སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཙརྱ་ས་མུཙྪ་ཡ་པྲ་དཱི་པཾ་ནཱ་མ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๖ · หน้า 264b
གྱི་ཡེ་ཤེས་ནི། །ཞེས་པ་ནི་རང་སྣང་བ་ཙམ་གྱི་ཡེ་ཤེས་སོ། །ཇི་ལྟར་ཡིན་ཞེ་ན། ནམ་མཁའ་འདྲ་བར་མཚན་ཉིད་མེད། །ཅེས་པ་ནི་ནམ་མཁའ་བཞིན་དུ་དངོས་པོའི་རྣམ་པ་དང་བྲལ་ཞེའོ། །འོ་ན་དབྱེ་བ་མེད་དམ་ཞེ་ན། འོན་ཀྱང་དེ་ལ་དབྱེ་བ་ཡོད་དོ་ཞེས་པ་ནི་གཟུང་འཛིན་དང་
བྲལ་བ་ཡིན་ཡང་དབྱེ་བ་ཡོད་དོ་ཞེའོ། །དུ་ཞེ་ན། འདི་ལ་དབྱེ་བ་ནི་རྣམ་པ་གསུམ་མོ། །ཅིའི་ཕྱིར་ཞེ་ན། ཉིན་མོ་དང་། མཚན་མོ་དང་། མཚམས་ཀྱི་བྱེ་བྲག་གིས་ཞེས་བསྟན་པའི་ཕྱིར་བར་མཚམས་ཉིན་དང་མཚན་མོའི་བདག་ཅེས་པའོ། །དོན་གང་ཞེ་ན། སྣང་བ་ལ་སོགས་
པ་སྟེ་བཤད་ཟིན་ཏོ། །དེའི་གཞི་ཡང་གང་ཡིན་ཞེ་ན་བཤད་པའི་ཕྱིར། དེའི་གཞི་ཡང་བཤད་པར་བྱ། །ཞེས་པ་ནི་རྣམ་པར་ཤེས་པའི་གཞི་བྱེ་བྲག་དང་བཅས་ཏེ་བཤད་དོ་ཞེའོ། །གང་ཡིན་ཞེ་ན། ཕྲ་བའི་གཟུགས་ཅན་ནི་རྣམ་པར་ཤེས་པའོ། །རླུང་དང་ནི་ཞེས་པ་ནི་རླུང་
ཉིད་དོ། །ཡེ་ཤེས་དག་ནི་འདྲེས་གྱུར་པ། །ཞེས་པ་ནི་རླུང་དང་ཤེས་པ་འགྲོགས་པའོ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཞེས་པ་ནི་དབང་པོ་ལ་བརྟེན་པའི་རྩ་ལས་བྱུང་བའོ། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་པ་ནི་གཟུགས་ལ་སོགས་པ་ལ་དམིགས་པའོ། །
གང་ཚེ་སྣང་བ་ལྡན་གྱུར་པ། །ཞེས་པ་ནི་ཡུལ་གྱི་རྣམ་པ་དང་བཅས་པས་སོ། །དེས་ཅིར་འགྱུར་ཞེ་ན། རླུང་ནི་བཞོན་པ་སྟེ། ཤེས་པ་རླུང་ལ་ཞོན་ཏེ། །དེས་དེ་ལྟར་འགྱུར་རོ་ཞེའོ། །དེ་ལས་ཅིར་འགྱུར་ཞེ་ན་དེ་ཚེ་རང་བཞིན་དེ་ཐམས་ཅད་འབྱུང་སྟེ། འཁྲུལ་བའི་རང་
བཞིན་དང་། ཉོན་མོངས་པ་དང་ལྟ་བ་ཐམས་ཅད་འབྱུང་ཞེའོ། །རང་བཞིན་ཡང་གང་དང་གང་དུ་འབྱུང་ཞེ་ན། རླུང་ནི་གང་དང་གང་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཞེས་པ་ནི་རླུང་དང་ཤེས་པ་འགྲོགས་ཏེ་ཡུལ་ལ་དམིགས་པ་ལས་འབྱུང་ཞེས་བྱ་བའི་
ཐ་ཚིག་གོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་འདི་ཁོ་ན་སྟེ་སྣང་བ་གསུམ་མོ། །ཡེ་ཤེས་དེ་ཡང་ཇི་ལྟ་བུར་འབྱུང་བ་ཡིན་ཞེ་ན། ཡེ་ཤེས་སྐད་ཅིག་མ་སྟེ། རྒྱུན་ནི་མ་ཡིན་ནོ་ཞེའོ། །ཕྱོགས་བཅུར་རབ་ཏུ་ཁྱབ་པ་ནི་ཕྱོགས་བཅུར་རབ་ཏུ་ཁྱབ་པའོ། །དེ་གང་
เล่ม ๓๖ · หน้า 265a
ལས་གསུངས་ཤེ་ན། དགོངས་པས་བཤད་པ་ལས་གསུངས་ཤེའོ། །དེ་ཉིད་མི་ཤེས་ནས་དྲིས་པ། ཇི་ལྟར་ན་ཡེ་ཤེས་སྐད་ཅིག་མར་འབྱུང་བ་ཡིན་ཞེ་ན། ཞེས་པ་ནི་ཡེ་ཤེས་སྐད་ཅིག་མ་ཡིན་པ་ཅིའི་ཕྱིར་ཞེས་པ་སྟེ། ལན་དུ། སྐད་ཅིག་ཅེས་
བྱ་བའི་བར་དུ་སྟེ་གོ་སླའོ། །ནམ་མཁའ་སྣང་བྱེད་ཅེས་བྱ་བ་ཡང་གང་ཡིན། གང་ལས་ལོག་པ་ཡིན་ཞེ་ན། ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་འབྱེད་པའི་དོན་གྱིས་ནི་ནམ་མཁའ་སྟེ། གསལ་བར་བྱེད་པ་ནི་མཐོང་བར་བྱེད་པ་སྟེ། གང་གིས་བསྒྲིབས་པར་མི་
བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དང་འདྲ་བ་ཡང་གང་ཡིན་ཞེ་ན། ཤིན་ཏུ་གསལ་བའི་ཡེ་ཤེས་རྟོག་པ་དང་བྲལ་བའོ། །སྲིན་བུ་མེ་ཁྱེར་ནི་མ་ཡིན་ནོ་ཞེས་པ་ནི་ལྡོག་པ་སྟེ་མར་མེ་ལྟ་བུ་དང་། དུ་བ་ཡང་མ་ཡིན་ཞེས་སྦྱར་རོ། །སྣང་བ་གཡོ་བ་ཡང་གང་ཡིན་ཞེ་ན། ཁམས་ཕྲ་
བ་ནི་རླུང་སྟེ། དེ་དང་ཤེས་པ་ལྷན་ཅིག་ཏུ་འཇུག་པའོ། །གཞན་གོ་སླའོ། །སེམས་དཔའ་མེད་པ་གང་ཡིན་ཞེ་ན་ཞེས་པ་ནི་སེམས་དཔའ་མེད་པའི་རང་གི་མཚན་ཉིད་མི་ཤེས་ནས་དྲིས་པའོ། །མ་རིག་པ་སྟེ་ཞེས་པ་ནི་ལེན་ཏེ། གང་གིས་གང་གི་རྣམ་པ་མི་ཤེས་པ་དེ་ནི་མ་རིག་པའོ།
དེ་ལས་ཀྱང་ཅི་འབྱུང་ཞེ་ན། དེ་རྣམས་མ་ལུས་པར་འབྱུང་སྟེ། རླུང་ལས་རང་བཞིན་རྣམས་འབྱུང་བར་འགྱུར་ཞེས་པའི་དོན་ཏོ། །གཞན་གོ་སླའོ། །མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས་ཞེས་པ་ནི་མདོ་དང་མི་འགལ་བར་བྱ་བའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་
ནི་མར་མེ་མཛད་ལ་སོགས་པའོ། །ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་པ་ནི་མངོན་དུ་གྱུར་པ་མཆོག་གི་ཡེ་ཤེས་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེས་པ་ནི་དེ་ཉིད་ལ་ཐེ་ཚོམ་དུ་གྱུར་ནས་དྲིས་པའོ། །དེའི་ལེན་དུ་སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་རྒྱུན་ཟད་པ་ནི་
ལོག་པའི་སེམས་དང་བྲལ་བའོ། །གཞན་གོ་སླའོ། །སེམས་དང་སེམས་ལས་བྱུང་བ་དང་། སེམས་དང་མི་ལྡན་པ་ལ་སོགས་པ་དེ་དག་ཀྱང་གང་གིས་རབ་ཏུ་ཤེས་ཤེ་ན། དེ་བཞིན་གཤེགས་པས་ཤེས་ཏེ་ཐམས་ཅད་མཁྱེན་པ་ཉིད་གསུམ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཤེས་
เล่ม ๓๖ · หน้า 265b
པའི་ཕྱིར་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་ཞེས་སྦྱར་རོ། །ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་དེ་ཉིད་སྒྱུ་མ་ཙམ་དང་། རང་བཞིན་མེད་པ་དང་། ཆོས་ཀྱི་སྐུ་ལ་སོགས་པ་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་། མིག་བཙུམས་པ་ལ་སོགས་པ་
ཙམ་གྱིས་ཤེས་པའི་ཕྱིར་རོ། །རིག་པ་འདིས་ན་ཞེས་པ་གཏན་ཚིགས་དེའི་ཕྱིར་ཞེས་པའི་ཐ་ཚིག་གོ། །ཐུགས་ཀྱི་ཏིང་ངེ་འཛིན་ལ་གནས་པ་ནི་སེམས་ལ་དམིགས་པ་ཉིད་དོ། །སྨོན་པ་པོ་ནི་བདག་གོ། །སྨོན་ལམ་ནི་སྨོན་ལམ་ཉིད་དོ། །སྨོན་པར་བྱ་བ་ནི་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་པོའོ། །
དེ་སྤོང་བ་ནི་དེ་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་སེམས་ལ་དམིགས་པ་ཅིར་འགྱུར་ཞེ་ན། བདག་ལ་བྱིན་གྱིས་བརླབ་པ་ལ་མངོན་པར་ཕྱོགས་པ་སྟེ། སྒྱུ་མ་ལྟ་བུ་ཐོབ་པའམ་མངོན་དུ་བྱ་བའམ། བསྒོམ་པར་འདོད་པའོ། །རྩ་བའི་རྒྱུད་ལས་
ཞེས་པ་ནི་བཤད་པའི་རྒྱུད་མ་ཡིན་པའི་ངེས་པར་གཟུང་བ་དང་བཅས་པའོ། །མཉམ་པར་གཞག་པས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་སོ། །རང་གི་སེམས་ལ་སོ་སོར་རྟོགས་ཤིང་ཞེས་པ་ནི་རང་གི་སེམས་ལ་ནན་ཏན་དུ་གྱིས་ཤིག་པ་སྟེ། རང་གི་སེམས་དགེ་
བའམ། མི་དགེ་བའམ། ལུང་དུ་མ་བསྟན་པའམ། འཁོར་བའམ་མྱ་ངན་ལས་འདས་པའམ། བླང་བར་བྱ་བའམ་དོར་བར་བྱ་བའམ། བཏང་སྙོམས་སུ་བྱ་བ་འམ། རྫས་སུ་ཡོད་པའམ། རྫས་སུ་མེད་པའམ་ཞེས་བརྟག་པར་བྱའོ། །དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་
པ་ནི་བཤད་པའི་རྒྱུད་དང་མི་འགལ་བར་བྱེད་པའོ། །སྣང་བའི་རྗེས་སུ་འབྲང་བ་ནི་སྣང་བ་ལ་མངོན་པར་ཞེན་པའོ། །དེས་ཅིར་འགྱུར་ཞེ་ན། རང་གི་སེམས་ཇི་ལྟ་བ་བཞིན་དུ་མ་རྟོགས་པ་ནི་སེམས་ཀྱི་ཆོས་ཉིད་མི་ཤེས་པའོ། །ལས་སུ་སྨྲ་བ་ནི་ལས་དང་ལས་ཀྱི་འབྲས་བུ་ཡོད་པར་སྨྲ་
བའི་སེམས་ཅན་དག་གོ། །འཁོར་བ་ཐོག་མ་མེད་པའི་རང་གི་རྟོག་པ་ལས་བྱུང་བ་ནི་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱིས་བསྒྲིབས་པའོ། །ཅིར་འགྱུར་ཞེ་ན། དར་གྱི་སྲིན་བུ་བཞིན་དུ་སྟེ། རང་གི་འཆིང་བས་བཅིངས་པ་ནི་དར་གྱི་སྲིན་བུ་ལྟ་བུའོ། །རང་ཉིད་ཀྱི་སྡུག་བསྔལ་གྱིས་འདིར་
เล่ม ๓๖ · หน้า 266a
གཞན་ལས་བྱུང་བ་མ་ཡིན་པར་བསྟན་ཏོ། །སེམས་ལ་དམིགས་པས་ནི་སྤོང་བར་བྱེད་པ་སྟེ་གོ་སླའོ། །འདི་དག་གིས་ནི་སེམས་ལ་དམིགས་པ་སྤྲོས་པ་དང་བཅས་པ་སྟེ་བཤད་དོ། །འདི་དག་ཀྱང་དེ་ཉིད་ཀྱི་རྣམ་པ་ཅན་གྱི་གང་ཟག་གི་དབང་དུ་བྱས་ནས་ཟླ་བའི་མན་ངག་
བཤད་དོ། །གཞན་ལ་རག་ལས་པའི་དབང་དུ་བྱས་ཏེ། འདིར་ཀུན་རྫོབ་ཀྱི་བདེན་པ་ལ་སྙེགས་པར་བྱེད་དོ། །སྤྱོད་པ་བསྡུས་པའི་སྒྲོན་མའི་དོན་འདི་ཉིད་དུ་སེམས་ལ་དམིགས་པའི་ཐེ་ཚོམ་ཡོངས་སུ་གཅོད་པ་ནི་འདིར་སེམས་ཀྱི་ངོ་བོ་དང་རྒྱུ་དང་ལས་དང་འཁྲུལ་པ་ལ་སོགས་པའོ། །
སྤྱོད་པ་བསྡུས་པའི་འགྲེལ་པ་ལས་ལེའུ་བཞི་པའི་བཤད་པའོ།། །།རྡོ་རྗེ་སློབ་མས་གསོལ་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སེམས་དང་སེམས་ལས་བྱུང་བ་མཐའ་དག་གི་དོན་ཤེས་པར་འདོད་པ་སྟེ། རྣམ་པར་ཤེས་པ་སྣ་ཚོགས་ནི་རྣམ་པར་ཤེས་པ་མཐའ་དག་ཅེས་བྱ་བའི་ཐ་ཚིག་
གོ། །རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་ནི་གཟུགས་མེད་པ་ཞེས་པ་ནི་རྣམ་པར་ཤེས་པ་གསུམ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །འོ་ན་རླུང་གཟུགས་ཅན་ཡིན་ནོ་སྙམ་པ་ལ། རླུང་གི་ཁམས་ཀྱང་གཟུགས་མེད་པ། །ཞེས་པ་སྟེ། རླུང་ཡང་ཁ་དོག་དང་དབྱིབས་
དང་རྣམ་པར་རིག་བྱེད་པའི་ཕྱིར་རོ། །འོ་ན། ལས་གཟུགས་ཅན་ཡིན་ནོ་སྙམ་པ་ལ་ལས་ཀྱང་གཟུགས་མེད་པ་སྟེ་ཞེས་པ་ནི་དགེ་བ་དང་སྡིག་པའི་ལས་ལ་གཟུགས་མེད་དོ། །གང་གཟུགས་མེད་པ་དེ་ལ་རྣམ་པར་རིག་པ་མེད། །གང་ལ་རྣམ་པར་རིག་པ་མེད་པ་དེ་ལ་བསྟན་དུ་མེད་ཅིང་ཐོགས་
པ་མེད་དོ་ཞེའོ། །ཕན་ཚུན་ཤེས་པ་མེད་པ་ནི་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ལུང་གི་ཚིག་ལས་སྟོང་པ་ཉིད་དུ་གསུངས། །ཞེས་པ་ནི་བཀའ་ལས་རང་བཞིན་མེད་པར་ཡང་བཤད་ཅེས་པའི་དོན་ཏོ། །གཞན་གོ་སླའོ། །དེ་ལ་དང་པོ་ཁོ་ནར་ཞེས་པ་ནི་ཐོག་མ་ཉིད་དུའོ། །དགེ་བ་དང་
མི་དགེ་བར་ནི་སྤོང་བ་དང་འཇུག་པ་སྟེ། མ་བྱིན་པར་ལེན་པ་དང་། འདོད་པར་ལྟ་བ་ལ་ཐུག་གི་བར་དུའོ། །དེའི་རང་གི་མཚན་ཉིད་ནི་དེའི་རང་བཞིན་རྣམ་པར་གཞག་པར་བྱ་བའོ། །དེ་ཉིད་ཀྱང་རྒྱས་པར་བཤད་པ་དགེ་བ་བཅུ་ནི་ཉོན་མོངས་པས་བསྐྱེད་པའི་མི་དགེ་བ་སྤོང་བ་
เล่ม ๓๖ · หน้า 266b
བཅུའོ། །དེ་ལས་བཟློག་པ་ནི་སྤོང་བ་མ་ཡིན་པ་སྟེ། དང་དུ་ལེན་པར་བྱེད་ཅེས་པའི་ཐ་ཚིག་གོ། །འདི་དག་ཀྱང་གང་ལས་འབྱུང་ཞེའོ། །ལུས་དང་ངག་ཡིད་ལས་ཀུན་དུ་འབྱུང་བའོ་ཞེས་པ་སྟེ། འདི་ལྟར་ལུས་ལས་མ་བྱིན་པར་ལེན་པར་འབྱུང་བ་ལ་སོགས་པ་འོག་ནས་སྟོན་པར་འགྱུར་
རོ། །དེ་ཡང་གང་ལས་འབྱུང་ཞེ་ན། ལུས་ལས་འབྱུང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་ལུས་ཀྱི་ཉེས་པར་སྤྱོད་པ་ནི་གསུམ་མོ་ཞེས་པ་ནི་མ་བྱིན་པར་ལེན་པ་དང་། སྲོག་གཅོད་པ་དང་། མི་ཚངས་པར་སྤྱོད་པའོ། །ངག་གི་ཉེས་པར་སྤྱོད་
པ་བཞི་ནི་ཚིག་འཁྱལ་པ་དང་། ངག་རྩུབ་མོ་དང་། ཕྲ་མ་དང་། བརྫུན་ནོ། །ཡིད་ཀྱི་གསུམ་ནི་ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །དེ་དག་ལ་ཡང་ཅིའི་ཕྱིར་མི་དགེ་བ་ཞེས་བྱ་ཞེ་ན། འབྲས་བུ་སྡུག་བསྔལ་བསྐྱེད་པ་ཉིད་དང་། དམ་པས་སྨད་པ་ཉིད་
དང་། གཡེང་བ་སྣ་ཚོགས་བསྐྱེད་པ་ཉིད་དང་། བདེ་བའི་སྐབས་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདིས་མནར་མེད་པའི་སྡུག་བསྔལ་ལ་སོགས་པ་བསྐྱེད་པ་དེ་ཡང་མི་དགེ་བ་ལས་བྱུང་ལ་དེ་ཡང་རབ་འབྲིང་གི་བྱེ་བྲག་གིས་སྡུག་བསྔལ་གྱི་བྱེ་བྲག་ཡོད་པའི་ཕྱིར་རོ། །དེ་བས་ན་འདིས་ནི་
བདེ་བའི་སྐབས་སུ་དབྱེ་བ་མེད་ཅིང་སྡུག་བསྔལ་མྱོང་བའི་རྣམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གི་དབྱེ་བ་ཡང་དུ་ཞིག་ཅེ་ན། ཉེས་པར་སྤྱོད་པ་ནི་གཉིས་ཏེ། གང་ཞེ་ན། ཐ་མལ་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་དགེ་བ་དང་བྲལ་བའོ། །ལྕི་བ་ནི་གང་གིས་ཚོགས་པའི་ཉོན་
མོངས་པ་བྱེད་པའོ། །ལྕི་བ་ཞེས་བྱ་བ་དེ་ཡང་གང་ཞེ་ན། ཕ་མ་ནི་རང་གི་ལུས་བསྐྱེད་པའོ། །བླ་མ་ནི་དབང་བསྐུར་ཞིང་མན་ངག་སྟོན་པ་སྟེ། བླ་མ་ཁྱད་པར་ཅན་ནོ། །དེ་གསོད་པ་ནི་མཚམས་མེད་པའོ། །རྡེག་པ་ནི་ཉེ་བའི་ལས་སོ། །དེ་ལས་གཞན་པའི་སྲོག་གཅོད་པ་
དང་། མ་བྱིན་པར་ལེན་པ་ལ་སོགས་པ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པ་དང་། དམ་པ་མ་ཡིན་པའི་ཕྱིར་ཐ་མལ་པའོ། །གཞན་གོ་སླའོ། །དེ་ལྟར་ཉོན་མོངས་པ་དབྱེ་བ་དང་བཅས་པ་བཤད་ནས་ཉོན་མོངས་པའི་རྟེན་གྱི་གང་ཟག་ཀྱང་ཡིན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་འདོར་
เล่ม ๓๖ · หน้า 267a
བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་དུ་མི་ལེན་ཅིང་མི་སྤྱོད་པའོ། །ཡིད་ཤིན་ཏུ་རྨོངས་པ་ནི་རྒྱུ་དང་འབྲས་བུ་དང་དེ་ཁོ་ན་ཉིད་མི་ཤེས་པའོ། །དེ་དང་གང་ལྡན་པ་དེ་ལས་ཉོན་མོངས་པ་འབྱུང་བས་འདི་ནི་ཉོན་མོངས་པའི་རྟེན་གྱི་གང་ཟག་གོ། །ཉོན་མོངས་པའི་འབྲས་བུ་ཡང་གང་
ཞིག་ཡིན་ཞེ་ན། ངན་འགྲོར་མཆོག་ཏུ་གཞོལ་བ་ནི་ངན་འགྲོ་ལ་དགའ་བ་སྟེ། དེས་འབྲས་བུ་མནར་མེད་པ་ལ་སོགས་པ་ཐོབ་པའོ། །དེས་ན་འདིས་ནི་འཁོར་བའི་ཆོས་དང་རྒྱུ་དང་ཐབས་དང་འབྲས་བུ་བསྟན་ཏེ་ཉོན་མོངས་པ་ས་བོན་དང་བཅས་པའི་གང་ཟག་ནི་རྒྱུའོ། །མ་བྱིན་པར་ཡིན་པ་ལ་
སོགས་པ་ནི་ཐབས་སོ། །དེས་ངན་སོང་གསུམ་པོར་སྐྱེ་བ་འདི་ནི་འབྲས་བུའོ། །དེས་དགེ་བའི་ཆོས་སྤོང་བ་འདི་ནི་ལས་སུ་དགོངས་ཏེ། དེ་ལྟར་སེམས་མ་རྟོགས་པས་འཁོར་བའི་ཆོས་སུ་གྱུར་པ་བསྟན་ནས། ད་ནི་སེམས་དབེན་པ་ཞེས་མྱ་ངན་ལས་འདས་པ་ཤེས་པར་བྱ་བའི་ཕྱིར།
རང་བཞིན་སྣང་བའི་རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ནི་འཁྲུལ་པའི་རང་བཞིན་ནོ། །འཁྲུལ་པའི་རང་བཞིན་དང་བྲལ་བ་ནི་སྣང་བ་སྟེ། རིམ་གྱིས་ཞེས་བྱ་བ་ནི་སྣང་བ་ཐོབ་པ་ལ་ཐུབ་པའོ། །དེས་ཅིར་འགྱུར་ཞེ་ན། སེམས་རྣམ་པར་དབེན་པ་ནི་སེམས་རྟོག་པ་དང་བྲལ་
བ་སྟེ། གང་གི་ཉོན་མོངས་པ་རྣམས་དང་བྲལ་བའི་སེམས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སེམས་དབེན་པ་ཞེས་བྱ་བ་ཡང་ཇི་ལྟ་བུ་ཡིན། ཅི་དགེ་བའམ་མི་དགེ་བ་ལ་དམིགས་པའམ། དེའི་རྣམ་པ་ཅན་ཞིག་ཡིན་ནམ་ཞེ་ན། མ་ཡིན་པའི་ཕྱིར་ལུས་དང་ངག་ཡིད་ཀྱི་ལེག་པར་སྤྱོད་
པ་ནི་དགེ་བ་བཅུ་པོ་སྟེ། མ་བྱིན་པར་ལེན་པ་སྤོང་བ་ལ་སོགས་པའོ། །དེ་ལ་ཡང་མི་དམིགས་ཤིང་དེའི་རྣམ་པ་དང་བྲལ་ཞེའོ། །འོ་ན་ཉེས་པར་སྤྱོད་པ་ལ་རྟོག་གམ་ཞེ་ན། ཉེས་པར་སྤྱོད་པ་ནི་མི་དགེ་བ་བཅུ་སྟེ། མ་བྱིན་པར་ལེན་པ་དང་། སྲོག་གཅོད་པ་ལ་སོགས་པ་ལ་མི་སེམས་མི་
རྟོག་གོ། །གང་གི་ཕྱིར་ཞེ་ན་ཞེས་པ་ནི་སེམས་རྣམ་པར་དབེན་པ་དགེ་བ་དང་མི་དགེ་བ་ལ་མི་རྟོག་པ་དེ་ཉིད་ཅིའི་ཕྱིར་ཞེས་པའོ། །དེའི་ལན་དུ་དགེ་བ་དང་མི་དགེ་བའི་རང་བཞིན་ནི་དེའི་མཚན་ཉིད་དོ། །དེ་གང་ལས་འབྱུང་ཞེ་ན། སྟོང་པ་གསུམ་ལས་བྱུང་སྟེ་སྣང་བ་དང་སྣང་བ་མཆེད་པ་དང་། སྣང་བ་
เล่ม ๓๖ · หน้า 267b
ཐོབ་པ་གསུམ་ལས་བྱུང་བའོ། །གང་གི་སྟོབས་ཀྱིས་ཇི་ལྟར་བྱུང་ཞེ་ན། རླུང་གིས་བཞོན་པའི་དབང་གིས་ཏེ། ཤེས་པ་རླུང་ལ་ཞོན་ཞིང་རླུང་ལྷན་ཅིག་ཏུ་འབྱུང་བར་འགྱུར་བའོ། །དེ་ཡང་དུས་ཅི་ཙམ་དུ་འབྱུང་ཞེ་ན་སྐད་ཅིག་ལ་སྟེ། མིག་བཙུམས་པ་ལ་སོགས་པའི་བར་དུའོ། །བྱུང་
ནས་ཀྱང་ཅི་བྱེད་ཅེ་ན། ཡུལ་རྣམས་རྗེས་སུ་མྱོང་ནས་ཏེ་གཟུགས་ལ་སོགས་པ་དམིགས་ཤིང་ཚོར་བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་གར་འགྲོ་ཞེ་ན། ཡང་དང་ཡང་དུ་འོད་གསལ་བར་འཇུག་པར་འགྱུར་ཏེ། དུས་ཐམས་ཅད་དུ་འོད་གསལ་བ་རང་བཞིན་གྱིས་དག་པའོ་ཞེས་པ་འདིས་
ཤེས་པ་རང་བཞིན་གྱི་འོད་གསལ་བར་བསྟན་ཏོ། །དེ་ལྟར་ཤེས་ནས་ལམ་གྱི་སྣང་བ་གསུམ་ལ་བློ་གཏད་པས་དྲི་མ་དང་བྲལ་བའི་འོད་གསལ་བ་ཐོབ་པར་འགྱུར་རོ། །དེ་བས་ན་དགེ་བའི་རྟེན་ཅན་གྱིས་ནི་རྒྱུ་བསྟན་ཏོ། །དེ་ཉིད་ལམ་གྱི་སྣང་བས་ནི་ཐབས་བསྟན་ཏོ། །སྣང་བ་གོང་མ་དང་
འོད་གསལ་བས་ནི་འབྲས་བུ་བསྟན་ཏོ། །རང་བཞིན་དང་འཁོར་བའི་ཆོས་ཀྱིས་ནི་འདིའི་སྤང་བར་བྱ་བའི་མི་མཐུན་པའི་ཕྱོགས་བསྟན་ཏོ། །དེ་ཉིད་ཀྱང་གང་ལས་ཤེས་སྙམ་པ་ལ། དགོངས་པ་བླ་ན་མེད་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཇི་སྐད་དུ་བཤད་པ་དེ་སྐད་དུ་
དགོངས་པ་བླ་ན་མེད་པ་ལས་བཤད་ཅེའོ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །ཞེས་པ་ནི་དུས་དང་ཁྱད་པར་གྱི་སྒོ་ནས་སྤྲིན་སྣ་ཚོགས་པ་སྟེ་མང་པོའོ། །དེ་དག་ཀྱང་གང་ཞིག་གི་ངང་དུ་གཅིག་པའམ་ཐ་དད་ཅེ་ན། ཀུན་རྫོབ་ཏུ་ཐ་དད་པའོ། །གང་གིས་ཐ་དད་ཅེ་ན། མདོག་དང་དབྱིབས་
ཀྱི་ཐ་དད་པ་སྟེ། དཀར་བོ་དང་ལྗང་གུའི་བར་དང་། གྲུ་བཞི་དང་ཟླུམ་པོ་ལ་སོགས་པས་ཐ་དད་པའོ། །ཐ་དད་པ་དེ་ཡང་དུས་རྣམ་པ་ཐམས་ཅད་དུ་ཐ་དད་པའམ་འོན་ཏེ་མ་ཡིན་ཞེ་ན་མ་ཡིན་ཏེ། ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །ཞེས་པ་ནི་མེད་པ་ལས་བྱུང་བའོ། །དེ་ཉིད་དུ་ནི་ཐིམ་
པར་འགྱུར། །ཞེས་པ་ནི་ནམ་མཁའ་ཉིད་ཀྱི་ངང་དུ་གཉིས་དང་གསུམ་གྱི་དབྱེ་བ་མེད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེས་ནི་དཔེ་བསྟན་ཏེ། དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར། དེ་བཞིན་རང་བཞིན་ཐམས་ཅད་ནི་རང་བཞིན་བརྒྱད་ཅུ་པོ་མ་ལུས་པའོ། །སྣང་བ་གསུམ་གྱི་རྒྱུ་ཅན་ནི་
เล่ม ๓๖ · หน้า 268a
སྣང་བ་གསུམ་པོ་ལས་བྱུང་བས་ཏེ་འདི་ནི་སྲིད་པ་སྐྱེ་བཞིན་པའི་སྣང་བ་ཐོབ་པ་དང་། མཆེད་པ་དང་སྣང་བའམ། ཡང་ན་དེ་ལས་བཟློག་པའོ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །ཞེས་པ་ནི་རང་བཞིན་མ་ལུས་པ་གཟུགས་དང་སྒྲ་ལ་སོགས་པ་ལ་ཞུགས་པའོ། །དེས་
ཅིར་འགྱུར་ཞེ་ན། ཡུལ་ཉམས་སུ་མྱོང་སྟེ། ཉོན་མོངས་པ་དང་། ལྟ་བ་ཐམས་ཅད་འབྱུང་སྟེ་བཤད་ཟིན་ཏོ། །དེ་ནས་གང་དུ་འགྲོ་ཞེ་ན། འོད་གསལ་བར་ཡང་འཇུག་པར་འགྱུར་ཏེ། རང་བཞིན་ཐམས་ཅད་ཀྱང་རྣམ་པར་དག་ཅིང་སྤྲོས་པ་དང་བྲལ་བར་འགྱུར་རོ་ཞེས་བྱ་བར་དགོངས་
སོ། །དེ་ལྟ་བུའི་དོན་མ་ཤེས་པའི་སྐྱོན་བསྟན་པའི་ཕྱིར། དེ་འདྲའི་རང་བཞིན་མ་ཤེས་པས་ཞེས་པ་ནི་གོང་དང་འབྲེལ་ཏེ། འདི་ནི་རྨོངས་པའི་ཕྱིར་འདི་ནི་གཏི་མུག་གི་རྣམ་གྲངས་སོ། །མི་ཤེས་མུན་པས་ཁེབས་པ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པའི་དོན་མི་ཤེས་
པས་ཤེའོ། །དེའི་སྟོབས་ཀྱིས་ཅི་བྱས་ཤེ་ན། དགེ་དང་མི་དགེའི་ལས་བྱས་ནས། །ཞེས་པ་ནི་དགེ་བ་བཅུ་ལ་སྤྱད་པའོ། །དེས་ཅིར་འགྱུར་ཞེ་ན། འགྲོ་བ་ལྔར་ནི་འཁོར་བར་འགྱུར་ཏེ། དགེ་བས་ནི་ལྷ་དང་མིར་འགྱུར་རོ། །མི་དགེ་བས་ནི་ངན་སོང་གསུམ་དུ་འགྱུར་རོ། །འོ་ན་སེམས་
ཅན་གང་གི་འགྲོ་ཞེ་ན། མཚམས་མེད་ལ་སོགས་བྱས་ནས་ནི། །ཞེས་པ་ནི་ཕ་མ་དང་དགྲ་བཅོམ་པ་ལ་སོགས་པ་གསོད་པའོ། །གང་དུ་སྐྱེ་ཞེ་ན། དམྱལ་བ་ལ་སོགས་པར་འཚེད་པར་འགྱུར་ཏེ། དམྱལ་བ་ལའང་ཡང་སོས་དང་། ཐིག་ནག་ནས་མནར་མེད་པའི་བར་དུ་འགྱུར་རོ། །
མཐོ་རིས་ཀྱང་གང་གིས་འགྲུབ་ཅེ་ན། སྦྱིན་སོགས་དགེ་བ་བྱས་ནས་ནི། །ཞེས་པ་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའམ། ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་བྱས་པས་སོ། །ཅིར་འགྱུར་ཞེས། མཐོ་རིས་ལ་སོགས་པ་དག་ཏུ་མཆོད་དེ། མི་
ཡུལ་བཞི་པོ་དང་། རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། བསམ་གཏན་དང་པོ་ལ་སོགས་པར་འགྱུར་རོ། །སྐྱེ་བ་ཇི་ཙམ་གྱི་བར་དུ་འགྲུབ་ཅེ་ན། སྐྱེ་བ་དཔག་མེད་སྟོང་
เล่ม ๓๖ · หน้า 268b
ཕྲག་ནི་བསྐལ་པ་དཔག་ཏུ་མེད་པ་སྟོང་ཕྲག་གཅིག་དང་། གཉིས་དང་གསུམ་ལ་སོགས་པར་སྐྱེ་བ་ལེན་པར་འགྱུར་རོ། །དེ་བས་ན་སྐྱེ་བ་དེ་སྲིད་དུ་ལུས་དེ་སྲིད་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་མ་རྟོགས་པའི་གང་ཟག་ལ་ལོག་པའི་མྱ་ངན་ཡོད་པ་ནི། འདི་ནི་ཞེས་པ་ལུས་འདི་དང་
སྡུག་བསྔལ་འདིའོ། །སྔོན་ལས་རྣམ་སྨིན་ནི་དང་པོའི་ལས་ཀྱི་འབྲས་བུ་ཡིན་ནོ་ཞེས་མྱ་ངན་བྱེད་དོ། །སུ་མྱ་ངན་བྱེད་ཅེ་ན། རྨོངས་པ་རྣམས་ནི་མྱ་ངན་བྱེད། །ཅེས་པ་ནི་སེམས་དབེན་པ་ལ་རྨོངས་པ་ནི་འདིར་རྨོངས་པའོ། །མྱ་ངན་བྱེད་པ་ནི་སྡུག་བསྔལ་བྱེད་པའོ། །འོ་ན་དེ་གང་གི་
ཤེས་པ་དེ་ཅིར་འགྱུར་ཞེ་ན། ཤེས་པའི་ཡོན་ཏན་བསྟན་པ། རང་བཞིན་སྣང་བའི་ཚུལ་ཅན་དག །ཅེས་པ་ནི་རང་བཞིན་དང་རྒྱུ་དང་འབྲས་བུའོ། །དེ་ལས་ཅིར་འགྱུར་ཞེ་ན། ཉོན་མོངས་ལྟ་བ་དེ་བཞིན་སྐྱེ་སྟེ་རང་བཞིན་དང་། ཉོན་མོངས་པ་དང་ལྟ་བ་ལ་སོགས་པ་སྣང་བ་གསུམ་ལས་
སྐྱེ་བར་ཤེས་པའོ། །དེའི་མིང་ཅི་ཞེ་ན། གང་ཟག་དེ་ནི་ཡེ་ཤེས་ཅན། །ཞེས་པ་ནི་ཡེ་ཤེས་གསུམ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཅིར་འགྱུར་ཞེ་ན། སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། །ཞེས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་ལས་གྲོལ་བར་ཞེས་པའོ། །དེ་
ཉིད་ཀྱང་མདོར་བསྡུས་པ་ཡིན་པས། དེ་རྒྱས་པར་གང་ལས་བཤད་ཅེ་ན། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས་ཞེས་པ་ལ་སོགས་པ་སྨོས་ཏེ། ཁ་ཅིག་མདོ་དང་འགལ་བའི་རྟོག་གེ་བ་བསལ་བའི་ཕྱིར་དེ་སྐད་ཅེས་བྱའོ། །སེམས་ཀྱི་སྤྱོད་པ་ནི་སེམས་ཀྱི་སྣང་བའོ། །འདུས་
མ་བྱས་པ་ནི་རྒྱུ་རྐྱེན་དང་བྲལ་བའོ། །གཟུགས་ཅན་མ་ཡིན་པ་ནི་གང་ལ་སྒྲིབ་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་བཞོན་པ་རླུང་ཡང་གཟུགས་ཅན་མ་ཡིན་ཏེ། ཆགས་པ་དང་ཐོགས་པ་གཉིས་དང་བྲལ་བའི་ཕྱིར་རོ། །སེམས་གཅིག་དེ་དང་འདྲ་བ་ཡང་མ་ཡིན་ཏེ། འཇིག་
རྟེན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཤེས་པ་དེ་ནི་འཇིག་རྟེན་ཐམས་ཅད་ཀྱི་སེམས་ཀྱང་འདུས་མ་བྱས་སུ་ཤེས་པའོ། །དེས་ཅིར་འགྱུར་ཞེ་ན། ཉོན་མོངས་པ་འབྱུང་བར་མི་འགྱུར་ཏེ། ཉོན་མོངས་པ་དང་བྲལ་ཞིང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་དགོངས་སོ། །རིགས་པའི་
เล่ม ๓๖ · หน้า 269a
དོན་ནི་གཏན་ཚིགས་ཀྱི་དོན་ཏོ། །འདི་ནི་ཉེ་བར་བྱེད་པ་སྟེ་རིགས་པའམ་གཏན་ཚིགས་འདིའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཅིར་འགྱུར་ཞེ་ན། ཐར་པ་ལས་མངོན་པར་ཕྱོགས་པར་འགྱུར་རོ་ཞེས་སྦྱར་རོ། །གཞན་གོ་སླའོ། །དེ་བས་ན་དགེ་བ་བཅུ་ཡང་འདིར་ནི་
སྤང་བར་བྱའོ། །དེ་ཡང་གང་ལས་ཤེས་ཤེ་ན། རྡོ་རྗེ་གཅོད་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱང་སྤང་བར་བྱ་ན་ཞེས་པ་ནི་དགེ་བ་བཅུ་ཡང་སྤང་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་མ་ཡིན་པ་ཅི་སྨོས་ཞེས་པ་ནི་སྡིག་པ་བྱེད་པ་ལྟ་ཅི་སྨོས་ཞེས་པའོ། །དེའི་ལུང་དེ་ཡང་
གཞུང་འདི་དག་དང་མི་མཐུན་ནམ་སྙམ་པ་ལ། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ནི་གཞི་མཐུན་པ་ཉིད་དེ་མ་བྱིན་པར་ལེན་པ་སྤོང་བར་བྱེད་པ་བསམ་པ་དང་བཅས་པ་སྟེ། བདག་ནི་མ་བྱིན་པར་ལེན་པ་སྤོང་པའོ། །ཐབས་ནི་འདི་ཡིས་སྤོང་ངོ་། །
སྤངས་པའི་འབྲས་བུ་ནི་འདི་ལྟ་བུ་ཞིག་ཐོབ་པོ་ཞེས་བྱ་བའོ། །དེ་མ་སྤངས་པས་ཅིར་འགྱུར་ཞེ་ན། ཡེ་ཤེས་སྤངས་ཏེ་མི་རྟོག་པའི་ཡེ་ཤེས་སྤངས་པའོ། །ཅིའི་ཕྱིར་ཞེ་ན། གཉིས་ལ་སོགས་པ་ལ་དམིགས་པ་ནི་རྟོག་བཅས་ཀྱི་ཤེས་པ་སྟེ། རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པའི་
ཤེས་པ་ནི་གཅིག་གིས་གཅིག་སྤངས་པ་དང་། ལྷན་ཅིག་པར་འགལ་བའི་ཕྱིར་རོ། །སེམས་དེ་ཡང་གང་ཡིན་ཞེ་ན། དགེ་བའི་བཤེས་གཉེན་ཏེ། འབྲས་བུ་མཆོག་གང་གིས་སྟེར་བ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གོ་སླའོ། །ལུང་གཞན་ཡང་བཤད་པ། སེམས་དགེ་བའི་བཤེས་
གཉེན་ཡིན་པ་ཉིད་ཀྱང་གང་གིས་ཤེས་ཤེ་ན། དེའི་ཕྱིར་རབ་འབྱོར་གྱིས་གསོལ་པ་ཞེས་པ་ནི་སེམས་དགེ་བའི་བཤེས་གཉེན་ཡིན་པར་ཤེས་པར་འདོད་ནས་དྲིས་པའོ། །ཆོས་ཐམས་ཅད་དབེན་པ་དང་སྟོང་པ་ལགས་ན་ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་དང་སྟོང་པ་ཉིད་ལགས་ན་ཞེས་པའོ། །
ཇི་ལྟར་སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པ་འབྱུང་བར་འགྱུར་ཞེས་པ་ནི་སེམས་ཅན་ཡང་རང་བཞིན་མེད་པ་ཡིན་ན་ཀུན་ནས་ཉོན་མོངས་པ་ལྟ་ཅི་སྨོས་ཞེས་བྱ་བར་དགོངས་སོ། །གལ་ཏེ་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཡིན་ན་ཇི་ལྟར་རྣམ་པར་བྱང་བར་འགྱུར་ཏེ། གཅིག་གིས་གཅིག་
เล่ม ๓๖ · หน้า 269b
སྤངས་པ་ཡིན་པའི་ཕྱིར་རོ། །མི་འགྱུར་བ་ཉིད་ཀྱང་ཅིའི་ཕྱིར་སྙམ་པ་ལ། དབེན་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རྣམ་པར་བྱང་བར་མི་འགྱུར་ཏེ། དབེན་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་རྣམ་པར་རྟོག་པ་
ཡིན་ཏེ། རིགས་ཀྱི་བུ་གཉིས་སུ་རྟོག་པ་འདི་ནི་རྣམ་པར་རྟོག་པའོ། །གཉིས་པོ་འདི་ནི་རེས་འཇོག་ཏུ་རྟོག་ཀྱང་རྣམ་པར་རྟོག་པའོ་ཞེའོ། །འོ་ན་དབེན་པ་དང་སྟོང་པ་ཉིད་དེ་ཡིས་གང་དག་འཚང་རྒྱའམ། དེ་ལས་གཞན་ཞིག་གིས་འཚང་རྒྱ་ཞེ་ན། དབེན་པའམ་སྟོང་པ་ཉིད་
ཀྱིས་འཚང་མི་རྒྱ་ཞེས་པ་སྟེ་དེ་ཉིད་ཀྱི་རྣམ་པ་དང་བྲལ་བའི་ཕྱིར་རོ། །འོག་མ་ལྟར་ན་ཡང་མི་འགྱུར་ཏེ། སངས་རྒྱས་ཉིད་ཀྱང་ཡོད་པ་མ་ཡིན་ལ། རྒྱུ་དང་རྐྱེན་ཡོད་པ་མ་ཡིན་ནོ་ཞེས་དྲིས་པ་དང་ལན་དུ་རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་པ་ནི་བསམ་པ་ཅི་ཞིག་ཡོད་ཅེས་པ་སྟེ། བསམ་
པ་ནི་ཤིན་ཏུ་རིགས་པར་དཀའ་བའི་ཕྱིར་རོ། །སེམས་ཅན་རྣམས་ཡུན་རིང་པོ་ནས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་སྤྱོད་ཅེས་པ་ནི་ཐོག་མ་མེད་པ་ནས་ངར་འཛིན་པ་ནི་བདག་ཏུ་འཛིན་པའོ། །ང་ཡིར་འཛིན་པ་ནི་བདག་གི་ཕའོ། །བདག་གི་མའོ་ཞེས་འཛིན་པའོ། །དེ་བཞིན་
ནོ་ཞེས་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་པའོ། །ངར་འཛིན་པ་དང་ང་ཡིར་འཛིན་པ་དེ་ཉིད་འོ་ན་ཡོད་པ་ཞིག་ཡིན་ནམ་ཞེ་ན། འོན་ཀྱང་ངར་འཛིན་པ་དང་ང་ཡིར་འཛིན་པ་སྟོང་པ་ཡིན་མོད་ཅེས་པ་སྟེ། དོན་དམ་པར་ནི་ཆོས་ཐམས་ཅད་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པས་སྟོང་པ་
ཉིད་དོ་ཞེའོ། །འོ་ན་འཁོར་བའི་རྒྱུ་ཡང་གང་ཡིན་ཞེ་ན། ངར་འཛིན་པ་དང་ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་རམ་ཞེས་པ་ནི་བདག་དང་བདག་གིར་འཛིན་པས་སེམས་ཅན་རྣམས་བཅིངས་ཏེ་འཁོར་བར་འཁྱམས་པ་ནི་འཁོར་རོ་ཞེས་པའོ། །འོ་ན་
མྱ་ངན་ལས་འདས་པ་ཞེས་པ་འདི་གང་ཞིག་ཡིན་སྙམ་པ་དང་། གང་ལས་ཤེས་སྙམ་པ་ལ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྐྱེ་བ་མེད་པ། སྐྱེ་བའམ་ཞེས་པ་ནི་སེམས་ཉིད་སྐྱེ་བ་མེད་པར་གནས་པ་དེ་ཅི་སྐྱེ་བ་གཞན་
เล่ม ๓๖ · หน้า 270a
དུ་སྐྱེ་བའམ་ཞེས་པའི་དོན་ཏོ། །དེ་ནི་མ་ལགས་སོ་ཞེས་པ་ནི་སྐྱེ་བ་མེད་པ་སྐྱེ་བ་ལ་སོགས་པར་མི་འགྱུར་བའོ། །མི་འགྱུར་ཀྱང་སེམས་ཅན་དམྱལ་བར་གལ་ཏེ་ན་འགྱུར་རོ་ཞེ་ན། སྐྱེ་བ་མ་མཆིས་པ་ཉིད་ཀྱང་མ་མཆིས་ན་ཞེས་པ་ནི་སྐྱེ་བ་མེད་པ་ཉིད་ཀྱང་རྣམ་པར་
དག་ན་ཞེའོ། །ངན་འགྲོར་མ་མཆིས་པར་འགྱུར་བ་ལྟ་ག་ལ་མཆིས་ཞེས་པ་ནི་ངན་འགྲོ་དང་ངན་འགྲོར་འགྲོ་བ་པོ་ཡང་མི་དམིགས་ཞེས་པའི་ཐ་ཚིག་གོ། །གཞན་གོ་སླའོ། །ཆོས་ཐམས་ཅད་དགེ་བར་གྱུར་ན་ངན་འགྲོར་འགྲོ་བར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། དེ་ཡང་གང་
ལས་ཤེས་ཤེ་ན། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་ལ་མ་དད་པ་མེད་པས་མངོན་པར་དད་ཅིང་ལྷག་པར་མོས་ན་ཞེས་པ་ནི་དགེ་བའི་ཆོས་ཐམས་ཅད་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་དད་པ་མེད་ཅིང་ལེ་ལོ་དང་
ཁོང་ཁྲོ་བ་ལ་སོགས་པ་མེད་པའོ། །དེ་ངན་འགྲོར་འགྲོ་བར་མི་འགྱུར་རམ་ཞེ་ན། སེམས་དེ་ཡང་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། ངན་འགྲོ་ཐམས་ཅད་ཀྱི་ས་བོན་གཏན་ནས་སྤངས་པའི་ཕྱིར་རོ། །ས་བོན་སྤངས་པ་ཉིད་ཀྱང་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་དང་ལྡན་པའི་ཕྱིར་ཏེ། །
འདི་ལྟར་དགེ་བ་གང་ན་ཡོད་པ་དེ་ན་ཉོན་མོངས་མི་འབྱུང་ལ་གང་ལ་ཉོན་མོངས་པ་མེད་ན་དེ་ལ་ངན་འགྲོ་མེད་དེ་སྣང་བ་དང་མུན་པ་བཞིན་ནོ། །དགེ་བས་ཀྱང་ཉོན་མོངས་པ་སྤོང་བ་ཉིད་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོ་མེད་དོ། །
གང་ལ་ཕུང་པོ་མེད་པ་དེ་ནི་མི་འགྲོ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །འོ་ན་ཆོས་ཀྱི་སྐུ་ཉིད་ཀྱང་གང་གིས་ཐོབ་པར་འགྱུར་ཞེ་ན། ཉོན་མོངས་པ་ཐམས་ཅད་རྣམ་པར་དབེན་པ་ནི་ཉོན་མོངས་པ་དང་བྲལ་བའོ། །བྲལ་བ་དེ་ཉིད་ནི་ཆོས་ཀྱི་སྐུའོ། །འོ་ན་འཁོར་བར་ཇི་ལྟར་སྐྱེ་ཞེ་ན། རྒྱུ་རྐྱེན་
ཚོགས་པ་དང་ཕྲད་པ་ལས་སྐྱེ། །ཞེས་པ་ནི་རྒྱུ་དང་རྒྱེན་ཚོགས་པ་དང་ཕྲད་པ་ལས་ཤེས་པ་སྐྱེ་ཞེས་པ་སྟེ། མིང་དང་གཟུགས་ལ་སོགས་པ་གོ་རིམས་བཞིན་ནོ། །སྐྱེ་བ་དེ་ཡང་སྐད་ཅིག་མ་ཡིན་པའི་ཕྱིར་འགག་པར་འགྱུར་ཏེ། སྐད་ཅིག་ལས་མི་གནས་པའི་ཕྱིར་རོ། །དེ་བས་ན་
เล่ม ๓๖ · หน้า 270b
ཉོན་མོངས་པ་རྣམས་འཇིག་པའི་ཆོས་ཅན་ཡིན་པས་འདི་ནི་འཇིག་པའི་ཆོས་ཅན་ནོ། །དེ་ལྟར་ཡང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་མ་གསུངས་སོ་ཞེ་ན་མ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་གསུངས་ཞེས་སྦྱར་རོ། །ཀླུ་སྒྲུབ་ཉིད་ཚད་མ་མ་ཡིན་ནོ་ཞེ་
ན། དེ་བཞིན་གཤེགས་པས་དེ་ལྟར་ལུང་བསྟན་པའི་ཕྱིར་རོ། །དེའི་དོན་ནི་གོ་སླའོ། །དེ་ལྟར་ལས་མཐའ་རྣམ་པར་འབྱེད་པ་འདི་བསྟན་པས་ཅི་བྱེད་ཅེ་ན། སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་ལ་གནས་པ་རྣམས་སྒྲོལ་བར་བྱེད་དོ། །ལུང་དང་རིགས་པ་དག་གིས་ཤེས་
པ་ནི་རྒྱུད་དང་མདོ་དང་མི་འགལ་བ་དང་། མངོན་སུམ་དང་། རྗེས་སུ་དཔག་པ་དང་། གྲགས་པ་དང་། རང་གི་དམ་ཚིག་དང་མི་འགལ་བ་འདི་ཉིད་ཀྱིས་མི་འགལ་བར་བྱས་པའོ་ཞེའོ། །ལུང་གི་གསུང་བ་པོ་ཡང་གང་ཞིག་ཡིན་ཞེ་ན། ཐུགས་རྗེ་ཆེན་པོའི་བདག་ཉིད་དེ།
དེ་བཞིན་ཉིད་ལས་ཐུགས་རྗེའི་སྟོབས་ཀྱིས་གཤེགས་པ་གང་ཡིན་པ་དེས་གསུངས་ཤེའོ། །དེ་ཡང་གང་ལ་གཟིགས་ཤེ་ན། སེམས་ཅན་སྡུག་བསྔལ་གྱི་དབའ་ཀློང་དུ་ལྷུང་བ་ནི་སྡུག་བསྔལ་གྱི་ཆུ་བོས་དེད་ཅིང་གཡེངས་པའོ། །སྐྱོབས་དང་དཔུང་གཉེན་མེད་པ་ནི་མགོན་
དང་སྐྱོབ་པར་བྱེད་པ་མ་མཐོང་བ་ལ་གཟིགས་པའོ། །གཟིགས་ནས་ཅི་བྱེད་ཅེ་ན། ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཞེས་པ་ནི་སྒྱུ་མ་ལྟ་བུའི་སྐུ་ཡིས་སོ། །ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཤེས་པ་ནི་འདོད་ཆགས་ལ་སོགས་པའི་རྣམ་པ་ཡོངས་སུ་ཤེས་པའོ། །
འདིས་ནི་གཞན་གྱི་སེམས་ཤེས་པ་ཉིད་དུ་སྤང་བ་བསྟན་ཏོ། །ཤེས་ནས་ཀྱང་ཅི་ཞིག་མཛད་ཅེ་ན་ཉོན་མོངས་པ་རྣམ་པར་དག་པར་མཛད་པ་ནི་ཉོན་མོངས་པ་སྤོང་བའི་ཐབས་དཔག་ཏུ་མེད་པ་བཀའ་སྩལ་ཞེའོ། །ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་ལ་གནས་པ་ཡིན་ནམ་ཞེ་ན། དོན་
དམ་པའི་བདེན་པས་རྣམ་པར་སྦྱངས་ནས་འོད་གསལ་བའི་ངང་ལ་སྙོམས་པར་ཞུགས་ཞེས་སྦྱར་རོ། །ལས་ཀྱི་མཐའ་ནི་ལས་ཀྱི་མཐའ་སྟེ་ལས་ཀྱི་འབྲས་བུའོ། །དེ་རྣམ་པར་འབྱེད་པ་ནི་གསལ་བར་བྱེད་པའོ། །ཐེ་ཚོམ་ཡང་དུ་སྐྱེ་ཞེ་ན། ལས་དགེ་བ་མ་ཡིན་སྙམ་པ་དང་
เล่ม ๓๖ · หน้า 271a
དགེ་བ་མེད་པ་དང་། དགེ་བ་གང་དུ་ཡོད་སྙམ་པ་དང་། དགེ་བ་གང་ལས་འབྱུང་སྙམ་པ་དང་། དགེ་བའི་འབྲས་བུ་མེད་སྙམ་པ་དང་། མ་ཡིན་སྙམ་པ་དང་། འབྲས་བུ་དུ་ཞིག་ཡོད་པ་དང་། ལུང་དང་འགལ་བ་དང་། མདོ་དང་མན་ངག་དང་། རིགས་
པ་དང་། འགལ་བ་དང་། སྐྱོན་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་དེ་ངེས་པར་གཟུང་བ་མཐའ་ལ་གནས་པ་འདིས་གཅོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དགེ་བ་ལ་ཇི་ལྟ་བར་མི་དགེ་བ་ལ་ཡང་དེ་ལྟར་ཏེ། མི་དགེ་བ་མ་ཡིན་སྙམ་པ་ནས་མང་དུ་བྱས་པའི་སྐྱོན་ལ་ཐུག་པའི་བར་དུ་དེ་
ལྟར་ངེས་པར་གཟུང་བ་དང་། སེམས་ཉིད་རང་བཞིན་མེད་པ་ལ་ཐེ་ཚོམ་ཟ་བ་དང་། མེད་ན་དགེ་བ་དང་མི་དགེ་བ་གང་ལས་འབྱུང་སྙམ་དུ་ཐེ་ཚོམ་ཟ་བ་དང་། འབྱུང་ན་དག་པ་མ་ཡིན་སྙམ་པ་ལ་སོགས་པའི་ཐེ་ཚོམ་ཡང་འདིས་ཡོངས་སུ་གཅོད་པར་བྱེད་དོ། །སྤྱོད་པ་བསྡུས་པའི་
སྒྲོན་མ་ཞེས་བྱ་བའི་བཤད་པ་ལས་ལེའུ་ལྔ་པ་རྒྱས་པར་བཤད་པའོ།། །།དེ་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གང་ཟག་གང་ཡིན་པ་དང་། དངོས་པོ་ཇི་ལྟ་བུ་ཡིན་པ་དང་། འབྲས་བུ་གང་ཐོབ་པ་ལ་སོགས་པ་མི་ཤེས་ནས་དྲིས་པ་དང་། ལན་དུ་ལྷའི་དེ་ཁོ་ན་ཉིད་ནི་ལྷའི་དེ་
ཁོ་ན་ཉིད་དོ། །བསམ་གྱིས་མི་ཁྱབ་པ་ནི་གཞུང་དང་དེའི་རྣམ་པའོ། །སུས་གསུངས་ཤེ་ན། སངས་རྒྱས་ཐམས་ཅད་ཀྱིས་བཤད་དེ། འགས་བཤད་པ་ནི་མ་ཡིན་ནོ། །བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ་ནི་སངས་རྒྱས་ཀྱི་བཀའ་དེ་ཉིད་བླ་མ་ལས་འོངས་པ་ཡིན་གྱི་གཞན་
ནི་མ་ཡིན་ནོ། །སུའི་ཡུལ་ཡིན་ཞེ་ན། ས་བཅུའི་དབང་ཕྱུག་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ། དེའི་ཡང་ཡུལ་མ་ཡིན་པ་ནི་ཤིན་ཏུ་ཟབ་པའི་ཕྱིར་རོ། །ས་བཅུ་ཞེས་བྱ་བ་ཡང་གང་ཞིག་ཡིན་ཞེ་ན། ཆོས་ཀྱི་སྤྲིན་སྤྱིའི་ས་བཅུ་སྟེ། དེས་ནི་ཟུང་དུ་འཇུག་པ་སློབ་པ་ལ་གནས་
ཟིན་པས་མ་ཡིན་ནོ། །འོ་ན་གང་ཞིག་ཡིན་ཞེ་ན་ཆོས་ཀྱི་མཆོག་ཆུང་ངུ་བ་སྟེ། དེ་ལ་མ་སྦྱངས་པའི་ཕྱིར་དེའི་ཡུལ་མ་ཡིན་ནོ། །འདི་ལ་ཡང་ཅིའི་ཕྱིར་ས་ཞེས་བྱ་ཞེ་ན། བརྟན་པར་བྱ་བའི་ཕྱིར་ཏེ། འདི་ལ་བརྟེན་ནས་གོང་མར་བགྲོད་པའི་ཕྱིར་རོ། །བགྲོད་པ་དང་ལོངས་སྤྱོད་
เล่ม ๓๖ · หน้า 271b
པའི་ཕྱིར་ཡང་ས་ཞེས་བཤད་དོ། །དེ་ངས་ཁོང་དུ་ཆུད་པར་བྱའོ་ཞེས་པ་ནི་ངས་ཁོང་དུ་ཆུད་པ་ཇི་ལྟ་བ་དེ་ལྟར་ཁྱོད་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་གི་སེམས་ནི་རང་གི་ཤེས་པ་སྟེ། དོན་དང་མཐུན་པ་ནི་ཡང་དག་པའོ། །ཇི་ལྟ་བ་བཞིན་ཞེས་པ་ནི་ཇི་ལྟར་གནས་པའོ། །
དེ་ཡོངས་སུ་ཤེས་པ་ནི་རྣམ་པར་མ་རིག་པ་མ་ཡིན་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་མེད་པ་ནི་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྱིས་སྟོང་པས་ནི་བཤིག་ནས་སྟོང་པ་ལ་སོགས་པ་གསལ་བ་ཡང་ཡིན་ནོ། །སེམས་ཙམ་དུ་སྣང་བ་ནི་དགག་པ་སྨོས་
པ་སྟེ། མ་ཡིན་པར་དགག་པའོ། །སེམས་དེ་ཡང་ཅིར་སྣང་ཞེ་ན། མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་སྣང་སྟེ། ཐིག་ལེ་ལ་སོགས་པའི་རྣམ་པ་ལས་དྲན་པ་ཙམ་མམ། རིམ་གྱིས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་ལྷའི་སྐུར་ལོངས་པ་གང་
ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དཔེ་གང་ཞིག་ཡིན་སྙམ་པ་ལ་རྨི་ལམ་ལ་སོགས་པ་སྟེ། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། མིག་ཡོར་ལ་སོགས་པའི་རྣམ་པ་འདྲ་བར་བལྟ་བར་བྱའོ། །དེ་ཡང་གང་གི་སྐུ་ཡིན་ཞེ་ན། སངས་རྒྱས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་སྟེ། འདི་
ལ་གཟུང་བ་དང་འཛིན་པའི་རྣམ་པ་གཞན་ནི་མེད་དེ་ཆུ་ཟླ་བཞིན་ནོ། །ཡང་དྲིས་པ་བརྟེན་པའི་ལུས་ནི་གཟུགས་ཀྱི་ཕུང་པོ་སྟེ། དེ་མེད་པ་ནི་དེ་རྣམ་པར་དག་པ་ཉིད་དོ། །དེ་བས་ན་སེམས་ཀྱང་མེད་དེ་ནམ་མཁའི་མེ་ཏོག་བཞིན་ནོ། །སེམས་མེད་ན་ལུས་ཀྱང་མེད་དེ། ས་བོན་
དང་མྱུ་གུ་བཞིན་ནོ་ཞེས་ལུང་གི་ཚིག་ལས་གསུངས་པ་ནི་བཀའ་ལས་བཤད་པའོ། །སེམས་གཅིག་པུས་ལྷའི་སྐུ་ཇི་ལྟར་རྫོགས་པར་འགྱུར་ཞེས་པ་ནི་སེམས་རྫས་སུ་མེད་པ་ལས་ལྷའི་རྫས་རྣམ་པ་གཟུགས་ཅན་ཇི་ལྟར་འབྱུང་བར་འགྱུར་ཏེ་མི་འགྱུར་རོ། །འོན་ཏེ་ལུང་དེ་
ཚད་མ་མ་ཡིན་ན་དམིགས་པའི་ལྟ་བ་ཅན་རྣམས་ནི་ཡོད་པར་ལྟ་བའོ། །ལུང་དང་རྟོགས་པ་ནི་ལུང་དང་རིགས་པའོ། །དེ་མེད་པ་ནི་དེ་དང་བྲལ་བའོ། །དེས་ཅིར་འགྱུར་ཞེ་ན། ཡིད་ཆེས་པར་མི་འགྱུར་ཏེ། ངེས་པའི་ཤེས་པ་མི་སྐྱེའོ། །དེ་བས་ན་ཞེས་པ་ནི་དེའི་ཕྱིར་བཤད་དུ་
เล่ม ๓๖ · หน้า 272a
གསོལ་ཞེས་སྦྱར་རོ། །དེའི་ལན་བཏབ་པ། མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་ནི་མདོ་སྡེ་དང་རྒྱུད་དང་རྟོག་པའི་གཞུང་ལ་གནས་པའོ། །བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་ནི་ལས་དང་པོ་པའི་གང་ཟག་གོ། །དེས་ཀྱང་ཤེས་པར་མི་
འགྱུར་རོ་ཞེས་སྦྱར་རོ། །གང་ཤེས་པར་མི་འགྱུར་ཞེ་ན། ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་ནི་གོང་དུ་བཤད་པ་ཉིད་དོ། །གང་ལ་བརྟེན་ནས་མི་འགྱུར་ཞེ་ན། སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ་གོང་དང་འབྲེལ་ཏོ། །ཁོང་དུ་ཆུད་པར་བྱའོ་
ཞེས་བྱ་བ་གོང་དང་སྦྱར་རོ། །གང་གི་རྗེས་སུ་འབྲངས་ཤེ་ན། རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཞེས་པ་ནི་གང་ལ་ཏིང་ངེ་འཛིན་གཙོ་བོར་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྗེས་སུ་འབྲངས་པ་ནི་དེ་ལ་བརྟེན་པའོ། །ཅི་བྱེད་ཅེ་ན་རྡོ་རྗེ་སེམས་དཔའ་རྫོགས་པར་འགྱུར་བ་ནི་
མཚན་དང་དཔེ་བྱད་དུ་ལྡན་པའི་སྐུ་རྫོགས་པར་འགྱུར་བའོ། །དེ་བསྐྱེད་པའི་རྒྱུ་དང་དེ་ལ་ཕན་པའི་རྐྱེན་ནི་རྒྱུ་དང་རྐྱེན་ནོ། །དེ་ཁོང་དུ་ཆུད་པར་བྱ་བ་ནི་དེ་ཤེས་པར་བྱ་བས་ཤེས་པའོ། །དེ་ལ་སྐྱུ་མ་ལྟ་བུའི་སྐུ་རྒྱུ་དང་རྐྱེན་དུ་བཅས་པ་འདི་ཡང་ཅི་དོན་དམ་པར་ཡོད་པ་ཁོ་ནའམ་ཞེ་ན།
མ་ཡིན་ཏེ་ཡང་དག་པར་ན་ཞེས་པ་ནི་དོན་དམ་པར་ཞེས་པའོ། །སེམས་ནི་སྣང་བའོ། །ཁ་དོག་དང་དབྱིབས་དང་བྲལ་བ་ནི་ཁ་དོག་དང་དབྱིབས་མེད་པའོ། །ནམ་མཁའ་མཉམ་པ་ནི་ནམ་མཁའ་དང་འདྲ་བའོ། །འོ་ན་སྣང་བ་ཙམ་དུ་ཡང་མེད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ལྟ་མོད་
ཀྱི་ཞེས་པ་ནི་དེ་ལྟར་རང་བཞིན་མེད་ཀྱང་ཞེས་པའོ། །སྣང་བ་ཙམ་ནི་ཀུན་རྫོབ་ཙམ་དུའོ། །སྣང་བ་གསུམ་པོ་རླུང་ལ་བརྟེན་པ་ནི་ཤེས་པ་རང་དང་ལྷན་ཅིག་ཏུ་གྱུར་པའོ། །དེས་ན། རླུང་གིས་རྣམ་པར་ཤེས་པ་བཅིངས། །ཞེས་པ་ནི་དོན་ཕྱིར་ཏེ་གོང་དང་འབྲེལ་པའོ། །རླུང་གིས་
བཅིངས་ཞེས་པ་ནི་རླུང་གིས་འཁྱམ་དུ་བཅུག་པ་ཉིད་དོ། །གཞན་ནི་བཤད་ཟིན་ཏོ། །སྨན་ཆེན་གྱིས་དྲིས་པའི་ལན་གསུངས་པ། རྣམ་པར་ཤེས་པའི་སྐུའི་རང་བཞིན་ཅི་ལགས་ཞེས་པའི་རྣམ་པར་ཤེས་པའི་སྐུའི་མཚན་ཉིད་ཅི་འདྲ་ཞེའོ། །དེའི་ལན་དུ་སྨན་ཆེན་ཞེས་པ་ནི་བོད་པའོ། །
เล่ม ๓๖ · หน้า 272b
སྒྱུ་མ་མཁན་གྱི་མིའི་རང་བཞིན་ནི་བདག་གིས་ནི་སྒྱུ་མ་བྱས་པའོ། །འདི་ནི་སྒྱུ་མའི་གཟུགས་ཉིད་དེ། འདི་ལ་ནི་རྟ་དང་བ་ལང་མེད་དོ། །འདི་ལ་དཔུང་བུ་ཆུང་གི་ཚོགས་དང་། སྟག་དང་། སེང་གེ་ལ་སོགས་པ་མེད་དོ་ཞེས་རྟོག་གི་འདི་ནི་བ་ལང་ངོ་ཞེས་བྱ་བ་ལ་སོགས་པར་མི་རྟོག་གོ། །
མའི་གྲིབ་མ་ཆུའི་ནང་དུ་བྱུང་བ་ཡང་བྱིས་པ་ཤེད་མ་བྱེ་བ་དག་ནི་འདི་ནི་མ་ཡིན་ཏེ། རྐང་ལག་དང་མགོ་ལ་སོགས་པ་དང་ལྡན་པའི་ཕྱིར་མ་ཡིན་ནོ་སྙམ་དུ་སེམས་ཀྱི། མཁས་པ་ཤེས་རབ་ཅན་ནི་དེ་ལྟར་མི་སེམས་སོ། །མིག་དང་ནམ་མཁའི་རང་བཞིན་ཡང་མིག་འཁྲུལ་པས་རྣམ་པ་སྣ་
ཚོགས་སུ་སྣང་བ་དང་། ནམ་མཁའ་འོ་ཟི་ལས་སྦྲུལ་དུ་སྣང་བ་ལྟ་བུའོ། །དེ་བས་ན་དེ་ཅི་འདྲ་བ་དེ་ལྟར་སྲིད་པའི་རང་བཞིན་ཡང་འཕྲུལ་ནས་སྣང་བ་ཉིད་དོ། །སྐྱེ་བ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྐྱེ་བ་དང་བྲལ་བའི་རང་བཞིན་ཁོ་ནས་ཐོག་མར་འཆི་བས་བྱས་པའི་གཟུགས་བལྟ་
བར་བྱའོ་ཞེས་བྱ་བ་ནི། གཟུགས་རང་བཞིན་མེད་ཅིང་སྒྱུ་མའི་རྣམ་པ་ལྟར་བལྟ་བར་བྱའོ། །གཞན་གོ་སླའོ། །རྣམ་པར་ཤེས་པའི་རང་བཞིན་གྱི་གཟུགས་ཀྱི་ཁྱད་པར་གྱི་དཔེ་ཡང་གང་ཞིག་ཡིན་ཞེ་ན། རྩིག་པའི་རི་མོ་མེ་ལོང་གི་ནང་དུ་སྣང་བ་དང་འདྲ་སྟེ། དཔེར་ན་སྐྱེས་བུ་
ཞིག་གིས་རྩིག་པའམ་རས་སམ། འཇག་མ་ལ་སྣང་མཛད་དམ། མི་བསྐྱོད་པ་ལ་སོགས་པ་ཁ་དོག་དང་དབྱིབས་སུ་ལྡན་པ་བྱས་ཏེ། དེའི་གཟུགས་བརྙན་མེ་ལོང་གི་ནང་དུ་བསྟན་ན་མེ་ལོང་གི་ནང་དུ་བསྟན་པའི་གཟུགས་དེ་ལ་ནི་ཁ་དོག་མེད། དབྱིབས་མེད། རས་དང་།
རྩིག་པ་དང་འཇག་མ་མེད། ས་དང་ཚོན་གྱི་ཁ་དོག་མེད། ཤ་དང་ཁྲག་དང་རུས་པ་མེད་དེ། འོན་ཀྱང་གཟུགས་དང་མེ་ལོང་གི་སྟོབས་ཀྱིས་ཇི་ལྟར་ཡང་སྣང་ངོ་། །དེ་བཞིན་དུ་ཞེས་པ་ནི་མེ་ལོང་གི་གཟུགས་དེ་དང་འདྲ་བར་ཞེའོ། །རྡོ་རྗེ་སྐུའི་ངོ་བོ་ཉིད་དུ་བདག་ཉིད་སྤྲུལ་ཏེ་
ཞེས་པ་ནི་རིམ་གྱིས་སམ་ཅིག་ཅར་གྱིས་རྡོ་རྗེ་སེམས་དཔའི་སྐུའི་རང་བཞིན་དུ་བདག་ཉིད་བསྐྱེད་པའོ། །ཇི་ལྟ་བུ་ཞེ་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་རྒྱན་ཆ་དང་ཁ་དོག་ལ་སོགས་པ་ཐམས་ཅད་དང་ལྡན་པའོ། །སྐུ་ལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་སྐུ་
เล่ม ๓๖ · หน้า 273a
ལྟ་བས་མི་ངོམས་པའོ། །མཚན་སུམ་ཅུ་རྩ་གཉིས་ནི་ལྕེས་གདོང་ཁེབས་པ་ལ་སོགས་པའོ། །དེ་བཞིན་དུ་དཔེ་བྱད་བཟང་པོ་བརྒྱད་ཅུས་ཀྱང་བརྒྱན་པ་སྟེ་བཤད་ཟིན་ཏོ། །དེ་དག་ཀྱང་གང་ལས་ཤེས་ཤེ་ན། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་
ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇའ་ཚོན་ལྟ་བུའི་ལུས་དག་ནི། །ཞེས་པ་ནི་འཇའ་ཚོན་ལ་ཁ་དོག་དང་དབྱིབས་ལ་སོགས་པ་དང་ལྡན་ཡང་དེ་ཉིད་སྣང་བ་ཙམ་ན་རྣམ་པར་རྟོག་པ་དང་བྲལ་བ་བཞིན་དུ་ལྷའི་སྐུ་དེ་ཡང་སྣང་བ་ཙམ་ན་རྣམ་པར་རྟོག་པ་དང་བྲལ་
ཞེའོ། །དེ་ཡང་གང་གི་སྒོ་ནས་ཐོབ་པར་འགྱུར་ཞེ་ན། དེ་ཉིད་བསྒོམས་པས་ཐོབ་པར་འགྱུར་ཏེ། །སྒྱུ་མའི་སྐུ་ཉིད་བསྒོམས་པས་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེའི་རིགས་པ་ནི་གོ་སླ་བས་མ་བཤད་དོ། །ཡང་དྲིས་
པ། སོམ་ཉི་གྱུར་པ་གཞན་འགའ་ཞིག་ཀྱང་བདག་ལ་མཆིས་ཞེས་པ་ནི་ཡིད་མ་ཆེས་པར་གྱུར་པ་གཞན་དག་ཀྱང་ཡོད་ཅེས་པའོ། །གང་ཡིན་ཞེ་ན། ཡུན་རིང་པོར་གཉིད་ལོག་པ་ནི་སྐད་ཅིག་མ་བགྲང་བ་ལས་འདས་པའི་བར་དུ་ལུས་སེམས་ཀྱིས་བོར་བའོ། །རྨི་ལམ་དུ་སུམ་
ཅུ་རྩ་གསུམ་གྱི་གནས་སུ་ཕྱིན་པ་རྨིས་པ་ནི་རྨིས་པ་ཡིན་གྱི་སྣང་བ་ནི་མ་ཡིན་ནོ། །སུམ་ཅུ་རྩ་གསུམ་གྱི་གནས་ནི་རི་རབ་ཀྱི་སྟེང་གི་ལྷའི་ཁང་པ་དང་རྫིང་བུ་དལ་གྱིས་འབབ་པ་ལ་སོགས་པ་ནི་ཕྱིན་པར་རྨིས་པའོ། །ཡུལ་ཕྱོགས་གཞན་ནི་སུམ་ཅུ་རྩ་གསུམ་གྱི་གནས་མ་ཡིན་པ་སྟེ། གླིང་
གཞན་དང་ཡུལ་ཁམས་གཞན་དུ་ཕྱིན་པར་རྨིས་པའོ། །འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་བ་ནི་གཟུགས་ལ་སོགས་པའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་སྟེ་ཞེས་པའི་ཐ་ཚིག་གོ། །ཡང་ཡུལ་འདིར་འོངས་ནས་ཞེས་པ་ནི་ད་ལྟར་གྱི་གནས་འདི་ཉིད་དུ་འོངས་པའོ། །ཅིའི་
ཕྱིར་རྨི་ལམ་དགེ་བ་དང་མི་དགེ་བའི་འབྲས་བུ་ཐོབ་པར་འགྱུར་ཞེས་པ་ནི་རྨི་ལམ་བཟང་པོ་རྨིས་པས་ནི་དགེ་ལ། ངན་པར་རྨིས་པས་མི་དགེ་བ་ཅིའི་ཕྱིར་ཞེས་དྲིས་པའོ། །གཞན་གོ་སླའོ། །དེའི་ལན་སྨྲས་པ། ཐོག་མ་མེད་པའི་དུས་ནས་ཡུལ་ལ་དངོས་པོར་བལྟས་པས་ཞེས་
เล่ม ๓๖ · หน้า 273b
པ་ནི་སེམས་དྲན་པ་དང་པོ་པའི་དུས་ནས་ཡུལ་ལ་བདག་དང་དངོས་པོ་དང་རྟག་པ་ལ་སོགས་པར་གདགས་པར་བྱའོ། །དེ་ཡི་ཐེ་ཚོམ་བསལ་བའི་ཕྱིར། །ཞེས་པ་ནི་གཞུང་འདི་ཉིད་ཀྱི་དགོངས་པ་བཤད་པའོ། །གཞན་གོ་སླའོ། །རྨི་ལམ་ཞེས་པ་ནི་ཉོན་ཅིག་ཅེས་པའི་
བར་དུ་ནི་ལུང་བསྟན་པར་དམ་འཆའ་བའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་ལ་སོགས་པ་ཞེས་པ་ནི་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། དབང་པོ་ལྔ་པོ་འདི་དག་ནི་འདུ་ཤེས་སྦྱར་རོ། །གར་འདུ་ཤེས་ན་ཤེས་པ་གཉིས་
པོ་ནི་གཉིད་ལོག་པ་དང་། མ་ལོག་པའི་ཤེས་པ་འདི་གཉིས་སུ་འདུ་ཤེས་པའོ། །སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་པ། །ཞེས་པ་ནི་སྣང་བ་ཐོབ་པའི་ངང་དུའོ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར་ཞེས་པ་ནི་ཤེས་པ་རླུང་ལ་ཞོན་ནས་གནས་སུ་ཕྱིན་
ཏེ་རྨི་ལམ་མཐོང་ཞེའོ། །རྨི་ལམ་སད་ནས་བྱེ་བྲག་གཞན་མེད་པ། །ཞེས་པ་ནི་རྨི་ལམ་སད་ནས་གཉིད་ལོག་པ་དང་བྱེ་བྲག་མེད་དོ་ཞེའོ། །གཞན་གོ་སླའོ། །དེ་ཉིད་ཀྱང་ལུང་གཞན་ལས་རྒྱས་པར་བཤད་པ་གང་ཡོད་ཅེ་ན། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་
མདོ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་ཞེས་པ་ནི་བོད་པའོ། །ཇི་སྙམ་དུ་སེམས་ཞེས་པ་ནི་དྲི་བའོ། །གཉིད་ལོག་པ་རྨི་ལམ་ན་ཀུན་དུ་རྟོག་པའི་ཚེ་ཞེས་པ་ནི་སད་པའི་དུས་བཞིན་ནོ། །འདོད་ཆགས་སྤྱོད་པ་མྱོང་ངམ་ཞེས་པ་ནི་ཡུལ་དང་རྫས་དང་ཆུང་མ་ལ་
འདོད་ཆགས་སྤྱོད་པ་མྱོང་ངམ་ཞེས་དྲིས་པ་དང་། མྱོང་ལགས་སོ་ཞེས་པ་ནི་ལན་བཏབ་པའོ། །ཡང་དྲིས་པ། སེམས་ཀྱི་འདོད་ཆགས་སྤྱད་པ་དེ་ཁྱོད་ཀྱིས་མ་ཤེས་སམ་ཞེས་པ་ལ། འདི་ལུས་ཀྱིས་སྤྱོད་པ་ནི་མ་ཡིན་ཏེ། ཡུལ་གཞན་དང་ཕྲད་པའི་ཕྱིར་རོ། །དེ་བས་ན་དེ་ནི་
སེམས་ཀྱིས་མྱོང་བ་སྟེ། འདོད་ཆགས་དེ་ནི་སེམས་ཙམ་ཞེས་འབྱུང་ངོ་། །མྱོང་ལགས་སོ་ཞེས་པ་ནི་དེ་ཉིད་ཀྱི་དོན་རིག་པའི་སྒོ་ནས་ལན་བཏབ་པའོ། །རྨི་ལམ་གྱི་སེམས་དང་གཉིད་མ་ལོག་པའི་སེམས་ལ་ཐ་དད་པ་མཐོང་ངམ་ཞེས་པ་ནི་རྨི་ལམ་དང་གཉིད་མ་ལོག་
เล่ม ๓๖ · หน้า 274a
པའི་སེམས་ལ་ཐ་དད་པ་མ་ཡིན་པར་ཐུགས་ལ་བཞག་ནས་དྲིས་པའོ། །ལན་དུ་ཐུགས་ཀྱིས་དགོངས་པ་མཁྱེན་ནས་ཐ་དད་དུ་བགྱི་བ་ཅུང་ཟད་ཀྱང་མ་མཐོང་ལགས་སོ་ཞེས་པ་ནི་གཉིས་སུ་མེད་དོ་ཞེས་པའི་དོན་ཏོ། །ཡང་དྲིས་པ། ཆོས་ཐམས་ཅད་ནི་རྨི་
ལམ་ལྟ་བུ་ཞེས་ངས་མ་བསྟན་ནམ་ཞེས་པ་ནི་ངས་སྔོན་དུ་དེ་ལྟར་བཤད་དོ་ཞེས་པའོ། །དེ་ལྟར་ལེགས་སོ་ཞེས་པ་ནི་རྗེས་སུ་དྲན་པའི་སྒོ་ནས་ཁས་བླངས་པའོ། །རྨི་ལམ་དང་འདྲ་བ་ཞེས་བྱ་བ་ཡང་གང་ཞིག་ཡིན་དེ་ཉིད་མི་ཤེས་སོ་ཞེ་ན། རྨི་ལམ་དང་འདྲ་བ་ནི་རྨི་ལམ་དང་དབྱེར་མེད་པའོ། །དབྱེར་
མེད་པ་དང་གང་ཡིན་ཞེ་ན། གཉིས་སུ་མེད་པའོ། །གཉིས་སུ་མེད་ལ་གཉིས་སུ་དབྱེར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །དབྱེར་མེད་པ་ནི་ཤིན་ཏུ་གཅིག་པ་ཉིད་དོ། །གཅིག་པ་ཞེས་བྱ་བ་རྟོག་པ་ལ་གཅིག་གམ། །འཁྲུལ་པའི་ཤེས་པ་ལ་གཅིག་ཅེ་ན། འཁྲུལ་པ་ལ་ནི་གཅིག་པ་མ་
ཡིན་ཏེ། གཉིས་སུ་བརྟགས་པའི་ཕྱིར་དང་མ་འབྲེལ་བའི་ཕྱིར་རོ། །རྟོག་པ་ལ་ཇི་ལྟར་གཅིག་ཅེ་ན། འདི་ལྟར་གཉི་ག་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་དང་། འཁྲུལ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱང་གཞུང་འདི་པ་མ་ཡིན་ནོ་སྙམ་པ་ལ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསང་
བ་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་བཅོམ་ལྡན་འདས་ཞེས་པ་ནི་བོད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྨྲ་བའོ། །དཔེར་ན་ཞེས་པ་ནི་དཔེ་དགོད་པའོ། །བྱང་ཆུབ་ཀྱི་སེམས་ནི་གསང་བ་བྱང་ཆུབ་ཀྱི་སེམས་སོ། །དེ་ཅི་བྱེད་ཅེ་ན། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་ཞེས་པ་ནི་ཡེ་ཤེས་ཐམས་ཅད་འདི་ལ་བརྟེན་ནས་སྐྱེ་ཞེའོ། །ཡང་ན་བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་ལ་ཕན་པར་འདོད་པ་སྟེ། སྨོན་པ་དང་འཇུག་པའོ། །ལུས་ལ་མི་གནས་ངག་ལ་མི་གནས་སེམས་ལ་མི་གནས་སོ་ཞེས་པ་ནི་གནས་
པར་བྱ་བ་དང་གནས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཁམས་གཞན་ན་གནས་སམ་ཞེ་ན། ཁམས་གསུམ་ན་མི་གནས་ཏེ་འདོད་པའི་ཁམས་དང་གཟུགས་དང་། གཟུགས་མེད་པའི་ཁམས་ན་མི་གནས་སོ། །མི་གནས་ཀྱང་སྐྱེ་བ་ཡོད་དོ་ཞེ་ན། སྐྱེ་བ་མེད་དེ་གང་
เล่ม ๓๖ · หน้า 274b
འཕེལ་བ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གོ་སླའོ། ལུང་དེ་དགོངས་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་གསལ་བར་གསུངས་སོ་ཞེས་བྱ་བར་སྦྱར་རོ། །སེམས་ནི་སྣང་བའོ། །སེམས་
ལས་བྱུང་བ་ནི་སྣང་བ་མཆེད་པའོ། །དེའི་རྣལ་འབྱོར་ཆེན་པོ་ནི་སྣང་བ་ཐོབ་པའོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་ནི་སྒྱུ་མ་ལྟ་བུའི་སྐུའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སྒྱུ་མའི་དཔེས་ཉེ་བར་མཚོན་པའི་ཕྱིར་སྒྱུ་མ་ལྟ་བུའི་སྐུའོ། །སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ནི་སྒྱུ་མ་
ལྟ་བུའི་སྐུ་འདི་ཉིད་ཀྱི་གྲངས་བསྟན་ཏོ། །སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་འདི་དག་གིས་ནི་ངེས་པའི་ཚིག་འདི་ཉིད་རྒྱས་པར་བཤད་དོ། །གཞན་གོ་སླའོ། །ཀུན་རྫོབ་ནི་རྒྱུ་རྐྱེན་དང་ལྡན་པའོ། །དེའི་དབང་དུ་བདེན་པས་ཀུན་རྫོབ་ཀྱི་བདེན་པའོ། །ཐེ་ཚོམ་གཅོད་པ་ནི་ངོ་བོ་དང་
ངེས་ཚིག་དང་། དབྱེ་བ་དང་། རྒྱུ་དང་། རྣམ་གྲངས་དང་། བསྒོམ་པའི་དུས་དང་། དཔེ་དང་། ལས་དང་། མཚན་ཉིད་དང་། ཁྱད་པར་དང་། དབང་དང་། མཐར་ཕྱིན་པའི་ཚད་དང་། གང་ལ་ཕྱོགས་པ་དང་། མདོ་དང་། རྒྱུད་འདི་པ་དང་། འདི་ཉིད་རྒྱས་པ་དང་།
རྒྱུད་དང་། རྟོག་པ་གཞན་དང་། རིགས་པ་ལ་ཐེ་ཚོམ་ཟ་བ་འདིས་གཅོད་པར་བྱེད་པས་དེ་སྐད་ཅེས་བྱའོ། །སྤྱོད་པ་བསྡུས་པའི་སྒྲོན་མའི་འགྲེལ་པ་ལས་ལེའུ་དྲུག་པའི་བཤད་པའོ།། །།དེ་ནས་འོད་གསལ་བ་དོན་དམ་པའི་བདེན་པ་ལ་གང་ཞིག་ཐེ་ཚོམ་དུ་གྱུར་ནས་འདྲི་བ། ཀུན་
རྫོབ་ཀྱི་བདེན་པ་ལ་ནི་སོམ་ཉི་མ་མཆིས་ན་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །ད་ནི་ཞེས་པ་ནི་སྐབས་སུ་བབ་པའི་ཐ་ཚིག་གོ། །རྣམ་པར་དག་པ་ནི་གཟུང་འཛིན་དང་བྲལ་བའོ། །དོན་དམ་པར་བདེན་པས་དོན་དམ་པའི་བདེན་པ་སྟེ་མ་ནོར་བའི་བདེན་པའོ། །བླ་མའི་ཞལ་སྔ་ནས་ཀྱི་
དྲིན་གྱིས་ཤེས་པར་འཚལ་ལོ་ཞེས་པ་ནི་བླ་མ་ལ་མ་བརྟེན་པར་ནི་གང་ཡང་ཤེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ལན་དུ་ཀུན་རྫོབ་ནི་གོང་དུ་བཤད་དོ། །དོན་དམ་པའི་བདེན་པ་ཡང་གང་ཡིན་ཞེ་ན། ལུས་མེད་པ་ནི་ལུས་དང་བྲལ་བ་སྟེ། ལུས་ཉིད་ཀྱང་རྣམ་པར་དག་
เล่ม ๓๖ · หน้า 275a
པའོ། །དཔེ་མེད་པ་ནི་དཔེ་དང་བྲལ་བའོ། །གང་ལ་ཚད་ཡོད་པ་དེ་ལ་ནི་དཔེ་ཡང་ཡོད་ན་འདི་ལ་ནི་ཚད་མེད་པས་དཔེ་ཡང་མེད་དོ། །རྩོམ་པ་ཐམས་ཅད་དང་བྲལ་བ་ནི་རྩོམ་པའི་བྱ་བ་ལས་འདས་པའོ། །རང་གིས་རིག་པ་ནི་གཞན་གྱིས་རིག་པར་བྱ་བ་ནི་མ་
ཡིན་ནོ། །དེ་ཡང་གང་ལས་ཤེས་ཤེ་ན། བླ་མའི་ཁ་ལས་ཤེས་པའོ། །གཞན་ལས་ཤེས་པར་མི་འགྱུར་རམ་སྙམ་པ་ལ་བླ་མའི་ཁ་ལས་བསྟན་པ་མེད་པར་ཤེས་པར་མི་འགྱུར་ཏེ། གོ་སླའོ། །དེ་ཡང་དཔེ་ལས་ཤེས་པའི་ཕྱིར། ཇི་ལྟར་མར་མེ་ཞེས་པ་ལ་སོགས་པ་སྟེ། གོ་སླའོ། །
རིགས་པ་འདིས་ཞེས་པ་ནི་གཏན་ཚིགས་འདིས་ཞེས་པ་སྟེ། གང་གཏན་ཚིགས་དང་བྲལ་བ་དེས་ནི་ནམ་ཡང་དངོས་པོ་གཏན་ལ་ཕེབས་པར་མི་འགྱུར་རོ། །དེ་བས་ན་གང་ཞིག་གང་གིས་གཏན་ལ་ཕེབས་པ་དེ་ནི་དེའི་གཏན་ཚིགས་ཡིན་ནོ། །སྒྲའི་རྣམ་པ་ལས་བྱུང་བ་ཡིན་པས་ཞེས་པ་
ནི་གང་གིས་དོན་དམ་པ་རྟོགས་པར་འདོད་པ་དེས་ནི་སྒྲ་ལས་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་ནི་དོན་རྗོད་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འོ་ན་དེ་ལྟ་ན་ནི་སྒྲའི་བརྗོད་བྱར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བརྡ་ཙམ་གྱིས་དོན་ཤེས་པར་བྱེད་ཀྱི་འདི་ལ་དོན་བརྗོད་པ་ནི་ཅུང་
ཟད་ཀྱང་མེད་དོ། །དེ་བས་ན་སྒྲ་དང་དོན་རང་གི་མཚན་ཉིད་ལ་འབྲེལ་པ་ཡང་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་འདིས་དོན་སྟོན་པའི་བརྡ་བྱེད་པ་ལས་དང་པོ་པས་ཉམས་སུ་བླང་བར་བྱའོ་ཞེ་ན། དེ་བས་ན་སྒྲ་ཡང་བླ་མའི་ཁ་ལ་རག་ལས་པས་དང་པོར་བླ་མ་མཉེས་པར་བྱའོ། །སྒྲས་ཀྱང་གང་
སྟོན་ཞེ་ན། ཐོག་མ་དང་ཐ་མ་མེད་ཅིང་ཞེས་པ་ནི་ཐོག་མ་དང་ཐ་མ་མེད་པ་དང་བྲལ་བ་སྟེ། ཐོག་མ་མ་གྲུབ་ཐ་མ་མ་གྲུབ་ཅེའོ། །དངོས་པོ་མེད་པའི་ཞེས་པ་ནི་དངོས་པོ་ནི་གཟུང་བ་དང་འཛིན་པ་སྟེ། དེ་དང་བྲལ་བ་ནི་དངོས་པོ་མེད་པའོ། །དེ་བས་ནི་གང་ལ་དངོས་པོ་དང་མཚན་མ་མེད་པ་དེ་ནི་དངོས་
པོ་དང་བྲལ་བ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་གང་གི་སྒོ་ནས་གང་གིས་སྟོན་ཞེ་ན། ཀུན་རྫོབ་ཀྱིས་བདེན་པའི་མཚན་ཉིད་ཅན་གྱི་སྒྲ་གང་ཡིན་པའི་སྒོ་ནས་སྟོན་ཏེ། གང་རྒྱུ་རྐྱེན་གྱིས་བསྐྱེད་པའི་སྒྲ་དེ་ལ་བརྟེན་ཞིང་དེའི་སྒོ་ནས་སྟོན་ལ་དེ་ཉིད་ཀྱང་སྒྱུ་མ་ལྟ་བུའོ་ཞེའོ། །དོན་དམ་
เล่ม ๓๖ · หน้า 275b
པའི་བདེན་པ་དེ་ཡང་ཇི་ལྟ་བུའི་རྣམ་པ་ཡིན་ཞེ་ན། ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་དང་འདྲ་བའོ། །མ་བཅོས་པ་ན་རྒྱུ་རྐྱེན་དང་བྲལ་ཞིང་བྱེད་པ་པོ་མེད་པའོ། །དྲི་མ་མེད་པ་ནི་རྟོག་པའི་དྲི་མ་དང་བྲལ་བའོ། །དེ་ལྟ་བུ་འདི་ཡང་གང་ལས་ཤེས་ཤེ་ན། ཚུལ་གཅིག་པར་བསྟན་
པའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་གོང་དུ་བཤད་ཟིན་ཏོ། །དེ་ཡང་དབང་གང་དང་འབྲེལ་པ་དེ་ཉིད་བསྟན་པར་བྱ་སྟེ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ནི་རྒྱུ་དང་འབྲས་བུ་གཉིས་དང་བྲལ་བའོ། །དེ་ཁོང་དུ་ཆུད་པའི་སློབ་མས་ཀྱང་ཇི་ལྟར་བྱ་ཞེ་ན། བླ་མས་བསྟན་པའི་ལུང་ཐོབ་ནས། །
ཞེས་པ་ནི་འདི་ཉིད་ཀྱི་དུས་བསྟན་ཏོ། །རྒྱུད་ལས་བཤད་པའི་ཆོ་ག་ནི་ཕྱག་རྒྱ་མ་བརྟག་པ་ལ་སོགས་པའོ། །འབྱོར་པ་ཅི་ཡོད་པས་ཞེས་པ་ནི་ཡོ་བྱད་དང་རྫས་དང་འཁོར་ལ་སོགས་པས་སོ། །དེས་ཅི་བྱེད་ཅེ་ན། ཚོགས་ཀྱི་དཀྱིལ་འཁོར་བྱས་ལ་ཞེས་པ་ནི་ཚོགས་ཀྱི་འཁོར་ལོའི་
དཀྱིལ་འཁོར་བྱ་ཞེའོ། །དེ་ནས་ནམ་ཕྱེད་ནི་དུས་ཁྱད་པར་ཅན་ནོ། །ལེགས་པར་བསླབས་པའི་ཕྱག་རྒྱ་མ་ནི་སྔགས་སྐྱེས་ལ་སོགས་པའོ། །ལུས་དྲི་ཞིམ་པོས་བྱུགས་པ་སྟེ། སྤོས་ལ་སོགས་པས་བྱུགས་པའོ། །རྒྱན་གང་གིས་བརྒྱན་ཞེ་ན། རྒྱན་ཐམས་ཅད་ཀྱིས་ཏེ། རྐང་
གདུབ་ལ་སོགས་པའོ། །དེ་གང་ལ་དབུལ་ཞེ་ན། བླ་མ་ལ་ཕུལ་ཏེ་ཞེས་པ་ནི་རང་གི་སློབ་དཔོན་ལ་དབུལ་བའོ། །གསང་བ་ནི་གསང་བའི་མཆོད་པའོ། །དེ་བས་གཞན་པའི་མཆོད་པ་ནི་སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་པའོ། །སློབ་མས་ཀྱང་ལུས་ཀྱི་བྱ་བ་ཇི་
ལྟར་བྱ་ཞེ་ན། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པ་ནི་གོ་སླའོ། །བསམ་པ་ཡང་ཇི་ལྟར་བྱ་ཞེ་ན། འཁོར་བ་ལས་སྐྱོབས་པའི་ཡིད་ཀྱིས། །ཞེས་པ་ནི་འདི་ལ་བརྟེན་ནས་བདག་དང་གཞན་ཐམས་ཅད་ངན་འགྲོ་དང་སྲིད་པ་ལས་གྲོལ་བར་བྱའོ་སྙམ་དུ་བསམ་པའོ། །མོས་
པའམ་བསམ་གཏན་ཇི་ལྟར་བྱ་ཞེ་ན། སློབ་དཔོན་ལ་དེ་བཞིན་གཤེགས་པ་མངོན་སུམ་བཞིན་དུ་བསམ་པ་ནི། འདི་ཡི་གཟུགས་ཀྱི་ཕུང་པོ་ལ། །དེ་བཞིན་གཤེགས་པ་རྣམ་སྣང་བཞུགས། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེའི་དུས་སུ་ངག་གིས་ཀྱང་ཇི་སྐད་དུ་བརྗོད་པར་
เล่ม ๓๖ · หน้า 276a
བྱ་ཞེ་ན། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་མཆོག་སྦྱིན་རྡོ་རྗེ་ནི་གང་གིས་བྱང་ཆུབ་ཀྱི་སེམས་བདུད་རྩི་བླ་ན་མེད་པ་སྟེར་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་པའི་མཐའ་ནི་འོད་གསལ་བ་སྟེ། དེའི་ངང་དུ་གྱུར་པ་དེ་ལ་དེ་སྐད་
ཅེས་བྱའོ། །སྟོང་ཉིད་ལས་བྱུང་ཞེས་པ་ནི་སྤྲུལ་པའི་སྐུའི་རང་བཞིན་དང་། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་དུ་གྱུར་པའོ། །སངས་རྒྱས་བྱང་ཆུབ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། འདིར་ཚོགས་དང་སློབ་མའོ། །དེ་འདུད་པ་ནི་ཕྱག་འཚལ་བ་སྟེ། དེས་
ནི་ཀུན་གྱིས་བསྐུར་བར་བསྟན་ཏོ། །དེ་ལྟར་བཏུད་ནས་ཀྱང་ཅི་བྱེད་ཅེ་ན། མངོན་པར་བྱང་ཆུབ་མཐོང་བ་ནི་འོད་གསལ་བ་སྟེ། དེ་ཐོབ་པར་འདོད་པའོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པའོ། །དེ་གང་ཡིན་ཞེ་ན། ཐམས་ཅད་སྟོང་
པ་སྟེ་གཟུང་བ་དང་འཛིན་པ་ཐམས་ཅད་ལས་གྲོལ་བའོ་ཞེའོ། །རང་བཞིན་མཚན་ཉིད་གཅིག་པ་ཉིད། །ཅེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་གཅིག་པའོ། །སེམས་དཔའ་ཆེན་པོ་ཞེས་པ་ནི་སློབ་དཔོན་ལ་བོད་པའོ། །སྩལ་དུ་གསོལ་ཞེས་
པ་ནི་དེ་བདག་གིས་ཐོབ་པར་མཛད་དུ་གསོལ་ཞེས་པའོ། །འོ་ན་དེས་ཅི་བྱེད། ཡོན་ཏན་ཅི་ཞིག་ཡོད་ཅེ་ན། །ལས་དང་སྐྱེ་ལས་རྣམ་གྲོལ་བའི། །ཞེས་པ་ནི་ལས་ཀྱི་སྒྲིབ་པ་དང་སྐྱེ་བའི་སྒྲིབ་པ་ལས་གྲོལ་བའོ། །དེ་ཡང་ཡུན་རིང་མོ་ཞིག་ན་མ་ཡིན་ནམ་ཞེ་ན། ཚེ་འདིར་བྱང་ཆུབ་ཐོབ་
པ་ཞེས་པ་ནི་མཐོང་བའི་ཆོས་འདི་ལ་ཐོབ་པའོ། །དེ་ཡང་ཉན་ཐོས་ལ་སོགས་པའི་གནས་སུ་ཡང་རྙེད་པར་མི་འགྱུར་རམ་ཞེ་ན། ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །ཞེས་པ་ནི་ཉན་ཐོས་ལ་སོགས་པའི་གནས་ན་སུ་ཡང་བདག་གི་སྐྱབས་མི་བྱེད་
ཅེའོ། །དེ་བས་ན། འགྲོ་བའི་དཔའ་བོ་ཐུབ་ཆེན་པོ། །ཞེས་པ་ནི་སེམས་ཅན་གྱི་དོན་ལེགས་པར་སྤྱོད་པའོ། །དེ་བས་སློབ་དཔོན་གནང་བར་མཛོད། །ཅེས་པ་ནི་གཉིས་ཏེ། བདག་སྨིན་པར་འདོད་པ་དང་། གཞན་སྨིན་པར་འདོད་པའོ། །བདག་སྨིན་པར་འདོད་པའི་སྐབས་
เล่ม ๓๖ · หน้า 276b
སུ་ཁྱོད་ཀྱིས་བདག་གི་སློབ་དཔོན་གྱིས་ལ་བདག་སྨིན་པར་གྱིས་ཤིག་ཅེའོ། །གཞན་སྨིན་པར་འདོད་པའི་སྐབས་སུ་བདག་གཞན་གྱི་སློབ་དཔོན་དུ་རུང་བར་མཛད་དུ་གསོལ། དུས་དེང་ནས་བཟུང་ནས་བདག་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་
ཀྱི་སྤྱོད་པ་རྨད་དུ་བྱུང་བ་མི་གནས་པའི་མྱ་ངན་ལས་འདས་པ་མྱུར་དུ་ཐོབ་པར་བྱ་བའི་ཐབས་འདིས་ནི་བདག་གཞན་ཐམས་ཅད་ཀྱི་བྱ་བ་རྫོགས་པར་བྱེད་ཀྱི་བདག་གཅིག་པུའི་ནི་མ་ཡིན་ནོ། །འོ་ན་གཞན་ཁོ་ནས་འགྱུར་མོད་ཅེ་ན་ཡང་མ་ཡིན་ཏེ། དང་པོར་བདག་གི་ཆོས་ཡོངས་སུ་རྫོགས་
པར་མ་བྱས་པར་གཞན་གྱི་དོན་རྫོགས་པར་མི་འགྱུར་རོ། །དེ་ལྟར་གསོལ་བ་ནི་གསོལ་བ་བཏབ་པའོ། །དམ་པ་དེས་ནི་ཞེས་པ་ནི་གསོལ་བ་བཏབ་པ་དེ་གསན་པའོ། །བླ་མ་དཔལ་ལྡན་ཡོན་ཏན་མཚོ། །ཞེས་པ་ནི་སློབ་དཔོན་ཡོན་ཏན་མང་པོ་དང་ལྡན་པའོ། །སྙིང་རྗེ་སློབ་མ་
ལ་བསྐྱེད་དེ། །ཞེས་པ་ནི་སློབ་མ་སྙིང་རྗེས་ཉེ་བར་གཟུང་བའོ། །དེ་བཞིན་རབ་ཏུ་དང་བ་ནི་བཞིན་མཛེས་པའོ། །རང་གི་བརྩེ་བས་རང་དགའ་བ་ནི་རང་བུ་མོ་ལ་ལུགས་ཀྱི་བསྟན་བཅོས་ཀྱི་སྦྱོར་བ་རྩོམ་པའོ། །དམ་ཚིག་བཟང་པོ་བསྟན་པ་ནི་སྡོམ་པ་དབོག་པའོ། །ཡང་ན་
གཉིས་སུ་མེད་པའི་སྦྱོར་བར་བྱེད་པའོ། །མཉམ་པར་གཞག་པ་ཡང་དེའི་དུས་སུ་ཡེ་ཤེས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྙོམས་པར་འཇུག་པའི་སྒྲས་བསྐུལ་ནས། དེའི་བྱང་ཆུབ་ཀྱི་སེམས་ཀྱང་འབེབས་པར་བྱེད་དོ། །དེ་ནས་བྱང་ཆུབ་ཀྱི་སེམས་གནས་གང་དུ་
དབབ་ཅེ་ན། བུམ་པའམ་ཡང་ན་དུང་ཆོས་སུ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདི་དག་རྒྱས་པ་འདིར་མི་བྲི་སྟེ། ཡོངས་སུ་རྫོགས་པ་གཞན་དུ་ཤེས་པར་བྱའོ། །དེའི་མན་ངག་བསྟན་པ། མངོན་པར་བྱང་ཆུབ་པ་ནི་གོང་དུ་བཤད་དོ། །འདི་ལ་གཉིས་ཡོད་པས་
ན་འདི་ནི་རྣམ་པ་གཉིས་སོ། །གང་ཞེ་ན་ཕྱི་དང་ནང་གི་སྟེ། གང་བསྟན་དུ་ཡོད་པ་དེ་ནི་ཕྱིའོ། །གང་བསྟན་དུ་མེད་པ་དེ་ནི་ནང་ངོ་། །དེ་ལ་དང་པོར་ཕྱི་བསྟན་པར་བྱ་སྟེ། རྟོགས་པར་སླ་བ་ཉིད་ཀྱི་ཕྱིར་རོ། །ཐོ་རངས་ཀྱི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ནང་གི་མངོན་པར་
เล่ม ๓๖ · หน้า 277a
བྱང་ཆུབ་པ་ནི་གང་དང་གང་ཡིན་ཞེ་ན། སོ་སོ་རང་གི་རིག་པ་ནི་སེམས་ཉིད་འོད་གསལ་བའོ། །དེའི་རྟགས་བསྟན་པ། དང་པོ་སྨིག་རྒྱུ་ལྟ་བུ་ནི་སྨིག་རྒྱུ་བ་བཞིན་ཏེ་དེ་དང་འདྲ་བའོ། །དེ་དང་འདྲ་བ་མཐོང་བ་ཡང་དེའི་རྟགས་ཏེ་དེའི་རྣམ་པ་ཅན་གྱི་ཤེས་པའོ། །འདི་དག་གིས་ནི་སློབ་
པའི་དབང་དུ་བྱས་པའི་འོད་གསལ་བ་བསྟན་ཏོ། །སྐད་ཅིག་ལ་འོད་གསལ་བ་ནི་སྐད་ཅིག་གམ་ཐང་ཅིག་ལ་སོགས་པས་འོད་གསལ་བ་མངོན་དུ་འགྱུར་ཏེ། །དུས་ཅི་སྲིད་མཉམ་པར་གཞག་གི་བར་དུ་ཆོས་ཐམས་ཅད་རང་བཞིན་མེད་པ་མངོན་སུམ་
དུ་འགྱུར་རོ་ཞེའོ། །དེ་ཡང་གང་གིས་མཐོང་ཞེ་ན། ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་ཞེའོ། །དེ་ཉིད་ཐོབ་པའི་ཐབས་རྒྱས་པར་བཤད་པ། བསམ་གཏན་རྣམ་པ་གཉིས་ལ་དམིགས་པར་བྱེད་དོ་ཞེས་པ་ནི་འོག་ནས་སྟོན་ཏོ། །དེའི་དཔེ་བསྟན་པ། ཆུ་བོའམ་ལྡེང་ཀའི་
ཆུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་དོན་ཡང་འདུས་ཏེ། རང་བཞིན་མེད་པར་བྱེད་པ་ཉིད་དོ། །དེའི་མིང་ཅི་ཞེ་ན། རིལ་པོར་འཛིན་པ་ཞེས་བྱ་བའོ། །མིང་གི་རྣམ་གྲངས་ནི་གཞུང་རྒྱས་པས་འཇིགས་པ་ཉིད་ཀྱི་ཕྱིར་མ་བཤད་དོ། །དེ་ཡང་རང་བཞིན་མེད་པ་གང་
ལས་ཤེས་སྙམ་པ་ལ། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་དགོངས་པ་ཅན་ཡིན་ནོ། །སྙམ་པ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་གཞན་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་ཀུན་ལས་རྣམས་འདས་ཤིང་། །ཞེས་པ་ནི་གང་གིས་ལུས་ཀྱི་ཡན་
ལག་དང་ཆོ་གའི་ཡན་ལག་ཐམས་ཅད་དང་བྲལ་བའོ། །རྟོག་པའི་ཚོགས་རྣམས་སྤངས་ནས་ཀྱང་། །ཞེས་པ་ནི་གཟུང་བ་དང་འཛིན་པའི་རྟོག་པ་སྤངས་པའོ། །གུག་སྐྱེད་ཐིག་ལེ་ལས་འདས་པ། །ཞེས་པ་ནི་དེ་དག་གི་རྣམ་པ་དང་བྲལ་བའོ། །འདི་ནི་དཀྱིལ་འཁོར་མཆོག་
ཡིན་ནོ། །ཞེས་པ་ནི་དཀྱིལ་འཁོར་གྱི་རྒྱལ་པོ་ཡིན་ནོ་ཞེའོ། །གཟུགས་དང་གཟུགས་མེད་དྲི་མེད་ལ། །ཞེས་པ་ནི་བཤད་ཟིན་ཏོ། །གཞན་གོ་སླའོ། །ཨེ་མ་ཧོ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས་ཤིང་བསྟོད་པའོ། །དེས་གསོལ་
เล่ม ๓๖ · หน้า 277b
བ་བཏབ་པས་སློབ་དཔོན་གྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ། །གཞན་གོ་སླའོ། །འོད་གསལ་བ་འདི་ཡང་གང་གི་ངོ་བོ་ནི་རྟོག་པ་ཐམས་ཅད་དང་བྲལ་བའོ། །རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་། རྟོག་པའི་དྲི་མ་སེལ་བ་འདི་ནི་གཏན་ཚིགས་སོ། །སློབ་པ་དང་མི་སློབ་པ་
དང་། སེམས་ཉིད་དང་དངོས་པོའི་འོད་གསལ་བ་ནི་དབྱེ་བའོ། །རྣམ་གྲངས་ནི་འདིར་སྨོས་ཏེ། དེ་ལ་སོགས་པའི་རིམ་པ་འདིར་སྨོས་པ་རྣམས་ཀྱི་ཐེ་ཚོམ་ཟ་བ་ཡོངས་སུ་གཅོད་པ་གང་ཡིན་པ་འདི་ནི་ཐེ་ཚོམ་ཡོངས་སུ་གཅོད་པའོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་
ལས་ལེའུ་བདུན་པའི་བཤད་པའོ།། །།དེ་ལྟར་ལེའུ་བདུན་པར་དོན་དམ་པའི་བདེན་པ་རྒྱས་པར་བསྟན་ནས། ད་ནི་ཟུང་དུ་འཇུག་པའི་རིམ་པ་བཤད་པར་བྱ་སྟེ། དེ་ཤེས་པར་འདོད་ནས་དྲིས་པ། དོན་དམ་པའི་བདེན་པ་རྟོགས་པ་ལ་ནི་སོམ་ཉི་མ་མཆིས་ན་ཞེས་པ་ནི་དེའི་དོན་ཁོང་
དུ་ཆུད་པའོ། །དོན་དམ་པའི་བདེན་པ་ལ་ཞུགས་ནས་ཞེས་པ་ནི་དོན་དམ་པའི་བདེན་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པའམ། དེ་ལ་སེམས་རྩེ་གཅིག་པའོ། །དེ་ལས་ལྡང་བར་བགྱིད་ཅེས་པ་ནི་གང་གི་སྟོབས་ཀྱིས་སྟོང་པ་ཉིད་ལས་ལྷའི་སྐུར་ལྡང་ཞེས་པའོ། །འདིར་མངོན་དུ་ཕྱོགས་
པ་ནི་གང་ཞིག་ལགས་ཞེས་པ་ལ་སོགས་པས་རང་གི་ཐེ་ཚོམ་དུ་གྱུར་པ་ཐམས་ཅད་དྲིས་པ་དང་། དེའི་ལན་དུ་འོད་གསལ་བ་ལས་ལྡང་བའི་རིམ་པ་ནི་ལྷའི་སྐུ་འབྱུང་བ་རྟོགས་པར་བྱའི་ཞེས་པའི་དོན་ཏོ། །གང་ལ་བརྟེན་ཞེ་ན། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
བསྐྱེད་པའི་རིམ་པ་ནི་དང་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྫོགས་པའི་རིམ་པ་ཡིན་པའི་ཕྱིར་རོ། །འོ་ན་དང་པོ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། རྡོ་རྗེ་བཟླས་པ་སྟེ། རྟེན་དང་བསྐྱེད་པ་དང་བཅས་པའོ། །དེས་ས་གང་ཡང་ཐོབ་ཅེ་ན། ས་བརྒྱད་པ་སྟེ་བཟོད་པ་འབྲིང་པོའི་
སའོ། །རྡོ་རྗེ་དོན་ཞེས་བྱ་བ་ལས་ཀྱང་། རྡོ་རྗེ་བཟླས་པའི་སར་གནས་ནས། །བཟོད་པ་འབྲིང་པོ་ཐོབ་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །སྐུ་གསུང་ཐུགས་མངོན་པར་རྟོགས་པ་ནི་སྐུ་གསུང་ཐུགས་སེམས་ཉིད་ཀྱི་ངོ་བོར་ཤེས་པའོ། །དེས་ས་གང་ཐོབ་ཅེ་ན། ས་བཅུ་པ་སྟེ། སེམས་
เล่ม ๓๖ · หน้า 278a
ལ་དམིགས་པ་འདི་ནི་ཆོས་ཀྱི་མཆོག་ཆུང་ངུའམ་ཡང་ན་འབྲིང་པོ་ལ་རེག་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཀྱི་མཆོག་ཆེན་པོ་ལ་གནས་པར་འགྱུར་ཏེ། གཞན་ལས་བཟོད་པ་ཆེན་པོ་ནས་ཆོས་མཆོག་པར་གང་དེ་སེམས་ལ་དམིགས་པ་དང་། སྒྱུ་མ་ལྟ་བུས་
ཐོབ་པར་འགྱུར། །འོག་གི་ས་ལ་རྨོངས་པ་ཡིས། །རབ་ཏུ་དགའ་སོགས་ས་ལ་འཛེག །འགྲུབ་པར་མི་འགྱུར་དུད་འགྲོ་བཞིན། །ཞེས་པ་ལྟ་བུའོ། །འོ་ན་འོད་གསལ་བས་ས་གང་ཐོབ་ཅེ་ན། རབ་ཏུ་དགའ་བ་སྟེ་ས་བཅུ་དང་པོའོ། །འོ་ན། འོད་གསལ་བ་ཡི་སྦྱོར་བ་ཡིས། །བཅུ་
གསུམ་ས་ལ་ཡང་དག་གནས། །ཞེས་འབྱུང་བ་དང་མི་འགལ་ལམ་ཞེ་ན་འགལ་བ་མ་ཡིན་ཏེ། དེ་ནི་དྲོད་ལ་སོགས་པའི་དབང་དུ་བྱས་པ་སྟེ། གང་ཚེ་ཐ་མའི་དྲོད་གྱུར་ནས། །བཟོད་པ་ཆོས་མཆོག་དབང་དུ་ནི། །རབ་འབྲིང་སྦྱོར་བ་བཅུ་གཉིས་ཏེ། །རབ་ཏུ་དགའ་བ་བཅུ་གསུམ་མོ། །
ཞེའོ། །ཟུང་དུ་འཇུག་པ་ཞེས་བྱ་བ་འདིས་སའི་ཁྱད་པར་དུ་ཐོབ་ཅེ་ན། །རབ་ཏུ་དགའ་ནས་ཆོས་ཀྱི་སྤྲིན། །གང་གི་རྗེས་ལ་ཐོབ་པ་རྣམས། །ཟུང་འཇུག་གི་ནི་སྦྱོར་བར་བྱེད། །གཞན་པའི་ཡུལ་དུ་འགྱུར་མ་ཡིན། །ཞེས་འབྱུང་བ་ལྟ་བུའོ། །དེ་ཡང་གང་ལས་གསུངས་ཤེ་ན།
ལང་ཀར་གཤེགས་པའི་མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའོ། །ཐབས་མཁས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །སེམས་ཀྱི་ཁམས་ཐམས་ཅད་སྒྱུ་མར་སྣང་བ་ལ་སོགས་པ་འདི་ནི་གོ་སླ་བ་ཉིད་ཀྱི་
ཕྱིར་མ་བཤད་དོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་དེ་ལ་གནས་པ་མཛད་པའོ། །དོན་དམ་པའི་བདེན་པ་ནི་འོད་གསལ་བའོ། །དེ་མ་ཐོབ་པ་ནི་མངོན་དུ་མ་གྱུར་པའོ། །དེས་ཅིར་འགྱུར་ཞེ་ན། ཕྱིན་ཅི་ལོག་ཡིན་ཏེ་ཡང་དག་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན་
ཞེས་པ་ནི་དེ་ཉིད་ལ་ཐེ་ཚོམ་དུ་གྱུར་ནས་འདྲི་བའོ། །དེའི་ལེན་དུ་སྣང་བ་གསུམ་རྣམ་པར་དག་པར་མ་གྱུར་པ་ནི་དེའི་རྟོག་པ་མ་སྤངས་པའོ། །དེས་ཅིར་འགྱུར་ཞེ་ན། རྣམ་པར་ཤེས་པ་ཀུན་དུ་རྟོག་པའི་ཤེས་པ་འཁོར་བ་ལ་སོགས་པར་རྟོག་པའོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་
เล่ม ๓๖ · หน้า 278b
པ་ནི་གོ་སླའོ། །དོན་ནི་འདི་ཡིན་ཏེ། གང་དུ་དངོས་པོ་རྟོག་པ་དང་མ་བྲལ་བ་དེ་སྲིད་ཀྱི་བར་དུ་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་ཤིང་དེའི་འབྲས་བུ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཡང་གང་ལས་གསུངས་ཤེ་ན། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། འདོད་ཆགས་རྣམ་པར་དག་པ་ནི་འདོད་ཆགས་ས་བོན་དང་བཅས་པ་སྤངས་པའོ། །བྱང་ཆུབ་སེམས་དཔའི་གནས་སོ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སེམས་གཞུག་པར་བྱ་བ་སྟེ། གཙོ་བོ་གང་ན་འདུག་འགྱུར་བ། དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །ཅེས་པ་ལྟ་
བུའོ། །སློབ་དཔོན་གཞན་དག་འདི་མི་འདོད་དོ་སྙམ་པ་ལ། སློབ་དཔོན་ཀམྤ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་གི་བདག་ཉིད་ཀྱི་སྒྲུབ་ཐབས་ནི་ཞེས་པ་འདི་ནི་ནང་ལ་མཆོག་ཏུ་གཞོལ་བའི་གང་ཟག་གི་དབང་དུ་བྱས་པའོ། །སྒྲ་ཇི་བཞིན་ནི་སྦོམ་པོར་བཤད། །ཅེས་
པ་ནི་རགས་པའི་རྣམ་པར་བཤད་པའོ། །སེམས་ཀྱི་རང་བཞིན་ནི་ཕྲ་བ་སྟེ་ཞེས་པ་ནི་གཏིང་དཔག་དཀའ་བའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱི་མཆོག་གི་གནས་སོ་ཞེས་པ་ནི་མཆོག་སྒྲུབ་པའི་རྒྱུའོ། །གཞན་གོ་སླའོ། །འདི་དག་ཀྱང་རྒྱས་པར་ནི་བསྡུས་པ་ལ་དགའ་
བའི་ཕྱིར་མ་སྤྲོས་སོ། །འོ་ན་གཉིས་སུ་མེད་པའི་དོན་དེ་ཉིད་ཀྱང་གང་ཡིན་ཞེ་ན། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པ་ནི་འོད་གསལ་བའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཉིད་དེ། འདིས་འཁོར་བའི་ཆུ་བོ་ལས་སྒྲོལ་བར་བྱེད་པའི་ཕྱིར་རོ། །དེ་ཡང་
མཚན་ཉིད་ཇི་ལྟ་བུ་ཞེ་ན། སེམས་དཔའ་མེད་པ་ནི་བསམ་པར་བྱ་བ་དང་བྱེད་པ་མེད་པའི་ཕྱིར་རོ། །མི་སྨྲ་བ་ནི་བརྗོད་པ་ལས་འདས་པའོ། །དེའི་མིང་ཅི་ཞེ་ན། མི་གནས་པའི་མྱ་ངན་ལས་འདས་པ་ཁམས་ཤེས་ཏེ། གང་ཤེས་པས་སྲིད་པ་ལ་མི་གནས་པ་དང་སྙིང་རྗེས་
ཞི་བ་ལ་མི་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཟུགས་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། །རིག་པར་དཀའ་བ་ནི་མཐོང་བར་དཀའ་བའོ། །ལས་དང་སྐྱེ་བ་ལས་གྲོལ་བ་ནི་སྒྲིབ་པ་གཉིས་སྤངས་པའོ། །དེ་དག་གིས་ནི་རྟོག་པ་ལ་མི་གནས་པའི་སྟོང་
เล่ม ๓๖ · หน้า 279a
པ་ཉིད་འོད་གསལ་བའི་རིམ་པ་བསྟན་ནས། ད་ནི་ལྡང་བའི་རིམ་པ་དཔེ་དང་བཅས་པ་བསྟན་པར་བྱས་ཏེ། ཉི་མ་དང་ཟླ་བའི་ཚུལ་ནི་སྣང་བ་མཆེད་པ་དང་སྣང་བའི་དཔེའོ། །དེ་ཤིན་ཏུ་སྣང་བ་ནི་རྟོག་པ་མེད་ལ་སྣང་བས་སྣང་བ་ཐོབ་པར་འབྱུང་སྟེ།
གང་གིས་བདག་གིས་འོད་གསལ་བ་མངོན་དུ་བྱས་སོ་སྙམ་པའི་ཤེས་པ་རགས་པའི་རྟོག་པ་དང་བྲལ་བ་འབྱུང་ངོ་། །དེ་ལས་ཉི་མའི་འོད་ཀྱིས་གསལ་བ་ནི་དོན་དམ་པ་ཤེས་པ་དང་བྲལ་ནས་ཀུན་རྫོབ་ཀྱི་དམིགས་པའི་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། །དེ་ལས་
གསལ་བ་ནི་གོང་མ་བས་གསལ་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུ་བསིལ་བ་ནི་ཟླ་བའི་འོད་དང་འདྲ་བར་གང་ཞིག་རགས་པའོ། །ཡང་ན་འདི་དག་ནི་དོན་དམ་པའི་ཤེས་པ་གསུམ་པོ་དག་རིམ་གྱིས་སྐྱེ་སྟེ། རོ་མྱོང་བའི་རྣམ་པ་དང་། གཞན་སྤོང་བ་དང་། དེ་རིག་པའི་ངོ་བོ་ཉིད་
དོ་ཞེས་ལ་ལ་དག་འདོད་དོ། །དེ་ཡང་གང་ལས་འབྱུང་ཞེ་ན། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ལས་ནི་ནམ་མཁའ་འབྱུང་། །ཞེས་པ་ནི་དོན་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ལས་ཡེ་ཤེས་ནམ་མཁའ་དང་འདྲ་བ་འབྱུང་ཞེའོ། །
དེ་ཉིད་ཀྱིས་ཇི་ལྟར་རྟོགས་ཤེ་ན། ཐམས་ཅད་སྟོང་པ་ཉིད་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་སྟོང་པ་ཉིད་དུ་རྟོག་པའོ། །གཞན་གོ་སླའོ། །འདི་དག་གི་དོན་ནི་འོད་གསལ་བའི་རྗེས་ལས་སྐྱེས་པའི་རྟོག་པ་ཐམས་ཅད་སློབ་པའི་དབང་དུ་བྱས་པའི་ཟུང་དུ་འཇུག་པས་བསླབས་
ཏེ། དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀུན་དུ་འོད་ཀྱི་ས་ལ་སངས་རྒྱས་ནས་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །དེ་ལྟར་འབྱུང་ཡང་སྐུ་དེ་ལ་རྣམ་པར་རྟོག་པ་ནི་གང་ཡང་ཡོད་པ་མ་ཡིན་ནོ། །སྙམ་དུ་དགོངས་སོ། །དེ་ལྟ་བུའི་དོན་འདི་
ཉིད་གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་དེ་ཁོང་དུ་ལེགས་པར་ཆུད་པར་བྱ་བའི་ཕྱིར་རོ་ཞེའོ། །དཔལ་གསང་བ་གྲུབ་པ་ནི་མཚན་བསྟན་པའོ། །རང་གིས་རིག་པ་རང་གི་ཡེ་ཤེས་སོ། །གཞན་གྱི་བརྗོད་ལས་མི་འབྱུང་སྟེ། །ཞེས་པ་ནི་གཞན་གྱི་ཚོགས་ལས་མི་འབྱུང་བའོ། །འོ་ན་གང་
เล่ม ๓๖ · หน้า 279b
ལས་འབྱུང་ཞེ་ན། མོས་དང་བསྒོམས་པས་རྟོགས་འགྱུར་ཏེ། །ཞེས་པ་ལ་མོས་པ་ནི་མཉན་པ་དང་བསམ་པའོ། །གང་ཏིང་ངེ་འཛིན་རྩེ་གཅིག་པ་འདི་ནི་བསྒོམ་པའོ། །དེས་རྟོགས་པར་འགྱུར་བ་ནི་དེས་ཤེས་པར་འགྱུར་བར་དགོངས་པའོ། །འདིས་མི་འདའ་བ་ཐོབ་པས་དམ་
ཚིག་གོ། །དེ་ཡང་འདི་ལས་མ་རྟོགས་པ་ཐབས་གཞན་ནི་མེད་དོ། །དེ་ཉིད་དེ་ཉིད་མིན་སྤངས་ཏེ། །ཞེས་པ་ནི་ཐ་མལ་པའི་སྤྱོད་པ་སྣ་ཚོགས་པ་སྤངས་པའོ། །མོས་པའི་བསམ་པས་ཉིན་མཚན་དུ། །ཞེས་པ་ནི་གང་གིས་གཅེས་སྤྲས་སུ་བྱེད་པའི་བསམ་པས་ཉིན་དང་མཚན་
དུ་དེ་ཁོ་ན་ཉིད་བསྒོམ་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། ཞི་བའི་གོ་འཕང་བླ་ན་མེད། །ཅེས་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ཐོབ་པའོ། །མཆོག་ཏུ་མྱ་ངན་ལས་འདས་པ། །ཞེས་པ་ནི་ཁྱད་པར་དུ་འཁོར་བའི་སྡུག་བསྔལ་དང་བྲལ་བའོ། །དེ་ཡང་ལོངས་སྤྱོད་
རྫོགས་པ་དང་སྤྲུལ་པའི་སྐུ་འབྱུང་བ་ཡང་རྐྱེན་གང་གིས་བྱས་ཤེ་ན། དེ་དང་དེ་ལས་སྨོན་ལམ་མཐུས། །ཞེས་པ་ནི་ཆོས་ཀྱི་སྐུ་དེ་ལས་སྨོན་ལམ་དང་སྙིང་རྗེའི་སྟོབས་ཀྱིས་ལོངས་སྤྱོད་རྫོགས་པ་ལ་སོགས་པ་སྣ་ཚོགས་སུ་སྣང་ཞེའོ། །གཞན་གོ་སླའོ། །དུས་ཇི་ཙམ་གྱིས་འབྱུང་
ཞེ་ན། སྐད་ཅིག་ཐང་ཅིག་ཙམ་གྱིས་བྱུང་བ་སྟེ། །ཞེས་པ་ནི་སྐད་ཅིག་ཐང་ཅིག་གིས་འབྱུང་ངོ་། །བྱུང་ནས་ཅི་བྱེད་ཅེ་ན། སྤྲོ་དང་སྡུད་པར་བྱེད་པ་སྟེ། །ཞེས་པ་ནི་སྐུའི་འོད་ཟེར་ལ་སོགས་པའི་སྟོབས་ཀྱིས་སོ། །གང་ལ་སྣང་ཞེ་ན། ཁམས་གསུམ་འདི་དག་ཐམས་ཅད་ལ་སྣང་
ཞེའོ། །འདི་དག་ནི་བཤད་ཟིན་ཏོ། །གཞན་གོ་སླའོ། །དེ་ལྟ་བུའི་དེ་ཡང་གཞུང་འདི་པ་མ་ཡིན་ནམ་སྙམ་པ་ལ། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་མའོ་རྡོ་རྗེ་ནི་ཆོས་ཀྱི་སྐུའོ། །ཨེ་མའོ་རྡོ་རྗེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཨེ་མའོ་རྡོ་རྗེ་
བསྟན་པ་ནི་སྤྲུལ་པའི་སྐུའོ། །གང་དུ་ལུས་ངག་སེམས་མེད་པ། །ཞེས་པ་ནི་གང་ལ་ཇི་ལྟར་སྣང་བ་དེ་ལ་ལུས་མི་དམིགས་ངག་མི་དམིགས་སེམས་མི་དམིགས་སོ་ཞེའོ། །སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་སྟོན་པའི་བཀའ་དེ་དགོངས་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་པའི་
เล่ม ๓๖ · หน้า 280a
ཕྱིར་རྗེ་བཙུན་གྱི་ཞལ་སྔ་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་སྟོང་ཁྱོད་ཀྱི་ལུས་ལ་མེད། །ཅེས་བྱ་བ་ལ་སོགས་པའི་དོན་ནི་སྤྲུལ་པའི་སྐུ་ནི་ཆུའི་ཟླ་བ་དང་འདྲ་བར་དགོངས་པའོ། །དགའ་བའི་སེམས་ནི་བཟུང་གྱུར་ནས། །ཞེས་པ་ནི་སེམས་ཅན་
གྱི་དོན་ལ་དགའ་བའོ། །རྡོ་རྗེའི་ལུས་ནི་རྡོ་རྗེའི་སྐུའོ། །དེ་བསྒོམས་པ་ནི་རྩེ་གཅིག་པར་བྱེད་ཅེའོ། །དེས་ཅིར་འགྱུར་ཞེ་ན། བརྟན་ལུས་ཁོང་སྟོང་མ་ཡིན་པ། །ཞེས་པ་ནི་གཞན་གྱིས་མི་ཤིགས་པའི་སྐུ་ཐོབ་པའོ། །གཞན་ཡང་ནམ་མཁའ་འདྲ་ཞིང་ཞེས་བྱ་བ་ལ་
སོགས་པའི་དོན་ནི་གོང་དང་འདྲའོ། །གཞན་གོ་སླའོ། །དཔའ་བར་འགྲོ་བའི་མདོ་ནི་དཔའ་བར་འགྲོ་བའི་དོན་སྟོན་པའི་མདོ་སྟེ། དེ་ལས་ཀྱང་རྒྱས་པར་གསུངས་སོ། །གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་ནི་སྐྱེས་བུ་གང་ཞིག་གིས་ཆོས་ཀྱི་སྐུ་ཐོབ་པ་ཉིད་
དོ། །དེའི་ཡོན་ཏན་གྱི་ཁྱད་པར་ཡང་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ་ཞེས་པ་ནི་མར་མེ་མཛད་ལ་སོགས་པ་ནི་སངས་རྒྱས་ཐམས་ཅད་དེ། དེའི་ཡུལ་ནི་ཆོས་ཀྱི་སྐུའོ། །ཅིའི་ཕྱིར་ཞེ་ན། གཤེགས་པར་བྱ་བ་ཡིན་པ་
ཉིད་ཀྱི་ཕྱིར་རོ། །རང་དབང་གི་ཡེ་ཤེས་ནི་མི་རྟོག་པའི་ཡེ་ཤེས་ཏེ། དེ་ལ་དབང་བགྱིད་པ་ནི་དེ་ལ་སྤྱོད་པའོ། །གཞན་གོ་སླའོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་བཤད་ཟིན་ཏོ། །ཐེ་ཚོམ་གཅོད་པ་ནི་ངོ་བོ་དང་དུས་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་ཡོངས་སུ་གཅོད་པ་
གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།དེ་ལྟར་གཉིས་སུ་མེད་པའི་རིམ་པ་ལ་སོགས་པ་རྒྱས་པར་བསྟན་ནས། དེ་ནས་སྤྱོད་པ་རྣམ་པ་གསུམ་ལ་སོགས་པ་ནི་གོ་སླ་བ་ཉིད་དང་།
གཞུང་རྒྱས་པས་འཇིག་པ་དང་། སློབ་དཔོན་གཞན་གྱིས་ཀྱང་རྒྱས་པར་བཤད་པ་ཉིད་ཀྱི་ཕྱིར་བདག་གིས་ནི་མ་བཤད་དོ། །གང་དུ་ཉི་མའི་འོད་ཟེར་མུན་པའི་གཉེན་པོ་བཞིན། །ཤེས་རབ་ཀྱིས་ནི་གཏི་མུག་རབ་བསལ་ནས། །དགའ་བའི་སྟོབས་ཀྱིས་དཀའ་འགྲེལ་རིམ་པ་
เล่ม ๓๖ · หน้า 280b
བརྩམས། །འདི་ལ་ཉེས་གྱུར་ཅི་མཆིས་བཟོད་པར་གསོལ། །འདོད་རྒྱལ་ཞགས་པ་ཀུན་བཀྲོལ་གཞུང་འདི་ལས། །གང་གིས་དགེ་བའི་རྩ་བ་ཅི་ཐོབ་པ། །དེས་ནི་ཁམས་གསུམ་སེམས་ཅན་བདག་དང་བཅས། །རྡོ་རྗེ་འཆང་གི་ཞིང་དུ་སྐྱེ་བར་ཤོག །སྤྱོད་པ་བསྡུས་པའི་
སྒྲོན་མའི་བཤད་པ་ཤེས་རབ་མཆོག་དང་ལྡན་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด