སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཙརྱ་ས་མུཙྪ་ཡ་པྲ་དཱི་པཾ་ནཱ་མ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๖ · หน้า 237b
༄༅༅། །རྒྱ་གར་སྐད་དུ། ཙརྱ་ས་མུཙྪ་ཡ་པྲ་དཱི་པཾ་ནཱ་མ་ཊཱི་ཀཱ །བོད་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྐྱེ་བོ་མ་རིག་མུན་པས་ཁེབས་ཤིང་རྟག་ཏུ་མིག་
ལྡོངས་དགེ་ལ་འདུན་པ་མེད། །དེ་དག་རྗེས་སུ་གཟུང་ཕྱིར་རྒྱལ་བ་རྣམས་ཀྱི་དམ་པ་བསྟོད། །གསང་མཆོག་བླ་མེད་དོན་ཉིད་རྟག་ཏུ་བདེ་བ་དམ་པ་སྐྱེས། །རྒྱལ་བ་ཡིས་ནི་གསང་བ་བཤད་པ་གཞི་ལ་དགོངས། །དོན་དམ་རིགས་མིན་རིགས་གཞན་རྣམས་ལ་ཉན་ཐོས་ལ་སོགས་གསུངས། །
ཐེག་ཆེན་རིགས་ཅན་དམན་དང་མཆོག་ལ་སོགས་པར་བྱ་བའི་རྒྱུད། །སྤྱོད་པའི་རྒྱུད་དང་གཉི་གའི་རྒྱུད་དང་རྣལ་འབྱོར་བླ་མའི་རྒྱུད། །གསུངས་པར་གང་གྱུར་དེ་ལ་སྒོ་གསུམ་དང་བས་ཕྱག་འཚལ་ཏེ། །མཐའ་དྲུག་ལ་སོགས་བཤད་པའི་ཚིག་ལ་རབ་བརྟེན་ནས། །ཀུན་དུ་བཟང་པོ་
རྗེས་དྲན་དེ་ལ་ཕན་པར་བྱ་བའི་ཕྱིར། །རྒྱལ་བའི་འདུས་པ་བཤད་པའི་རྒྱུད་བཅས་ལ་བརྟེན་ནས། །དེ་ཉིད་སྒྲུབ་པའི་རིམ་ལ་རྟག་ཏུ་དགའ་བ་སྐྱེས། །མི་གཡོ་གསང་བ་མཆོག་གི་དོན་རྟོགས་ཤིང་། །རྫོགས་པའི་དོན་ལ་མངའ་བརྙེས་སྟོན་པ་ཡིས། །རིམ་པ་ལྔ་དང་དེ་ཡི་སྤྱོད་པ་
བརྩམས། །བདེན་ལ་མཁས་གྱུར་རྣལ་འབྱོར་གང་ཞིག་གིས། །མ་ཕྱེད་གྱུར་པ་གང་ཡིན་དེ་ཕྱེ་བས། །དེ་ནི་དམ་པའི་ལུང་བསྟན་མཆོག་ཏུ་གྱུར། །བཤད་དང་མཐའ་དྲུག་ལ་སོགས་རྣམ་མང་པོ། །གཞི་དང་འབྲས་བུ་རང་བཞིན་ལེགས་པར་བྱེད། །རྒྱལ་པོ་སྟོབས་ཅན་སྙིང་
པོ་ཡིས། །སྔོན་འགྲོ་འབྲེལ་པ་ཀུན་རྫོབ་དེ། །དོན་ནི་རྣམ་པ་གསུམ་དུ་འདུས། །རྒྱུ་དང་ཐབས་དང་འབྲས་བུའོ། །རྒྱུ་ནི་ཐེག་ཆེན་རིགས་ཅན་ཏེ། །དགེ་བའི་ཆོས་ཀྱིས་རྣམ་པར་བརྒྱན། །ཐབས་ནི་རྣམ་པ་གཉིས་ཡིན་ཏེ། །དབང་བསྐུར་དེ་ཉིད་སྤྱོད་དང་བཅས། །འབྲས་བུ་
སྐུ་གསུམ་ཐུན་མོང་གྲུབ། །ཡང་ན་སྤོང་བར་བྱེད་དང་བཅས། །དེ་ཉིད་དོན་རྣམས་ལེགས་བསྡུས་པ། །མར་མེ་བཞིན་དུ་དགྲོལ་བར་བྱ། །གང་ཞིག་བླ་མ་དམ་པ་ལ། །མི་གུས་དེ་ཡི་ཕྱིར་མ་བྱས། །དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་འདི་ཅིའི་ཕྱིར་རྩོམ་ཞེ་ན། འདི་ལྟར་ཐེག་པ་
เล่ม ๓๖ · หน้า 238a
ཆེན་པོའི་རིགས་ཅན་གྱི་གང་ཟག་གིས་འབྲས་བུ་མཆོག་ཐོབ་པར་བྱ་བའི་ཕྱིར་རོ། །འོ་ན་གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སུ་གསུངས་པ་ཅིའི་ཕྱིར་མ་ཡིན་ཞེ་ན། རྩོད་པའི་དུས་སུ་སེམས་ཅན་ཚེ་ཐུང་བ་དང་། ལོངས་
སྤྱོད་ཞེན་པ་དང་། ཤེས་རབ་ཆུང་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ན་དེའི་དུས་སུ་རྒྱུད་ཁྱད་པར་ཅན་རྣམས་ལ་འཇུག་པར་ཡང་མི་འགྱུར་རོ། །གསང་བ་དེ་ཁོ་ན་ལ་འཇུག་པ་ལས་ཀྱང་། །དུས་བཞི་རྩོད་པ་རྒྱས་པའི་ཚེ། །ཚེ་ཐུང་ཤེས་རབ་ཆུང་བ་དང་། །
ལོངས་སྤྱོད་ཤིན་ཏུ་ཞན་པ་ཡིས། །གསང་ལ་འཇུག་པའི་སྐལ་མེད་ལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །སེམས་ཅན་ལུགས་ཀྱི་བསྟན་བཅོས་བྱེད། །རྩོད་པའི་དུས་སུ་ཕན་འདོགས་འགྱུར། །ཞེས་འབྱུང་བ་ལྟ་བུའོ། །འོ་ན་རིམ་པ་རེ་རེས་སམ། འོན་
ཏེ་ཐམས་ཅད་ཀྱིས་ཕན་འདོགས་པར་འགྱུར། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་སྐས་ཀྱི་རིམ་པ་མ་ཡིན་པར་འགྱུར་རོ། །ཕྱི་མ་ལྟར་ན་ཡང་། རིམ་པ་གཅིག་གིས་མངོན་སངས་རྒྱས། །ཞེས་པ་མ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། འདི་ལྟར་དེ་ཉིད་ཀྱི་རྣམ་པ་ཅན་གྱི་གང་ཟག་
གི་དབང་དུ་བྱས་ཏེ་རིམ་པ་རེ་རེས་ཀྱང་ཕན་འདོགས་པར་འགྱུར་རོ། །གཞན་ལ་རག་ལས་པ་ནི་གང་ཟག་གི་དབང་དུ་བྱས་ཏེ་རིམ་ལྔ་ལ་སོགས་པའོ། །གཞན་ཡང་རིམ་པ་གཅིག་ལ་ཡང་སྐས་ཀྱི་རིམ་པ་ཞེས་བྱ་སྟེ། ཐོས་པ་ལ་སོགས་པས་འཇུག་སྟེ་སྐས་བཞིན་
ནོ། །བསྒོམ་པའི་དབང་དུ་བྱས་པ་ཡང་དང་པོ་ནི་སྐད་ཅིག་མའི་རྣལ་འབྱོར་ལ་འཇུག་གོ། །དེ་ནས་སྐད་ཅིག་མ་བཅུ་ལ་སོགས་པ་སྟེ། སྐས་ཀྱི་རིམ་པ་བཞིན་ནོ། །དེ་ནི་ཡན་ལག་ལ་འཇུག་པར་བྱ་སྟེ། དེ་ལ། དངོས་མེད་རྣམ་དག་ནམ་མཁའ་མཉམ། །ཞེས་པ་
ལ་སོགས་པས་དང་པོར་སློབ་དཔོན་གྱིས་རང་དད་པའི་ལྷ་ལ་ཕྱག་འཚལ་བའོ། །དེ་ལ་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟེ། གང་ལ་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྙིང་གར་བྱང་ཆུབ་སེམས་ཀྱི་ཐིག་ལེ་གསལ་བ་དེ་
เล่ม ๓๖ · หน้า 238b
ལ་ཡང་དེ་སྐད་ཅེས་བྱ་སྟེ། འོད་གསལ་བ་དང་ཤིན་ཏུ་ཉེ་བའི་ཕྱིར་རོ། །མ་ལུས་ཚིག་མེད་ཡི་གེ་བྲལ། །ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་སྒྲའི་བརྗོད་བྱར་མ་གྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་རང་བཞིན་གྱིས་དག་པའི་ཕྱིར་རོ། །ཡང་ཚིག་དང་ཡི་གེ་ལས་
འདས་པ་སྟེ། རྡོ་རྗེ་འདས་པའོ། །འདས་དང་མ་འོངས་ཀུན་དུ་སོན་པ་ནི་སྒྱུ་མ་ལྟ་བུ་སྟེ། འདས་པ་ལ་སོགས་པའི་དུས་ཐམས་ཅད་དུ་ཇི་ལྟ་བ་དེ་ལྟར་དོན་བྱེད་དོ། །ཡང་ན་འདས་པ་ལ་སོགས་པ་ནི་སྤྲུལ་པ་ལ་སོགས་པའོ། །དེར་སོན་པ་ནི་ཁྱབ་པ་སྟེ་བདེ་བ་ཆེན་པོའི་ཁུ་བའོ། །
ཀུན་དུ་མ་ལུས་ཐམས་ཅད་སྟོང་། །ཞེས་པ་ནི་འོད་གསལ་བའི་ཡེ་ཤེས་སོ། །དེ་ལ་ཕྱག་འཚལ་བ་ནི་རྟོགས་པའི་སྒོ་ནས་སོ། །ཡང་ན་དེ་ནི་འཁོར་ལོ་བཞི་དང་སྦྱར་ཏེ། དངོས་མེད་རྣམ་དག་ནི་བདེ་བ་ཆེན་པོའོ། །ཚིག་མེད་ཡི་གེ་བྲལ་ཞེས་པ་ནི་ལོངས་སྤྱོད་དོ། །མ་འོངས་ཀུན་དུ་
སོང་ཞེས་པ་ནི་ཆོས་ཀྱི་འཁོར་ལོའོ། །མ་ལུས་ཐམས་ཅད་སྟོང་ཞེས་པ་ནི་སྤྲུལ་པའོ། །དེ་ལ་དམིགས་པ་ནི་ཕྱག་འཚལ་བའོ། །ད་ནི་སྒྲུབ་པའི་ཐབས་འདི་རྩོམ་པ་གང་ལ་དགོངས་ཤེ་ན། རྡོ་རྗེའི་ཐེག་པ་འདི་ལ་སྔགས་ཀྱི་སྒོར་སྤྱོད་པ་ནི་རྣམ་པ་གཉིས་ཏེ་ཞེས་གསུངས་ན། གང་
ལ་ཤེས་རབ་དང་ཏིང་ངེ་འཛིན་ཁྱད་པར་ཅན་ཡོད་པ་དེ་ནི་རྡོ་རྗེ་ཐེག་པའོ། །དེའི་སྔགས་ཀྱི་སྒོར་སྤྱོད་པ་ནི་དེ་ཉམས་སུ་ལེན་པའོ། །འདི་ལ་གཉིས་ཡོད་པས་གཉིས་ཏེ། བསྐྱེད་པ་རྫོགས་པའི་དབང་དག་ཏུ། །གང་ཟག་གཉིས་ནི་ཐུབ་པས་གསུངས། །ཤེའོ། །གང་ཡིན་ཞེ་ན།
གསང་སྔགས་ལ་མཆོག་ཏུ་གཞོལ་བ་དང་། ནང་ལ་མཆོག་ཏུ་གཞོལ་བ་སྟེ། སྔགས་ཟློས་པ་ལ་བརྩོན་པ་དང་། བསྒོམ་པ་ལ་བརྩོན་པའོ། །ཡང་ན་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་རིགས་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དབང་དུ་ཞེས་བྱ་བ་ནི་
ཚིག་ལྷག་མའོ། །ཡང་ན་ཐོས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཐོས་པ་སྔོན་དུ་སོང་བའོ། །གང་གིས་ཐོས་པ་སྔོན་དུ་སོང་ཞིང་མ་རྨོངས་ལ་ཡང་དག་པའི་ཤེས་རབ་དང་ལྡན་པ་དེས་བརྩམས་ཤེའོ། །གང་གི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དུའོ། །སེམས་
เล่ม ๓๖ · หน้า 239a
ཅན་ཐམས་ཅད་ཀྱི་ཚོགས་དང་། སློབ་མ་ཐམས་ཅད་ནི། དེ་རྗེས་སུ་གཟུང་བ་དེ་དག་ཐེག་པ་ཆེན་པོའི་ཆོས་ལ་རབ་ཏུ་གཞུག་པའི་ཕྱིར་དུའོ། །དེ་ནི་རྒྱུད་ཆེན་པོ་ལས་ཀྱང་དེ་ལ་དགོངས་པས་དོན་མེད་དོ་ཞེ་ན་མ་ཡིན་ཏེ། མདོ་དང་རྒྱུད་ལས་གསུངས་པའི་ཚིག་
ཡང་དག་པར་གསལ་བར་བྱ་བའི་ཕྱིར་ཏེ། མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ན་མི་གསལ་བ་ཚིག་གསལ་བ་དང་། ཟུར་ཕྱིན་པས་དོན་ལེགས་པར་དགོད་པར་བྱ་བའི་ཕྱིར་རོ། །མི་གསལ་བ་ཡང་གང་ཟག་གཉིས་ཀྱིས་རྟོགས་པར་བྱེད་པ་མ་ཡིན་ནམ། དེ་འདིར་ཅིའི་ཕྱིར་བསྟན་པ་
ལ་དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོངས་སུ་ཆུད་པར་བྱ་བའི་ཕྱིར་ཞེས་སྨོས་ཏེ། རྒྱུད་ཀྱི་དོན་དགོངས་པ་ཅན་ལ་སོགས་པ་བློ་མ་བྱང་བའི་གང་ཟག་གིས་རྟོགས་པར་བྱ་བར་མི་ནུས་ཏེ། དེས་རྟོགས་པར་བྱ་བའི་ཕྱིར་ཡང་འདི་བརྩམས་ཞེས་སོ། །གང་ལ་བརྟེན་ཏེ་
བརྩམས་ཤེ་ན། ཚིག་སྙན་ཅིང་ཞེས་པ་ནས་བཏུད་དེ་ཞེས་པའི་བར་ཏེ་གོ་སླའོ། །སྒྲུབ་པའི་ཐབས་འདི་ཡང་དུས་གང་ལ་དགོངས་ཤེ་ན། རྩོད་པའི་དུས་སུའོ། །དུས་གཞན་ལ་མ་དགོངས་པ་ཅིའི་ཕྱིར་ཞེ་ན། སྔོན་བྱུང་བར་གྱུར་པ་ནི་མི་རིགས་སོ་ཞེའོ། །དེ་ལ་སྒྲུབ་པའི་ཡན་ལག་ནི་
སྒྲུབ་པའི་རིམ་པའོ། །མར་མེ་ནི་དཔེ་སྟེ། གང་གིས་གང་ལ་གསལ་བར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔོན་བྱུང་བར་གྱུར་པ་ནི་མི་རིགས་ཞེས་པ་ནི་དུས་གསུམ་དུ་འབྱུང་བ་མི་འཐད་དོ། །དེ་ཞེས་པ་ནི་གོང་མ་དང་འབྲེལ་པའོ། །ཅིའི་ཕྱིར་ཞེས་པ་ནི་འདྲི་བའོ། །ལན་དུ་རྫོགས་ལྡན་
ཞེས་པ་ནི་སྦྱིན་པ་ལ་སོགས་པ་རབ་དང་ལྡན་པ་དང་། ཚེ་དང་བསོད་ནམས་དང་ཤེས་རབ་ལ་སོགས་པ་རབ་དང་ལྡན་པ་ནི་རྫོགས་ལྡན་ནོ། །འབྲིང་དང་། ཐ་མ་དང་། ཐ་མའི་ཡང་ཐ་མ་ཅི་རིགས་སུ་སྦྱར་རོ། །དེ་བཤད་པ་འཇིག་རྟེན་པ་རྣམས་ཚེ་དང་། ནད་མེད་པ་ཕུན་སུམ་
ཚོགས་པ་ནི་ཚེ་ཁྱད་པར་ཅན་དང་ལྡན་པ་སྟེ། སྐྱེ་དགུའི་ཚེ་ལོ་བརྒྱ་ཁྲི་བ་ལ་སོགས་པའོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པས་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་བསྡུའོ། །དེ་དག་དང་ལྡན་པ་ནི་དེ་དག་མངའ་བའོ། །དེས་ཅིར་འགྱུར་ཞེ་ན། བསྟན་བཅོས་ལ་གནས་
เล่ม ๓๖ · หน้า 239b
ཤིང་ཡོངས་སུ་ཚོལ་བ་སྟེ། ཕྱིའི་མདོ་ལ་སོགས་པ་ཡོངས་སུ་ཚོལ་བའོ། །དེ་ཁོ་ན་ཉིད་ཤེས་པ་ལ་ཞུགས་པ་ནི་རྫོགས་པའི་རིམ་པ་ཆོས་ཀྱི་དབྱིངས་ལ་ཞུགས་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །ཟབ་ཅིང་རྒྱ་ཆེ་བ་ནི་དེའི་ཞལ་ནས་གསུངས་པའི་ཆོས་ཏེ། རྟོགས་པར་དཀའ་བ་དང་། དོན་
རྒྱ་ཆེན་པོ་སྟོན་པའོ། །ཇི་ལྟར་སྟོན་ཞེ་ན། སྦས་པའི་སྒྲའི་སྒོ་ནས་ཏེ། མ་བྱིན་པར་ལེན་པས་སངས་རྒྱས་ཞེས་བསྟན་པས་ཀྱང་གོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་མཆོག་དང་ལྡན་པའི་ཕྱིར་རོ། །ལུང་གཞན་ལས་ཀྱང་། གང་ཚེ་སྟོང་གསུམ་དུམ་བུ་ལ། །སེམས་
ཅན་ཚེ་དང་བསོད་ནམས་དང་། །ལས་དང་ཤེས་རབ་ལ་སོགས་པ། །རབ་ཏུ་གྱུར་པ་རྫོགས་ལྡན་དུས། །འབྲིང་ནི་གསུམ་ལྡན་དུས་ཡིན་ཏེ། །ཐ་མ་གཉིས་ལྡན་དུས་སུ་འདོད། །ཐ་མའི་ཐ་མ་ཞེས་བྱ་བ། །བསྐལ་པ་རྩོད་པའི་དུས་སུ་སྦྱོར། །གསུམ་པོའི་བསྟན་པ་འདི་
དག་ལ། །རྒྱལ་བའི་བཀའ་ལ་ཡིད་ཆེས་འགྱུར། །ཕྱིས་ནི་དེ་ལས་བཟློག་པའོ། །ཞེས་འབྱུང་བ་ལྟ་བུའོ། །འོ་ན་གཞན་ལས། རྫོགས་ལྡན་དང་ནི་གཉིས་ལྡན་དང་། །རྩོད་པའི་དུས་ཏེ་བཞི་པོ་ལ། །རྒྱལ་བའི་བཀའ་ལ་རྨོངས་གྱུར་པས། །བསྟན་པ་རྗེས་འཇུག་
རྣམས་ཀྱིས་བྱེད། །ཅེས་པ་འདི་ཅིའི་ཕྱིར་ཞེ་ན། ལན་དུ་རྫོགས་ལྡན་ནི་བསྐལ་པ་དང་པོའི་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། རྩོད་པའི་དུས་ལ་རྩོད་པའི་རྫོགས་ལྡན་གྱི་དུས་ལ་སོགས་པ་སྟེ། དང་པོ་ནི་སློབ་དཔོན་གྱིས་བརྩམས་པ་མཐོང་བས་ཤེས་པར་འགྱུར་རོ། །དེ་ནས་
བརྡར་བརྟགས་པས་ཤེས་པར་འགྱུར་རོ། །དེ་ནས་ལེགས་པར་བཤད་པས་ཤེས་པར་འགྱུར་རོ། །དེ་ནས་ཡང་དང་ཡང་དུ་བཤད་པས་ཤེས་པར་འགྱུར་རོ། །དེ་དག་ནི་རྩོད་པའི་དུས་བཞི་དང་སྦྱར་རོ། །དེ་བསྟན་པའི་ཕྱིར་དེ་ལྟར་ནི་རྩོད་པའི་དུས་ཏེ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །
དོན་ལ་རྟོན་པར་བྱ་ཞིང་ཆོས་ཀྱི་རྗེས་སུ་འབྲང་ཞེས་པ་ནི་དོན་ལ་ཚད་མར་བྱེད་པའོ། །དོན་གྱི་དབང་འདི་མཐོང་ནས་ཞེས་པ་ནི་དོན་དངོས་སུ་རྟོགས་ནས་ཞེས་པའོ། །བསྐྱེད་པའི་གོ་རིམས་ཞེས་པ་ལ་སོགས་པ་ནི་འོག་ནས་སྟོན་ཏོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་སྔགས་མ་ནོར་བའོ། །ཡང་
เล่ม ๓๖ · หน้า 240a
ན་སྔགས་ཀྱི་དེ་ཁོ་ན་ཉིད་ནི་རྡོ་རྗེ་བཟླས་པའོ། །ཕྱག་རྒྱའི་དེ་ཁོ་ན་ཉིད་ནི་བསྐྱེད་པའི་རིམ་པ་དང་། སྒྱུ་མ་ལྟ་བུའོ། །བདག་གི་དེ་ཁོ་ན་ཉིད་ནི་སེམས་ལ་དམིགས་པའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ནི་འོད་གསལ་བའོ། །ལྷའི་དེ་ཁོ་ན་ཉིད་ཟུང་དུ་འཇུག་པའི་སྐུའོ། །དེ་བཤད་
པའམ་དེ་གསལ་བར་བྱ་བའི་ཕྱིར་སློབ་དཔོན་གྱི་མདོ་དང་རྒྱུད་དང་རྟོགས་པའི་རྗེས་སུ་འབྲང་ཞེའོ། །དེ་ཁོ་ན་ཉིད་མི་ཤེས་པའི་ཉེས་པ་ལུང་གིས་བསྒྲུབ་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐལ་པ་བྱེ་བ་ནི་བསྐལ་པ་ཆེན་པོ་བྱེ་བའི་བར་
དུའོ། །བསྒྲུབ་ཀྱང་ཞེས་པ་ནི་ཚིག་གི་ལྷག་མའོ། །དེ་ཉིད་བྲལ་ན་འགྲུབ་མི་འགྱུར། །ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་ལྔ་དང་བྲལ་ན་འགྲུབ་པར་འགྱུར་ཏེ། བྱ་རོག་གི་སོ་རྟོག་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །ལུང་གཞན་ཡང་བཤད་པའི་ཕྱིར་ལྷ་མོ་བཞི་ཞུས་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཐུབ་པ་ཆེན་པོ་ནི་དུས་གསུམ་གྱི་སངས་རྒྱས་ཏེ། རྡོ་རྗེ་འཆང་ཆེན་པོའོ། །དེས་གསུངས་པའི་ཆོས་ནི་ཐུབ་པ་ཆེན་པོས་གསུངས་པའི་ཆོས་ཏེ། དུ་ཞེ་ན། བརྒྱད་ཁྲི་བཞི་སྟོང་ནི་འདོད་ཆགས་ལ་སོགས་པའི་གཉེན་པོར་རོ། །གང་གིས་དེ་ཉིད་མི་ཤེས་པ་ཞེས་པ་ནི་གང་གིས་དེ་ཁོ་ན་ཉིད་
བཟླས་པ་ལ་སོགས་པ་མི་ཤེས་ནའོ། །ཐམས་ཅད་འབྲས་བུ་མེད་པ་ནི་གང་བསྒོམས་པ་འབྲས་བུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་ཙམ་གྱིས་ནི་དངོས་པོའི་རྟོག་པ་གང་ཡང་སྤོང་བར་མི་བྱེད་ཀྱི། རྡོ་རྗེ་བཟླས་པ་ལ་སོགས་པས་ནི་དངོས་པོའི་རྟོག་པ་སྤོང་བར་བྱེད་པའི་ཕྱིར་རོ། །ཀྱང་
ཞེས་པ་ནི་མི་མཐུན་པའི་རྒྱན་ནོ། །རྡོ་རྗེ་སློབ་མ་ནི་རྡོ་རྗེ་འཆང་གི་སློབ་མ་དང་འདྲ་བའི་ཕྱིར་ཏེ། དེས་གསོལ་བ་བཏབ་པ། དེ་ཁོ་ན་ཉིད་མི་ཤེས་པར་འཚང་རྒྱ་བར་མི་འགྱུར་ཞེས་པ་ནི་གང་གིས་དེ་ཁོ་ན་ཉིད་མི་ཤེས་ན་བསྒོམ་པར་མི་འགྱུར་ལ། མ་བསྒོམས་ན་ཉོན་མོངས་པ་རྣམ་པར་རྟོག་པ་
སྤོང་བར་མི་འགྱུར་རོ་ཞེས་པའོ། །དེ་བས་ན་གསུང་རབ་ཀྱི་སྒོ་ནས་ཉན་པར་འཚལ་ལོ་ཞེས་པ་ནི་ལུང་གི་སྒོ་ནས་ཐོས་པར་འདོད་པའོ། །གང་གི་ཕྱིར་ཞེས་པ་ནི་གོང་དང་འབྲེལ་པ་སྟེ། ཐེག་པ་ཆེན་པོ་པ་ནི་ཕྱི་པ་དང་ནང་པའོ། །རྟོག་གེ་པ་ནི་རིགས་པའི་སྒོར་ཞུགས་པའོ། །གཞན་གོ་
เล่ม ๓๖ · หน้า 240b
སླའོ། །ལན་དུ་ཡང་དག་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ་ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་འདི་ནི་ཡང་དག་པ་དང་འདྲ་བའི་ཕྱིར་དེ་སྐད་ཅེས་བྱའོ། །ཡང་ན་ཡང་དག་པའི་དོན་དམ་པའོ་ཞེའོ། །མི་སླུ་བ་ཡང་དངོས་པོ་དང་མཐུན་པ་སྟེ། དུང་ལ་སེར་པོར་ཤེས་པ་མ་ཡིན་གྱིས། དུང་ལ་དཀར་
པོར་ཤེས་པ་བཞིན་ནོ། །མི་སླུ་བ་གང་ཡིན་ཞེ་ན། ཡང་དག་པའི་ཚུལ་ཅན་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། དོན་དམ་པ་ཐོབ་པའི་ཐབས་སུ་གྱུར་པའོ། །དེ་ཉིད་དྲིས་པ་དང་ལན་དུ། གང་བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་ཅན་ཏེ། བསྐྱེད་པ་ནས་སྒྱུ་མ་ལྟ་བུའི་བར་ཏེ་ཀུན་
རྫོབ་ཀྱི་བདེན་པའོ། །འོད་གསལ་བ་ནི་དོན་དམ་པའི་བདེན་པའོ། །གཉིས་སུ་མེད་པ་ནི་རྟོག་པ་དང་མི་རྟོག་པ་དབྱེར་མེད་པའི་རང་བཞིན་ཟུང་དུ་འཇུག་པའོ། །དེ་ལ་སློབ་པ་ཐམས་ཅད་ནི་ཏིང་ངེ་འཛིན་དང་འབྲེལ་ཏོ། །མི་སློབ་པ་ནི་འབྲས་བུའོ། །འབྲས་བུ་ཞེས་བྱ་བ་ཡང་གཉིས་ཏེ། རྡོ་རྗེ་བཟླས་པ་ལ་
བརྟེན་པ་དང་། དེ་དང་འབྲེལ་བའི་དངོས་གྲུབ་ནི་འབྲས་བུའི་གནས་སྐབས་པའོ། །ཆོས་ཀྱི་སྐུ་ནི་མཐར་ཐུག་པའོ་ཞེས་བྱ་བར་དགོངས་སོ། །བདེན་པ་གཉིས་ནི་དྲིས་པའི་ལན་དུ་དང་པོ་ཀུན་རྫོབ་དང་གཉིས་པ་དོན་དམ་ནི་གོང་དུ་བཤད་དོ། །བདེན་པ་གཉིས་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་
པ་ནི་བདེན་པ་གཉིས་ཀྱི་རང་བཞིན་གང་ཞེས་པ་དང་། ལན་དུ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་གསུངས་ཏེ་ཞེས་པ་ལས་རྡོ་རྗེ་གཙུག་ཏོར་ཁོ་ན་ཞེས་པ་མཛེས་པ་མ་ཡིན་ནོ་ཞེ་ན་འདི་ནི་རྡོ་རྗེ་གཙུག་ཏོར་ཁོ་ནའི་རྗེས་སུ་ཞུགས་པའི་གང་ཟག་གི་དབང་དུ་བྱས་པའོ། །དེ་ལ་དྲིས་པའི་ལན་དུ་གསང་བའི་
བདག་པོ་ཞེས་པ་ནི་བོས་པ་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་དོ། །གང་ཡིན་ཞེ་ན་ཕུང་པོ་དང་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཡང་བྲིས་པ་བདག་ཅག་ལྟ་བུ་ཞེས་པ་ལ་སོགས་པ་སྨོས་ཏེ། བདག་ཅག་ལྟ་བུ་ནི་བདག་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཐོག་མ་མེད་པ་ནས་ཕྱི་རོལ་གྱི་
དངོས་པོ་རྣམ་པ་སྣ་ཚོགས་སུ་མངོན་པར་ཞེན་པས་ཤེས་པ་ནི་ཚེ་རབས་ཐོག་མ་མེད་པ་ནས་མ་རིག་པའི་སྟོབས་ཀྱིས་ཡུལ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་བསྐྱེད་ནས་དེའི་བག་ཆགས་ཀུན་གཞི་ལ་ཞེན་པར་ཆགས་པའོ། །དེས་ཅིར་འགྱུར་ཞེ་ན། ཡོད་པ་དང་ཞེས་བྱ་བ་ལ་
เล่ม ๓๖ · หน้า 241a
སོགས་པ་སྨོས་ཏེ། ཕྱི་དང་ནང་གི་གཟུགས་ལ་སོགས་པ་ཡོད་པ་དང་། རྟག་པ་དང་ཐེར་ཟུག་པར་གྱུར་ཏེ། དེ་སྤང་བའི་ཕྱིར་རོ། །མེད་པ་ནི་ཆད་པར་ལྟའོ། །གཅིག་ནི་གཅིག་སྟེ་མུ་སྟེགས་ཀྱིས་བརྟག་པའི་བདག་ལྟ་བུའོ། །དུ་མ་ནི་རྡུལ་ཕྲ་རབ་སིལ་བུའོ། །དེ་དག་ཏུ་
གྱུར་པ་སྤང་བའི་ཕྱིར། །རྫོགས་པའི་རིམ་པའི་གོ་རིམས་ཀྱི་ཏིང་ངེ་འཛིན་ལ་སློབ་ཅེས་པ་ནི་ཐ་མལ་པའི་རྟོག་པ་སྤང་བའི་ཕྱིར་བསྐྱེད་པའི་རིམ་པ་ལ་སློབ་པར་བྱེད་དོ། །རིམ་པ་གཞན་ལ་ཡང་དེ་བཞིན་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་སློབ་ཅེས་པ་ནི་རིམ་གྱིས་བསླབ་པའམ། ཅིག་ཅར་
གྱིས་བསླབ་པའམ། འོན་ཏེ་རིམ་པ་ཅི་རིགས་སམ་གོ་རིམས་གང་ཞེའོ། །ལན་དུ་རིམ་གྱིས་འཇུག་པར་བྱའི། ཅིག་ཅར་ནི་མ་ཡིན་ནོ་ཞེས་པ་ནི་རིམ་པ་ལྔ་དང་གཅིག་གི་དབང་གིས་དེ་ནི་གཉིས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་ན་གང་ཟག་རིགས་ནི་གཉིས་ཏེ། དེ་ཉིད་ཀྱི་རྣམ་པ་
ཅན་དང་། གཞན་ལ་རག་ལས་པའོ། །དང་པོའི་དབང་དུ་ལམ་ལྔའོ། །ཕྱི་མ་ལྟར་ན་ནི་ལམ་གཅིག་སྟེ། རིམ་པ་ལྔས་འཇུག་པར་བྱེད་པའི་ཕྱིར་རོ། །འོ་ན་རྡོ་རྗེ་བཟླས་པ་ཁོ་ན་རིམ་གྱིས་འཇུག་པར་ཇི་ལྟར་བྱ་ཞེ་ན། འདི་ལྟར་དང་པོ་ནི་ཐོས་པའི་ཤེས་རབ་ཀྱིས་འཇུག་གོ། །དེ་ནས་བསམ་པ་དང་
བསྒོམ་པའི་རིམ་པ་བཞིན་ནོ། །འོ་ན་བསྒོམ་པའི་རིམ་པས་ཇི་ལྟར་འཇུག་ཅེ་ན། འཇུག་པ་རྡོ་རྗེའི་བཟླས་པ་ནི་ཅིག་ཅར་འཇུག་པ་འབྲས་བུ་མེད་པའི་དོན་ནི་དང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་ལ་འཇུག་གོ། །དེ་ནས་སྐད་ཅིག་མའི་རྣལ་འབྱོར་ལ་འཇུག་གོ། །དེ་ནས་ཁ་དོག་ལ་དམིགས་སོ། །
དེ་ནས་ཁ་དོག་དང་དབྱིབས་གཉིས་ཀ་ལ་དམིགས་སོ། །དེ་ནས་སྡུད་པ་དང་གནས་པར་བྱེད་དོ། །དེ་ནས་རྡོ་རྗེ་བཟླས་པ་བྱེད་དོ། །དེ་བས་ན་རྡོ་རྗེ་བཟླས་པ་བསྒོམ་པ་ཡང་རིམ་པ་བཞིན་ནོ། །གཞན་ལ་ཡང་དེ་དག་ཤེས་པར་བྱའོ། །དེ་ཡང་གང་ལས་ཤེས་ཤེ་ན། དེའི་ལུང་བསྟན་པའི་ཕྱིར་བཅོམ་
ལྡན་འདས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཁོ་ནས་ལང་ཀར་གཤེགས་པ་ལས་གསུངས་ཀྱི། གཞན་གྱིས་གསུངས་པ་ནི་མ་ཡིན་ནོ། །གང་ལ་གང་གིས་ཞུས་ཏེ་གསུངས་ཤེ་ན། དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུབ་པ་ཆེན་པོ་
เล่ม ๓๖ · หน้า 241b
བཅོམ་ལྡན་འདས་ཉིད་ལ་བློ་གྲོས་ཆེན་པོས་ཞུས་ཏེ་གསུངས་སོ། །སྡུད་པ་པོ་ཡང་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟེ། རང་བྱང་ཆུབ་པར་བྱ་བ་དང་། གཞན་བྱང་ཆུབ་ལ་དགོད་པའི་བསམ་པ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆེན་པོ་ནི་འདིར་
ཆོས་དང་དུས་དང་བསམ་པ་ལ་སོགས་པ་རྒྱ་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་ཞུས་ཤེ་ན། རང་གི་སེམས་སྣང་བའི་རྒྱུ་རྣམ་པར་དག་པར་བྱ་བའི་ཕྱིར་ཏེ། རང་གི་རྒྱུད་དང་གཞན་གྱི་རྒྱུད་ལ་འཁོར་བའི་ས་བོན་ཡོད་པ་དེ་སྦྱང་བའི་ཐབས་ཡོད་པར་བྱ་བའི་ཕྱིར་ཞུས་ཞེས་སོ། །དེ་ཉིད་ནི་གོ་སླའོ། །ལན་དུ་
བློ་གྲོས་ཆེན་པོ་ཞེས་པ་ནི་བོས་པ་སྟེ། ཡང་དག་པའི་དོན་དང་ལྡན་ཞིང་སྤོབས་པ་ཁྱད་པར་ཅན་དང་ལྡན་པའི་བློ་གྲོས་ཆེན་པོ་ཞུ་བ་ཞུས་པ་ལེགས་སོ། །སེམས་རྩེ་གཅིག་ཏུ་བསྡུས་ལ་གུས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ་ཞེས་པ་ལྷག་མའོ། །གང་ཞེ་ན་རང་གི་སེམས་
སྣང་བའི་རྒྱུད་ནི་སྣང་བས་འཇུག་པས་བདག་གི་ཅིག་ཅར་ནི་མ་ཡིན་ནོ་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །དང་པོའི་དཔེ་དགོད་པ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་མ་ཡིན་ནོ་ཞེས་པ་ནི་ཡུལ་གང་ཞིག་ན་ཤིང་ཨ་མྲ་ཞེས་བྱ་བ་ཡོད་པ་དེ་ལ་དཔེ་དགོད་པ་སྟེ། ཤིང་ཨ་
མྲ་ཡང་དང་པོ་ས་བོན་འབྱུང་བར་བྱེད་དོ། །གང་གི་ཚེ་ས་བོན་རྐྱེན་གཞན་དང་ལྡན་པ་དེའི་ཚེ་མྱུ་གུ་འབྱུང་བར་འགྱུར་རོ། །གང་གི་ཚེ་མྱུ་གུ་རྐྱེན་གཞན་དང་ལྡན་པ་དེའི་ཚེ་སྡོང་བུ་འབྱུང་བར་འགྱུར་རོ། །གང་གི་ཚེ་སྡོང་བུ་རྐྱེན་གཞན་དང་ལྡན་པ་དེའི་ཚེ། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་།
འབྲས་བུ་རིམ་གྱིས་འབྱུང་བར་འགྱུར་རོ། །དོན་ནི་གོ་སླའོ། །དཔེ་གཉིས་པ་དགོད་པ། རྫ་མཁན་གྱི་སྣོད་རྣམས་ཀྱང་རིམ་གྱིས་བྱེད་ཀྱིས་ཞེས་པ་ནི་རྫ་མཁན་གྲགས་པའི་ཡུལ་པ་ལ་དཔེ་དགོད་པ་སྟེ། དཔེར་ན་རྫ་མཁན་མཁས་པ་རྫ་མའི་ལས་དང་བྱ་བ་ལ་གོམས་པ་ཁ་ཅིག་ནི་དང་
པོར་འཇིམ་པ་བརྡུང་བ་དང་། བསྲེ་བ་དང་། གཡོག་པ་དང་། སྲེག་པའི་བར་དུ་བྱེད་ཀྱི་ཅིག་ཅར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་རྫ་མ་དེ་ནི་རིམ་གྱིས་འབྱུང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཞན་གོ་སླའོ། །དེ་མ་གྲགས་པའི་གང་ཟག་ཁ་ཅིག་ནི་ལུང་གི་རྗེས་
เล่ม ๓๖ · หน้า 242a
སུ་མི་འཇུག་ལ། རྒྱས་པ་ལ་དགའ་བ་ཁ་ཅིག་ནི་ལུང་དེའི་རྗེས་སུ་ཡང་མི་འཇུག་པས་དེའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་པ་ནི་བདུད་བཞི་བཅོམ་པ་དང་ཡོན་ཏན་ཐམས་ཅད་དང་ལྡན་པའི་སྟོན་པ་ལ་བོས་པའོ། །
བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། དེས་བསླབ་པ་ཐམས་ཅད་ལ་རློམ་སེམས་མ་མཆིས་ཏེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སོགས་པ་ལ་ཐོད་རྒལ་མ་ཡིན་པར་འཇུག་པ་གང་ཡིན་པ་དེ་ཇི་ལྟར་བསླབ་ཅེས་པའི་ལན་དུ། བློ་གྲོས་བརྟན་པ་ཞེས་པ་ནི་བོས་པའོ། །དཔེར་
ན་ཞེས་པ་ནི་དཔེ་དགོད་པ་སྟེ། བསླབ་པ་ལ་རིམ་གྱིས་འཇུག་པ་ནི་འཕོང་སློབ་པ་དང་འདྲ་ཞེས་པའི་ཐ་ཚིག་གོ། །ཇི་ལྟར་འདྲ་ཞེ་ན། དེའི་ཕྱིར་འཕོང་གི་སློབ་དཔོན་ནམ། འཕོང་གི་སློབ་མ་ཞེས་པ་ལ་སོགས་པ་སྨོས་ཏེ། ཐོག་མར་བ་གླང་གི་ཀོ་བ་ལ་ཕོག་པར་བྱེད་དོ་ཞེས་པ་ནི་འཕོང་སློབ་
པ་གང་ཞིག་གི་ཤིང་རིང་པོ་ལ་བ་གླང་གི་ཀོ་བ་འཐེན་ཏེ། དེ་ལ་དང་པོར་ནི་འདོམ་བདུན་ལ་སློབ་པོ། དེ་ནས་འདོམ་དགུ་དང་ཉི་ཤུ་དང་། ལྔ་བཅུ་ལ་སོགས་པ་ལ་སློབ་པོ། དེ་ལ་ཕོག་པར་མ་གྱུར་པ་དེ་སྲིད་དུ་སློབ་པར་བྱེད་དོ། །ཕྱིས་མིག་འཛུམས་ལ་སོགས་པར་བྱས་པར་ཡང་འཕོག་པ་
ནི་དེའི་མཐར་ཕྱིན་པའི་ཆད་དོ། །སྐྱེས་བུ་དེ་དང་པོར་བ་གླང་གི་ཀོ་བ་ལ་སློབ། ཅིའི་ཕྱིར་ཞེ་ན། དེ་ནི་ནུས་པ་ཞེན་པའི་ཕྱིར་ཏེ། བ་གླང་གི་ཀོ་བ་དང་ཀོ་བ་ཙམ་ལས་ཆུང་བ་ནི་ཕོག་པར་མི་འགྱུར་རོ། །དེ་བས་ན་དང་པོར་བ་གླང་གི་ཀོ་བ་ལ་ཕོག་པར་བྱེད་དོ། །གཞན་གོ་སླའོ། །དེའི་དོན་བསྟན་
པའི་ཕྱིར། བློ་གྲོས་བརྟན་པའི་ཞེས་བྱ་བ་སྨོས་ཏེ། དཔའ་བར་འགྲོ་བ་ནི་ཐོགས་པ་མེད་པར་འགྲོ་བ་སྟེ། ཏིང་ངེ་འཛིན་གང་གིས་མི་མཐུན་པའི་ཚོགས་འཇོམས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་གནས་པ་ནི་དེ་མཐར་ཕྱིན་པའོ། །ཕྱིས་ཆོས་གང་ལ་ཡང་མི་སློབ་པ་ནི་འོག་མ་ལ་མི་སློབ་
པ་སྟེ་གནས་སྐབས་པའོ། །གང་ན་བསླབ་བྱ་ཐམས་ཅད་བྲལ་བས་མི་སློབ་པ་སྟེ། མཐར་ཐུག་པར་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི་གང་དང་འབྲེལ་པའོ། །ཏིང་ངེ་འཛིན་ལ་ལགས་པར་བསླབ་པའི་ཕྱིར་ཞེས་པ་ནི་སྐྱོན་ཐམས་ཅད་དང་བྲལ་བས་བསླབ་པའོ། །སྐྱོན་དེ་ཡང་གང་
เล่ม ๓๖ · หน้า 242b
ཞེ་ན་འདི་ལྟར་ལྟ་བ་དང་ལྡན་པ། སྤྱོད་པ་དང་ལྡན་པ། དབང་ཐོབ་པ། དམ་ཚིག་དང་ལྡན་པ། གསང་ཐུབ་པ། ཚོད་རིག་པ། གཏོར་མ་དང་། སྦྱིན་སྲེག་དང་ལྡན་པ། བདུད་ཀྱི་སླུ་བ་དང་བྲལ་བ། ཁམས་དང་། དུས་དང་། ཟས་དང་། སྐོམ་གྱི་ཚོད་ཤེས་པ། ཕྱིན་ཅི་ལོག་གི་ཆོས་སྤངས་པ། སའི་ཚད་
ཤེས་པ་ལ་སོགས་པ་དང་ལྡན་པའོ། །དེས་ཅིར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་ཏེ། སྟོབས་དང་མི་འཇིགས་པ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་དམ་པ་རྣམས་ཀྱིས་དམ་པ་དང་ཁྱད་པར་དུ་བྱས་པ་ཐམས་ཅད་ཐོད་པར་འགྱུར་ཏེ།
གང་གིས་སྐྱོན་སྤངས་པ་དེས་ཡོན་ཏན་གྱི་ཚོགས་ཐམས་ཅད་ཐོབ་སྟེ། དཔེར་ན་རྟ་དང་བ་གླང་ལྟ་བུའོ། །གཞན་གོ་སླའོ། །ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ་ཞེས་པ་ལ་སོགས་པས་ནི་དོན་གྱི་གོ་རིམས་ཇི་ལྟ་བ་བཞིན་དུ་སྟེ། འདི་ནི་རྣམ་པ་གཉིས་ཏེ། སྤྱིའི་དབང་དུ་བྱས་
ཏེ་བཤད་པ་ལ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ནི་རྗེས་སུ་དྲན་པའི་རྣལ་འབྱོར་རོ། །ཐེག་པ་གསར་ལ་དྲན་པ་གཅིག་པ་ནི་སྐད་ཅིག་མའི་ཏིང་ངེ་འཛིན་ཏོ། །རྟོག་པའི་རྣལ་འབྱོར་ནི་བསྐྱེད་པ་ལ་སྐད་ཅིག་མ་མང་པོ་བསྒོམ་པའོ། །ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་ནི་བསྐྱེད་པ་ལ་བརྟན་པར་
གྱུར་པའོ། །རིགས་བརྒྱའི་དབྱེ་བ་ལ་སོགས་པ་ནི་འོག་ནས་འབྱུང་བའོ། །སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པ་ནི་རྟེན་གྱི་གསལ་བའོ། །ཨཱ་ལི་ནི་ཨཱ་ལི་བཅུ་དྲུག་གོ། །ཀཱ་ལི་ནི་གསལ་བྱེད་སུམ་ཅུ་རྩ་གཉིས་ཏེ། དེས་ངག་རྣམ་པར་དབེན་པ་ནི་ཐ་མལ་པའི་བཟླས་པའོ། །རྡོ་རྗེ་བཟླས་པ་ནི་
རྡོ་རྗེ་དང་འདྲ་བ་ལ་སོགས་པའི་བཟླས་པའོ། །དེས་ཅིར་འགྱུར་ཞེ་ན། གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའོ་ཞེས་པ་ནི་གསུང་གང་གིས་ཉོན་མོངས་པ་འཇོམས་པར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཅི་བྱེད་ཅེ་ན། རང་བཞིན་སྣང་བའི་རིམ་གྱིས་ཞེས་པ་ནི་ལམ་གྱི་དབང་དུ་
བྱས་ཏེ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་ལ་འཇུག་པའོ། །དེས་ཅིར་འགྱུར་ཞེ་ན། སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གྱུར་ཏེ། སེམས་ལ་དམིགས་པ་མཐར་ཕྱིན་པར་འགྱུར་བའོ། །དེས་ཅི་བྱེད་ཅེ་ན། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་འཇུག་སྟེ།
เล่ม ๓๖ · หน้า 243a
ཐིག་ལེའི་ངང་ལས་བྱུང་བའི་ལྷའི་སྐུ་མང་བའམ་ཉུང་བ་གང་རུང་ཞིག་ལ་དམིགས་པའོ། །དེ་ནས་དེ་ཉིད་སྒྱུ་མ་དང་། སྨིག་རྒྱུ་དང་། སྤྲུལ་པ་དང་། ཆུ་ཟླ་དང་། བྲག་ཅ་དང་། མིག་ཡོར་ལ་སོགས་པའི་སྐུར་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀྱི་དབང་བསྐུར་
བ་ཐོབ་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་ཆོས་ཀྱི་རྒྱལ་པོ་ལྟ་བུའི་དབང་བསྐུར་བར་འགྱུར་རོ། །དེས་ཅི་བྱ་ཞེ་ན། སྟོང་པ་ཆེན་པོ་བཅོ་བརྒྱད་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་སྟེ། ཕྱི་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་
ཆོས་ཐམས་ཅད་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བ་ཆོས་ཀྱི་དབྱིངས་རྟོགས་པར་བྱེད་དོ། །འོ་ན་ཡེ་ཤེས་འོད་གསལ་བ་དེ་གང་ལ་བརྟེན་ནས་སྐྱེ་ཞེ་ན། རིལ་པོར་འཛིན་པ་སྟེ། སྤྱི་བོ་ནས་རྐང་པའི་བར་དུ་བསྡུས་པ་ལས་སྐྱེ་ཞེའོ། །དེས་ཅིར་འགྱུར་ཞེ་ན། ཉོན་མོངས་
པ་ཐམས་ཅད་རྣམ་པར་དག་པར་འགྱུར་ཏེ། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ལ་སོགས་པ་དང་བྲལ་བར་འགྱུར་རོ། །དེ་དང་བྲལ་བས་སངས་རྒྱས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ལས་ཅི་འབྱུང་ཞེ་ན། འབྲས་བུའི་སྣང་བ་གསུམ་སྟེ་ཡེ་ཤེས་ཀྱིས་རིམ་གྱིས་དང་པོ་
སྣང་བའོ། །དེ་ནས་སྣང་བ་མཆེད་པ་དང་ཐོབ་པ་འབྱུང་ངོ་། །དེ་ཉིད་རང་བཞིན་མེད་པའམ་གཉི་གའི་རྣམ་པ་ལ་དམིགས་པ་དེའི་ཚེ་ཟུང་འཇུག་གི་ཡེ་ཤེས་སྐྱེ་བར་འགྱུར་བ་ནི་གཉིས་སུ་མེད་པའི་རྣམ་པའོ། །གཞན་གོ་སླའོ། །ཁྱད་པར་གྱི་དབང་དུ་བྱས་པ་ནི་རྡོ་རྗེ་བཟླས་པ་ཉིད་ལ་ཡང་དེ་
དག་ཡོངས་སུ་ཚང་བར་བྱེད་དོ། །འོ་ན་དང་པོའི་དུས་སུ་སེམས་ལ་དམིགས་པ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་བཟླས་པ་ལ་ཡང་དེ་དག་རིམ་གྱིས་ཚང་སྟེ། རྡོ་རྗེ་བཟླས་པ་ལ་སོགས་རེ་རེ་ལ་ཡང་ལྔ་ལྔ་སྟེ། ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གང་ཟག་ལྔ་ཡིས་འགྲུབ་པ་ཡིན་ཞེའོ། །དེ་བཤད་པ། གང་ཞིག་ཡི་གེ་
གསུམ་ལ་དམིགས། །དང་པོ་ཡིས་ནི་དུས་ཡིན་ཏེ། །དེ་ཉིད་སེམས་ཀྱི་སྣང་བ་དང་། །སྒྱུ་འདྲ་སྟོང་ཞིང་གཉིས་སུ་མེད། །གཉིས་པའི་དབང་དུ་བཤད་བྱ་བ། །ཐིག་ལེ་འགྲོ་ལྡོག་སྒྱུ་འདྲ་དང་། །རང་བཞིན་མེད་ཅིང་གཉིས་སུ་མེད། །སེམས་ལ་དམིགས་པ་རྣམ་པ་ལྔའོ། །གསུམ་པའི་དབང་དུ་བཤད་
เล่ม ๓๖ · หน้า 243b
བྱ་བ། །སྒྱུ་འདྲའི་སྐུ་ཉིད་སེམས་སྣང་སྟེ། །སྤྲོ་དང་བསྡུ་དང་རང་བཞིན་མེད། །གཉིས་མེད་གཉིས་ཀྱི་ཚུལ་ཡང་མེད། །བཞི་པ་རིག་འཛིན་མན་ངག་ནི། །ཞུ་བ་འགྲོ་འོང་སེམས་སྣང་ཞིང་། །སྒྱུ་མའི་ལུས་ཉིད་རྣམ་པར་དག །དེ་ཉིད་གཉིས་སུ་མེད་པའོ། །ལྔ་པ་ཡི་ནི་སྦྱོར་བ་ཡང་། །
སྤྲོས་སྐུ་འབྱུང་འཇུག་དང་པོ་སྟེ། །ཡེ་ཤེས་སྣང་བ་སྒྱུ་འདྲ་ཞིང་། །རང་བཞིན་ཀུན་བྲལ་གཉིས་སུ་མེད། །ཅེས་འབྱུང་བས་ཁྱད་པར་གྱི་རེ་རེ་ལ་ཡང་གོ་རིམས་རྒྱས་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། གང་ཚེ་འབེན་ལ་སློབ་པ་བཞིན། །བསྐྱེད་པ་ལྔ་དག་རིམ་བཞིན་ཏེ། །
གང་ཟག་རྣམ་པ་ཁ་ཅིག་ལ། །རེ་རེ་ཡང་ནི་འབེན་སློབ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དང་པོའི་དབང་དུ་བྱས་ཏེ་བསླབ་པ། །སངས་རྒྱས་ཀྱི་ཐེག་པའི་བསམ་པ་ནི་རྡོ་རྗེ་བཟླས་པ་དང་། དེའི་དགེ་བའི་ཆོས་དྲན་པའོ། །དེ་ལས་ཐེག་པ་གསར་ལ་དྲན་པ་གཅིག་པ་ནི་རྡོ་རྗེ་བཟླས་
བའི་རྗེས་སུ་བསྒྲུབ་པ་སྐད་ཅིག་མའོ། །རྟོག་པའི་རྣལ་འབྱོར་ནི་རླུང་དང་སྔགས་ལ་སེམས་ཡང་དང་ཡང་དུ་གཏོད་པའོ། །ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་ནི་རྡོ་རྗེ་བཟླས་པའི་གསལ་བའོ། །རིགས་བརྒྱའི་དབྱེ་བ་ནི་རླུང་ཐམས་ཅད་ཀྱི་གནས་དང་ཁ་དོག་དང་དུས་ཀྱི་བྱེ་བྲག་གོ། །
སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པས་དེ་ལ་གནས་ཏེ་རྡོ་རྗེ་བཟླས་པའི་རྟེན་ནོ། །ངག་རྣམ་པར་དབེན་པ་ནི་ངག་དབེན་པའམ་ངག་ཁོ་ན་དབེན་པའོ། །གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པ་ནི་རྡོ་རྗེའི་གསུང་དང་འདྲ་བའོ། །སེམས་རྣམ་པར་དབེན་པ་ལ་འཇུག་པ་ནི་རླུང་ཉིད་སེམས་ཀྱི་སྣང་བར་འདོད་
པའོ། །སྒྱུ་མའི་དཔེ་ནི་རླུང་དེ་ཉིད་སྒྱུ་མ་ལ་སོགས་པ་དང་འདྲ་བར་གྱུར་པའོ། །དེའི་དུས་སུ་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་ལུང་སྟོན་པར་གྱུར་ཏོ། །སྟོང་པ་བཅོ་བརྒྱད་ལ་སོགས་པ་ནི་བཤད་ཟིན་ཏེ། དེ་ཉིད་རང་བཞིན་མེད་པར་འདོད་པའོ། །དེ་ལས་
གཉིས་སུ་མེད་པ་ནི་དང་པོའི་དབང་དུ་བྱས་པའི་ཟུང་འཇུག་གོ། །རྡོ་རྗེ་བཟླས་པ་ལ་ཇི་ལྟ་བ་དེ་ལྟར་དམིགས་པ་ལ་ཡང་ཤེས་པར་བྱ་སྟེ། སྒྱུ་མ་ལྟ་བུ་དང་འོད་གསལ་བ་དང་། ཟུང་དུ་འཇུག་པ་ཡང་ངོ་། །སློབ་དཔོན་གྱིས་གསུངས་པ། སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ། རིམ་པ་དུ་མ་དགོད་པ་ཡང་། །
เล่ม ๓๖ · หน้า 244a
དངོས་སུ་ལྔ་པོ་སྟོན་པ་སྟེ། རེ་རེ་རིམ་འཇུག་སྦྱོར་བ་ལའང་། །ངས་ནི་བསམས་ཏེ་སྨྲས་པ་ཡིན། །འདི་ལ་ཐེ་ཚོམ་བྱ་བ་མེད། །ཅེས་པ་དང་། ཏོག་དཀར་པོ་བརྩེགས་པ་ལས་ཀྱང་། །རིགས་ཀྱི་བུ་རིམ་གྱིས་འཇུག་པའི་གོ་རིམས་ནི་ཅིག་ཅར་འཇུག་པར་ཤེས་པར་བྱ་སྟེ། ཅིག་ཅར་
འཇུག་པས་ནི་རིམ་གྱིས་འཇུག་པ་ལ་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིམ་གྱིས་འཇུག་པའི་གོ་རིམས་ནི་གང་ཟག་གཉིས་ལ་བསམས་པའི་ཕྱིར་རོ་ཞེས་པ་ལྟ་བུའོ། །སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་མངོན་དུ་གྱུར་ཅེས་པ་ནི་ཟུང་དུ་འཇུག་པ་གཉིས་སུ་མེད་པ། བསླབ་པ་ཐམས་ཅད་དང་
བྲལ་བ། གཟུང་བ་མི་དམིགས། འཛིན་པ་མི་དམིགས། རྒྱུ་མི་དམིགས། རྒྱུ་དང་རྐྱེན་གྱི་འབྲས་བུ་མི་དམིགས། བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་མི་དམིགས་པའོ། །འོ་ན་སྤྲུལ་པའི་སྐུ་ལ་སོགས་པ་ཇི་ལྟར་འབྱུང་ཞེ་ན། སྔོན་གྱི་སྨོན་ལམ་ལ་སོགས་པ་དང་ལས་ཀྱིས་ཇི་ལྟར་
ཡང་སྣང་སྟེ། ཟླ་བ་དང་ཆུ་ཟླ་བཞིན་ནོ། །འོ་ན་དངོས་སུའམ། དངོས་སུ་མ་ཡིན་ཡང་སྣང་ཞེ་ན། དང་པོ་ལྟར་ན་ནི་ལོངས་སྤྱོད་རྫོགས་པ་ལ་སོགས་པ་ཐ་དད་པ་དང་དམིགས་པ་མེད་པ་ལ་སོགས་པ་ཉམས་པར་འགྱུར་རོ། །ཕྱི་མ་ལྟར་ན་ནི་རི་བོང་ལ་སོགས་པའི་རྭ་ཡང་ངོ་ཞེ་ན་མ་ཡིན་ཏེ། ཐུགས་
རྗེའི་སྟོབས་ཀྱིས་ཇི་ལྟར་ཡང་སྣང་སྟེ། སྒྱུ་མ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །གཞན་གོ་སླའོ། །ལས་དང་པོ་པ་ལ་སོགས་པ་སྔོན་དུ་མ་སོང་ན་ཅིར་འགྱུར་ཞེ་ན་ལུས་རྣམ་པར་དབེན་པ་མེད་པར་ངག་རྣམ་པར་དབེན་པ་ལ་འཇུག་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། ཐ་མལ་པའི་ལུས་མ་སྤངས་པའི་
ཕྱིར་རོ། །གང་གི་ཕྱིར་དང་པོ་ཐ་མལ་པའི་ལུས་མ་སྤངས་པར་བྱ་བ་གཞན་ལ་འཇུག་པར་མི་ནུས་པ་དེའི་ཕྱིར་དང་པོ་ལུས་རྣམ་པར་དབེན་པ་ལ་འཇུག་སྟེ། བ་གླང་གི་ཀོ་བ་བཞིན་ནོ། །གཞན་ལས། ནད་ཀྱིས་ཟིན་པའི་ལུས་ལ་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་ཉོན་མོངས་པས་
ཟིན་པའོ། །ལས་རྣམས་ཀུན་ལ་མཐུ་མེད་དོ། །ཞེས་པ་དང་། གཞན་ཡང་། བསྐྱེད་པ་ཡི་ནི་སྦྱོར་མེད་པར། །རྫོགས་པ་པ་ལ་དངོས་གྲུབ་མེད། །ཅེས་འབྱུང་བའི་ཕྱིར་རོ། །རིམ་པ་གཞན་ལ་ཡང་དེ་ལྟར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གོ་རིམས་ངེས་པ་འདི་ཅིའི་ཕྱིར་མཛད་ཅེ་ན་
เล่ม ๓๖ · หน้า 244b
ལན་དུ། བཅོམ་ལྡན་འདས་ཀྱི་དོན་གྱི་དབང་འདི་ལ་གཟིགས་ནས་ཞེས་པ་ནི། མེད་ན་མི་འབྱུང་བ་འདི་ལ་གཟིགས་ནས་ཞེས་སོ། །གང་མེད་ན་གང་མི་འབྱུང་ཞེ་ན། རྡོ་རྗེ་བཟླས་པ་མེད་ན་སེམས་ལ་དམིགས་པ་མི་འབྱུང་སྟེ། ས་བོན་དང་མྱུ་གུ་ལ་སོགས་པ་ལྟ་བུའོ། །གང་ཡོད་ན་དེ་
འབྱུང་སྟེ། དེ་ལ་རག་ལས་པའི་ཕྱིར་རོ། །དེའི་ཕྱིར་གོ་རིམས་གསུངས་ཤེའོ། །འོ་ན་དོན་གྱི་འབྲས་བུ་ཡང་རིམ་པ་ཞིག་གམ། དེ་ལས་གཞན་པ་ཞིག་ཅེ་ན། དེའི་ཕྱིར་རིམ་གྱིས་འཇུག་པས་རྫོགས་པའི་རིམ་པ་ལ་བསླབས་པས་ཤེས་པ་གོང་བཞིན་དུ་བསླབ་པའོ། །དེས་ཅིར་འགྱུར་
ཞེ་ན། འབྲས་བུ་ཅིག་ཅར་པ་ཐོབ་སྟེ། དོན་དམ་པའི་བདེན་པ་ཐོབ་པའི་ཕྱིར་རོ། །འོ་ན་བསལ་བ་དང་ཐོབ་པ་ཡང་གང་ཞེ་ན། རྣམ་པར་རྟོག་པ་ནི་བསལ་བར་བྱ་བ་སྟེ། སྒྲིབ་པར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་འོད་གསལ་བ་ནི་ཐོབ་པར་བྱ་བ་སྟེ། འབྲས་བུ་བདེ་བ་ཆེན་པོ་དང་། སྐྱོབ་
པ་དང་ཕན་འདོགས་པའི་ཕྱིར་རོ། །དེའི་ཕྱིར་བསལ་བྱ་ནི་རིམ་གྱིས་སེལ་ཏེ་སྐས་ལྟ་བུའོ། །ཐོབ་བྱ་ནི་གཉིས་ཏེ་གོང་མ་ཐོབ་པ་དང་། དེ་དང་འབྲེལ་པ་ཐོབ་པ་ནི་འབྲས་བུ་གནས་སྐབས་པ་སྟེ་སྐས་ལྟ་བུའོ། །འོད་གསལ་བ་ཐོབ་པ་ནི་མཐར་ཐུག་པ་སྟེ། ཕ་རོལ་གྱི་འགྲམ་བཞིན་ནོ་
ཞེས་བྱ་བར་དགོངས་སོ། །གང་ལས་ཤེས་ཤེ་ན་ལུང་ལས་ཤེས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བློ་གྲོས་ཆེན་པོ་ཞེས་པ་ནི་བོད་པའོ། །མེ་ལོང་གིས་ཞེས་པའི་དཔེ་དགོད་པ་སྟེ། དཔེར་ན་མེ་ལོང་གི་གཡའ་སེལ་བའི་དུས་སུ་ནི་
རིམ་གྱིས་སེལ་ཏེ། བཞིན་མཐོང་བ་ནི་ཅིག་ཅར་རོ། །དེའི་གསལ་བ་དེ་ཡང་གསལ་བ་ཕྱུང་བ་ནི་མ་ཡིན་ཏེ། གཡའ་བསལ་བ་རིམ་བཞིན་པས་གསལ་བ་ཐོབ་པར་བྱེད་དོ། །དེ་བཞིན་དུ་ཞེས་པ་ནི་དཔེ་དང་འབྲེལ་པ་སྟེ། མེ་ལོང་གི་གཟུགས་དང་འདྲ་བར་ཞེའོ། །དོན་བཤད་པ་
སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །གཞན་གོ་སླའོ། །འདིར་བཤད་པ་ཞེས་པ་ནི་གནས་སྐབས་འདིར་ལུང་གཞན་གྱིས་བཤད་པའོ། །སེམས་ཅན་དང་པོའི་ལས་ཅན་ནི་ལས་དང་པོ་པའི་རྣལ་འབྱོར་རོ། །དམ་པའི་དོན་ལ་འཇུག་
เล่ม ๓๖ · หน้า 245a
པ་ནི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་ཞེའོ། །ཐབས་འདི་ཞེས་པ་ནི་རིམ་པ་དྲུག་པའོ། །རྫོགས་པའི་སངས་རྒྱས་ཀྱིས་ཞེས་པ་ནི་རྡོ་རྗེ་འཆང་ལ་སོགས་པས་སོ། །སྐས་ཀྱི་རིམ་པ་ལྟ་བུར་ཞེས་པ་ནི་སྐས་ཀྱི་རིམ་པ་དང་འདྲ་བར་ཏེ། འདིས་ནི་འཇིག་རྟེན་གྱི་གང་ཟག་དང་།
དེའི་ཁྱད་པར་དང་དགོས་པ་དང་། ཐབས་དང་། གསུང་བ་པོ་དང་། དཔེས་ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་ཚིམ་པར་འགྱུར་རོ། །གཞན་གོ་སླའོ། །སྤྱོད་པ་བསྡུས་པ་ནི་སྤྱོད་པ་ཉུང་ངུ་བྱས་པ་སྟེ། གཞུང་རྒྱས་པས་འཇིགས་པའོ། །ཐེ་ཚོམ་ཡོངས་སུ་གཅོད་པ་ནི་ངོ་བོ་ལ་ཐེ་ཚོམ་
ཟ་བ་དང་། ཐམས་ཅད་ཀྱི་གོ་རིམས་དང་། གཅིག་གི་གོ་རིམས་དང་། དགོས་པ་དང་རྐྱེན་དང་། ལུང་དང་མི་འགལ་བ་དང་། མདོ་དང་། རིགས་པ་དང་། དཔེ་དང་། དུས་དང་། གྲངས་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་ཐམས་ཅད་བསལ་བ་སྟེ། ལེའུ་གང་ལ་ཐེ་ཚོམ་ཡོངས་སུ་གཅོད་
པ་ཡོད་པའི་ལེའུ་དེ་ལ་དེ་སྐད་ཅེས་བྱའོ། །ཀླུ་སྒྲུབ་ཀྱིས་གསུངས་པ། གང་ཟག་བློ་ལ་ངོ་བོ་དང་། །མཐའ་དག་ཕྱོགས་གཅིག་གོ་རིམས་དང་། །དགོས་པ་དང་ནི་སྐྱོན་དག་དང་། །རྒྱུད་མདོ་རིགས་པ་དཔེ་དང་དུས། །གྲངས་ལ་སོགས་པའི་རང་བཞིན་ལ། །མ་གྲུབ་མ་ངེས་འགལ་བར་
འཛིན། །དེ་ཡིས་སོམ་ཉི་བཟློག་པའི་ཕྱིར། །ངོ་བོ་ལ་སོགས་རྣམ་པར་བཤད། །ཅེས་པ་དང་། སློབ་དཔོན་གྱི་ཞལ་ནས། གང་ཞིག་ཀླུ་ཡི་དགོངས་མེད་པར། །འདོད་རྒྱལ་འབའ་ཞིག་བཤད་པ་ལ། །སྡུག་བསྔལ་འབའ་ཞིག་དགེ་རྩ་མེད། །ཅེས་འབྱུང་བས་བླ་མའི་དགོངས་པ་
བཙལ་བར་བྱའོ། །སྤྱོད་པ་བསྡུས་པའི་སྒྲོན་མའི་འགྲེལ་པ་ལས་ལེའུ་དང་པོའི་བཤད་པའོ།། །།དེ་ནས་ལེའུ་གཉིས་པ་བཤད་པར་བྱ་སྟེ། དང་པོ་རང་གི་ལུས་རྣམ་པར་དབེན་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་པ་ནི་ཐབས་གང་གི་སྒོ་ནས་ཞེས་དྲིས་པ་དང་། ལན་དུ་ཁམས་བཞི་པོས་
ལུས་མངོན་པར་བསྐྱེད་པ་ལས་ཤེས་པ་འདིས་ནི་ལུས་ཀྱི་རྒྱུ་སྟོན་ཏེ། སའི་ཁམས་དང་། ཆུ་དང་མེ་དང་རླུང་སྟེ། གྱེན་དུ་རྒྱུ་བ་ལ་སོགས་པས་བསྐྱེད་པའོ། །སྤུངས་པ་བཞིན་དུ་གནས་ཞས་པ་དཔེ་དགོད་པ་སྟེ། འབྲས་ཀྱི་ཕུང་པོ་བཞིན་ནོ། །གང་སྤུངས་ཤེ་ན་ཤའི་ཁམ་ཚད་ཅེས་པ་ལ་སོགས་པ་
เล่ม ๓๖ · หน้า 245b
སྨོས་ཏེ། ཤའི་ཁམ་ཚད་མང་པོ་སྤུངས་པས་ལུས་འདི་ཤའི་ཕུང་པོའོ། །ལུང་སྟོན་པ་ལས་གཅིག་ཏུ་འཛིན་པའི་ཕུང་པོ་འདི་ཕྱོགས་ལ་སོགས་པའི་ཆས་ཕྱེ་ན་ཤའི་ཁམ་ཚད་འདུས་པ་སྟེ། དཔེར་ན་གཡག་རྔ་དང་ནི་འུ་གསིང་གི་ཚུལ་ཞེའོ། །གཞན་གོ་སླའོ། །ཡང་ན་ཕུང་པོ་ལྔ་ནི་
གཟུགས་ལ་སོགས་པའོ། །དེ་བས་ན་ལུས་འདི་ནི་ཕུང་པོ་ལྔ་ལ་སོགས་པ་བསྡུས་པའི་ཕྱིར་ཕུང་པོ་འདི་འབྲུའི་ཕུང་པོ་བཞིན་ནོ། །དཔེར་ན་ཞེས་བྱ་བ་ནི་དཔེ་དགོད་པའོ། །གཞན་གོ་སླའོ། །དེ་ཉིད་གང་ལས་ཤེས་ཤེ་ན་བཟང་སྐྱོང་གིས་ཞུས་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་འདི་
ལ་རྣམ་པར་ཤེས་པ་གང་ན་ཡང་མི་གནས་ཞེས་པ་ནི་མིག་ནས་ཡིད་ལ་ཐུག་པ་ལ་ལུས་འདི་མ་གྲུབ་པོ། །འོན་ཏེ་གྲུབ་ན་ནི་སེམས་གཟུགས་ཅན་དུ་འགྱུར་རོ། །མ་གྲུབ་ན་ནི་རྣམ་པར་ཤེས་པ་མེད་ན་ལུས་སྐྱེ་བར་མི་འགྱུར་ཏེ། ནམ་མཁའ་བཞིན་ནོ། །ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་
ཉོན་ཅིག་ཅེས་བྱ་བ་ནི་གོང་དང་འབྲེལ་པའོ། །བདེན་པ་མ་མཐོང་བས་ནི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་སྟེ་ཞེས་པ་ནི་སེམས་མཐོང་བའི་དུས་བསྟན་ཏེ། གང་ཚེ་དོན་དམ་པའི་བདེན་པ་མཐོང་བ་དེའི་ཚེ། །རྣམ་པར་ཤེས་པ་མཐོང་ཞེའོ། །ཇི་ལྟར་མཐོང་ཞེ་ན། ལག་མཐིལ་ཞེས་པའི་
དཔེས་བསྟན་ཏེ། བདེན་པ་མཐོང་བའི་དུས་སུ་དངོས་པོ་ཐམས་ཅད་སེམས་ཀྱི་སྣང་བ་ལ་སེམས་ཉིད་གང་དུ་ཡང་མི་སྣང་ངོ་ཞེས་པ་དང་། སེམས་ཉིད་གང་དུ་ཡང་མི་མཐོང་བའོ་ཞེའོ། །དོན་དམ་པར་གང་དུ་ཡང་མ་གྲུབ་ན་ཀུན་རྫོབ་ཏུ་ཇི་ལྟར་གྲུབ་ཅེ་ན། དེའི་ཕྱིར་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དེ་ཐོག་མ་མེད་པ་ནས་ཐ་མལ་པའི་རང་བཞིན་དུ་གནས་པ་ནི་ཉོན་མོངས་པའི་ངོ་བོར་གནས་པའོ། །ད་ལྟར་ཞེས་པ་ནི་ཉོན་མོངས་པའི་ཕུང་པོ་སྤངས་ནས་ཞེས་པའོ། །ཅིར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་རྡུལ་ཕྲ་རབ་ལས་བསྒྲུབ་པའི་ངོ་བོ་ཉིད་དུ་སྣང་སྟེ་ཞེས་པ། ཕུང་པོ་ལ་སོགས་པའི་ཞེན་པ་བཟློག་ནས་ཕྱག་རྒྱ་ཆེན་པོའི་སྐུའི་ཚོགས་སུ་བྱེད་དོ། །དེ་ཉིད་གང་ལས་ཤེས་ཤེ་ན། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་
เล่ม ๓๖ · หน้า 246a
ཏེ། དེ་ཉིད་འོག་ནས་རྒྱས་པར་འཆད་དོ། །དེ་ཡང་དང་པོ་ཉིད་དུ་རིགས་བརྒྱའི་དབྱེ་བ་བསྟན་པ་ནི་ཐོག་མ་ཉིད་དུ་ཕུང་པོ་གཅིག་ཏུ་འཛིན་པ་དང་། རིགས་གཅིག་དང་ལྔར་འཛིན་པ་ལ་སོགས་པའི་གཉེན་པོར་རིགས་བརྒྱའི་དབྱེ་བ་བསྟན་པར་བྱའོ་ཞེའོ། །དེ་ལ་གཟུགས་ཀྱི་
ཕུང་པོའི་ཚོགས་ནི་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པ་ལ། གཟུགས་དང་འདྲ་བའི་ཕྱིར་ཏེ། གང་གིས་མཚན་དང་དཔེ་བྱད་ལ་སོགས་པར་འཛིན་པ་དང་དེ་དག་པས་དེར་འགྱུར་བའོ། །དེ་ཡང་རྣམ་པར་དབྱེ་བ་ཞེས་པ་ནི་གཟུགས་ལ་དབྱེ་བ་ཡོད་པས་རིགས་ལ་ཡང་དབྱེ་བ་བཤད་
པར་བྱའོ། །གཞན་ནི་གཞུང་རྒྱས་པས་འཇིགས་པ་དང་། གོ་སླ་བ་ཉིད་ཀྱི་ཕྱིར་མ་བཤད་དོ། །དེ་དག་གི་དོན་ནི་འདི་སྐད་དུ་སྟོན་ཏེ། དང་པོར་བསྐྱེད་པའི་རིམ་པ་སྔོན་དུ་འགྲོ་བ་དང་བཅས་པ་བསྒོམས་ནས་དེའི་གྲོགས་སུ་འགྱུར་བ་བཟླས་བརྗོད་དང་། ཚོགས་དང་གཏོར་མ་དང་སྦྱིན་
སྲེག་དང་། །དམ་ཚིག་ཉམས་པ་བཤགས་པ་དང་། འབྱུང་པོ་བཟློག་པའི་ཆོ་ག་དང་། བགེགས་བརྟག་པ་ལ་སོགས་པ་རྫོགས་པར་བྱས་ནས་གསལ་ཞིང་ཡུན་ཐུང་བ་དང་སྐུ་གཅིག་ཏུ་བྱའོ། །དེ་ལ་ནི་གསུམ་དང་། ལྔ་དང་། བརྒྱར་འགྱུར་ཏེ་ལུགས་སུ་འབྱུང་བའོ། །དེ་ལ་ལེགས་པའི་
གོམས་པ་དང་། སྐུ་ལྔ་དང་། གསུམ་དང་། གཅིག་ཏུ་འགྱུར་ཏེ་སྐུ་ལ་བསླབ་པའོ། །དེ་ནས་བདག་ཉིད་ཐུགས་ཀའི་རྟགས་ལ་བསྡུས་ཏེ། དེ་ལས་འཁོར་ལོ་དང་། རྡོ་རྗེ་དང་པདྨ་ལ་བསླབ་པར་བྱའོ། །དེ་ལས་ནི་ལྔ་དང་བརྒྱད་ལ་བསླབས་ཏེ། ལུགས་སུ་འབྱུང་བའོ། །དེ་ལས་ལྔ་དང་གསུམ་
དང་གཅིག་ཏུ་བྱ་སྟེ། ལུགས་ལས་བཟློག་པའོ། །དེ་ལྟར་ཐུགས་ཀྱི་རྟགས་ལ་བསླབས་ནས་ཡི་གེ་ལ་བསྡུས་ཏེ། དང་པོ་གཅིག་དང་དེ་ནས་བརྒྱའི་བར་དང་། དེ་ལས་བཟློག་པ་ནི་བསླབ་པ་ལ་ཡང་གོང་བཞིན་ཏེ། འདིས་ནི་ཐ་མལ་པའི་རྟོག་པ་ལྡོག་པར་བྱེད་དོ། །དེ་བས་ན་དང་པོར་
ཁ་དོག་ལ་བསླབ་པར་བྱའོ། །དེ་ནས་དབྱིབས་ལ་བསླབ་པར་བྱའོ། །དེ་ནས་རྟགས་ལ་བསླབ་པར་བྱའོ། །དེས་ཐོགས་པ་མེད་པའི་རྣལ་འབྱོར་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྫོགས་པ་ལ་གནས་པ་རྣམས་ཀྱིས་ནི་དེ་ལ་སྐུར་བྱས་ཏེ། རྟེན་དང་བརྟེན་པའི་ཚུལ་དུ་བདག་
เล่ม ๓๖ · หน้า 246b
ཉིད་ཀྱིས་བསྒོམ་པར་བྱའོ། །རིགས་བརྒྱའི་དབྱེ་བ་བཤད་ཟིན་ཀྱང་རིགས་ལྔར་འགྱུར་བ་མི་ཤེས་ནས་དྲིས་པ། ཇི་ལྟར་ན་མདོར་བསྡུས་ན་རྣམ་པ་ལྔར་འགྱུར་བ་གང་ལགས་ཞེས་པ་ནི་རྒྱལ་རིགས་དག་དང་རྟེན་གྱི་ངོས་ནས་འགྱུར་ན་ཇི་ལྟར་ལྔར་འགྱུར་ཞེས་དགོངས་སོ། །དེའི་
ལན་དུ་ཁམས་བཞི་པོ་བདག་ལས་གཟུགས་ཀྱི་ཕུང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ཡང་ཕུང་པོ་འདི་ཤའི་གཟུགས་ཅན་དང་། དེ་ལ་བརྟེན་པ་ནི་སས་བྱས་ཏེ་རྫས་ཐམས་ཅད་གཅིག་ཏུ་སྡུད་པ་ནི་ཆུས་བྱས་སོ། །སྨིན་པར་བྱེད་པ་ནི་མེས་བྱས་སོ། །ཡང་ཞིང་ཟོ་བདོག་བདེ་བ་ནི་
རླུང་གིས་བྱས་སོ། །ཇི་སྲིད་འཕེལ་བ་ནི་ནམ་མཁས་བྱས་སོ། །དེ་བས་ན་དེ་ཉིད་རིགས་ལྔའི་ངོ་བོའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་འབྱུང་བ་ལྔ་ལས་གྱུར་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔ་པོ་འདི་ནི་འབྱུང་བ་
བཞི་རྒྱུར་གྱུར་པ་དང་། ཁ་ཅིག་ནི་དངོས་སུ་རྒྱུའོ། །ཁ་ཅིག་ནི་རྒྱུད་ནས་སོ། །དེ་དག་རྣམ་པར་དག་པ་ནི་སངས་རྒྱས་ལྔ་སྟེ། གོ་སླའོ། །དེ་ཡང་གང་ལ་ཤེས་ཤེ་ན། དེའི་ཕྱིར་གསང་བ་འདུས་པ་ལས་ཤེས་པ་ལ་སོགས་པ་སྨོས་ཏེ། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་
པ་ནི་གྲུ་གསུམ་ཆོས་ཀྱི་འབྱུང་གནས་སོ། །དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས་པ་ནི་ཧཱུཾ་ལ་སོགས་པ་ལས་སྐྱེས་པའི་དེ་བཞིན་གཤེགས་པ་རྣམས་སོ། །ཞི་བ་རྡོ་རྗེ་འཛིན་འདོད་ན། །ཞེས་པ་ནི་རྫོགས་པའི་རིམ་པ་སྒོམ་པར་འདོད་པའོ། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་པ་ནི་རིགས་གཅིག་ཏུ་
གྱུར་པའོ། །ལུང་གཞན་གྱི་དབྱེ་བ་ནི་གོ་སླ་བས་མ་བཤད་དོ། །ལུས་རྣམ་པར་དབེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་ནི་གཅིག་ཏུ་འཛིན་པ་དང་། གསུམ་དུ་འཛིན་པ་དང་། ལྔར་འཛིན་པ་དང་། བརྒྱར་འཛིན་པ་དང་། དེ་ཉིད་བདག་ཏུ་འཛིན་པ་དང་། ཕུང་པོ་ལྷར་མི་ཤེས་པ་དང་། ལྷ་
ཡང་རིགས་བརྒྱ་དང་གཅིག་དང་ལུགས་སུ་འབྱུང་བ་དང་། ལུགས་ལས་བཟློག་པ་དང་། དེ་དག་སྔོན་དུ་འགྲོ་བ་དང་། ལུང་དང་རིགས་པ་ལ་ཐེ་ཚོམ་ཟ་བ་སེལ་བ་སྟེ། གང་གིས་གང་གི་ཐེ་ཚོམ་ཟ་བ་ཡོངས་སུ་གཅོད་པའི་ལེའུ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་
เล่ม ๓๖ · หน้า 247a
བའི་འགྲེལ་པ་ལས་ལེའུ་གཉིས་པའི་བཤད་པའོ།། །།ད་ནི་ལེའུ་གསུམ་པ་རྡོ་རྗེ་བཟླས་པ་བཤད་པར་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཡིན་པ་མི་ཤེས་ནས། དྲིས་པ། བཅོམ་ལྡན་འདས་ངག་རྣམ་པར་དབེན་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་པ་ནི་ངག་རྣམ་པར་དབེན་པ་
ཐབས་གང་གི་སྒོ་ནས་ཤེས་པར་བྱ་ཞེས་དྲིས་པ་དང་། ལན་དུ་དང་པོའི་གོ་རིམས་བསྟན་པར་བྱ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བཤད་མ་ཐག་པ་ནི་ལུས་རྣམ་པར་དབེན་པ་སྟེ་ཞེས་པ་སྟེ། ལུས་གཅིག་ཏུ་འཛིན་པ་ལྡོག་པའི་ཕྱིར་རོ། །དེ་ལ་ལྷ་རྣམ་པར་དགོད་པ་
ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་ལྷ་དགོད་པའོ། །ཐམས་ཅད་ཀྱི་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་ཐམས་ཅད་ལ་ཕན་འདོགས་པའོ། །རགས་པའི་རྣལ་འབྱོར་ཞེས་བྱ་བ་ནི། རགས་པའི་རྟག་པ་བཟློག་པ་དང་། རགས་པ་ལ་དམིགས་པའི་ཕྱིར་རོ། །
བསྐྱེད་པའི་རིམ་པ་མཐར་ཕྱིན་ནས་ཅི་བྱེད་ཅེ་ན། ངག་རྣམ་པར་དབེན་པ་ལ་སློབ་སྟེ། རླུང་དང་སྔགས་དང་རྡོ་རྗེ་བཟླས་པ་ལ་དམིགས་པའི་ཏིང་ངེ་འཛིན་དུ་འགྱུར་བའོ། །གང་གི་སྤྱོད་ཡུལ་ཡིན་ཞེ་ན། རྡོ་རྗེ་ལ་སོགས་པའི་རིགས་ཅན་གྱི་ཡུལ་ཡིན་ཏེ། གཞན་གང་གི་ཡང་ཡུལ་མ་ཡིན་ནོ། །
གང་གི་མ་ཡིན་ཞེ་ན། ཐེག་པ་ཆེན་པོ་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། རྣམ་པར་རིག་པ་པོ་དང་། བྱ་བ་དང་སྤྱོད་པ་དང་། གཉི་གའི་རྒྱུད་ལ་གནས་པ་རྣམས་ཀྱི་ཡུལ་ཡིན་ནོ། །རྡོ་རྗེ་ཐེག་པ་ནང་པ་ཡང་ཀུན་གྱི་ཡུལ་མ་ཡིན་ཏེ། བསྐྱེད་པའི་རིམ་པ་ལ་ཡང་རགས་པ་ལ་དམིགས་པའི་ཕྱིར་
རོ། །དེ་དག་གི་ཡུལ་མ་ཡིན་པ་ཡང་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཕྲ་བའི་ཕྱིར་ཏེ་རྟོག་གེ་པའི་ཡུལ་མ་ཡིན་ཞིང་། ལུང་དང་ཞེ་འགྲས་པའི་ཡང་མ་ཡིན་ཏེ། དེ་བས་ན་དེ་བཤད་པར་བྱའོ་ཞེས་པའི་དོན་ཏོ། །ངག་རྣམ་པར་དབེན་པ་ཡང་ཐབས་གང་དང་གང་གིས་བྱེད་ཅེ་ན་སྔགས་ཀྱི་དེ་ཁོ་ན་
ཉིད་དེ། མ་ནོར་བའི་བཟླས་པའོ། །དེ་ཡང་གང་གི་གྲོགས་སུ་འགྱུར་ཞེ་ན། རླུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པ་དང་བྲལ་བས་ན་མི་ཤེས་ཏེ། དེ་བས་ན་རླུང་ཉེ་བའི་གྲོགས་སུ་འགྱུར་རོ། །རླུང་ཞེས་བྱ་བ་ཡང་གང་ཡིན་ཞེ་ན། སྲོག་དང་རྩོལ་བ་སྟེ། གནས་པ་ནི་སྲོག་གོ། །འབྱུང་བ་དང་
เล่ม ๓๖ · หน้า 247b
འཇུག་པ་ནི་རྩོལ་བའོ། །ཡང་ན་འབྱུང་བ་ནི་རྩོལ་བའོ། །འཇུག་པ་ནི་སྲོག་གོ། །ཡང་ན་རྩ་བའི་རླུང་ལྔ་ནི་སྲོག་སྟེ། ཡན་ལག་གི་རླུང་ནི་རྩོལ་བའོ། །ཡང་ན་རླུང་དངོས་ནི་སྲོག་སྟེ། དེའི་ལས་ནི་རྩོལ་བའོ། །དེ་ཡང་གང་ལས་ཤེས་ཤེ་ན། གསང་བ་འདུས་པ་ལས་ཏེ། རིན་ཆེན་
ཁ་དོག་སྣ་ལྔ་པ་ནི་རྡོ་རྗེ་རྩེ་ལྔ་པའོ། །ཚད་ཇི་ཙམ་ཞེ་ན། ཡུངས་ཀར་ཙམ་སྟེ། ཡུངས་ཀར་དང་འདྲ་བའི་ཚད་དོ། །གར་བསྒོམ་ཞེ་ན་རང་གི་སྣའི་རྩེ་མོའི་སོར་བཞི་ཙམ་དུ་བསྒོམས་ལ་དེ་ལ་རླུང་བསྡུའོ། །གང་གིས་ཤེ་ན། རྣལ་འབྱོར་རིག་པས་ཏེ། ཏིང་ངེ་འཛིན་གྱིས་ཡང་དང་ཡང་དུ་
གཏད་དེ་བསྒོམ་པའོ། །དུས་ཇི་ཙམ་ཞེ་ན། རྟག་ཏུ་སྟེ་ཇི་སྲིད་དུ་འབྲས་བུ་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་བསྒོམ་ཞེའོ། །ཡང་ན་རིན་པོ་ཆེ་དང་འདྲ་བས་རིན་པོ་ཆེ་སྟེ། རང་གི་སྣའི་རྩེ་མོ་ལ་ཐིག་ལེ་ཡུངས་ཀར་ཙམ་བསམས་ལ། རང་གི་སྙིང་གར་ཡང་དེ་བཞིན་ཏེ། འདིས་ཡེ་ཤེས་ལྔ་སྐྱེ་བར་
གྱུར་པས་ཁ་དོག་ལྔའོ། །ཡུངས་ཀར་ལ་སོགས་པ་ནི་གོང་བཞིན་ནོ། །ཡང་ན་རིན་ཆེན་ཁ་དོག་སྣ་ལྔ་པ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་ཀར་ཙམ་པའོ། །གནས་གར་བསྒོམ་ཞེ་ན་སྣའི་རྩེ་མོ་སྟེ། མིག་ལ་སོགས་པ་ལ་ཡེ་ཤེས་ཀྱི་རྩ་ཁ་བྱེ་བ་ལ་བསྒོམ་པར་བྱའོ་
ཞེའོ། །ཡང་ན་རང་གི་རྡོ་རྗེ་རྩེ་མོ་ལྔ་པའི་ནོར་བུའི་ཆ་ལ་བདེ་བ་ཆེན་པོའི་འཁོར་ལོའི་དབུས་ཀྱི་མདུད་པའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡུངས་ཀར་ཙམ་པ་ཞིག་བསམས་ལ་རང་བཞིན་ལྟེ་བའི་ཕྱོགས་སུ་ཡང་དེ་བཞིན་ཏེ་དེ་ལ་འབྱུང་བ་དང་འཇུག་པ་ལ་བསླབ་པར་བྱའོ་ཞེའོ། །ཡང་ན།
རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་སྣ་རྩེ་རེ་རེ་ལ་གནས་པ་སྟེ། འདིས་འབྲས་བུ་རིན་ཐང་མེད་པ་ཐོབ་པའི་ཕྱིར་རིན་པོ་ཆེའོ། །ཡུངས་ཀར་གྱི་འབྲུ་ཚད་ཙམ་པ་ནི་ཚད་འཛིན་པ་སྟེ། གང་གི་གཟུགས་ཡུངས་ཀར་དང་མཉམ་པ་དེ་ལ་ཡུངས་ཀར་ཙམ་ཞེས་བྱའོ། །རྡོ་རྗེའི་
ཚིག་ནི་རྟོགས་པར་དཀའ་བའི་ཕྱིར་ཏེ། དགོངས་པས་བཤད་པའོ། །ཡང་ན་རྡོ་རྗེས་གཞན་འཇོམས་པར་བྱེད་པ་བཞིན་དུ་ཚིག་འདི་བསྟན་པའི་དོན་ལ་གནས་ན་གཞན་ཉོན་མོངས་པ་འཇོམས་པར་བྱེད་དོ། །ཡང་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་ངག་གི་ཚོགས་འདི་ཡང་རྡོ་རྗེའི་ཚིག་
เล่ม ๓๖ · หน้า 248a
གོ། །ངེས་པའི་དོན་དང་དྲང་བའི་དོན་གྱི་དབྱེ་བས་ཞེས་པ་ནི་ངེས་པའི་དོན་དུ་ཕྲ་མོའི་རྣལ་འབྱོར་ལ་དྲང་བའི་དོན་དུ་བསྐྱེད་པའི་རིམ་པའོ་ཞེས་བྱ་བ་དགོངས་སོ། །བསྐྱེད་པའི་རྣལ་འབྱོར་ཡང་གང་ཞེ་ན། དེའི་ཕྱིར་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པས་ཞེས་བྱ་བ་སྨོས་ཏེ། གང་
གིས་སེམས་ཅན་སྐྱེ་བ་དང་མཐུན་པར་བྱས་པས་བསྐྱེད་པའི་རིམ་པ་སྟེ། ཁ་ཅིག་ནི་སྒོ་ང་ལས་སྐྱེས་པ་དང་མཐུན་པའོ། །ཁ་ཅིག་ནི་རྫུས་ཏེ་སྐྱེས་པ་དང་མཐུན་པའོ། །ཁ་ཅིག་ནི་དྲོད་གཤེར་ལས་སྐྱེས་པ་དང་མཐུན་པའོ། །ཁ་ཅིག་ནི་མངལ་ནས་སྐྱེས་པ་དང་མཐུན་པར་བྱས་པའོ། །དེའི་
དབང་དུ་བྱས་པ་བཤད་པ། སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཚད་ཙམ་པའི་རང་གི་ལྷའི་མཚན་མ་རྡོ་རྗེ་ལ་སོགས་པ་ཁ་དོག་དང་དབྱིབས་དང་ཚུལ་དང་ལྡན་པར་བསྒོམ་པར་བྱའོ། །ཅིག་ཤོས་བཤད་པ། ཨཱ་ལི་དང་ཀཱ་ལི་ནི་ཐབས་དང་ཤེས་རབ་ཀྱི་ཡི་གེའོ། །དེ་ཉིད་ལས་བཏུས་ནས་
གསུམ་དུ་འདོད་པའི་ཨོཾ་ཨཱཿཧཱུཾ་ངོ་། །བུད་མེད་དང་སྐྱེས་པ་དང་མ་ནིང་ནི་གཞུང་འདི་ཉིད་ཀྱི་དཔེ་དགོད་དོ། །འཇུག་པ་དང་གནས་པ་དང་ལྡང་བ་ནི་དབུགས་ཀྱི་དབང་དུ་བྱས་པ་སྟེ། ཨོཾ་ནི་འཇུག་པའོ། །ཧཱུཾ་ནི་ལྡང་བའོ། །ཨཱཿནི་གནས་པའོ། །གང་གིས་གང་ལས་འབྱུང་བ་གནས་པར་བྱེད་ཅེ་
ན། དཀྱིལ་འཁོར་བཞི་སྟེ་འོག་ནས་བཤད་པར་བྱའོ། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །ཞེས་པ་ནི་ཁ་དོག་ལྔ་དང་ལྡན་པའི་རླུང་ངོ་། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །ཅེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ངོ་བོ་ཉིད་གྱེན་དུ་རྒྱུ་བ་ལ་སོགས་པའོ། །གོང་བུའི་གཟུགས་
ཀྱིས་ཕྱུང་ནས་ནི། །ཞེས་པ་ནི་ཐིག་ལེའམ། ཡི་གེའམ། སྐུ་དང་མཚན་མ་དང་ཁ་དོག་རགས་པའི་ངོ་བོར་རོ། །གནས་གང་དུ་ཞེ་ན། སྟེང་གི་སྣའི་རྩེ་མོར་རབ་ཏུ་བརྟག་སྟེ། སྣའི་རྩེ་མོ་ལ་སེམས་གཟུང་བར་བྱ་ཞིང་ཡང་དང་ཡང་དུ་དེ་ལ་བརྟག་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེས་བཀའ་
དགོངས་པ་ཅན་གཞན་སྟོན་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དགོངས་པ་ལུང་སྟོན་པ་ལས་བཤད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་པ་ནི་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་སྙིང་པོ་མཆོག་འཛིན་པ། །ཞེས་པ་ནི་དོན་དམ་པ་སྤྲོས་པ་
เล่ม ๓๖ · หน้า 248b
དང་ངལ་བ་ཐུགས་སུ་ཆུད་པའོ། །འགྲོ་བ་གཅིག་པུ་ཞེས་པ་ནི་སེམས་ཅན་གྱི་དོན་མཐའ་དག་བྱེད་པའི་བདག་པོ་རྡོ་རྗེ་འཆང་ཉིད་དོ། །འོ་ན་ཐུབ་པ་སངས་རྒྱས་གཞན་མ་ཡིན་ནམ་ཞེ་ན། དེ་ཉིད་ཀྱང་རྡོ་རྗེ་འཆང་ཆེན་པོའི་སྐུ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ནི་དེ་ལྟར་སྣང་བར་མི་རིགས་སོ་ཞེ་
ན། མ་ཡིན་ཏེ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་ཇི་ལྟར་ཡང་སྣང་ངོ་། །དེ་ལྟ་གང་གིས་ཕྱག་འཚལ་ཞེ་ན། སྡུད་པ་པོ་ཐུགས་རྗེ་ཆེན་པོའི་སྣང་བ་ལས་བྱུང་བ་དེས་ཕྱག་འཚལ་ཞེའོ། །གསོལ་བ་བཏབ་པ་ནི་གོ་སླའོ། །ལན་དུ། ཁྱོད་གསང་དགོངས་པ་མ་རྟོགས་པ། །ཞེས་པ་
ནི་ལག་ན་རྡོ་རྗེ་ཁྱོད་ཀྱིས་གསང་བ་ཆེན་པོའི་དགོངས་པ་ཅན་མ་རྟོགས་པ་སླར་འདྲི་བར་བྱེད་པ་ལེགས་སོ་ཞེས་པའོ། །བྱང་ཆུབ་སེམས་ནི་རླུང་གྱུར་ཅིང་། །ཞེས་པ་ནི་རང་གི་ཁུ་བ་བྱང་ཆུབ་སེམས་ཉིད་རླུང་དུ་གྱུར་པའོ། །དེ་ཡང་གཉིས་ཏེ་དེ་ཉིད་རླུང་དུ་གྱུར་པ་དང་། དེ་ལས་རླུང་དུ་གྱུར་པ་ལས་དེ་ཉིད་ནི་མ་ཡིན་
ཏེ། གཡོ་བ་དང་བརྟན་པ་གཅིག་གིས་གཅིག་སྤངས་པ་དང་། དོན་དམ་པར་ཡང་འགྱུར་རོ། །འདིར་ནི་དེ་ལས་བྱུང་བར་བརྟག་པར་བྱ་སྟེ། འདིར་དང་པོ་བྱང་ཆུབ་སེམས་ལས་སྲོག་འཛིན་པའི་རླུང་ལ་སོགས་པར་གྱུར་ཏོ། །ནམ་མཁའ་ལ་ནི་རྣམ་གནས་པ། །ཞེས་པ་ནི་དོན་དམ་པའི་
བདེན་པ་ལ་གནས་པའོ། །དེ་ལ་ཡང་གཉིས་ཏེ། ངོ་བོར་གནས་པ་དང་ཐོབ་པའི་རྒྱུར་གྱུར་པའོ། །ངོ་བོར་གནས་པ་ནི་བྱང་ཆུབ་སེམས་དང་རླུང་གཉིས་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའོ། །ཐོབ་པའི་རྒྱུར་གྱུར་པ་ནི་བྱང་ཆུབ་སེམས་དང་རླུང་ལས་བདེ་བ་སྐྱེ་བར་འགྱུར་རོ། །གང་
གི་ཚེ་བདེ་བ་སྐྱེས་པ་དེའི་ཚེ་རྣམ་པར་རྟོག་པ་འགག་པར་འགྱུར་རོ། །གང་གི་ཚེ་རྣམ་པར་རྟོག་པ་འགགས་པ་དེའི་ཚེ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གང་གི་ཚེ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་དེའི་ཚེ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བར་དགོངས་སོ། །ཡང་ན་སྟེང་གི་དོན་གྱི་ནམ་
མཁའ་ནི་བདེ་བ་ཆེན་པོའོ། །དེ་ལ་གནས་པ་ནི་མཆོག་གི་ཧཾ་ངོ་། །ཡང་ན་གོ་འབྱེད་པའི་དོན་ནི་ཤོང་བས་ནམ་མཁའ་སྟེ། གང་དུ་སྙིང་གི་དབུས་སུ་ཤེས་པའི་རྟེན་བྱས་ནས་བག་ཆགས་ལ་སོགས་པ་ཤོང་བར་བྱེད་པའོ། །ཡང་ན་སྟེང་གི་དོན་གྱི་ནམ་མཁའ་སྟེ། དེའི་དབུས་ན་གནས་པ་ནི་
เล่ม ๓๖ · หน้า 249a
བྱང་ཆུབ་སེམས་ཏེ། རླུང་མི་ཤིགས་པའོ། །ཡང་ན་ནམ་མཁའ་ལ་སྤྲིན་འབྱུང་། དེ་ལས་ཆར་པ་འབབ་སྟེ། དེའི་གནས་སུ་གྱུར་པའོ། །དེ་བཞིན་དུ་མགྲིན་པར་གྱེན་དུ་གྱུར་པ་གནས་པས་ཟས་ཀྱི་རོ་མྱང་བའི་ཆར་པ་འབབ་པའོ། །ཇི་སྲིད་དུ་ནམ་མཁའ་ན་ཉི་མ་དང་། ཟླ་བ་
དང་། སྐར་མ་དང་། སྤྲིན་དང་། ན་བུན་དང་། རིའི་རྒྱལ་པོ་སྟོང་ལ་སོགས་པ་མང་པོའི་རྟེན་དུ་གྱུར་པ་སྟེ། དེ་བཞིན་དུ་ལྟེ་བའི་འཁོར་ལོ་ལས། ཨཱ་ལི་དང་ཀཱ་ལི་དང་། ཨོཾ་དང་། མེ་འབར་བ་ལ་སོགས་པའོ། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །ཞེས་པ་འདི་ལྟར་སྲོག་ནི་འཕེལ་བ་དང་
འགྲིབ་པ་དང་གནས་པ་དང་དར་བ་ལ་སོགས་པ་བྱེད་དེ། དེ་ཡང་རླུང་གིས་བྱེད་དོ་ཞེའོ། །རླུང་དེ་ཉིད་ཀྱང་དུ་ཞེ་ན། ལྔ་ཡི་བདག་ཉིད་བཅུ་མིང་ཅན། །ཞེས་པ་ནི་རྩ་བའི་དབང་དུ་ནི་ལྔ་དང་། དབང་པོ་ལ་བརྟེན་པའི་ཡན་ལག་གི་དབང་དུ་ནི་ལྔ་སྟེ་བཅུའོ། །རླུང་བཅུ་པོ་འདི་ཡང་ཚུལ་ལམ།
རྫས་ཀྱིས་ཐ་དད་གནས་ཤེ་ན། རྫས་ཀྱིས་ཐ་དད་དེ། གནས་དང་དུས་དང་ལས་དང་དཀྱིལ་འཁོར་སོ་སོ་བ་ཉིད་ཀྱི་ཕྱིར་རོ་ཞེས་འདོད་དོ། །ཡང་ན་ཚུལ་གྱིས་ཐ་དད་པ་ཡང་ཡིན་ཏེ། རླུང་གཅིག་ཡིན་ཡང་རྒྱུ་དང་དུས་ལ་སོགས་པས་ཐ་དད་པ་ཉིད་ཀྱི་ཡང་ཕྱིར་རོ། །ཡང་ན་ཚུལ་འདི་ནི་གཙོ་བོ་དང་
གྲོགས་ཀྱི་རྣམ་པའོ། །ཞེས་པ་ལ་ལ་དག་འདོད་དོ། །རྟེན་འབྲེལ་བཅུ་གཉིས་གྲགས་པ་ཞེས་པ་ནི་སྲོག་འཛིན་པ་དང་། ཐུར་དུ་སེལ་བ་ལ་སོགས་པ་བླུན་པ་ཉིད་ཀྱི་ཕྱིར་ཡང་ངོ་། །དེ་བཞིན་དུ་རླུང་དང་ཤེས་པ་དང་ཡུལ་ལ་སོགས་པ་ལ་ལྟོས་ནས་རྟེན་འབྲེལ་བཅུ་གཉིས་སུ་གཞག་གོ། །
དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་རླུང་དང་འདྲེས་པ་ལས་བྱུང་བའི་ཕྱིར་རོ། །ངོ་བོ་ཉིད་ནི་རྣམ་པ་གསུམ། །ཞེས་པ་ནི་གཟུགས་ཅན་དང་། གཟུགས་མེད་དང་། ཤིན་ཏུ་མེད་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡང་ན་གོ་འབྱེད་པར་བྱེད་པས་ནམ་མཁའོ། །འདིས་འཚོ་བ་དང་ཤིན་ཏུ་གཅེས་
པའི་ཕྱིར་སྲོག་གོ། །ཡང་བ་དང་གཡོ་བའི་བྱ་བ་བྱེད་པའི་ཕྱིར་ཡང་ཞིང་གཡོ་བ་སྟེ་འདིར་གསུམ་མོ། །ཡང་ན་འབྱུང་བ་དང་། འཇུག་པ་དང་། གནས་པའི་བྱེ་བྲག་གིས་གསུམ་མོ། །ཡང་ན་བུད་མེད་དང་སྐྱེས་པ་དང་། མ་ནིང་གི་རྟེན་ཅན་གྱིས་གསུམ་མོ། །རླུང་ཞེས་བྱ་བའི་
เล่ม ๓๖ · หน้า 249b
བྱང་ཆུབ་སེམས། །དབང་པོ་ཀུན་གྱི་གཙོ་བོ་ཡིན། །ཞེས་པ་ནི་དད་པའི་དབང་པོ་ལ་སོགས་པ་མཆོག་ཏུ་གྱུར་པ་འདིས་བསྐྱེད་པས་ན་དབང་པོའི་གཙོ་བོའོ། །ཡང་ན་དབང་པོ་ཐམས་ཅད་ལ་ཁྱབ་པ་ཉིད་དང་། སྐྱེད་པ་ཉིད་དང་། དབང་སྒྱུར་བ་ཉིད་དང་། ཡོངས་སུ་སྒྲུབ་པ་ཉིད་དང་
རྒྱུ་བ་ཟློག་པ་ཉིད་ཀྱི་ཕྱིར་ཡང་གཙོ་བོའོ། །ཡང་ན་དབང་པོ་རྣམས་འཕེལ་བ་ཉིད་དང་། འགྲིབ་པ་ཉིད་དང་། གནས་པ་ཉིད་ཀྱི་ཕྱིར་ཡང་གཙོ་བོའོ། །འདི་ལྟར་མི་མངོན་ཕྲ་བ་ལས། །རྟག་ཏུ་གསལ་བ་བརྗོད་པ་ཡིན། །ཞེས་པ་ནི་སོ་སོའི་སྐྱེ་བོའི་ཡུལ་མ་ཡིན་ཞིང་རྣལ་འབྱོར་གྱི་
མངོན་སུམ་གྱིས་གསལ་བར་གྱུར་པ་ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །འགྲོ་བ་ཡུལ་སོགས་ལས་བྱེད་པ། །འདི་ནི་དེ་ལ་བརྟན་པ་ཡིན། །ཞེས་པ་ནི་འགྲོ་བ་གང་དག་འགྲོ་བ་དང་། འདུག་པ་དང་། ཉལ་བ་དང་། འགྲེང་བ་དང་། འཆག་པ་དང་། སྡུད་པ་དང་། སྟེག་
པ་དང་། འཁྱུད་པ་དང་། དགོད་པ་དང་། ལྟ་བ་དང་། ཉན་པ་དང་། སྣོམ་པ་དང་། སྨྲ་བ་དང་། རེག་པ་དང་། ཁྲོ་བ་དང་། ང་རྒྱལ་ལ་སོགས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཐམས་ཅད་རླུང་གིས་བྱེད་པའོ། །ཞི་བ་དང་ནི་ཞེས་པ་ལ་སོགས་པའི་དོན་ནི་ཞི་
བ་དང་རྒྱས་པ་ལ་སོགས་པའི་བྱེ་བྲག་ཐམས་ཅད་རླུང་གིས་བྱེད་པར་འགྱུར་རོ། །དེ་ཡང་ཁ་ཅིག་ནི་རླུང་གཅིག་གིས་བྱེད། ཁ་ཅིག་ནི་གཉིས་འདུས་པ་ལ་སོགས་པས་བྱེད་དོ། །དེ་བས་ན་རླུང་གི་ལས་ནི་བསམ་ལས་འདས། །བསྡུ་བ་རྣམ་པ་གཉིས་སུ་འགྱུར། །གང་ཞིག་ཉོན་མོངས་
དབང་གྱུར་དང་། །དེ་བཞིན་ཏིང་འཛིན་ལས་བྱུང་བའོ། །ཞེས་འབྱུང་བའི་ཕྱིར་རོ། །ཀློག་དང་བསམ་གཏན་རྣམ་པར་སྤངས། །ཞེས་པ་ནི་ཀློག་པ་མ་ཡིན། ཁ་ཏོན་བྱེད་པ་མ་ཡིན། ལྟ་བ་མ་ཡིན། སེམས་པའི་བར་དུ་མ་ཡིན། དེ་ལས་གཞན་ལ་རྩེ་གཅིག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
དེ་ལས་གཞན་པ་དང་དེ་ནི་མི་མཐུན་པར་འགྱུར་ཏེ། གང་མི་མཐུན་པ་དེ་ནི་གཅིག་ལ་གཅིག་བསྒྲིབ་པར་འགྱུར་རོ། །གཅིག་ལ་གཅིག་བསྒྲིབ་པ་དེ་ནི་གཅིག་གིས་གཅིག་སྤང་བར་འགྱུར་རོ། །གཅིག་གིས་གཅིག་སྤངས་པ་དེ་ནི་གང་སྤངས་པ་དེའི་འབྲས་བུ་མངོན་དུ་བྱ་བར་མི་ནུས་སོ། །དེ་བས་ན་
เล่ม ๓๖ · หน้า 250a
རིགས་ཀྱི་བུ་གང་ཞིག་གིས་འབྱུང་བ་དང་འཇུག་པ་དང་། གནས་པའི་བཟླས་པའི་དུས་སུ་ཀློག་པ་ལ་སོགས་པ་སྤོང་ངོ་། །རྡོ་རྗེ་བཟླས་པའི་དུས་སུ་སེམས་ལ་དམིགས་པ་ལ་སོགས་པའི་བསམ་གཏན་སྤང་བར་བྱའོ། །འབྱུང་བའི་དུས་སུ་འཇུག་པ་སྤང་ངོ་། །འཇུག་
པའི་དུས་སུ་ནི་འབྱུང་བ་སྤང་ངོ་། །གནས་པའི་དུས་སུ་ནི་འབྱུང་བ་དང་འཇུག་པ་སྤང་ངོ་། །འབྱུང་བ་དང་འཇུག་པའི་དུས་སུ་གནས་པ་སྤང་ངོ་ཞེས་བྱ་བར་དགོངས་སོ། །བདག་པོ་རང་ཉིད་ཟློས་པ་སྟེ། །ཞེས་པ་ནི་གཙོ་བོར་བྱ་བ་སྟེ། གང་གི་ཚེ་རྡོ་རྗེ་བཟླས་པ་གཙོ་བོར་བྱས་པ་དེའི་ཚེ་ནི་སེམས་ལ་
དམིགས་པ་དང་། བསྐྱེད་པའི་རིམ་པ་དང་། ཚོགས་ལ་སོགས་པ་སྟེ། དེ་དག་ཐམས་ཅད་ཀྱང་རྡོ་རྗེ་བཟླས་པའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་བཟླས་པ་ལ་ཕན་པར་བྱེད་པའི་ཕྱིར་ཏེ། དཔེར་ན་ལྷ་སྦྱིན་གྱི་དཔུང་ལ་ལྷ་སྦྱིན་གྱི་ཚོགས་བཞིན་ནོ། །ཉིན་དང་མཚན་མོ་བྱེ་བྲག་གིས། །ཉི་ཟླ་རབ་ཏུ་
སྦྱོར་བ་ཡིན། །ཞེས་པ་ནི་འདི་ལྟར་ཉིན་མོ་ནི་ཐབས་ཀྱི་བཟླས་པའོ། །མཚན་མོ་ནི་ཤེས་རབ་ཀྱི་བཟླས་པའོ། །དེས་ཅི་བྱེད་ཅེ་ན། དངོས་པོ་མེད་འགྲོ་ཁྱབ་པ་སྟེ། གང་གི་ཆོས་ཀྱི་སྐུ་ཐོབ་པའི་ཐབས་སུ་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་རྣམ་པ་གཉིས་ཏེ། དངོས་སུ་དང་བརྒྱུད་
ནས་རྒྱུར་གྱུར་པའོ། །དེ་ལ་དེ་ཉིད་ཀྱི་རྣམ་པ་ཅན་གྱིས་གང་ཟག་གི་དབང་དུ་བྱས་ནས་རླུང་གནས་པ་ལ་བཟླས་པ་ན་དངོས་སུ་རྒྱུར་གྱུར་པའོ། །གཞན་ལ་རག་ལས་པའི་གང་ཟག་གི་དབང་དུ་བྱས་པ་རྡོ་རྗེ་བཟླས་པ་ལ་སོགས་པ་འབྲེལ་པ་དང་གོ་རིམས་ངེས་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་
ཐོབ་པ་ནི་བརྒྱུད་ནས་རྒྱུར་གྱུར་པའི་ཕྱིར་རོ། །དེ་རྣམ་པ་ཅན་གྱི་དབང་དུ་བྱས་ནས་གང་གི་ཚེ་ཐོབ་ཅེ་ན། བྱང་ཆུབ་སེམས་ཀྱི་རླུང་གཅིག་པུ་ཞེས་པ་ནི་གནས་པ་ལ་བརྟེན་པའི་རླུང་ངོ་། །གཉིས་པ་ལ་སོགས་པ་ནི་མ་ཡིན་ཏེ། བསླབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དགེ་བ་ནི་འཇུག་པའོ། །མི་
དགེ་བ་ནི་འབྱུང་བ་སྟེ། འདི་ནི་ཡུལ་ལ་ཆགས་པ་ཉིད་དང་། ཞེན་པ་ཉིད་དང་། རངས་པ་ཉིད་དང་། ཁྲོ་བ་ཉིད་དང་། རྟོག་པ་རགས་པ་ལ་འཇུག་པ་ཉིད་ཀྱང་རྟོག་པའི་ས་བོན་ལེན་པ་ཉིད་ཀྱི་ཕྱིར་མི་དགེ་བའོ། །དེ་ལས་ཟློག་པའོ། །གཉི་ག་སྤངས་པ་ནི་གནས་པའོ། །དེས་ན་ནམ་མཁའ་
เล่ม ๓๖ · หน้า 250b
འདྲ་སྟེ། ནམ་མཁའ་དང་འདྲ་བར་འདུས་མ་བྱས་པ་ཉིད་དང་། ཁ་དོག་མེད་པ་ཉིད་དང་། དབྱིབས་མེད་པ་ཉིད་དང་། རྣམ་པར་རིག་བྱེད་མེད་པ་ཉིད་དང་། དགེ་བ་མེད་པ་ཉིད་དང་། མི་དགེ་བ་མེད་པ་ཉིད་དང་། ལུང་དུ་མ་བསྟན་པ་ཉིད་དང་། སྒྲ་མེད་པ་ཉིད་དང་། སྒྲས་བརྗོད་པ་མེད་
པ་ཉིད་དང་། བརྗོད་པའི་ཡུལ་མེད་པ་ཉིད་དང་། སྣང་བ་མེད་པ་ཉིད་ལ་སོགས་པ་ཐོབ་པོ་ཞེའོ། །འདི་དག་གིས་ཅི་བསྟན་ཞེ་ན། ཀླུ་སྒྲུབ་ཀྱི་ཞལ་ནས། ངོ་བོ་དང་ནི་རྣམ་དབྱེ་གསུམ། །གཙོ་དང་ཤེས་པའི་ཁྱད་པར་དང་། །གང་གི་རང་བཞིན་རྒྱུར་གྱུར་དང་། །དག་པའི་ལས་དང་མ་
དག་ལས། །སྤང་བྱ་དང་ནི་སྤོང་བྱེད་དང་། །དུས་དང་སྤོང་བའི་ཁྱད་པར་དང་། །བསྟན་པའི་དུས་དང་འབྲས་བུའི་དུས། །དགོངས་པ་ལུང་བསྟན་རྗེས་འབྲངས་ནས། །སྐྱེ་བོ་མཆོག་ལ་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་མི་ཤེས་ནས་རྒྱས་པར་འདོད་ནས་དྲིས་པ་ནི་གོ་སླའོ། །
ལན་དུ་དེ་ནས་དེ་བཞིན་གཤེགས་པ་ཀུན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྒྱུད་འདི་ཉིད་ལས་རྩ་བ་དང་ཡན་ལག་གི་རླུང་གི་དབྱེ་བ་ཞིག་རྒྱས་པར་བསྟན་ཏེ། ལུང་དང་མན་ངག་གིས་ཤིན་ཏུ་རྒྱས་པར་ནི་འོག་ནས་སྟོན་ཏོ། །ཀོ་ཊ་ཁྱ་ཞེས་པ་ལ་སོགས་པ་ནི་རླུང་བཅུ་པོ་འདིའི་བརྡས་བཤད་དེ།
འོག་ནས་སྲོག་དང་ཞེས་བྱ་བ་ལ་སོགས་པ་གོ་རིམས་བཞིན་ནོ། །བརྡའི་དོན་སྔགས་དང་འདྲ་བའི་བརྡ་ཅན་ནི་རླུང་བཅུ་པོ་ཡིན་ཏེ། བརྡ་བཤད་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། འདི་ལྟར་འདིས་ནི་དམ་པ་ལ་བརྟེན་ནས་རྟོགས་པ་དང་། དམ་པ་མ་ཡིན་པའི་ཡུལ་ཡིན་པར་བསྟན་ཏོ། །དེ་ཉིད་ཅིའི་
ཕྱིར་ཞེ་ན། འདི་ལྟར་བརྡ་ལ་མ་གོམས་ཤིང་བརྡ་ཡོད་པར་མི་ཤེས་པ་ཐེག་པ་ཆེན་པོའི་རིགས་ཅན་མ་ཡིན་པ། ལོག་པའི་བླ་མ་ལ་བརྟེན་པ། ཡང་དག་པའི་བླ་མ་ལ་འཇུག་པར་མི་འགྱུར་བ་ལྟ་བ་ལོག་པ་ལ་ཞེན་པ། ཡང་དག་པའི་ལྟ་བ་ལ་རྟོག་པ་སྔོན་དུ་མི་གཏོང་བ་གང་དག་དང་པོར་ནི་བླ་མ་དམ་
པ་སྤོང་བར་འགྱུར་རོ། །བླ་མ་དམ་པ་སྤངས་པ་དེའི་ཚེ་བཀའ་དགོངས་པ་ཅན་ལ་འཇུག་པར་འགྱུར་རོ། །གང་གི་ཚེ་བཀའ་དགོངས་པ་ཅན་ལ་ཞུགས་པ་དེའི་ཚེ་དེ་ལ་སྒྲ་ཇི་བཞིན་པར་འཛིན་པར་འགྱུར་རོ། །གང་གི་ཚེ་སྒྲ་ཇི་བཞིན་པར་གཟུང་བ་དེའི་ཚེ་ལོག་པའི་ལྟ་བ་དང་སྤྱོད་པ་ལ་འཇུག་པར་འགྱུར་རོ། །
เล่ม ๓๖ · หน้า 251a
གང་གི་ཚེ་ལོག་པའི་ལྟ་བ་དང་སྤྱོད་པ་ལ་འཇུག་པ་དེའི་ཚེ་གང་ཟག་དེ་ནི་འཇིག་རྟེན་འདི་རུ་ཚེ་ཐུང་བ་དང་། ནད་མང་བ་དང་ལོངས་སྤྱོད་ཞེན་པ་ལ་སོགས་པ་སྡུག་བསྔལ་ཐམས་ཅད་སྐྱེད་པར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་ངན་འགྲོ་ངན་སོང་ལོག་པར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་
ཞེ་ན། ལས་ངན་པའི་འབྲས་བུ་མི་སླུ་བའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་བརྡ་སྒྲ་ཇི་བཞིན་པ་མ་ཡིན་པ་ནི་རྡོ་རྗེའི་ཚིག་ཅེས་བྱ་སྟེ། འདི་ལ་ནི་སུ་ལ་ཡང་རྟོག་གི་སྔོན་དུ་གཏོང་བ་མེད་དོ། །གང་གི་ཚེ་རྟོག་པ་དང་བྲལ་བ་དེའི་ཚེ་ཡང་དག་པའི་བླ་མ་འཇུག་པར་འགྱུར་རོ། །ཡང་དག་པའི་བླ་མ་ཞུགས་
པ་དེའི་ཚེ་ནི་ཡང་དག་པའི་གདམས་ངག་ཐོབ་པར་འགྱུར་རོ། །ཡང་དག་པའི་གདམས་ངག་ཐོབ་པ་དེའི་ཚེ་ཡང་དག་པའི་སྒྲུབ་པ་ལ་གནས་པར་འགྱུར་རོ། །ཡང་དག་པའི་སྒྲུབ་པ་ལ་གནས་པས་འབྲས་བུ་ཐོབ་པར་འགྱུར་ཏེ། འཇིག་རྟེན་གྱི་ཡོན་ཏན་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་
དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ། །བརྡ་ཅན་གྱི་དབྱེ་བ་དེ་ཉིད་མི་ཤེས་ནས་དྲིས་པ་དང་། ལན་དུ་རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ་ཞེས་པ་ལ། རླུང་ལྔ་ནི་རླུང་ལྔ་སྟེ་རྩ་བའི་རླུང་ངོ་། །ལུས་ཀྱི་ཆ་ནི་ལུས་ཀྱི་ཆ་སྟེ་དེ་ལ་གནས་པ་ནི་ལུས་ཀྱི་ཆ་ལ་གནས་པའོ། །དེས་
ཅི་བྱེད་ཅེ་ན། ལུས་ཀྱི་བྱ་བ་རྣམས་བྱེད་དེ། ལུས་ཁོ་ནའི་བྱ་བ་བྱེད་པས་ལུས་ཀྱི་བྱ་བ་བྱེད་དོ། །རླུང་ལྔ་ནི་ཡན་ལག་དག་གི་རླུང་སྟེ། མིག་ལ་སོགས་པ་ནས་ལུས་ཀྱི་བར་དུའོ། །གནས་པ་ནི་དེར་བཞུགས་པར་མཛད་པའོ། །དེ་ཉིད་བཤད་པར་འདོད་ནས་གསུངས་པ། སྲོག་ཅེས་
བྱ་བའི་རླུང་ནི་འདིར་འཚོ་བར་བྱེད་པའི་ཕྱིར་རོ། །གནས་གང་ན་གནས་ཤེ་ན། སྙིང་ག་ན་གནས་པ་སྟེ། དེ་ལ་བརྟེན་ནས་གནས་པའོ། །གང་གི་རིགས་ཡིན་ཞེ་ན། མི་བསྐྱོད་པ་སྟེ་གཡོ་བར་མི་བྱེད་པའི་ཕྱིར་མཐུན་པའོ། །དེས་ཅི་བྱེད་ཅེ་ན། འཕེལ་བ་ཉིད་དང་འགྲིབ་པ་ཉིད་དང་། གནས་པ་ཉིད་ལ་སོགས་པ་
བྱེད་དོ། །ཐུར་དུ་སེལ་བ་ནི་ཐུར་དུ་སེལ་བ་སྟེ། འདིས་ཐུར་སེལ་གྱི་བྱ་བ་བྱེད་པས་ཐུར་དུ་སེལ་བའོ། །འདི་ཡང་ཡང་བ་ཉིད་དང་། གཡོ་བ་ཉིད་དང་། གོ་འབྱེད་པ་ཉིད་དང་། བཤང་བ་དང་གཅི་བ་སེལ་བ་དང་། སྨིན་པ་ཉིད་དང་། བྱང་ཆུབ་ཀྱི་སེམས་འབབ་པ་ཉིད་དང་། ཟློག་པ་ཉིད་
เล่ม ๓๖ · หน้า 251b
དང་། ས་བོན་ལེན་པ་ཉིད་དང་། དབུགས་འབྱུང་བ་ཉིད་དང་། ལམ་བསྒྲུབ་པ་ཉིད་ཀྱི་ཕྱིར་རོ། །གྱེན་དུ་རྒྱུ་བ་ནི་གྱེན་དུ་རྒྱུ་བ་སྟེ། འདི་ཡང་དབུགས་འབྱུང་བ་ཉིད་དང་། འཇུག་པ་ཉིད་དང་། སྨྲ་བ་ཉིད་དང་། མགྲིན་པ་འདོར་བ་ཉིད་དང་། མཆུ་སྒུལ་བ་ཉིད་དང་། འོ་བྱེད་པ་ཉིད་
དང་། །ཟ་བ་ཉིད་དང་། འཐུང་བ་ཉིད་དང་། ཟ་བ་དང་འཐུང་བའི་རོ་མྱོང་བ་ཉིད་དང་། དངས་སྙིགས་འབྱེད་པ་ཉིད་དང་། སྟོད་ཀྱི་རྩ་འབྱེད་པ་ཉིད་དང་། འགོག་པ་ཉིད་དང་། ལུས་བརྟེན་པ་ཉིད་ཀྱི་ཕྱིར་རོ། །མེ་དང་མཉམ་དུ་གནས་པ་ནི་དྲོད་དང་མཉམ་དུ་གནས་པ་སྟེ།
འདི་ཡང་ཕོ་བ་འགུལ་བ་ཉིད་དང་། ཕུང་པོ་དྲོད་སྙོམས་པ་ཉིད་དང་། ཕུང་པོ་ཆགས་པར་བྱེད་པ་ཉིད་དང་། ཕུང་པོའི་བྱ་བ་ལ་ཕན་འདོགས་པ་དང་། ཟས་དང་སྐོམ་ལྷག་པ་གནས་སུ་འགྲོ་བ་ཉིད་དང་། ཟས་དང་སྐོམ་གྱི་ཚད་སྙོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁྱབ་བྱེད་ནི་
ཁྱབ་བྱེད་དེ། འདིས་ཕུང་པོ་ཐམས་ཅད་ལ་ཁྱབ་བྱེད་དོ། །འདི་ཡང་འགྲོ་བ་ཉིད་དང་འདུག་པ་ཉིད་ལ་སོགས་པའི་བྱ་བ་ཡང་ཟོ་མདོག་བདེ་བ་ཐམས་ཅད་བྱེད་དོ། །དེ་དག་གིས་ནི་རྩ་བའི་རླུང་ལྔ་བཤད་དོ། །ཡན་ལག་གི་རླུང་བཤད་པར་འདོད་ནས་གསུངས་པ། རྒྱུ་བའི་རླུང་ནི་གཟུགས་སོ། །
ཞེས་པ་ནི་གཟུགས་ཀྱི་ཡུལ་མ་ཡིན་པས་འདི་ནི་གཟུགས་སོ། །བཤད་པ། རྫི་མ་འགུལ་བ་དང་། མིག་གིས་ཐོ་ཡུལ་གྱི་ཚོར་བ་དང་། མིག་ཟློག་པ་ཉིད་དང་། འགུལ་བ་ཉིད་དང་། དང་བ་ཉིད་དང་། ལྟ་བ་ཉིད་དང་། སྡུད་པ་ཉིད་དང་། མི་འབྲལ་བ་ཉིད་དང་། ཡུལ་ལ་ཆགས་པར་
བྱེད་པ་ཉིད་དང་། མིག་གི་རྣམ་པར་ཤེས་པ་གོ་འབྱེད་པ་ཉིད་དང་། གཟུགས་ཀྱི་འདོད་པ་འབྱུང་བ་ཉིད་དང་། ཟློག་པ་ཉིད་ཀྱི་ཡང་ཡིན་ཕྱིར་རོ། །མིག་ལ་ཇི་ལྟ་བར་རྣ་བ་ལ་སོགས་པར་ཡང་དེ་དེ་བཞིན་ནོ། །དཀྱིལ་འཁོར་བཞི་ནི་ས་དང་། ཆུ་དང་། མེ་དང་། རླུང་དག་གོ། །ལྷ་མོ་བཞི་
ནི་གོས་དཀར་ལ་སོགས་པ་སྟེ། འདི་དག་ཅི་རིགས་སུ་སྦྱར་བར་བྱའོ། །དེ་དག་ཀྱང་སྟེང་གི་སྒོ་ལས་འབྱུང་བའི་དུས་སུ་ཁ་དོག་གང་དུ་འབྱུང་བ་དང་། གནས་གང་དུ་འབྱུང་བ་དང་། རིགས་གང་གི་ངོ་བོར་འབྱུང་བ་དང་། དུས་ཇི་ཙམ་ནས་འབྱུང་བ་དང་། གྲངས་དུར་འབྱུང་བ་མི་ཤེས་ནས་
เล่ม ๓๖ · หน้า 252a
དྲིས་པ་དང་། ལེན་དུ། དཔལ་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ལྔ་ཡི་རིགས་གནས་པར། །ཞེས་པ་ནི་འབྱུང་ཞེས་སྦྱར་ཏེ། སངས་རྒྱས་ལྔའི་རིགས་དང་མཐུན་པར་འབྱུང་ཞེའོ། །གནས་གང་ནས་འབྱུང་ཞེ་ན། སྣ་རྩེའི་
བུ་ག་ལས་ཏེ། རང་གི་སྣའི་བུ་ག་ནས་འབྱུང་ཞེའོ། །དུ་འབྱུང་ཞེ་ན། རླུང་ལྔ་སྟེ། སྲོག་འཛིན་པ་ལ་སོགས་པའོ། །དེ་ཉིད་རྒྱས་པར་བཤད་པ། གཡས་པ་ནས་ནི་འབྱུང་བའི་ཁམས། །ཞེས་པ་ནི་སྣ་བུག་གཡས་པ་ནས་འབྱུང་བའི་རླུང་སྟེ། བྱེད་པ་མེད་ཅིང་རང་གི་མཚན་ཉིད་འཛིན་
པའི་ཕྱིར་འདི་ནི་ཁམས་སོ། །གང་ཡིན་ཞེ་ན། མེའི་དཀྱིལ་འཁོར་ཏེ། སྨིན་པར་བྱེད་པའི་བྱེ་བྲག་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཁ་དོག་ཇི་ལྟ་བུ་ཡོད་ཅེ་ན། དམར་པོ་སྟེ་དམར་པོ་ཆེར་གྱུར་པའི་ཕྱིར་རོ། །ཆུང་བ་ནི་གཞི་དེ་ལ་གནས་པ་དཀར་པོ་དང་། སེར་པོ་དང་། ལྗང་གུ་དང་། མཐིང་
གའི་བྱེ་བྲག་ཉིད་དང་ཡང་ལྡན་པའི་ཕྱིར་རོ། །རིགས་གང་ཡིན་ཞེ་ན། པདྨ་མགོན་པོ་སྟེ། མ་ཆགས་ཤིང་སྐྱོབ་པའི་ཕྱིར་རོ། །ཡང་ན་མ་ཆགས་པའི་སེམས་དང་ལྡན་པ་ལ་སྐྱོབ་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་པདྨ་མགོན་པོ་ནི་ཚེ་དཔག་ཏུ་མེད་པ་སྟེ། དམར་བ་ཉིད་དང་སྨིན་པར་བྱེད་པ་
ཉིད་དུ་མཐུན་པ་ཉིད་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ལ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སློབ་མས་གསོལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་ནི་
རྩ་བ་ཁོ་ནའི་རྒྱུད་དོ། །རྒྱུད་ཕྱི་མའི་དོན་ཕྱི་མ་རྒྱས་པར་སྟོན་པའོ། །དེ་ལ་ཅི་གསུངས་ཤེ་ན། སྔགས་ཙམ་གསུངས་ཞེས་པ་ནི་གཞན་མ་གསུངས་ཏེ། ལྷག་མ་འགོག་པའོ། །འོ་ན་གང་ལས་གསུངས་ཤེ་ན། བཤད་པའི་རྒྱུད་ལས་ཏེ། འདི་བཤད་པའི་རྒྱུད་ཡིན་པས་བཤད་
པའི་རྒྱུད་དོ། །དེ་ལས་ཅི་གསུངས་ཤེ་ན། སྔགས་བཏུ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནས་བཤད་པའི་རྒྱུད་མ་རྟོགས་པའི་སྐྱོན་བཤད་པ་ནི་བཤད་པའི་རྒྱུད་མ་རྟོགས་ཤིང་ཞེས་པ་ནི་བཤད་པའི་རྒྱུད་ཁོང་དུ་མ་ཆུད་པའོ། །ཕྱི་རོལ་གྱི་སྔགས་ནི་བསམ་གཏན་དང་བྲལ་
เล่ม ๓๖ · หน้า 252b
བའི་སྔགས་ཏེ། དེ་ལ་མངོན་པར་ཞེན་པ་ནི་དེ་ལ་ཆགས་པ་སྟེ། དར་དཀར་གྱི་མར་མེ་བཞིན་ནོ། །དེས་ཅི་མི་རྟོགས་ཤེ་ན། དེ་ཁོ་ན་ཉིད་ཀྱི་དོན་མི་རྟོགས་པའོ། །དེ་བས་ན་གང་དུ་བཤད་པའི་རྒྱུད་མ་རྟོགས་པས་ནི་ཕྱི་རོལ་གྱི་སྔགས་ཙམ་ལ་འཇུག་པར་འགྱུར་རོ། །ཕྱི་རོལ་གྱི་
སྔགས་ཙམ་ལ་ཞུགས་པས་ནི་ནང་གི་སྔགས་ལ་འཇུག་པར་མི་ནུས་སོ། །ནང་གི་སྔགས་ལ་ཞུགས་པར་མ་གྱུར་པ་དེའི་ཚེ་ནང་གི་བསམ་གཏན་དང་བྲལ་བར་འགྱུར་རོ། །ནང་གི་བསམ་གཏན་ལ་ཞུགས་པར་མ་གྱུར་པ་དེའི་ཚེ་རྣམ་པར་རྟོག་པ་སྤང་བར་མི་འགྱུར་རོ། །རྣམ་པར་རྟོག་པ་མ་
སྤངས་པ་དེའི་ཚེ་བདུད་ཀྱིས་སླུ་བ་འབྱུང་ཞིང་མི་རྟོག་པའི་ཤེས་པ་མི་སྐྱེ་བར་འགྱུར་རོ། །དེ་བས་ན་དང་པོར་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པར་བྱའོ། །དེ་ཡང་གང་ལས་འབྱུང་ཞེ་ན། སྦྲུལ་ལ་སོགས་པའི་སྔགས་རྣམས་ནི། །ཨཱ་ལི་ཀཱ་ལི་འདུས་ལས་འབྱུང་། །ཞེས་པ་ནི་སྦྲུལ་ལ་སོགས་པའི་
མཐའ་ཅན་དང་། མཐའ་མེད་པ་དང་། བཏུས་པ་དང་། སྦྲུལ་ལྟ་བུ་སྟེ། དེ་དག་ནི་ཨཱ་ལི་དང་ཀཱ་ལི་འདུས་པ་ལས་ཡང་དག་པར་འབྱུང་སྟེ། དཔེར་ན་རི་ལས་གསེར་འབྱུང་ཞེས་པ་བཞིན་ནོ། །འོ་ན་ཡི་གེ་གསུམ་བརྡ་དང་བཅས་པ་གང་ལས་འབྱུང་ཞེ་ན། འདི་ལྟར་མི་ཤིགས་པ་སྟེ། རླུང་
མི་ཤིགས་པ་ལས་འབྱུང་བའོ། །དེ་ཡང་། ལྟེ་བའི་དབུས་གནས་རྒྱལ་པོ་ཡིས། །སྙིང་གའི་རླུང་ནི་བསྐྱོད་བྱས་ཏེ། །འབར་བ་མར་མེའི་རྩེ་ལྟ་བུས། །བརྡ་ཡི་སྔགས་ཀྱི་སྐྱེད་པར་བྱེད། །ཅེས་པ་ལྟ་བུའོ། །སྔགས་ཀྱི་རྒྱུད་བཤད་ནས། སྔགས་བཏུ་བ་བཤད་པར་བྱ་སྟེ། སྔགས་
ཐམས་ཅད་ནི་སྦྲུལ་ལ་སོགས་པ་སྟེ། དེ་ཡང་གསུམ་དུ་འགྱུར་རོ། །དཔེ་བསྟན་པ་འཇིག་རྟེན་ན་ཡང་སྐྱེས་པ་དང་། བུད་མེད་དང་མ་ནིང་སྟེ་གསུམ་ཡོད་པ་བཞིན་དུ་སྔགས་ཀྱང་རྣམ་པ་གསུམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོ་སྟེ། འདི་ལྟར་
རིགས་བརྒྱ་དང་ལྔ་དང་རིགས་གསུམ་སྟེ། དེ་ཡང་བདག་པོ་ཡིན་བཞིན་དུའོ། །དེ་ཇི་ལྟར་འགྱུར་ཞེ་ན། རེ་རེ་ཞིང་མི་ཤིགས་པ་དང་། ལྷན་ཅིག་ཅེས་པ་སྟེ། འབྱུང་བ་དང་། འཇུག་པ་དང་། གནས་པ་མི་ཤིགས་པའི་རྗེས་སུ་འཇུག་ཅིང་དེ་དང་ལྷན་ཅིག་ཏུ་འགྱུར་རོ། །དེ་ནས་སྔགས་ཀྱི་
เล่ม ๓๖ · หน้า 253a
ལས་བཤད་པའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བྱ་བ་ནི་ལས་ཏེ་གང་གི་ཕྱིར་རླུང་གི་ལུས་ཀྱི་བྱ་བ་ལ་སོགས་པ་བྱེད་པ་བཞིན་དུ་སྔགས་ཀྱིས་ཀྱང་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔགས་ནི་ནུས་པའི་བདག་ཉིད་ཡིན་ཏེ། ནུས་པ་དང་ལྡན་པ་དེས་བྱ་བ་
གཞན་ལ་འཇུག་པར་བྱེད་དོ། །དེ་ཡང་བསྐྱེད་པའི་བྱེད་པ་དང་ལྡན་པ་ནི་ཡི་གེ་གསུམ་ལས་ལྷའི་སྐུར་འབྱུང་སྟེ། འདི་ལས་ཨོཾ་ལ་སོགས་པ་འདུས་པ་དང་མ་འདུས་པ་ལས་ལྷའི་སྐུ་གཅིག་དང་དུ་མ་ལ་སོགས་པ་འབྱུང་བར་འགྱུར་རོ། །འཛིན་པའི་ལས་ནི་ལུས་ཀྱི་མཚན་ཉིད་འཛིན་
པ་སྟེ། འཕེལ་བ་དང་འགྲིབ་པ་དང་གནས་པར་བྱེད་དོ། །ས་བོན་བསྐྱེད་པ་ལས་ནི་དབང་པོ་གཉིས་ནི་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའི་དུས་སུའོ། །ཐུར་དུ་བལྟས་པ་ནི་འདོད་ཆགས་ཀྱི་མེས་ཞུ་བར་གྱུར་པའོ། །གསང་བའི་སྣའི་བུ་ག་ནི་རྡོ་རྗེའི་སྦུ་གུ་ནས་འབྱུང་བའོ། །ཅི་བྱེད་ཅེ་ན།
སེམས་ཅན་རྣམས་བསྐྱེད་དེ། མེར་མེར་པོ་ལ་སོགས་པ་རིམ་གྱིས་སྐྱེ་བའོ། །དེ་ཉིད་ཀྱིས་མཆོག་འགྲུབ་པའི་ལས་ནི་སྲོག་དང་རྩོལ་བ་སྟོང་དུ་སོང་སྟེ། སྟེང་གི་སྣའི་བུ་ག་ལས་བྱུང་ནས་དབང་པོའི་སྒོ་སད་པ་ནི་དབང་པོ་ལ་གནས་པའི་རྩ་ཁ་བྱེ་བའོ། །གཡོན་དང་གཡས་ལ་སོགས་པའི་རིམ་པས་ཤེས་པ་ནི་ཐུན་ཕྱེད་པ་དང་པོ་ལ་
སོགས་པའི་བྱེ་བྲག་གི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འཐོན་པའོ། །ལྷུན་གྱིས་གྲུབ་པ་ནི་རྡོ་རྗེ་བཟླས་པ་སྟེ། རྡོ་རྗེ་དང་འདྲ་བར་བྱེད་པའི་ཕྱིར་རོ། །དེས་ནི་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཐུན་མོང་གི་དངོས་གྲུབ་སྒྲུབ་པའང་བསྟན་པར་བྱ་སྟེ། ལྕེ་རྩེ་ཤིན་ཏུ་མི་བསྐྱོད་
ཅིང་། །ཞེས་པ་ནི་གཡོ་བར་མི་འགྱུར་བའོ། །ཞི་བ་ནི་ལྟེ་བའི་རླུང་ལ་བརྟེན་པའི་བཟླས་པས་ནི་ཞི་བ་དང་བསྲུང་བ་འགྲུབ་པར་འགྱུར་རོ། །སྙིང་གའི་རླུང་ལ་བརྟེན་པའི་བཟླས་པས་ནི་རྒྱས་པ་སྟེ། ལོ་ཏོག་སྒྲུབ་པ་དང་། བུ་ཚ་བསྐྱེད་པ་དང་། ནོར་ཕྱུགས་འཕེལ་བ་དང་། བཅུད་དགུག་པ་
དང་། ཚེ་བསྲིང་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །མགྲིན་པའི་རླུང་ལ་བརྟེན་པས་ནི་དབང་སྟེ། ལྷའི་བུ་མོ་དགུག་པ་ལ་སོགས་པ་དང་། རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་དང་། ཁུགས་སུ་གཞུག་པ་ཡང་ངོ་། །གསང་བའི་རླུང་ལ་བརྟེན་པར་ནི་དྲག་པོ་སྟེ། རྨོངས་པ་དང་།
เล่ม ๓๖ · หน้า 253b
རེངས་པ་དང་། ལྐུགས་པ་དང་། སྨྱོ་འབྲོས་པ་དང་། བསད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། འཐབ་པ་དང་། དཔྲལ་བ་དང་། གཡུལ་བཟློག་པ་དང་། རི་རབ་བཤིག་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །ཟས་སྦྱོང་བ་ལ་སོགས་པའི་ལས་བསྟན་པའི་ཕྱིར། ཡི་གེ་གསུམ་པ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་གསུམ་པོ་འདིས་ཟས་སྦྱོང་སྟེ། ཨཱཿནི་རྟོགས་པར་བྱེད་པ་ཉིད་དོ། །ཨོཾ་གྱིས་ནི་འབར་བར་བྱ་བ་ཉིད་དོ། །ཧཱུཾ་གིས་ནི་སྦྱོང་བར་བྱེད་པའོ། །ཡང་ན་དེ་ལས་བཟློག་པ་སྟེ་ཅི་རིགས་སོ། །ཁ་ཟས་ནི་རྟོག་མེད་པའི་དབང་དུ་བྱས་ཏེ། ཤ་ལྔ་ལ་སོགས་པའོ། །
ཡང་ན་ནི་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་སྦྱོང་བ་སྟེ། འོས་སུ་བྱེད་པའི་ལས་ཅན་ནོ། །གཞན་གོ་སླའོ། །དེ་ནས་ཡི་གེ་བཏུ་བ་སྟོན་ཏེ། དེ་ལ་ཡི་གེ་བཏུ་བ་འདི་ཡང་གང་ལས་ཤེས་ཤེ་ན། དགོངས་པ་ལུང་སྟོན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཚོགས་ཀྱི་འཁོར་ལོའི་དབང་དུ་
བྱས་ཏེ་རྣལ་འབྱོར་པ་ལྷའི་དཀྱིལ་འཁོར་དུ་བྱས་པ་དགུ་ནི་གཙོ་བོའོ། །དེའི་དབུས་ན་རིགས་དང་པོའི་ངོ་བོ་གཅིག་པོ་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །འདི་ཡང་བཅུར་འགྱུར་བ་ནི་མེད་དོ། །ཡང་ན་ཤ་དང་བདུད་རྩི་བཅུ་ལ་སྤྱོད་ཀྱང་དེས་མ་བཅིངས་པ་ནི་དེའི་རྟོག་པ་དང་བྲལ་བའོ། །དེ་ནི་
བཅིངས་མེད་ཅེས་བྱ་སྟེ། ཞེས་པ་ནི་ཆགས་པ་མེད་པ་སྟེ། ཡི་གེ་ལས་བྱུང་བའི་དབང་དུ་བྱས་པའོ། །ཡང་ན་དང་པོ་ནི་ཡི་གེ་དྲུག་སྟེ། དེའི་གཅིག་ནི་ཡི་གེ་ཨའོ། །དགུའི་དབུས་ན་ཞེས་པ་ནི་ཤེས་རབ་ཀྱི་སྡེ་ཚན་རིང་པོ་དང་ཐུང་ངུའི་བྱེ་བྲག་གིས་དགུའི་དབུས་ནའོ། །གང་ཞིག་བཅུ་
ཡིས་མ་བཅིངས་པ་ནི་འདི་ལ་སྡེ་ཚན་བཅུ་པ་ནི་མེད་དོ་ཞེའོ། །དེ་ཤེས་པ་ནི་མཆོག་གི་གནས་ཞེས་པ་ནི་མཆོག་ཐོབ་པའི་རྒྱུའོ། །ཡང་ན་དང་པོ་གཅིག་ནི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཡི་གེ་ཨའི་གཟུགས་ཅན་ནོ། །འདི་ནི་བུ་ག་དགུའི་དབུས་སྙིང་གི་ནང་ན་གནས་པའོ། །འདི་ལ་བུ་ག་
བཅུ་བར་གྱུར་པ་ནི་གང་ཡང་མེད་དོ། །དེ་ནི་མཆོག་གནས་ཏེ་སྙིང་གའི་འཁོར་ལོའོ། །ཨས་བཅིངས་པ་ནི་ཨ་དང་རྗེས་སུ་འཇུག་པའོ། །དེ་ཤེས་པའི་ཁྱད་པར་བསྟན་པ། གང་གིས་དེ་ཤེས་འགྲོ་བའི་བླ། ཞེས་པ་ནི་ཡི་གེའི་དོན་དེ་གང་གིས་གང་གི་སྒོ་ནས་ཤེས་རབ་གསུམ་མཐར་ཕྱིན་
เล่ม ๓๖ · หน้า 254a
པ་བསླབས་པ་དེ་ནི་འགྲོ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བའོ། །འཇིག་རྟེན་ལས་འདས་པའི་ཡོན་ཏན་བསྟན་པའི་ཕྱིར་རོ། །གང་གིས་ཤེས་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། གང་གིས་ཡི་གེ་ཤེས་པ་དེ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལ་སོགས་
པ་རྣམ་པར་གྲོལ་ཞེའོ། །འབྱུང་བའི་མཐའ་ནི་ཀྵ་སྟེ། འདིས་རྣལ་འབྱོར་པའི་གསང་བའི་གཞལ་ཡས་ཁང་དུ་བཞུགས་ནས་ལས་ཐམས་ཅད་བྱེད་དོ། །གཞན་གོ་སླའོ། །ཆ་ལ་སོགས་པ་བཅུ་དྲུག་གནས། །ཞེས་པ་ནི་ཧའོ། །ལྔ་པ་ལྔ་ནི་མ་སྟེ་ཧཾ་ངོ་། །བཞི་ནི་གསུམ་དུ་ངེས་པར་
སྦྱར། །ཞེས་པ་ནི་ཧཾ་དང་ཀྵ་ལ་སོགས་པ་ལ་བརྟེན་ནས་འདིར་རྣལ་འབྱོར་པས་དབུགས་དབྱུང་བ་དང་འཇུག་པ་དང་གནས་པ་ལ་བསླབ་པར་བྱའོ་ཞེའོ། །ཡི་གེ་གསུམ་པོ་གང་ཞེ་ན། ཨཱཾ་ནི་ཨཱཾ་སྟེ་གནས་པའོ། །རིང་པོ་ནི་ཧཱུཾ་ཞེས་པའོ། །ཡོན་ཏན་སྦྱོར་བ་ནི་ཚེ་བསྲིང་བ་ལ་སོགས་པ་སྟེ་ཨོཾ་མོ། །
ཐུང་ངུ་ནི་ཨ་ཐུང་ངུ་སྟེ། ངག་མ་ལུས་པའི་རྒྱུར་གྱུར་ཅིང་ལྷན་ཅིག་ཏུ་གནས་ཞེས་པའོ། །དོན་དམ་པར་ན་ཡི་གེ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། གཅིག་མིན་དུ་མ་མ་ཡིན་ཏེ། །གཅིག་དང་དུ་མའི་རྣམ་པར་བྲལ། །ཞེའོ། །ཡ་ཡི་དོན་གྱིས་ཅི་ཡང་རུང་། །ཞེས་པ་ནི་ཡ་ནི་རླུང་སྟེ། གསང་བའི་རླུང་ལ་
བརྟེན་པས་ནི་དྲག་པོའི་ལས་ཐམས་ཅད་འགྲུབ་པར་འགྱུར་བའོ། །གཞན་གོང་དུ་བཤད་པར་བས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་སྔགས་མ་ནོར་བ་སྟོན་པས་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་གང་དུ་ཐུང་ངུ་ཞེས་བྱ་བ་དེ་ཉིད་མི་ཤེས་ནས་དྲིས་པ་དང་། ལན་དུ་འདི་ན་གསུང་རབ་འཆད་པ་
དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་གྱི་ཁམས་འདི་ནི་དེ་བཞིན་གཤེགས་པའི་གསུང་རབ་འཆད་པ་དང་། ཉན་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་ལ་སོགས་པའོ། །བྱཱ་ཀ་ར་ཎའི་ཚིག་སྔོན་དུ་བྱས་ནས་ཞེས་པ་ནི་བྱཱ་ཀ་ར་ཎའི་སྒྲ་དངོས་པོ་དང་ལས་ཀྱི་ས་ལ་སོགས་པ་
སྔོན་དུ་བཏང་བའི་སྒྲའི་དོན་འབའ་ཞིག་གི་རྗེས་སུ་འབྲང་གི་ཞེས་པ་ནི་སྒྲ་ཁོ་ན་ལ་འཇུག་གི་དོན་ལ་མ་ཡིན་ནོ་ཞེའོ། །ཡི་གེའི་དོན་ལ་གང་དུ་འཇུག་ན་སྐབས་འདིར་དོན་ལ་ཐོས་པ་ལ་སོགས་པས་མཛུབ་མོས་ཟླ་བ་སྟོན་པ་ལྟར་ནི་མ་ཡིན་ནོ་ཞེའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱི་སྤྱོད་
เล่ม ๓๖ · หน้า 254b
ཡུལ་ཏེ། ཤུགས་ཀྱི་དམ་པ་མ་ཡིན་པ་རྣམས་ཀྱི་ཡུལ་མ་ཡིན་པར་བསྟན་ཏོ་ཞེའོ། །འོ་ན་སྒྲ་ཡང་གང་གི་རང་བཞིན་ཡིན་ཞེ་ན། དེའི་ཕྱིར་སྒྲ་ནི་ཨཱ་ལི་དང་ཀཱ་ལི་རྣམས་ཀྱི་རང་བཞིན་ཞེས་པ་སྟེ། རྗོད་པར་བྱེད་པ་ཐམས་ཅད་ནི་ཨཱ་ལི་དང་ཀཱ་ལིའི་ངོ་བོ་ཉིད་དོ་ཞེའོ། །ཨཱ་ལི་དང་ཀཱ་ལི་ཞེས་པ་ཡང་
གང་ཡིན་དུ་ཞིག་ཅེ་ན་དེའི་ཕྱིར། ཨཱ་ལི་ནི་ཨ་ལ་སོགས་པ་སྟེ། འདི་ལ་བཅུ་དྲུག་ཡོད་པས་ན་འདི་ནི་བཅུ་དྲུག་གོ། །ཀཱ་ལི་ནི་ཀ་ལ་སོགས་པ་སྡེ་ཚན་བདུན་ནོ། །འདི་ལ་སུམ་ཅུ་རྩ་གསུམ་ཡོད་པས་འདི་ནི་སུམ་ཅུ་རྩ་གསུམ་མོ། །གཞན་གོ་སླའོ། །ཀའི་དོན་དང་དེ་སྟོན་པའི་སྒྲ་ལ་སོགས་
པ་ཨ་ལས་འབྱུང་ངོ་ཞེས་པ་དེ་ཡང་གང་ལས་ཤེས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པའི་མདོ་ལས་གསུངས་ཞེས་པ་ལ་སོགས་པ་སྨོས་ཏེ། འདིར་ལང་ཀར་གཤེགས་པ་ཁོ་ན་ལས་གསུངས་ཞེས་པ་ནི་མ་ཡིན་ཏེ། གསུངས་པ་ཁོ་ན་ཞེས་སྦྱར་རོ། །དཔེ་དགོད་
པའི་ཕྱིར། སྐྱེས་བུ་ལ་ལ་ཞིག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །ཚིག་དང་ངག་ལ་སོགས་པ་ནི་མིང་དང་ཡི་གེ་དང་བསྟན་བཅོས་ཏེ། དེའི་བྱེ་བྲག་གམ་ཁྱད་པར་རྣམ་པར་ཤེས་པ་ནི་གང་ཡིན་ཞེ་ན། ལན་དུ་ཨ་ཞེས་བྱ་བ་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཨ་ཞེས་བྱ་བ་ནི་མི་
ཤིགས་པའི་ཐིག་ལེ་སྟེ། སྒྲ་ཐམས་ཅད་ཀྱི་རྒྱུར་གྱུར་པའོ། །དེ་ཉིད་དགོངས་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་པའི་ལུང་གཞན་ཡོད་པའི་ཕྱིར། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །གང་གིས་གང་གི་མཚན་དང་དཔེ་བྱད་ངེས་པར་བརྗོད་
པ་དེ་ལ་དེ་སྐད་ཅེས་བྱའོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པ་ནི་ཡི་གེ་གང་ལས་མཆོག་ཏུ་གྱུར་པ་དེ་ནི་ཡིག་འབྲུ་ཀུན་གྱི་མཆོག་སྟེ། ཡི་གེ་ཐམས་ཅད་སྐྱེད་པ་དང་ཁྱབ་པ་ཉིད་དོ། །དེ་ཉིད་བསྟན་པ། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པ་དོན་ཁྱད་པར་སྟོན་པ་ཉིད་དང་། འབྱུང་བ་ཉིད་
དང་། འཐོབ་པ་ཉིད་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ་ནི་གང་ཁོང་ནས་འབྱུང་བ་དེ་ནི་ཁོང་ནས་འབྱུང་བ་སྟེ། སྐྱེས་བུ་རྣམས་ཀྱི་སྙིང་གི་ནང་ནས་འབྱུང་བའོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་ནི་ངག་གི་བརྗོད་པ་ལས་འདས་ཞེས་པའི་ཐ་ཚིག་
เล่ม ๓๖ · หน้า 255a
གོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ་ནི་ཨཱ་ལི་དང་ཀཱ་ལི་ཐམས་ཅད་འབྱུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་ནི་སྒྲ་ཐམས་ཅད་གསལ་ཞིང་ཟུར་ཕྱིན་པར་བྱེད་ཅེའོ། །དེ་སྐད་གསུངས་པ་ནི་ཐུབ་པ་ཆེན་པོས་བཀའ་སྩལ་
པའོ། །ལུང་གཞན་ལས་ཀྱང་གསལ་བར་སྟོན་པ་ཡོད་པས་དེའི་ཕྱིར་སྨྲས་པ། དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་མ་ལུས་པའི་སྒོ་ནི་ཐབས་ཏེ། གང་གིས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཐོབ་པའི་ཐབས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཚིག་ནི་དེ་སྟོན་
པའི་སྒྲའི་ཚོགས་སོ། །དེའི་རྒྱུར་གྱུར་པ་དང་ཁྱད་པ་ལ་སོགས་པ་གང་ཡིན་ཞེ་ན། །ཨའོ། །དེའི་རང་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། སྐྱེ་བ་མེད་པ་སྟེ། གང་ལ་སྐྱེ་བ་དང་བྲལ་བ་དེ་ནི་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ཞེས་བྱ་བ་ཡང་ཡོད་པའི་ཐ་སྙད་འགོག་པ་འབའ་ཞིག་ཏུ་ཟད་ཀྱིས་
མེད་པའི་ཐ་སྙད་བསྒྲུབ་པ་ནི་མ་ཡིན་ནོ་ཞེའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པར་འགག་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པར་ཡང་གསུངས་ཏེ་ཞེས་པ་ནི་གང་སྐྱེ་བ་མེར་མེར་པོ་ལ་སོགས་པའི་དུས་ན་སྐྱེ་བ་སྟེ། དེ་ཡང་གང་ལས་ཤེས་ཤེ་ན། དེའི་ཕྱིར། རྡོ་རྗེ་དཀྱིལ་འཁོར་བརྒྱན་
ཞེས་བྱ་བའི་རྒྱུད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེའི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་ཏེ། རྡོ་རྗེ་སེམས་དཔས་གཙོ་བོ་བྱས་པའོ། །དེ་ལ་མཛེས་པའམ་དེས་མཛེས་པར་བསྟན་ཏེ། དེའི་གཞུང་གི་ཚོགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་ཅི་བསྟན་ཞེ་ན། དེའི་ཕྱིར་
སྙིང་གི་དབུས་ནི་མི་ཤིགས་པ་ཞེས་པ་ནི་གནས་བསྟན་པ་སྟེ། གང་ན་གནས་ན་སྙིང་གི་དབུས་ཏེ། སྙིང་གི་དབུས་ན་རྩ་པདྨ་འདབ་མ་བརྒྱད་པའི་ཚུལ་ཅན་གྱི་དབུས་སུའོ། །གང་གནས་ཤེ་ན། མི་ཤིགས་པ་སྟེ་རླུང་མི་ཤིགས་པ་རྒྱལ་པོ་ཨའི་ངོ་བོར་གནས་སོ། །ཇི་ལྟར་གནས་ཤེ་ན། འབར་ཞིང་
ཞེས་པའོ། །དཔེ་ཉིད་བཤད་པ། མར་མེ་དག་ཀྱང་མཚུངས་ཞེས་པ་ནི་གང་ལས་གསལ་ཞིང་མི་གཡོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དོན་ཉིད་བཤད་པ། མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཞེས་པ་ནི་དངོས་པོ་དང་མཚན་མ་གཞན་དུ་མི་འགྱུར་ཞིང་རྟོག་གེ་བས་མི་ཤེས་པས་དེའི་
เล่ม ๓๖ · หน้า 255b
ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། གང་གིས་གང་དུ་བཤད་པ་དེའི་ཕྱིར་ཞེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་ནི་མི་གཡོ་བར་གྱུར་པ་སྟེ། གང་རྣམ་པར་རྟོག་པ་ཐམས་ཅད་གཡོ་བ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཨ་རྒྱུར་གྱུར་པ་ནི་ཨས་
ལུས་སྐྱེད་པར་བྱེད་པ་དང་། ཨ་ལས་ངེས་པར་བྱུང་བ་ནི་ཡི་གེ་འབྱུང་བར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བརྗོད་བཞིན་པ་ནི་འགག་པའི་ངོ་བོ་ཉིད་ཅེས་པ་ནི་ངག་གི་ཚོགས་ཐམས་ཅད་སྐད་ཅིག་མ་སྟེ། གང་ཕྱིས་བརྗོད་པར་འབྱུང་བ་ན་སྔར་བརྗོད་པ་འགགས་ཏེ་དཔེར་ན་ཆུ་བོ་བཞིན་ནོ། །
རྣམ་པར་རྟོག་པའི་མཚན་ཉིད་ཅན། །ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྟོག་བཅས་ཀྱི་གཟུང་བའི་ཆའོ། །དེ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་ཞེས་པ་ནི་དངོས་པོ་དང་མཐུན་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་གཟུང་བའི་ཆ་ཡིན་པ་དང་། ཨ་ལས་བྱུང་བར་ཤེས་པའོ། །སྒྲ་དང་སྒྲ་
མ་ཡིན་པ་ལ་ལྟོས་པ་མེད་པ་ཡང་ཨ་ལས་བྱུང་བར་ཤེས་པའོ། །སེམས་ཅན་གྱི་བསམ་པའི་དབྱེ་བས་ཤེས་པ་ནི་སེམས་ཅན་གྱི་བསམ་པའི་ཚོགས་དཔག་ཏུ་མེད་པ་དང་། མཐུན་པར་སྒྲ་སྣ་ཚོགས་ཀྱིས་ཆོས་སྟོན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་ངག་གཅིག་པས་ནི་གང་ཡང་འདུལ་
བར་མི་འགྱུར་བར་དགོངས་སོ། །ཡི་གེ་ཡང་དོན་དམ་པར་ཡོངས་སུ་དག་པ་ཡིན་ནོ་ཞེའོ། །དེ་ཡང་གང་ལས་ཤེས་ཤེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ལ་བརྟག་པ་ནི་དོན་ལ་བརྟག་པ་སྟེ། རྒྱུ་དང་ལམ་དང་འབྲས་བུ་ལ་དཔྱད་ཅིང་དེ་སྔོན་དུ་བྱའོ། །
ཡི་གེ་ལ་རྟོན་པར་མི་བྱ་བ་ནི་ཡི་གེ་ལ་དཔྱད་པ་དང་། ཡི་གེ་མངོན་དུ་མི་བྱའོ། །འོ་ན་ཡི་གེ་ལ་མི་རྟོན་པ་ཅིའི་ཕྱིར་ཞེ་ན། དེའི་ལན་དུ་ཡི་གེའི་རྗེས་སུ་འཇུག་པ་ནི་ཡི་གེ་ལ་གཞོལ་བའོ། །དེས་ཅིར་འགྱུར་ཞེ་ན། དོན་ཉམས་པར་བྱེད་ཅིང་གཞན་ཡང་ཁོང་དུ་ཆུད་པར་མི་བྱེད་དོ་ཞེས་པ་ནི་དོན་
བརྗོད་པ་ལས་འདས་ཏེ། ཡི་གེ་ལ་རྟོག་ན་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་མི་རྟོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། བརྗོད་པ་དང་བྲལ་བ་ནི་གཅིག་གིས་གཅིག་སྤངས་པ་སྟེ། རྟ་དང་བ་གླང་བཞིན་ནོ། །ཡི་གེ་ལས་གཞན་པ་ནི་དོན་དམ་པ་སྟེ། ཡི་གེ་བསྟེན་པས་ཤེས་པར་མི་འགྱུར་བ་
เล่ม ๓๖ · หน้า 256a
ནི་གོང་བཞིན་ནོ། །དེ་བས་ནི་ཡི་གེ་ནི་དོན་མ་ཡིན་ནོ། །འོ་ན་ཡི་གེས་དོན་མི་བརྗོད་པ་མ་ཡིན་ནམ། ཡི་གེ་ཞེས་བྱ་བ་འདིས་ཅི་ཞིག་བྱེད་ཅེ་ན་མ་ཡིན་ཏེ། ཡང་དག་པའི་དོན་བརྗོད་པའི་བརྡར་གྱུར་པའི་ཕྱིར་རོ། །འོ་ན་དེས་བརྗོད་པར་འགྱུར་རོ་ཞེ་ནའང་མ་ཡིན་ཏེ། བརྗོད་པར་བྱ་
བ་མི་འགྲུབ་པའི་ཕྱིར་རོ། །འོ་ན་དེས་ཅི་ཞིག་བྱེད་ཅེ་ན། བརྡ་བྱེད་པའི་ཕྱིར་རོ། །བརྡ་ཞེས་བྱ་བ་ནི་ཅི་ཞིག་བསྟན་པར་བྱའོ། །ཡོད་པ་མ་ཡིན་པས་མི་རུང་ངོ་ཞེ་ན་མ་ཡིན་ཏེ། དངོས་པོ་མེད་པ་ཉིད་བསྟན་བྱའོ། །བསྟན་བྱ་ཞེས་བྱ་བ་ཡང་ཅི་རྫས་སུ་ཡོད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ།
རྫས་སུ་མེད་པ་ལ་ཡང་དེ་ལྟར་སྣང་བའི་བློ་སྐྱེ་སྟེ། གང་ལ་ཅི་ལྟར་སྣང་བ་དེ་ནི་བསྟན་པར་བྱའོ། །འོ་ན་དེ་ཉིད་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བརྗོད་པར་བྱ་བ་ཡང་མ་གྲུབ་པའི་ཕྱིར་རོ། །འོ་ན་ཡི་གེར་སྣང་བ་ཉིད་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ལ་མེད་ཅེས་བྱ་ཞེ་
ན། མ་ཡིན་ཏེ། ཡི་གེ་ཡང་སྣང་བ་ཙམ་ཉིད་ན་རང་བཞིན་གྱིས་རྣམ་པར་དག་པ་སྟེ། མེ་ལོང་གི་གཟུགས་བརྙན་བཞིན་ནོ། །འོན་ཀྱང་ཀུན་རྫོབ་ཏུ་ནི་དོན་བྱེད་པའི་ངོ་བོར་རྣམ་པར་གནས་སོ། །བརྡ་ཞེས་བྱ་བ་ཡང་ཇི་ལྟ་བུ་ཞིག་ཅེ་ན། ལ་ལས་སོར་མོའི་རྩེ་མོ་གཅིག་ལ་དངོས་པོ་གཅིག་
བྱ་བ་ལ་སོགས་པ་སྨོས་ཏེ། སོར་མོའི་རྩེ་མོས་བསྟན་པ་ནི་བྱིས་པ་ལ་སོར་མོ་བསྒྲེང་སྟེ་དེས་ཟླ་བ་བསྟན་ན་དོན་ལ་རྟོག་པ་ནི་ནམ་མཁའི་ཟླ་བ་རྟོག་པ་བཞིན་ནོ། །སྒྲ་ལ་རྟོག་པ་ནི་སོར་མོ་ཟླ་བར་རྟོག་པ་བཞིན་ནོ། །སོར་མོ་འདིས་ཟླ་བ་སྟོན་པ་ནི་གཞན་ལ་ཤེས་པ་བསྐྱེད་པའི་དོན་དུ་བརྡ་ཕྲད་སླ་
བར་བྱེད་དོ། །དངོས་པོ་ལ་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་སྒྲ་ལ་ནི་དོན་མེད་ཀྱི་སོར་མོ་བཞིན་ནོ། །དོན་ལ་ནི་དོན་ཡོད་པར་འགྱུར་ཏེ་ནམ་མཁའི་ཟླ་བ་བཞིན་ནོ། །དོན་མེད་པའི་སྒྲས་ཀྱང་དེ་སྟོན་པར་མི་ནུས་ཏེ། མཛུབ་མོས་ཟླ་བ་སྟོན་པ་བཞིན་ནོ། །གཞན་གོ་སླའོ། །ཚིག་ལ་ཡང་དབྱེ་བ་དུ་ཞིག་
ཡོད་ཅེ་ན། རྣམ་པ་བཞི་ཡོད་དེ་ཞེས་པ་ནི་འདི་ལ་བཞི་ཡོད་པས་ན་རྣམ་པ་བཞིའོ། །དེ་ཡང་གང་ཞེ་ན། མཚན་ཉིད་ཀྱི་ཚིག་དང་ཞེས་པ་ལ་སོགས་པའོ། །དེ་ཉིད་མི་ཤེས་ནས་དྲིས་པ། མཚན་ཉིད་ཀྱི་ཚིག་ཀྱང་གང་ཡིན་ཞེ་ན། རང་གི་རྣམ་པར་རྟོག་པ་གཟུགས་ལ་མཚན་མར་མངོན་པར་ཞེན་པ་ལས་བྱུང་
เล่ม ๓๖ · หน้า 256b
ངོ་ཞེས་པ་ནི་གཟུགས་ཀྱི་ཤེས་པ་རྐྱེན་བཞི་ལས་སྐྱེས་པས་ཏེ། དེ་ལས་ཡི་གེའི་གཟུགས་སྣང་ངོ་། །དེ་ལས་སྒྲར་འབྱུང་ངོ་། །དེ་བས་ན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་རྨི་ལམ་གྱི་ཚིག་གང་ཞེ་ན། སྔོན་མྱོང་བའི་ཡུལ་རྗེས་སུ་དྲན་པ་ནི་རྨི་ལམ་མ་ཡིན་པའི་དུས་ན་མྱོང་
བའི་ཡུལ་གྱི་བག་ཆགས་ཤེས་པ་ལ་ཡོད་པའོ། །དེའི་བག་ཆགས་རྨི་ལམ་ནི་མྱོང་སྟེ། དེ་ལས་བྱུང་བའི་ཚིག་དང་། རྟོག་པའི་ཡུལ་མེད་པ་ལས་བྱུང་བ་ནི་སྔོན་མ་མཐོང་བའི་ཡུལ་རྨི་ལམ་ན་མཐོང་སྟེ། དེ་ལས་བྱུང་བའི་ཚིག་གོ། །དེ་ལ་རྨི་ལམ་གྱི་ཚིག་ཅེས་ཅིའི་ཕྱིར་ཞེ་ན། རྨི་ལམ་
ན་བརྡར་བཏགས་ཀྱང་རུང་། སད་ནས་བརྡར་བཏགས་ཀྱང་རུང་སྟེ། རྨི་ལམ་གྱི་ཡུལ་ལས་བྱུང་བའི་ཕྱིར་རྨི་ལམ་གྱི་ཚིག་ཅེས་བྱའོ། །གནས་ངན་ལེན་གྱི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་ཚིག་གང་ཞེ་ན། སེམས་ཅན་རྣམས་ཀྱིས་མངོན་བྱས་པའི་ལས་ནི་ཐོག་མ་མེད་
པའི་དུས་ནས་བསགས་པའི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ལས་རྣམས་ཏེ། དེ་དག་རང་གི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཡོངས་སུ་བསྒོས་ཤིང་རྗེས་སུ་དྲན་པ་ལས་བྱུང་བའོ། །ཐོག་མ་མེད་པའི་དུས་ཀྱི་ཚིག་གང་ཞེ་ན། ལན་དུ་ཐོག་མ་མེད་པའི་དུས་
ནས་སྤྲོས་པ་ལ་མངོན་པར་ཞེན་པ་ནི་ནམ་མཁའ་ནམ་ཡོད་པའི་དུས་ནས་རང་གི་གཟུགས་ལ་སོགས་པ་ལ་བཏགས་ཤིང་ཡུལ་དུ་བྱས་ཏེ་དེ་ལ་ཞེན་ཅིང་ཆགས་པའོ། །དེའི་བག་ཆགས་རང་གི་ཤེས་པ་ལ་བཞག་སྟེ། དེའི་ས་བོན་ལངས་ནས་ཕྱིས་ཡུལ་དྲན་ཞིང་རང་གི་ཚིག་འབྱུང་བའོ། །
རིགས་པ་འདིས་ན་ཞེས་པ་ནི་གཏན་ཚིགས་དེའི་ཕྱིར་ཞེས་པ་སྟེ། འདི་ནི་ལུང་གི་གཏན་ཚིགས་སོ། །སྒྲ་རྣམས་ནི་སྒྲ་རྣམ་པ་བཞིའོ། །གང་ལས་བྱུང་ཞེ་ན། ཡི་གེ་ཨ་ལས་བྱུང་བ་སྟེ། མི་ཤིགས་པ་ལས་སྐྱེ་ཞེས་པའི་ཐ་ཚིག་གོ། །ཨ་དེ་ཡང་རྟག་པའམ་མི་རྟག་པ་ཞིག་ཅེ་ན། མི་
འགྱུར་བ་ནི་མི་འཇིག་པ་སྟེ་ཞེས་པ། དེ་ཉིད་གཟུང་བ་དང་། འཛིན་པ་གཞན་དུ་མི་འགྱུར་བའི་ཚུལ་གྱིས་རྟག་པ་སྟེ། བཏགས་པའོ། །དོན་དམ་པར་ནི་རྟག་པ་དང་། མི་རྟག་པ་ཞེས་བྱ་བ་གང་དུ་ཡང་མ་གྲུབ་པོ། །སྒྲ་མི་བདེན་པ་ནི་མི་རྟག་པ་སྟེ། སྒྲ་སྐད་ཅིག་མ་ཡིན་པའི་ཕྱིར་མི་
เล่ม ๓๖ · หน้า 257a
རྟག་པ་ཉིད་དོ། །དེས་བསྟན་པའི་དོན་ནི་རྟག་པ་དང་མི་རྟག་པ་གང་དུ་ཡང་མ་གྲུབ་པོ། །དེ་ཅིའི་ཕྱིར་ཞེ་ན། མ་བཅོས་པ་ཐོག་མ་ཐ་མ་མེད་པ་སྟེ། དེ་དག་གིས་དམིགས་པ་ལ་སོགས་པ་དང་བྲལ་ཞེས་པ་ནི་ལྷག་མའོ། །དེ་ཡང་གང་ལས་ཤེས་ཤེ་ན། ཚུལ་གཅིག་པར་བསྟན་པའི་
མདོ་ལས་གསུངས་ཞེས་སྦྱར་ཏེ། ཆོས་འདི་སྒྲ་སྐད་དག་གིས་ལུང་བསྟན་ཏེ་ཞེས་པ་ནི་རྒྱུ་དང་འབྲས་བུ་དང་ལམ་དང་སྤང་བར་བྱ་བ་ཐམས་ཅད་སྒྲའི་ཚོགས་ཀྱིས་བསྟན་ཞིང་བཤད་ཅེས་པའོ། །སྒྲ་དང་དོན་ཞེས་བྱ་བ་ཡང་ཅི་རྫས་སུ་ཡོད་པ་ཞིག་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན་མ་ཡིན་ཏེ། ཆོས་
དང་སྒྲ་དག་འདིར་ནི་སྣང་མི་འགྱུར། །ཞེས་པ་ནི་དོན་དམ་པར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་གཉིས་སུ་མེད་ཅིང་དབྱེར་མེད་པའོ། །འོ་ན་གཉིས་སུ་མེད་པར་ཤེས་པ་དེས་ཅི་ཞིག་བྱ་ཞེ་ན། ཆོས་ཉིད་ཚུལ་གཅིག་ནི་གཉིས་སུ་མེད་པ་སྟེ། ཤེས་པར་བྱ་བའི་ཡུལ་ལོ། །དེ་ལ་འཇུག་
པར་བྱེད་པ་ནི་དེ་རྟོན་པར་བྱེད་པའི་རྣལ་འབྱོར་པའོ། །དེས་ཅིར་འགྱུར་ཞེ་ན། བཟོད་མཆོག་བླ་ན་མེད་ལ་རེག་པར་འགྱུར། །ཞེས་པ་ནི་བཟོད་པ་གསུམ་དང་། ཆོས་ཀྱི་མཆོག་གསུམ་དང་། རབ་ཏུ་དགའ་བ་ནས་བཅུ་པ་ནི་ལྟོས་ནས་བླ་ན་མེད་པའོ། །ཀུན་དུ་འོད་ཀྱི་ས་ནི་དངོས་སུ་བླ་ན་མེད་
པ་སྟེ། དེ་ལ་རེག་པ་ནི་དེ་ཐོབ་པར་འགྱུར་བའོ། །དེ་དགོངས་པ་ཅན་མ་ཡིན་ནམ་ཞེ་ན་མ་ཡིན་པའི་ཕྱིར་ལུང་གཞན་བཤད་འདོད་ནས་གསུངས་པ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས་ཤེས་པ་ལ་སོགས་པ་གསུངས་ཏེ། གསང་བའི་བདག་པོ་ཞེས་
པ་ནི་བོད་པ་སྟེ། གང་གིས་ཞུས་པ་དེའི་ལན་གདབ་པའི་ཕྱིར་རོ། །གསང་སྔགས་ཀྱི་མཚན་ཉིད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུ་དང་བཅས་པའོ། །ཡེ་ཤེས་དེ་ཉིད་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་བྱས་པ་ནི་མ་བཅིངས་པ་སྟེ། བྱ་བ་དང་བྱེད་པ་ལ་སོགས་པ་
དང་བྲལ་ཞེའོ། །རྗེས་སུ་ཡི་རང་བ་མ་ཡིན་པ་ནི་ཡི་རང་བའི་ཡུལ་མེད་པའི་ཕྱིར་རོ། །གཞན་གོ་སླའོ། །དེ་ལྟར་ངག་གི་དབྱེ་བ་དང་རྒྱུད་དང་ནུས་པ་ལ་སོགས་པ་བཤད་ནས། དེ་ནས་གསུང་རྡོ་རྗེ་བསྟན་ཏེ། དེའི་ཕྱིར་རྫོགས་པ་དང་མ་རྫོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་
เล่ม ๓๖ · หน้า 257b
སྐབས་འདི་ཉིད་ཀྱི་དགོངས་པ་བསྟན་ཏོ། །དེ་ཉིད་བཤད་པ་ལུང་གང་ལས་ཤེས་ཤེ་ན། དེའི་ཕྱིར་མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་འམ་ཅིའི་བདག་པོ་ཞེས་པ་ནི་བོད་པའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་གང་ཙམ་ལས་བྱུང་ཞེས་པ་ནི་སྒྲ་གང་ལས་
བྱུང་བ་མི་ཤེས་ནས་དྲིས་པའོ། །དེའི་ལན་དུ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ནི་ནམ་མཁའ་ལས་འབྱུང་ངོ་ཞེས་པ་སྟེ། སྒྲ་ཐམས་ཅད་ནི་རང་བཞིན་མེད་ཅིང་འདུས་མ་བྱས་པ་ལས་བྱུང་བར་དགོངས་སོ། །དེའི་གཞི་ལས་ཐེ་ཚོམ་དུ་གྱུར་ནས་དྲིས་པ། སྒྲ་སྐད་ཁོང་པའི་ནང་ནས་མི་འབྱུང་ངམ་
ཞེས་པ་ནི་ལུས་དང་སེམས་འདུས་པའི་སྒྲ་ཁོང་པ་ནས་མི་འབྱུང་ངམ་ཞེས་དྲིས་པའོ། །ལན་དུ། ཁོང་པ་ནས་འབྱུང་ངམ། སེམས་ལས་འབྱུང་ཞེས་དྲིས་པ་ནི་ལུས་སེམས་གཉིས་ཀྱི་བརྟག་པ་འདྲི་བའོ། །དེའི་ལན་དུ། ལུས་ལས་ཀྱང་མ་ཡིན། སེམས་ལས་ཀྱང་མ་ཡིན་ནོ་ཞེས་པ་ནི་
ལུས་དང་སེམས་གཉི་ག་ལས་མི་འབྱུང་བའོ། །དེ་གཉི་ག་ལས་མི་འབྱུང་བའི་དེ་ཅིའི་ཕྱིར་ན་ཞེས་དྲིས་པ་དང་། ལུས་ལས་མི་འབྱུང་བའི་ལན་གདབ་པ་ལུས་ནི་བེམས་པོ་སྟེ། རིག་པའི་ངོ་བོ་མ་ཡིན་པའོ། །སེམས་དཔའ་མ་ཡིན་པའི་ཕྱིར་གཡོ་བ་མེད་པའོ། །རྒྱུ་དང་རྐྱེན་མ་
ཡིན་པས་བྱེད་པ་མེད་པའོ། །དཔེ་བསྟན་པ་རྩ་ལ་སོགས་པ་དང་འདྲའོ། །འོ་ན་སེམས་ནི་དེ་ལས་བཟློག་པར་འབྱུང་ངོ་ཞེ་ན་མ་ཡིན་ཏེ། གང་ལ་འཕེལ་འགྲིབ་དང་། ཡུལ་བསྟན་པ་དང་། རེག་པ་ལ་སོགས་པ་མ་ཡིན་པས་གཟུགས་མེད་པའོ། །འདི་ན་འོ་ཞེས་མེད་པས་བསྟན་
དུ་མེད་པའོ། །གོ་གཅོད་པ་དང་སྒྲིབ་པ་མེད་པས་ཐོག་མ་མེད་པའོ། །དགེ་བ་དང་མི་དགེ་བ་མེད་པས་རྣམ་པར་རིག་པ་མེད་པའོ། །དེའི་ཕྱིར་སྒྲའི་རྒྱུ་མ་ཡིན་ནོ། །དེ་ལྟར་ལུས་སེམས་གཉི་ག་རྒྱུ་མ་ཡིན་ན་གང་ལས་འབྱུང་སྙམ་ནས་དྲིས་པ་དང་། ལན་དུ་སེམས་ཅན་རྣམས་ཀྱི་སྒྲ་ནི་ནམ་མཁའ་
ལས་བྱུང་བར་རྟོགས་སོ་ཞེས་པ་ནི་སེམས་ཅན་གྱི་ངག་གི་ཚོགས་ཀྱི་སྒྲ་ནི་སྟོང་པ་ལས་བྱུང་ཞེའོ། །གཞན་ཡང་རྒྱུ་ཡོད་སྙམ་ནས་ནམ་མཁའ་མེད་ན་སྒྲ་གང་ལས་འབྱུང་ཞེས་དྲིས་པ་དང་། རྒྱུ་གཞན་མེད་པའི་ཕྱིར་ནམ་མཁའ་མ་གཏོགས་པར་གཞན་ལས་སྒྲ་འབྱུང་བར་འགྱུར་ཏེ་མི་འགྱུར་
เล่ม ๓๖ · หน้า 258a
རོ་ཞེས་བྱ་བ་སྟེ་གོ་སླའོ། །ནམ་མཁའ་ལས་སྒྲ་འབྱུང་བ་ཉིད་ཀྱང་ཅིའི་ཕྱིར་སྙམ་པ་ལ། ནམ་མཁའི་ངོ་བོ་ཉིད་ནི་སྒྲ་སྟེ། ནམ་མཁའི་རང་བཞིན་ནི་སྒྲའི་རང་བཞིན་ཞེའོ། །དེ་ཉིད་ཅིའི་ཕྱིར་སྙམ་པ་ལ། རྣམ་པར་རིག་མ་ཐག་ཏུ་འགག་སྟེ་མི་རྟག་ཅིང་གཟུང་དུ་མེད་པའི་ཕྱིར་
རོ། །འགགས་ནས་ཅིར་འགྱུར་ཞེ་ན། ནམ་མཁའི་ངོ་བོ་ཉིད་དུ་ཡང་དག་པ་གནས་ཏེ་སྟོང་པར་འགྱུར་ཞེའོ། །འོ་ན་ཡི་གེ་ནི་ནམ་མཁའི་ངོ་བོ་ཉིད་ཡིན་ཡང་གནས་མ་ཡིན་ནོ་སྙམ་པ་ལ། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་སྟེ་ནམ་མཁའ་ལྟར་རང་བཞིན་མེད་པའོ། །རྣམ་པར་རིག་
པ་མེད་པ་ནི་རྣམ་པར་རིག་པ་དང་བྲལ་བའོ། །རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་ནི་གཉིས་སུ་མེད་པའི་ཕྱིར་རོ། །འོ་ན་སྒྲ་ཡང་མི་འབྱུང་བ་ཉིད་དོ་ཞེ་ན། རང་བཞིན་མེད་པ་ཡང་སྒྲའི་བརྡས་བརྗོད་པ་དེས་ནི་སྒྲ་བརྗོད་པ་ཉིད་དེ། གང་གིས་གང་བརྗོད་པ་དེས་ནི་སྒྲ་བརྗོད་པ་ཉིད་དོ། །འོ་ན་དེ་ནམ་
མཁའ་དང་འདྲ་བ་མ་ཡིན་ནོ་ཞེ་ན། བརྗོད་པ་དེ་ཡང་ཐ་སྙད་དེ་སྒྱུ་མ་ཙམ་ཉིད་དོ། །དེས་ཅིར་འགྱུར་ཞེ་ན། བརྗོད་པ་འདི་འདྲ་བར་རབ་ཏུ་ཤེས་པ་ནི་སྒྲ་ཉིད་ནམ་མཁའ་དང་འདྲ་བར་ཤེས་པའོ། །ཆོས་གང་ལ་ཡང་། མངོན་པར་མི་ཆགས་པ་ནི་ཡུལ་དང་ཡུལ་ཅན་དུ་མ་གྲུབ་ཅིང་དེའི་རྣམ་
པ་དང་བྲལ་བའི་ཕྱིར་རོ། །མ་ཆགས་པས་ཅིར་འགྱུར་ཞེ་ན་རྣམ་པར་མི་འཕྲོ་སྟེ། ཡུལ་ཐམས་ཅད་ལ་མི་འཛིན་པའོ། །མི་འཕྲོ་བས་ཅིར་འགྱུར་ཞེ་ན་མི་འཁོར་ཏེ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་གྲོལ་ཞེའོ། །མི་འཁོར་བས་ཅི་འགྱུར་ཞེ་ན། མི་ཕྱེད་པ་སྟེ། མྱ་ངན་ལས་འདས་པ་དང་
དབྱེར་མེད་པའོ། །གཞན་གོ་སླའོ། །སྟོང་པ་དང་གང་ཟག་ཏུ་ཡང་བཟོད་ཅེས་པ་ནི་སྟོང་པ་དང་གང་ཟག་གི་རྣམ་པ་དང་བྲལ་བའོ། །འོ་ན་གང་ཟག་ཉིད་དམ་དེ་ལས་གཞན་གནས་མེད་པ་ཞེས་བྱ་བ་ཉིད་ཙམ་ན་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པ་སྟེ།
གདོད་མ་ནས་སྟོང་པའི་ཕྱིར་རོ། །རྨི་ལམ་གྱི་ངོ་བོ་ཉིད་ཀྱིས་སྨོན་པ་མེད་པའོ་ཞེས་པ་ནི་རྨི་ལམ་གྱི་གཟུགས་ལ་སོགས་པ་དང་བྲལ་བ་མེད་པར་ཡེ་ནས་བྲལ་བ་ཉིད་འདྲ་བའི་ཕྱིར་རོ། །གཞན་གོ་སླའོ། །འོ་ན་ཆོས་ཐམས་ཅད་རབ་ཏུ་འབྱུང་ཞིང་རྣམ་པར་དག་པ་ཉིད་ཡིན་ན། དེ་ལྟ་ན་ནི་ཆོས་ཀྱི་སྐུ་ཐོབ་
เล่ม ๓๖ · หน้า 258b
ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང་། བདག་ལ་བསྙེན་བཀུར་བྱེད་པ་མེད་པར་འགྱུར་རོ་ཞེ་ན། ཆོས་ཐམས་ཅད་ནི་རང་བཞིན་གྱིས་དག་པ་སྟོང་པ་ཉིད་ཡིན་ཡང་དོན་བྱེད་པ་དང་བཀུར་སྟི་ལ་སོགས་པ་ནི་ཡོད་པར་འགྱུར་ཏེ། དེ་ཡང་གང་ལས་ཤེས་ཤེ་ན། ཆོས་ཐམས་
ཅད་དུ་འཇུག་པ་བསྟན་པའི་མདོ་ལས་གསུངས་ཞེས་སྦྱར་རོ། །ལྷའི་བུ་ཞེས་པ་ནི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་བོས་པའོ། །སྒྲ་གྲགས་པ་ལ་འཇུག་པས་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པའོ། །གཞན་གོ་སླའོ། །ངག་རྣམ་པར་དབེན་པ་བསྡུས་པ་ལ་
ཐེ་ཚོམ་གཅོད་པ་ནི་རླུང་དང་སྔགས་དང་དེའི་རང་བཞིན་དང་། འབྲས་བུ་དང་། གང་ཟག་གི་ཁྱད་པར་དང་། ནུས་པ་དང་། ལས་དང་ཡོན་ཏན་དང་། དེ་ཉིད་ཀྱི་ལུང་རྒྱུད་དང་མདོ་དང་། རིགས་པ་ལ་སོགས་པ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བར་གྱུར་པ་དེ་རྣམ་པར་བཅད་པའི་ཕྱིར་རོ། །
གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱོད་པ་བསྡུས་པའི་སྒྲོན་མའི་འགྲེལ་པ་ལས་ལེའུ་གསུམ་པ་བཤད་པའོ།། །།དེ་ནས་སེམས་རྣམ་པར་དབེན་པ་ལ་བསླབ་པར་བྱ་སྟེ། དེའི་ཕྱིར་རྡོ་རྗེ་སློབ་མས་གསོལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་རྣམ་པར་དབེན་པ་ལ་སློབ་
པར་འཚལ་ན་ཞེས་པ་ནི་སེམས་ཡོངས་སུ་དག་པ་དང་། དངོས་པོ་སེམས་ཙམ་དུ་བྱེད་པར་འདོད་པའོ། །ཟབ་མོ་ལ་ལྷག་པར་མོས་པ་ནི་བསྒོམ་པ་ལ་མཆོག་ཏུ་གཞོལ་བའོ། །དེ་ལ་གཉིས་ཏེ། དེ་ཁོ་ན་ཉིད་ལ་གཞོལ་བ་དང་། མངོན་པར་རྟོགས་པ་ལ་གཞོལ་བ་ལས་འདིར་ནི་དང་པོའི་དབང་དུ་
བྱས་པའོ། །དེ་ལ་ཕན་པར་བྱ་བ་ནི་དེས་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཞེའོ། །རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། །ཞེས་པ་ནི་བདག་ཅག་གི་སེམས་ཀྱི་སོམ་ཉི་བསལ་དུ་གསོལ་ཞེའོ། །དེ་སྐད་ཅེས་དྲིས་པ་དང་། ལན་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
མན་ངག་ནི་ནུས་པ་ཁྱད་པར་ཅན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་གང་ཟག་ཐམས་ཅད་ཀྱི་ཐུན་མོང་གི་སྤྱོད་ཡུལ་ཡིན་ནམ་སྙམ་པ་ལ་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཞེས་པ་ནི་ཁ་ཕྱིར་བལྟས་པ་ནི་གཉིས་ཏེ། སྤྱིའི་དབང་དུ་བྱས་པ་དང་། བྱེ་བྲག་གི་དབང་དུ་བྱས་པའོ། །
เล่ม ๓๖ · หน้า 259a
དེ་ལ་སྤྱིའི་དབང་དུ་བྱས་པ་ནི་ཕྱི་རོལ་མུ་སྟེགས་པ་སངས་རྒྱས་ཀྱི་བསྟན་པ་དང་ཞེ་འགྲས་པ། ལོག་པའི་བདུད་ཀྱིས་བསླུས་པ། དམ་པ་མ་ཡིན་པ་བསྟེན་པ། དམ་པ་ཡང་དག་པར་སྤོང་བ་སྟེ། དེའི་ཡང་ཡུལ་མ་ཡིན་ནོ། །བྱེ་བྲག་གི་དབང་དུ་བྱས་པ་ནི་འཕགས་པ་ཉན་
ཐོས་དང་། རང་རྒྱལ་བ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཡང་མ་ཡིན་ནོ། །དེ་བས་ན་གསང་བ་འདུས་པ་སྤངས་པའི་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། གཉི་གའི་རྒྱུད་དང་། བླ་ན་མེད་པའི་རྒྱུད་གཞན་ལ་གནས་པའི་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་འདིའི་
རིགས་ཅན་མ་ཡིན་ཏེ། གང་རིགས་ཅན་མ་ཡིན་པ་དེ་ནི་འདི་ལ་འཇུག་པར་མི་བྱེད་དོ། །གང་མ་ཞུགས་པ་དེས་ནི་ཉོན་མོངས་པ་སྤོང་བར་མི་འགྱུར་རོ། །གང་གི་ཉོན་མོངས་པ་སྤངས་པ་དེ་ནི་འབྲས་བུ་རྣམ་པ་གཉིས་ཐོབ་པར་མི་བྱེད་དོ། །དེ་བས་ན་དེ་དག་ཀྱང་ཕྱིར་བལྟས་པ་ཡིན་ནོ། །འོ་ན་དགེ་
སློང་དག་པ་གང་ཞིག་གིས། །གསང་བ་མཆོག་ནི་སྤྱད་པར་བྱ། །ཞེས་བྱ་བ་ཅི་ཞིག་ཅེ་ན། དེ་ནི་དགེ་སློང་གི་བསླབ་པ་དང་བྲལ་བས་མ་ཡིན་གྱིས། དགེ་སློང་གི་བསླབ་པ་ལ་གནས་པ་དེས་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གཞི་དང་མ་བྲལ་བའི་ཕྱིར་རོ། །འོ་ན་དགེ་སློང་གི་བསླབ་
པ་ལ་མི་གནས་པའི་གང་ཟག་གིས་མཆོག་འགྲུབ་པར་འགྱུར་གྱི། དགེ་སློང་གི་བསླབ་པ་ལ་གནས་པས་ནི་མ་ཡིན་ནོ་ཞེས་འབྱུང་ངོ་ཞེ་ན་མ་ཡིན་ཏེ། མི་གནས་པ་ཞེས་བྱ་བ་ནི་གཉིས་ཏེ། སྤངས་ནས་མི་གནས་པ་དང་སྐྱེས་ནས་མི་གནས་པའོ། །དེ་ལ་སྤངས་ནས་མི་གནས་པ་ནི་དཔེར་ན་ལྷ་
སྦྱིན་གྲོང་ཁྱེར་དང་བྲལ་ན་གྲོང་ཁྱེར་ན་མི་གནས་པ་སྟེ། དེ་ལྟ་བུ་ནི་མ་ཡིན་ནོ། །འདི་ནི་སྐྱེས་ནས་མི་གནས་པ་སྟེ་སྐྱེས་བུ་བོང་ཚད་ཁྲུ་གང་ལ་གནས་པ་མ་ཡིན་ཞེས་པ་ལྟ་བུའོ། །དེ་བས་ན་འདི་ནི་བོགས་ཕྱུང་བའོ། །མི་གནས་ཞེས་བྱ་བ་འདི་ཡང་སྒྲ་བྱེ་བྲག་མེད་པ་ཡིན་ཏེ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་ལ། རིགས་ཀྱི་བུ་མི་གནས་པ་ཞེས་བྱ་བ་ནི་སྒྲ་བྱེ་བྲག་མེད་པ་སྟེ་གནས་སྐབས་ཀྱིས་ཤེས་པར་བྱའོ། །གནས་སྐབས་ཀྱང་གང་དུ་བྱ་ཞེ་ན། འདི་ལྟར་དགེ་བའི་གནས་སྐབས་སུ་མི་དགེ་བ་སྤངས་ནས་མི་གནས། དགེ་བ་བོགས་ཕྱུང་སྟེ་མི་གནས་སོ། །མི་དགེ་
เล่ม ๓๖ · หน้า 259b
བའི་གནས་སྐབས་སུ་ནི་དེ་ལས་བཟློག་པའོ། །གང་དེ་ལ་ཕན་པ་ནི་ཐེག་པ་ཆེན་པོ་གསང་བ་འདུས་པའི་རྣལ་འབྱོར་རོ། །ཡུལ་མ་ཡིན་པ་ནི་དེ་ལས་གཞན་པའི་རིགས་སོ། །དེ་བས་ན་གསང་བ་འདུས་པས་ནི་ཐམས་ཅད་གྲོལ་ན་ཐབས་གཞན་ཡང་དོན་མེད་པར་འགྱུར་རོ། །ཤིན་ཏུ་ཟབ་པ་ནི་
རྟོགས་པར་དཀའ་བའོ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་སངས་རྒྱས་ཀྱིས་མཁྱེན་པའི་ཡུལ་དུ་གྱུར་པའོ། །དེ་གང་ཡིན་ཞེ་ན་སེམས་ཏེ། དོན་ལ་སེམས་པ་དང་སྣ་ཚོགས་པའི་ཕྱིར་རོ། །སེམས་དེ་ཡང་མཚན་ཉིད་ཇི་ལྟ་བུ་ཞེ་ན། གནས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །
དེ་ཉིད་གང་ལས་གསུངས་ཤེ་ན། རྒྱུད་ཐམས་ཅད་བསྟན་པ་ཞེས་བྱ་བས་བསྟན་ཏོ། །འོ་ན་སེམས་ཀྱི་མཚན་ཉིད་དེའང་གང་ལ་བསྟན་ནས་ཤེས་པར་བྱ་ཞེ་ན། རྡོ་རྗེ་ཐེག་པ་ལ་གནས་ནས། །སངས་རྒྱས་ཉིད་ཐོབ་པར་འདོད་པ་ཞེས་པ་ལ་རྡོ་རྗེ་ཐེག་པ་ནི་ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་ཉིད་ལམ་
དུ་བཤད་དོ། །དེ་ལ་གནས་པ་ནི་སྒྲུབ་པ་པོ་ཉིད་དོ། །དེས་ཐོབ་པར་བྱ་བ་གང་ཡིན་ཞེ་ན། འབྲས་བུ་སངས་རྒྱས་ཉིད་དེ། ཟག་བཅས་དང་ཟག་མེད་ཀྱི་ས་བོན་སྤངས་པ་དང་རྒྱས་པའི་སངས་རྒྱས་སོ། །ཐོབ་པར་འདོད་པ་ནི་རག་ལས་པ་ནི་རག་ལས་པའི་ཚུལ་གྱིས་འབྲེལ་པའོ། །དེས་གང་
ལ་བརྟེན་ཞེ་ན། དགེ་བའི་བཤེས་གཉེན་བླ་མ་དམ་པ་ལ་བརྟེན་ཞིང་བླ་མ་མཉེས་པར་བྱའོ། །བླ་མ་ལས་ཀྱང་ཅི་བཙལ་ཞེ་ན། རང་གི་སེམས་ཀྱི་ངོ་བོ་ཉིད་དེ། སེམས་ཀྱི་རང་བཞིན་བླ་མ་ལ་བརྟེན་ནས་ཤེས་པར་བྱའོ་ཞེའོ། །བླ་མས་ཀྱང་གང་ལ་བརྟེན་ཞེ་ན། དེ་བཞིན་གཤེགས་པའི་
རྒྱུད་ལ་བརྟེན་ནས་ཤེས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བུ་ཞེས་པ་ནི་བོད་པའོ། །མཉམ་པར་གཞག་པས་རང་གི་སེམས་སོ་སོར་རྟོགས་ཤིག་ཅེས་པ་ནི་ལེགས་པར་ལུང་བསྟན་པ་སྟེ། མཉམ་པར་
གཞག་པ་ནི་བསྒོམ་པའོ། །དེས་རང་གི་སེམས་སོ་སོར་རྟོགས་ཤིག་ཅེས་པ་ནི་སེམས་ཇི་ལྟ་བུ་ཡིན་པ་ཤེས་པར་གྱིས་ཤིག་པའོ། །དེ་ཉིད་གང་ལ་བརྟེན་ནས་རྟག་སྙམ་པ་ལ། དཔལ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །
เล่ม ๓๖ · หน้า 260a
དེ་ཉིད་གང་ཡིན་སྙམ་པ་ལ། རང་གི་སེམས་ཡང་དག་པ་ལྟ་བ་བཞིན་དུ་ཡོངས་སུ་ཞེས་པ་སྟེ། རྒྱུ་དང་འབྲས་བུ་མི་དམིགས་པ་ལ་སོགས་པའོ། །འོ་ན་སེམས་དེ་ཡང་གཅིག་གམ་དུ་མ་ཞེ་ན། གཅིག་པ་སྟེ་དེ་གང་ལས་ཤེས་ཤེ་ན། སྡེ་སྣོད་གསུམ་གྱི་ཚུལ་ལས་ཞེས་པ་ལ་སོགས་
པ་སྨོས་ཏེ། གཅིག་པུ་འགྲོ་ཞིང་རིང་དུ་རྒྱུ། །ཞེས་པ་ནི་སེམས་ནི་གཅིག་པུ་ཡིན་ཏེ་བགྲང་བའི་རྫས་དང་བྲལ་བའི་ཕྱིར་རོ། །དེ་སྐད་ཅིག་ཀྱང་གནས་པར་མི་བྱེད་པས་འགྲོ་བའོ། །གང་དུ་ཞེ་ན་རིང་དུ་སྟེ། ཉི་མ་བདུན་གྱི་ལམ་ཡང་སྐད་ཅིག་ཙམ་གྱིས་ཕྱིན་པར་བྱེད་པ་སྟེ། དེའི་ཕྱིར་དེ་ལ་དེ་སྐད་
ཅེས་བྱའོ། །གང་ན་གང་གནས་ཤེས། ལུས་ཀྱི་ཕུག་ནི་སྙིང་གི་དབུས་སུའོ། །ལུས་མེད་དབང་པོ་ནི་རང་གི་སེམས་ཏེ། ཐམས་ཅད་ལ་དབང་བྱེད་པ་ཉིད་དང་། བསྟན་དུ་མེད་པ་ཉིད་དང་། ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་ཡང་ངོ་། །གདུལ་བར་དཀའ་བའི་སེམས་ཀྱང་དེ་ཉིད་དེ། རི་གཟར་པོའི་ཆུ་
བཞིན་ནོ། །དེ་གང་གིས་འདུལ་ཞེ་ན། ཡང་དག་པའི་ཆོས་དགེ་བའི་ཕྱོགས་སུ་གཏོགས་པས་འདུལ་བར་བྱེད་དོ། །བཏུལ་ནས་ཅིར་འགྱུར་ཞེ་ན། བདུད་ཀྱི་བཅིངས་ལས་གྲོལ་བར་འགྱུར་ཏེ། ཕུང་པོའི་བདུད་དང་འཆི་བདག་གི་བདུད་ལ་སོགས་པ་ལས་གྲོལ་ཞིང་ཆོས་ཀྱི་སྐུ་ཡང་མྱུར་དུ་ཐོབ་
པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ་གོང་མ་དང་འབྲེལ་ཏོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པ་འདོད་པས་ཤེས་པ་ནི་ཆོས་ཀྱི་སྐུ་ཐོབ་པར་འདོད་པས་ཞེས་སྦྱར་རོ། །ཅི་བྱེད་ཅེ་ན། གཡེང་བ་དང་སྒྲིབ་པ་ཐམས་ཅད་སྤངས་ཏེ་ཞེས་པ་ནི་འདུ་
འཛི་དང་། རྟོགས་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པ་སྟེ་ཞེའོ། །དེས་ཀྱང་ཆོག་པར་མི་འགྱུར་བའི་ཕྱིར། རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ཏེ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བའི་སློབ་དཔོན་ཡིན་པའི་ཕྱིར་རམ། ཡང་ན་རྡོ་རྗེ་དང་འདྲ་བར་སློབ་པའི་
ཕྱིར་རོ། །དེ་མཆོད་པས་ཅིའི་ཕྱིར་ཞེ་ན། ཤིན་ཏུ་དྲིན་ཆེ་བའི་ཕྱིར་རོ། །དྲིན་ཡང་གང་ཞིག་ཡོད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པ་ཐོབ་པ་སྟེ། དེ་བཞིན་གཤེགས་པའི་མན་ངག་ནི་དེ་བཞིན་གཤེགས་པ་ཐོབ་པའི་ཐབས་ཀྱི་མན་ངག་གོ། །དེ་ཐོབ་པར་བྱེད་པ་ནི་
เล่ม ๓๖ · หน้า 260b
རྡོ་རྗེ་སློབ་དཔོན་ནོ། །རྡོ་རྗེ་སློབ་དཔོན་གྱིས་ཀྱང་གང་གི་རྗེས་སུ་འབྲངས་ནས་རྟོགས་པར་བྱེད་ཅེ་ན། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པའི་རྒྱུད་ནི་བཤད་པའི་རྒྱུད་དེ་རྩ་བའི་རྒྱུད་ནི་མ་ཡིན་ནོ། །དེའི་རྗེས་སུ་འབྲངས་པ་ནི་དེ་ལས་རྟོགས་
པར་བྱེད་པའོ། །གང་རྟོགས་པར་བྱེད་ཅེ་ན། རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་ཏེ། སྣང་བའི་རང་བཞིན་ལ་སོགས་པ་རྟོགས་པར་བྱེད་ཅེའོ། །དེ་ཡང་རྒྱས་པར་ནི་ལང་ཀར་གཤེགས་པ་ལས་བསྟན་པས་དེ་ལ་འཇུག་པར་བྱ་སྟེ། བློ་གྲོས་ཆེན་པོ་ཞེས་པ་ནི་བོད་པའོ། །སེམས་
ལ་རྟོག་པ་པོ་གང་ཞིག་སྙམ་པ་ལ། བྱང་ཆུབ་སེམས་དཔའ་ཞེས་སྨོས་སོ། །དེས་ཀྱང་སུའི་སེམས་ལ་བརྟགས་པར་བྱ་སྙམ་པ་ལ། རང་གི་སེམས་ཞེས་བྱ་སྟེ། རང་གི་ཇི་ལྟ་བ་བཞིན་ལ་ཡང་དེ་ལྟར་རོ། །ཇི་ལྟར་བརྟགས་ནས་ཤེས་པར་འདོད་ཅེ་ན། གཟུང་བའི་ཡུལ་ལོ། །འཛིན་པའི་
སེམས་སོ། །དཀར་པོ་ལ་སོགས་པ་འདི་ཡང་སེམས་ཀྱི་ལས་སོ། །དེ་ཤེས་པར་འདོད་པ་ནི་ཁོང་དུ་ཆུད་པར་འདོད་པའོ། །ཇི་ལྟར་བྱ་ཞེ་ན། སྤང་བར་བྱ་བ་སྤངས་པས་མཐོང་བར་འགྱུར་རོ། །སྤང་བར་བྱ་བའང་གང་ཞིག་ཡིན་ཞེ་ན། འདུ་འཛིའི་ཚོགས་ནི་ཕྱི་རོལ་གྱི་གཡེང་བའོ། །གཉིད་
ནི་འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ། །སྒྲིབ་པ་ནི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་སྟེ། ཐར་པ་མྱ་ངན་ལས་འདས་པ་ལ་སྒྲིབ་པའོ། །དེ་མེད་པར་བྱ་བ་ནི་སྤང་བར་བྱ། སེམས་ཞེས་བྱ་བ་ཡང་དུ་ཞིག་ཅེ་ན། རྣམ་པར་ཤེས་པ་གསུམ་སྟེ། སྣང་བ་ལ་སོགས་པའོ། །དེ་ཡང་
རྒྱུའམ་འབྲས་བུའི་དེ་ཉིད་གང་ཡིན་པ་མི་ཤེས་སོ་ཞེ་ན། མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་འོག་དང་ས་སྟེངས་ལ་སོགས་པ་ཡང་སེམས་ཀྱི་སྣང་བ་ཡིན་པས་རྒྱུར་གྱུར་པའོ། །སེམས་དེ་ཡང་དགེ་བ་དང་མཚུངས་པར་ལྡན་པའི་དུས་ན་མྱ་ངན་ལས་འདས་པར་ཡང་སྣང་ངོ་། །མི་དགེ་
བ་དང་མཚུངས་པར་ལྡན་པའི་དུས་ན་འཁོར་བ་ཡང་སྣང་སྟེ། དཔེར་ན་མེ་ལོང་གི་གཟུགས་བཞིན་ནོ། །རྒྱུ་བ་ནི་བཅུད་ཀྱི་འཇིག་རྟེན་ནོ། །མི་རྒྱུ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །གཟུང་བ་ནི་ཡུལ་ཏེ་གཟུགས་ལ་སོགས་པའོ། །དེ་ལ་འཛིན་པ་སེམས་ཏེ་མིག་གི་རྣམ་ཤེས་ལ་སོགས་པའོ། །
เล่ม ๓๖ · หน้า 261a
རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ནི་མ་རིག་པ་ནས་རྒ་ཤིའི་བར་ཏེ། ཤིང་རྟའི་འཁོར་ལོ་བཞིན་འཁོར་བའི་ཕྱིར་རོ། །དགེ་བ་ནི་དད་པ་ལ་སོགས་པ་སྟེ། བདེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །མི་དགེ་བ་ནི་འདོད་ཆགས་ལ་སོགས་པ་སྟེ། སྡུག་བསྔལ་
གྱི་རྒྱུར་གྱུར་པའི་ཕྱིར་རོ། །གཞན་གོ་སླའོ། །དེ་དག་ཀྱང་སེམས་ལས་བྱུང་བས་སེམས་རྒྱུར་གྱུར་པའོ། །དེ་ཡང་སེམས་ལས་ཐ་དད་པའམ་གཅིག་པ་ཡིན་ཞེ་ན། གཉིས་ཀའི་རྣམ་པ་མ་ཡིན་པའི་ཕྱིར། བཟང་སྐྱོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་ནི་མ་རིག་པ་ནས་
རྒ་ཤིའི་བར་དུ་སྟེ། འཁྲུལ་པའི་སྟོབས་ཀྱིས་འཁོར་བའི་ཕྱིར་རོ། །ལས་དེ་ལས་གཟུགས་ཅན་མ་ཡིན་པ་ནི་བསྟན་དུ་མེད་པའི་ཕྱིར་རོ། །འོ་ན་ས་བོན་གང་ལས་བྱུང་ཞེ་ན། རྣམ་པར་ཤེས་པ་ལས་མངོན་པར་གྲུབ་པ་སྟེ། དེ་ལས་གཞན་པའི་རྒྱུ་ནི་མེད་དོ། །དེ་ནི་སྤྱིར་བསྟན་པ་སྟེ། ཁྱད་པར་
གྱི་དབང་དུ་བྱས་ཏེ་བཤད་པ། ལུས་ཀྱི་འཁྲུལ་འཁོར་ནི་ལུས་ཀྱི་སྐྱེ་བའོ། །རྣམ་པར་ཤེས་པའི་ཁམས་ནི་དམིགས་པ་རྣམ་པར་རིག་པ་དང་བྱེད་པ་མེད་པའི་ཕྱིར་རོ། །ལུས་སྣ་ཚོགས་ལ་འཇུག་པ་ནི་ལུས་ཐམས་ཅད་སྐྱེད་པར་བྱེད་པའོ། །འོ་ན་དེ་ཉིད་བྱེད་པ་པོར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྣམ་པར་
ཤེས་པའི་ཁམས་འདི་ནི་ལུས་སྐྱེད་པར་བྱེད་པའི་ཕྱིར་བྱེད་པ་པོ་ཡང་ཡིན་ནོ་ཞེས་པ་ནི་ལུས་བསྐྱེད་པའི་གཏན་ཚིགས་འདིས་བྱེད་པ་པོ་ཡིན་ཏེ། བདག་དང་འདྲ་བ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། གཟུགས་ཅན་མ་ཡིན་པ་ཉིད་དང་། མི་རྟག་པ་ཉིད་དང་ཐེར་ཟུགས་མ་ཡིན་པ་ཉིད་དང་གཅིག་མ་ཡིན་པ་
ཉིད་དང་། དུ་མ་མ་ཡིན་པ་ཉིད་ཀྱིའང་ཕྱིར་རོ། །འོ་ན་རྣམ་པར་ཤེས་པ་འདི་གང་ལ་བརྟེན་ཞེ་ན། རྣམ་པར་ཤེས་པའི་ཁམས་འདི་ནི་ཆོས་ཀྱི་དབྱིངས་ལ་བརྟེན་ཏེ། གང་རྣམ་པར་དག་ཅིང་མི་གནས་པའི་ཕྱིར་དང་། དེ་ལས་འབྱུང་བ་དང་། དེ་ལ་འཇུག་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་མི་
ཟད་པ་ནི་ཁམས་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཡང་བློ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། བློ་ཕུན་སུམ་ཚོགས་པ་སྟེ། བློ་མཆོག་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་ལུས་ཀྱི་གནས་རྗེས་སུ་དྲན་པའི་ཕྱིར་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཡིན་
เล่ม ๓๖ · หน้า 261b
པའི་ཕྱིར་རོ། །དེའི་དཔེ་བསྟན་པ་རྣམ་པར་ཤེས་པའི་ཁམས་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ནས་རྣམ་པར་ཤེས་པས་ལུས་ཇི་ལྟར་ལེན་པ་མི་ཤེས་ནས་དྲིས་པ། རྣམ་པར་ཤེས་པ་ལུས་ལས་འཕོ་བ་དེའི་རང་བཞིན་ཇི་ལྟ་བུ་ལགས་ཞེས་པ་ནི་རྣམ་པར་ཤེས་པ་ལུས་ཡང་དང་ཡང་དུ་
ལེན་པ་ཇི་ལྟར་ལེན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ལེན་དུ་མ་རིག་པ་དང་མཚུངས་པར་ལྡན་པས་དམན་པའི་ལུས་ལེན་ཏོ། །ཤེས་རབ་མཆོག་དང་མཚུངས་པར་ལྡན་པས་མཆོག་གི་ལུས་ལེན་ཏོ་ཞེས་བྱ་བ་ནི་ལྷག་མའོ། །འོ་ན་རྣམ་པར་ཤེས་པ་དེ་སུས་བསྟན་པར་ནུས་ཤེ་ན། དེ་བཞིན་
གཤེགས་པས་བསྟན་པར་བྱ་བ་ཡིན་ཏེ་ཞེས་པ་ནི་རྣམ་པར་ཤེས་པ་འདི་ནི་ཤེས་རབ་མཆོག་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པས་བསྟན་པའོ་ཞེས་པ་དང་། རྣམ་པར་ཤེས་པ་འདི་ནི་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པས་བསྟན་པའོ་ཞེའོ། །དེ་
བཞིན་གཤེགས་པས་བསྟན་དགོས་པ་ཅིའི་ཕྱིར་སྙམ་པ་ལ། དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་མེད་དོ་ཞེས་པ་ནི། དེ་བཞིན་གཤེགས་པ་མ་གཏོགས་པར་རྣམ་པར་ཤེས་པ་སྟོན་པ་གཞན་གྱིས་ནི་མི་ནུས་སོ། །གང་གི་ཚེ་རྣམ་པར་ཤེས་པ་མ་
བསྟན་པ་དེའི་ཚེ་ནི་རྣམ་པར་ཤེས་པ་ཤེས་པར་མི་འགྱུར་རོ། །རྣམ་པར་ཤེས་པ་མ་ཤེས་པ་དེའི་ཚེ་ནི་ཆོས་ཐམས་ཅད་མི་ཤེས་པར་འགྱུར་རོ། །ཆོས་ཐམས་ཅད་མི་ཤེས་པ་དེའི་ཚེ་ནི་བསྒོམ་པ་ཡང་མེད། སྤང་བ་ཡང་མེད། འབྲས་བུ་ཐོབ་པ་ཡང་མེད་དོ། །གཞན་གོ་སླའོ། །རྒྱལ་པོའི་
བུ་གཞོན་ནུ་སྨན་ཆེན་ནི་སྐབས་འདིར་སྡུད་པའོ། །ཚེ་རབས་ལྔ་བརྒྱའི་ཞེས་བྱ་བ་འདིས་ནི་ལོག་པར་རྟོག་པ་པོ་དང་། ལོག་པར་རྟོག་པའི་དུས་དང་། གང་ལ་ལོག་པར་རྟོག་པ་སྤོང་བ་དང་། ཇི་ལྟར་རྟོག་པ་དང་། སྤོང་བའི་དུས་ལ་སོགས་པ་བསྟན་ཏོ། །དེ་ལ་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་
མི་ཤེས་ནས་དྲིས་པ་དང་། ལན་དུ་ས་བོན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་ས་བོན་གྱི་མྱུ་གུ་སྐྱེད་པ་ནི་གོ་སླའོ། །ཅིའི་ཕྱིར་རྣམ་པར་ཤེས་པ་ཤེས་པ་ཞེས་བྱ་སྙམ་པ་ལ། དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ་ཞེས་པ་ལ་སོགས་པ་སྨོས་སོ། །གཞན་གོ་སླའོ། །དེ་ནས་རྣམ་
เล่ม ๓๖ · หน้า 262a
པར་ཤེས་པའི་དབྱེ་བ་རྒྱས་པར་མི་ཤེས་ནས་དྲིས་པ་དང་། ལེན་དུ་རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ་ཞེས་པ་ནི་དོན་དམ་པ་རྒྱུ་ཡིན་པར་བསྟན་ཏོ། །དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ་ཞེས་པ་ནི་སེམས་འདིའི་རྣམ་གྲངས་བསྟན་ཏོ། །ཀུན་ནས་ཉོན་མོངས་པ་ནི་
འཁོར་བའི་ཆོས་སོ། །རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའི་ཆོས་སོ། །དེའི་རྩ་བ་ཅན་ནི་དེའི་རྒྱུ་ཅན་ཏེ། འདིས་ནི་ས་བོན་ཐམས་ཅད་ལ་བསྟན་ཏོ། །དེ་བས་ན་རྣམ་པར་ཤེས་པ་འདིས་གཞན་ཐམས་ཅད་བསྐྱེད་དོ་ཞེའོ། །དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་ཞེས་པ་ནི་
ས་བོན་བསླང་བའི་སྟོབས་ཀྱིས་བདག་དང་བདག་གི་གསང་བ་ཕྲ་མོ་ཞེས་རྟོག་པར་འགྱུར་རོ། །རྣམ་པར་ཤེས་པ་དེ་ཞེས་པ་ནི་བཞོན་པ་བྱེད་དེ། གང་ལ་ཞོན་ཞེ་ན། རླུང་ལ་ཞོན་ཏེ་དབང་པོའི་ལམ་དུ་ཞུགས་པར་བྱེད་དོ། །རླུང་ལས་ཅིར་འགྱུར་ཞེ་ན། མེ་དེ་དྲོད་དུ་འབར་བའོ། །དེ་འདུས་པ་ལས་ཅིར་
འགྱུར་ཞེ་ན། འདུ་བའི་བདག་ཉིད་ཆུའོ། །དེ་ལས་ཅིར་འགྱུར་ཞེ་ན་བརྟེན་པར་བྱ་བའི་བདག་ཉིད་སའོ། །དེ་ལས་ཅིར་འགྱུར་ཞེ་ན། ཕུང་པོ་ལྔ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་སེམས་ལས་བྱུང་བ་ནི་རྣམ་པར་ཤེས་པ་གསུམ་ཞེས་པ་ནི་སྣང་བ་ལ་སོགས་པའོ། །ཡོངས་སུ་
གསལ་བར་ཉམས་སུ་མྱོང་བ་ནི་གཟུགས་ལ་སོགས་པའོ། །དེས་ཅིར་འགྱུར་ཞེ་ན། རང་བཞིན་རྣམས་འབྱུང་ཞེས་པ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ཉིད་གང་ཡིན་པ་དང་། དང་པོར་རྣམ་གྲངས་མི་ཤེས་པས། དེའི་ལོག་པར་རྟོག་པ་བསལ་བའི་
ཕྱིར་དྲིས་པ་དང་། ལན་དུ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་འདིས་ནི་གསུངས་པ་པོ་བསྟན་ཏོ། །ཤེས་རབ་དང་ཐབས་ནི་སྐྱེས་པ་དང་བུད་མེད་དེ་ཤུགས་ཀྱིས་མ་ནིང་ཡང་ཉེ་བར་མཚོན་པའམ་བསྟན་པ་ཡིན་ལ། ཉེ་བར་ཐོབ་པ་ནི་གསལ་བ་མ་ཡིན་ནོ། །གཞན་གོ་སླའོ། །དེ་ལ་སྣང་བ་ལ་
སོགས་པ་རྣམ་གྲངས་བསྟན་ནས། དེ་ཉིད་ཀྱི་མཚན་ཉིད་གང་དང་གང་ཞེས་དྲིས་པ་དང་། ལན་དུ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་གསུངས་ཏེ། སེམས་ནི་སྣང་བ་གསུམ་མོ། །ཁ་དོག་དང་དབྱིབས་དང་བྲལ་བ་ནི་ཁ་དོག་དང་དབྱིབས་མེད་པའོ། །ནམ་མཁའི་མཚན་ཉིད་ཅན་ནི་དཔེ་
เล่ม ๓๖ · หน้า 262b
འགོད་པའོ། །ནམ་མཁའ་བཞིན་དུ་རྣམ་པར་རྟོག་པ་དང་བྲལ་བའོ་ཞེས་པ་དང་། ཡང་ཞེས་བྱ་བ་ནི་བསྟན་པའོ། །སྣང་བའི་མཚན་ཉིད་སེམས་གསུམ་གྱི་མཚན་ཉིད་དོ། །རྗེས་སུ་མྱོང་བ་ནི་ཕྱིས་མྱོང་བ་སྟེ། རང་བཞིན་ཞེའོ། །སོ་སོར་བརྟག་པར་བྱའོ་ཞེས་པ་ནི་མ་འདྲེས་པར་བརྟག་
པའོ། །འདི་ལྟ་སྟེ་ཞེས་པ་ནི་འདི་ལྟ་བུ་ཡིན་ཏེ་ཞེའོ། །དང་པོ་ཀུན་དུ་སྣང་བ་ནི་སྣང་བ་གསུམ་མོ། །ཕྱི་ནས་རང་བཞིན་ཞེས་པ་ནི་འཁྲུལ་བའི་རང་བཞིན་ཏེ་དེ་ལས་འབྱུང་བའོ། །སྣང་བ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པའི་དབྱེ་བ་བསྟན་ཏོ། །དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན་ཞེས་པ་ནི་སྣང་
བའི་མཚན་ཉིད་མི་ཤེས་ནས་འདྲི་བ་སྟེ། མཚན་ཉིད་ནི་ཅི། དཔེ་གང་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་མེད་པའི་རང་བཞིན་ཞེས་པ་ནི་དཀར་པོ་ལ་སོགས་པའི་རྣམ་པ་དང་བྲལ་བའོ། །ལུས་དང་ངག་མེད་པ་ནི་ལུས་དང་ངག་མི་དམིགས་པའོ། །ཇི་ལྟར་ཞེས་པ་ནི་དཔེར་ན་ཞེས་
སྦྱར་ཏེ། སྟོན་གྱི་དུས་ཀྱི་ནམ་མཁའ་ནི་སྟོན་གྱི་དུས་ཀྱི་ནམ་མཁའ་བར་སྣང་ངོ་། །དྲི་མ་མེད་པ་ནི་སྤྲིན་མེད་པའོ། །དེ་ལ་ཟླ་བ་ཤར་བ་ནི་མི་གསལ་བའི་རྣམ་པར་ཤེས་པའོ། །དེའི་དོན་ཡང་གང་ཡིན་ཞེ་ན་རང་བཞིན་གྱིས་གསལ་བའི་རྣམ་པ་སྟེ། འདི་ལ་བྱེད་པ་པོ་ནི་མེད་དོ། །དངོས་
པོ་མ་ལུས་པ་ཐམས་ཅད་ལ་དམིགས་པ་ནི་རྣམ་གཉིས་ཏེ། དངོས་པོའི་དངོས་ལ་དམིགས་པ་དང་། དངོས་པོའི་ཆོས་ཉིད་ལ་དམིགས་པའོ། །དངོས་པོའི་དངོས་ལ་དམིགས་པ་ནི་འདིར་དཔེ་སྣང་བའི་དབང་དུ་བྱས་པའོ། །དངོས་པོའི་ཆོས་ཉིད་ལ་དམིགས་པ་ནི་རྣམ་པ་
གཉིས་ཏེ། ཐོབ་པའི་རྒྱུ་ལ་དམིགས་པ་དང་། ཆོས་ཉིད་དངོས་ལ་དམིགས་པའོ། །ཐོབ་པའི་རྒྱུ་ལ་དམིགས་པ་ནི་འདིར་ལམ་གྱི་སྣང་བའོ། །ཆོས་ཉིད་དངོས་ལ་དམིགས་པ་ནི་འབྲས་བུའི་སྣང་བའོ། །འདི་ནི་དོན་དམ་པའི་བྱང་ཆུབ་སེམས་ཞེས་པ་ནི་འབྲས་བུའི་སྣང་
བའོ། །ཨོཾ་ཞེས་བྱ་བ་ནི་བརྡར་བརྟགས་པ་འབའ་ཞིག་ཏུ་ཟད་དོ། འདི་དག་ཐམས་ཅད་ཀྱང་ལམ་གྱི་སྣང་བའི་དབང་དུ་བྱས་པའོ། །དེ་ནས་སྣང་བ་མཆེད་པའི་མཚན་ཉིད་བཤད་པར་བྱ་སྟེ། གཟུང་བ་དང་འཛིན་པའི་རྣམ་པ་མེད་པ་ནི་ཡུལ་དང་ཡུལ་ཅན་གྱི་རྣམ་པ་དང་བྲལ་
เล่ม ๓๖ · หน้า 263a
བའོ། །ལུས་དང་ངག་མེད་པ་ནི་གོང་དུ་བཤད་དོ། །སྟོན་གྱི་དུས་ཀྱི་ཉི་མའི་འོད་ཟེར་གྱིས་ནི་ཐམས་ཅད་འཇུ་ཞིང་གསལ་བའོ། །དེ་དང་འདྲ་བར་ཤིན་ཏུ་གསལ་བ་ནི་དང་བའི་ངོ་བོ་ཉིད་དུ་གསལ་བའོ། །དྲི་མ་མེད་པ་ནི་གློ་བུར་གྱི་དྲི་མ་དང་བྲལ་བའོ། །ཀུན་དུ་བཟང་
པོ་གཉིས་པ་ནི་ཀུན་དུ་བཟང་པོ་དང་འདྲ་བའོ། །རིམ་པ་གཉིས་ནི་ཀུན་རྫོབ་སྟེ། གཞན་གོ་སླའོ། །སྣང་བ་ཐོབ་པ་གང་ཞེ་ན་ཞེས་པ་ནི་སྣང་བ་ཐོབ་པའི་དངོས་པོ་མི་ཤེས་ནས་འདྲི་བའོ། །ནམ་མཁའི་མཚན་ཉིད་ནི་ནམ་མཁའི་ངོ་བོ་ཉིད་དོ། །ནམ་མཁའ་ལྟར་རྟོག་པ་དང་བྲལ་ཞེའོ། །
མཚམས་ཀྱིས་སྨག་ལ་བབ་པ་ནི་ནམ་ཕྱེད་ཀྱི་དུས་སུའོ། །གཞན་གོ་སླའོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སྟོང་པ་གསུམ་གྱི་མཚན་ཉིད་བསྟན་ཞེས་པ་ནི་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའི་མཚན་ཉིད་འཁྲུལ་པ་ནི་སྣང་བ་རང་བཞིན་དང་བཅས་པ་འབྱུང་
བའོ། །ལམ་ནི་སྐུ་དང་ཐིག་ལེ་ལ་སོགས་པ་ལ་གནས་པའོ། །འབྲས་བུ་ནི་དོན་དམ་པ་དང་ཀུན་རྫོབ་གཉིས་ལ་དམིགས་པ་ལུགས་ལས་བཟློག་པའོ། །དཔེའི་སྣང་བ་ནི་ཟླ་བ་དང་ཉི་མ་དང་། མུན་པ་ལྟ་བུའོ། །དེ་ལ་འཁྲུལ་བའི་སྣང་བ་གསུམ་བཤད་པར་བྱ་སྟེ། དེ་ལ་ཡང་རྣམ་པ་
གསུམ་སྟེ། དུས་ལ་ལྟོས་པ་དང་། ཕོ་དང་མོའི་རྟེན་ལ་ལྟོས་པ་དང་། དབང་པོའི་རྟེན་ལ་ལྟོས་པའོ། །དེ་ལ་དུས་ལ་ལྟོས་པ་ནི་མེར་མེར་པོ་ལ་སོགས་པའི་རིམ་གྱིས་འཁྲུལ་བ་ཡང་རིམ་གྱི་འབྱུང་ངོ་། །ཕོ་དང་མོའི་རྟེན་ལ་ལྟོས་པ་ནི་བརྒྱ་དྲུག་ཅུའོ། །མིག་ལ་སོགས་པའི་དབང་
པོ་ལ་ལྟོས་པ་ནི་བརྒྱ་དང་བཅུ་ཕྲག་ལྔ་དང་དྲུག་ཏུ་འགྱུར་རོ། །གཞན་གོ་སླའོ། །དེ་ཡང་གང་ལས་ཤེས་ཞེས་སམ་ཉིས་གྱུར་ནས་དྲིས་པ་དང་། ལན་དུ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱེན་ལས་བྱུང་བ་གང་དང་གང་ཞེས་པ་ནི་ཡུལ་དང་
རྣམ་པར་རྟོག་པ་དེ་དང་དེ་ཞེས་བྱ་བའོ། །དབང་པོ་ནི་དབང་པོ་ལྔའོ། །ཡུལ་ནི་གཟུགས་ལ་སོགས་པའོ། །དབང་པོ་དང་ཡུལ་གཉིས་ལས་སྐྱེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། །སྐྱོབ་པ་ནི་ངན་འགྲོ་སྲིད་པ་ལས་སྐྱོབ་པའོ། །གཞན་ཡང་རང་བཞིན་གང་ལས་
เล่ม ๓๖ · หน้า 263b
ཉོན་མོངས་པ་གང་འབྱུང་། །འོན་ཏེ་མི་འབྱུང་ན་ནི་ཅིའི་ཕྱིར་འཁྲུལ་པ་ཞེས་བྱ་ཞེ་ན། རང་བཞིན་རྣམ་པ་བརྒྱད་ཅུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རང་བཞིན་བརྒྱད་ཅུ་ནི་རྩ་བ་སྟེ་ས་བོན་ལྟ་བུའོ། །ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ནི་ཁོང་ཁྲོ་བ་ལ་སོགས་པ་སྟེ། འདི་ནི་དེ་
ལས་བྱུང་བས་འབྲས་བུ་ལྟ་བུའོ། །དེ་ལས་གཞན་འབྱུང་བས་ལྟ་བ་དྲུག་ཅུ་རྩ་གཉིས་ནི་འཇིག་ཚོགས་ཀྱི་ལྟ་བའི་དབྱེ་བ་སྟེ། འདི་བསྡུས་ན་ནི་འཇིག་ཚོགས་སུ་ལྟ་བར་འདུས་པར་འགྱུར་རོ། །དེས་ཅིར་འགྱུར་ཞེ་ན། ལོག་པར་སྤྱད་པའི་སྟོབས་ཀྱིས་ངན་སོང་གསུམ་དུ་སྐྱེ་བར་
འགྱུར་རོ། །དེ་ནས་དཔེའི་སྣང་བ་དོན་དང་བཅས་པ་བསྟན་པའི་ཕྱིར། ཤེས་རབ་དང་སྟོང་པའི་ཡེ་ཤེས་ཏེ། དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར་ཟླ་བ་ལྟ་བུ་སྟེ། གང་གིས་སྙིང་གའི་ཐིག་ལེ་ལ་བློ་གཏོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐབས་ཀྱི་ཡེ་ཤེས་ནི་སྣང་བ་མཆེད་
པའི་ཡེ་ཤེས་སོ། །དེའི་དཔེ་ནི་ཉི་མའི་སྣང་བ་ལྟ་བུ་སྟེ། གང་གི་འོད་ཀྱིས་གང་ལ་ཁྱབ་པ་དེ་ལ་དེ་སྐད་ཅེས་བྱའོ། །སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་ཡུལ་དང་སེམས་ལ་དབང་ཐོབ་པ་སྟེ། མཚམས་ཀྱི་མུན་ནག་གི་དཔེ་དགོད་པ་སྟེ། འདིར་ཐམས་ཅད་ཐིག་ལེ་
གཅིག་གི་རྣམ་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་འོད་གསལ་བའི་ཡེ་ཤེས་བཤད་པ། རྣམ་པར་ཤེས་པ་གསུམ་ནི་གོང་དུ་བཤད་པ་ཉིད་དོ། །ཇི་ལྟ་བུའི་རྣམ་པ་ཡིན་ཞེ་ན། ནམ་མཁའི་མཚན་ཉིད་ཅན་ནི་ནམ་མཁའ་དང་འདྲ་བའོ། །རྣམ་པ་མེད་པ་ནི་
དམིགས་པའི་རྣམ་པ་དང་བྲལ་བའོ། །འགྲོ་དང་འོང་བ་དང་བྲལ་བ་ནི་འགྲོ་བ་དང་འོང་བ་མེད་པ་སྟེ། གང་ལ་དམིགས་པ་དང་བཅས་པ་དང་། དམིགས་པ་དང་བྲལ་བ་དང་རྣམ་པ་དང་བྲལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་སེམས་དེ་ནི་སེམས་ཉིད་འོད་གསལ་བ་སྟེ། དེ་ལྟར་
སེམས་དོན་དམ་པར་སྐྱེ་བ་མེད་པ་འགག་པ་མེད་པའི་ངོ་བོ་ཡིན་ན་ཇི་ལྟར་དོན་བྱེད་པར་འགྱུར་ཞེས་འདྲི་བ་བསྟན་པའི་ཕྱིར་ཇི་ལྟར་ན་ཉིན་དང་མཚན་དུ་ལུས་ལ་སྤྲོ་ཞིང་སྡུད་པར་བྱེད་ཅེས་པ་ནི་ཅིའི་ཕྱིར་ཉིན་དང་མཚན་དུ་ཡུལ་ལ་སྤྲོ་ཞིང་སླར་སྡུད་ཅེས་པའི་ཐ་ཚིག་གོ། །གང་ཞིག་འདིར་མེ་ལ་
เล่ม ๓๖ · หน้า 264a
ཚེ་བྱེད་ཅེས་པ་ནི་སེམས་གང་རྣམ་པར་རྟོག་པ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་པ་མི་རིགས་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སེམས་གཟུང་འཛིན་དང་བྲལ་བའི་ཕྱིར་རོ། །སུ་ཞིག་ནི་སེམས་པ་མེད་པར་བྱེད་ཅེས་པ་ནི་དོན་ལ་སེམས་པར་བྱེད་པ་
པོ་ཡང་སུ་ཞིག་ཡིན་ཞེས་པ་སྟེ། དེའི་རྣམ་པ་དང་བྲལ་བའི་ཕྱིར་རོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་འདིས་ནི་འདིར་སེམས་རང་བཞིན་མེད་པ་ཡིན་ན་ཇི་ལྟར་དེ་ལས་རང་བཞིན་དང་། ཉོན་མོངས་པ་རྣམས་དང་། ལྟ་བ་རྣམས་འབྱུང་བར་
འགྱུར་ཞེས་དྲིས་པ་དང་། དེ་དག་ཐམས་ཅད་སེམས་རང་བཞིན་མེད་པ་ཡིན་ཡང་འབྱུང་བའི་ཕྱིར། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ་ཞེས་པ་ནི་ལན་འདེབས་པའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཀྱང་ཞེས་པ་ནི་མི་མཐུན་པའི་རྒྱན་
ནོ། །སྣང་བ་དང་བཅས་པ་ནི་ཡུལ་དང་བཅས་པ་སྟེ། འདི་ནི་ཀུན་རྫོབ་ཏུ་བཤད་དོ། །རླུང་གི་ཁམས་དང་ལྷན་ཅིག་མེ་ལ་ཚེ་བྱེད་ཅེས་པ་ནི། རླུང་ལ་ཤེས་པ་ཞོན་ནས་དེས་མེལ་ཚེ་བྱེད་པའོ། །རླུང་གི་མཚན་ཉིད་ཀྱང་ཇི་ལྟ་བུ་ཞེ་ན། གཟུགས་མེད་པ་སྟེ། གཟུགས་
རགས་པའི་རྣམ་པ་དང་བྲལ་བའོ། །དེའི་ལས་བསྟན་པའི་ཕྱིར་གཡོ་ཞིང་བསྐྱེད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟོན་པ་ནི་ཡང་བ་ཉིད་དང་གཡོ་བ་ཉིད་དང་། རང་ལ་ཡོད་པ་ནི་མཚན་ཉིད་དོ། །དེས་གཞན་ལ་དེ་ལྟ་བུ་བྱེད་པའི་ལས་སོ། །དེ་གང་ལས་ཤེས་ཤེ་ན། རྗེས་སུ་དཔག་པ་
ལས་ཏེ། གང་གི་རྟགས་ལ་བརྟེན་ནས་གང་ཤེས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་སྐད་ཅེས་བྱ་བ་དེ་ཉིད་ཀྱང་གང་ལ་བརྟེན་ནས་ཤེས་པར་བྱ་བ་དེ་ཉིད་མི་ཤེས་སོ་ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པ་འཕོ་བའི་མདོ་
ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་གི་ཁམས་གཟུགས་ཅན་མ་ཡིན་ཡང་ཞེས་པ་ནི་ཐོགས་པ་དང་བཅས་པའི་གཟུགས་མེད་ཀྱང་ཞེས་པའི་དོན་ཏོ། །བསྟན་དུ་ཡོད་ཅིང་གཟུང་དུ་ཡོད་པར་སྣང་ངོ་ཞེས་པ་ནི་ཀུན་རྫོབ་ཏུ་སྣང་བའོ། །གཞན་གོ་སླའོ། །རང་རིག་ཙམ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด