་ཞེས་བྱ་བ་ནི་ཕྱིར་མི་སྤྲོ་བའི་དོན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཐུན་མོང་བའི་ཐབས་དང་ཤེས་རབ་ཀྱི་རྩ་

གཉིས་ཀྱི་ངོ་བོ་ཉིད་ཀྱིས་དེའི་བཤད་པ་བརྗོད་ནས། དེ་ཉིད་ལ་ཚེས་བཅོ་ལྔའི་ངོ་བོ་ཉིད་བསྟན་པའི་ཕྱིར་ཟླ་བ་ཉ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེས་བཅོ་ལྔ་རྫོགས་པའོ། །དེ་ཉིད་ཡིན་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོའོ། །ཤེས་ཞེས་བྱ་བ་ནི་ཤེས་པར་བྱ་བའོ། །རྣལ་འབྱོར་པའི་

ཞལ་ལས་ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་རྒྱུད་ལས་སོ། །ཚེས་བཅོ་ལྔ་པ་བཞིན་དུ་ཟླ་བའི་ཆ་ཐམས་ཅད་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་སྙམ་དུ་དགོངས་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་

เล่ม ๓๔ · หน้า 174a

ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་ལྔ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་ཉི་ཤུ་རྩ་ལྔ་པས། སྟོང་ཉིད་ཡེ་ཤེས་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རང་བཞིན་གྱི་ལྷའི་རྣམ་པར་དབྱེ་བའི་ཡན་ལག་ལུས་ལ་ལྷའི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་ཡུལ་

ལ་དྲི་བའི་ལན་བསྟན་པ་བརྗོད་པའི་ཕྱིར། ལེའུ་ཉི་ཤུ་རྩ་དྲུག་པ་ཉེ་བར་དགོད་ཅིང་དང་པོར་རེ་ཞིག་བཤད་པར་དམ་བཅའ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་ནོ། །ལུས་ནི་སྟོང་པ་ཉིད་ཀྱི་གནས། །ཞེས་བྱ་བ་དང་སྦྱར་རོ། །རང་དང་གཞན་དང་འབྲལ་བའི་ལུས་ནི་སྟོང་

པ་ཉིད་ཀྱི་གནས་ཏེ། ལྷའི་གནས་བཤད་ཀྱིས་ཞེས་བྱ་བའོ། །དེས་ཅི་བྱེད་ཅེ་ན། དེའི་ཕྱིར་ལུས་ནི་ཞེས་གསུངས་ཏེ། ལུས་ནི་ལུས་སོ། །གང་གིས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་གནས་ཉིད་ཀྱིས་སོ། །ལྷ་རྣམས་ཀུན་གྱི་ཕོ་བྲང་ཞེས་བྱ་བ་ནི། དེ་ནས་ཡང་དག་བཤད་ཀྱིས་ཞེས་བྱ་བ་སྔ་མ་དང་

འབྲེལ་ཏོ། །ལྷ་རྣམས་ཀུན་གྱི་ཞེས་བྱ་བ་ལ། ལྷ་རྣམས་ཀུན་ནི་དཀྱིལ་འཁོར་གྱི་འཁོར་ལོའི་ངོ་བོའོ། །གནས་ནི་གཞིའོ། །མཆོག་ཅེས་བྱ་བ་ནི་ཐ་མལ་པའི་རྣམ་པར་རྟོག་པ་སྤངས་ནས་ཁྱད་པར་ཅན་གྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དེ་དངོས་སུ་བཤད་པ་

བརྗོད་པའི་ཕྱིར། དེའི་ཡན་ལག་ལུས་ལ་འཁོར་ལོའི་དབྱེ་བས་ལྷའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་ལ་སོགས་པ་འཁོར་ལོ་བཞིའི་བདག་ཉིད་ཅན་དེའི་རྟེན་ནི་ལུས་ལའོ། །འཁོར་ལོ་གཞན་ཡང་གང་བཤད་པ། །ཞེས་བྱ་

བ་ནི་བཞི་པོའོ། །རིམ་པ་ཇི་བཞིན་ཞེས་བྱ་བ་ནི། སྤྲུལ་པ་ལ་སོགས་པའི་དབྱེ་བས་སོ། །མ་ལུས་པ་ཞེས་བྱ་བ་ནི་འཁོར་ལོ་དྲུག་གི་བརྗོད་པར་འདོད་པས་སོ། །དེ་ལ་ཞེས་བྱ་བ་ནི་འཁོར་ལོ་དེ་རྣམས་ལའོ། །རྟག་ཏུ་ཡང་དག་ཞུགས་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་གནས་པའི་ལྷ་ཞེས་བྱ་བ་

དང་འབྲེལ་ཏོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ཡང་དག་ཅེས་གསུངས་ཏེ། ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །ཐིམ་དང་ལོངས་སྤྱོད་བདག་པོ་ནི། །ཞེས་བྱ་བ་ནི་རྩ་རེ་རེ་ལ་གནས་ཉི་ཤུ་རྩ་བཞི་པོ་རྣམས་ལ་བྱང་ཆུབ་ཀྱི་སེམས་རྒྱུ་བ་རྣམ་པ་གསུམ་གྱིས་ཞེས་བྱ་བའི་དོན་ཏོ། །ལྷ་ཉིད་ཅེས་བྱ་བ་ནི། རྣམ་

เล่ม ๓๔ · หน้า 174b

པར་མི་རྟོག་པའི་བདག་ཉིད་རིག་པའི་རང་བཞིན་ནོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མཆོག་ཏུ་གཉིས་སུ་མེད་ཅེས་བྱ་བ་གསུངས་ཏེ། མཆོག་ནི་སོ་སོའི་སྐྱེ་བོའི་མཚན་ཉིད་དང་བྲལ་བའོ། །གཉིས་སུ་སྣང་བ་ཟློག་པའི་ངོ་བོའོ། །དེས་ཡང་དག་ཆེ་ཞེས་བྱ་བ་ནི། །ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །དངོས་

པོའི་གོ་འཕང་ནི། རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་རྟེན་པའི་གཞི་གང་རྣམས་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྟེན་དང་བརྟེན་པའི་རྣམ་རྟོག་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ལུས་ལས་འཁོར་ལོའི་དབྱེ་བས་ལྷའི་རྣམ་པར་དབྱེ་བ་བསྟན་ནས། ད་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་དེའི་

རྣམ་པར་དབྱེ་བ་བཤད་པའི་ཕྱིར། ཕུང་པོ་ལྔའི་ངོ་བོ་ཉིད་ཀྱིས་དེའི་རྣམ་པར་དབྱེ་བ་བརྗོད་པ་ནི། ཡེ་ཤེས་ཆེན་པོའི་གོ་འཕང་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཆེན་པོ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པའོ། །གོ་འཕང་ནི་གཞིར་གྱུར་པ་ཉིད་ཀྱི་ཕྱིར་ཡེ་ཤེས་ཆེན་པོའི་གོ་འཕང་སྟེ། རྡོ་རྗེ་འཆང་

ཆེན་པོའི་ངོ་བོ་ཕུང་པོ་མ་ལུས་པའི་རྣམ་པར་དག་པའི་ཕྱིར་གྲིབ་མའི་རིགས་ཀྱི་ངོ་བོའོ། །དང་པོར་ཞེས་བྱ་བ་ནི་ཐོག་མར་ཏེ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེན་པོ་ཡང་དག་བསྟེན། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཀྱི་ཚོར་བ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་བདེ་བ་ཆེན་པོ་བསྟན་ནོ། །ཞེ་སྡང་ཆེ་

དང་ཞེས་བྱ་བ་ནི། ཉོན་མོངས་པ་དང་ཞེ་སྡང་གི་གཉེན་པོ་ཉིད་ཀྱིས་མི་བསྐྱོད་པའི་ངོ་བོའོ། །གཏི་མུག་ཆེ་ཞེས་བྱ་བ་ནི། གཏི་མུག་རྣམ་པར་དག་པའི་ངོ་བོ་རྣམ་པར་སྣང་མཛད་ཀྱི་རྣམ་པའོ། །ཕྲག་དོག་ཆེ་དང་ཞེས་བྱ་བ་ནི། ཉོན་མོངས་པ་ཕྲག་དོག་གི་རྣམ་པར་དག་པའི་ངོ་བོ་དོན་ཡོད་གྲུབ་པའོ། །འདོད་

ཆགས་དངོས་ཀྱི་ཞེས་བྱ་བ་ནི། འདོད་ཆགས་ཀྱི་རྣམ་པར་དག་པའི་ངོ་བོ་སྣང་བ་མཐའ་ཡས་སོ། །ཁྲོ་བོ་ཆེ་དང་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པའི་ངོ་བོ་ཉིད་ཀྱིས་ཏེ། ཐམས་ཅད་ཉིད་ནི་དེ་མ་ཐག་པར་བསྟན་པ་རྣམས་སོ། །རྣམ་པའི་མཆོག་ཅེས་བྱ་བ་ནི། ཡེ་ཤེས་ཀྱི་

རང་བཞིན་ཉིད་ཀྱིས་མཆོག་ཉིད་ཀྱི་ཕྱིར་རོ། །འཁོར་བའི་མདུད་པ་ངེས་གཅོད་པ། །ཞེས་བྱ་བ་ནི་འཁོར་བའི་འཆིང་བ་རྣམ་པར་གཅོད་པའོ། །འཁོར་བ་ཉིད་འཆིང་བ་སྟེ། དེ་ངེས་པར་གཅོད་པའོ། །དེ་ལྟར་ཕུང་པོ་ལྔའི་ངོ་བོ་ཉིད་ཀྱིས་སངས་རྒྱས་ལྔའི་ངོ་བོ་ཉིད་བསྟན་ནས། ད་ནི་ཁམས་རྣམ་པར་དག་པའི་

เล่ม ๓๔ · หน้า 175a

ངོ་བོ་ཉིད་བསྟན་པའི་ཕྱིར། ས་དང་ཆུ་དང་དེ་བཞིན་མེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་ཆེན་པོ་ལྔའི་རྣམ་པར་དག་པས། སྤྱན་མ་ལ་སོགས་པའི་ངོ་བོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལྟར་ཁམས་ཀྱི་རྣམ་པར་དག་པ་བསྟན་ནས། ཡུལ་གྱི་རྣམ་པར་དག་པ་

བསྟན་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ལྔ་པོ་ནི། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་པོའི་ངོ་བོ་ཉིད་ཀྱིས་སོ། །རྣམ་པར་དག་པའི་ཞེས་བྱ་བ་ནི། ཡུལ་ལྔ་རྣམ་པར་དག་པའོ། །དེ་ལྟར་ཡུལ་གྱི་རྣམ་པར་དག་པ་བསྟན་ནས། ད་ནི་ནང་གི་སྐྱེ་མཆེད་རྣམ་

པར་དག་པ་བསྟན་པའི་ཕྱིར། མིག་བཟངས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པའི་རྣམ་ཤེས་ལྔའོ། །རྣམ་ཤེས་ཆོས་དང་ནི་ཞེས་བྱ་བ་འདིས་དྲུག་པ་ཉིད་ཀྱི་རྣམ་ཤེས་ཀྱང་བསྡུའོ། །ཀུན་གཞི་ཉོན་མོངས་ཅན་གྱི་ཡིད། །ཅེས་བྱ་བ་འདིས་ནི་ཡན་ལག་ཐམས་ཅད་ཀྱི་ཚིགས་དང་རྒྱུས་

པ་ཐམས་ཅད་ཀྱི་ཚིགས་ཀྱི་ངོ་བོ་ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་གཉིས་གསུངས་ཏེ། བརྒྱད་པོ་འདི་རྣམས་ལ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་རྣམ་པར་དག་པ་གསུངས་ཏེ། དེ་ལྟར་ནང་གི་སྐྱེ་མཆེད་ཀྱི་རྣམ་པར་དག་པ་བསྟན་ནས། ད་ནི་ཁྲོ་བོ་ཉིད་ཀྱི་བསྟན་པའི་ཕྱིར་རོ། །

དད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གང་གི་ཚེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ཐོབ་པར་བྱའོ་སྙམ་པ་དེ་ལྟ་བུའི་འདུན་པ་ནི་དད་པའོ། །དེ་ཉིད་ནི་དབང་པོ་སྟེ། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་རོ། །

བརྩོན་འགྲུས་ཞེས་བྱ་བ་ནི། དེ་ཉིད་ལ་སྦྱོར་བའི་བདག་པོར་གྱུར་པའི་ཕྱིར་རོ། །དྲན་པ་ལ་སོགས་པ་རྣམས་བརྗེད་ངས་པ་མེད་པ་དང་། རྣམ་པར་གཡེང་བ་མེད་པར་སོ་སོར་འབྱེད་པའི་བདག་པོ་ཉིད་དུ་རིག་པར་བྱའོ། །དེ་རྣམས་ཉིད་མི་མཐུན་པའི་ཕྱོགས་ཀྱི་ཡིད་ལ་བྱེད་པ་ཟིལ་གྱིས་གནོན་པ་སྟོབས་ཀྱི་

མིང་ལ་བརྟེན་པ་ཞེས་བྱ་བ་དེའི་ཕྱིར། དེ་རྣམས་ཉིད་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བཅུ་བརྗོད་པ་ཡིན་ནོ། །དེ་རྣམས་ཉིད་ནི་ལྷའི་ངོ་བོ་ཉིད་དོ། །ཤེས་རབ་སྟོབས་ནི་བླ་ན་མེད། །ཅེས་བྱ་བ་ནི་བླ་ན་མེད་པ་ནི་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་གྱི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ནི་

เล่ม ๓๔ · หน้า 175b

དབང་པོ་དང་སྟོབས་ཀྱིས་བསྡུས་པའི་ཆོས་བཅུ་པོ་སྦྱོར་བའི་ལམ་ལ་དྲོད་དང་རྩེ་མོ་དང་བཟོད་པ་དང་འཇིག་རྟེན་ཆོས་མཆོག་གི་གནས་སྐབས་སུ་སྐྱེ་བ་ཡིན་ནོ། །ཇི་བཞིན་གནས་པ་ཡོངས་སུ་ཤེས། །ཞེས་བྱ་བ་ནི་ལུས་ལ་གནས་ཀྱི་དབྱེ་བས་མགོ་ལ་སོགས་པ་དབྱེ་བ་ཡོངས་སུ་ཤེས་པ་ནི་ཡོངས་སུ་ཤེས་པར་

བྱ་བ་རྣམས་སོ། །ལུས་ཞེས་བྱ་བ་ནི་རང་གི་ལུས་ལའོ། །ལྷ་རུ་ཞེས་བྱ་བ་ནི་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་པའི་རྣམ་པའོ། །དྲན་ཞེས་བྱ་བ་ནི་བརྗོད་པ་ཡིན་ཞེས་བྱ་བའོ། །དེ་ལྟར་དོན་རྣམ་པ་ལྔས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དབྱེ་བ་བསྟན་ནས། དེ་ནི་དེ་ཉིད་ལ་

སྔགས་ལ་སོགས་པ་བརྗོད་པའི་སྒོ་ནས་མཆོད་པར་བྱ་བ་ཉིད་བསྟན་པའི་ཕྱིར། སྔོན་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་ཉི་ཤུ་རྩ་གསུམ་པར་བསྟན་པའི་ཆོ་གས་སོ། །མིང་གི་དབྱེ་བས་རྣམ་པར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་གནོད་མཛེས་ཀྱི་མཐར་ཐུག་པའི་མིང་

གི་དབྱེ་བས་སོ། །སྔགས་ཀྱི་དབྱེ་བའི་ཞེས་བྱ་བ་ནི་བཛྲི་དྷྲྀ་ཀ་ལ་སོགས་པའི་མཚན་ཉིད་ཅན་གྱིས་སོ། །རིམ་པ་ཡིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་ལྷན་ཅིག་སྤྱོད་མ་དང་། རྗེས་སུ་སྤྱོད་མ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་གོ་རིམས་རྣམས་ཀྱིས་སོ། །སྔགས་དགོད་པ་ཡི་རྣལ་འབྱོར་

གྱིས། །ཞེས་བྱ་བ་ནི་ཨོཾ་ཡིག་དང་ཧཱུཾ་ཡིག་གི་མཚན་ཉིད་ཅན་དུ་རྣལ་འབྱོར་གྱིས་དུས་སུ་བསྟན་པའི་ཆོ་ག་བཞིན་དུ་སྔགས་དགོད་པའི་རྣལ་འབྱོར་གྱིས་སོ། །རིམ་བཞིན་གནས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་ནི་གནས་ཀྱི་རབ་ཏུ་དབྱེ་བས་སོ། །མན་ངག་གིས་ཞེས་བྱ་བ་ནི་བརྒྱུད་པའི་རིམ་པའི་ངོ་བོས་སོ། །

རྣམ་ངེས་བྱ་ཞེས་བྱ་བ་ནི་ངེས་པར་བྱས་ནས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངོ་བོས་སོ། །གནས་ཀྱི་དབྱེ་བ་དང་ཞེས་བྱ་བ་ནི་རང་གི་ལུས་ལ་མགོ་བོ་དང་ལྟེ་བ་དང་མགྲིན་པ་དང་གསང་བ་དང་སྙིང་གའི་རབ་ཏུ་དབྱེ་བས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །རབ་ཏུ་འབད་དེ་ཞེས་

བྱ་བ་ནི་བརྩོན་འགྲུས་ཀྱིས་སོ། །འདོད་པ་ལྔ་ལ་ལོངས་སྤྱོད་ཅིང་། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་སོ། །ལྷ་མོ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བདག་ཉིད་དོ། །རྣལ་འབྱོར་པས་ཞེས་བྱ་བ་ནི་བསྐྱེད་པའི་རིམ་པ་

เล่ม ๓๔ · หน้า 176a

དང་རྫོགས་པའི་རིམ་པ་སྒོམ་པ་པོ་རྣམས་ཀྱིས་སོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་རོ། །བདག་ལ་བྱིན་རླབ་བས་རིམ་དེ་ཉིད། །ཅེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ད་ཉིད་ལ་སྔགས་ལ་སོགས་པ་བརྗོད་པའི་སྒོ་ནས་

མཆོད་པ་བསྟེན་ནས། ད་ནི་ཕྱི་རོལ་གྱི་ལྷ་ལ་མཆོད་པ་དགག་པ་བསྟན་པའི་ཕྱིར་རོ། །ཕྱི་རོལ་ལྷ་ལ་ཕྱག་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོས་མ་ཉིད་ཀྱི་ཕྱིར་རོ། །རྡོ་ཤིང་ས་ཡི་རང་བཞིན་གྱིས། །ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས་ད་ནི་དེའི་རྒྱུ་མཚན་བསྟན་པའི་

ཕྱིར། བདག་ལ་བྱིན་རླབས་སྒྲིབ་པ་མེད། །ཅེས་གསུངས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་མ་གཏོགས་པ་ལས་སོ། །གཞན་ཞེས་བྱ་བ་ནི་ཐ་དད་པའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མཆོད་བྱའི་ངོ་བོའོ། །སྲིད་པ་གསུམ་ན་ཞེས་བྱ་བ་ནི་འདོད་པ་ལ་སོགས་པའོ། །ས་གསུམ་གྱི་མཚན་ཉིད་ཅན་ནོ། །མེད་

ཅེས་བྱ་བ་ནི་ཡོད་པ་མ་ཡིན་པའོ། །བདག་ལ་བྱིན་གྱིས་བརླབས་པ་ཉིད་ལ་འདིས་མཆོད་བྱ་ཉིད་དུ་བརྗོད་དོ། །བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་པོ་རྣམས་ལ་བརྟེན་ནས་འདི་བརྗོད་པ་ཡིན་ཏེ། གཞན་དུ་ན་རྒྱང་པན་པ་ལྟར་མེད་པ་པོར་བལྟ་བ་ཉིད་ཀྱིས་དགེ་བའི་རྩ་

བ་ཆད་པར་འགྱུར་རོ། །རྗེས་སུ་འགྲོ་བའི་སྒོ་ནས་དེ་ཉིད་ཅེས་བྱ་བ་གསུངས་ཏེ། རང་བྱིན་གྱིས་བརླབས་པའི་ངོ་བོའོ། །རྣལ་འབྱོར་མཆོག་ཅེས་བྱ་བ་ནི་ཁྱད་པར་ཅན་གྱི་མཆོད་པའི་སྣོད་དོ། །བདག་ལ་བྱིན་རླབ་པ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མཆོག་ཉིད་ཅན་ནོ། །རྙོག་པ་མེད་ཅེས་བྱ་

ནི་བདེན་པའི་རྣམ་པར་རྟོག་པ་རྣམས་ཀྱིས་མ་གོས་པའོ། །དེ་ལྟར་དེའི་རྒྱུ་མཚན་བརྗོད་ནས། ད་ནི་ཕྱི་རོལ་གྱི་སྔགས་ཀྱི་བཟླས་པ་ལ་སོགས་པ་དགག་པའི་ཕྱིར། ཕྱི་ཡི་དངོས་པོ་མི་བགྲོང་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲིས་སྐུ་ལ་སོགས་པ་ལྷའི་གཟུགས་ལ་དམིགས་པ་དེ་

བརྟན་པའི་དོན་དུ། ཕྱི་རོལ་གྱི་དངོས་པོ་སྦྱིན་སྲེག་ལ་སོགས་པ་བྱེད་པའི་དུས་སུ་བགྲང་བར་མི་བྱའོ། །ཡང་ན་ཕྱི་རོལ་གྱི་དངོས་པོ་ལྷའི་རྣམ་པ་དངོས་པོ་མཉམ་དུ་མི་བགྲང་བ་ནི། སེམས་ལ་དངོས་པོ་ཉིད་ཀྱིས་མི་བྱའོ། །སྔགས་དང་ཕྱག་རྒྱའི་རིམ་པ་ལ་སོགས་ཞེས་བྱ་བ་ནི་དེ་ཡང་སྟོན་བཞིན་དུ་

เล่ม ๓๔ · หน้า 176b

བགྲང་བར་མི་བྱའོ། །དངོས་པོ་ཉིད་དུ་དགག་པར་མི་བྱ་སྟེ། དེ་བཅོས་མ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཕྱི་རོལ་གྱི་སྔགས་ཀྱི་བཟླས་པ་ལ་སོགས་པ་དགག་པ་བསྟན་ནས། ད་ནི་རང་བྱིན་གྱིས་བརླབས་པའི་གདམས་ངག་ལ་གདོན་མི་ཟ་བར་བཙལ་བར་བྱ་བ་ཉིད་བརྗོད་པའི་ཕྱིར། བྱིན་གྱིས་བརླབ་པར་བྱ་

ཞེས་གསུངས་ཏེ། བདག་བྱིན་གྱིས་བརླབས་པའི་མཚན་ཉིད་བཙལ་བར་བྱའོ་ཞེས་བྱ་བ་དང་འབྲེལ་ཏོ། །གང་ལས་ཤེ་ན། དེའི་ཕྱིར་དེ་ཉིད་ཐོབ་པའི་རྣལ་འབྱོར་དང་རྣལ་འབྱོར་མ་ལས་ཞེས་གསུངས་ཏེ། དེ་ཉིད་ཐོབ་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་ཞལ་ལས་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཇི་

ལྟ་བུ་ཞེ་ན། དེའི་ཕྱིར་མཆོག་ཅེས་གསུངས་ཏེ། བདེན་པ་ལ་མངོན་པར་ཞེན་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །འབད་པས་ཞེས་བྱ་བ་ནི་བརྩོན་འགྲུས་བརྟན་པས་སོ། །གཞན་ཡང་ཇི་ལྟ་བུས་བྱིན་གྱིས་བརླབ་ཅེ་ན། དེའི་ཕྱིར་བདག་བྱིན་རླབས་ཐོབ་པའི་མཚན་ཉིད་དོ་ཞེས་བྱ་བ་གསུངས་ཏེ། སྒྱུ་

མ་ལྟ་བུའི་ཏིང་ངེ་འཛིན་ནི་ཐོབ་པའི་མཚན་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ་ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་ཉི་ཤུ་རྩ་དྲུག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ལེའུ་

ཉི་ཤུ་རྩ་དྲུག་པས། ལུས་ལ་ལྷ་ཞེས་པའི་མཚན་ཉིད་ཀྱི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་ལྷའི་འཁོར་ལོའི་ཡུལ་ལ་དྲི་བའི་ལན་བརྗོད་པའི་ཕྱིར། ལེའུ་ཉི་ཤུ་རྩ་བདུན་པ་ཉེ་བར་འགོད་ཅིང་། དང་པོར་རེ་ཞིག་དེ་རྩོམ་པ་ནི། དེ་རྣམས་ཀུན་གྱི་མིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་

ཞེས་བྱ་བ་ནི་ལུས་ལ་གནས་པ་རྣམས་པའོ། །མིང་ཞེས་བྱ་བ་ནི་མིང་གི་ངོ་བོ་རྣམས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །ལྷ་མོ་ཡིས་ཞེས་བྱ་བ་ནི་རིགས་ལྔས་བསྡུས་པ་འཆད་པར་འགྱུར་བ་རྣམས་སོ། །དེ་ནས་གཞན་ཡང་ཞེས་བྱ་བ་ནི་ལེའུ་ཉི་ཤུ་རྩ་དྲུག་པའི་རྗེས་ལའོ། །ཇི་ལྟར་ཞེ་ན།

དེའི་ཕྱིར། འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། སྤྲུལ་པ་ལ་སོགས་པའི་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་སོ། །རྩ་ཡི་རྣམ་པའི་གྲངས་ཀྱི་ནི། །ཞེས་བྱ་བ་ནི་རྩ་རྣམས་ནི་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་རྣམས་ཀྱིའོ། །གྲངས་ཀྱིས་ནི་

เล่ม ๓๔ · หน้า 177a

ཞེས་བྱ་བ་ནི་གྲངས་ཀྱི་རིམ་པས་སོ། །དེ་ལྟར་དེའི་རྩོམ་པ་བསྟན་ནས། དེ་ནི་དེའི་འཁོར་ལོ་དངོས་སུ་བཤད་པ་བརྗོད་པའི་ཕྱིར། དེའི་ཡན་ལག་རིགས་རྣམ་པ་ལྔའི་རྣམ་པར་གཞག་པ་ནི་ལས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་སྒྲས་ནི་བྱ་བ་གྲུབ་པའི་ཡེ་ཤེས་རྣམ་

པར་དག་པའི་ངོ་བོ་དོན་ཡོད་གྲུབ་པའི་རིགས་སོ། །རྡོ་རྗེའི་སྒྲས་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མི་བསྐྱོད་པའི་རིགས་སོ། །དེ་བཞིན་པད་ཅེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་སྣང་བ་མཐའ་ཡས་ཀྱི་རིགས་སོ། །འཁོར་ལོ་རྣམས་ཀྱི་ཞེས་བྱ་བ་འདིས་ནི་འཁོར་

ལོའི་སྒྲས་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་རིགས་སོ། །དབྱེ་བ་ཡིས་ཞེས་བྱ་བ་ནི་དེའི་རབ་ཏུ་དབྱེ་བས་སོ། །རིགས་བཞི་ཡི་ནི་དབྱེ་བ་ཡིས། །ཞེས་བྱ་བ་ནི་དོན་ཡོད་གྲུབ་པ་ལ་སོགས་པ་རིགས་བཞིའི་དབྱེ་བས་སོ། །རྩའི་ཞེས་བྱ་བ་ནི་འཁོར་ལོ་བཞིར་རྟོགས་པ་རྣམས་སོ། །

ཡང་དག་གནས་ཞེས་བྱ་བ་ནི་རིམ་པས་གནས་པའོ། །གལ་ཏེ་དེ་ལྟར་ཡིན་ན་རིགས་བཞི་དང་འཁོར་ལོ་བཞིའི་དབྱེ་བས་གསུངས་ཏེ། རིགས་ལྔ་པ་གང་དུ་གསུངས་ཤེ་ན། དེའི་ཕྱིར་རིགས་ནི་ལྔ་པ་ཡང་ཞེས་བྱ་བ་གསུངས་ཏེ། རིགས་ལྔ་པ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་སོ། །འདིར་

ནི་ཞེས་བྱ་བ་ནི་འཁོར་ལོ་བཞི་པ་རྣམས་ལའོ། །ཐམས་ཅད་ཀྱི་ནི་ཁོངས་ན་འདོད། །ཅེས་བྱ་བ་ནི་འཁོར་ལོ་བཞི་པོ་ཡང་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། དེའི་ཕྱིར། ཚོར་བ་ཉམས་སུ་མྱོང་བའི་དངོས། །ཞེས་གསུངས་ཏེ། བདེ་བ་ལ་སོགས་པའི་ཚོར་བ་ཉམས་སུ་མྱོང་བའི་རྣམ་པ་སྟེ། ཚོར་བ་

ཐམས་ཅད་ལ་མཉམ་པ་ཉིད་ཀྱིས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་སྟེ། བསོད་ནམས་ཀྱི་ཚོགས་མེད་པར་སངས་རྒྱས་བཞི་པོ་འབྱུང་བ་མི་འཐད་པའི་ཕྱིར་རོ། །རིན་ཆེན་འབྱུང་ལྡན་གྱི་རིགས་ནི་བསོད་ནམས་ཀྱི་བདག་ཉིད་ཅན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །དེ་

ཉིད་ཀྱི་ཕྱིར། དེ་ཉིད་མཆོག་ཏུ་རྟོགས་པར་བྱེད། །ཅེས་བྱ་བ་གསུངས་སོ། །བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས། དེ་ཉིད་ཀྱི་མཆོག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་མི་དམིགས་པའི་བདག་ཉིད་ཅན་དུ་རྟོགས་པའི་ཕྱིར་རོ། །ཡང་ན་རིགས་ལྔ་པ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་

เล่ม ๓๔ · หน้า 177b

གྱི་རྣམ་པ་ཉིད་དོ། །འདིར་ནི་ཞེས་བྱ་བ་ནི་སྔོན་བཞིན་འཁོར་ལོ་བཞི་པོ་ལའོ། །ཐམས་ཅད་ཀྱི་ཁོངས་ན་འདོད་ཅེས་བྱ་བ་ནི་རྟེན་ཡིན་པའི་ཕྱིར་འཁོར་ལོ་བཞི་པོ་རྣམས་ལ་ཡང་ཁྱབ་པར་བྱེད་པའོ། །ཚོར་བ་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་ཚོར་བ་མ་ལུས་པ་ཉེ་བར་སྡུད་པའི་ངོ་བོ་ཉམས་སུ་མྱོང་བའི་རྣམ་པ་

དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །དེ་ཉིད་མཆོག་ཏུ་རྟོགས་པར་བྱེད། །ཅེས་བྱ་བ་ནི་རྒྱུ་གཉིས་བཟློག་པའི་བདག་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རིགས་ལྔའི་རྣམ་པར་གཞག་པ་བསྟན་ནས། འཁོར་ལོ་བཞི་པོའི་ལྷ་བརྗོད་པའི་ཕྱིར་དེའི་ཡན་ལག་ཏུ་སྤྲུལ་པའི་འཁོར་ལོ་ལྷ་བརྗོད་པ་མདོར་

བསྟན་པའི་ཕྱིར། སྤྲུལ་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་རིགས་ལས་སྐྱེས་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་རིགས་ཅན་ཏེ། བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མཚན་ཉིད་ཅན་ལས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ལྷ་མོ་ཞེས་བྱ་བ་ནི་འཆད་བཞིན་པ་རྣམས་སོ། །འདི་དག་གནས་ཞེས་བྱ་

བ་ནི་རིགས་པ་འདིས་ནི་དེ་མ་ཐག་པར་བཤད་པར་བྱ་བ་རྣམས་སོ། །རིག་མ་གཏུམ་མོ་དཔའ་བོ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ལ་ཡང་ཡེ་ཤེས་ཀྱི་མེའི་ངོ་བོ་ཉིད་ཀྱིས་ཇི་ལྟར་སྲིད་པར་དོན་བརྗོད་པར་བྱའོ། །ལྷག་མ་རྣམས་ནི་མདོ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་མདོར་བསྟན་པ་བཤད་

ནས། ད་ནི་རྒྱས་པར་བསྟན་པ་བཤད་པའི་ཕྱིར། རྟག་ཏུ་བརྒྱད་བརྒྱད་སྤེལ་བའི་གྲངས། །ཞེས་བྱ་བ་གསུངས་ཏེ། ལྷ་མོ་དྲུག་ཅུ་རྩ་བཞིའི་དབྱེ་བས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱས་པར་བཤད་པ་བསྟན་ནས། ད་ནི་ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་གཞག་པ་བཤད་པའི་ཕྱིར། ཞལ་གསུམ་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ངག་ཡིད་གསུམ་རྣམ་པར་དག་པས་སོ། །ཕྱག་དྲུག་གིས་ནི་འབར་ཞེས་བྱ་བ་ནི་ཡན་ལག་དྲུག་གི་རྣམ་པར་དག་པས་སོ། །རིགས་ཀྱི་ཕྱག་རྒྱའི་དབྱེ་བ་ཡིས། །ཞེས་བྱ་བ་ནི་རང་གི་བདག་པོའི་རིགས་ཀྱི་ཕྱག་རྒྱའི་དབྱེ་བས་ཁ་དོག་ལྔའི་རང་བཞིན་གྱིས་སོ། །

ཕྱག་མཚན་རྣམས་ཀྱིས་ཞེས་བྱ་བ་ནི་ཕྱག་མཚན་རྣམས་ཀྱིའོ། །ཡང་དག་བརྒྱན་ཞེས་བྱ་བ་ནི་རྣམ་པར་ཀླུབས་པའོ། །དེ་ཉིད་ཀྱི་ཕྱིར་གཡས་ཞེས་བྱ་བ་གསུངས་ཏེ། གཡས་ཞེས་བྱ་བ་ནི་གཡས་པའི་སྣ་ཚོགས་རྡོ་རྗེའོ། །དེ་མ་ཐག་པར་གསུངས་པའི་ཚོར་བ་ལ་སོགས་པའི་ལྷ་རྣམས་ནིའོ། །གཡོན་

เล่ม ๓๔ · หน้า 178a

པ་འགྱིང་པ་ཨུཏྤ་ལ། །ཞེས་བྱ་བ་ནི་འགྱིང་བའི་ཨུཏྤ་ལའོ། །གཡས་ན་འཁོར་ལོ་རིན་ཆེན་དང་། །ཞེས་བྱ་བ་ནི་གཉིས་པ་དང་གསུམ་པའི་གཡས་པ་ནའོ། །དེ་བཞིན་རལ་གྲི་ཆོས་འབྱུང་ནི། །གཡོན་གྱི་ཕྱག་གཉིས་པ་ན་འགྱུར། །ཞེས་བྱ་བ་ལ་གཡོན་གྱི་ཕྱག་

གཉིས་ལའོ། །འགྱུར་ཞེས་བྱ་བ་ནི་ཡོད་པའོ། །འདི་རྣམས་ཀྱི་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་བྱེད་པ་ཉིད་དང་འདོད་ཆགས་ལ་སོགས་པས་མ་གོས་པ་ཉིད་དང་། བསམ་པ་ཇི་ལྟ་བར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དང་། བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་ཉིད་དང་། ཉོན་མོངས་

པ་གཅོད་པར་བྱེད་པ་དང་། ལམ་ལ་གནས་པར་བྱེད་པ་ཉིད་དང་། བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རྣམ་པར་དག་པ་བཤད་པར་བྱའོ། །གཞན་ཡང་། སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་རྣམ་པར་དག་པའི་ཐ་མི་དད་པས་སོ། །

སྤྱན་གསུམ་པ་ཞེས་བྱ་བ་ནི་རྩ་གསུམ་གྱི་རྣམ་པར་དག་པའམ། སྲིད་པ་གསུམ་ཡོངས་སུ་ཤེས་པས་སོ། །ཞལ་ནི་ལྗང་གུ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་རིགས་ཉིད་ཀྱི་ཕྱིར་རོ། །དོན་ཡོད་གྲུབ་པས་ཅོད་པན་ཅན། །ཞེས་བྱ་བ་ནི་རང་གི་རིགས་ཉིད་ཀྱི་ཕྱིར་རོ། །བསྒོམ་པར་བྱ་བ་ནི་ཡི་གེ་དྲུག་ཅུ་རྩ་

བཞི་ཡོངས་སུ་གྱུར་པ་ལས་བསྒོམ་པར་བྱ་བའོ། །ཞལ་རྣམས་བཞད་པ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་ངོ་བོ་གཅིག་པའི་ཕྱིར་དང་། ཀུན་རྫོབ་ཀྱི་ཆོས་ལ་རྣམ་པར་བལྟ་བར་ངོ་མཚར་བ་དང་བཅས་པའི་ཕྱིར་རོ། །བདེ་བ་ཐམས་ཅད་འཕེལ་བར་མཛད། །ཅེས་བྱ་བ་ནི་བདེ་བ་ཆེན་པོ་ལ་དགའ་བའི་ཕྱིར་རོ། །དེ་

ལྟར་ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སྔགས་བཏུ་བའི་སྒོ་ནས་མཆོད་པ་བྱ་བ་ཉིད་བཤད་པ་ནི། རང་གི་མིང་གི་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། རང་གི་མིང་གི་བེ་དྷ་ནི་དང་ཙཎྜི་ཀ་ལ་སོགས་པའི་ངོ་བོས་སོ། །ཡི་གེ་གསུམ་དང་ཞེས་བྱ་བ་ནི། ཨོཾ་ཨཱཿཧཱུཾ་གི་ཡི་གེའི་

བདག་ཉིད་ཅན་གྱིས་སོ། །རྣམ་པར་སྤེལ་ཞེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མ་རྣམས་སུའོ། །དེ་ལྟར་ན། ཨོཾ་བེདྷ་ནི་ཨཱཿཧཱུཾ་ཞེས་བྱ་བ་ལ་སོགས་པར་འགྱུར་རོ། །སྔགས་ཀྱིས་ཀྱང་ནི་ཡང་དག་མཆོད། །ཅེས་བྱ་བ་ནི་དེ་མ་ཐག་པར་བཏུས་པས་སོ། །ཡང་དག་པར་ཞེས་བྱ་བ་ནི་ཞེན་པ་མེད་པའི་སྦྱོར་

เล่ม ๓๔ · หน้า 178b

བས་སོ། །མཆོད་ཅེས་བྱ་བ་ནི་བརྗོད་པར་བྱའོ། །འདོད་པ་དེ་ཉིད་རབ་གསལ་མཛད། །ཅེས་བྱ་བ་ནི་འདོད་པའི་སྒོ་གཟུགས་ལ་སོགས་པར་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་ཀྱིས་དེ་ཁོ་ན་ཉིད་ནི་སངས་རྒྱས་ཀྱི་མཚན་ཉིད་ཅན་ལའོ། །རབ་གསལ་མཛད་ཅེས་བྱ་བ་ནི་སྐྱེད་པར་བྱེད་པར་མཛད་པའོ། །དེ་ལྟར་དོན་

རྣམ་པ་བཞིས་སྤྲུལ་པའི་འཁོར་ལོའི་ལྷ་རྣམས་བསྟན་ནས། ད་ནི་ཆོས་ཀྱི་འཁོར་ལོའི་ལྷ་རྣམས་བརྗོད་པའི་ཕྱིར། དེའི་ཡན་ལག་མདོར་བསྟན་པ་ནི། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་གའི་གནས་སུའོ། །རྩ་བརྒྱད་དབུས་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་པོ་རྣམས་ནི་རིན་པོ་ཆེ་

ལ་སོགས་པ་རྣམས་ཀྱི་ནང་དུའོ། །ལྷ་མོ་འདི་དག་ཅེས་བྱ་བ་ནི་འཆད་བཞིན་པའི་རིགས་པས་སོ། །ཡང་དག་བཞུགས་ཞེས་བྱ་བ་ནི་རྣམ་པར་གནས་པའོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བསྟན་པའི་ཕྱིར། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ཅེས་བྱ་བ་གསུངས་ཏེ། ཕུང་

པོ་དང་ཁམས་ཀྱི་རྣམ་པར་རྟོག་པ་སྤོང་བར་བྱེད་པ་པོ་དང་བསྟན་ནས་སོ་སོར་ངེས་པའི་ཚིག་ཏུ་བྱ་སྟེ། གཞན་རྣམས་ནི་མདོ་ཇི་ལྟ་བ་བཞིན་ནོ། །ཤེས་པར་བྱ་ཞེས་བྱ་བ་ནི་སྔོན་དུ་བསྟེན་པའི་རིགས་པས་བསྟེན་པར་བྱའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྙིང་གའི་གནས་སུའོ། །དགུ་བདག་

ཉིད་ཅེས་བྱ་བ་ནི་རྩ་དགུའི་བདག་ཉིད་ཅན་ལ་དབུས་ཀྱི་ལྟེ་བའི་ཟེའུ་འབྲུ་བརྗོད་པར་འདོད་པས་སོ། །དེ་ལྟར་རྒྱས་པར་བཤད་པ་བསྟན་ནས། ད་ནི་ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་གཞག་པ་བརྗོད་པའི་ཕྱིར། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་བཞིན་དུའོ། །རྡོ་རྗེ་

འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། གཡས་པའི་ཕྱག་རྣམས་ལ་ཕྱག་མཚན་གསུམ་འཛིན་པར་བྱེད་པ་སྟེ། བླང་དོར་གཉིས་ཀྱི་ཡེ་ཤེས་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པར་དག་པས་སོ། །གཡོན་པ་རྣམས་ལ་རལ་གྲི་

དང་པདྨ་དང་དྲིལ་བུ་རྣམས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་གཅོད་པར་བྱེད་པ་ཉིད་དང་། འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་མ་གོས་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་སོ། །འཛིན་པ་ཞེས་བྱ་བ་ནི་མཛེས་པའོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པའི་དེ་ཁོ་ན་

เล่ม ๓๔ · หน้า 179a

ཉིད་མངོན་དུ་བྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །སྤྱན་གསུམ་པ་ཞེས་བྱ་བ་ནི་རྩ་གསུམ་པའམ་སྲིད་པ་གསུམ་ཡོངས་སུ་ཤེས་པས་སོ། །ཞལ་ཐམས་ཅད་དང་ཡན་ལག་གིས་ཏེ། བྱམས་པའི་རྣམ་པར་དག་པས་སོ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཞེས་བྱ་བ་ནི་སྒེག་པའི་ཁྲོ་བོ་ཉིད་

ཀྱི་ཕྱིར་རོ། །དེ་ལྟར་ཞལ་དང་ཕྱག་གི་དབྱེ་བའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སྔགས་བཏུ་བའི་སྒོ་ནས་མཆོད་པར་བྱ་བ་ཉིད་ནི། རང་མིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཛྲ་དྷཱ་ཏྭཱི་ཤྭ་རི་ལ་སོགས་པའོ། །ཡི་གེ་གསུམ་དང་བཅས་ཞེས་བྱ་བ་ནི་ཡི་གེ་གསུམ་དང་ལྡན་པའི་ཐོག་མ་བར་དང་

ཐ་མ་རྣམས་ལའོ། །དེ་ལྟར་ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ་ཞེས་བྱ་བ་ལ་སོགས་པར་འགྱུར་རོ། །སྔགས་ཀྱིས་ཞེས་བྱ་བ་ནི་དེ་ལྟ་བུའོ། །དེ་དག་ཅེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་རྣམས་བརྒྱད་དོ། །རབ་ཏུ་མཆོད་ཅེས་བྱ་བ་ནི་མི་དམིགས་པའི་རྣམ་པས་སོ། །དེ་ལྟར་དོན་རྣམ་པ་བཞིས་ཆོས་

ཀྱི་འཁོར་ལོའི་ལྷ་བརྗོད་པ་བསྟན་ནས། ད་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ལ་དེ་བརྗོད་པའི་ཕྱིར། མདོར་བསྟན་པ་ནི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདབ་མ་བཅུ་དྲུག་ལ་ཞེས་བྱ་བ་ནི་དེའི་གྲངས་ཅན་གྱི་རྩའི་བདག་ཉིད་ཅན་རྣམས་ལའོ། །པདྨའི་དབུས་ན་ཞེས་བྱ་བ་ནི་རྩའི་པདྨའི་དབུས་

སུའོ། །ལྷ་རྣམས་གནས་ཞེས་བྱ་བ་ནི་འཆད་བཞིན་པའི་པདྨའི་སྒྲོལ་མ་ལ་སོགས་པ་རྣམས་སོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། པདྨའི་སྒྲོལ་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ཡིག་མཉམ་པ་དང་ཡི་གེ་དང་འདྲ་བ་དང་། ཐུང་

ངུ་དང་རིང་པོ་དང་། མིང་ཅན་དང་མཚམས་ཀྱི་ཡི་གེ་དང་། ཐིག་ལེ་དང་ཚེག་དྲག་དང་རོ་དྲུག་དང་དེ་མི་དམིགས་པའི་ངོ་བོ་ཉིད་ཀྱིས་ངེས་པའི་ཚིག་རིམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ལྟར་འདི་ནི་ཡང་དག་བཤད། །ཅེས་བྱ་བ་ནི་པདྨའི་སྒྲོལ་མ་ལ་སོགས་པ་གསུངས་པ་རྣམས་སོ། །དེ་ལྟར་རྒྱས་

པར་བཤད་པ་བསྟན་ནས། ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་གཞག་པ་ནི་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་ནོ། །གཡས་ནི་པདྨ་ཞེས་བྱ་བ་ནི་གསུམ་པོ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་འདོད་ཆགས་ལ་སོགས་པའི་རྣམ་པར་དག་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་

เล่ม ๓๔ · หน้า 179b

བསྐོར་བ་དང་། ཡེ་ཤེས་ལྔའི་རྣམ་པར་དག་པ་གསུངས་སོ། །གཡོན་ནས་རལ་གྲི་ཞེས་བྱ་བ་ནི་ཉོན་མོངས་པ་གཅོད་པར་བྱེད་པའི་ལམ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱིས་སོ། །པདྨ་དམར་པོ་ཡི་ནི་མདོག །ཅེས་བྱ་བ་ནི་མདོག་

དམར་པོ་སྟེ་སྣང་བ་མཐའ་ཡས་ཀྱི་རིགས་ཉིད་ཀྱི་ཕྱིར་ཏེ་ཤིན་ཏུ་འབར་བ་ཉིད་ཀྱི་ཕྱིར་རོ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཉེན་པོ་ཉིད་ཀྱིས་སྲེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཞལ་དང་ཕྱག་ལ་

སོགས་པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སྔགས་བཏུ་བའི་སྒོ་ནས་མཆོད་པའི་ངེས་པ་བརྗོད་པའི་ཕྱིར་རང་མིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་མིང་དང་པདྨ་ཏཱ་ར་ཞེས་བྱ་བ་ལ་སོགས་པའོ། །འདི་རྣམས་སྔགས་ནི་བླ་ན་མེད། །ཅེས་བྱ་བ་ནི་ཐོག་མ་བར་དང་ཐ་མ་རྣམས་ལ་

ཡི་གེ་གསུམ་པའོ། །དེ་ལྟར་ན་པདྨ་ཏཱ་ར་ཨཱཿཧཱུཾ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་དོན་རྣམ་པ་བཞིས་ལོངས་སྤྱོད་ཀྱི་འཁོར་ལོའི་ལྷ་མོ་བསྟན་ནས། ད་ནི་བདེ་བ་ཆེན་པོའི་འཁོར་ལོ་དེའི་མདོར་བསྟན་པ་བཤད་པའི་ཕྱིར། བདེ་བ་ཆེན་པོའི་འཁོར་ལོ་ཆེར། །ཞེས་བྱ་བ་གསུངས་ཏེ། མགོ་

བོ་ལའོ། །པད་འདབ་སུམ་ཅུ་རྩ་གཉིས་ལ། །ཞེས་བྱ་བ་ནི་འདབ་མ་སུམ་ཅུ་རྩ་གཉིས་པ་ཅན་ལའོ། །ལྷ་མོ་རྣམས་ནི་བཞུགས་ཞེས་བྱ་བ་ནི་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་རྣམས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །རབ་ཏུ་སད་པ་ཞེས་བྱ་བ་ནི་སྙིང་ག་འབྱེད་པར་བྱེད་པའོ། །

ཁམས་འབབ་པ་ཅན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འཛག་པ་ཅན་ནོ། །དེ་ལྟར་མདོར་བསྟན་པ་བཤད་ནས། ད་ནི་རྒྱས་པར་བཤད་པ་བརྗོད་པའི་ཕྱིར། འཁོར་ལོའི་ཤུགས་ཅན་མ་ཞེས་བྱ་བ་གསུངས་ཏེ། འཁོར་ལོ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སོ། །གཙོ་བོ་ཉིད་ཀྱི་ཤུགས་གང་ལ་

ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་མདོར་བསྡུས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་ངེས་པའི་ཚིག་ཏུ་བྱའོ། །ལྷག་མ་ནི་མདོ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ས་ཡི་དབུས་ནས་ཤར། །ཞེས་བྱ་བ་ལ་དེ་རྣམས་ནི་རིམ་པའི་རིགས་ལ་སོགས་པ་རྣམས་ཀྱི་ནང་དུའོ། །ཤར་བ་ནི་བརྗོད་པའོ། །དེ་ལྟར་རྒྱས་

เล่ม ๓๔ · หน้า 180a

པར་བཤད་པ་བསྟན་ནས། ཞལ་དང་ཕྱག་གི་རྣམ་པར་གཞག་པ་ནི། སླར་ཡང་ལྷ་མོ་ཞལ་གསུམ་དང་། །ཞེས་བྱ་བ་གསུངས་ཏེ། སྔ་མ་བཞིན་ནོ། །བདེ་བ་འཕེལ་བ་ཅན་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཁ་འབྱེད་པ་ཉིད་ཀྱི་ཕྱིར་རོ། །ཟླ་བའི་དཀྱིལ་འཁོར་ལ་ནི་བཞུགས། །ཞེས་བྱ་བ་ནི་

བྱང་ཆུབ་སེམས་ཀྱི་ཟླ་བ་ལའོ། །པདྨ་དཀར་པོའི་མདོག་ཅན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཉིད་ཀྱི་ཕྱིར་རོ། །ཞི་བའི་ཞལ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་རྣམ་པ་སྟེ། གཏི་མུག་གི་རྣམ་པར་དག་པས་སོ། །སྤྱན་གསུམ་པ་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །འཁོར་ལོ་ལྕགས་ཀྱུ་རྡོ་རྗེའི་རིམ། །ཞེས་

བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་དགུག་པ་དང་། ཡེ་ཤེས་ལྔའི་རྣམ་པར་དག་པ་རིམ་པ་ཇི་ལྟ་བ་བཞིན་ནོ། །གཡས་པ་ཞེས་བྱ་བ་ནི་གཡས་པའི་གསུམ་པོ་རྣམས་ལའོ། །བསྣམས་པ་ནི་ཞེས་བྱ་བ་ནི་འཛིན་པའོ། །དེ་བཞིན་གཡོན་པའི་ཕྱག་གསུམ་ལ། །ཞེས་བྱ་

བ་ནི་པདྨ་ཞགས་པ་རིན་པོ་ཆེ་བསྣམས་སོ། །པདྨ་དང་ཞགས་པ་དང་ཡིད་བཞིན་གྱི་ནོར་བུ་རྣམས་ནི། འདོད་ཆགས་ལ་སོགས་པས་མ་གོས་པ་དང་། སྙིང་རྗེ་ཆེན་པོ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པར་དག་པའོ། །འཆང་ཞེས་བྱ་བ་ནི་སྒེག་པ་དང་བཅས་པར་

མཛད་ནས་སོ། །སྒེག་པ་ཞེས་བྱ་བ་ནི་སྒེག་པའི་ཉམས་གཙོ་བོར་མཛད་ནས་སོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་རང་གི་བདག་པོའོ། །སྤྱི་བོར་འཆང་ཞེས་བྱ་བ་ནི་སྤྱི་བོར་འཛིན་པ་སྟེ། རྒྱས་གདབ་པའི་དོན་དུའོ། །པདྨ་དཀར་པོ་འདྲ་བའི་འོད། །ཅེས་བྱ་བ་ནི་འོད་དཀར་པོའོ། །དེ་ལྟར་ཞལ་དང་ཕྱག་ལ་སོགས་

པའི་རྣམ་པར་གཞག་པ་བསྟན་ནས། ད་ནི་སྔགས་བཏུ་བའི་སྒོ་ནས་མཆོད་པའི་ངེས་པ་བརྗོད་པའི་ཕྱིར། རང་གི་མིང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཙཀྲ་བེ་ག་ལ་སོགས་པ་སྟེ། ཡི་གེ་གསུམ་ཉིད་ཅེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མར་རོ། །དེ་ལྟར་ན་ཨོཾ་ཙཀྲ་བེ་གེ་ཨཱཿཧཱུཾ་ཞེས་བྱ་བར་

འགྱུར་རོ། །འདི་དག་སྔགས་ནི་ཞེས་བྱ་བ་ནི་དེ་མ་ཐག་པར་བསྟན་པའི་ལྷག་མ་རྣམས་ཀྱིའོ། །གོ་རིམས་བཞིན་ཞེས་བྱ་བ་ནི་རིམ་པས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་གསལ་ཞེས་བྱ་བ་ནི་པདྨར་མཛད་པའོ། །དེ་ཉིད་མཆོག་ནི་ཞེས་བྱ་བ་ནི་ལྷའི་སྙིང་པོ་ཉིད་ཀྱི་ཕྱིར་རོ། །སྐུ་ཞེས་བྱ་བ་ལ་སོགས་པ་ནི། སྐུ་

เล่ม ๓๔ · หน้า 180b

ལ་སོགས་པ་གསུམ་པོ་རྣམ་པར་དག་པའི་ངོ་བོ་རྣམས་ཀྱི་སྡོམ་པ་ནི། བདེ་བ་མཆོག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་དོན་རྣམ་པ་བཞིས་བདེ་བ་ཆེན་པོའི་འཁོར་ལོ་བརྗོད་པ་བསྟན་ནས། ད་ནི་ཉེ་བར་བསྡུ་བའི་སྒོ་ནས་དེའི་མཆོད་པའི་ངེས་པ་བརྗོད་པའི་ཕྱིར་དེའི་ཡན་ལག་གི་ངོ་བོ་ནི། དེ་ལྟ་བུ་ཡི་གསང་བའི་

མཆོག །ཅེས་བྱ་བ་གསུངས་ཏེ། འཁོར་ལོ་བཞི་པོ་ལྷ་རྣམས་དགོད་པ་སྟེ། དམ་ཚིག་དང་མི་ལྡན་པ་རྣམས་ལ་སྦ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལྷ་མོ་རྣམས་ཀྱི་དེ་ཉིད་ཅེས་བྱ་བ་ནི་འོད་གསལ་བ་ཉིད་ཀྱི་ངོ་བོའོ། །མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གཉིད་ལོག་ནས་ཞེས་བྱ་

བ་ནི་རྩ་རྣམས་ཀྱི་ནང་དུ་མི་གསལ་བས་གནས་པའོ། །རྟག་ཏུ་ལུས་ཀྱིས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ལུས་ལའོ། །འདོད་པ་ལྔ་ཡི་ལོངས་སྤྱོད་བསྟན། །མཆོད་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་གཟུགས་ལ་སོགས་པའི་ཡུལ་གྱི་མཆོད་པ་བྱས་ནས་སོ། །རྡོ་རྗེ་སེམས་དཔའི་

གོ་འཕང་མཆོག །མཉེས་ནས་སླར་ཡང་གསོལ་བར་བྱེད། །ཅེས་བྱ་བ་དང་འབྲེལ་ཏོ། །གཞན་ཡང་ཅི་ཞིག་བྱས་ནས་ཤེ་ན། དེའི་ཕྱིར་མཉེས་པར་བྱས་ནས་ཞེས་བྱ་བ་གསུངས་ཏེ། ཡུལ་རྣམས་བསྟན་པར་བྱ་བ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་པདྨའི་བདེ་བས་མྱོས། །ཞེས་

གསུངས་ཏེ། དབང་པོ་གཉིས་ཡང་དག་པར་སྦྱར་བས་སོ། །མཉེས་ནས་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་ཉིད་ཀྱི་ཕྱིར་རོ། །གསོལ་བར་བྱེད་ཅེས་བྱ་བ་ནི་སྟེར་བར་བྱེད་པའོ། །རྡོ་རྗེ་སེམས་དཔའི་གོ་འཕང་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོའོ། །མཆོག་ཅེས་བྱ་བ་ནི་བླ་ན་མེད་པ་ཉིད་ཀྱི་ཕྱིར་རོ། །

དེ་ལྟར་ཡང་དག་པར་རང་གི་ངོ་བོ་བསྟན་ནས། ད་ནི་དེའི་མཆོད་པ་པོ་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་བརྗོད་པའི་ཕྱིར། དེའི་ཞི་སོགས་ཞེས་བྱ་བ་གསུངས་ཏེ། ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམས་སོ། །དེའི་ཞེས་བྱ་བ་ནི་འཁོར་ལོ་བཞི་པོ་རྣམས་ལ་ལྷའི་རྣམ་པ་སྒོམ་པ་ལའོ། །

འགྲུབ་འགྱུར་ཞེས་བྱ་བ་ནི་འགྲུབ་པར་འགྱུར་བའོ། །འདི་ལ་ཐེ་ཚོམ་མེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གནང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་མཆོད་པ་ལས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་འགྱུར་བ་བསྟན་ནས། ད་ནི་ལྷའི་འཁོར་ལོ་ལ་བླ་མའི་མན་ངག་ལས། རྟོགས་པར་

เล่ม ๓๔ · หน้า 181a

བྱ་བ་ཉིད་ཀྱི་ཕྱིར། བསམ་གཏན་རྣལ་འབྱོར་སོགས་སྤྱོད་དང་། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱི་རྟོགས་པ་རྡོ་རྗེ་དང་ཟླ་བ་ལ་སོགས་པའི་ངོ་བོའོ། །སྔགས་དང་དབྱིབས་སོགས་ཞེས་བྱ་བ་ནི་ས་བོན་གྱི་ཡི་གེ་བསྒོམ་པ་ལ་སོགས་པའི་བྱ་བ་མི་དགོས་པའོ། །རྫོགས་

པའི་རིམ་པ་དེ་ལྟ་བུར་གྱུར་པའི་སྐབས་མེད་པའི་ཕྱིར་རོ། །མཆོག་ཏུ་ཅུང་ཟད་ནི་བླ་མའི་ལུང་ལ་སྟེ། རྡོ་རྗེ་སློབ་དཔོན་གྱི་གནང་བ་ལས་སོ། །ཡང་དག་བསྐྱེད་ཅེས་བྱ་བ་ནི། །ལྷའི་འཁོར་ལོ་ཡུལ་ཅན་གྱི། །ཡོངས་སུ་ཤེས་པ་འབྱུང་བར་འགྱུར། །ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི།

གང་གི་ཕྱིར་བླ་མའི་ཞལ་ལས་དེའི་ཡུལ་ལ་ཡོངས་སུ་ཤེས་པ་སྐྱེ་བ་དེའི་ཕྱིར་རོ། །རྡོ་རྗེ་སློབ་དཔོན་ནི་དེ་ཁོ་ན་ཉིད་བཅུ་ཡོངས་སུ་ཤེས་པ་སྟེ། ཐོས་པ་ལ་སོགས་པའི་ལམ་ལ་གནས་པའོ། །འབད་པས་ཞེས་བྱ་བ་ནི་རྙེད་པ་དང་བསྐུར་སྟི་ལ་སོགས་པའི་བྱེད་པ་ཁྱད་པར་ཅན་གྱི་བརྩོན་འགྲུས་ཀྱིས་སོ། །མཉེས་

བྱ་ཞེས་བྱ་བ་ནི་མཉེས་པར་བྱ་བའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་ཤིན་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ལས། ལེའུ་ཉི་ཤུ་རྩ་བདུན་པའི་རྒྱ་

ཆེར་བཤད་པའོ།། །།དེ་ལྟར་ལེའུ་ཉི་ཤུ་རྩ་བདུན་པས་ལྷའི་འཁོར་ལོའི་ཡུལ་ལ་དྲི་བའི་ལན་བསྟན་ནས། ད་ནི་རྩ་རྣམས་འཆར་བ་དང་ནུབ་པའི་ཡུལ་ལ་དྲི་བའི་ལན་བསྟན་པའི་ཕྱིར། ལེའུ་ཉི་ཤུ་རྩ་བརྒྱད་པ་ཉེ་བར་དགོད་ཅིང་དང་པོར་རེ་ཞིག་དེའི་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། ལེའུ་ཉི་ཤུ་རྩ་བདུན་པ་བཤད་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྩ་རྣམས་ཀྱིས་ནི་ཞེས་བྱ་བ་ནི་འཁོར་ལོ་བཞིར་གཏོགས་པ་ཐམས་ཅད་ཀྱིས་སོ། །འཆར་དང་ནུབ་པའི་མཚན་ཉིད་ནི། །བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །མཆོག་ཅེས་བྱ་བ་ནི་བསྐྱེད་པའི་རིམ་

པ་ལ་ལྟོས་ནས། མཚན་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་པ་དང་། རྗེས་སུ་མཐུན་པའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གནས། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་གནས་སོ། །

เล่ม ๓๔ · หน้า 181b

དེ་ལྟར་དེ་རྩོམ་པ་བསྟན་ནས། ད་ནི་དངོས་སུ་བཤད་པའི་ཕྱིར་དེའི་ཡན་ལག་རྩ་རྣམས་ཀྱི་འཆར་བའི་རྒྱུ་རང་གི་ངོ་བོ་ནི། མདུན་ན་གནས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བའི་ཡུལ་ན་གནས་པའོ། །ཡུལ་རྣམས་ལས་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པའི་ངོ་བོ་ལས་སོ། །ཡིད་ལ་

བྱེད་པ་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་ལས་སོ། །དེར་ནི་འགྲོ་ཞེས་བྱ་བ་ནི་ཡུལ་ལ་མངོན་པར་ཕྱོག་པ་ལས་སོ། །དབུགས་ནི་ནང་དུ་བསྡུས་པ་ལས། །ཞེས་བྱ་བ་ནི་རླུང་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པའོ། །ནང་དུ་བསྡུས་ཞེས་བྱ་བ་ནི་ཚོགས་པའི་ནང་དུ་ཞུགས་པས་སོ། །འབྱུང་

བ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །དབང་པོ་ཞེས་བྱ་བ་ནི་ཡུལ་འཛིན་པར་བྱེད་པའི་མིག་ལ་སོགས་པ་རྣམས་སོ། །དེ་ཡིས་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་སོ། །རབ་ཏུ་སད་ཅེས་བྱ་བ་ནི་ཡང་དག་པར་སད་པར་བྱེད་པའོ། །དེ་རྣམས་ཞེས་བྱ་བ་ནི་འཁོར་ལོ་བཞིར་གནས་པའི་རྩ་རྣམས་

ཀྱིའོ། །རིམ་པ་བཞིན་གནས་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ངོ་བོས་གནས་པའོ། །དེ་ལྟར་རང་གི་ངོ་བོ་བསྟན་ནས། ད་ནི་དེའི་འཆར་བ་ལ་ལྷ་མོ་འཆར་བ་བརྗོད་པའི་ཕྱིར། རབ་སད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་རྣམས་ནི་སྔར་བཤད་པའི་རིགས་པས་རབ་ཏུ་སད་པ་ལས་སོ། །རབ་སད་ལྷ་མོ་

ཞེས་བྱ་བ་ནི་རྩའི་ནང་དུ་གཏོགས་པའི་རིག་མ་ལ་སོགས་པ་རྣམས་སོ། །རང་རང་འཁོར་ལོ་ཞེས་བྱ་བ་ནི་རང་རང་གི་སྤྲུལ་པ་ལ་སོགས་པའི་འཁོར་ལོ་ལས་སོ། །དེ་ནི་འཆར་བའི་རིམ་པར་གསུངས། །ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའི་རིགས་པས་བཤད་པའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་རྩ་རྣམས་

ཀྱི་འཆར་བའི་རྒྱུ་བསྟན་ནས། ད་ནི་དེ་རྣམས་ཀྱི་ནུབ་པའི་རྒྱུ་བསྟན་པར་བྱ་བའི་ཕྱིར། དེའི་ཡན་ལག་ཏུ། རང་གི་ངོ་བོ་ནུབ་པ་ཡང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་རྣམས་ཀྱིས་རབ་ཏུ་སད་པ་མ་ཡིན་པའི་གནས་སྐབས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །ཡུལ་རྣམས་ཀྱང་ནི་

དངོས་པོ་མེད། །ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རིང་བ་ཉིད་ཀྱིས་སོ། །ཡིད་ལ་བྱེད་པས་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡུལ་ཅན་ལས་སོ། །གཞན་དུ་སོང་ཞེས་བྱ་བ་ནི་ཡུལ་གཞན་ལ་མངོན་པར་ཕྱོགས་པས་སོ། །བག་ཆགས་རྣམས་ནི་ཞེས་བྱ་བ་ནི་ཆགས་པ་དང་ཆགས་བྲལ་གྱི་ངོ་བོ་ལས་སོ། །

เล่ม ๓๔ · หน้า 182a

སད་པ་དང་ཞེས་བྱ་བ་ནི་བསྐུམ་པ་མེད་པའོ། །རྩ་རྣམས་ཞེས་བྱ་བ་ནི་འཁོར་ལོར་གཏོགས་པ་རྣམས་སོ། །འཆར་བར་མི་འགྱུར་ཞེས་བྱ་བ་ནི་ནུབ་པ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་གི་ངོ་བོ་བཤད་ནས། ད་ནི་ནུབ་པ་ལ་ལྷ་རྣམས་ནུབ་པ་བསྟན་པའི་ཕྱིར། ལྷ་རྣམས་ཡང་

དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་ལ་ཡང་དག་པར་གནས་པའི་རྣམས་ལའོ། །ཡང་དག་སད་པ་ནི་ཞེས་བྱ་བ་ནི་རབ་ཏུ་སད་པའོ། །དེའི་ཕྱིར་ནི་ཞེས་བྱ་བ་ནི་རྩ་རྣམས་རབ་ཏུ་སད་པ་ལས་སོ། །མི་འགྱུར་ཉིད་ཅེས་བྱ་བ་ནི་འབྱུང་བར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པ་གཉིས་ཀྱིས་དེ་

རྣམས་ཉིད་ལ་ནུབ་པའི་རྒྱུ་བསྟན་ནས། དེ་སད་པས་ལྷ་རྣམས་སད་པར་འགྱུར་བར་བརྗོད་པའི་ཕྱིར། དེའི་ཡན་ལག་ཏུ་ལྷ་མོ་རྣམས་སད་པའི་རྒྱུ་ནི། སྙིང་གི་དབུས་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་གའི་ནང་དུ་ངོ་བོ་ཉིད་ཀྱིས་གནས་པའོ། །གང་ཞེ་ན། དེའི་ཕྱིར། སངས་རྒྱས་ཉི་མ་གསལ་བའི་

འོད། །ཅེས་བྱ་བ་གསུངས་ཏེ། རང་བཞིན་གྱིས་རྣམ་པར་དག་པ་ལ་ལྟོས་ནས་སངས་རྒྱས་ཉི་མའོ། །གསལ་བའི་འོད་ཅེས་བྱ་བ་ནི་འཆད་བཞིན་པའི་རིམ་པས། འོད་ཟེར་གྱི་ཚོགས་སྤྲོ་བའི་ངོ་བོ་དང་། རང་བཞིན་གྱིས་འོད་གསལ་བའི་རྣམ་པ་ཅན་ནོ། །གཟུང་དང་ཞེས་བྱ་བ་ནི་སངས་རྒྱས་ཉི་མ་དེ་གཟུང་དང་འཛིན་པའི་

ངོ་བོ་ནི་ཡུལ་དང་ཡུལ་ཅན་གྱི་ངོ་བོ་རྣམས་སོ། །འོད་ཟེར་བཅུ་གཉིས་ཏེ་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ཀྱི་རྣམ་པ་དག་པས་གནས་པ་ཞེས་བྱ་བའི་ལྷག་མའོ། །དེ་རྣམས་གང་ཞེ་ན། དེའི་ཕྱིར་འོད་འཕེལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ནི་དབང་པོ་ལ་བརྟེན་པའོ། །འོད་འཕེལ་ཞེས་བྱ་བ་ནི་འོད་གསལ་

ཏེ་རྣ་བའི་དབང་པོ་ལ་བརྟེན་པའོ། །འབར་མ་ཞེས་བྱ་བ་ནི་གཟི་བརྗིད་དང་ལྡན་མ་སྟེ། སྣང་བའི་དབང་པོ་ལ་བརྟེན་པའོ། །གསལ་བ་ཞེས་བྱ་བ་ནི་མུན་པ་འཇོམས་པར་བྱེད་པ་སྟེ། ལྕེའི་དབང་པོ་ལ་བརྟེན་པའོ། །འོད་ཅེས་བྱ་བ་ནི་འོད་ཀྱི་ངོ་བོ་སྟེ་ལུས་ཀྱི་དབང་པོ་ལ་བརྟེན་པའོ། །དམར་མོ་ཞེས་བྱ་བ་ནི་དམར་བ་

མིག་གསལ་བ་སྟེ། ཡིད་ཀྱི་དབང་པོ་ལ་བརྟེན་པའོ། །དེ་རྣམས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཕྱི་རོལ་གཟུགས་ལ་སོགས་འཛིན་པ། །ཞེས་བྱ་བ་གསུངས་ཏེ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་དྲུག་པོ་འཛིན་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པ་ལ་བརྟེན་ནས་ཞེས་གསུངས་ཏེ། དབང་པོ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด