གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཀུ་སུ་མཱཉྫ་ལི་གུ་ཧྱ་ས་མ་ཛ་ནི་བནྡྷ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๑ · หน้า 53b
ནག་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོའོ། དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་གྱི་དོན་དུ་ནི་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་གུ་རིམ་བཞིན་དུ་བཞག་ལ། དེ་རྣམས་ལ་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ལྔ་དང་ཁ་དོག་མཐུན་པའི་ས་བོན་བསམས་ལ། དེ་བཞིན་གཤེགས་པ་ལྔའི་རང་
བཞིན་ཅན་འབར་བའི་སྲད་བུ་དེ་བསམ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་ཆོ་ག་བཞིན་དུ་བཀུག་ལ་བཅུག་སྟེ་ཆོ་ག་བཞིན་དུ་བསྒྲིལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཉི་ཤུ་རྩ་ལྔར་ནི། །ཚོན་རྩི་དག་ཀྱང་རྣམ་པར་བསྒོམ་པར་བྱའོ། །ཐིག་སྐུད་འབའ་ཞིག་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དོན་ཏོ། །རྡུལ་ཚོན་ཁ་དོག་
ལྔ་པ་སྣོད་སོ་སོར་བཞག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཁ་དོག་མཐུན་པའི་རང་བཞིན་ཅན་དུ་བྱས་ནས་འབར་བའི་ལྟ་བས་སྦྱར་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ་ཞེས་མངོན་པར་བསྔགས་ཏེ། ཐུགས་དང་སྐུ་དང་གསུང་དང་ནོར་བུ་དང་སྣ་ཚོགས་ཀྱི་དཀྱིལ་འཁོར་དུ་ཇི་ལྟར་ཐིག་
གདབ་པ་བཞིན་དུ་ཚོན་གྱི་གཞི་ལ་པཉྩ་རེ་ཁཱའི་དོན་དུ་རྡུལ་ཚོན་ཕྱི་རོལ་ནས་བརྩམས་པའི་རིམ་གྱིས་ཀུན་གྱི་ནང་དུ་ལྔ་པ་བྱ་བའི་ཚུལ་གྱིས་དགྱེ་བར་བྱའོ། །འདིར་ཚིགས་སུ་བཅད་པ་ནི། དཀར་དང་སེར་དང་དམར་དང་ལྗང་། །ནག་པོ་མི་བསྐྱོད་དཀྱིལ་འཁོར་དུའོ། །ནག་དང་སེར་དང་དམར་དང་ལྗང་། །དཀར་པོ་རྒྱལ་པོའི་དཀྱིལ་འཁོར་
དུའོ། །དཀར་དང་སེར་དང་ནག་དང་ལྗང་། །དམར་པོ་དཔག་མེད་དཀྱིལ་འཁོར་དུའོ། དཀར་དང་ནག་དང་དམར་དང་ལྗང་། །སེར་པོ་ནོར་བུའི་དཀྱིལ་འཁོར་དུའོ། །དཀར་དང་སེར་དང་དམར་དང་སྔོ། །ལྗང་དང་སྣ་ཚོགས་དཀྱིལ་འཁོར་དུའོ། །ཐིག་དང་རྡུལ་ཚོན་དགྱེ་བ་དག །ཕྱི་རིམ་ནང་རིམ་བཞིན་བརྩམ་བྱ། །ཞེས་བྱ་བ་གསུངས་
པ་ཡིན་ནོ། །འདིར་ཡང་དཀྱིལ་འཁོར་བསྒྲུབ་པ་སྔ་མ་དང་འདྲའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་གསུངས་ནས། བསྡུས་པའི་དཀྱིལ་འཁོར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་སྔགས་རྣམས་ཞེས་བྱ་བ་ནི་ལྷ་རྣམས་སོ། །རྡོ་རྗེ་ནི་རྡོ་རྗེས་མཁྲེགས་པར་གྱུར་པ་སྟེ་ཅི་རིགས་པར་བསྡུས་པ་ཞེས་བྱ་བའི་དོན་ཏོ། །ཧཱུྃ་ནི་བསྒོམ་
པར་བྱ། སྐུ་དང་གསུང་དང་དམ་ཚིག་མཆོག །བསྒོམ་པར་བྱ་ཞེས་བྱ་བ་ནི་གང་གི་དོན་དུ་རྟོགས་པར་བྱ་སྟེ། ཡི་གེ་ཧཱུྃ་དུ་བརྟག་པ་དང་སྐུ་ལ་སོགས་པ་བརྟག་པར་བྱ་བའི་དོན་ཏོ། །དེ་ལ་ཧཱུྃ་ནི་མི་བསྐྱོད་པའོ། །སྐུ་ནི་རྣམ་པར་སྣང་མཛད་དོ། །གསུང་ནི་འོད་དཔག་ཏུ་མེད་པའོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །མཆོག་ནི་རིན་ཆེན་འབྱུང་
เล่ม ๔๑ · หน้า 54a
ལྡན་ཏེ། །ནམ་མཁའ་ཐམས་ཅད་ཉིད་ཡིན་པའི་ཕྱིར་རོ། །གནས་ལྔ་དག་ཏུ་ཞེས་བྱ་བ་ནི་དབུས་སུ་བདག་པོ་བྱས་ལ་དེའི་ལོགས་རྣམས་སུ་སངས་རྒྱས་བཞི་དཀྱིལ་འཁོར་ཆེན་པོ་དང་འདྲ་བར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་བྲི་བའི་དཀྱིལ་འཁོར་ལ་ཇི་ལྟ་བ་བཞིན་དུ་བསམ་པའི་དཀྱིལ་འཁོར་ཡང་
ཡིན་ནོ། །དེ་ལྟར་དུ་བྱས་ན་ནི་ཞེས་བྱ་བ་ནི་ཇི་ལྟར་གསུངས་པའི་ཆོ་གས་བྲི་བར་བྱས་ནའོ། །རྡོ་རྗེ་གསུམ་པོ་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་མི་ཕྱེད་གསུམ་སྟེ། དེ་ལས་སྐྱེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བའི་དོན་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཉིད་ལས་སོ། །འཇིགས་
ཤིང་ཞེས་བྱ་བ་ནི་དམ་ཚིག་ལས་འདས་པའི་འཇིགས་པའོ། །དེས་སྐྲག་པ་ནི་རབ་ཏུ་འདར་བའོ། །གཞན་དག་ན་རེ་གནས་ལྔ་དག་ཏུ་ཞེས་བྱ་བ་ནི་ཇི་ལྟ་བའི་རིགས་ཀྱི་དཀྱིལ་འཁོར་རྣམས་སུའོ། །སྔགས་རྣམས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་རྣམས་ཀྱིའོ། །རྡོ་རྗེ་ཧཱུྃ་ནི་བསྒོམ་པར་བྱ་བ་ནི་གནོད་མཛེས་རྒྱལ་པོས་དགུག་པར་བསྒོམ་པའོ། །
དེ་ནས་སྐུ་དང་གསུང་དང་དམ་ཚིག་མཆོག་བསྒོམ་པར་བྱ་བ་ནི་སྐུ་ལ་སོགས་པའི་བྱིན་གྱིས་བརླབས་པའོ། །དེ་ལྟར་བྱས་པས་བྱིན་གྱིས་རློབ་པར་བྱེད་ཅེས་ཟེར་རོ། །བུམ་པའི་དགོད་པ་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་བུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྔགས་རྒྱུད་བདག་པོས་ཞེས་བྱ་བ་ནི་ལྷ་གང་གི་བུམ་པ་གང་ཡིན་པ་དེའི་
སྔགས་ཀྱིས་དེ་ལ་བཟླས་པའི་ཕྱིར་དང་། རྒྱུད་སྡེ་འབྲུ་ལྔ་ལ་སོགས་པས་བྱིན་གྱིས་བརླབས་པའི་ཕྱིར་དང་། བདག་པོ་སྟེ་རང་གི་ལྷའི་རང་བཞིན་དུ་བསྐྱེད་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་བདག་པོ་གང་ཡིན་པ་དེ་ཉིད་ནི་རྡོ་རྗེ་སེམས་དཔའ་ཡིན་ལ། ཏིང་ངེ་འཛིན་གནས་ཞེས་བྱ་བ་ནི་དེའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་ནོ། །ཅི་
ཞིག་བརྟག་པར་བྱ་ཞེ་ན། དེ་ཉིད་དགོད་པའོ། །བརྟེན་པའི་བློས་ནི་ཞེས་བྱ་བ་ནི་ཅི་རིགས་པར་བདག་ཉིད་དམ་བུམ་པ་ལ་སོགས་པ་ལ་ལྷ་ལ་སོགས་པའི་མོས་པ་བརྟན་པའོ། །སྦྱིན་སྲེག་གི་ཆོ་ག་བསྟན་པར་བྱ་བའི་ཕྱིར་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་ཞེས་བྱ་བ་ནི་དོན་དུ་གཉེར་བའོ། །སྔགས་ཤེས་པས་ནི་ཞེས་བྱ་
བ་ནི་རྒྱུད་མང་པོ་ཤེས་པ་སྟེ། དེ་ཉིད་ཀྱི་ཆོ་ག་ལྷག་མ་རྣམས་བསྒྲེ་བ་ཤེས་པའི་ཕྱིར་རོ། །བསྲེག་བྱ་ཁྱད་པར་ཅན་ནི་བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་གང་བའི་སྦྱིན་སྲེག་ནི་དགང་བླུགས་སོ། །རྡོ་རྗེ་མི་ཕྱེད་གསུམ་ནི་དཀྱིལ་འཁོར་གྱི་བདག་པོའོ། །འཁོར་ལོ་དེའི་དཀྱིལ་འཁོར་པ་རྣམས་སོ། །དབུས་སུ་ཞེས་བྱ་བ་
เล่ม ๔๑ · หน้า 54b
ནི་འབར་བའི་མེ་ཐབ་ཀྱི་དབུས་སུའོ། །རང་གི་ལྷའི་གཟུགས་ཞེས་བྱ་བ་ནི་བདག་ཏུ་མོས་པར་བྱས་པའི་དཀྱིལ་འཁོར་གྱི་བདག་པོའི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའོ། །ཞལ་དུ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཞལ་ཏེ། དེའི་ས་བོན་གྱི་བྱིན་གྱིས་བརླབས་པའི་ལྗགས་ལའོ། །ཀྱང་གསུངས་ཞེས་བྱ་བ་ནི་
འཆད་པར་འགྱུར་བའི་ཚིགས་སུ་བཅད་པའོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་མེ་ལ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སྙོམས་པར་འཇུག་པ་ཉིད་དུ་བསམ་པའོ། །བརྒྱ་རྩ་བརྒྱད་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། ལན་འགའ་སྟོང་རྩ་བརྒྱད་དམ་དཔག་ཏུ་མེད་པའོ། །སློབ་མ་
གཞུག་པའི་ཆོ་ག་བསྟན་པའི་ཕྱིར་རྣམ་པར་སྣང་མཛད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སློབ་མ་ཞེས་བྱ་བ་ནི་སྔོན་དུ་བྱ་བ་བྱས་པའི་སློབ་མའོ། །རྣམ་སྣང་མཛད་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་དུ་བྱས་པའོ། །རྡོ་རྗེ་གསུམ་ལས་བྱུང་ཞེས་བྱ་བ་ནི་སྐུ་ལ་སོགས་པས་
བྱིན་གྱིས་བརླབས་པས་ཏེ། སྐུའི་དཀྱིལ་འཁོར་དུ་གཞུག་པར་བྱའོ་ཞེས་པ་ནི་ལྷག་མའོ། །ཨཱཿནི་ལུས་དང་ངག་སེམས་ལ་བསྒོམས་ནས་ཞེས་བྱ་བ་ནི་འཇུག་པ་དེ་ལ་དབབ་པར་བྱ་བའི་ཕྱིར་དེའི་སྙིང་གའི་མཚན་མའི་ལྟེ་བའི་དབུས་སུ་བདེ་བ་ཆེན་པོའི་སྐུ་མདོག་དམར་པོ་བསམས་ལ་རྡོ་རྗེ་དེ་བརྡབས་པ་ལས་
བྱུང་བའི་དབྱངས་ཡིག་ཐ་མ་ཁ་དོག་དམར་པོ་དཔག་ཏུ་མེད་པ་སྤྲོས་པའི་ཚུལ་གྱིས་དེའི་ལུས་དང་ངག་དང་སེམས་ཐམས་ཅད་ལ་བསྒོམས་ནས་སོ། །ཅི་ཞིག་བྱེད་ཅེ་ན། དེའི་འོད་ཟེར་རྣམས་ཀྱིས་དེ་དག་བསྒྱུར་བར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེས་གཟུང་བར་བྱ་ཞེས་བྱ་བ་གསུངས་ཏེ།
སྐུ་རྡོ་རྗེས་སློབ་མ་དེ་བྱིན་གྱིས་བརླབ་པར་བྱ་སྟེ་དབབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ལ་ཡང་དཀྱིལ་འཁོར་གྱི་བདག་པོའི་སྦྱོར་བས་འཇུག་པ་ལ་དབབ་པ་ནི། རྒྱལ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རྒྱལ་ཆེན་ནི་འོད་དཔག་ཏུ་མེད་པ་སྟེ་ཤིན་ཏུ་ཞེན་པ་
ཡིན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་ཡི་གེ་ཨཱཿལས་ཇི་སྐད་དུ་བཤད་པའི་ཁྱད་པར་བྱའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་འཇུག་པའི་ཕྱིར་རྡོ་རྗེ་དམ་ཚིག་ནི་འདའ་བར་དཀའ་བའི་སྔགས་སོ། །དམ་ཚིག་ཐམས་ཅད་ནི་ལྷ་ཐམས་ཅད་དོ། །དེ་
เล่ม ๔๑ · หน้า 55a
རྣམས་ཀྱི་ལུས་དང་ངག་དང་སེམས་ཀྱི་དམ་ཚིག་ནི་གསང་བ་གསུམ་གྱི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་སྔགས་ཀྱི་རྡོ་རྗེ་ནི་མི་ཕྱེད་པའི་སྔགས་སོ། །འདི་ནི་ཞེས་བྱ་བ་ནི་ཡི་གེ་ལྔ་པོ་འདི་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལྔའི་སྙིང་པོ་རྣམས་ཀྱིས་ཐམས་ཅད་
བསྡུས་པའི་ཕྱིར་རོ། །དེ་བས་ན་འདི་ཉིད་བརྗོད་པས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་དང་འཇུག་པར་བྱེད་པར་འགྱུར་རོ། །ཞུགས་པ་ནི་སློབ་མ་ལ་ཅི་རིགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་སྦྱིན་པར་བྱའོ། །འདིར་ཚིགས་སུ་བཅད་པ་ནི། ཕྲེང་བའི་དབང་བསྐུར་དང་པོ་སྟེ། །ཕྲེང་
གཏོར་སྤྱི་བོར་བཅིང་ཕྱིར་རོ། །ཆུ་དང་ཅོད་པན་རྡོ་རྗེ་དང་། །བདག་པོ་དང་ནི་མིང་དང་གཉིས། །འདི་དྲུག་རིག་པའི་དབང་བསྐུར་ཡིན། །སློབ་དཔོན་ཞེས་བྱ་བདུན་པ་སྟེ། །སློབ་དཔོན་ཞེས་བྱ་འདི་རྣམ་གསུམ། །རྡོར་གསང་ཡེ་ཤེས་ཀྱིས་བཤད་དོ། །དེ་ལ་རིག་པའི་དབང་བསྐུར་བ་དྲུག་ཀྱང་རྒྱུད་
གཞན་དག་དང་འདྲ་བ་ཉིད་ཀྱི་ཕྱིར་མ་བཤད་དོ། །སློབ་དཔོན་གྱི་དབང་བསྐུར་ཉིད་ཀྱང་ཁྱད་པར་རྣམ་པ་གསུམ་དང་ལྡན་པའི་ཕྱིར་བཤད་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་བསྟན་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཆེན་པོའི་དབང་བསྐུར་བ་དང་གསང་བ་དང་ཡེ་ཤེས་ཀྱི་གསང་བ་ཞེས་
བྱ་བ་ཟླས་དབྱེ་བའི་ཚིག་བསྡུ་བའོ། །ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བྱའོ་ཞེས་བྱ་བའི་རིགས་པས་རྡོ་རྗེ་ཆེན་པོ་བསྟན་པ་དང་པོ་ཉིད་བཤད་པ་ནི་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ནི་འདུས་པའི་དཀྱིལ་འཁོར་ནང་དུ་ཆུད་ཅིང་ཞུ་བའི་དམ་ཚིག་
གི་ཡེ་ཤེས་ཀྱི་ཆུས་གང་བའི་རིན་པོ་ཆེའི་བུམ་པ་ཕྱག་ན་བསྣམས་པ་རྣམས་ཀྱིས་སོ། །སིལ་སྙན་དྲི་ལ་སོགས་པ་ཉིད་དམ་ཚིག་ཡིན་ཏེ། དབང་བསྐུར་བའི་ཡོ་བྱད་འདི་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་སྤྲིན་ཚོགས་ནི་ནམ་མཁའ་ཁྱབ་པ་སྟེ། ཆེན་པོ་དང་བཅས་པའི་རིག་པའི་ཚོགས་རྣམས་
ཀྱི་ཕྱག་ན་བསྣམས་པའོ། །རྡོ་རྗེ་སྐུ་གསུམ་སྔགས་ཀྱིས་ནི་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་སོ། །ཡུངས་ཀར་ཞེས་བྱ་བ་ནི་སྙིང་པོའི་ས་བོན་གྱི་ཐིག་ལེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་སོ། །བརྡེག་པར་བྱ་ཞེས་བྱ་བ་ནི་བསྐུལ་བར་བྱའོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་ནོ། །སངས་རྒྱས་ཞེས་
เล่ม ๔๑ · หน้า 55b
བྱ་བ་ནི་ནམ་མཁའི་ངོས་ན་བཞུགས་པ་རྣམས་སོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་ཏིང་ངེ་འཛིན་བརྟན་པོས་སྙོམས་པར་འཇུག་པ་ཡིས་སོ། །དམ་ཚིག་མཆོག་རྣམས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་དེ་དག་ཉིད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་སྒོ་ལས་བྱུང་བའི་རིག་པའི་རྒྱལ་མོ་
རྣམས་ཀྱིས་སོ། །གཟུགས་རྡོ་རྗེ་མ་ལ་སོགས་པའི་ཡོ་བྱད་རྣམས་ནི་སྔ་མ་བཞིན་ནོ། །སློབ་མ་ཞེས་བྱ་བ་ནི་སློབ་དཔོན་དུ་དབང་བསྐུར་བར་འོས་པའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའི་གཟུགས་སུའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་
ལ་སོགས་པའོ། །དགོད་པར་བྱ་ཞེས་བྱ་བ་ནི་དེ་ཉིད་ཀྱི་སྤྱི་བོ་དང་ལྐོག་མ་དང་སྙིང་ག་རྣམས་སུའོ། །དབང་བསྐུར་བ་ཐམས་ཅད་ཀྱི་གསང་བ་ཞེས་བྱ་བ་ནི་དབང་བསྐུར་བ་གསུམ་ཆར་ཡང་རྫོགས་པར་བྱེད་པའི་དེ་ཁོ་ན་ཉིད་དོ། །དེ་གང་ཞིག་ཡིན་ཞེ་ན། སློབ་དཔོན་ཐམས་ཅད་ཀྱིས་རྡོ་རྗེའི་ཚིག་ཏུ་
སྨྲ་བར་བྱ་ཞེས་བྱ་བ་གསུངས་ཏེ། སློབ་དཔོན་ཐམས་ཅད་ཀྱིས་རྡོ་རྗེའི་ཚིག་གི་ཚིགས་སུ་བཅད་པའི་ཚུལ་གྱིས་དབང་བསྐུར་བའི་སྐད་ཅིག་ལ་བརྗོད་པར་བྱའོ། །ཚིགས་སུ་བཅད་པ་དེ་ཉིད་ནི་སངས་རྒྱས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲིབ་པའི་དྲི་མ་འཁྲུད་པའི་ཕྱིར་འདིས་དབང་བསྐུར་
བར་བྱེད་པས་ན་དབང་བསྐུར་བའོ། །གང་གི་སྒྲིབ་པ་ཞེ་ན། ཕྱིར་མི་ལྡོག་པ་ཉིད་དང་དངོས་གྲུབ་ཐམས་ཅད་ཀྱིའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོའོ། །སྦྱིན་ཞེས་བྱ་བ་ལ་སློབ་མ་འདི་ལ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཡང་གང་ཡིན་ཞེ་ན། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་གསང་
བ་གསུམ་སྟེ། གསང་བ་འདུས་པར་རོ་གཅིག་པའོ། །ཇི་ལྟ་བུ་ཞིག་ཅེ་ན། རྡོ་རྗེ་ལས་བྱུང་སྟེ་དང་པོའི་དབང་བསྐུར་བ་ནི་ལྷ་ཐམས་ཅད་ཀྱི་རྡོ་རྗེ་ལས་བྱུང་བ་ཡིན་ལ་གཉིས་པ་ནི་སྟེར་བ་པོའི་འོ། །གསུམ་པ་ནི་ཡབ་ཀྱིའོ། །ཇི་ལྟར་ན་དང་པོ་ཉིད་རྡོ་རྗེ་ཆེན་པོའི་དབང་བསྐུར་བ་ཡིན་གྱིས་གཞན་དག་མ་ཡིན་
ནམ་ཞེ་ན། འདིར་རྒྱ་ཆེ་བ་ཉིད་ནི་ཆེན་པོ་ཉིད་ཡིན་ཏེ། ཕྱག་རྒྱ་ཆེན་པོ་དང་འདྲའོ། །དེ་ཡང་སྐུའི་དབང་བསྐུར་བ་ཉིད་ཡིན་པའི་ཕྱིར་རམ་སྟེར་བ་པོ་དུ་མ་ཡིན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གང་གིས་གསོལ་བ་འདེབས་པ་ཅན་གྱི་སློབ་མ་ལ་དབང་བསྐུར་བ་རེ་རེ་སྩོལ་བ་དེའི་སྐབས་དབྱེ་བའི་ཕྱིར།
เล่ม ๔๑ · หน้า 56a
དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་མ་ཐམས་ཅད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་པ་གང་ཡིན་པ་དེའི་ཆོ་ག་གསུང་བ་ནི་ཐབས་ཀྱི་དེ་ཁོ་ན་ཉིད་དེ་ཚིགས་སུ་བཅད་པའི་རང་བཞིན་ནོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་བའོ། །མཆོད་ཆེན་ཞེས་བྱ་བའི་
ཚིག་ནི་དགའ་སྟོན་ཆེན་པོ་སྟེ། མངོན་པར་འདོད་པའི་དབང་བསྐུར་བ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་རྡོ་རྗེ་ནི་རྡོ་རྗེ་འཆང་བ་ཡིན་ལ། འདིར་ནི་སློབ་དཔོན་ཉིད་ནམ་མཁའ་རྡོ་རྗེ་སྟེ། ནམ་མཁའ་རྡོ་རྗེ་དང་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་སྩལ་བ་བཞིན་ཞེས་བྱ་བའི་ཚིག་ལས་དེ་བཞིན་དུ་སྩོལ་
ཅིག་ཅེས་བྱ་བར་ཤེས་པར་བྱའོ། །དེ་ཚེ་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་དེ་མ་ཐག་ཏུའོ། །སྩོལ་བར་མཛད་པ་ནི་སློབ་དཔོན་གྱིས་སོ། །ལྷ་ཡི་གཟུགས་ཀྱི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་རྣམ་སྣང་གི་ཚིགས་སུ་བཅད་པ་བསྟན་པ་ཡིས་སོ། །སྙིང་གར་ཞེས་བྱ་བ་ནི་སློབ་མའི་ཡེ་ཤེས་སེམས་དཔའི་སྙིང་གའི་
ཟླ་བ་ལའོ། །བདག་པོ་གཞག་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དགའ་བའི་བདེ་བ་ལ་བཞུགས་པར་བསམས་ལ་དེ་ནས་དབང་བསྐུར་བ་སྦྱིན་པར་བྱའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ཆོ་ག་བཞིན་ཞེས་བྱ་བ་ནི་ཆོ་ག་བཞིན་དུ་བཅུག་ལའོ། །དམ་ཚིག་ཀྱང་ཞེས་བྱ་བ་ནི་དེང་ཁྱོད་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའོ། །ཀྱང་གིས་ནི་དབབ་པ་ཡང་སྟེ། ཕྲེང་བ་དཀྱིལ་འཁོར་དུ་དོར་ལ་དེ་ཡང་དེའི་སྤྱི་བོར་བཅིངས་ནས། དེ་ནས་སྔགས་ཀྱི་ཡི་གེའི་ཚིག་བྱིན་ལ་ཞེས་བྱ་བ་དེ་ནི་དེ་ཉིད་ཀྱི་མིག་དག་ལ་འབར་བ་དང་བཅས་
པའི་ཨོཾ་དཀར་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་མིག་དབྱེ་བའི་སྔགས་ཀྱིས་གདོང་གཡོགས་དགྲོལ་ཞིང་དེ་ལ་དཀྱིལ་འཁོར་དག་ནི་བསྟན་པར་བྱ་བ་ནི་གཤིན་རྗེ་གཤེད་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་བདག་པོའི་བར་དུའོ། །དེ་ནས་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་གི་
དབང་བསྐུར་བ་སྦྱིན་ལ་རྡོ་རྗེ་ཆེན་པོའི་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་ཆེན་པོའི་དབང་བསྐུར་བའི་འོག་ཏུའོ། །དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གསང་བ་ནི་བསྒྲག་པར་བྱ་བ་མ་ཡིན་པའི་ཕྱིར་རམ་སྦ་བར་བྱ་བའི་དོན་ཉིད་ཡིན་པའི་ཕྱིར་རོ། །
เล่ม ๔๑ · หน้า 56b
དོན་དེ་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །རྡོ་རྗེའི་ལམ་ནི་བྱང་ཆུབ་ཀྱི་ལམ་མོ། །འདི་དག་གིས་ནི་ཞེས་བྱ་བས་ནི་དམ་ཚིག་བཞི་པོ་ཡིས་སོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་དེའི་སྐལ་བ་དང་ལྡན་པ་རྣམས་སོ། །བསྐུལ་བར་བྱ་ཞེས་བྱ་བ་ནི་འཇུག་པར་བྱ་བའོ། །འདི་སྐད་ཀྱང་གསུངས་སོ་ཞེས་བྱ་
བ་ནི་རྡོ་རྗེའི་ལམ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའོ། །དེ་ཚེ་ཞེས་བྱ་བ་ནི་དམ་ཚིག་བཞི་བསྒྲགས་ནས་སོ། །སྔགས་ཀྱང་སྦྱིན་པར་བྱ་ཞེས་བྱ་བ་ནི་དེའི་འདོད་པའི་ལྷའི་སྔགས་སོ། །སྔགས་ཀྱིས་བསྐུལ་བ་སྨྲས་པ་ཡིས། །ཞེས་བྱ་བ་ལ་སྔགས་ནི་སྔགས་བཟླས་པའོ། །བསྐུལ་བ་ནི་སྦྱིན་པ་བསྒྲག་
པའོ། །སྨྲས་པ་ནི་བླངས་པར་བརྡ་སྤྲད་པ་སྟེ། དཀྱིལ་འཁོར་དུ་རང་ཉིད་ཀྱིས་བརྒྱ་རྩ་བརྒྱད་བཟླས་ལ། བཅོམ་ལྡན་བདག་གིས་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་སློབ་དཔོན་གྱིས་བརྗོད་ཅིང་སློབ་མས་ཀྱང་མགོ་བོ་བཏུད་ལ། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་
ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ནི་སྔགས་དེ་ཉིད་ཀྱིས་ཏིང་ངེ་འཛིན་ཀྱང་སྦྱིན་པར་བྱ་བ་སྟེ། དབུ་གསུམ་དང་ཕྱག་དྲུག་པ་ལ་སོགས་པ་དང་ལྡན་པ་སྦྱིན་པར་བྱའོ། །གསང་བའི་སྦྱིན་པ་བརྩམ་པར་བྱ། །ཞེས་བྱ་བ་དེ་
ལྟར་འདི་ལ་རིག་པའི་དབང་བསྐུར་བ་དྲུག་དང་རྡོ་རྗེ་ཆེན་པོའི་དབང་བསྐུར་བ་དང་སྔགས་དང་སྔགས་ཀྱི་ཏིང་ངེ་འཛིན་ཀྱང་སྦྱིན་པས་དེའི་འོག་ཏུ་གསང་བ་བརྩམ་པར་བྱ་སྟེ། གསང་བའི་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་དམ་ཚིག་ནི་ཁུ་བའམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཤེས་རབ་
དང་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱ་བའི་ཕྱིར་རྣམ་པ་འདི་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རྣམ་པ་བཞི་ནི་བཞི་པོའོ། །འདི་ཞེས་བྱ་བ་ནི་འདི་རྣམས་སོ། །གསང་ཆེན་ནི་ཤེས་རབ་ཡེ་ཤེས་སོ། །དེ་ལ་སྣོད་དུ་རུང་བ་ནི་གསང་བའོ། །ཇི་ལྟར་ཞེ་ན། ཕྱི་རོལ་གྱི་རིག་མ་རྣམས་དེའི་ཚུལ་དུ་བསྒོམས་པའི་ཕྱིར་
ཞེས་དགོངས་སོ། །གང་དག་གི་གསང་བ་ཡིན་ཞེ་ན། རྡོ་རྗེ་ཅན་ནི་ཀུན་གྱི་སྟེ། །ཀུན་ནི་མཆོག་དང་པོའི་གཟུགས་ཅན་གྱི་དང་དམ་ཚིག་སེམས་དཔའོ། །རྡོ་རྗེ་ནི་རང་གི་ལྷའི་རང་བཞིན་གྱི་ཡེ་ཤེས་སེམས་དཔའོ། །དེ་དང་ལྡན་པ་སྟེ་དེ་དང་ལྡན་པར་བསྒོམས་པའི་སློབ་མ་རྣམས་ཞེས་བྱ་བའི་དོན་ཏོ། །བཞི་པ་གང་ཞེ་ན། སྔགས་
เล่ม ๔๑ · หน้า 57a
ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་བུད་མེད་ནི་ལྷ་མོ་བཞི་སྟེ། དེའི་གཟུགས་སོ། །སྔགས་ཀྱི་འཁོར་ལོ་ནི་ལྷ་རྣམས་བསྡུས་པའི་དཀྱིལ་འཁོར་དུ་གནས་པ་གང་ཡིན་པའོ། །སྔགས་ཀྱི་རྡོ་རྗེ་གསུམ་གྱི་གཟུགས། །ཞེས་བྱ་བ་ནི་མངོན་པར་མི་ཤེས་པས་ད་ལྟར་གཞུང་དུ་བྱས་པ་
ཡིན་ནོ། །འོ་ན་བྱ་བ་གང་གིས་གནས་ཤེ་ན། སེམས་དཔའ་དོན་སྤྱོད་ཅེས་བྱ་བ་ལ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ། ལྷ་རྣམས་ཀྱི་དཀྱིལ་འཁོར་གྱི་བདག་པོའོ། །དེའི་དོན་ནི་བྱ་བ་སྟེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱེད་པའོ། །དེའི་སྤྱོད་པ་ནི་བཅོམ་ལྡན་འདས་དེ་ཉིད་དང་ལྷན་
ཅིག་ནན་ཏན་དུ་བྱེད་པ་སྟེ་གཏི་མུག་དགའ་མ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྡོ་རྗེ་སེམས་དཔའ་བསྡུས་པའི་དཀྱིལ་འཁོར་ཡང་བཤད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་དཀྱིལ་འཁོར་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་ཡིན་ཏེ་དེ་རྣམས་ཀྱི་སྔགས་སོ། །དེ་རྣམས་མཉེས་པར་བྱ་བ་ཡང་ཡིན་ལ་སྦ་བར་
བྱ་བ་ཉིད་ཡིན་པའི་ཕྱིར་གསང་བ་ཡང་ཡིན་པས་ནའོ། །ཡིད་ཆེས་པ་ནི་ཡིད་རྟོན་པར་བྱེད་པ་ཉིད་དོ། །དེ་ལྟ་བས་ན་སློབ་མ་དེ་ཐེ་ཚོམ་མེད་པར་ཟད་པར་བྱེད་པའི་དཔྱད་པའོ། །རྡོ་རྗེ་གསང་བའི་ཚིག་དག་སྟེ། །དེ་ནི་ཇི་ལྟར་མནའ་བསྒགས་པ་ལ་སོགས་པ་གུས་པར་གྱུར་པའོ། །སྒྲུབ་པའི་དཀྱིལ་འཁོར་དུ་ནི་དོན་ཡང་ཡིན་ཏེ།
ཡིད་ཆེས་པ་ཞེས་བྱ་བ་ནི་སྔགས་ཀྱི་ཆེ་བའི་བདག་ཉིད་ཡིད་ཆེས་པའི་ཡན་ལག་སྐྱེས་བུའི་རང་གི་བྱེད་པའོ། །མཁས་པས་ཞེས་བྱ་བ་ནི་སྔགས་ཀྱི་སེམས་དཔའོ། །ཅི་ལྟ་ཞེ་ན། བཤང་གཅི་བྱ་བ་དང་ཞེས་བྱ་བ་གསུངས་ཏེ། དེ་མ་ཐག་ཏུ་འཆད་པར་འགྱུར་བ་དང་ངོ་། །རྡོ་རྗེ་གསང་བའི་ཚིག་དག་གིས། །ཞེས་བྱ་བ་ནི་
སྣོད་ལ་བབས་པའི་སྐུ་རྡོ་རྗེ་ལ་སོགས་པ་བཙུན་མོ་དང་བཅས་པ་བྲིས་པའི་དཀྱིལ་འཁོར་དུ་སྔར་ཇི་སྐད་གསུངས་པའོ། །བཤང་བ་ལ་སོགས་པའི་དབང་དུ་བྱ་བ་དེ་ཉིད་ནི་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྔགས་རྣམས་ཀུན་གྱི་ཞེས་བྱ་བ་ནི་དཀྱིལ་འཁོར་པ་ཐམས་ཅད་དང་འབྲེལ་བ་སྟེ། དེ་ལས་དེ་
རྣམས་སྤྲོས་ཏེ་བསྡུས་པའི་གཟུགས་རིན་པོ་ཆེ་ཕྲ་བས་བྱིན་གྱིས་བརླབས་པའི་ཐིག་ལེ་ཞེས་བྱ་བའི་དོན་ཏོ། །འབར་བ་ནི་བཤང་བ་ལ་སོགས་པ་ལ་ཡི་གེ་ཨོཾ་བསྒོམས་པ་ལས་དེ་ཉིད་ལ་འབར་བ་སྤྲོ་བར་བསྒོམ་པའི་ཕྱིར་རོ། །སྔགས་ཆེན་པོ་ནི་ཡི་གེ་ཨོཾ་མོ། །དེའི་རྡོ་རྗེ་རིན་པོ་ཆེའོ། །དེ་ཉིད་ནི་རིག་པའི་སྐྱེས་བུ་སྟེ། དེས་རྡོ་རྗེ་ནི་
เล่ม ๔๑ · หน้า 57b
བཤང་བ་ལ་སོགས་པ་འབར་བའོ། །དེ་སྟོན་པར་མཛད་པས་ན་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ནས་སྔགས་ཀྱི་སེམས་དཔའ་དེས་སྒྲུབ་པའི་དཀྱིལ་འཁོར་དུ་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་དམན་པ་ཐམས་ཅད་དང་དམ་ཚིག་ཆེན་པོ་སྟེ། རྫོགས་
པར་བྱང་ཆུབ་པ་ཆེན་པོའོ། །སྒྲུབ་པ་ནི་སྒྲུབ་པའི་དཀྱིལ་འཁོར་དུ་བྱ་བ་སྟེ། ཚིག་རྐང་པ་གཉིས་པ་ནི་བསྟན་པའོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བཤད་པ་ནི་ནན་ཏན་ཡན་ལག་དྲུག་གི་བསྙེན་པ་ལ་སོགས་པའོ། །སངས་རྒྱས་བྱང་ཆུབ་ནི་བཅོ་ལྔ་པ་ལས་གསུངས་པའི་ས་བཅུ་པའི་དབང་ཕྱུག་ཉིད་དོ། །ཉིད་དག་
ཅེས་བྱ་བ་ནི་མངོན་སུམ་དུ་གྱུར་པ་ཉིད་ཡིན་གྱི་འདྲ་བ་ཙམ་ནི་མ་ཡིན་ནོ། །ཀྱང་གི་སྒྲས་ནི་མི་སྣང་བ་ལ་སོགས་པ་ཡང་སྦྱར་ཏེ། མི་སྣང་བ་ནི་རི་ལུ་ལ་སོགས་པའོ། །སྟོབས་ནི་རིག་པ་འཛིན་པའི་བདག་པོའོ། །བརྩོན་འགྲུས་ནི་མངོན་པར་ཤེས་པ་ལྔའི་མཚན་ཉིད་ཅན་གྱི་མཐུའོ། །རྡོ་རྗེ་འགུགས་པ་ནི་སངས་རྒྱས་ལ་སོགས་
པ་འགུགས་པའོ། །མཆོག་དག་ནི་དམ་པར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འདྲ་བ་སྟེ། རྡོ་རྗེ་གསུམ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་དམན་པ་འདི་དག་ནི་ལེའུ་བཅུ་གཉིས་པར་བསྟན་པ་ཡིན་ནོ། །ལྷན་ཅིག་འཁོད་ཅེས་བྱ་བ་ནི་ལྷན་ཅིག་གནས་པ་སྟེ། དཀྱིལ་འཁོར་གྱི་དབུས་སུ་མཚན་
ཐོག་ཐག་བཞག་པས་སོ། །དེ་ལྟར་རྫས་དེ་གྲུབ་པར་གྱུར་ན་མཐུ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་གསང་བའི་རྡོ་རྗེ་ནི་རིགས་གསུམ་གྱི་ཁྲོ་བོ་རྣམས་སོ། །དེ་ཉིད་ནི་མངག་གཞུག་པ་སྟེ། བཀའ་བསྒོ་བ་ཐམས་ཅད་བྱེད་པའོ། །དེ་ལྟ་བུར་གྱུར་པ་དེ་རྣམས་ཀྱི་རབ་ཏུ་བསྒྲུབ་པ་ནི་
རྫོགས་པར་བྱེད་པའོ། །དེའི་དོན་གྱི་ཚིག་གི་མཆོག་ནི་གསང་བའི་ཁྲོ་བོ་དེ་རྣམས་ཀྱི་ས་བོན་གྱི་ཚིག་ཡིན་ཏེ། སངས་རྒྱས་ཐམས་ཅད་ནང་དུ་ཆུད་པའི་ཕྱིར་མཆོག་སྟེ་དམ་པའོ། །ཧྲི་ནི་ཞེས་བྱ་བ་ལ་སོགས་པ་ལ་རང་གི་འདོད་པའི་ལྷའི་སྦྱོར་བ་དང་ལྡན་པས་མདུན་གྱི་ནམ་མཁའ་ལ། ཡི་གེ་ཧྲི་འབར་བའི་ཕྲེང་བ་ཅན་
དང་། སངས་རྒྱས་ཀུན་གྱིས་ནམ་མཁའ་ཡོངས་སུ་ཁྱབ་པར་བྱེད་པ་རྣམ་པར་བསྒོམ་པར་བྱའོ། །སྐུ་གསུང་ཐུགས་ཀྱི་གནས་ནི་སྐུ་ལ་སོགས་པའི་དངོས་པོ་ཐམས་ཅད་དོ། །དེར་ནི་སྔགས་ལ་ཞེས་བྱ་བ་ནི་ཡི་གེ་ཧྲི་ལའོ། །དབབ་པར་བྱ་ཞེས་བྱ་བ་ནི་བསྡུ་བར་བྱ་བའོ། །སྐུ་དང་གསུང་དང་ཐུགས་ཀྱི་སྔགས་
เล่ม ๔๑ · หน้า 58a
རྡོ་རྗེ་ནི་སྐུ་ལ་སོགས་པའི་གསང་བ་དང་གཉིས་སུ་མེད་པར་གྱུར་པའི་ཡི་གེ་ཧྲིའོ། །དེའི་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱེད་པའོ། །དེའི་དོན་གྱི་ཚིག་ནི་སྔགས་ཏེ་ཨ་ཁཾ་ཁའོ། །གཞུང་ཁ་ཅིག་ལ་ནི་ཨ་ཁཾ་པའོ། །ཕྱག་ན་རྡོ་རྗེ་ནི་བགེགས་མཐར་བྱེད་དམ། གནོད་མཛེས་རྒྱལ་པོའོ། །
ཕྱག་ན་པདྨོ་ནི་པདྨ་མཐར་བྱེད་དོ། །གཞན་གྱིས་མི་ཐུབ་པ་ནི་གཤིན་རྗེ་གཤེད་དམ་ཤེས་རབ་མཐར་བྱེད་དོ། །བསྒོམས་ནས་ཞེས་བྱ་བ་ནི་ཡི་གེ་ཧྲི་དེ་ལས་བྱུང་བ་བཀའ་ནོད་པར་རྣམ་པར་བསམས་ནས་སོ། །གསང་བའི་གནས་ཞེས་བྱ་བ་ནི་གསང་བའི་གནས་ཉིད་དེ་ཐུགས་ཀྱི་གསང་བ་ཞེས་བྱ་བའི་དོན་
ཏོ། །དེ་གང་ཡིན་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རྡོ་རྗེ་ནི་མངག་གཞུག་པའི་ཁྲོ་བོ་རྣམས་ཏེ། དེ་རྣམས་ཀྱི་གསང་བའི་གནས་སོ། །ཉི་མ་ཞེས་བྱ་བ་ལ་སོགས་པ་ལ་མངག་གཞུག་པའི་སྙིང་གར་ཉི་མ་འབར་བ་ལ་གནས་པ་འོད་ཟེར་གྱི་ཕྲེང་བ་ཅན་གྱི་མི་བསྐྱོད་པ་ལ་སོགས་པ་གང་ཡང་
རུང་བའི་རིགས་ཀྱི་དབྱེ་བས་བསམ་པར་བྱའོ། །སྙིང་པོས་ཞེས་བྱ་བ་ནི་ཨོཾ་ལས་བྱུང་བའི་རྩེ་གསུམ་ལ་སོགས་པས་སོ། །བསྐུལ་བར་བྱ་ཞེས་བྱ་བ་ནི་བརྡེག་པར་བྱ་བའོ། །སྡུག་བསྔལ་ཆེན་པོ་ཡིས་ཞེས་བྱ་བ་ནི་སྡུག་བསྔལ་མི་བཟད་པར་བྱེད་པས་སོ། །འོད་ཆེན་ཐམས་ཅད་ཅེས་བྱ་བ་ནི་ནམ་མཁའ་
ཁྱབ་པའི་ཡེ་ཤེས་ཀྱི་མངག་གཞུག་པའོ། །རྡོ་རྗེ་ཐམས་ཅད་ནི་ཡེ་ཤེས་ཀྱི་མངག་གཞུག་པའོ། །དེ་རྣམས་ཀྱི་སྙིང་པོ་རྡོ་རྗེ་སྟེ། རྩེ་གསུམ་ལ་སོགས་པ་སྤྲོས་པ་ཡིས་སོ། །བསྐུལ་བ་ནི་བརྡེགས་པའོ། །ཨཾ་ནི་དམ་ཚིག་གི་མངག་གཞུག་པའི་ཐུགས་ཀྱི་གསང་བའི་སྙིང་གའི་ཉི་མ་ལ་བསམ་པར་བྱ་བའི་སྔགས་སོ། །ཇི་ལྟར་
བསྐུལ་བར་བྱ་ཞེ་ན། མདུང་རྩེ་ཆེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་བཞིན་ཞེས་བྱ་བ་ནི་ཡི་གེ་ཨོཾ་ཉིད་ལས་མདུང་རྩེ་ལ་སོགས་པ་སྤྲོས་པ་དང་དམ་ཚིག་གི་མངག་གཞུག་པ་ལ་བྱིན་གྱིས་བརླབས་ལ་བདག་ལ་གྲུབ་པར་གྱུར་ཅིག་ཅེས་བྱ་བའི་བསམ་པས་བརྡེག་པ་ནི་འདིར་ཆོ་ག་ཡིན་ནོ། །སངས་རྒྱས་
བྱང་ཆུབ་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཐབས་ཀྱི་མངག་གཞུག་པའོ། །ས་ཕྱོགས་གང་དུ་མངག་གཞུག་པ་བསྒྲུབ་པར་བྱ་བ་དང་། དུས་ཇི་སྲིད་ནས་འགྲུབ་པར་འགྱུར་བ་དེ་ནི་ཉམས་དགའ་བའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གསུངས་པ་ཡིན་ནོ། །མངག་གཞུག་པ་གྲུབ་པར་གྱུར་ནས་
เล่ม ๔๑ · หน้า 58b
ཅིར་འགྱུར་ཞེ་ན། རི་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཅན་ཉིད་བྱང་ཆུབ་སྟེ། །དེ་ཡི་དོན་གྱི་འཁོར་རྣམས་སོ། །འགྲོ་བར་འགྱུར་ཞེས་བྱ་བ་ནི། རྫུ་འཕྲུལ་གྱིས་འགྲོ་བར་འགྱུར་རོ། །ཐོས་འགྱུར་ཞིང་ཞེས་བྱ་བ་ནི། དེ་ན་བཞུགས་པའི་སངས་རྒྱས་རྣམས་སོ། །
སངས་རྒྱས་ས་ཡང་ཞེས་བྱ་བ་ནི། མཐར་འཚང་རྒྱ་བ་ཉིད་དོ། །དམ་ཚིག་རྡོ་རྗེའི་བཞད་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་ཡིན་པས་ནའོ། །དེ་ལ་དམ་ཚིག་ནི་དམ་ཚིག་གི་མངག་གཞུག་པའོ། །དེའི་རྡོ་རྗེ་ནི་ཐུགས་ཀྱི་གསང་བའོ། །དེའི་བཞད་པ་ནི་སྙིང་གར་གནས་པའི་ཡི་
གི་ཨཱྃཿལས་བྱུང་བའི་མདུང་ལ་སོགས་པའི་ཚོགས་སོ། །དེ་ཡང་ནམ་མཁའ་ཁྱབ་པས་ན་ཆེན་པོ་ཡིན་ཏེ། ཡེ་ཤེས་ཀྱི་མངག་གཞུག་པའི་རིགས་ཀྱི་སྙིང་པོ་སྐུལ་བར་བྱེད་པ་ཉིད་ཀྱིས་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་
ལ་ཡང་དེ་སྐད་ཅེས་བྱའོ། །མངག་གཞུག་པ་སྒྲུབ་པ་རྣམ་པ་གཉིས་ལས་གཅིག་བཤད་ནས་གཉིས་པ་བཤད་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དེ་ལ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བསྐྱེད་པའི་དམ་ཚིག་གི་མངག་གཞུག་པའོ། །མངག་གཞུག་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ནི་སྐུ་
དང་གསུང་དང་ཐུགས་ཀྱི་གསང་བའོ། །དེ་རྣམས་ཀྱི་གསང་བ་ནི་དེ་ཁོ་ན་ཉིད་དོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་མི་བསྐྱོད་པ་དང་། འོད་དཔག་ཏུ་མེད་པ་དང་རྣམ་པར་སྣང་མཛད་ཀྱིའོ། །དགོད་པ་ཞེས་བྱ་བ་ནི་སྙིང་ག་དང་ལྐོག་མ་དང་སྤྱི་བོར་འབར་བའི་ཕྲེང་བ་ཅན་འདི་
རྣམས་རྣམ་པར་དགོད་པ་ཡིས་སོ། །བསྐུལ་ཞེས་བྱ་བ་ནི་གྲུབ་པའི་ཕྱིར་སད་པར་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་གསང་བ་གསུམ་དགོད་པར་བྱས་པར་རོ། །རྡོ་རྗེ་ནི་དེ་ཉིད་ཀྱི་གསང་བའོ། །དེ་རྣམས་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་ནི་དེ་དག་ཉིད་ཀྱི་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་སྤྲུལ་པ་རྣམས་རེ་རེ་ཞིང་ནམ་མཁའ་
ཁྱབ་པའི་ཡེ་ཤེས་ཀྱི་མངག་གཞུག་པའི་རིགས་གསུམ་པའོ། །དེ་རྣམས་ཀྱི་དམ་ཚིག་གི་གནས་བཞི་ནི་དམ་ཚིག་གི་གནས་བཞི་སྟེ། དམ་ཚིག་ནི་ཡེ་ཤེས་ཀྱི་འཁོར་ལོ་ཡིན་ལ་དེའི་གནས་ནི་ལས་རྣམས་སོ། །དམ་ཚིག་བསྐུལ་བ་ནི་ཨཱཿལ་སོགས་པའི་རང་གི་དེ་ཁོ་ན་ཉིད་ཀྱིས་སད་པའོ། །དམ་ཚིག་
เล่ม ๔๑ · หน้า 59a
གཏོང་བ་ནི་ཨཱཿལ་སོགས་པའི་འོད་ཟེར་ཕོ་ཉའི་གནས་སུ་གྱུར་པ་རྣམས་གཏོང་བའོ། །དམ་ཚིག་བོད་པ་ནི་འོད་ཟེར་དེ་དག་ཉིད་ཀྱིས་དགུག་པའོ། །དམ་ཚིག་བཅིང་བ་ནི་བཀུག་པ་དེ་ཉིད་ཡི་གེ་ཨཱཿལ་སོགས་པ་ལ་བསྡུས་ཏེ་འཇོག་པའོ། །དེ་ནས་དམ་ཚིག་གི་ཚིག་འདི་
དག་གིས་ཅི་ཞིག་བྱེད་ཅེ་ན། མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱི་ཁྲོ་བོའི་འཁོར་ལོའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་རྫོགས་པའི་བྱང་ཆུབ་ཀྱི་སེམས་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་མཁའ་དབྱིངས་སོ། །མཐའ་
ཡས་པ་ཉིད་ཀྱི་ཕྱིར་རྒྱ་ཆེན་ནོ། །རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་པའི་ཕྱིར་དག་པའོ། །རྣམ་པ་ཐམས་ཅད་དུ་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཆོས་རྣམས་ཐམས་ཅད་རྣམས་སྤངས་པའོ། །དེ་གོང་བུའི་ཚུལ་གྱིས་ཞེས་བྱ་བ་ནི་རྡོ་རྗེ་གསུམ་དུ་བསྡུས་པའོ། །རྡོ་རྗེ་ཉིད་
ནི་ངོ་མཚར་དུ་གྱུར་པའི་ཚུལ་ཅན་ཉིད་ཡིན་ཏེ། དེ་དང་ལྡན་པས་ན་རྡོ་རྗེ་རྨད་བྱུང་གཟུགས་ཅན་ཏེ། ནམ་མཁའ་ཁྱབ་པར་བྱེད་པའི་སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པ་ནི་གསང་བ་གསུམ་བསྡུས་པ་དེ་རྣམས་ཀྱིས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་གང་ཡིན་ཞེ་ན། དམ་ཚིག་གི་མངག་གཞུག་པའོ། །
དེ་སྟོན་པར་མཛད་པ་ཉིད་ཀྱིས་ནི་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །མངག་གཞུག་པ་སྒྲུབ་པ་འདི་ལ་ཡང་དེ་ཉིད་འབྲས་བུ་ཡིན་ཏེ། གཞན་དུ་མ་གསུངས་པའི་ཕྱིར་རོ། །མངག་གཞུག་པ་སྒྲུབ་པའོ། །རྡོ་རྗེ་ལུས་མེད་ཀྱི་སྦྱོར་བ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོང་གི་
སྒྲས་ནི་ལྷ་དང་མིའི་དབང་པོའི་བུ་མོ་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་བསམ་གཏན་ནོ། །བསྒྲུབ་པར་བྱ་བའི་ལུས་དང་ངག་དང་ཡིད་ནི་རྡོ་རྗེ་གསུམ་མོ། །དེ་དབང་དུ་བྱས་ནས་མདུན་དུ་འཇོག་པའི་ཕྱིར་རྡོ་རྗེ་མཆོག་གསུམ་འཛིན་པའོ། །རྡོ་རྗེ་འཇམ་པ་ཞེས་བྱ་བ་ནི་ཟླ་བ་དམར་
པོ་ལ་གནས་པ་སྐུ་དང་ཐུགས་དང་ན་བཟའ་དང་རྒྱན་དང་ཕྲེང་བ་དམར་པོའོ། །མདའ་ལྔ་ཞེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་བྱ་བ་ཁ་དོག་དམར་ཞིང་གོས་མེད་པས་འཇིགས་པར་འགྱུར་བ་མདུན་དུ་བསམས་ཏེ། དེ་ཉིད་འབེན་དུ་བྱས་ནས་ཙཾ་ལས་བྱུང་བའི་གཞུ་དམར་པོ་ལག་པ་གཡོན་པས་གཟུང་ལ་གཞུའི་
เล่ม ๔๑ · หน้า 59b
རྒྱུད་འདྲེན་པར་བྱེད་པ་ཅན་སོར་མོ་ལྔའི་ནང་ན་གནས་པའི་ཡི་གེ་རཾ་ལས་བྱུང་བའི་མདའ་ཨུཏྤ་ལ་དམར་པོ་ཁ་མ་བྱེ་བའི་མདེའུ་དང་ལྡན་པའི་མདའ་ལྔ་ལྟོང་འཛིན་པར་བྱེད་པའི་གཡས་ཀྱི་ཁུ་ཚུར་ཅོད་པན་གྱི་མཐར་འཇོག་པ་ནི་མདའ་ལྔའི་སྦྱོར་བ་དག་གིས་ནི་དབུ་རྒྱན་རྩེ་མོར་རོ། །དེས་ཡང་དག་སྤྲོ་བ་ནི་མདའ་ལྔ་ལས་
མདའ་ལྔ་འབྱུང་ཞིང་སྤྲོ་བ་བསམ་པར་བྱའོ། །དེ་ནས་མདའ་ལས་བྱུང་བས་ཅི་ཞིག་བྱེད་ཅེ་ན། གནས་ལྔ་དག་ཏུ་རབ་ཏུ་དབབ་པ་སྟེ། བསྒྲུབ་པར་བྱ་བའི་མིག་གཉིས་དང་། སྙིང་ག་དང་ལྟེ་བ་དང་གསང་བ་རྣམས་སུའོ། །རྡོ་རྗེ་ཁྲོ་བོས་ཞེས་བྱ་བ་ནི་འབར་ཞིང་ཆགས་པ་དང་བཅས་པའི་ཡི་གེ་ཧཱུྃ་ངམ་ཡི་གེ་
མཾ་གྱིས་སོ། །བརྒྱལ་བ་ནི་མྱོས་ཏེ་དབང་དུ་གྱུར་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །བྱིས་པའི་གཟུགས་ཀྱང་དེ་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱི་བློ་ཡང་ཡིན་པས་ན་བྱིས་པའི་བློ་སྟེ་འཇམ་དཔལ་ལོ། །དེའི་གྲགས་ཆེན་ནི་གྲགས་པ་དང་ལྡན་པའི་མདའོ། །གསང་བའི་བསྐུལ་བ་
དག་གིས་ཞེས་བྱ་བ་ནི་གནད་དུ་བསྣུན་པ་ཡིས་སོ། །སྔགས་རྣམས་ཀུན་ནི་ལྷ་ཐམས་ཅད་དོ། །དེ་རྣམས་ཀྱི་རབ་གསང་བ་ནི་ནང་གི་ནོར་རོ། །སྒྲུབ་པ་པོས་དོན་བྱ་བ་ཡིན་ལ་བློ་ནི་བསྒྲུབ་པར་བྱ་བ་རྣམས་ཀྱི་བསམ་པ་ཡིན་པས་ན་དོན་གྱི་བློ་ཡིན་ཞིང་དེ་གང་ལས་དབྱེར་མི་ཕྱེད་པར་འགྱུར་བ་དེ་ནི་རྡོ་རྗེ་དོན་གྱི་
བློ་སྟེ། རྡོ་རྗེ་ལུས་མེད་ཀྱི་སྦྱོར་བའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་ལུས་མེད་དོ། །མཆོག་དང་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །ནམ་མཁའི་དབྱིངས་ནི་ཆོས་འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ཁང་ངོ་། །ཇི་ལྟར་བསམ་པར་
བྱ་ཞེ་ན། སྔགས་ཀྱི་རྡོ་རྗེ་ཧཱུཾ་ལ་སོགས་ཏེ། དབྱངས་ཀྱི་ཡི་གེ་ཐམས་ཅད་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་གསལ་བའི་ཡི་གེ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་མཆོག་དང་པོའི་སྙིང་པོ་སྟེ་དེ་ལས་རྡོ་རྗེའོ། །དེའི་དབུས་སུ་སྙིང་པོ་དེ་ཉིད་དོ། །སོགས་པ་སྨོས་པས་ནི་སྤྲོ་བ་དང་བསྡུ་བ་དང་རྡོ་རྗེ་འཛིན་པ་
བསྐྱེད་པ་འདོད་ཆགས་ཆེན་པོའི་ཚུལ་ལ་སོགས་པའི་རིམ་གྱིས་དཀྱིལ་འཁོར་གྱི་བདག་པོ་དང་། དཀྱིལ་འཁོར་པ་རྣམས་སྤྲུལ་པ་དང་། དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པ་དེ་རྣམས་ཀྱི་རྡོ་རྗེ་གསུམ་ལ་སོགས་པ་བསྒོམས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་དང་། ཡེ་ཤེས་སེམས་དཔའ་དང་ཅོད་པན་ལ་
เล่ม ๔๑ · หน้า 60a
རིགས་ཀྱི་བདག་པོ་དང་། རིག་པ་དང་ཡང་དག་པར་སྦྱོར་བ་ཅི་རིགས་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་སློབ་མ་གཞུག་པའི་ཆོ་ག་བཞིན་དུའོ། །བསྟན་ཞེས་བྱ་བ་ནི་སྤྲུལ་པའི་དཀྱིལ་འཁོར་འདི་བསྟན་པའོ། །ཨོཾ་ནི་མིག་གི་དབུས་བསམས་ནས། །ཞེས་
བྱ་བ་ནི་སྔགས་ཀྱི་ཡི་གེའི་ཚིག་བྱིན་ལ་ཞེས་སྔར་གསུངས་པ་གང་ཡིན་པའོ། །སྤྲུལ་པའི་དཀྱིལ་འཁོར་ཡང་དག་པར་བསྟན་པའོ། །བཀྲེས་སྐོམ་ཞེས་བྱ་བ་ནི་བཀྲེས་པ་དང་སྐོམ་པ་རྣམས་ཀྱིས་སོ། །ཉོན་མོངས་ཆེས་ཞེས་བྱ་བ་ནི་ངལ་བ་ཆེན་པོ་ཡིན་ཏེ། དེ་རྒྱུར་གྱུར་པས་རྣམ་བསམས་ནས་ཏེ་ཞི་བའི་དོན་དུའོ། །
དོན་རྣམས་ཐམས་ཅད་འབྱོར་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་དབང་ཐོབ་པའི་ཕྱིར་རོ། །བཾ་ཞེས་བྱ་བ་ནི་བུམ་པ་དཀར་པོ་ལྟ་བུའོ། །ཁའི་ནང་དུ་ཞེས་བྱ་བ་ནི་མ་མཆུ་དང་འབྱར་ཞིང་ཅུང་ཟད་ཁས་སྦུབ་པའོ། །བཟའ་བར་བྱ་བ་ཀུན་ཞེས་བྱ་བ་ནི་བཟའ་བར་བྱ་བ་དང་བཏུང་བ་ལ་སོགས་པའོ། །ཡིད་བཞིན་ནོར་
བུས་བརྒྱན་པ་སྟེ། །ཞེས་བྱ་བ་ནི་ཟླ་བ་ཕྱེད་པའི་རང་བཞིན་ཅན་ཕྱེད་བཀབ་པའི་ཐིག་ལེའི་གཟུགས་ཅན་གྱི་ཡིད་བཞིན་གྱི་ནོར་བུས་རྣམ་པར་བརྒྱན་པ་སྟེ། བུམ་པ་བཟང་པོ་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་རྡོ་རྗེ་ནི་ཏིང་ངེ་འཛིན་བསྟན་པའོ། །དེ་ལས་བྱུང་བ་ནི་བསྐྱེད་པའོ། །ཞི་བ་སྟེ་ཉོན་མོངས་པ་མེད་པ་བཀྲེས་པ་ལ་
སོགས་པའི་སྡུག་བསྔལ་སྤང་བ་གང་ཡིན་པ་དེ་འདྲ་བའི་ཡི་གེ་བཾ་བསམས་ནས་སོ། །ཨོཾ་ནི་ལྕེ་ལ་འདུག་པར་བསམ། །ལྕེའི་རྩེ་མོ་ལ་ཡི་གེ་ཨོཾ་བསམ་པ་ཁ་དེར་གཏད་པར་བྱ་སྟེ། བཟའ་བ་དང་བཏུང་བ་ལ་སོགས་པ་རྔུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡིད་བཞིན་གྱི་ནོར་བུ་རྡོ་རྗེ་འདི་ཉིད་ནི་ཏིང་ངེ་འཛིན་ཏོ། །
དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །ཟས་ཀྱི་ཡིད་བཞིན་ནོར་བུའོ། །དཔའ་བོ་ཆེན་པོའི་རྡོ་རྗེ་ཡང་དེ་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པ་སྟེ། དེའི་རྡོ་རྗེ་བསྒོམས་པ་ནི་སྐུ་གསུམ་བསྒོམ་པའོ། །དེའི་དམ་ཚིག་གི་མཆོག་ནི་ས་བོན་གྱི་མཆོག་གོ། །རྡོ་རྗེ་གསུང་ལས་ཞེས་བྱ་བ་ནི་རྡོ་རྗེ་གསུང་ལ་སོགས་
པ་ལས་སོ། །བསྒོམ་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་གསུམ་ནི་ཟླ་བ་དང་རྡོ་རྗེ་དང་བཾ་གྱིའོ། །དེ་རྣམས་ཀྱི་སྐུའི་སྦྱོར་བ་ནི་ནམ་མཁའ་ཁྱབ་པར་བྱེད་པའི་རྒྱལ་བའི་སྐུ་བསྡུས་པ་སྟེ་དེས་བསྐྱེད་པའོ། །དེས་ཅི་ཞིག་བྱེད་ཅེ་ན། སྐབས་
เล่ม ๔๑ · หน้า 60b
ཉིད་ཡིན་པའི་ཕྱིར་དཔའ་བོ་རྡོ་རྗེའོ། །སེར་བ་ཞེས་བྱ་བ་ནི་གསེར་ལྟ་བུའོ། །རྡོ་རྗེ་འགྱིང་བ་ཞེས་བྱ་བ་ནི་ཕྱག་ན་གནས་པའི་རྡོ་རྗེ་འབར་བ་ལྟ་བུའོ། །རང་སྣང་བའི་རིག་མས་འཁྱུད་པས་རྡོ་རྗེ་དང་། རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པའོ། །འདི་ནི་རྣམ་པར་བསམ་ཞེས་བྱ་བ་ནི་ས་བོན་གྱི་ཡི་གེ་བཾ་སྙིང་གའི་
ཟླ་བ་རྡོ་རྗེའི་ལྟེ་བ་ལ་གནས་པ་ཟླ་བའོ། །བསམས་ནས་ཞེས་བྱ་བ་ནི་དེ་ལྟ་བུའི་ཡི་གེ་བཾ་གྱི་རྣམ་པར་བསམས་ནས་སོ། །ཐམས་ཅད་བརྩམ་པར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་ཡིན་པའི་ལས་ཀྱང་བརྩམས་ནས་དེ་ངེས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་
དཔའ་བོའི་རླབས་ནི་བརྩོན་པས་གཟེངས་བསྟོད་པའི་སྔགས་ཀྱི་འོད་ཟེར་རྣམས་ཏེ་དེ་རྣམས་ཀྱི་ཕྲེང་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དཔའ་བོའི་རྡོ་རྗེའོ། །ཀུན་ནས་དབྱངས་ནི་སྔགས་ཐམས་ཅད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེའི་རྡོ་རྗེ་
ནི་ཙུནྡའི་རྣམ་པར་བསྡུས་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཆེན་མོ་ནི་སྐུལ་བྱེད་མ་དེ་ཉིད་དེ་དེའི་བསྒོམས་པའི་དོན་གྱི་ཚིག་ནི་ས་བོན་ནོ། །རྡོ་རྗེ་གསུམ་གྱི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ལུས་དང་ངག་དང་སེམས་
ཞེས་བྱ་བ་ནི་ཉི་མ་དང་པདྨ་དང་ཡི་གེ་ཙུཾ་མོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི་རབ་ཏུ་བརྟགས་ནས་བསྒོམ་པ་སྟེ། ཉི་མའི་གདན་དང་ཉི་མའི་འོད་མངའ་བ་ཐབས་ཀྱིས་འཁྱུད་པ་པདྨ་དཀར་པོ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་བསྣམས་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཅོད་པན་ཅན་ནོ། །
སྔགས་ཀྱི་ཚིག་ཅེས་བྱ་བ་ནི་སྙིང་གའི་ཉི་མ་ལ་བཟླས་པའི་སྔགས་ཀྱི་ཡི་གེ་ཙུཾ་མམ། ཡང་ན་ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ་ཞེས་བྱ་བའོ། །དེ་ལ་སྡིག་པ་རྣམས་བསྐྱོད་ཅིང་སེལ་བར་མཛད་པས་ན་ཙ་ལེའོ། །དེ་རྣམས་ཀྱང་མི་ཕྱེད་པའི་ཕྱིར་ལྡེམ་ཞིང་ཡང་དག་པར་ལྡེམ་པས་ན་ཙུ་ལེའོ། །དཀར་པོའི་ཆོས་རྣམས་
ཀྱིས་འབར་བར་བྱེད་ཅིང་གསལ་བར་བྱེད་པས་ན་ཙུནྡེའོ། །ཙུནྡའི་དོན་གྱི་ཡི་གེ་ཙུཾ་མམ། ཡང་ན་ཙ་ལེ་ཙུ་ལེ་ཙུནྡེའི་དོན་གྱི་ཡི་གེ་གསུམ་མོ། །རྡོ་རྗེ་ནི་སྔགས་ཐམས་ཅད་དོ། །དེ་རྣམས་ཀྱི་དམ་ཚིག་ནི་བསྡུས་པ་སྟེ། དེ་ཉིད་ནི་སྐུལ་བྱེད་མའོ། །དེའི་ཡེ་ཤེས་ནི་ས་བོན་ཏེ། དེའི་འོད་ཟེར་ནི་ཕྲེང་བའོ། །དེ་དག་
เล่ม ๔๑ · หน้า 61a
ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །སྡིག་པ་ཐམས་ཅད་འཇིག་པའོ། །བསམ་པ་ཐམས་ཅད་ནི་ནོར་ཐམས་ཅད་ཀྱི་བསམ་པའོ། །དེའི་རྡོ་རྗེའི་ལོངས་སྤྱོད་ནི་ངེས་པར་རྫོགས་པར་བྱེད་པ་སྟེ། དཔལ་གནོད་གནས་སོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་
ལ་ནི་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་དེ་ཉིད་ནི་ཏིང་ངེ་འཛིན་རྡོ་རྗེའོ། །དེའི་ཚུལ་ནི་ཐབས་སོ། །སངས་རྒྱས་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་བསྒོམ་པས་ཞེས་བྱ་བ་ནི་ཟླ་བ་དེ་ལ་ས་བོན་གང་བ་དེའི་ལྟེ་བར་རྡོ་རྗེ་སྟེ་ཛཾ་བསྒོམས་པའོ། །སངས་རྒྱས་ཀུན་ཞེས་པ་ནི་སངས་རྒྱས་ཐམས་
ཅད་དོ། །དབབ་པར་བྱ་ཞེས་བྱ་བ་ནི་ཡི་གེ་ཛཾ་ལ་བསྡུ་བའོ། །ཛཾ་བྷ་ནི་གནོད་སྦྱིན་ཆེན་པོ་ཞེས་བྱ་བ་ནི་སེར་པོའམ་ནག་པོ་ཟླ་བའི་གདན་དང་། ཟླ་བའི་འོད་ཡོད་པ་མི་ཐུང་གསུས་པ་ཆེ་བ་རང་སྣང་བའི་རིག་མས་འཁྱུད་པ་ལག་པ་གཡས་གཉིས་ན་ས་བོན་གང་བ་དང་རལ་གྲི་ཐོགས་པ། གཡོན་པ་གཉིས་
ན་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ་དང་པདྨ་ཐོགས་པའོ། །ཐོར་ཚུགས་དང་དབུ་རྒྱན་དང་རྡོ་རྗེ་ཅན་ནི་སྐུ་རྡོ་རྗེ་ཅན་ལ་སོགས་པ་སྟེ། དེ་དག་དང་ལྡན་པའོ། །གནས་ལྔ་དག་ཏུ་ཞེས་བྱ་བ་ནི་ཅོད་པན་གྱི་སྟེང་གི་བར་སྣང་ལའོ། །ཆོ་ག་ཡིས་ཞེས་བྱ་བ་ནི་ལྔ་པོ་ཡང་རང་གི་རིག་པ་རྗེས་སུ་མཉེས་པའི་ཆོ་གས་གནས་པའོ། །
རྡོ་རྗེ་བདུད་རྩིའི་ཆུ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་དགའ་བ་བྱུང་བའི་རྒྱུན་མི་འཆད་པའོ། །དབུ་ལ་ཞེས་བྱ་བ་ནི་སྤྱི་བོར་དབང་བསྐུར་བའི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ནི་མི་བསྐྱོད་པའིའོ། །ཆོ་ག་ཡིས་ཞེས་བྱ་བ་ནི་ཆུ་དེ་ཉིད་ཀྱིས་བསྐྱེད་པའོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་དང་ལྡན་
པས་སྣོད་ལ་སོགས་པར་རྨུགས་འཛིན་གྱི་མཛོད་སྤུ་རུ་གནས་པ་ཡི་གེ་ཛཾ་སེར་པོའི་འོད་ཟེར་རྣམས་ཀྱིས་སྒྲུབ་པ་པོ་ཀུན་དུ་འགེངས་པར་བྱེད་པར་བསམས་ལ་ལག་པ་གཡས་པའི་སོར་མོའི་རྩ་བ་རྣམས་ལ་རྡོ་རྗེ་ཆུ་དེ་བདུད་རྩིར་མོས་པར་བྱས་ལ་ཕྱིའི་ཆུ་དེའི་སྤྱི་བོར་སྔགས་བཟླ་ཞིང་སྦྱིན་པར་བྱའོ། །སྔགས་ནི་ཨོཾ་ཛཾ་བྷ་
ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། རྡོ་རྗེ་རྒྱ་མཚོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་མཚོ་སྟེ་དཔལ་གནོད་གནས་སོ། །དེ་ལ་རྫས་བསྒྲུབ་པ་ནི་ནོར་ཐོབ་པ་ལའོ། །དེའི་དོན་གྱི་ཏོག་གི་དཔལ་ནི་རྒྱལ་མཚན་མཛེས་པའོ། །དེའི་འབྲས་བུ་ཉིད་ཀྱིས་དེ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྫས་སྒྲུབ་པའོ། །མི་ཟད་པའི་འདོད་པ་ནི་རྡོ་རྗེ་འདོད་པ་སྟེ། དེ་རྣམས་ཀྱི་ཉེ་བར་ལོངས་སྤྱོད་པའོ། །
เล่ม ๔๑ · หน้า 61b
དེའི་དོན་གྱི་དཔལ་ནི་དེ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཁྱད་པར་ཅན་གྱི་གནོད་སྦྱིན་མོ་ཡིན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །གནོད་སྦྱིན་མོ་ཐམས་ཅད་ཀྱི་ཚིག་ནི་བསྡུས་པའོ། །དེ་ལས་སྐྱེས་པའི་རྡོ་རྗེ་ནི་གནོད་སྦྱིན་མོ་གཅིག་གི་གཟུགས་སོ། །དེའི་དམ་
ཚིག་ནི་ས་བོན་ནོ། །མཁའ་དབྱིངས་རྡོ་རྗེ་ནི་དེའི་མདུན་གྱི་ནམ་མཁའོ། །རིན་ཆེན་བཞི་ལས་བྱས་ཞེས་བྱ་བ་ནི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ངོས་རྣམས་ཤེལ་དང་ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་དང་མརྒད་ལ་སོགས་པའི་རི་བོའོ། །ཀུན་དུ་འཁྲིགས་ཞེས་བྱ་བ་ནི་ཁྱབ་པའོ། །རྡོ་རྗེ་གསུམ་གྱི་སྦྱོར་བས་
དབབ་ཅེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རི་བོའི་ཕུག་གི་དབུས་ཀྱི་པདྨ་ལ་འདུག་པ་ཟླ་བའི་མཚན་མའི་ཡི་གེ་ཀྵྞྀཾ་ནི་རྡོ་རྗེ་སྦྱོར་བ་གསུམ་སྟེ། དེ་ལ་སྦྱོར་བ་དེས་དབབ་པར་བྱ་སྟེ། ཀྵྞྀ་གི་འོད་ཟེར་རྣམས་ཀྱིས་བཀུག་ནས་ཡི་གེ་ཀྵྞྀཾ་ལ་གཞུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཟུགས་གཅིག་དག་ནི་ཞེས་བྱ་བ་ནི་རྒྱུད་
གཞན་དག་གི་རྗེས་སུ་འབྲངས་ནས་ལོངས་སྤྱོད་ལྡན་མ་ལ་སོགས་པ་གནོད་སྦྱིན་མོའམ། གཞན་གང་ཡང་རུང་བའི་གཟུགས་སོ། །དེ་ལ་ལོངས་སྤྱོད་དང་ལྡན་པ་ནི། རིན་པོ་ཆེའི་རིའི་ཕུག་དེ་ཉིད་ན་གཡོན་པས་དཔག་བསམ་གྱི་ཤིང་དེ་ལ་བརྟེན་པས་གཡས་པར་གདུགས་དཀར་པོ་ཐོགས་པ་གསེར་གྱི་
མདོག་ཅན་མ་ཡིད་དུ་འོང་བའི་གཟུགས་དང་ལྡན་པ་དར་ལ་བབ་ཅིང་སྒེག་པས་རྣམ་པར་རོལ་པའི་ཁ་འཛུམ་པ་ཅན་དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཁ་དོག་ལྔའི་མེ་ཏོག་ཕྲེང་བས་སྐྲ་ཕྱེད་འཁྱིལ་པའི་མགོ་བརྒྱན་པའོ། །ལས་གསུམ་ཞེས་བྱ་བ་ལ་སོགས་པ་
ལ་རང་ཉིད་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ཏེ། གནོད་སྦྱིན་མོ་དེའི་བསམ་གཏན་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞིག་ཅེ་ན་ལས་གསུམ་སྟེ། ལས་གསུམ་པོ་འདི་ལ་ཡོད་པའི་ཕྱིར་རོ། །ཇི་ལྟར་ན་ལས་གསུམ་ཡིན་ཞེ་ན། རྡོ་རྗེའི་བྱེ་བྲག་གིས་ཏེ། སྐུ་ལ་སོགས་པའི་དབྱེ་བས་སོ། །ཁྲོ་བོ་
ཞེས་བྱ་བ་ནི་གཤིན་རྗེ་གཤེད་དོ། །སྔགས་ཀྱི་ཚིག་ཅེས་བྱ་བ་ནི་ཡི་གེ་ཀྵྞྀཾ་ངོ་། །རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་བདེ་བ་ལ་ཡང་དག་པར་སྦྱོར་བ་སྟེ། འདི་དག་ནི་གོ་རིམས་བཞིན་དུ་དེའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཡིན་ནོ། །གནོད་སྦྱིན་མོ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་བསྡུས་པ་སྟེ།
เล่ม ๔๑ · หน้า 62a
དེ་གནས་པ་ནི་བདེ་བ་དང་ཡིད་བདེ་བའོ། །དེ་བསྒོམ་པ་ཡང་ཡིན་ལ་བརྟན་པ་ཉིད་ཀྱིས་ན་རྡོ་རྗེ་ཡང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གནོད་སྦྱིན་མོའི་སྒྲུབ་པའི་ཐབས་སོ། །རྡོ་རྗེའི་སྔགས་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་དངོས་
གྲུབ་པོ། །དེའི་རྣམ་པར་འཕྲུལ་པ་ནི་མཐུའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དང་དབྱེར་མི་ཕྱེད་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་ཕྲ་མོ་ཞེས་བྱ་བ་ནི་དངོས་གྲུབ་དམན་པའི་བྱ་བའི་ཁྱད་པར་རོ། །སྐུ་དང་གསུང་དང་ཐུགས་ཡང་དག་པར་གྲུབ་པ་ནི་ཐོབ་པའི་ཁྱད་པར་རོ། །སངས་
རྒྱས་གཟུགས་ནི་མཚན་ལ་སོགས་པའོ། །དེ་འཛིན་པ་དང་འདྲ་བར་འོད་བྱེད་པས་ན་སངས་རྒྱས་གཟུགས་འཛིན་འོད་བཟང་པོའོ། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །ཞེས་བྱ་བ་ནི་ལུས་གསེར་གྱི་མདངས་དང་ལྡན་པའོ། །དེ་ལྟར་སུ་ཞིག་འགྱུར་ཞེ་ན། དངོས་གྲུབ་ཕྲ་མོ་དག་ལ་གནས་པ་རྣམས་སོ། །
དེ་ལྟར་ཐུན་མོང་གི་ཁྱད་པར་གསུངས་ནས་ཐུན་མོང་མ་ཡིན་པའི་རྡོ་རྗེ་འཆང་བའི་གཙོ་བོ་ནི་ཐུགས་ཀྱི་རྡོ་རྗེ་གཙོ་བོར་གྱུར་པའོ། །རིག་པ་འཛིན་པའི་གཙོ་བོ་སྟེ། གསུང་རྡོ་རྗེ་ནི་གཙོ་བོ་ཡིན་ཏེ། ཅིག་ཤོས་ཀྱིས་ནི་གཞན་རྣམས་ལ་ནི་སྐུ་རྡོ་རྗེ་གཙོ་བོའོ། །བཤད་མ་ཐག་པའི་ཚོགས་གང་གིས་གནོད་
སྦྱིན་མོ་གྲུབ་པ་དེ་ནི་གནོད་སྦྱིན་གྱི་རྒྱལ་པོའོ། །སོགས་པ་སྨོས་པས་ནི་བཅུ་གཉིས་པ་ལས་གསུངས་པའི་རིག་པ་འཛིན་པ་སྟེ། དེ་རྣམས་ཀྱི་དངོས་གྲུབ་ནི་གནོད་སྦྱིན་རྒྱལ་པོ་ལ་སོགས་པ་གྲུབ་པ་ནའོ། །དངོས་གྲུབ་མཆོག་གི་བྱ་བའི་ཁྱད་པར་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་
ཅད་ཞུ་བའི་རང་བཞིན་གྱིས་བཅོམ་ལྡན་འདས་ནི་རྡོ་རྗེ་ཐམས་ཅད་ཡིན་ལ། དེའི་དངོས་གྲུབ་གསུམ་པའི་འབྲས་བུའོ། །དེའི་གཟུགས་དང་གསང་བ་དང་སྔགས་ཀྱི་དངོས་གྲུབ་རྣམས་ནི་སྐུ་དང་ཐུགས་དང་གསུང་གི་ཁྱད་པར་རོ། །ཐམས་ཅད་ནི་མ་ལུས་པའོ། །སྔགས་ཀྱིས་གྲུབ་ཅིང་ཞེས་བྱ་བ་ནི་
སྔགས་ཏེ་ངག་གི་བྱ་བ་གྲུབ་པའོ། །མཛེས་པའི་གཟུགས་ནི་མཚན་དང་དཔེ་བྱད་དང་ལྡན་པས་འཇིག་རྟེན་ཁམས་ནི་ཐམས་ཅད་དུ་མཐོང་བ་ཉིད་ཀྱིས་དགའ་བར་འགྱུར་ཞེས་བྱ་བར་སྦྱར་རོ། །འདོད་པ་ཡིས་ཞེས་བྱ་བ་ནི་འདོད་པ་ཙམ་གྱིས་འགྲུབ་ཅིང་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་ཀྱི་མཆོག་བསྟན་པའི་
เล่ม ๔๑ · หน้า 62b
ཕྱིར་གཙུག་ཏོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་བཞིན་ནོར་བུའི་བདག་པོར་གྱུར་པ་གང་ཡིན་པ་དེ་ནི་དངོས་གྲུབ་ཐམས་ཅད་ཀྱི་རྩེ་མོ་ཡིན་ཏེ། ཆོས་ཐམས་ཅད་ལ་དབང་བསྐུར་བའི་ཆོས་ཀྱི་སྐུའི་མཚན་ཉིད་ཅན་གྱི་སངས་རྒྱས་ཀྱི་བྱང་ཆུབ་ནི་ཡིད་བཞིན་ནོར་བུའོ། །དེའི་བདག་པོ་ནི་གཙོ་
བོ་ཡིན་ཏེ། དེ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག །ཅེས་བྱ་བ་ནི་སངས་རྒྱས་བྱང་ཆུབ་དེའི་ཐབས་ཕྱི་མའོ། །སངས་རྒྱས་རྡོ་རྗེ་རབ་བསྒོམ་པའི། །ཞེས་བྱ་བ་ལ་སངས་རྒྱས་ནི་དཀྱིལ་འཁོར་གྱི་བདག་པོའོ། །དེའི་རྡོ་རྗེ་ནི་གསང་བ་གསུམ་པོ་ཡིན་ལ་དེ་རྣམས་བསྒོམ་པ་ནི་
དཀྱིལ་འཁོར་ཐམས་ཅད་ཀྱི་རྣམ་པར་རབ་ཏུ་ཕྱེ་ནས་བསྒོམ་པ་སྟེ། སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐམས་ཅད་སྟོན་པར་མཛད་པའི་ཕྱིར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དེ་ཡིན་ལ་མི་སླུ་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་པས་ནའོ། །དངོས་གྲུབ་མཆོག་འདོད་པ་རྣམས་
ཀྱིས་ནི་ཡན་ལག་དྲུག་གི་བསྙེན་པ་དང་ཉེ་བར་བསྒྲུབ་པའི་འབྲས་བུ་ལ་གནས་པས་རིག་པའི་བརྟུལ་ཞུགས་ཟླ་བ་དྲུག་གི་བར་དུ་སྤྱད་ལ། དེའི་འོག་ཏུ་བསྒྲུབ་པ་བརྩམ་པར་བྱ་བ་དེའི་ཕྱིར་འདིའི་རིག་པའི་བརྟུལ་ཞུགས་བརྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་སྐུ་ལ་སོགས་པ་དང་འདྲ་བའོ། །དེ་དག་ཉིད་ནི་རིག་པའི་དོན་གྱི་བརྟུལ་ཞུགས་ཡིན་ལ། དེ་ཡང་དག་པར་ལེན་པའི་སྤྱོད་པ་ཉིད་ནི་བླ་མ་ལས་ཡང་དག་པར་བླངས་པ་སྔོན་དུ་འགྲོ་བ་ཅན་གྱིས་ཉམས་སུ་
ལེན་པའོ། །རང་ཚུལ་ཉིད་ཀྱི་ཞེས་བྱ་བ་ནི་ལུགས་མ་དང་བྱས་པ་ལ་སོགས་པའི་གཟུགས་དང་བཅས་པ་ཉིད་ཀྱིས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་བརྟུལ་ཞུགས་ཞེས་བྱ་བ་ལ། རལ་པ་དང་ཐོར་ཚུགས་ལ་སོགས་པའི་སྐུའི་བརྟུལ་ཞུགས་སོ། །གཉི་ག་ལྷ་ལ་སོགས་པར་མོས་པ་
ནི་གསུང་གི་བརྟུལ་ཞུགས་སོ། །རང་གི་རིག་མ་དང་གཉིས་སུ་མེད་པའི་སྦྱོར་བ་ལས་བྱུང་བའི་ཤེས་རབ་ཀྱི་ཡེ་ཤེས་ནི་ཐུགས་ཀྱི་བརྟུལ་ཞུགས་སོ། །ཐོར་ཚུགས་དབུ་རྒྱན་ནི་ལུགས་མ་དང་བྱས་པ་ལ་སོགས་པའི་མི་བསྐྱོད་པས་བརྒྱན་པའོ། །ཁ་དོག་དཀར་པོ་འདྲ་བ་ནི་དཀར་ཞིང་སྣུམ་པས་ཡན་
เล่ม ๔๑ · หน้า 63a
ལག་བཅོས་པའོ། །ཆོ་ག་བཞིན་དུ་ཐམས་ཅད་ཅེས་བྱ་བ་ནི་ལག་ཏུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་། རྒྱན་དང་གོས་སྲབ་ཅིང་ཡང་ལ་མཛེས་པའོ། །དཔུང་པ་དག་ལ་དཔུང་རྒྱན་གཡས་པའི་རིལ་བུ་གསུམ་སྟེ། ལུས་དང་ངག་དང་སེམས་བསྲུང་བའི་ཕྱིར་སངས་རྒྱས་
ཐམས་ཅད་ཀྱིས་ཡང་དག་པར་གཏད་པའོ། །སྔགས་ཀྱི་སྡོམ་པ་ནི་འཆད་པར་འགྱུར་བའི་སྡོམ་པའི་ཚིགས་སུ་བཅད་པ་སྟེ། དེས་བླ་མ་ལས་ཡང་དག་པར་མནོས་པའོ། །རྒྱན་རྣམས་ཀུན་ནི་རིན་ཐང་མེད་པ་ཤིན་ཏུ་མཛེས་པའོ། །སྤྱན་གྱི་གོ་འཕང་ནི་གཟུགས་སོ། །ལོངས་སྤྱོད་ནི་རིན་པོ་ཆེའི་ཅོད་
པན་ལ་སོགས་པའོ། །རྡོ་རྗེ་ནི་ཅོད་པན་ལ་འོད་དཔག་ཏུ་མེད་པའོ། །མཚན་མ་ནི་ལག་པའི་འཁོར་ལོའོ། །ཕྱག་རྒྱའི་ཆོ་ག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་ཆོ་གའོ། །སྔགས་ཀྱི་ཆོ་ག་ནི་བཟླས་པའི་ཆོ་གའོ། །སྔགས་ཀྱི་རབ་ཏུ་སྦྱོར་བ་ནི་སྔགས་ཀྱི་རྒྱུད་དེ་དེ་རྣམས་ལ་ལེགས་པར་
བསླབས་པ་ནི་སློབ་མར་ཡང་དག་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་འགྱུར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དུའོ། །ཟླ་བ་དྲུག་གིས་ཞེས་བྱ་བ་ནི་བརྟུལ་ཞུགས་ཀྱི་དུས་སུའོ། །རྟག་ཏུ་གཞན་གྱིས་ཞེས་བྱ་བ་ལ་སོགས་པ་འདི་ནི་སྔགས་ཀྱི་སྡོམ་པའི་ཚིགས་སུ་བཅད་པའོ། །རྐུ་བ་ནི་རང་གི་ལྷའི་
ཆ་ལུགས་འཛིན་པའོ། །བསད་པ་ནི་ལྷར་མོས་པས་ཐ་མལ་པའི་ང་རྒྱལ་ལོ། །འདོད་ཆགས་རྡོ་རྗེ་ནི་ཇི་སྐད་དུ་བཤད་པའི་རིག་པ་དང་། གཉིས་སུ་མེད་པར་སྦྱོར་བ་ལས་བྱུང་བ་ཆོས་ཀྱི་དབྱིངས་སོ་སོར་རྟོག་པ་བསྒོམ་པའོ། །དེ་ཉིད་ནི་གནས་ཏེ་བླ་ན་མེད་པའི་བདེ་བའོ། །དེ་ལ་སྤྱད་པ་ནི་ལོངས་སྤྱོད་
པའོ། །སྡོམ་པ་འདིས་ནི་ཀུན་དུ་བསྡམས། །ཞེས་བྱ་བ་ནི་ང་ཡི་སྡོམ་པ་འདི་རྣམས་ཡང་དག་པར་བླངས་པས་ན་ཀུན་དུ་བསྡམས་པའོ། །རྣམ་པར་སྣང་མཛད་ཀྱི་རིག་པའི་བརྟུལ་ཞུགས་གསུངས་ནས་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དག་གིས་གསུངས་པ་ལ། འདོད་ཆགས་རྡོ་རྗེ་ནི་འོད་དཔག་ཏུ་
མེད་པའོ། །དེའི་ལྕགས་ཀྱུ་མོ་ནི་འགུགས་པར་བྱེད་པ་སྟེ་གོས་དཀར་མོའོ། །ཡོན་ཏན་སྐ་རགས་ཞེས་བྱ་བ་འདི་སངས་རྒྱས་ཀྱི་ཡོན་ཏན་ཉིད་ཀྱི་སྐ་རགས་མངའ་བས་ན་དེ་སྐད་ཅེས་བྱའོ། །གསུང་གི་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །ཐུགས་མཆོག་ནི་མི་བསྐྱོད་པའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་
เล่ม ๔๑ · หน้า 63b
རིག་མ་གཉིས་སོ། །རྣམ་པ་ཀུན་དུ་ཞེས་བྱ་བ་ནི་གཉི་གའི་རལ་པ་དང་ཅོད་པན་ལ་སོགས་པའི་རྣམ་པ་ཐམས་ཅད་སྔ་མ་དང་རྗེས་སུ་མཐུན་པར་གོ་སླ་བའོ། །ཡོན་ཏན་དང་ལྡན་པའི་ཕྱིར་རིག་མ་མ་རྙེད་པའམ། སྒྲུབ་པ་པོའི་ཕྱིའི་རིག་མ་འགའ་ཞིག་གིས་རྒྱབ་ཀྱིས་ཕྱོགས་ན་ཇི་ལྟར་བྱ་ཞེ་ན། བསམ་
གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ལ་ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་ཞེས་བྱ་བའི་དོན་ཏོ། །རང་གི་ཕྱག་རྒྱའམ་ཞེས་བྱ་བའི་སྒྲས་ནི་ངེས་པར་གཟུང་བ་སྟེ། ལྷན་ཅིག་སྐྱེས་པའི་རང་གི་སྣང་བ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་ཞེས་བྱ་བ་གསུངས་
ཏེ། ཡིད་ཀྱི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། །བསམ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྤྱན་ལ་སོགས་པའི་གཟུགས་སུའོ། །ཡིག་གསུམ་རྡོ་རྗེ་ཅན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཡི་གེ་གསུམ་མོ། །དེ་རྣམས་ཀྱི་རྡོ་རྗེ་ནི་སྐུ་ལ་སོགས་པ་དང་འདྲ་བའི་རལ་པ་དང་། ཅོད་པན་ལ་སོགས་
པ་དེ་དང་བདག་ཉིད་ལྡན་པའོ། །གལ་ཏེ་ཕྱི་རོལ་གྱི་རིག་མ་མ་མཐོང་བ་དེའི་ཚེ་ཇི་ལྟར་སངས་རྒྱས་རྣམས་མཉེས་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་དེ་རྣམས་ཀྱི་རང་བཞིན་ཅན་གྱི་རིག་མ་དང་སེམས་བརྟན་པར་གཟིགས་པ་ན།
ཤིན་ཏུ་མཉེས་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྡོ་རྗེ་ཞེས་བྱ་བ་ནི་བསྙེན་པ་དང་ཉེ་བའི་སྒྲུབ་པ་དག་གིས་རྡོ་རྗེ་གསུམ་དུ་གྲུབ་པའོ། །འདས་དང་ཞེས་བྱ་བ་ནི་བསྐྱོད་པའམ་ཉམས་པའོ། །རྡོ་རྗེའི་ཡི་གེ་ནི་འདོད་པ་དང་ཐར་པའོ། །འཇིག་པར་འགྱུར་བ་ནི་འཇིག་པ་ཐོབ་པར་འགྱུར་བ་སྟེ། འགྲུབ་
པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ནི་རྟོག་པའོ། །དེའི་དོན་སྟོན་ཅིང་གོམས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚུལ་ཆེན་ཡིན་པ་ནི་ཐབས་ཆེན་པོ་ཡིན་པའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང་། །ཞེས་བྱ་བ་ནི་སྐྱེས་པའོ། །རིག་པའི་བརྟུལ་ཞུགས་ཉིད་ནི་དམ་ཚིག་གི་དེ་
ཁོ་ན་ཉིད་དེ། དམ་ཚིག་གི་མཆོག་གོ། །དེ་ཉིད་ནི་རྡོ་རྗེ་སྟེ། དངོས་གྲུབ་ཀྱི་སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །དངོས་གྲུབ་ཐམས་ཅད་ཀྱི་དོན་གྱི་དཀྱིལ་འཁོར་ཏེ། དེའི་རྡོ་རྗེ་ནི་གསང་བའི་ལས་རྣམས་སོ། །དེ་
เล่ม ๔๑ · หน้า 64a
རྣམས་ཀྱི་མངོན་པར་བྱང་ཆུབ་པ་ནི་མ་ལུས་པར་ཡང་དག་པར་རྟོགས་པའོ། །དེའི་དོན་གྱི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བཅུ་དྲུག་པའོ།། །།བཅུ་བདུན་པ་ནི་སྒྲུབ་པ་ཆེན་པོའི་ལེའུ་ཡིན་པ་དེ་བས་ན་འདི་ནི་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱི་ཏིང་ངེ་འཛིན་གསུམ་དང་དམ་ཚིག་ནི་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་དང་། ཇི་ལྟར་སྟོན་པར་མཛད་པ་དེ་གཉི་གའི་སྐབས་
དབྱེ་བར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྔགས་ཀྱི་ལྷ་ཐམས་ཅད་དེ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཀྱི་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །དེའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཛིན་པ་ལ་ཡང་དེ་སྐད་ཅེས་བྱའོ། །རང་
བཞིན་གྱིས་འོད་གསལ་བ་ཉིད་ཡིན་པའི་ཕྱིར། རྟག་ཏུ་དེ་བཞིན་དུ་གནས་པ་ནི་དེ་བཞིན་གཤེགས་པའོ། །དེ་ལ་གསོལ་བ་བཏབ་པ་ནི་དེ་ལྟ་བུར་གྱུར་པ་དེ་ཉིད་སྟོན་པ་ཉིད་དུའོ། །ཇི་ལྟར་ཞེ་ན་མི་བསྐྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྔ་པོས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ནི་
ལྔ་པོ་དེ་དག་ཡིན་ལ། དེ་དག་གི་དེ་ཁོ་ན་ཉིད་གསུམ་ནི་རྡོ་རྗེ་གསུམ་པོ་ཡིན་ཞིང་དེ་ཁོ་ན་ཉིད་ཀྱང་དེ་བཞིན་ཉིད་ཡིན་པ་དེ་བས་ན། དེ་ལྟ་བུར་གྱུར་པའི་བདག་ཉིད་ཅན་སྟོན་པར་མཛད་པའི་བཅོམ་ལྡན་འདས་ཁྱེད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་བ་
ཡིན་ཏེ། དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཚིགས་བཅད་སོ་སོ་ཞིང་ཁྱོད་ཕྱག་འཚལ་ཞེས་པས་ནི་ཕྱག་གི་མཆོད་པ་བསྟན་ལ་བོད་པའི་ཚིག་ཐམས་ཅད་ཉིད་ཀྱིས་སྟོན་པ་ཡིན་ནོ། །དེ་ལ་དང་པོས་ནི་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་ཚུལ་དུ་སྟོན་པ་ཡིན་ལ། ལྔ་པོས་ནི་དེ་ཉིད་
བཤད་པ་ཡིན་ནོ། །ཇི་ལྟར་བཤད་ཅེ་ན། གཅིག་གིས་ནི་མཚན་ཉིད་ཡིན་ལ་བཞིས་ནི་མཚན་ཉིད་ཀྱི་རིགས་པས་སོ། །བདུན་པས་ནི་སྐུ་རྡོ་རྗེ་ལ་སོགས་པའི་གསང་བའི་ཚུལ་གསུངས་པ་ཡིན་ལ། བསྟོད་པ་ལྔ་པའི་བརྒྱད་པས་ནི་རྡོ་རྗེ་འཆང་གི་བདག་ཉིད་ཅན་གྱི་གསང་བའི་ཚུལ་ཉིད་དུ་གསུངས་པ་ཡིན་ནོ། །
เล่ม ๔๑ · หน้า 64b
དབྱངས་དང་སྟོན་པ་དང་གསུང་ཞེས་བྱ་བ་ཚིགས་བཅད་ཀྱི་བདུན་པས་ནི་གསོལ་བ་འདེབས་པ་སྟེ། སྟོན་པར་མཛད་ཅེས་བྱ་བའི་དོན་ཏོ། །ཅི་ཞིག་སྟོན་ཅེ་ན། སྐབས་ཉིད་ཡིན་པའི་ཕྱིར་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །སྤྲོས་པའི་རྒྱུ་མཚན་ཐམས་ཅད་ཀྱིས་རྙོག་པར་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་མི་
བསྐྱོད་པ་ཡང་དེ་ཡིན་ལ། བརྟན་པ་ཡང་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་པ་དེ་ལྟར་ན་མི་བསྐྱོད་པ་རྡོ་རྗེའོ། །སྣ་ཚོགས་པ་ཡེ་ཤེས་ཙམ་དུ་མཐོང་བས་ན་ཡེ་ཤེས་ཆེན་པོ་སྟེ། ཡེ་ཤེས་ཆེན་པོ་ནི་མི་བསྐྱོད་པ་ཞེས་བྱ་བའི་མཚན་ཉིད་དོ། །མཚན་ཉིད་དེའི་རིགས་པ་ནི་རྡོ་རྗེ་དབྱིངས་དང་མཁས་པ་ཆེ་དང་།
རྡོ་རྗེ་གསུམ་མཆོག་དང་དཀྱིལ་འཁོར་གསུམ་ཞེས་བྱ་བ་རྣམས་སོ། །རྡོ་རྗེ་ནི་ཞི་གནས་བཞི་སྟེ། དེས་སེམས་འཛིན་པས་ན་རྡོ་རྗེ་དབྱིངས་སོ། །དེ་ཁོ་ན་ཉིད་རིག་པའི་ལྷག་མཐོང་བཞི་ནི་དེ་རྣམས་ཀྱིས་མཁས་པ་ཆེའོ། །དེ་ཉིད་སྙིང་པོ་བསྡུས་པས་དཀྱིལ་འཁོར་ཏེ། དབྱེ་བ་གསུམ་གྱི་དཀྱིལ་འཁོར་
དང་བསྡུས་པ་སྟེ། བཞི་པར་བསྡུས་པའི་དཀྱིལ་འཁོར་དག་ནི་དཀྱིལ་འཁོར་གསུམ་མོ། །རྡོ་རྗེ་གསུམ་དང་དེ་བཞིན་དུ་བཞི་པ་དག་གི་ཚོགས་ཡང་དག་པར་བསྡུས་པ་ནི་རྡོ་རྗེ་གསུམ་མཆོག་གོ། །ཐུགས་ཀྱི་གསང་བ་ཡིན་པའི་ཕྱིར་རྡོ་རྗེའོ། །ཁྱབ་པར་གསལ་བའི་བྱང་ཆུབ་རྟོག་པ་གང་ཡིན་
པ་དེ་ནི་རྣམ་པར་སྣང་མཛད་དེ་རང་གི་དོན་ལ་ཨ་ཎཱི་རྐྱེན་བྱས་པས་རྣམ་པར་སྣང་མཛད་དོ། །རང་བཞིན་སྣ་ཚོགས་ཡེ་ཤེས་ཙམ་གྱིས་སྣང་བ་ཡིན་པས་དག་པ་ཆེ་སྟེ། འདི་ནི་དེའི་མཚན་ཉིད་དོ། །དེའི་རིགས་པ་ནི་རྡོ་རྗེ་ཞི་བ་དང་། དགའ་བ་ཆེ་དང་རང་བཞིན་འོད་གསལ་དང་། མཆོག་གི་མཆོག་
ཅེས་བྱ་བ་རྣམས་སོ། །རྡོ་རྗེ་ནི་འབྱུང་བའི་དབང་པོ་དང་། འབྱུང་བ་ལས་གྱུར་པའི་དབང་པོ་རྣམས་སོ། །དེ་གཉི་ག་ལྔ་པར་བསྡུས་པ་ནི་རྡོ་རྗེ་ཞི་བའོ། །གཉིས་མེད་པར་ཆོས་ཀྱི་དང་སྣ་ཚོགས་པའི་གཟུགས་ཀྱིས་རོལ་པས་ན་དགའ་བ་ཆེའོ། །རང་བཞིན་གྱིས་འོད་གསལ་བ་ནི་གདན་རྣམ་པ་ལྔའོ། །
དེ་རྣམས་ཀྱི་མཆོག་ནི་འདུས་པ་སྟེ། དེ་བས་ན་མཆོག་གི་མཆོག་གོ། །སྐུའི་གསང་བ་ཡིན་པའི་ཕྱིར་རྡོ་རྗེའོ། །སེམས་ཀྱི་རིན་པོ་ཆེ་ཡིན་པས་ན་རིན་ཆེན་ནོ། །ནོར་གྱི་བདག་པོ་ཡིན་པས་ན་རྒྱལ་པོ་སྟེ། རིན་ཆེན་རྒྱལ་པོའོ། །དུས་གསུམ་གྱི་སངས་རྒྱས་རྣམས་དང་འབྲེལ་བའི་སྐུ་དང་གསུང་དང་
เล่ม ๔๑ · หน้า 65a
ཐུགས་བསྡུས་པའི་ཟབ་མོ་ཡང་བསྡུས་པས་ན་རབ་ནི་རབ་ཏུ་ཟབ་སྟེ། དེ་བས་ན་ཤིན་ཏུ་ཟབ་པ་འདི་ལ་ཡོད་པས་རབ་ཏུ་ཟབ་མོ་སྟེ། འདི་ནི་མཚན་ཉིད་དོ། །རིགས་པ་ནི་རྡོ་རྗེ་དང་། ནམ་མཁའ་དྲི་མ་མེད་དང་། རང་བཞིན་དག་པ་དང་། གོས་པ་མེད་ཅེས་བྱ་བ་རྣམས་ཏེ། མཁའ་
དང་མཚུངས་པར་རིག་བྱ་རྣམས་བསྡུས་པས་ན་རྡོ་རྗེ་མཁའོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ནང་དུ་ཆུད་པའི་ནམ་མཁའ་དྲི་མ་མེད་པ་འདི་ལ་ཡོད་པས་ན་ནམ་མཁའ་དྲི་མ་མེད་དོ། །རང་བཞིན་ཞེས་བྱ་བ་ལ་རང་ནི་བདག་སྟེ་སྐུའོ། །དེ་རྣམས་ཀྱི་རང་བཞིན་ནི་རང་གི་མཚན་ཉིད་དོ། །དག་
པ་ནི་དེ་རྣམས་བསྡུས་པའི་སྟོང་པ་ཉིད་དེ། དེའི་ཕྱིར་རང་བཞིན་དག་པ་ཉིད་དོ། །ཕྲ་མོ་གསུམ་པོ་བསྡུས་པ་དེ་རྣམས་དམིགས་པས་ན་གོས་པ་མེད་པའོ། །གསུང་གི་གསང་བ་ཡིན་པའི་ཕྱིར་གསང་བའོ། །འོད་ཀྱི་སྣང་བ་དཔག་ཏུ་མེད་པས་སོ་སོར་རྟོག་པ་འདི་ལ་ཡོད་པས་ན་འོད་དཔག་ཏུ་མེད་
དེ་ཚིག་དང་པོ་མི་མངོན་པའོ། །བརྟན་པས་རྡོ་རྗེ་སྟེ། རྡོ་རྗེ་ཡང་ཡིན་ལ་འོད་དཔག་ཏུ་མེད་པ་ཡང་ཡིན་ནོ། །མཆོད་པ་ནི་རྒྱལ་པོ་ཡིན་ལ་ཤིན་ཏུ་མཆོད་པས་ན་རྒྱལ་པོ་ཆེའོ། །ཇི་ལྟར་ན་ཤིན་ཏུ་མཆོད་པ་ཡིན་ཞེ་ན། རིན་པོ་ཆེས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གཞག་པ་ལ། དེ་རྣམས་དང་དེ་
དག་གི་མིང་དང་བློ་རྣམས་མི་དམིགས་པས་ཡང་དག་པར་མཚོན་པའི་ཕྱིར་རོ། །འདི་ནི་མཚན་ཉིད་དོ། །རིགས་པ་ནི་མི་རྟོག་དང་ནམ་མཁའ་རྡོ་རྗེ་འཛིན་དང་། འདོད་ཆགས་དང་། ཕ་རོལ་ཕྱིན་པ་བརྙེས་ཞེས་བྱ་བའོ། །རང་གི་སྙིང་གའི་སྔགས་ཙམ་དུ་བལྟ་བས་ན་རྣམ་པར་མི་རྟོག་པའོ། །དེར་ནམ་
མཁའ་ནི་སྔགས་ཀྱི་ཐིག་ལེའོ། །དེར་སེམས་ཀྱིས་རིན་པོ་ཆེ་འཛིན་པས་ན་ནམ་མཁའ་རྡོ་རྗེ་འཛིན་ནོ། །དེའི་རྗེས་ལ་རང་གི་སྔགས་སུ་སྔགས་གསུམ་པོ་རིམ་བཞིན་དུ་བཅུག་སྟེ། གསང་བ་གསུམ་དང་དེ་བསྡུས་པའི་ནོར་བུར་གྱུར་པའི་མཚན་ཉིད་ལ་ཤིན་ཏུ་ཆགས་པས་འདོད་ཆགས་སོ། །དེ་ནས་སྔགས་
རྣམས་བསྡུས་པའི་ཐིག་ལེ་ལ་སེམས་ཀྱི་རིན་པོ་ཆེ་ངེས་པར་བྱ་སྟེ། ཡུན་རིང་དུ་བརྟན་པར་གྱུར་པའི་མཚན་ཉིད་ནི་མཆོག་ཏུ་སོང་བས་ན་ཕ་རོལ་ཏུ་ཕྱིན་པ་བརྙེས་སོ། །གསུང་གི་གསང་བ་ཡིན་པའི་ཕྱིར་རྡོ་རྗེའོ། །ཐམས་ཅད་དུ་འགྲོ་བའི་དོན་གྲུབ་པ་ཉིད་ལ་ཡོད་པས་ན་དོན་ཡོད་གྲུབ་པ་སྟེ། ཚིག་ཐ་
เล่ม ๔๑ · หน้า 65b
མ་མི་མངོན་པས་ན་དོན་ཡོད་དོ། །དེ་ཡང་ཡིན་ལ་བརྟན་པའི་ཕྱིར་རྡོ་རྗེ་ཡང་ཡིན་ཏེ། དེས་ན་དོན་ཡོད་རྡོ་རྗེའོ། །མ་ལུས་པར་རྟོགས་པས་ན་རྫོགས་སངས་རྒྱས་ཏེ། འདི་ནི་མཚན་ཉིད་དོ། །རིགས་པ་ནི་བསམ་པ་ཐམས་ཅད་རྫོགས་མཛད་པ་དང་ཡང་དག་པ་དང་ངོ་བོ་ཉིད་དང་། ལས་བྱུང་ཞེས་བྱ་བ་
རྣམས་སོ། །འཛིན་པའི་སྟོབས་ཀྱིས་ཕྱོགས་ཐམས་ཅད་དུ་འགེངས་པའི་ནུས་པ་རྙེད་པ་ནི་བསམ་པ་ཐམས་ཅད་རྫོགས་པར་མཛད་པའོ། །ཕྱོགས་ཐམས་ཅད་དུ་གང་བར་གྱུར་ཀྱང་ཏིང་ངེ་འཛིན་གྱི་སྐྱོན་རབ་ཏུ་གཡོ་བ་དང་སྤྲོས་པ་མེད་པས་དག་པའོ། །ཇི་ལྟར་ན་ཕྱོགས་གང་བ་ཡིན་ཞེ་ན་སྤྲོས་པའི་ཕྱིར་
རོ། །དེ་ཉིད་གསུངས་པ་ངོ་བོ་ཉིད་ཅེས་བྱ་བ་སྟེ་རང་རང་གི་ངོ་བོ་སྟེ། བདག་ཉིད་ཀྱི་ཕྱོགས་རྣམས་སུ་ཤིན་ཏུ་མཐུག་པོར་གྱུར་པ་འདི་ལ་ཡོད་པས་ན་ངོ་བོ་ཉིད་དོ། །ཀུན་དུ་སྤྲོ་བ་མཐར་ཕྱིན་པ་འབྱུང་བས་ན་ལས་བྱུང་ངོ་། །གསུང་གི་གསང་བ་ཉིད་ཡིན་པས་ན་རྡོ་རྗེའོ། །རྡོ་རྗེ་སེམས་དཔའ་ཉིད་ཡིན་པས་ན་
སེམས་དཔའ་སྟེ། ཚིག་དང་པོ་མི་མངོན་པའོ། །གསང་བ་གསུམ་པོའི་རྡོ་རྗེ་འདི་དག་གི་རྡོ་རྗེ་རྣམས་ཀྱི་སེམས་དཔའ་དེ་ནི་རྡོ་རྗེ་སེམས་དཔའོ། །སེམས་དཔའ་ནི་སྙིང་པོ་སྟེ་བ་བླ་དང་ལྷང་ཚེར་གྱི་སྙིང་པོ་ལྟ་བུའོ། །གསང་བ་རྣམས་ཀྱི་སྙིང་པོ་ཡང་གང་ཡིན་ཞེ་ན། དེ་མ་ཐག་པའི་རྡོ་རྗེ་གསང་བའི་
ཚིགས་སུ་བཅད་པས་བརྗོད་པར་བྱ་བ་གང་ཡིན་པའོ། །མདོར་བསྡུས་ན་དེ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པས་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་དེ་ནི་དེ་རྣམས་ཀྱི་སྙིང་པོའོ། །བསྐུལ་བར་ཞེས་བྱ་བ་ནི་སྒྲ་རབ་ཏུ་སྦྱར་བའོ། །ཞི་བ་ཞེས་བྱ་བ་ནི་དག་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་
རྣམས་སམ། དེའི་གསང་བ་རྣམས་སོ། །དེའི་ལོངས་སྤྱོད་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའམ་འཁོར་རྣམས་གང་དག་ལ་མངའ་བ་དེ་དག་ནི་རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྱི་བདག་པོ་ཞེས་བྱ་བའི་བར་དུའོ། །དེ་ཡང་ཞེས་བྱ་བ་ནི་
བསྟོད་པར་བྱ་བ་གང་ཡིན་པའོ། །རྡོ་རྗེ་འཆང་འདྲ་ནི་རྡོ་རྗེ་འཆང་དང་མཚུངས་པར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཀུན་ཏེ་ཆོས་བཞེད་པ་རྣམས་ལ་དེ་བཤད་པའི་ཕྱིར་རྗེས་བརྩེ་བའོ། །རྡོ་རྗེ་ནི་རྡོ་རྗེ་འཆང་བའོ། །དེའི་གསང་བ་ནི་དེ་ཁོ་ན་ཉིད་དོ། །དེའི་གསུང་ནི་བཀའོ། །དག་པའི་དོན་
เล่ม ๔๑ · หน้า 66a
དང་ལྡན་པ་ཉིད་ཀྱི་ཕྱིར་དག་པའོ། །རྡོ་རྗེ་གསུང་ནི་གནོད་པར་བྱེད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་གསང་བ་གསུམ་ནི་སངས་རྒྱས་ཐམས་ཅད་དོ། །དེ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཏེ་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ནི་ཡི་གེ་སྟེ་ཐར་པའི་མཆོག་གོ། །
ཅིའི་ཕྱིར་ཡི་གེ་ཡིན་ཞེ་ན། གང་གི་ཕྱིར་དག་པ་ཉིད་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པའི་ཕྱིར་རོ། །ཅིའི་ཕྱིར་མི་འགྱུར་ཆེན་པོ་ཡིན་ཞེ་ན། གང་གི་ཕྱིར་སྔར་ཡང་དེ་ཟད་པའི་ཕྱིར་རོ། །རང་བཞིན་ཉིད་ཀྱིས་འོད་གསལ་བ་ནི་དྲི་མ་རྣམས་དེའི་རང་བཞིན་མ་ཡིན་པ་
ཉིད་ཀྱིས་དེར་གློ་བུར་བ་ཉིད་ཡིན་པའི་ཕྱིར་རོ། །ཅི་འདྲ་བར་ཞེ་ན་མཁའ་དབྱིངས་བཞིན་དུ་དྲི་མ་མེད་པ་སྟེ། གློ་བུར་བའི་མུན་པ་དང་སྤྲིན་ལ་སོགས་པ་དང་བྲལ་བ་བཞིན་དུའོ། །དེ་ཉིད་ནི་རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་ཡིན་པས་དེ་ལྟར་ན་ངོ་མཚར་ཞེས་བྱ་བའི་དོན་ཏོ། །འདི་ཙམ་གྱིས་ནི་སྐུ་རྡོ་རྗེ་ལ་
སོགས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་གསུངས་ཏེ། དེ་ཁོ་ན་ཉིད་གང་གིས་མཐོང་བ་ནི་དེ་དག་འགྲུབ་པར་འགྱུར་རོ། །དམ་ཚིག་གི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། གང་ཞིག་ལ་སྤྱོད་ན་ངེས་པར་འགྲུབ་པར་འགྱུར་བའོ། །དེས་ནི་སྐུ་རྡོ་རྗེ་ལ་སོགས་པ་དམ་ཚིག་ཚིགས་སུ་བཅད་པ་གསུམ་གྱིས་གསུངས་
པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་རྡོ་རྗེ་ལ་སོགས་པའི་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ལས་ཏེ། དེས་དེ་རྣམས་ངེས་པར་གྲུབ་པའི་ཕྱིར་རོ། །དེ་རྣམས་ནི་རྡོ་རྗེ་འཆང་བའི་བཀའ་འདི་ལས་འདའ་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕྱག་ན་རྡོ་རྗེ་དང་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པས་སོ། །ཇི་ལྟར་བཟའ་བར་བྱ་བའི་དམ་ཚིག་ཡིན་ཞེ་ན། ལུས་ལ་སོགས་པ་མི་གཙང་བའི་གཉེན་པོ་སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བའི་མེ་རྣམས་ལ། དེ་རྣམས་སྲེག་པའི་ཕྱིར་རོ། །དེ་ལ་ཤ་ནི་ལུས་ཀྱི་ཕྱོགས་གཅིག་ཡིན་པས་ན་སྐུའི་འོ། །བཤང་
གཅི་ནི་ནམ་མཁའ་དང་རླུང་གི་འབད་པ་ལས་བྱུང་བ་ཉིད་ཀྱིས་ན་ངག་དང་ཆོས་མཐུན་པའི་ཕྱིར་གསུང་གིའོ། །ཅིག་ཤོས་གཉིས་ནི་སེམས་ཀྱི་ཁྱད་པར་ལས་བྱུང་བ་ཉིད་ཀྱི་ཕྱིར་ཐུགས་ཀྱིའོ། །དམ་ཚིག་བཞི་ནི་ཞེས་བྱ་བ་ནི་བཅུ་དྲུག་པ་ལས་ཁྱོད་ཀྱིས་སྲོག་ཆགས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །
เล่ม ๔๑ · หน้า 66b
བསྲུང་བར་བྱ་ཞེས་བྱ་བ་ནི་གཞིག་པར་མི་བྱ་བའོ། །སངས་རྒྱས་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་སྦྱོར་བ་ལ་གནས་པའོ། །ཡེ་ཤེས་རྒྱ་མཚོ་ཡིས་ཞེས་བྱ་བ་ནི་རྒྱ་མཚོ་ལྟ་བུ་ཡིས་ཏེ། ཐམས་ཅད་རང་གི་སེམས་ཙམ་དུ་མཐོང་བས་ཞེས་བྱ་བའི་དོན་ཏོ། །དེའི་རྣལ་འབྱོར་པ་ཉིད་ཡིན་པའི་ཕྱིར་གསུང་གི་རྡོ་རྗེ་ཡང་དག་
ཡིན་ལ། གསུམ་པོ་དམིགས་སུ་མེད་པས་ཆོས་ཐམས་ཅད་ཡང་དག་པར་མཚོན་པའི་ཕྱིར་ཡི་གེ་ཆེན་པོ་ཡང་ཡིན་པ་དེ་ལྟར་ན། གསུང་གི་རྡོ་རྗེ་ཡི་གེ་ཆེའོ། །ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡང་དེ་དག་ཡིན་ལ་ཐམས་ཅད་ནམ་མཁར་བྱེད་པའི་ཕྱིར་རྫུ་འཕྲུལ་
ཆེན་པོ་ཡང་ཡིན་པ་དེ་ལྟར་ན། རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེས་སོ། །རྟག་པ་ནི་རྒྱུན་དུ་འདོད་པར་བྱ་བའོ། །བསྲུང་བར་བྱ་བ་ནི་མ་ཉམས་པར་རོ། །རྡོ་རྗེ་འཛིན་གྱིས་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣལ་འབྱོར་པ་ཐམས་ཅད་ཀྱིས་སོ། །འབྲས་བུ་ནི་འདིར་གང་ཞིག་ཅེས་བྱ་བ་ལ་སོགས་
པས་གསུངས་ཏེ། གང་ཞིག་སྟེ་སྲུང་བ་པོའི་སྐུ་གསུང་ཐུགས་སུ་གཏོགས་པ་སྟེ་སངས་རྒྱས་སུ་འགྱུར་རོ། །ཇི་ལྟ་བུ་ཞེ་ན་འོད་པོ་ཆེ་སྟེ་མཐུ་ཆེ་བའོ། །གང་ཞེ་ན་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །ཡང་ན་གོ་རིམས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འོད་པོ་ཆེ་དང་རྡོ་རྗེ་སེམས་དཔའ་
ནི་དེའི་སྐུ་ལ་སོགས་པར་གཏོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྡོ་རྗེ་དམ་ཚིག་གི་མཐུས་དམན་པའི་ཟས་ཀྱི་དངོས་གྲུབ་གསུངས་ནས། ཐེག་པ་དམན་པ་ལ་མོས་པ་རྣམས་ཀྱི་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། རང་སངས་རྒྱས་ཉིད་དོན་དུ་གཉེར་བ་ནི་སངས་རྒྱས་ཀྱི་དོན་ཞེས་གསུངས་སོ། །དེ་རྣམས་ཀྱི་དམ་ཚིག་ནི་བསྒྲུབ་པར་བྱ་བ་འདའ་བར་བྱ་བ་མ་ཡིན་པའི་ལས་སོ། །དེ་རྣམས་ཀྱི་བསྒྲུབ་པར་བྱ་བ་ཡང་གང་ཡིན་ཞེ་ན། སྔགས་དང་ཕྱག་རྒྱ་དང་དམ་ཚིག་གི་མཐུ་ལས་བྱུང་བའི་སྐུ་རྡོ་རྗེའོ། །རྡོ་རྗེ་སྐུ་ལ་རབ་
ཏུ་གནས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་རྣམ་པར་རིག་པ་ཙམ་ཉིད་དུ་མོས་པ་ལ་གནས་པར་བྱས་ནས་སོ། །ལུས་ཀྱིས་ཞེས་བྱ་བ་ནི་སྤྲོས་པ་ལས་སངས་རྒྱས་ཀྱི་སྐུ་སྤྲོས་པས་བྱས་པ་ཡིན་ནོ། །སྟོན་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་བྱེད་པས། སྐལ་བ་ཇི་
เล่ม ๔๑ · หน้า 67a
ལྟ་བ་བཞིན་དུ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་སྐྱེད་པར་བྱེད་པའི་ཕྱིར་རོ། །སེམས་ཅན་གཟུང་བ་ནི་མགུ་བར་བྱེད་པའོ། །ཚུལ་ཁྲིམས་ཏེ་ལུས་དང་ངག་དང་སེམས་ཀྱིས་ལེགས་པར་སྤྱོད་པའོ། །དེ་ཉིད་ཀྱིས་ནི་སྦྱོར་བ་འདི་ནི་བུད་མེད་ཀྱི་གཟུགས་ཀྱིས་སྦྱོར་
བ་མེད་པ་ཡིན་པར་ཤེས་པར་བྱའོ། །ཉན་ཐོས་ཞེས་བྱ་བ་ནི་ཉན་ཐོས་དོན་དུ་གཉེར་བ་རྣམས་སོ། །དེ་རྣམས་ཀྱི་བསླབ་པ་ཉིད་དམ་ཚིག་སྟེ། སྐུ་རྡོ་རྗེ་ལ་སོགས་པ་བསྒྲུབ་པར་བྱ་བ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པའི་ལས་སོ། །དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་
སོགས་པ་བདུན་ལས་ཇི་སྲིད་འཚོའི་བར་དུ་ལྡོག་ཅིང་ཡང་དག་པར་བླངས་པ་ནི་བདུན་ཡིན་ལ། གནོད་སེམས་དང་བརྣབ་སེམས་དང་ལོག་པར་ལྟ་བ་གསུམ་པོ་ཡང་སྤོང་བའོ། །བྱེད་པ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་མ་ཉམས་པར་བྱེད་པའོ། །ཡེ་ཤེས་སྤངས་པ་རྣམས་ཞེས་བྱ་བ་ནི་ཆོས་ལ་བདག་
མེད་པའི་ཡེ་ཤེས་སྤངས་པ་ཡིན་གྱི། གང་ཟག་ལ་བདག་མེད་པའི་ཡེ་ཤེས་ནི་ལེགས་པར་གནས་པ་ཉིད་ཡིན་ནོ། །འདི་དག་ལ་ནི་འབྲས་བུ་དམན་པ་སྟེ། རང་གི་སྡུག་བསྔལ་ཟད་པ་ཙམ་ལ་མོས་པ་དོན་དུ་གཉེར་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་རྣལ་འབྱོར་པ་
ཐམས་ཅད་དེ་ཇི་ལྟར་འདོད་པའི་བུད་མེད་སྤངས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་ཞི་བའི་རྣལ་འབྱོར་པའི་ཞི་བ་ཞེས་བྱ་བའི་དོན་ཏོ། །ལོག་པའི་ཐེག་པ་ལ་མོས་པ་རྣམས་ཀྱི་རྡོ་རྗེ་དམ་ཚིག་ནི་ཚངས་པའི་དམ་ཚིག་ཅེས་བྱ་བ་གསུངས་ཏེ། ཚངས་པ་ཉིད་དོན་དུ་གཉེར་བའི་བསྒྲུབ་པར་བྱ་བ་རྣམས་འདའ་བར་བྱ་
བ་མ་ཡིན་པའི་ལས་སོ། །གཏི་མུག་ལམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་ཨོཾ་ལས་བྱུང་བའི་ཚངས་པ་སེར་པོ་གདོང་བཞི་པ་རལ་པ་དང་ཅོད་པན་ཅན་ཕྱག་དྲུག་པ། ཕྱག་གཉིས་ཀྱིས་རང་སྣང་ལ་འཁྱུད་པ། ལྷ་མོ་ཞལ་གཅིག་པ་ཕྱག་གཉིས་པ་ལྷ་མོ་རྡོ་རྗེ་ཞི་བ་མོ་དང་སྙོམས་པར་འཇུག་པ་དང་ཕྱག་
ལྷག་མ་རྣམས་ཀྱིས་བགྲང་ཕྲེང་དང་དབྱུག་པ་དང་སྤྱི་བླུགས་དང་པདྨ་བསྣམས་པ། ངང་པའི་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་གནས་པའི་ཚངས་པར་བདག་ཉིད་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེས་བདག་ཉིད་བརྒྱན་པར་བྱའོ་ཞེས་བྱ་བའི་བསམ་པ་ནི་གཏི་མུག་
เล่ม ๔๑ · หน้า 67b
གི་ལམ་མོ། །དེས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ལས་གོང་རྣམས་བྱེད་པ་ནི་སྔགས་པའོ། །རང་བཞིན་ཅི་འདྲ་བ་ཞིག་ཅེ་ན། འཇིགས་ཤིང་མི་སྡུག་པ་སྟེ། ཡུན་རིང་པོའི་ངན་འགྲོས་འཇིགས་པས་ན་མི་སྡུག་པའོ། །ལས་དེ་ཡང་དགུ་པ་ལས་ཇི་སྐད་དུ། ནམ་མཁའ་ཁྱབ་པའི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱན་ཐམས་ཅད་ཨོཾ་གྱི་ཕྱོགས་ལ་དེས་བདག་ཉིད་བརྒྱན་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །སྐུའི་རྡོ་རྗེ་ཉིད་དུ་འགྱུར་བ་སྟེ། འདིས་ནི་ཞེས་བྱ་བ་ནི་ལྷག་མའོ། །དྲག་པོ་ཉིད་དོན་དུ་གཉེར་བའི་དམ་ཚིག་ནི་ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། འདོད་ཆགས་ལམ་གྱིས་ཞེས་བྱ་བ་ནི་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ལྷ་ཆེན་པོའི་ཡི་གེ་ཨ་ལས་བྱུང་བ་ཐལ་བའི་མདོག་ཅན་ཞལ་གཅིག་པ་སྤྱན་གསུམ་པ། ཟླ་བ་ཕྱེད་པ་དང་ལྡན་པའི་རལ་པ་དང་ཅོད་པན་ཅན། ཕྱག་དྲུག་པ་ཕྱག་གཉིས་ཀྱིས་འཁྱུད་པ་དཀར་
མོ་ཕྱག་གཉིས་པ་དང་སྙོམས་པར་འཇུག་པ། ཕྱག་ལྷག་མ་རྣམས་ཀྱིས་རྩེ་གསུམ་པ་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པ། སྟག་གི་པགས་པ་བསྣམས་པ་ཁྱུ་མཆོག་དཀར་པོའི་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་དབང་ཕྱུག་ཆེན་པོར་བདག་ཉིད་བསྒོམས་ལ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རིག་མ་ལ་ཉེ་བར་ལོངས་སྤྱོད་པའི་བསམ་པ་ནི་འདོད་ཆགས་ཀྱི་ལམ་མོ། །བུད་མེད་ཀུན་ཞེས་བྱ་བ་ནི་བུད་མེད་ཐམས་ཅད་དོ། །ཁམས་གསུམ་དག་ན་གནས་པའི་ཞེས་བྱ་བ་ནི་ནམ་མཁའ་ཁྱབ་པར་བྱེད་པའོ། །རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་
ཡང་དག་པར་ལྡན་པའོ། །སྣ་ཚོགས་དངོས་པོ་ཞེས་བྱ་བ་ནི་དགའ་བ་དང་མགུ་བ་དང་བདེ་བ་ལ་སོགས་པའི་རྣམ་པས་སོ། །སྤྱད་པ་ནི་ཞེས་བྱ་བ་ནི་ཡི་གེ་ཨས་དེ་རྣམས་ལས་ཕྲོགས་ནས་ལོངས་སྤྱོད་པའོ། །གསུང་གི་རྡོ་རྗེ་ཉིད་དུ་འགྱུར་བ་ནི་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །སེམས་ཅན་
ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་སྦྱོར་བས་ཞེས་བྱ་བ་ནི་སྔ་མའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་སྟེ། ཡི་གེ་ཧཱུྃ་ལས་བྱུང་བ་ཟར་མའི་མེ་ཏོག་ལྟ་བུ་རིན་པོ་ཆེའི་ཅོད་པན་ཅན། ཕྱག་དྲུག་པ་ཕྱག་གཉིས་ཀྱིས་འཁྱུད་པར་རྡོ་རྗེ་དགའ་བྱེད་ལྷ་མོ་སེར་མོ་དང་སྙོམས་པར་འཇུག་པ། ཕྱག་ལྷག་མ་རྣམས་ཀྱིས་འཁོར་
เล่ม ๔๑ · หน้า 68a
ལོ་དང་དབྱིག་པ་དང་ཁྲ་བོ་དང་དུང་དང་པདྨ་བསྣམས་པ། ན་བཟའ་སེར་པོ་བསྣམས་པ། ནམ་མཁའ་ལྡིང་གི་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྲོ་བོ་མིག་དམར་ཞིང་གདུག་པའི་ལྟ་བ་ཅན་གྱི་ཁྱབ་འཇུག་ཏུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཞེ་སྡང་གི་སྦྱོར་བའོ། །
སྦྱོར་བ་འདིས་སེམས་ཅན་ལས་བྱུང་བ་ཇི་སྙེད་པ་ནི་སེམས་དང་ལྡན་པ་རྣམས་སེམས་ཅན་ཞེས་བྱ་བའི་དོན་ཏོ། །དེ་ཐམས་ཅད་དབྱེར་མེད་སྐུ་གསུམ་ལ་གནས་པ་ནི། སྐུ་དང་གསུང་དང་ཐུགས་རོ་གཅིག་པ་དེ་ཁོ་ན་ཉིད་དང་དེ་བཞིན་ཉིད་ཅེས་བྱ་བ་ནམ་མཁའ་ལྟ་བུ་གང་ཡིན་པའི་ཚུལ་དེས་གནས་པའོ། །
དེ་ལྟར་ན་བསམ་གཏན་རྡོ་རྗེ་སྟེ། བསམ་གཏན་གྱི་བསམ་པ་བརྟན་པོ་འདིས་ཡི་གེ་ཧཱུཾ་བརྗོད་ཅིང་སེམས་ཅན་དེ་དག་ཐམས་ཅད་དང་པོ་ཉིད་དུ་ནམ་མཁའི་ངོས་ལ་བལྟ་ཞིང་གསད་པར་བྱ་སྟེ། དེ་ཁོ་ན་ཉིད་དེས་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མཁའ་དབྱིངས་བདག་ཉིད་ཀྱང་། །ཞེས་བྱ་བ་ནི་
རྡོ་རྗེ་འཆང་ཆེན་པོ་ཡང་སྟེ། གཞན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་། ལྷ་དང་ལྷ་མ་ཡིན་དང་མི་དང་། དུད་འགྲོ་དང་ཡི་དགས་དང་། དམྱལ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གཟུང་བ་དང་འཛིན་པར་དམིགས་པར་བསྡུས་པ་འདི་དག་ཐམས་ཅད་གསལ་བར་
བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཐུགས་ཀྱི་རྡོ་རྗེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །གལ་ཏེ་མུ་སྟེགས་པའི་སྦྱོར་བའི་སྐུ་རྡོ་རྗེ་ལ་སོགས་པ་ཉིད་ཇི་ལྟར་རྙེད་པར་འགྱུར་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ཚངས་པ་ལ་སོགས་པ་
དང་གཟུགས་མཐུན་པ་ནི་རྡོ་རྗེ་གསུམ་གྱི་དམ་ཚིག་སྟེ་སྐུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཡིན་གྱི་འདི་ནི་ཚངས་པ་ལ་སོགས་པའི་གཟུགས་ཉིད་ནི་མ་ཡིན་ཏེ། མཚན་ཉིད་མི་མཐུན་པའི་ཕྱིར་རོ། །འདིའི་དོན་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་ལ་ཡང་དེ་སྐད་ཅེས་བྱའོ། །ཚངས་པ་ལ་
སོགས་པ་དང་མཐུན་པ་འདི་གང་ཡིན་པ་དེ་ནི་སྐུ་རྡོ་རྗེ་ལ་སོགས་པ་ཉིད་ཡིན་ཏེ། འགྲོ་བ་འདུལ་བའི་དབང་དུ་མཛད་པའི་ཕྱིར་རོ་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ཏོ། །གནོད་སྦྱིན་མོ་ལ་སོགས་པ་སྒྲུབ་པ་ལ་ནི་དེ་རྣམས་ཀྱི་རྡོ་རྗེ་དམ་ཚིག་དང་བཅས་པའི་ཚིགས་སུ་བཅད་པ་ལྔས་གསུངས་པ་ཡིན་ཏེ། བུད་
เล่ม ๔๑ · หน้า 68b
མེད་ནི་གནོད་སྦྱིན་མོ་རྣམས་སོ། །འདི་རྣམས་ཀྱིས་ཞེས་བྱ་བ་ནི་ཁྲག་དང་ཤ་དང་འདོད་པ་རྣམས་ཀྱིས་ཏེ། ཅི་རིགས་པར་བསྒོམས་པ་དང་དེ་དག་རང་ཉིད་ཀྱིས་ཕྱི་རོལ་བསྟེན་པ་རྣམས་ཀྱིས་སོ། །དཀའ་བ་ནི་འདའ་བར་དཀའ་བའོ། །ཕྲ་མ་དང་ལྡན་པའི་ཕྱིར་ཕྲ་མ་ཅན་ནོ། །དེ་དག་ཅེས་བྱ་བ་ནི་དེ་ཀླུའི་
རྒྱལ་པོའོ། །འདིས་ནི་ཞེས་བྱ་བ་ནི་ཕྲ་མ་ལ་སོགས་པ་རྣམས་ཀྱིས་དེ་སྔ་མ་བཞིན་ནོ། །རྡོ་རྗེ་ས་འོག་ཅེས་བྱ་བ་ནི་ས་འོག་གི་བུ་མོ་བསྒྲུབ་པའོ། །ཐོད་པ་དང་འབྲུ་མར་ནི་མི་བྱའོ། །ཞག་ནི་གླང་པོ་དང་རྟ་ལ་སོགས་པའིའོ། །འབྱུང་པོ་ཀུན་གྱིས་ཞེས་བྱ་བ་ནི་འབྱུང་པོ་དང་ཡི་དགས་ལ་སོགས་པའི་
ཡང་ངོ་། །དག་བྱེད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་མོས་པའི་ཡི་གེ་གསུམ་གྱིས་དག་པར་བྱས་པའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་མ་ནི་གཽ་རཱི་དང་རྩཽ་རཱི་ལ་སོགས་པ་ཞེས་བྱའོ། །ཆང་ནི་འབྲུའི་ཆང་དང་སྦྱར་བའི་ཆང་ངོ་། །སྦྱོར་བ་ཡིས་ཞེས་བྱ་བ་ནི་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལ་
སོགས་པ་གྲགས་པའི་སྐུ་མདོག་དང་། མཚན་མ་དང་། སྔགས་ལ་སོགས་པ་དང་། དབུ་གསུམ་དང་ཕྱག་དྲུག་ལ་སོགས་པའི་ཏིང་ངེ་འཛིན་གྱིས་སོ། །གསད་བྱ་ཞེས་བྱ་བ་ནི་བསྒོམས་པའི་སེམས་ཅན་ཐམས་ཅད་དོ། །གནས་ཀྱི་མཚན་ཉིད་ཀྱིས་ཞེས་བྱ་བ་ནི་སྔགས་དང་མཚན་མ་རྣམས་ཀྱིས་
སོ། །ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་མངོན་སུམ་ཉིད་དུའོ། །ཀུན་འབྱུང་བ་ཞེས་བྱ་བ་ནི་མི་ལ་སོགས་པའི་ཁྱད་པར་གྱིས་འབྱུང་བའོ། །རྣམ་པར་སྤྱོད་ཅེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་མཐུ་ཡིས་སོ། །དམ་ཚིག་མ་ལུས་པ་ཞེས་བྱ་བ་ནི་དེ་རྣམས་ཉིད་ཡོངས་སུ་བརྙེས་པར་བྱེད་པའོ། །དངོས་གྲུབ་
ཀུན་ཉིད་ལ་ཕན་འདོད་པ་ནི་གཉེན་ཏེ་དེའི་དོན་དུའོ། །ཚངས་པ་ལ་སོགས་པ་ནི་འཇིག་རྟེན་པ་ཉིད་ཡིན་པའི་ཕྱིར་ཁམས་གསུམ་པ་ཡང་ཡིན་ལ། སྐུ་རྡོ་རྗེ་ལ་སོགས་པ་ནི་འཇིག་རྟེན་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་ཞིང་ཐམས་ཅད་ཀྱང་དེ་དག་ཉིད་ལ་དེ་དག་ཀྱང་ཡིན་པས་ནའོ། །དེ་རྣམས་
ཀྱི་རྗེས་སུ་འབྲང་བ་ནི་རྡོ་རྗེ་འཆང་བ་ཆེན་པོའི་ནང་དུ་ཆུད་པ་སྟེ། རྡོ་རྗེའི་སྔགས་ལས་སྐྱེས་པ་ཡིན་པའི་ཕྱིར་དང་། མི་བསྐྱོད་པ་ལ་སོགས་པས་རྒྱས་བཏབ་པ་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ལུས་ཀྱི་དངོས་གྲུབ་ཀྱི་ཕྱིར་དམ་ཚིག་གི་རྡོ་རྗེ་ནི་ལུས་ཀྱི་ལས་
เล่ม ๔๑ · หน้า 69a
ཐམས་ཅད་རོ་གཅིག་པའོ། །དེ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་ལ་ཡང་དེ་སྐད་ཅེས་བྱའོ། །ལུས་ཀྱི་ཐམས་ཅད་ནི་ལུས་ཀྱི་ལས་ཐམས་ཅད་དོ། །རྣམ་གསུམ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །དེ་ནི་རྟག་པར་རྡོ་རྗེ་ལས་ནི་འབྱུང་བར་བྱ་
སྟེ། སྐད་ཅིག་དེ་ལས་སྤྲོས་པའི་ཚུལ་དུ་གང་ལས་སྐུ་རྡོ་རྗེ་ཀུན་འབྱུང་བ་དེ་བཞིན་དུ་བྱའོ། །སྤྲོ་བ་དེ་དག་གཅིག་ཏུ་བྱས་པའི་ཕྱིར་སེམས་ཅན་ཐམས་ཅད་སངས་རྒྱས་སྐུར་བྱེད་པ་ནི་བྱ་བ་སྟེ། སྐུ་རྡོ་རྗེའི་སྦྱོར་བ་ལ་གནས་ནས་ཞེས་བྱ་བ་ནི་ལྷག་མའོ། །གནས་ནི་ཐབས་སུ་བྱ་བའོ། །མ་ལུས་པ་
ནི་ངག་གི་ལས་སོ། །ཇི་ལྟ་བུ་ཞེ་ན། ཁམས་གསུམ་དྲི་མེད་དཀྱིལ་འཁོར་ཏེ། སྤྲོས་པའི་ངག་རྡོ་རྗེ་དང་གཅིག་ཏུ་བྱས་པའི་ཕྱིར་དྲི་མེད་དོ། །དཀྱིལ་འཁོར་ནི་འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་རོ། །འདི་ལས་ཞེས་བྱ་བ་ནི་དབང་དུ་བྱས་པའི་ཕྱིར་རོ། །ཚིག་གི་དངོས་གྲུབ་ཀྱི་གནས་ཀྱང་དེ་ཡིན་ལ།
ཡིད་འོང་བ་ཡང་ཡིན་པས་ནའོ། །འདིར་ཡང་གསུང་གི་རྡོ་རྗེའི་སྦྱོར་བ་ལ་གནས་ནས་ཞེས་བྱ་བ་ནི་ལྷག་མའོ། །ཡིད་དེ་སེམས་ཀྱི་རྡོ་རྗེའི་རང་བཞིན་ཀུན་བསྒོམ་པར་བྱའོ། །རྡོ་རྗེ་བརྟན་པ་ནི་ཐུགས་རྡོ་རྗེ་སྟེ། དེ་རྣམས་ཀྱི་འཛིན་པ་ནི་སྤྲོ་ཞིང་གཅིག་ཏུ་བྱེད་པའི་ཚུལ་གྱིས་འབྱིན་པ་ཡིན་པ་དེ་ལྟར་ན་རྡོ་རྗེ་བརྟན་
པ་འཛིན་པ་ཡིས་སོ། །རྡོ་རྗེ་གསུམ་མི་ཕྱེད་འཁོར་ལོ་ནི་ཐུགས་རྡོ་རྗེ་ཡིན་ལ། དེ་དང་ལྡན་པ་སྟེ་དེའི་རྣལ་འབྱོར་པ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གང་ལས་ལས་ཐམས་ཅད་དགེ་བ་ནི་ཀུན་དུ་མཛེས་དགའོ་དེ་སྟོན་པར་མཛད་པ་ལ་དེ་སྐད་ཅེས་བྱའོ། །འདིར་རྣལ་འབྱོར་པ་ཐམས་ཅད་ནི་རྡོ་རྗེ་འཆང་བའི་རྣལ་
འབྱོར་པ་ཡིན་པས། གལ་ཏེ་དེ་སངས་རྒྱས་ལ་སོགས་པ་ལ་ཕྱག་མ་བྱས་ན་སྨད་པ་ཉིད་དུ་འགྱུར་བ་དང་ཚོགས་གཉིས་ཀྱང་མྱུར་དུ་རྫོགས་པར་མི་འགྱུར་རོ། །ཡང་ན་ཕྱག་བྱེད་པ་དེའི་ཚེ་རྡོ་རྗེ་འཆང་བའི་ང་རྒྱལ་འདོར་བར་འགྱུར་བ་དེ་བས་ན་འདིས་ཐབས་གང་གིས་ཕྱག་བྱ་ཞེ་ན། དེའི་ཕྱིར་དེ་ནས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཐམས་ཅད་ནི་སངས་རྒྱས་ལ་སོགས་པ་ལ་ཕྱག་འཚལ་བར་བྱའོ། །སྔགས་ནི་ལྷའི་རྣལ་འབྱོར་པ་ཕྱག་བྱེད་པའོ། །དེ་རྣམས་ཀྱི་རྡོ་རྗེ་ནི་དམིགས་སུ་མེད་པའོ། །དེ་ཉིད་ནི་སྙིང་པོ་སྟེ་ཁྱད་པར་འཕགས་པའི་དམ་ཚིག་གོ། །དེ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་ལ་དེ་
เล่ม ๔๑ · หน้า 69b
སྐད་ཅེས་བྱའོ། །ཕྱག་འཚལ་ན་ནི་ཞེས་བྱ་བ་ནི་ཕྱག་འཚལ་བ་ནའོ། །མ་རུང་ཞེས་བྱ་བ་ནི་མི་སྣང་བ་སྟེ་དེ་རྣམས་དང་བདག་ཉིད་དང་ཕྱག་བྱེད་པ་མི་དམིགས་པ་སྟོང་པ་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །རང་གི་ལྷ་ལ་ཇི་ལྟར་ཕྱག་བྱ་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕྱག་བྱ་བའི་རང་གི་ལྷ་སྟེ། དེའི་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཀྱི་བསམ་གཏན་ནི་རང་གི་ལུས་དང་ངག་དང་ཡིད་དག་ལའོ། །དེ་ཉིད་ནི་དམ་ཚིག་གོ། །རྡོ་རྗེ་སེམས་དཔའ་ནི་རང་གི་ལྷ་ཉིད་དེ་དེའི་བསམ་གཏན་ནོ། །རྡོ་རྗེ་གསུམ་སྦྱོར་བས་
ཞེས་བྱ་བ་ནི་དེའི་སྐུ་དང་གསུང་དང་ཐུགས་རྣམས་གཅིག་ཏུ་གྱུར་པའི་ཕྱིར་རོ། །གང་དུ་ཞེ་ན། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་སྟེ། རང་ཉིད་ཀྱི་ཐམས་ཅད་ལའོ། །སྔགས་ཟློས་པས་ནི་རང་གི་ལྷའི་རྣལ་འབྱོར་རོ། །བླ་མ་དང་སློབ་དཔོན་དང་རྒན་རབས་ལ་སོགས་པ་ལ་ཇི་ལྟར་ཕྱག་བྱ་
ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་དང་རྡོ་རྗེ་བསྒྲུབ་པའི་བླ་མ་དང་རྒན་རབས་ལ་སོགས་པ་ལ་རང་གི་ལྷ་ཉིད་ཀྱི་རྣམ་པར་བསྒོམ་པའོ། །དེའི་དམ་ཚིག་སྟེ། དེའི་སྐུ་དང་གསུང་དང་ཐུགས་དང་རང་གི་ལུས་དང་ངག་དང་ཡིད་གཅིག་ཏུ་བྱེད་པའོ། །དེ་ཉིད་ནི་སྡོམ་པ་སྟེ།
ཕྱག་བྱ་བའི་དུས་སུ་ངེས་པར་བྱ་བའི་ཆོ་གའོ། །སེམས་ཅན་ཁམས་རྣམས་ནི་ཞེས་བྱ་བ་ནི་བླ་མ་དང་རྒན་རབས་ལ་སོགས་པའོ། །བསམ་གཏན་རྡོ་རྗེས་བསྐུལ་བར་བྱ་ཞེས་བྱ་བ་ནི་བསམ་གཏན་ལས་བྱུང་བའི་རང་གི་ལྷའི་རྣམ་པར་སྦྱོར་བར་བྱ་བའོ། །རྡོ་རྗེ་གསུམ་ཕྱག་འཚལ་མཆོག །
ཅེས་བྱ་བ་ནི་རང་གི་ལུས་དང་ངག་དང་ཡིད་ཀྱིས་གོང་ནས་གོང་དུ་ཕྱག་འཚལ་བའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་ལས་བྱུང་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་འབྱུང་བ་སྟེ། རོ་གཅིག་པར་གྱུར་པའོ། །གང་དུ་ཞེ་ན། སྐབས་ཉིད་ཡིན་པའི་ཕྱིར་རང་གི་ལུས་དང་ངག་དང་ཡིད་
ལའོ། །དེ་དག་གིས་ཀྱང་འདའ་བར་བྱ་བ་ཉིད་མ་ཡིན་པས་ན་དམ་ཚིག་གོ། །དེ་དེ་ལྟར་ན་ཕྱག་བྱ་བ་ནི་རྣམ་པ་གཉིས་ཏེ། འཁོར་གསུམ་མི་དམིགས་པའམ་རྡོ་རྗེ་འབྱུང་བས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དངོས་གྲུབ་ཀྱི་མཆོག་ལ་ཐབས་བཞི་ནི་བསྙེན་པ་ལ་སོགས་པ་ཡིན་ནོ། །
เล่ม ๔๑ · หน้า 70a
དེ་རྣམས་ཀྱི་དམ་ཚིག་ནི་དུས་སོ། །དེའི་ཚེ་སྡོམ་པ་ནི་ངེས་པར་བྱ་བའི་ཆོ་གའོ། །གཉིས་པོ་ནི་རབ་ཏུ་གྲགས་པ་ཉིད་ཡིན་ནོ། །རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །ཡེ་ཤེས་ཀྱི་ཉི་མར་བྱས་པ་དེ་དག་གིས་རེ་རེས་ཡོངས་སུ་གང་བ་དབུལ་ཞེས་བྱ་བ་ནི་ལྷ་བཤོས་ཀྱི་བསམ་པས་སོ། །
རྡོ་རྗེ་ཐམས་ཅད་མི་སྣང་བར་མོས་པ་ནི་དངོས་གྲུབ་ཕྲ་མོའི་ཉེ་བར་མཚོན་པ་ཡིན་ནོ། །དེ་ནས་མཆོད་རྫས་ཞེས་བྱ་བ་ནི་དེའི་དུས་སུ་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །རྡོ་རྗེ་ནི་ཐབས་ཏེ་དེ་རྫོགས་པར་བྱེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ནི་མི་བསྐྱོད་པའོ། །དེའི་རྡོ་རྗེ་རིགས་
འཛིན་རྣམས་ཀྱི་དམ་ཚིག་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཞེས་བྱ་བ་ནི་བདག་ཉིད་ཀྱིའོ། །བསམ་གཏན་ཞེས་བྱ་བ་ནི་མི་བསྐྱོད་པ་ཁྲོས་པའི་འོ། །རྡོ་རྗེ་གསུམ་གྱི་དམ་ཚིག་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་རིགས་འཛིན་རྣམས་ཀྱིས་སོ། །སྔགས་འཆང་བ་ནི་སྔགས་པའོ། །ལས་དང་
པོ་པ་ནི་མ་གྲུབ་པ་སྟེ། དེ་རྣམས་ཀྱི་དམ་ཚིག་གོ། །སྐུའི་རྡོ་རྗེ་ཞེས་བྱ་བ་ནི་ལྷག་མ་སྟེ་ཞེས་བྱ་བ་དང་སྦྱར་བར་བྱའོ། །ཕྱི་རོལ་ཞེས་བྱ་བ་ནི་ཕྱི་རོལ་དུ་འགྲོ་བ་ལའོ། །རྡོ་རྗེ་འཛིན་པ་ནི་ཐུགས་རྡོ་རྗེ་ལའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་གསུང་གི་རྡོ་རྗེའི་སྦྱོར་བའོ། །མདོ་གདོན་ཆོ་གའི་བྱ་བ་ལ། །ཞེས་བྱ་
བ་ནི་ཀློག་པའོ། །དེ་ལ་ཞེས་བྱ་བ་འདི་ནི་འདིར་ཐུགས་རྡོ་རྗེའི་སྦྱོར་བ་ནི་སེམས་ཀྱི་དྲི་མ་བསལ་བར་བྱ་བའི་ཕྱིར་རོ། །བདེ་བར་གཤེགས་པའི་སྐུ་དང་གསུང་གི་སྦྱོར་བ་ལྷག་མ་བདག་ཉིད་ཀྱི་ལུས་དང་བློ་རྒྱས་པར་བྱ་བའི་ཕྱིར་རོ། །ཡང་ན་ཕྱི་རོལ་དུ་འགྲོ་བ་ནི་འཆག་པ་སྟེ། དེ་ལྟར་ན་སྦྱོར་བ་གསུམ་པོ་འདི་
དག་གོ་རིམས་བཞིན་དུ་ཕྱིའི་དོན་ལ་དམིགས་པ་དང་སྣ་ཚོགས་སུ་སྣང་བ་ལ་དམིགས་པ་དང་བརྗོད་བྱ་དང་རྗོད་པ་ལ་དམིགས་པའི་གཉེན་པོར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྐུའི་ལས་ལ་སོགས་པ་ནས་མདོ་གདོན་པའི་བར་གྱི་སྦྱོར་བའོ། །སྦྱོར་བ་དེ་ཉིད་ནི་ངོ་བོ་ཉིད་དག་
པ་ཡང་ཡིན་ལ་རྡོ་རྗེ་འཆང་བའི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་པས་ནའོ། །དེ་སྟོན་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །འདི་མན་ཆད་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་བསྟན་ཏོ། །སྦྱོར་བ་དེ་ཡང་ཡན་ལག་བཞི་ཅན་ཡིན་ནོ། །ཡན་ལག་བཞི་ནི་སྙིང་པོ་མཉམ་པ་ཉིད་
เล่ม ๔๑ · หน้า 70b
ཀྱི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཆེ་བའི་བདག་ཉིད་ཀྱི་ཡེ་ཤེས་དང་སྙིང་པོ་ཆེ་བའི་བདག་ཉིད་ཀྱི་ཡེ་ཤེས་དང་། རིག་པའི་སྐྱེས་བུ་བསྒོམ་པའོ། །དེ་ལ་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་ནི་སྙིང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མདོ་ཡིན་ནོ། །དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
རྡོ་རྗེ་འཛིན་པ་ཐམས་ཅད་ནི་རིག་པའི་སྐྱེས་བུ་ཐམས་ཅད་དོ། །དེ་རྣམས་ཀྱི་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དང་སྙིང་པོ་མཉམ་པ་ཉིད་རྡོ་རྗེ་ཞེས་བྱ་བ་ནི་དྲུག་པའི་བསྡུ་བའོ། །རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང་སྙིང་པོ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །རང་གི་སྐུ་དང་གསུང་དང་ཐུགས་ཉིད་ནི་སྐུ་ལ་
སོགས་པ་དམིགས་སུ་མེད་པའི་རྡོ་རྗེ་ཡིན་ཏེ། རང་གི་སེམས་ཙམ་ཉིད་ཀྱིས་ཇི་ལྟར་སྣང་བ་བཞིན་དུ་མེད་པར་སྣང་བའི་ཕྱིར་རོ། །སྙིང་པོ་ནི་སྒྲིབ་པ་མེད་པས་དག་པའི་ནམ་མཁའི་ཁམས་སོ། །དེ་དག་མཉམ་པ་ཉིད་ནི་ཁྱད་པར་མེད་པ་ཉིད་དེ། གཉི་ག་ཡང་ཡང་དག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་རོ། །
དེའི་ཡེ་ཤེས་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་བརྟན་པ་ཉིད་ཀྱིས་ན་རྡོ་རྗེའོ། །དེ་ལྟར་མ་ཡིན་པར་དགོངས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་ནས་སོ། །ཅང་མི་གསུང་བར་གྱུར་པ་ནི་དེ་ཉིད་ལ་མཉམ་པར་འཇོག་པའི་ཕྱིར་རོ། །ཕྱག་འཚལ་བ་ནི་ཅང་མི་གསུང་བས་བསྟན་པའི་དེ་ཁོ་ན་ཉིད་
ཆེན་པོ་ལ་ཐོས་པར་འདོད་པའི་ཕྱིར་རོ། །བཞུགས་པ་ནི་བཏང་སྙོམས་སུ་མཛད་ཅིང་དུས་འདའ་བར་མཛད་པའོ། །རྟག་པ་ཉིད་ཡིན་པའི་ཕྱིར་ཡི་གེ་ཡང་དེ་ཡིན་ལ་ཐོབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཚིག་ཀྱང་ཡིན་ཏེ། རྡོ་རྗེ་འཆང་དག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དམིགས་སུ་མེད་པ་ནི་རང་གི་སེམས་ཙམ་ཉིད་
ཀྱིས་ཇི་ལྟར་སྣང་བ་བཞིན་དུ་མེད་པ་ཉིད་དུ་སྣང་བའོ། །དེ་ཉིད་ནི་ངོ་བོ་ཉིད་དེ་སྣང་བ་འདི་ལ་ཡོད་པས་ནའོ། །དེ་ཡང་དེ་ཡིན་ལ་ཡི་གེའི་ཚིག་ཀྱང་ཡིན་པས་ནའོ། །དེ་ལ་ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་དཔྱད་ནས་ཏེ། ངོ་བོ་ཉིད་མེད་པ་ནི་སྒྲིབ་པ་མེད་པས་དག་པ་ནམ་མཁའི་དབྱིངས་ཀྱི་ཡེ་ཤེས་ཏེ། སྣང་བ་
མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཡི་གེའི་ཚིག་ཡིན་ཏེ། བརྟན་པ་ཉིད་ཀྱི་ཕྱིར་དང་ཐོབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་འདི་ཡིན་པ་ཅིའི་ཕྱིར་ཞེ་ན། དོན་དམ་པའི་ཡེ་ཤེས་ཉིད་དུ་དེ་མཉམ་པ་ཉིད་ཀྱི་ཕྱིར་རོ། །སྙིང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་མའི་མཚན་ཉིད་ནི་བཞི་
เล่ม ๔๑ · หน้า 71a
སྟེ། མ་སྐྱེས་པའི་མཚན་ཉིད་དང་མ་ཐོབ་པའི་མཚན་ཉིད་དང་ཐོབ་པར་མི་དམིགས་པའི་མཚན་ཉིད་དང་སེམས་ཅན་ཐམས་ཅད་དང་ཐུན་མོང་པའི་མཚན་ཉིད་དོ། །དེ་དག་ཉིད་བསྟན་པར་བྱ་བའི་ཕྱིར་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་སྐྱེས་པ་ཞེས་བྱ་བ་
ནི་ཇི་ལྟར་སྣང་བ་བཞིན་དུ་མ་སྐྱེས་པ་སྟེ། གཅིག་དང་དུ་མ་ཉིད་དང་བྲལ་བས་ཇི་ལྟར་སྣང་བ་བཞིན་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །སྒྲིབ་པ་མེད་པར་དག་པ་ནམ་མཁའི་དབྱིངས་ཀྱི་དོན་ནི་ནམ་མཁའི་རྡོ་རྗེའོ། །དེ་ལ་རྟོག་པ་ལས་བྱུང་བ་ནི་དེ་ཡོངས་སུ་གཅོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ལོག་པར་གཟུང་
བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ་དེ་ནི་དོན་དམ་པའི་ཡུལ་ཉིད་དུ་ཡང་དག་པར་འཛིན་པས་ན་གཟུང་བ་སྟེ། དེ་ཉིད་ཀྱིས་ན་དག་པའོ། །མེད་པའི་རྣམ་པར་སྣང་བ་ཉིད་ཀྱིས་འཁྲུལ་པ་ཉིད་ཀྱི་ཕྱིར་ལོག་པ་སྟེ། དེ་ཉིད་ཀྱིས་ན་འཇིག་རྟེན་པའོ། །དེས་འདི་ལ་ཟིན་པ་ཡོད་པས་ན་དེ་སྐད་ཅེས་བྱའོ། །
གལ་ཏེ་ལོག་པར་གཟུང་བ་ཡིན་ན་ཇི་ལྟར་དཔལ་རྡོ་རྗེ་རྩེ་མོ་ལས་དཀྱིལ་འཁོར་གྱི་བདག་པོ་ངོ་བོ་ཉིད་ཀྱི་སྐུར་གསུངས་ཤེ་ན། དེར་དོན་ནི་ངོ་བོ་ཉིད་ཀྱི་ཕྱག་རྒྱ་ཡིན་ནོ་ཞེས་བྱ་བ་ཡིན་གྱི་རང་ཉིད་ངོ་བོ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་སྐད་གསུངས་པ་ན་ཚངས་པ་ལ་སོགས་པའི་ལོག་པའི་རྣམ་
པར་རྟོག་པ་སྐྱེས་པ་དེ་བསལ་བར་བྱ་བའི་ཕྱིར་འཇམ་དཔལ་ལ་སོགས་པས་གསོལ་བ་ནི་རྡོ་རྗེ་འཆང་བའི་སྐུ་རྡོ་རྗེ་ལ་སོགས་པས་སྟོན་པའི་གསུང་དེ་ཉིད་རྡོ་རྗེའི་ཚིག་ཉིད་ཡིན་ཏེ། མི་སླུ་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་ལ་བྱང་ཆུབ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཚིག་ཡིན་ནོ། །སླུ་བ་ཉིད་ཀྱིས་བསྐྱེད་
པ་ནི་ཕྱིན་ཅི་ལོག་ཀུན་འབྱུང་བ་དེས་མི་རྟག་ཏུ་གསོལ་བ་ནི་མི་འགྲུབ་པར་གསོལ་བའོ། །དེ་ཞེས་བྱ་བ་ནི་གསུང་རྡོ་རྗེའི་ཚིག་ཉིད་དོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དབྱིངས་ནི་སྒྲིབ་པ་མེད་པའི་ནམ་མཁའི་དབྱིངས་སོ། །དེའི་ངོ་བོ་ཉིད་ནི་རང་བཞིན་ནོ། །དེའི་སྤྱོད་
པ་ནི་དོན་དམ་པའི་ཡེ་ཤེས་དང་བདག་དང་གཞན་གྱི་བྱ་བའོ། །དེར་འགྲོ་ཞིང་རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཀྱིས་འཇུག་པ་ནི་འགྲོ་བ་ཡིན་ལ་དེའི་རྒྱུ་མཐུན་པའི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་འཇུག་པ་ནི་རྗེས་སུ་འགྲོ་བ་ཡིན་ཏེ། དེ་གཉི་ག་ནི་འགྲོ་བ་དང་རྗེས་སུ་འགྲོ་བ་ཞེས་གསུངས་སོ། །དེ་
เล่ม ๔๑ · หน้า 71b
དེ་ལྟ་བུར་འགྱུར་བའི་གསུང་རྡོ་རྗེའི་ཚིག་ཉིད་ནི་ཕྱིན་ཅི་ལོག་ཀུན་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཀུན་འབྱུང་བར་རྟོག་པ་སྟེ། ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་རྡོ་རྗེ་འཆང་བའི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་ནི་
སྔར་བཤད་པའི་དམིགས་སུ་མེད་པའི་ངོ་བོ་ཉིད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པ་མི་ཤེས་པ་སྟེ། བཅོམ་ལྡན་འདས་ཀྱིས་སྐུ་རྡོ་རྗེ་ལ་སོགས་པ་ཡོད་པ་ཉིད་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་ཤེས་ནས་སོ། །རྡོ་རྗེ་
ཉིད་ཆོས་ཡིན་ལ་དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཡིན་པ་ཉིད་དོ། །གསང་བའི་ཡི་གེ་རྣམས་ནི་ཡོད་པ་ཉིད་དུ་འཆད་པར་མཛད་དམ་སྙམ་པའོ། །དེ་ལྟར་ཚངས་པ་ལ་སོགས་པ་མི་བདེན་པའི་རྣམ་པར་རྟོག་པ་འཇམ་དཔལ་ལ་སོགས་པས་བསལ་བ་ཡིན་ནོ། །དང་པོའི་མཚན་ཉིད་བསྟན་ནས་གཉིས་
པ་དང་གསུམ་པའི་དབང་དུ་མཛད་དེ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔས་མི་ཤེས་སོ་ཞེས་བྱ་བའི་སྐབས་ཡིན་པ་དེའི་ཕྱིར། བཀའ་སྩལ་པ་ནི་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ལྟ་ཅི་སྨོས་ཏེ། ངེད་ཀྱིས་ཀྱང་མི་ཤེས་ཤིང་མི་དམིགས་སོ། །ཅི་ཞིག་ཅེ་ན་སྐུ་
དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་བྱང་ཆུབ་ཐོབ་པ་སྟེ། སྐུ་ལ་སོགས་པ་དམིགས་སུ་མེད་པ་ཡིན་ན་དེ་ཐོབ་པ་ཡང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཅི་ཞིག་ཐོབ་ནས་ཤེ་ན། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་སྟེ། ཇི་ལྟ་བ་བཞིན་དུ་སྣང་བ་མ་ཡིན་པ་དེ་ཁོ་ན་ཉིད་དོ། །
དེ་ཉིད་ནི་ཡི་གེའི་གནས་ཏེ། དེའི་ཡོད་པ་ནི་ཡོད་པ་ཉིད་ལས་རྟག་ཏུ་མི་འགྱུར་བའི་ཕྱིར་རོ། །ཇི་ལྟར་སྣང་བའི་སྐུ་ལ་སོགས་པའི་རྡོ་རྗེ་ནི་འགྱུར་བ་ཉིད་ཡིན་ཏེ། དེའི་འོག་ཏུ་མེད་པ་ན་ཡོད་པ་ཉིད་ལས་རྟག་ཏུ་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་གནས་པ་མ་ཡིན་ཏེ། མེད་པ་ནི་ཐོབ་པར་མི་ནུས་
པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་འདི་ནི་མ་ཐོབ་པའི་མཚན་ཉིད་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་རང་གི་སྐུ་ལ་སོགས་པར་སྣང་བའི་ཡེ་ཤེས་ནི་སྐྱེ་བ་ཡང་ཡིན་ལ། སྐུ་ལ་སོགས་པ་རྙེད་པ་ཡང་མི་དམིགས་པ་ཡིན་ནོ་ཞེས་བྱ་བ་དེ་གཉི་གའི་རྒྱུ་གང་ལས་ཡིན་གང་ལས་ཀྱང་མ་ཡིན་ཏེ།
เล่ม ๔๑ · หน้า 72a
འགལ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསམས་པས་སོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་ལན་ཡིན་ཏེ། ངོ་བོ་ཉིད་མེད་པར་མི་འགྱུར་བའི་གནས་ནི་སྒྲིབ་པ་མེད་པ་དག་པའི་ནམ་མཁའི་དབྱིངས་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཆོས་ཀྱི་སྐུའོ། །དེ་ལས་བྱུང་བ་ནི་མཉམ་པ་
ཉིད་དུ་སྐྱེས་པ་སྟེ། དེའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །སྐུ་ལ་སོགས་པའི་མི་དམིགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པ་སྐྱེ་བ་མེད་པར་མཐོང་བ་ནི་སྐྱེ་བ་མེད་པའི་རྡོ་རྗེའོ། །དེ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་ནི་ཐོབ་པའོ། །དགོངས་པ་ནི་འདི་ལྟར་འཇིག་རྟེན་ན་ཇི་
ལྟར་མཐོང་བའི་ནུས་པས་ཇི་ལྟར་མཐོང་བའི་དོན་ལ་ངེས་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱང་ངོ་བོ་ཉིད་མེད་པའི་མི་འགྱུར་བ་ཡང་དག་པར་གཟིགས་པས་སྐུ་ལ་སོགས་པའི་སྣང་བ་མེད་པ་ཉིད་དུ་གཟིགས་པ་ཉིད་ནི་དེའི་སྟོབས་ཀྱིས་དག་པ་འཇིག་རྟེན་པའི་སྐུ་རྡོ་རྗེ་ལ་སོགས་པའི་རང་
བཞིན་གྱིས་ངེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །སྐུ་ལ་སོགས་པ་མེད་པ་ཉིད་དུ་དམིགས་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་མི་དམིགས་པ་ཡིན་ནོ། །དེ་ཉིད་ནི་ཐོབ་པ་མི་དམིགས་པ་ཉིད་ཡིན་པ་དེ་ལྟར་ན་ཐོབ་པ་ནི་མི་དམིགས་པའི་མཚན་ཉིད་ཡིན་ནོ། །མཚན་ཉིད་བཞི་པ་བསྟན་
པའི་ཕྱིར་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ནི་ངོ་བོ་ཉིད་མེད་པ་མི་འགྱུར་བའི་གནས་ཏེ་དེ་ལ་གནས་པའོ། །འདི་རྣམས་ཀྱི་སངས་རྒྱས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། རྡོ་རྗེ་ནི་སྐུ་ལ་སོགས་པའི་ཡིན་པ་དེ་ལྟར་ན་སངས་རྒྱས་རྡོ་རྗེའོ། །སྐུ་ལ་
སོགས་པའི་རྡོ་རྗེ་ནི་གསང་བ་གསུམ་མོ། །ཡེ་ཤེས་ནི་བྱང་ཆུབ་སྟེ་དེ་གཉིས་ཐོབ་པའོ། །སྐུ་གསུམ་རྡོ་རྗེའི་ཆོས་ཉིད་ཅེས་བྱ་བ་ལ་འདིར་རྡོ་རྗེ་ནི་ཡེ་ཤེས་ཙམ་སྟེ་ཐོགས་པ་མེད་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་དེ་བཞིན་ཉིད་དང་སྐུ་ལ་སོགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་
ནི་སེམས་ཅན་ཐམས་ཅད་ཀྱི་ཡིན་ནོ། །དེ་བས་ན་སྣང་བར་གྱུར་པ་མེད་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་རང་བཞིན་ཉིད་ཀྱིས་སངས་རྒྱས་རྣམས་དང་སེམས་ཅན་རྣམས་ནི་ཡེ་ཤེས་མཉམ་པ་དང་། སྐུ་དང་གསུང་དང་ཐུགས་མཉམ་པ་ཡིན་ནོ། །དེ་ལྟར་ན་མཚན་ཉིད་བཞི་པོ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་
เล่ม ๔๑ · หน้า 72b
པ་ལ་དེ་ལྟར་ཅང་མི་གསུང་བར་སྟོན་པར་བྱེད་པ་སྙིང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱ་ཆེར་རྣམ་པར་བཀྲོལ་ནས་ཞེས་བྱ་བ་ནི་དེ་ནས་ཀྱི་སྒྲའི་དོན་ཡིན་ནོ། །འདི་སྐད་གསུངས་སོ་ཞེས་བྱ་བ་ནི་སྙིང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་སྟེ། རྟོག་པར་སྨྲ་
བར་བྱེད་པ་ཞེས་བྱ་བར་སྦྱར་རོ། །གང་ཞེ་ན་རྡོ་རྗེ་ལས་བྱུང་བ་སྟེ། སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་འདྲེས་པའོ། །སྨྲ་བར་བྱེད་པ་ནི་རྗོད་པར་བྱེད་པའོ། །དེ་ལ་ཅིའི་ཕྱིར་རྟོག་པ་ཞེས་བྱ་ཞེ་ན། རྣམ་པ་རྣམས་ནི་རང་ཉིད་བརྫུན་པ་ཉིད་ཀྱི་ཕྱིར་རོ། །དོན་གང་ལ་དེ་རྟོག་ཅེ་ན། རང་བཞིན་དག་ཅིང་བདག་
མེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རོ་གཅིག་པར་འགྱུར་བའི་ཤེས་བྱའི་ཆ་དེ་ཉིད་ཀྱི་ངོ་བོ་ཉིད་ལའོ། །རང་བཞིན་ནི་གནས་ཡིན་ཏེ་དེ་ནི་བྱང་ཆུབ་བོ། །ཡེ་ཤེས་ཀྱི་ཆ་དག་པ་ནི་ཡེ་ཤེས་ཀྱི་ཆ་དག་པའོ། །རང་བཞིན་དག་ལ་ནི་རང་བཞིན་དག་པ་སྟེ། བྱང་ཆུབ་ཀྱི་སེམས་
ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་བདག་མེད་པ་སྟེ། དམ་ཚིག་ཆེན་པོའི་བདག་ཉིད་ཀྱང་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་ཏེ་དེ་ལའོ། །ཇི་ལྟ་བུ་ཞེ་ན་ཆོས་ནི་དཀྱིལ་འཁོར་པ་རྣམས་ཡིན་ལ། དབྱིངས་ནི་རྟེན་གྱི་དཀྱིལ་འཁོར་ཡིན་ཏེ་རོ་གཅིག་པར་བྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱང་དེ་ཡིན་ལ། ཆགས་པའི་
གནས་ཕུང་པོ་དང་ཁམས་ལ་སོགས་པ་རོ་གཅིག་པར་བྱེད་པའི་ཕྱིར་གནས་མེད་པ་ཡང་ཡིན་པ་དེ་ལྟར་ན་ཆོས་ཀྱི་དབྱིངས་ནི་གནས་མེད་པ་སྟེ། སྒྲིབ་པ་མེད་ཅིང་དག་པའི་ནམ་མཁའི་དབྱིངས་ཀྱི་དངོས་པོའི་མཚན་ཉིད་ཅན་གྱི་སྙིང་པོའི་དོན་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེའི་བདག་ཉིད་ཅན་གྱི་དག་པ་མཐོང་
བའི་སྟོབས་ཀྱིས་ཇི་ལྟར་མཐོང་བའི་དོན་ངེས་པའི་ཚུལ་དུ་དེ་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྨྲ་མ་ཡིན་ནི་དེ་ལ་རྟོག་པ་ཞེས་པ་མི་བརྗོད་དེ་མེད་པ་ལ་མོས་པའི་ཕྱིར་སྙིང་པོ་དང་དོན་མཚུངས་པ་ཉིད་དང་སྙིང་པོའི་རྒྱུ་མཐུན་པ་ཉིད་ཀྱིས་སྙིང་པོ་ལས་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །
སྙིང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་གསུངས་ནས་ཆེ་བའི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་པོའི་འབྱིན་པ་དང་སྡུད་པ་ལ་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་སྟོན་པར་མཛད་པ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ཀྱིས་ན་ཕྱག་འཚལ་བ་ཡིན་ནོ། །ཇི་ལྟར་
เล่ม ๔๑ · หน้า 73a
ཞེས་བྱ་བ་ནི་གང་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ངོ་། །དེའི་སྐུ་ལ་སོགས་པའི་རྡོ་རྗེ་ནི་གསང་བ་གསུམ་སྟེ། འདི་ལྟ་སྟེ་བཅོམ་ལྡན་འདས་དང་དཀྱིལ་འཁོར་པའི་ཆོས་རྣམས་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟེ། དེ་རྣམས་ཀྱི་དངོས་གྲུབ་ནི་གྲུབ་པའོ། །ཡང་
དག་པར་འབྱུང་བ་ནི་རྒྱུའི་གནས་སྐབས་ཀྱིས་བསྡུས་པར་གྱུར་པའོ། །གནས་པ་ནི་རྒྱུའི་གནས་སྐབས་ཀྱི་མཐར་ཐུག་པ་སྟེ། དེ་མ་ཐག་པའི་འབྲས་བུའི་གནས་སྐབས་སྐྱེ་བའི་ཕྱིར་རོ། །གང་གི་ཚེ་སྙིང་པོ་མཉམ་པ་ཉིད་མེད་པ་དེའི་ཚེ་དེའི་བསྒོམ་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་ཆོས་ཀྱི་སྐུ་བརྙེས་པའི་ཕྱིར་རོ། །རྡོ་རྗེ་འཛིན་པ་ནི་གསང་བ་གསུམ་བརྙེས་པའི་ཕྱིར་རོ། །དེ་གསལ་བར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །རང་གི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་སྙིང་པོས་མཉམ་པ་ཉིད་དེ་ནི་ཡེ་ཤེས་ཏེ་དེ་སྐད་ཅེས་བྱའོ། །དེའི་རྒྱུད་ནི་
རྒྱུན་མི་འཆད་པར་འཇུག་པའོ། །དེ་ཉིད་ནི་བརྟན་པར་གྱུར་པ་ཐོབ་པའི་ཕྱིར་རྡོ་རྗེ་སྟེ་དེ་ཉིད་ལ་གནས་པའོ། །རྒྱུད་དེ་ཉིད་ལས་ཡང་དག་པར་བྱུང་བ་ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ། །དངོས་གྲུབ་ཐམས་ཅད་ནི་རྡོ་རྗེ་འཆང་བའི་དངོས་གྲུབ་སྣ་ཚོགས་པའོ། །རྡོ་རྗེའི་ཡེ་ཤེས་ནི་དཀྱིལ་འཁོར་
པའི་ཆོས་རྣམས་སོ། །ཁམས་གསུམ་ནི་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ངོ་། །སྙིང་པོ་ཆེ་བའི་བདག་ཉིད་ཀྱིས་ཡེ་ཤེས་ཀྱི་དབང་དུ་མཛད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དམ་ཚིག་ཆེན་པོའི་དཀྱིལ་
འཁོར་གྱི་དབང་ཕྱུག་གོ། །སྐུ་ལ་སོགས་པ་དངོས་གྲུབ་ནི་དེ་ཉིད་ཀྱི་དཀྱིལ་འཁོར་པའི་ཆོས་རྣམས་ཐོབ་པའོ། །ཁམས་གསུམ་པ་ཐམས་ཅད་ནི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོའོ། །གང་ན་གནས་ཞེས་བྱ་བ་ནི་ཇི་དེ་ལྟ་ཉིད་ཀྱི་པདྨའམ་ཇི་ཞུ་བའི་སྙིང་པོ་ལ་ཡིན། གལ་ཏེ་སྙིང་པོ་ལ་མ་
ཡིན་ན་དེའི་ཚེ་སྙིང་པོའི་རྒྱུ་མཐུན་པའི་སྙིང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ཡང་དངོས་གྲུབ་དང་། རྡོ་རྗེ་ཡེ་ཤེས་དང་ཁམས་གསུམ་པ་མི་གནས་པ་དེ་བས་ན། དངོས་གྲུབ་དེ་གང་ལ་འགྱུར་ཞེས་བསམས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་པོའོ། །རྡོ་རྗེ་ནི་
เล่ม ๔๑ · หน้า 73b
དཀྱིལ་འཁོར་པ་རྣམས་སོ། །ཡེ་ཤེས་ནི་རྟེན་གྱི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་བདག་པོ་ནི་སྡུད་པར་མཛད་པའོ། །དེ་སྟོན་པར་མཛད་པ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའ་ནི་སྙིང་པོ་དེ་ཉིད་དེ་དེ་ལ་གནས་པ་ནི་དེ་ཉིད་དུ་ཞུ་བའི་ཕྱིར་རོ། །གང་ན་གནས་ཞེས་བྱ་བ་ཅི་དེ་ཡབ་ཡུམ་ལ་གནས་སམ།
ཅི་དེ་དག་ཉིད་ལ་ཐིམ་པར་འགྱུར་གྲང་ན། ཕྱོགས་དང་པོ་ལྟར་ན་ནི་སྒྲིབ་པ་མེད་པར་མི་འགྱུར་རོ་ཞེས་བསམ་པ་ལའོ། །རྡོ་རྗེ་ནི་སྔར་བསྡུས་པ་ཐམས་ཅད་དེ་རིག་པ་དང་བཅས་པའི་མཆོག་དང་པོས་སམ། དེ་རྣམས་བསྡུས་ནས་འཛིན་པར་མཛད་པའི་ཕྱིར་རྡོ་རྗེ་འཆང་བ་སྟེ། སྒྲིབ་པ་མེད་ཅིང་
དག་པའི་ནམ་མཁའི་དབྱིངས་སོ། །དེ་སྟོན་པར་མཛད་པའི་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །གང་ན་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་ཀྱང་དེ་ཉིད་དུ་ཞུ་བའི་ཕྱིར་རོ། །ངོ་མཚར་ནི་མཉམ་པ་ཉིད་ཀྱི་རྡོ་རྗེ་ལའོ། །རྨད་དུ་གྱུར་པ་ནི་སྙིང་པོ་རྡོ་རྗེ་ལའོ། །དེ་ཉིད་ཀྱིས་ནི་ཨེ་མའོ་རྡོ་རྗེ་ཨེ་
མའོ་རྡོ་རྗེ་ཞེས་བྱ་བ་གསུངས་སོ། །རྡོ་རྗེའི་ཞེས་པ་ནི་རྡོ་རྗེ་འཆང་བའི་འོ། །བསྟན་པ་འདི་དག་གང་ཡིན་པ་དེ་ཡང་ངོ་མཚར་ཏོ། །ཅིའི་ཕྱིར་ཞེ་ན་གང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གང་དུ་ཞེས་བྱ་བ་ནི་སྙིང་པོ་དང་རྡོ་རྗེ་མཉམ་པ་ཉིད་རྡོ་རྗེ་གང་ལའོ། །ལུས་དང་ངག་དང་སེམས་མེད་ཅེས་
བྱ་བ་ནི་གོ་རིམས་བཞིན་དུ་ལུས་ལ་སོགས་པ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་རྣམ་པར་རྟོག་པ་དམིགས་སུ་མེད་པའི་ཕྱིར་རོ། །དེ་རུ་གཟུགས་ནི་རྣམ་པར་བསྒོམ་པ་ནི་སྐུ་དང་གསུང་དང་ཐུགས་སུ་སྣང་བར་ཏེ། རིམ་བཞིན་དུ་དེ་ཁོ་ན་ཉིད་རོ་གཅིག་པ་དང་ལུས་དང་ངག་དང་སེམས་སུ་སྣང་བས་སོ། །
རིག་པའི་སྐྱེས་བུ་བསྒོམ་པའི་དབང་དུ་མཛད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་གསུམ་བརྙེས་པའི་ཕྱིར་རྡོ་རྗེ་གསུམ་ཡང་དེ་ཡིན་ལ་མཆོག་ཆེན་པོ་ཡང་ཡིན་པས་ནའོ། །དམ་པ་ཉིད་ཡིན་པའི་ཕྱིར་མཆོག་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཤིན་ཏུ་དམ་པ་ཉིད་ཡིན་པའི་
ཕྱིར་མཆོག་ཆེན་ནི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་ཚོགས་སོ། །དེ་རྣམས་ཀྱི་རྡོ་རྗེ་གསུམ་ནི་གསང་བ་གསུམ་མོ། །དེ་རྣམས་ཀྱི་དབང་ཕྱུག་མཆོག་ནི་འབྱིན་པའི་མཆོག་གོ། །རིག་པའི་སྐྱེས་བུ་བསྒོམ་པའི་དངོས་གྲུབ་ནི་དངོས་གྲུབ་ཀྱི་ཐབས་ཡིན་པའི་ཕྱིར་རོ། །ནམ་མཁའ་
เล่ม ๔๑ · หน้า 74a
དབྱིངས་ནི་ཆོས་འབྱུང་བའོ། །དེ་ལ་རྡོ་རྗེ་ནི་གཞལ་ཡས་ཁང་ངོ་། །དེའི་དབུས་ན་གནས་པ་ནི་དབུས་མའི་གདན་ལ་གནས་པའོ། །སངས་རྒྱས་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་ལྡན་པའི་མཆོག་དང་པོའོ། །དེའི་དཀྱིལ་འཁོར་ནི་སྙིང་པོ་བསྡུས་པ་སྟེ། འདོད་ཆགས་
ཆེན་པོའི་ཚུལ་ལ་སོགས་པའི་ཆོ་ག་ལས་གྲུབ་པའི་སྒྲིབ་པ་མེད་ཅིང་དག་པའི་ནམ་མཁའི་དབྱིངས་སོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་གླུ་བཞིས་བསྐུལ་བ་ལ་སོགས་པའི་རིམ་གྱིས་སོ། །རྡོ་རྗེའི་སྐུ་ནི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །སྐུ་གསུམ་ལས་བྱུང་བ་ཞེས་བྱ་
བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་སྐུ་གསུམ་གྱིས་བྱིན་གྱིས་བརླབས་པའོ། །རྣམ་པར་འཕྲོ་བ་ནི་འོད་ཟེར་ལྔ་སྤྲོས་པའི་ཕྱིར་རོ། །སྤྱི་བོར་རྡོ་རྗེ་དང་ཕྱག་ཏུ་འཁོར་ལོ་འཛིན་པར་མཛད་པས་ནི་རྡོ་རྗེ་འཁོར་ལོ་འཛིན་ཏོ། །ཐམས་ཅད་འདི་ནི་ཞེས་བྱ་བ་ནི་མཐུན་པར་བསྒྲེས་པ་སྟེ། བུད་མེད་དང་སྐྱེས་པའི་རྣམ་པ་དང་
ལྡན་པའི་བདག་ཉིད་ཅན་ལ་འདིར་ཕྱག་རྒྱ་ཆེན་པོ་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་རིག་པའི་སྐྱེས་བུ་རྡོ་རྗེ་གསང་བས་ཞེས་བྱ་བ་གསུངས་ཏེ། རིག་མ་དང་ཡང་དག་པར་ལྡན་པའི་སྐྱེས་བུ་ནི་རིག་པའི་སྐྱེས་བུའོ། །དེའི་རྡོ་རྗེ་སྟེ་འཁོར་ལོས་སྒྱུར་བའི་སྤྱི་བོ་དང་གསང་བ་ནི་གནས་ཇི་ལྟ་བ་བཞིན་དུ་གསུམ་མོ། །དེ་སྟོན་
པར་མཛད་པ་ལ་དེ་སྐད་ཅེས་བྱའོ། །དབྱིངས་གྱུར་པ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ལྷ་མོ་བཞི་ལས་རིགས་ཀྱི་དབྱེ་བས་གཅིག་གོ། །མཉེས་པར་བྱེད་པ་ཞེས་བྱ་བ་ནི་མདུན་དུ་བསྐྱེད་ནས་ཆོ་ག་ཇི་ལྟ་བ་བཞིན་དུ་སྦྱར་བས་སོ། །རྡོ་རྗེ་སྐུ་ནི་གསུམ་གྱིས་མཚན། །ཞེས་བྱ་བ་ནི་རྡོ་རྗེ་དང་སྐུ་གསུམ་གྱི་གནས་ཇི་ལྟ་བ་
བཞིན་དུ་མཚན་པའོ། །ཆར་འབེབས་པས་ན་ཁྱུ་མཆོག་སྟེ། བདེ་བ་ཆེན་པོས་བདག་དང་གཞན་ལ་དབང་བསྐུར་བར་མཛད་པའི་ཕྱིར་རོ། །བྱང་ཆུབ་ནི་བསྙེན་པའི་འབྲས་བུའོ། །སེམས་དཔའ་ནི་ཉེ་བར་བསྒྲུབས་པའི་འབྲས་བུ་སྟེ། དེ་དག་དང་ལྡན་པས་ན་བྱང་ཆུབ་སེམས་དཔའོ། །གྲགས་ཆེན་རྣམས་ནི་རིག་
པའི་བརྟུལ་ཞུགས་ལེགས་པར་སྤྱད་པས་སོ། །ཞག་བདུན་གྱིས་གཟི་ཆེན་པོ་ཞེས་བྱ་བ་ནི་རྒྱུའི་ནུས་པ་ཤིན་ཏུ་ཕུལ་དུ་བྱུང་བས་སོ། །དེ་བས་རྒྱུའི་སྟོབས་ཆུང་བས་ཟླ་བ་ཕྱེད་ནའོ། །དེ་བས་ཀྱང་ཆུང་བས་ནི་ཟླ་བ་ཕྱེད་ནའོ། །དེ་བས་ཀྱང་ཤིན་ཏུ་ཆུང་བས་ནི་ཕྱེད་དང་གཉིས་ཀྱིས་ཏེ། དེ་བཞིན་འགྲུབ་པའོ། །
เล่ม ๔๑ · หน้า 74b
སྐུ་གསུམ་དངོས་གྲུབ་ནི་འདོད་པའི་ཐར་པའོ། །སྐུ་དང་གསུང་དང་ཐུགས་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །རྡོ་རྗེ་ནི་ཡེ་ཤེས་སེམས་དཔའོ། །དེ་རྣམས་བསྡུས་པ་ནི་གནས་ཇི་ལྟ་བ་བཞིན་དུ་བཞི་ཆར་ཡང་བཀོད་པའོ། །གསང་བའི་ཐུགས་ཀའི་ཟླ་བ་དང་མཚན་མའོ། །གསང་ཆེན་ནི་མཚན་མའི་ལྟེ་
བའི་ཟླ་བ་ལ་ས་བོན་ནོ། །དེ་གསལ་བར་བྱེད་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱའོ། །སྐུ་གསུང་ཐུགས་ནི་སེམས་དཔའ་གསུམ་གྱིས་བརླབས་པའོ། །དེ་རྣམས་ཀྱི་དམ་ཚིག་ནི་ཐུགས་སུ་ཆུད་པ་སྟེ། འདི་རྣམས་ཀྱི་སོ་སོའི་རང་གི་ཐུགས་ཀའི་ས་བོན་ནོ། །སྐུ་གསུམ་ནི་མི་ཕྱེད་པ་ཉིད་ཀྱི་ཕྱིར་
ཕྱག་རྒྱ་ཆེན་པོ་སྟེ། ཡེ་ཤེས་སེམས་དཔའོ། །དེའི་དོན་ནི་རང་གི་ས་བོན་ནོ། །དེའི་བསྟན་པ་ནི་འབྱིན་པ་པོ་སྟེ། དེ་ཉིད་ཀྱི་ངོས་གསུམ་དུ་དེ་ཉིད་ལས་དབྱེ་བ་གསུམ་གྱི་སྔགས་སྤྲོས་པའོ། །ཐམས་ཅད་ཅེས་པ་ནི་སྔགས་བདུན་པོ་དེ་དག་བསྒོམ་པའོ། །ཆོ་ག་བཞིན་ཞེས་པ་ནི་སོ་སོའི་གདན་གྱི་མཚན་
མ་རྣམས་ཀྱི་ནང་དུ་གནས་པའི་གདན་རྣམས་ལའོ། །འབྲས་བུ་ནི་སྐད་ཅིག་གིས་ཞེས་བྱ་བ་གསུངས་ཏེ། །དུས་ཀྱི་སྐད་ཅིག་གིས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་ས་བཅུའི་དབང་ཕྱུག་ཉིད་དོ། །སྒྲུབ་པའི་ཆོ་ག་ལྷག་མ་རྣམས་དང་བརྟུལ་ཞུགས་དང་དབང་བསྐུར་བའི་སྤྲོས་པ་རྣམས་ནི་
བཅོ་ལྔ་པ་ལས་གསུངས་སོ། །དེ་དེ་ལྟར་ན་ཡན་ལག་དྲུག་པའི་རིག་པའི་སྐྱེས་བུ་བསྒོམ་པ་ནི་བསྐྱེད་པ་དང་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་བརྟུལ་ཞུགས་དང་། གསང་བ་དང་གསང་ཆེན་དང་སྡོམ་པ་ཞེས་བྱ་བ་ཡན་ལག་དྲུག་གོ། །དེ་ལ་སྡོམ་པ་ནི་ཁྱུ་མཆོག་གི་སྒྲས་གསུངས་
སོ། །དེ་བས་ན་འདིར་རིག་པའི་སྐྱེས་བུ་བསྒོམ་པ་ནི་རྣལ་འབྱོར་གྱི་ལུས་ཡིན་ལ་སྙིང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཕྱིན་ཅི་མ་ལོག་པའི་དོན་ཡིན་ཞིང་ཆེ་བའི་བདག་ཉིད་ཀྱི་ཡེ་ཤེས་གཉིས་ནི་སྒྲུབ་པའི་སྦྱོར་བ་ལས་ཀྱང་སྒྲུབ་པ་ཆེན་པོའི་སྦྱོར་བ་དང་འདྲ་བར་ཚོགས་ཡོངས་སུ་རྫོགས་པར་གྲུབ་པའི་
ཕྱིར་རོ། །སྒྲུབ་པའི་སྦྱོར་བ་ལ་གདམས་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་གསང་བ་འདུས་པའི་རྣལ་འབྱོར་ལ་ནི་ཕྱི་རོལ་གྱི་ལག་པའི་ཕྱག་རྒྱ་བཅིང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །མཚན་མ་འཛིན་པའི་ཁུ་ཚུར་གྱི་ཕྱག་རྒྱ་ནི། ཡིད་ཀྱི་ཉིད་ཡིན་པའི་ཕྱིར་བཀག་པ་མེད་དོ། །གལ་ཏེ་
เล่ม ๔๑ · หน้า 75a
རྒྱུད་གཞན་དག་ཏུ་ལག་པའི་ཕྱག་རྒྱ་ལ་སོགས་པ་མེད་པར་དངོས་གྲུབ་ཡོད་པ་མ་ཡིན་པ་དེ་ལྟར་འདིར་ཡང་ཡིན་ནོ་ཞེ་ན་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་གཞན་དག་ཏུ་ནི་དེ་རྣམས་བཅིང་བ་ནི་དམ་ཚིག་ཡིན་ལ་འདིར་ཡང་མ་བཅིངས་པ་ཉིད་དམ་ཚིག་
ཆེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསང་བ་འདི་ནི་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་སྦྱོར་བས་བཟའ་བའོ། །རྡོ་རྗེ་གསུམ་འབྱུང་ཞེས་བྱ་བ་ནི་རིགས་གསུམ་གྱི་ཐུན་མོང་ངོ་། །ཁམས་གསུམ་པ་ནི་ལྷ་ཡུལ་དང་མི་ཡུལ་དང་ས་འོག་གོ། །ཉམས་དགའ་བ་ནི་ཡིད་དུ་འོང་བའི་རྣམ་པར་བསྒོམ་པའི་ཕྱིར་རོ། །
དྲན་པ་རྣམས་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་ངོ་བོར་བསམ་པའོ། །གསུང་གི་རྡོ་རྗེ་ཞེས་བྱ་བ་ནི་གསུང་གི་རྡོ་རྗེས་རྣམ་པར་སྤྲོས་པའི་རང་གི་ལུས་ཀྱིས་ཏེ། སྤྱད་ཅེས་བྱ་བར་སྦྱར་རོ། །དམ་ཚིག་ཀུན་ཞེས་བྱ་བ་ནི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །
རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་དུ་བསྒོམ་པའི་རང་གི་ལུས་ནི་རྡོ་རྗེ་གསུམ་སྐུའོ། །དེ་ལ་གནས་པ་ནི་ནང་དུ་འདུས་པའོ། །དེ་ཚིམ་པ་དག་ཏུ་བྱ་བ་ནི་མཆོག་ཏུ་བདེ་བ་དང་ཡིད་བདེ་བ་ཐོབ་པ་ཅན་དུ་བྱ་བའོ། །གང་གིས་ཤེ་ན་རྡོ་རྗེ་གསུམ་གྱི་དམ་ཚིག་སྟེ། དེའི་སྐུ་དང་གསུང་དང་ཐུགས་རོ་གཅིག་པར་
གྱུར་པ་ཡིས་སོ། །ཇི་ལྟ་བུས་ཤེ་ན་ཐུགས་ཀྱི་རྡོ་རྗེ་སྟེ། རང་གི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པས་སོ། །སྐུ་རྡོ་རྗེ་ལ་སོགས་པའི་དམ་ཚིག་རྣམས་ལ་སྨད་པ་དང་དགག་པ་དང་དམན་པའི་འདུ་ཤེས་ཀྱི་གཉེན་པོར་གོ་རིམས་བཞིན་དུ་བདུད་རྩི་མྱང་བ་དང་ཆོས་ཀྱི་ལོངས་སྤྱོད་དང་བླ་ན་མེད་པའི་མཆོད་པའི་འདུ་
ཤེས་བསྐྱེད་པའི་ཕྱིར་ཏེ། དམ་ཚིག་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ནི་སྦ་བར་བྱ་བའི་དཀྱིལ་འཁོར་རོ། །དེ་ལྟར་ན་འདི་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་ཡིན་ཏེ། སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་རྣལ་འབྱོར་དག་ལས་ལངས་ནས་འདི་ལྟར་ཡང་དང་ཡང་དུ་མོས་པར་
བྱས་ཏེ་འདིར་བདག་གི་ཕ་དང་མ་ནི་ཐབས་དང་ཤེས་རབ་བོ། །དེ་དག་སྦྱོར་བ་ལས་བྱུང་བའི་ས་བོན་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡོངས་སུ་གྱུར་པ་ནི་བདག་ཉིད་དོ། །དེ་བས་ན་བདག་གི་མདོར་ན་ཕུང་པོ་ལྔ་རྣམས་ནི་གང་དག་ཡིན་པ་དེ་དག་སངས་རྒྱས་ལྔར་ནི་སངས་རྒྱས་ཐམས་ཅད་
เล่ม ๔๑ · หน้า 75b
མདོར་བསྡུས་པའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་གི་ལུས་དང་ངག་དང་ཡིད་གང་ཡིན་པ་དེ་དག་ནི་རྡོ་རྗེ་རྣམས་སོ། །སྐྱེ་མཆེད་ཉིད་དག་པ་སྟེ་མིག་ལ་སོགས་པ་དྲུག་པོ་གང་ཡིན་པ་དེ་དག་ཉིད་ནི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདོར་
བསྡུས་པའི་རང་བཞིན་ནོ། །ཁམས་གསུམ་པ་ཉིད་ནི་དམ་ཚིག་གི་འཁོར་ལོ་ཡིན་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་རྟེན་གྱི་དཀྱིལ་འཁོར་ཡིན་ནོ། །ཕྱི་རོལ་གྱི་ས་ལ་སོགས་པ་གང་ཡིན་པ་དེ་ནི་སྤྱན་ལ་སོགས་པ་ཡིན་པ་དེའི་ཕྱིར་དེའི་རང་བཞིན་ཅན་གྱི་ཁམས་
གསུམ་ནི་བདག་གི་གཞལ་ཡས་ཁང་ཡིན་ནོ། །ནམ་མཁའ་རྡོ་རྗེ་ནི་ནམ་མཁའོ། །དེ་ཉིད་ནི་བཞི་པོ་རྣམས་ཀྱི་དབྱིངས་ཡིན་ཞིང་དམ་ཚིག་ནི་བསྡུས་པ་ཡིན་ཏེ། ཆོས་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྡོ་རྗེ་འཛིན་པར་བཤད་པ་སྟེ་གསུངས་སོ། །རྟེན་དང་བརྟེན་པའི་
འཁོར་ལོ་གཉི་ག་ཡང་ངའི་ཡིན་པ་དེ་བས་ན་ང་ཉིད་ནི་དཀྱིལ་འཁོར་གྱི་དབང་ཕྱུག་ཡིན་ཞིང་ཕྱི་རོལ་གྱི་འདོད་པ་ལྔ་ནི་ང་ཉིད་ཀྱི་མཆོད་པའི་ལྷ་མོ་ཡིན་ནོ་ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བརྟེན་པ་པོའི་འཁོར་ལོ་ཡིན་ལ། གནས་
ནི་རྟེན་གྱི་འཁོར་ལོ་ཡིན་ཞིང་དེ་རྣམས་ཀྱི་དབང་ཕྱུག་གི་རྣལ་འབྱོར་པ་ཡིན་ནོ། །དེ་ཉིད་ནི་དཀྱིལ་འཁོར་རྒྱ་ཆེན་པོའི་རྣལ་འབྱོར་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཆེན་པོའོ། །དེ་སྟོན་པར་མཛད་པ་ལ་དེ་སྐད་ཅེས་བྱའོ། །མཉམ་པར་མ་བཞག་པའི་རྣལ་འབྱོར་རོ། །དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་དུ་གནས་པ་ནི་གསང་བ་གསུམ་གྱི་ཚོགས་རོ་གཅིག་གི་ཚུལ་དུ་མཆོག་ཏུ་བདེ་བ་དང་ཡིད་བདེ་བ་ཉམས་སུ་མྱང་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཅིའི་ཕྱིར་སྙོམས་པར་འཇུག་ཅེ་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་
སེམས་དེ་ནི་བྱང་ཆུབ་རྡོ་རྗེ་སྟེ། དེ་ཉིད་ཀྱིས་དབང་སྐུར་བར་བྱེད་པ་གང་ཡིན་པ་དེ་ནི་སློབ་དཔོན་ཡིན་ཞིང་དེ་ཉིད་ནི་དངོས་གྲུབ་ཐམས་ཅད་ཀྱི་སྣོད་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་འཁོར་ལ་གཟིགས་ཤེ་ན། དབང་བསྐུར་བའི་ཆེ་བའི་བདག་ཉིད་བསྟན་པ་ནི་སངས་
เล่ม ๔๑ · หน้า 76a
རྒྱས་དང་བྱང་ཆུབ་སེམས་དཔའ་བསྐུལ་བར་བྱ་བའི་དོན་ཏོ། །ཅང་མི་གསུང་བར་གྱུར་པ་ནི་དེ་རྣམས་ཉིད་ཀྱི་ཚིག་གི་གོ་སྐབས་དབྱེ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཏེ། དེ་རྣམས་ཀྱི་རྡོ་རྗེ་ནི་རོ་གཅིག་པར་གྱུར་པའོ། །དེས་གསང་
བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་དེ་སྐད་ཅེས་བྱའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །བྱང་ཆུབ་ཀྱི་སེམས་དང་སློབ་དཔོན་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་དང་རྡོ་རྗེ་འཆང་ཆེན་པོས་དབང་བསྐུར་བ་ཞེས་བྱ་བའི་དོན་ཏོ། །གཉིས་པ་དེ་ནི་གཉིས་སུ་དབྱེར་མེད་དེ་གཉི་
ག་ཡང་བྱང་ཆུབ་ཀྱི་སེམས་ཆེན་པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །སློབ་དཔོན་ལ་ནི་སོ་སོའི་སྐྱེ་བོའི་ཆོས་ཡོད་ལ། རྡོ་རྗེ་འཛིན་པ་ཆེན་པོ་ལ་ནི་དག་པའི་སངས་རྒྱས་ཀྱི་ཆོས་མངའོ་ཞེས་ཐ་དད་པར་མཚན་མར་འཛིན་པ་ནི་གཉིས་སུ་བྱེད་པ་ཡིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་
ནི་གཉིས་སུ་བྱེད་པ་མི་མངའ་བས་ན་གཉིས་སུ་དབྱེར་མེད་པའོ། །གལ་ཏེ་དེ་རྣམས་ལ་དེ་དག་གི་གཉིས་སུ་བྱེད་པ་ཅིའི་ཕྱིར་སྤོང་ཞེ་ན། རྡོ་རྗེ་འཛིན་པ་ཆེན་པོ་ལ་བྱས་པ་དྲིན་དུ་གཟོ་བའི་ཕྱིར་དང་སློབ་དཔོན་ཉིད་ལ་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་དང་། སློབ་མ་རྣམས་ཀྱང་རྡོ་རྗེ་འཆང་
ཆེན་པོ་དང་། བླ་མ་ལ་དད་པ་མཉམ་པར་བྱ་བའི་ཕྱིར་དང་། རྡོ་རྗེ་འཆང་གི་ང་རྒྱལ་བརྟན་པར་བྱེད་པའི་ཕྱིར་དང་། ཚེགས་ཆུང་ངུས་ཚོགས་བསགས་པས་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། རིགས་ཀྱི་བུ་ཞེས་གསུངས་ཏེ་བསྟན་པའོ། །ཅི་ཞེ་ན་དེ་ལ་དེ་རྣམས་ཀྱིས་དེ་
བཞིན་དུ་བལྟ་བའོ། །མདོར་ཡིན་གྱི་ཕྱོགས་ཀྱི་དབྱེ་བ་རེ་རེ་ནས་རྒྱས་པ་ནི་མ་ཡིན་ནོ། །ནས་ཞེས་བྱ་བ་ནི་འདིའི་མཐར་ཐུག་པའོ། །དེ་གང་ཡིན་ཞེ་ན། །ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་ཉིད་དོ། །ཅིའི་ཕྱིར་དེ་མཆོད་པར་བྱ་བ་ཡིན་ཞེ་ན།
དེའི་ཕྱིར་ངག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངག་རྡོ་རྗེ་ནི་མི་ཕྱེད་པའི་ངག་གོ། །དེ་ཉིད་ནི་དོན་ལས་མི་འགྱུར་བས་ན་ཡི་གེའོ། །ཅི་ལྟ་བུ་ཞེ་ན། བདག་ཅག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཅག་ཅེས་བྱ་བ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་གནས་ཡིན་
เล่ม ๔๑ · หน้า 76b
པའི་བར་དུ་གསུངས་ཏེ། བྱང་ཆུབ་ཉིད་སྟེར་བར་བྱེད་པས་ཕ་དང་མ་ནས་སྟོན་པའི་བར་ཡིན་ནོ། །དེ་བས་ན་ཕན་འདོགས་པའི་ཞིང་ཉིད་ཡིན་པའི་ཕྱིར་མཆོད་པར་བྱ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡོན་ཏན་གྱི་ཞིང་ཉིད་ཀྱང་ཡིན་པས་ནི་ཞེས་སྟོན་པར་བྱ་བའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་
ལ་སོགས་པ་གསུངས་པ་ལ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནི་འདས་མ་ཐག་པར་བསྟན་པའི་ཞིང་ཉིད་ཇི་ལྟ་བར་རོ། །ཡང་ཞེས་བྱ་བ་ཡང་འཆད་པར་འགྱུར་བའི་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་ཞེས་བྱ་བ་ལ་ཡང་ནི་རིམ་པ་བཞིན་དུ་སྦྱར་ཏེ། སློབ་དཔོན་ཞེས་བྱ་བའི་དེ་མ་
ཐག་ཏུ་བལྟ་བར་བྱའོ། །ཇི་སྙེད་པ་ཞེས་བྱ་བ་ནི་རེ་རེའི་བར་དུ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་འཕགས་སོ་ཞེས་བྱ་བ་ལ་སྔ་མ་ལས་འདི་ཉིད་ཅེས་བྱ་བ་ནི་ལྷག་མའོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནི་གང་དེ་རྣམས་ཀྱི་ཆོས་ཐམས་ཅད་ཡིན་ལ་སྙིང་པོར་གྱུར་པ་ནི་འདུས་པ་ཉིད་ཀྱི་ཕྱིར་
དང་རྐང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་བའི་གནས་སུ་གྱུར་པ་ནི་རྒྱུའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་མཁྱེན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཉིད་ཡིན་པར་ཐོས་ནས་བྱམས་པ་སྐྲག་པར་གྱུར་
པའོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཉིད་དུ་ཡང་གསུངས་པ་དེའི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ནི་ཐུན་མོང་གི་རྒྱུ་ཉིད་དམ་དེ་ཁོ་ན་ཉིད་དེ་དང་པོའི་རྡོ་རྗེ་འཆང་ངོ་། །དེ་ལ་དམིགས་པ་ནི་སློབ་དཔོན་
དེ་དང་འདྲ་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་སྙོམས་པར་འཇུག་པར་མཛད་ཅེ་ན། དེ་ཉིད་ལ་སྙོམས་པར་འཇུག་ནས་རྡོ་རྗེ་འཛིན་པ་རྣམས་ཀྱིས་དེ་ལ་མཆོད་པར་བྱའོ་ཞེས་བྱ་བར་བསྟན་པའི་ཕྱིར་རོ། །དུས་གསུམ་གྱི་རྡོ་རྗེ་ཡེ་ཤེས་ནི་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་གསང་བ་གསུམ་རོ་གཅིག་པའི་ཡེ་ཤེས་སོ། །དེ་ལས་འབྱུང་བ་ནི་རྡོ་རྗེ་འཛིན་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སྟོན་པ་ཡིན་ཞེས་བྱ་བ་ནི་ཕན་འདོགས་པའི་ཞིང་ཉིད་དེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདག་པོ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཞིང་ཉིད་དོ། །གལ་ཏེ་དེ་ལྟ་ཡིན་ན་ཡང་མཉམ་པ་ཉིད་
เล่ม ๔๑ · หน้า 77a
ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱིས་མཆོད་པར་བྱ་བ་མ་ཡིན་ནོ་ཞེ་ན། འདིར་དེ་ཉིད་ཅེས་གསུངས་ཏེ། དེ་ཉིད་ནི་སློབ་དཔོན་ནོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ནི་མཆོག་དང་པོ་ཡིན་ཞིང་གང་དེ་དག་ཐམས་ཅད་སྐྱེད་པ་པོ་དང་སྟོན་པ་ཡིན་ཏེ། སློབ་དཔོན་དང་མཉམ་པ་ཉིད་ལས་
བདག་ཉིད་བྱེ་བྲག་ཏུ་བརྟགས་ནས། དེ་རྣམས་ཀྱིས་དེ་ལ་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕན་ཡོན་གཞན་དག་གི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལ་གནས་གང་དུ་འབྱུང་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་རྒྱུའི་གནས་སྐབས་དང་དེ་མཐར་ཐུག་པས་སོ། །གསང་
བ་གསུམ་ནི་དབང་བསྐུར་བའི་སྒྲུབ་པའི་བྱང་ཆུབ་ཀྱི་སེམས་སོ། །དེས་དབང་བསྐུར་བའི་ཕྱིར་གང་ལ་དེའི་རང་བཞིན་ཅན་གྱི་སྐུ་དང་གསུང་དང་ཐུགས་ཡོད་པ་སྟེ། དེ་ཡང་འདི་ཡིན་ལ་རྡོ་རྗེ་སློབ་དཔོན་ཡང་ཡིན་པས་སོ། །དེའི་ལུས་ལ་སོགས་པའི་རྡོ་རྗེ་ལ་རང་གི་ལྷའི་སྐུ་ལ་སོགས་པར་སྣང་བའི་རང་གི་
སེམས་ལ་ཡིན་གྱི་དབང་མ་བསྐུར་བ་ལ་ནི་མ་ཡིན་ནོ། །ལུས་དང་ངག་དང་སེམས་ཀྱི་གསང་བའི་རྡོ་རྗེ་རང་གི་སེམས་དེ་ཉིད་དོ། །དེ་གང་ལ་གནས་པ་ནི་དམིགས་པ་སྟེ། ལུས་ལ་སོགས་པ་ལའམ་ཇི་ལྟར་སྣང་བའི་སེམས་ལ་ཞེས་བྱ་བར་བསམས་པའོ། །གང་ལའང་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་
ལ་ནི་མ་ཡིན་ཏེ། སེམས་དང་ཐ་དད་པ་མེད་པའི་ཕྱིར་རོ། །ཇི་ལྟར་སྣང་བའི་སེམས་ལ་ཡང་མ་ཡིན་ཏེ། རང་གི་སེམས་ཙམ་ཉིད་དང་ཇི་ལྟར་སྣང་བ་བཞིན་དུ་མེད་པ་ཉིད་དུ་དེ་རྣམས་སྣང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཅང་མི་སྨྲ་བར་འཁོད་པ་ནི་བརྗོད་པར་བྱ་བ་ཡོངས་སུ་རྫོགས་པའི་
ཕྱིར་རོ། །དབང་བསྐུར་བའི་ཕན་ཡོན་ནོ། །གསང་བའི་རྡོ་རྗེ་ནི་གསང་བ་གསུམ་པ་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་གསང་བའི་རྡོ་རྗེ་ཡང་དེ་ཡིན་ལ། ཏིང་ངེ་འཛིན་ཀྱང་ཡིན་པས་ནའོ། །དེ་ལས་བཞེངས་པ་ནི་སོ་སོར་སླར་སད་ནས་སོ། །དེ་བཞིན་
གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཀུན་འབྱུང་བའི་རྡོ་རྗེ་ནི་ཏིང་ངེ་འཛིན་གྱི་ཚོགས་སོ། །ཏིང་ངེ་འཛིན་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཆེན་པོ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་རབ་བསྐུལ་བྱ། །ཞེས་པ་ནི་སངས་རྒྱས་ཀྱི་
เล่ม ๔๑ · หน้า 77b
རྣལ་འབྱོར་པའི་སློབ་མ་རྣམས་དབང་བསྐུར་བའི་ཕྱིར་སངས་རྒྱས་གཙོ་བོར་གྱུར་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་ཚུལ་གང་ཡིན་པ་དེས་བསམ་གཏན་གྱི་དཀྱིལ་འཁོར་ལ་ཞུགས་པར་བྱ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། །
ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་པའི་སློབ་མ་རྣམས་དབང་བསྐུར་བའི་ཕྱིར་རྡོ་རྗེ་སྟེ། བྱང་ཆུབ་སེམས་དཔའ་དེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་གྱི་བསམ་གཏན་ཏེ། བསམ་གཏན་གྱི་རིམ་པ་གང་ཡིན་པ་དེས་འཁོར་ལོ་ཅན་ཐམས་ཅད་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་
ཉིད་ཀྱིས་ཞེས་བྱ་བ་ནི་བྲི་བའི་དཀྱིལ་འཁོར་དུ་གསུངས་པས་སོ། །སློབ་དཔོན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དེའི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་དེའོ། །སྙིང་གར་ཞེས་བྱ་བ་ནི་སློབ་མའི་སྙིང་གར་རོ། །དབང་བསྐུར་བའི་གནས་ཞེས་བྱ་བ་ནི་དབང་བསྐུར་བའི་དོན་གྱི་ཆོ་གས་སོ། །གསུམ་
གྱིས་ཞེས་བྱ་བ་ནི་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བའི་ཆོ་ག་རྣམས་ཀྱིས་སོ། །ཅིའི་ཕྱིར་གསུམ་པོར་བྱ་བ་ཡིན་ཞེ་ན། གསུམ་པོ་ཉིད་ཀྱིས་སློབ་དཔོན་དུ་བྱེད་པའི་ཕྱིར་རོ། །སློབ་དཔོན་གྱིས་དབང་བསྐུར་བ་ཡང་སྔར་ཕྲེང་བ་དང་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་
མིང་ཞེས་བྱ་བ་རིག་པའི་དབང་བསྐུར་བ་དྲུག་པོ་རྒྱུད་གཞན་ལས་གསུངས་པའི་ཆོ་ག་ཉིད་བྲི་བའི་དཀྱིལ་འཁོར་རམ་བསམ་གཏན་གྱི་དཀྱིལ་འཁོར་དུ་སྦྱིན་པར་བྱ་སྟེ། ཁྱད་པར་གྱི་ཚིག་མེད་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དོ། །བྱང་ཆུབ་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པའི་
གོ་འཕང་ངོ་། །ངོ་མཚར་ཆེན་པོའི་དངོས་གྲུབ་ཀུན། །ཅེས་བྱ་བ་ནི་དངོས་གྲུབ་ཕྲ་མོ་ཐམས་ཅད་དོ། །སྐུ་གསུང་ཐུགས་ནི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །དམ་ཚིག་གི་འཁོར་ལོ་ནི་ཏིང་ངེ་འཛིན་གྱི་ཚོགས་སོ། །དེ་ནས་བསམ་གཏན་གྱི་དཀྱིལ་འཁོར་འདིར་དབང་བསྐུར་ཇི་ལྟ་
བུས་ཇི་ལྟ་བུ་ལ་སྦྱིན་པར་བྱ་བ་ནི་བརྟན་ཞིང་མི་འགྱུར་བའི་སེམས་དང་ལྡན་པས་བརྟན་ཞིང་མི་འགྱུར་བའི་སེམས་དང་ལྡན་པ་ལའོ། །དེ་ལ་སློབ་དཔོན་གྱིས་སེམས་བརྟན་པ་ཉིད་ནི་སྤྲུལ་པའི་དཀྱིལ་འཁོར་ཡོངས་སུ་གསལ་བར་མཐོང་བའོ། །སེམས་མི་འགྱུར་བ་ཉིད་ཀྱང་དཀྱིལ་འཁོར་དེ་ཉིད་ཀྱི་
เล่ม ๔๑ · หน้า 78a
དཀྱིལ་འཁོར་གྱི་བྱ་བ་ཐམས་ཅད་བྱེད་ཀྱང་དེ་ཁོ་ན་ཉིད་དུ་མཐོང་བའོ། །སློབ་མའི་སེམས་བརྟན་པ་ཉིད་ནི་བྲིས་པའི་དཀྱིལ་འཁོར་ལས། བླ་མའི་བསམ་གཏན་གྱི་དཀྱིལ་འཁོར་ཁྱད་པར་དུ་འཕགས་པའམ་དམན་པ་མ་ཡིན་ནོ་ཞེས་སྟོབས་དང་ལྡན་པར་མོས་པའོ། །སེམས་
མི་འགྱུར་བ་ཉིད་ནི་བདག་ནི་བླ་མ་དམ་པ་འདིས་ཡང་དག་པར་དབང་བསྐུར་བར་འགྱུར་བ་དང་དབང་བསྐུར་བ་དང་། དབང་བསྐུར་བར་གྱུར་པ་ཡིན་ནོ་ཞེས་དུས་གསུམ་ཆར་ལ་ཡང་བདག་དང་གཞན་གྱིས་མི་བསྐྱོད་པར་ངེས་པའོ། །དམ་ཚིག་ཉམས་པ་ལས་བསླང་བ་ལ་སོགས་པའི་དོན་དུ་ཡང་བསམ་
གཏན་གྱི་དཀྱིལ་འཁོར་ལ་ཡང་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །བསམ་གཏན་གྱི་དཀྱིལ་འཁོར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཀྱི་སྦྱོར་བ་ནི་མཉམ་པ་ཉིད་དོ། །རྡོ་རྗེ་ནི་རྡོ་རྗེ་འཆང་བ་སྟེ། དེའི་སྐུ་དང་གསུང་དང་
ཐུགས་སོ། །དེ་རྣམས་ཀྱི་གསང་བ་ནི་སྙིང་པོའོ། །དེ་གང་ཞེ་ན་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཡིན་ལ་འདིར་ནི་ས་བོན་ལ་དེ་སྐད་ཅེས་བྱའོ། །ཤ་རུས་ལ་སོགས་དཀྱིལ་འཁོར་ནི། །ཞེས་བྱ་བ་ནི་ཡི་གེ་ཁཾ་ལས་བསྒྲུབ་པར་བྱ་བའི་ལུས་པགས་པ་ཁོང་སྟོང་རུས་པ་དང་ཤ་རྣམས་ཁྲག་གཅིག་
པུར་གྱུར་པས་ཡོངས་སུ་གང་བའི་རྐྱལ་བའི་རྣམ་པའོ། །རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་གསུམ་གང་ཡིན་པ་དེ་རྣམས་ཀྱི་སྙིང་པོ་ནི་སྙིང་པོ་བསྡུས་པ་སྟེ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་ཆོ་ག་ཡིས་ཞེས་བྱ་བ་འོག་མ་དང་སྦྱར་བར་བྱའོ། །དེ་ལ་ཉི་
མའི་དཀྱིལ་འཁོར་ལ་ཧཱུཾ་ཧྲཱིཿཁཾ་ཞེས་བྱ་བ་ཡི་གེ་གསུམ་ཡོངས་སུ་གྱུར་པའི་རྩེ་མོ་གསུམ་དེའི་ལྟེ་བའི་འོད་ཟེར་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་རིམ་གྱིས་བསྐྱེད་པ་དང་མི་བསྐྱོད་པའི་ཅོད་པན་གྱིས་དབང་བསྐུར་བ་ནི་ཆོ་ག་ཡིན་ནོ། །དྲག་པོ་ནི་གདུག་པ་རྣམས་ཚར་གཅོད་པའི་དགོངས་པ་ཅན་རྣམས་
ཉིད་ཡིན་པའི་ཕྱིར་རོ། །མི་སྡུག་པ་ནི་མཆེ་བ་གཙིགས་པ་དང་། ལྗགས་བསྐྱོད་ཅིང་ཞལ་འགྱུར་བ་ཉིད་ཀྱི་ཕྱིར་དང་། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ཉིད་ཀྱི་ཕྱིར་དང་། ཐོད་པ་དང་རྒྱུ་མའི་ཕྲེང་བ་ལ་སོགས་པས་བརྒྱན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཁྲོས་པ་ནི་གཡོན་བརྐྱང་བ་དང་སྨིན་མ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด