གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཀུ་སུ་མཱཉྫ་ལི་གུ་ཧྱ་ས་མ་ཛ་ནི་བནྡྷ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๑ · หน้า 78b

བསྡུས་པ་དང་། སྤྱན་དམར་བ་དང་། ཧ་ཧ་ཞེས་བཞད་པ་དང་ལྡན་པའི་ཕྱིར་རོ། །ཕྱག་བཞི་པོ་ནི་མཚོན་ཆ་བསྣམས་པའི་ཕྱག་དང་། རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་པའི་ཕྱག་དག་དང་བཅས་པར་ཕྱག་དྲུག་པ་ཉིད་དོ། །ཕྱག་ན་ཐོད་པ་བསྣམས་པར་བསྒོམ། །ཞེས་བྱ་བ་ནི་རྩེ་གསུམ་

དང་རྡོ་རྗེ་དམ་ཚིག་དང་ཕུར་བུ་དྲག་པོ་མཆོག་དག་གིས་བྱ་བ་འོག་མ་དང་སྦྱར་ཏེ། བསྣམས་པ་ཞེས་བྱ་བ་ནི་ལྷག་མའོ། །གཡས་ཀྱི་ཕྱག་དག་གིས་རྩེ་གསུམ་དང་མིའི་རུས་པའི་ཕུར་བུ་བསྣམས་ཤིང་གཡོན་དག་གིས་ཐོད་པ་དང་རྡོ་རྗེ་ཁ་ཊྭཱཾ་ག་བསྣམས་པ་ཞེས་བྱ་བའི་དོན་ཏོ། །འོད་ཟེར་ཞེས་བྱ་བ་

ལ་སོགས་པ་ལ་ཁ་དོག་ལྔའི་ཡི་གེ་ཧྲཱིཿའི་འོད་ཟེར་འཕྲོ་ཞིང་སྣང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བསམ་གཏན་རྡོ་རྗེ་ནི་གོམས་པ་བརྟན་པར་བྱས་པའི་བསམ་གཏན་ནོ། །དེའི་སྦྱོར་བ་ནི་ཕྱག་ན་བསྣམས་པའི་མིའི་རུས་པའི་ཕུར་བུས་བསྒྲུབ་པར་བྱ་བའི་ལུས་ཀྱི་རྐྱལ་བ་གནས་ལྔ་

དག་ལ་ཕུག་ནས་དེར་ཞུགས་པའི་འོད་ཟེར་གྱི་སྦུ་གུས་དེ་ལས་ཁྲག་དྲངས་ལ་དེས་རང་གི་ཁ་ཡོངས་སུ་གང་བར་བསྒོམ་པ་འདི་ནི་སྦྱོར་བ་ཡིན་ནོ། །དེས་ཁྲག་དྲང་བའི་མཆོག་ཡིན་ནོ་ཞེས་བྱ་བ་ལ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །གདབ་པར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་

གསད་པར་འོས་པ་སྦྱོར་བ་འདི་ཉིད་ཀྱིས་ཁྲག་གཞིབས་ལ་རྩེ་གསུམ་གྱིས་ཕུག་པས་ཤི་བར་བསམས་ན་འཆི་བར་འགྱུར་རོ། །རྡོ་རྗེ་མཁའ་འགྲོའོ། །རྡོ་རྗེ་ཁ་ཟས་ཀྱི་དམ་ཚིག་གི་བྱ་བ་ནི་དེའི་དོན་གྱི་ཐབས་སོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་བསམ་གཏན་གྱིས་སོ། །ཆོ་ག་བཞིན་དུ་ཞེས་

བྱ་བ་ནི། ནམ་མཁར་གནས་པ་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པའི་ཆོ་ག་བཞིན་དུའོ། །ཡོངས་སུ་བརྟག་པ་ནི་ལེགས་པར་སྦྱངས་ཏེ་དེ་ནས་བཟའ་བར་བྱའོ། །མཆོད་པའི་ཡོ་བྱད་ལྔ་ནི་བདུད་རྩི་ལྔའོ། །དམ་ཚིག་ནི་སྤྱན་ལ་སོགས་པའི་གཟུགས་ཡིན་ལ་དེ་འཛིན་པ་ནི་དེ་ལྟར་བསམ་

པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་གྱི་ཁམས་ཀྱི་མ་ནི་བུད་མེད་ཡིན་ཏེ། ཐོག་མ་མེད་པའི་འཁོར་བར་ཐམས་ཅད་བུད་མེད་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་བའོ། །དེའི་དམ་ཚིག་ནི་རང་གི་ལྷའི་རྣམ་པས་ཞེས་པའི་དོན་ཏོ། །སྡོམ་པའི་རྡོ་རྗེ་ཉིད་ཀྱིས་ཞེས་བྱ་བ་ནི།

เล่ม ๔๑ · หน้า 79a

སྡོམ་པ་འདི་ཉིད་ལ་སེམས་བརྟན་པའི་འོ། །ལུས་དང་ངག་སེམས་ལོངས་སྤྱོད་ནི། །ཞེས་བྱ་བ་ནི་རོ་གཅིག་པར་ཁོང་དུ་ཆུད་པའོ། །གསང་བ་གསུམ་གནས་ནི་པདྨའོ། །རྡོ་རྗེ་ནི་རྡོ་རྗེ་ཉིད་དོ། །བཟང་པོ་ནི་ཀུན་དུ་བཟང་པོའོ། །འདིར་ནི་བསམ་པས་ཐམས་ཅད་

དུ། །ཞེས་བྱ་བ་ནི་བསམ་གཏན་འདི་ཉིད་ཀྱིས་ཏེ་སྤྱད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་སེམས་དཔའ་ནི་མི་ཕྱེད་པའི་གཟི་བརྗིད་དེ་དེའི་དོན་གྱི་སྡོམ་པའོ། །སྤྱི་བོར་ཞེས་བྱ་བ་ནི་སྤྱི་བོའི་སྟེང་དུའོ། །དཀྱིལ་འཁོར་བརྟག་པར་བྱ་ཞེས་བྱ་བ་ནི་བདུད་རྩི་ལྔའི་རང་བཞིན་སྟུག་ཅིང་རྒྱ་ཆེ་བའི་

ཟླ་བ་བསྒོམ་པར་བྱའོ། །ཨོཾ་ནི་དབུས་སུ་གནས་བསམས་ནས། །ཞེས་བྱ་བ་ནི་ཟླ་བའི་དབུས་སུ་ཨོཾ་ཕྲ་མོ་བསྒོམ་པའོ། །བདུད་རྩི་ལྔ་པོ་དབབ་པར་བྱ། །ཞེས་བྱ་བ་ནི་ཨོཾ་གྱི་འོད་ཟེར་གྱིས་ཐད་ཀར་ཁྱབ་པའི་རིམ་གྱིས་ཞུ་བར་གྱུར་པ་དབུས་སུ་བུ་ག་ཅན་དུ་བྱས་པ། བདུད་རྩི་ལྔའི་རྒྱུན་བསིལ་

ཞིང་དཀར་བའི་རྒྱུན་གཅིག་པའི་ཚུལ་དུ་འབབ་ཅིང་རྩ་སྦུབས་སུ་རྒྱུ་བས་ལུས་ཐམས་ཅད་ཁྱབ་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་ཟླ་བའི་དབུས་སུ་རང་བཞིན་གྱིས་ཞུ་བའི་བདུད་རྩི་མགོ་བོའི་དབུས་སུ་བསམས་པའོ། །ཨོཾ་གྱི་འོད་ཟེར་གྱིས་ཕུག་པའི་བུ་ག་ནས་དབབ་

པར་བྱའོ་ཞེས་བྱ་བར་འདོད་དོ། །སྔགས་འཛིན་པ་ནི་སྔགས་གྲུབ་པའི་འོ། །མཆོད་རྟེན་དག་གིས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་དང་། ཆོས་ཐམས་ཅད་བཤད་པ་དང་། མཆོད་པ་ཐམས་ཅད་སྤྲུལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་

ཉིད་ལ་བྱིན་གྱིས་བརླབ་པ་སྟོན་པའི་དངོས་གྲུབ་ཀྱི་མཚན་མས་སེམས་ཅན་རྣམས་ཤིན་ཏུ་འདུན་པར་བྱའོ། །མཆོད་རྟེན་གྱི་ལས་ལ་སོགས་པས་ནི་བྱ་བ་མ་ཡིན་ཏེ། འདི་ལྟར་འདི་ནི་གྲུབ་པ་མ་ཡིན་ནོ་ཞེས་ཐེ་ཚོམ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དག་སྒྲུབ་པ་ལས་ཞུགས་པ་ཉིད་འདིར་

སྔགས་འཛིན་པ་ཡིན་ཏེ། དེ་རྣམས་ཀྱི་དམ་ཚིག་ནི་འདི་ཡིན་ནོ་ཞེས་འདོད་དོ། །དུག་བསལ་བ་ལ་སོགས་པའི་དོན་དུ་གསང་བ་ནི་ཡི་གེ་བྷྲཱུཾ་མོ། དེ་ལ་དུག་བསལ་བ་ལ་ཇི་ལྟར་བྱ་ཞེ་ན། ཡི་གེ་བྷྲཱུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་དཀར་པོའི་སྦྱོར་བ་བྱས་ལ་ལག་པ་གཡས་པའི་མཐིལ་དུ་ཡི་གེ་བྷྲཱུཾ་

เล่ม ๔๑ · หน้า 79b

ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའི་ལྟེ་བར་ཡི་གེ་བྷྲཱུཾ་དཀར་པོ་འོད་ཟེར་དཀར་པོའི་ཕྲེང་བ་ཅན་གྱི་གསང་བ་བཞག་ལ་དེའི་འོད་ཟེར་འཇུག་པ་དང་འབྱུང་བའི་བྱ་བས་དུག་གིས་ཟིན་པའི་ལུས་ཅན་གྱི་དུག་བཏོན་པར་བྱེད་དོ། །དུག་གནོན་པ་ལ་ཇི་ལྟར་བྱ་ཞེ་ན། དེ་བཞིན་དུ་ཐམས་

ཅད་སེར་པོར་བསྒོམས་ལ་ཡི་གེ་བྷྲཱུཾ་སེར་པོ་འོད་ཟེར་སེར་པོས་ཁྱབ་པ་ཅན་ཡང་བསྒོམ་པར་བྱའོ། །དེའི་འོད་ཟེར་རྣམས་ཀྱིས་དུག་གིས་སྨས་པའི་ལུས་དགང་བར་བྱའོ། །དུག་དྲང་བ་ལ་ཇི་ལྟར་བྱ་ཞེ་ན། དེ་བཞིན་དུ་ཐམས་ཅད་དམར་པོར་བསམས་ལ་ཡི་གེ་བྷྲཱུཾ་དམར་པོ་འོད་ཟེར་དམར་པོ་ཅན་

ཡང་བསམས་ནས་དེའི་འོད་ཟེར་རྣམས་ཀྱིས་ཁམས་གསུམ་དུ་གཏོགས་པའི་དུག་བཀུག་ལ་གང་དུ་འདོད་པ་དེར་དབབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྡོར་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་སངས་རྒྱས་རྣམས་ཏེ། སངས་རྒྱས་གསུམ་དང་འདྲ་བའི་འོད་ཟེར་གྱི་རྒྱུ་བ་ཡིས་

སོ། །ལས་ཀྱི་གསང་བ་གསུམ་འབྱུང་བ་ནི་རྒྱུའོ། །འདིར་འདི་སྐད་དུ་འོད་ནི་ཁ་དོག་གོ། །འོད་ཟེར་གྱི་ཕྲེང་བ་ཅན་ནི་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །དཀར་མོ་ཡང་དེ་ཡིན་ལ་དེ་ཡང་ཡིན་ཏེ། དེ་དང་ལྡན་པའོ། །འོད་ཟེར་སེར་པོ་སྟེ་ཁ་དོག་སེར་པོའི་འོད་ཟེར་གྱི་ཚོགས་གང་ལ་ཡོད་པ་དང་། གང་ལ་འོད་

ཟེར་སེར་པོ་ལྟ་བུའི་ཁ་དོག་ཡོད་པའོ། །རྡོར་གསུམ་འོད་ཟེར་དེ་རྣམས་ཀྱི་དམ་ཚིག་སྟེ་རྒྱུ་བའོ། །འདི་ལས་བྱུང་བས་ན་འབྱུང་བ་ཞེས་བྱ་བར་ཚིག་སྦྱར་བར་བྱའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཨོཾ་ཨ་

མྲྀ་ཏ་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་ལ་ཆོས་ཉིད་ཀྱི་ལུས་ཀྱིས་བོད་པའོ། །སྭཱ་ཧཱའི་གནས་སུ་ཡི་གེ་ཧཱུཾ་ཕཊ་ནི་སྔ་མ་བཞིན་ཏེ། སྔགས་ཀྱི་ཡི་གེ་ཉི་ཤུ་རྩ་དྲུག་པ་ཡིན་ནོ། །གྲོ་ག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དར་ལ་སོགས་པ་ལ་ཡང་ངོ་། །འཁོར་ལོ་ནི་ལས་ཀྱི་རྡོ་རྗེ་ལ་གནས་

པར་ཞེས་བྱ་བ་ནི་ཆོ་ག་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ལ་སྐྱེས་པ་བསྲུང་བའི་ཕྱིར་ནི་གུར་གུམ་དང་། བུད་མེད་བསྲུང་བའི་ཕྱིར་ནི་གི་ཝང་གིས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལའོ། །ཧཾ་ནི་དབུས་སུ་བཞག་ནས་སུ། །ཞེས་བྱ་བ་ནི་འཁོར་ལོའི་ལྟེ་

เล่ม ๔๑ · หน้า 80a

བའི་དབུས་སུ་ཡི་གེ་ཧཾ་མགོ་གྲུ་གསུམ་པ་ཆེ་བ་ཟླ་བ་ཕྱེད་པ་དང་ཐིག་ལེ་གཙུག་ཏོར་དང་ལྡན་པ་བྲིས་ནས་སུའོ། །མིང་ནི་དབུས་སུ་བྲི་བར་བྱ། །ཞེས་བྱ་བ་ནི་ཡི་གེ་ཧཾ་གི་མགོའི་དབུས་སུ་སྙིང་པོ་དང་སྤེལ་བའི་མིང་ཛི་ན་ཆེ་གེ་མོའི་རཀྵ་ཀུ་རུ་ཛིཀ་ཅེས་བྱ་བར་བྲི་བར་བྱའོ། །

སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས་བརྒྱན་ཏེ་ཞེས་བྱ་བ་ནི་འཁོར་ལོའི་ཤར་ལ་སོགས་པའི་ཕྱོགས་ཀྱི་རྩིབས་ཀྱི་དབུས་དག་ཏུ་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པའི་འབྱིན་པའི་སྔགས་དང་། མེ་ལ་སོགས་པའི་མཚམས་རྣམས་ཀྱི་རྩིབས་ཀྱི་དབུས་སུ་ལྷ་མོ་བཞི་འབྱིན་པའི་

སྔགས་དང་། ཤར་ལ་སོགས་པའི་ཕྱོགས་ཀྱི་རྩིབས་ཀྱི་མཐའ་དག་ཏུ་ནི་གཤིན་རྗེ་གཤེད་ལ་སོགས་པ་འབྱིན་པའི་སྔགས་དང་། མཚམས་རྣམས་སུ་ནི་ཡི་གེ་གསུམ་བྲི་བར་བྱའོ། །འཁོར་ལོའི་མུ་ཁྱུད་ལ་ནི་ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཨ་མོ་ཀ་སྱ། ཨུ་པ་དྲ་པ་རོ་ཀཾ། །བནྡྷ་བནྡྷ།

ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བྱ་བ་འཁོར་བར་བྲི་བར་བྱའོ། །དེ་ནས་རང་གི་སྙིང་པོ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་འཁོར་ལོ་གནས་ཇི་ལྟ་བ་བཞིན་དུ་བསྐྱེད་ནས་མུ་ཁྱུད་ལ་བཀོད་པའི་ཡི་གེ་རེ་རེ་ལས་བྱུང་བའི་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་ཚོགས་

ཀྱིས་ཡོངས་སུ་བསྐོར་བར་བསམས་ལ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟླ་བ་ལ་གནས་པའི་རང་གི་མིང་ལས་བྱུང་བའི་རྡོ་རྗེའི་ལུས་དང་ལྡན་པའི་བསྒྲུབ་པར་བྱ་བ་ལ། ཧཾ་ལས་བྱུང་བའི་རྡོ་རྗེའི་གོ་ཆས་གོ་བསྐོན་པར་ངེས་པར་བསམས་ལ། དམ་ཚིག་འཁོར་ལོའི་ཡེ་ཤེས་ཀྱི་འཁོར་

ལོ་ནང་དུ་ཆུད་པ་སྔོན་དུ་སོང་བ་ཅན་གྱི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་ལྟར་འཁོར་ལོའི་རྣམ་པ་འདི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས་བརྒྱན་ཏེ་རྟག་ཏུ་གཞག་པར་བྱ་ཞེས་བྱ་བ་སྟེ། ཁམ་ཕོར་ལ་སོགས་པའི་ཁ་སྦྱར་གྱི་ནང་ན་གནས་པར་བྱས་ལ། ལྷ་རྣམས་ཀྱི་མཆོད་པ་

གནས་ལ་རྟག་ཏུ་གཞག་ཅིང་རྒྱུན་དུ་མཆོད་པར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་འཁོར་ལོ་ལ་སྔགས་བཀོད་པའི་ལྷ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་དཀྱིལ་འཁོར་གྱི་བསྒྲུབ་པར་བྱ་བ་བསྲུང་བའི་ཕྱིར་མངོན་དུ་ཕྱོགས་པ་ཡིན་པ་དེའི་ཕྱིར་འདིས་འཚེ་བ་ཐམས་ཅད་ལས་བསྲུང་

เล่ม ๔๑ · หน้า 80b

བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་འཁོར་ལོ་བྲིས་ལ་ཤར་གྱི་རྩིབས་ལ་ཨོཾ། མེའི་རྩིབས་ལ་ཧུ་ལུ་ཧུ་ལུ། ལྷོའི་རྩིབས་ལ་ཏིཥྛ་ཏིཥྛ། བདེན་བྲལ་གྱི་རྩིབས་ལ་བནྡྷ་བནྡྷ། ནུབ་ཀྱི་རྩིབས་ལ་ཧ་ན་ཧ་ན། རླུང་གི་རྩིབས་ལ་ད་ཧ་ད་ཧ། བྱང་གི་རྩིབས་ལ་ཨ་མྲྀ་ཏེ། དབང་ལྡན་གྱི་རྩིབས་ལ་ཧཱུཾ་

ཕཊ། འཁོར་ལོའི་ལྟེ་བ་དང་དེ་བཞིན་དུ་ཡི་གེ་ཧཾ་གི་མགོའི་ནང་དུ་ཨོཾ་ཛི་ན་ཆེ་གེ་མོ་རཀྵ་ཀུ་རུ་ཛིཀ་ཅེས་བྲི་བར་བྱ་སྟེ། དེ་ལྟར་འཁོར་ལོ་དེ་ནི་སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས་བརྒྱན་ཏེ་རབ་ཏུ་གཞག་པར་བྱ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྔགས་དགོད་པ་འདི་ནི་ལྷ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་

གནས་ནི་འཕགས་པ་བདུད་རྩི་ཐབ་སྦྱོར་ཏེ། བསྡུས་པ་ནི་བསྒྲུབ་པར་བྱ་བ་བསྲུང་བའི་ཕྱིར་ཀུན་ནས་བྱུང་བའམ་མངོན་དུ་ཕྱོགས་པའོ། །དེ་བས་ན་འདིས་ནི་ཐམས་ཅད་དུ་བསྲུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་རྣམ་པ་གཉིས་པོ་འདི་དག་ནི་བསྲུང་བའི་མཆོག་ཡིན་ནོ། །བསྲུང་བའི་འཁོར་

ལོའོ། །ཨཉྫ་ན་ཉིད་ནི་གནས་ཡིན་ཏེ། དངོས་གྲུབ་ཀྱི་ཐབས་སོ། །འདི་ཉིད་ནི་རྡོ་རྗེ་འཆང་དང་འདྲ་བའི་ཕྱིར་རྡོ་རྗེ་ཡིན་པ་དེ་ལྟར་ན་རྡོ་རྗེ་ཨཉྫ་ནའི་གནས་ཉིད་དོ། །ཚིལ་ཆེན་ནི་མར་མེའི་དོན་དུའོ། །ཁྲག་དང་བཤང་བ་དང་ཞེས་བྱ་བ་ནི་ལྔ་པོ་དག་གིས་ཉེ་བར་མཚོན་པའོ། །ཀུན་དུ་བཟང་པོ་

ནི་ཨཉྫ་ན་དེ་ཉིད་དོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །འདིས་ནི་འདི་སྐད་དུ་རྡོ་རྗེ་ཨཉྫ་ནའི་དངོས་གྲུབ་ཀྱི་ཆེད་དུ་བཟླས་བརྗོད་འབུམ་བྱས་པ་མར་གྱི་ངོའི་བཅུ་བཞི་ལ་ཕྱིའི་རིག་མ་དང་ལྷན་ཅིག་ཏུ་འདོད་པའི་ལྷ་དམར་པོའི་སྦྱོར་བ་དང་ལྡན་པས་ཇི་སྐད་དུ་བཤད་པའི་གནས་གང་ཡང་

རུང་བར་ཡིད་ཀྱིས་རང་གི་དཀྱིལ་འཁོར་ཡོངས་སུ་བརྟགས་ལ་དེའི་དབུས་སུ་ཐོད་པ་གསུམ་ཁ་སྦུབ་པའི་སྟེང་དུ་བདུད་རྩི་ལྔ་དང་ལྡན་པའི་ཆང་གིས་ལེགས་པར་བྱུགས་པའི་ཐོད་པ་ཁ་སྦུབ་ཏུ་བཞག་ལ། དེའི་འོག་ཏུ་བདུད་རྩི་ལྔ་ཅུང་ཟད་དང་ལྡན་པའི་ཚིལ་ཆེན་པོ་བཞུས་པས་བཀང་བའི་ཐོད་པ་བདུད་

རྩི་ལྔ་དང་བཅས་པའི་ཨརྒའི་ཤིང་བལ་དང་པདྨའི་སྐུད་པས་དཀྲིས་པའི་སྡོང་བུ་ཅན་དུ་མར་མེ་སྦར་ལ་མཚན་ཕྱེད་ཀྱི་དུས་སུ་ཐོད་པ་གཅིག་གི་སྟན་ལ་འདུག་ཅིང་ཐོད་པ་གཉིས་ལ་པུས་མོ་གཉིས་བཞག་སྟེ། སྙོམས་པར་འཇུག་པས་གནས་ཤིང་རང་གི་སྔགས་ཟློས་པས་དུད་པ་དབབ་པར་བྱའོ། །དེ་ནས་

เล่ม ๔๑ · หน้า 81a

དེ་དག་བསྡུས་ལ་བདུད་རྩི་ལྔ་དང་བཅས་པའི་སྣུམ་ཆེན་པོ་དང་སྦྲུས་ལ་རས་སམ་དར་བཟང་པོ་ལ་ཐུམ་བུར་གཏུམས་ལ་རིག་མའི་པདྨར་བཅུག་ལ་དེའི་སྦྱོར་བ་དང་ལྡན་པས་གནས་དེ་ཉིད་དུ་དྲོ་བ་དང་དུ་བ་དང་འབར་བའི་མཚན་མ་ཤེས་པར་བྱ་སྟེ། རང་གི་སྔགས་བརྒྱ་རྩ་བརྒྱད་བཟླ་

བར་བྱ་ཞིང་དྲོ་བ་དེ་ཉིད་ཀྱིས་མིག་བསྐུས་ན་ཐམས་ཅད་དུ་སྐད་ཅིག་གིས་འགྲོ་བ་དང་འོང་བར་འགྱུར་བ་དང་ས་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དུ་བ་འཐུལ་བས་ནི་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་སྤྱོད་པའི་སེམས་ཅན་དབང་དུ་བྱེད་དོ། །འབར་བས་ནི་ནམ་

མཁའ་ཐམས་ཅད་དུ་འགྲོ་བར་འགྱུར་བ་དང་། སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དེ་ལྟར་ན་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །རྡོ་རྗེ་མིག་སྨན་ནོ། །འདི་མན་ཆད་ནི་སྒྲུབ་པ་ཆེན་པོའི་སྦྱོར་བའི་གདམས་ངག་ཡིན་ལ་དེ་ཡང་སྦྱོར་བ་འདི་ལ་སྐལ་བ་དང་ལྡན་

པ་རྙེད་པར་དཀའ་བ་ཉིད་དང་། འབྲས་བུ་ཆེ་བ་ཉིད་ཀྱིས་གུས་པ་བསྐྱེད་ནས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་རྙེད་པར་དཀའ་བའི་དབང་དུ་མཛད་ནས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་

དབང་ཕྱུག་གོ། །དེ་སྟོན་པར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ལྡན་ཞེས་བྱ་བ་ནི་མྱུར་དུ་དེ་ཐོབ་པའི་སྐལ་བ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་གྱི་དབང་ཕྱུག་གོ། །དེ་ཡང་དང་པོའི་སྦྱོར་བའི་བདག་ཉིད་ཅན་ནོ། །སྤྱོད་པ་ནི་དེ་ཉིད་ཀྱིས་བདག་དང་གཞན་

གྱི་དོན་ནན་ཏན་དུ་བྱེད་པའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་སྤྱོད་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ་རྡོ་རྗེ་འཆང་བའོ། །དེ་ལྟར་ན་ཏིང་ངེ་འཛིན་གསུམ་པོ་ནི་གོ་རིམས་བཞིན་དུ་རྡོ་རྗེ་འཆང་གི་ངོ་བོ་ཉིད་དང་། ལོངས་སྤྱོད་

རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་ཡིན་ནོ། །ཡང་ན་དེ་ཉིད་ནི་རྡོ་རྗེ་ཡིན་ཏེ་མི་ཟད་པའི་རིན་པོ་ཆེ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་བཞིན་གཤེགས་པ་ནི་རྟག་པའི་སྐུ་ཅན་ཡིན་ཏེ་གོ་རིམས་བཞིན་དུ་ངོ་བོ་ཉིད་ཀྱིས་རྟག་པ་དང་རྒྱུན་མི་འཇིག་པས་རྟག་པ་དང་རྒྱུན་གྱིས་རྟག་པས་སོ། །འདིར་དད་པ་དང་

เล่ม ๔๑ · หน้า 81b

སྒོམ་པ་གང་ཡིན་པ་དེ་གཉི་ག་ཡི་གེ་གསུམ་གྱི་སྐལ་བ་དང་ལྡན་ནོ་ཞེས་བྱ་བ་ནི་དྲིས་པ་དང་པོའི་ལན་གྱི་དོན་ཡིན་ནོ། །ཞབས་དག་ལ་ཕྱག་འཚལ་བ་ནི་གདམས་པར་གསོལ་བ་འདེབས་པའོ། །མི་གསུང་བར་གྱུར་པ་ནི་གདམས་པའི་ཡུལ་སྟོན་པའོ། །ཡི་གེ་གསུམ་པོ་དེའི་སྐལ་བ་

ཡོད་པ་འདིས་ནི་སྐལ་བ་དང་ལྡན་པས་ཞེས་གསུངས་པ་ཉིད་ཡིན་ཏེ། དེ་རྣམས་ཀྱིས་རྙེད་པར་དཀའ་བ་ཉིད་ཀྱང་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཚེ་བསྐལ་པ་འདས་ཤེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མར་མེ་མཛད་མྱ་

ངན་ལས་འདས་པ་ནས་འོད་སྲུངས་མངོན་པར་སངས་རྒྱས་པའི་བར་དུ་སྟེ་དེ་གཉི་གའི་བར་དུ་ཞེས་བྱ་བའི་དོན་ཏོ། །མ་གསུངས་སོ་ཞེས་བྱ་བ་ནི་ངས་དེའི་ཚེ་ཞེས་བྱ་བ་འོག་མ་དང་སྦྱར་རོ། །སྐལ་བ་མེད་པ་ཞེས་བྱ་བ་ནི་དེའི་དུས་ན་ཞེས་གོང་མ་དང་སྦྱར་རོ། །གསང་བ་ཆེན་པོའི་གནས་ནི་རྡོ་རྗེ་འཛིན་

ཆེན་པོའི་གནས་སོ། །དེའི་དོན་ནི་སྒྲུབ་པའི་ཐབས་དེ་ཉིད་རྒྱུད་ཀྱི་རྒྱལ་པོ་འདིའོ། །གལ་ཏེ་མ་གསུངས་པ་དེ་ལྟར་ན་ཡང་གཞན་སྟོན་པའི་ཕྱིར་དེའི་ཚེ་དེའི་དོན་གྲུབ་པར་འགྱུར་རོ་ཞེས་ཁ་ཅིག་དོགས་པ་ལ་དེ་བསལ་བའི་ཕྱིར་འབྲས་བུ་ཆེན་པོ་ཉིད་མ་བཤད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ་མ་གསུངས་པ་ཉིད་ཡིན་ནོ། །འོན་ཀྱང་འདི་ཁྱད་པར་འདིའི་དོན་ཆེན་པོ་གཞན་ལས་གྲུབ་པ་མ་ཡིན་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྐད་ཅིག་ཐང་ཅིག་ཡུད་ཙམ་ནི་དུས་ཀྱི་སྐད་ཅིག་མའོ། །གལ་ཏེ་སྐད་ཅིག་དེ་ཉིད་དུས་ཇི་ཙམ་གྱིས་ཡིན་ཞེ་ན། གངྒཱའི་

ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གང་ཡིན་པ་ཞེས་བྱ་བ་ནི་བྱང་ཆུབ་བོ། །འབད་ཅིང་ནི་གང་གོ་ཆའི་བརྩོན་འགྲུས་ཀྱིས་སོ། །བརྩལ་བ་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་དེའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ལའོ། །སངས་རྒྱས་ཞེས་བྱ་བའི་གྲངས་ནི་བགྲང་བ་

སྟེ། སྒྲུབ་པས་ས་བཅུའི་དབང་ཕྱུག་ཉིད་དང་སྒྲུབ་པ་ཆེན་པོས་ས་ཐམས་ཅད་ཉིད་དུའོ། །དེ་དག་གིས་ཞེས་བྱ་བ་ནི་གང་དག་དེའི་ཚེ་གདུལ་བྱ་རྣམས་ཀྱིས་སོ། །མི་འགྱུར་བ་ནི་ཐུན་མོང་ཡིན་ནོ་ཞེས་བྱ་བ་ནི་མི་འགྱུར་བ་གསུམ་ནི་ཐུན་མོང་ཉིད་དོ། །ཐུན་མོང་ཉིད་ནི་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་

เล่ม ๔๑ · หน้า 82a

སོ། །གསང་བའི་མི་འགྱུར་བ་གསུམ་རྣམ་པར་དག་པ་ནི་ཇི་ལྟར་སྣང་བ་བཞིན་དུ་མེད་པ་ཉིད་ཡིན་པ་དེའི་ཕྱིར་དེ་ལྟར་སྣང་བ་མ་ཐོབ་ཅིང་མ་མཐོང་བ་ཡིན་ནོ། །ཅང་མི་སྨྲ་བར་གནས་པར་གྱུར་པ་ནི་མི་འགྱུར་བ་དམིགས་སུ་མེད་པའི་ཕྱིར་རོ། །ཐམས་ཅད་ཅང་མི་སྨྲ་བར་གྱུར་པ་ནི་བཤད་

པའི་སྐབས་དབྱེ་བའི་དོན་ཏོ། །སྟོན་པའི་དབང་དུ་མཛད་ནས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ནས་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་འདོད་ཆགས་ཆེན་པོའི་དེ་མ་ཐག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕྱོགས་བཅུ་ནས་བྱོན་པ་རྣམས་སོ། །དེ་བཞིན་

གཤེགས་པ་ཐམས་ཅད་ནི་རྣམ་པ་ལྔ་ལས་བྱང་ཆུབ་པའི་རྡོ་རྗེ་འཛིན་ཆེན་པོའོ། །དེའི་སྐུ་དང་གསུང་དང་ཐུགས་ནི་ཐབས་ཀྱི་སྐུ་སྟེ། དེར་དེ་བཞིན་གཤེགས་པ་ལྔར་གྱུར་ནས་བཞུགས་པའོ། །རྡོ་རྗེའི་བཙུན་མོ་ནི་རིག་མ་དགུའི་གཟུགས་ཀྱིས་དེ་རྣམས་སྤྲོས་པའི་འོ། །བྷ་ག་ནི་ཤེས་རབ་ཀྱི་སྐུ་དེར་དེ་

རྣམས་རོ་གཅིག་ཏུ་གྱུར་པའོ། །ལྷ་མོ་བཞིའི་གླུའི་གཞུང་རིམ་པ་བཞིན་དུ་སྦྱར་བར་བྱ་སྟེ། ཅང་མི་གསུང་བར་གྱུར་ཏོ་ཞེས་བཤད་པ་གང་ཡིན་པ་དེའི་རྗེས་ཐོགས་ལ་དེ་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ཀུན་དུ་བཟང་པོ་ཀུན་དུ་བཟང་པོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་

གསུང་དང་ཐུགས་རྡོ་རྗེས་དབང་བསྐུར་བར་གྱུར་ཏོ་ཞེས་བྱ་བ་ནི་བརྗོད་པར་བྱའོ། །གཞུང་འདི་ལས་ནི་འདི་ཉིད་དུ་བཤད་པར་བྱ་བ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་སྙིང་པོའི་རྡོ་རྗེ་ལ་གནས་པའི་དེ་མ་ཐག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་གྱི་དབང་ཕྱུག་གོ། །དེའི་བདག་པོ་ནི་

རྒྱུའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའོ། །དེ་འཛིན་པར་མཛད་ཅིང་བདག་ཉིད་ལ་བསྟོད་པར་མཛད་པས་ན་རྡོ་རྗེ་འཛིན་པའོ། །དེ་རྣམས་ཀྱི་རོ་གཅིག་པ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་ཞུ་བ་གང་ཡིན་པ་དེ་ཉིད་ནི་རྟེན་དང་བརྟེན་པ་སྐྱེད་པར་བྱེད་པ་དང་སྐྱེད་པར་བྱེད་པ་ཞུ་བས་

ན་ཆེན་པོ་ཡིན་པ་དེ་ལྟར་ན་རྡོ་རྗེ་འཛིན་ཆེན་པོ་སྟེ། སྙིང་པོ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །དེ་ལ་བསྟོད་པ་ནི་སྟོད་པར་བྱེད་པ་སྟེ། ཡང་དག་པའི་ཡོན་ཏན་བརྗོད་པས་མཆོད་པར་བྱེད་པའོ། །དགའ་བས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བའི་སྙིང་པོའི་རྡོ་རྗེ་དེ་ལ་

เล่ม ๔๑ · หน้า 82b

ཡོངས་སུ་མགུ་བས་སོ། །མཱ་མ་ཀཱིས་ཞེས་བྱ་བ་ནི་རང་གི་ཕྱོགས་ནས་ལྷགས་ཏེ། རང་གི་སྟན་ལ་བཞུགས་པའི་ཞེ་སྡང་དགའ་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གང་ཡིན་པ་དེའི་བཙུན་མོ་ནི་སོ་སོར་རྟོགས་པས་ཚིམ་པར་མཛད་པའི་ཕྱིར་རོ། །རྡོ་རྗེའི་ཐུགས་ཞེས་བྱ་བ་

ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་ཐུགས་ནི་གསང་བ་གསུམ་ཞུ་བའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་སོ། །གནས་ཀྱི་དབང་ཕྱུག་ནི་དཀྱིལ་འཁོར་གྱི་དབང་ཕྱུག་ཏུ་ཞུ་བའི་ཕྱིར་རོ། །སེམས་ཅན་ཁམས་ནི་རྟེན་དང་བརྟེན་པའི་འཁོར་ལོ་ཞུ་བའི་ཕྱིར་རོ། །

དགའ་མ་རྣམས་ཀྱི་ཡིད་དུ་འོང་བ་ནི་དགའ་བར་བྱེད་པ་སྟེ། དེ་དག་ཀྱང་ཞུ་བའི་ཕྱིར་རོ། །ཡུལ་ཆེན་པོ་ཉིད་ཡིན་པའི་ཕྱིར་དོན་ཆེན་པོའོ། །ཡུལ་གང་གིས་ཤེ་ན་འདོད་པས་ཏེ། དེ་རྣམས་ཀྱང་ཞུ་བའི་ཕྱིར་རོ། །མཆོག་དང་པོའི་རིག་མ་དང་བཅས་པ་ཞུ་བའི་ཕྱིར་སེམས་ཅན་ཡབ་ཆེན་

ནོ། །གཉེན་མཆོག་ནི་སངས་རྒྱས་རྣམས་ཏེ། དེ་རྣམས་ཀྱང་ཞུ་བའི་ཕྱིར་གཉེན་མཆོག་གོ། །དགྱེས་པར་མཛད་དུ་གསོལ་ཞེས་བྱ་བ་ནི་སྐུར་གྱུར་ནས་དོན་མཛད་པའོ། །ཁྱེད་ཀྱིས་བདག་ལ་བསྐྱབ་ཏུ་གསོལ། །ཞེས་བྱ་བ་ནི་ཐུན་མོང་དུ་བསྲུང་བའོ། །གསལ་བར་བྱ་བའི་

ཕྱིར་ནི་མགོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མཆིས་བཞེད་ན་ནི་ལུས་ཅན་དུ་མཛད་པར་དགྱེས་ནའོ། །མགོན་པོ་གལ་ཏེ་དེ་རིང་གསོན་པར་ཞེས་བྱ་བ་ནི་གལ་ཏེ་གཙོ་བོས་བདག་འཚོ་བར་བཞེད་ནའོ། །རྡོ་རྗེའི་སྐུ་ལ་སོགས་པའི་ཡང་སྙིང་པོའི་རྡོ་རྗེ་ཉིད་ཀྱི་རྒྱུ་མཐུན་པ་

ཡིན་པ་དེ་ལྟར་ན་དེ་དག་གི་རང་བཞིན་གྱིས་ཀྱང་དེ་ལ་བསྟོད་པ་ནི། དེ་ནས་ཞེས་བྱ་བ་ནི་མཱ་མ་ཀཱིས་བསྟོད་པའི་དེ་མ་ཐག་ཏུའོ། །སངས་རྒྱས་སྤྱན་ཡིན་གྱི་ནམ་མཁའི་སྤྱན་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟེ། དེའི་བཙུན་མོ་ནི་འཁྱུད་པས་ཚིམ་པར་བྱེད་པའི་ཕྱིར་རོ། །ཡེ་

ཤེས་ཙམ་ཉིད་ཀྱི་མཐར་ཐུག་པའི་འདོད་པ་ནི་རྡོ་རྗེ་འདོད་པ་སྟེ། དེ་རྣམས་ཀྱི་དགའ་བ་ནི་ལོངས་སྤྱོད་ཅིང་འཁྱུད་པའོ། །དེ་ཉིད་ནི་མཆོད་པ་ཡིན་ལ་དེའི་མཆོག་ནི་དེའི་གཙོ་བོའོ། །དོན་ལས་མི་འགྱུར་བའི་ཕྱིར་ན་ཡི་གེའོ། །རྗོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཚིག་སྟེ་དེ་ཡིས་སོ། །དེ་བཞིན་

เล่ม ๔๑ · หน้า 83a

གཤེགས་པ་ཐམས་ཅད་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་རྡོ་རྗེའི་སྐུའོ། །བཀའི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་སྟེ། དེ་ཡང་རྣམ་པ་མང་པོ་ཡོད་མོད་ཀྱི་འདིར་ནི་གཟུགས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་ཚིམ་པར་བྱེད་པས་ན་ཕན་པའི་བཀའི་འཁོར་ལོའོ། །སངས་རྒྱས་ཀྱི་འཁོར་

ལོ་ཉིད་ཡིན་པའི་ཕྱིར་སེམས་ཅན་ཀུན་ནོ། །བྱང་ཆུབ་པའི་ཚུལ་གྱི་བློ་འདི་ལ་མངའ་བས་ན་སངས་རྒྱས་སོ། །དོན་རྣམས་ནི་དེ་ལས་ཐ་མི་དད་པའི་ཕྱིར་དོན་ཏོ། །སངས་རྒྱས་ཀྱང་དེ་ཡིན་ལ་དོན་ཀྱང་ཡིན་པས་ན་སངས་རྒྱས་དོན་ཏོ། །ཡེ་ཤེས་དམ་པའི་ཐུགས་སུ་ཆུད་པས་ན་བྱང་ཆུབ་

པོ། །ཡེ་ཤེས་ཙམ་ཉིད་དུ་སྣང་བའི་ཕྱིར་དོན་གྱི་མཆོག་འདི་ལ་མངའ་བས་ན་དོན་དམ་པས་སོ། །སྙིང་པོའི་དོན་ནི་ཕན་པ་སྟེ་སྙིང་པོའི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར་རྗེས་སུ་སྟེ། དུས་ཕྱིས་མཐོང་བའི་ཕྱིར་དེ་ལྟར་ན་རྗེས་སུ་ཕན་པ་སྟོན་པའོ། །འདོད་ཆགས་དམ་ཚིག་ནི་ལྷན་ཅིག་སྤྱོད་པའོ། །

བདག་ལ་ཞེས་བྱ་བ་ནི་བདག་ཉིད་ལའོ། །དགྱེས་པར་མཛད་དུ་གསོལ་ཞེས་བྱ་བ་ནི་རྡོ་རྗེའི་སྐུ་ཉིད་བརྙེས་ནས་དགྱེས་པར་རོ། །ཆགས་པ་ནི་འཁྱུད་པ་སྟེ། ཁོ་མོ་ནི་ཡོངས་སུ་བཅད་པའི་ཡེ་ཤེས་ཙམ་ཉིད་ཡིན་ལ་ཁྱོད་ནི་ཡོངས་སུ་གཅོད་པ་རྟོགས་པ་ཡིན་ཏེ། ཡོངས་སུ་གཅོད་པ་ནི་

འཁྱུད་པ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོར་རྟོགས་པའི་རྒྱལ་པོའོ། །དེའི་སྐུ་དང་གསུང་དང་ཐུགས་ནི་མཚན་གཞི་དང་མཚན་ཉིད་དང་མཚོན་བྱ་ལ་རྣམ་པར་གཟིགས་པའོ། །དེ་རྣམས་ཀྱི་ཚུལ་ཏེ་དེ་ནི་མཚན་གཞི་ལ་སོགས་པའི་དེ་བཞིན་ཉིད་དེ་གཟིགས་

པའི་ཡུལ་ལོ། །འདོད་པ་ནི་རྡོ་རྗེ་འདོད་པའོ། །དེ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པ་ནི་མཚན་ཉིད་དོ། །དེའི་དམ་ཚིག་སྟེ་མིང་གིས་སོ། །སྨྲ་བས་ཤེས་པར་བྱེད་ཅིང་མཚོན་པར་བྱེད་པས་ན་གསུང་སྟེ། བརྗོད་པ་དང་ཤེས་རབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུང་ཉིད་ཡིན་པས་ན་

རྡོ་རྗེ་གསུང་ངོ་། །ཀུན་ལ་ཞེས་བྱ་བ་ནི་སྣ་ཚོགས་པའོ། །ཞི་བ་དང་བདེ་བ་དག་སྒྲུབ་པར་བྱེད་པའི་ཕྱིར་གོ་རིམས་བཞིན་དུ་ཕན་པ་ཡང་དེ་ཡིན་ལ་བརྩེ་བ་ཡང་ཡིན་པས་དེ་ལྟར་ན་ཕན་ཞིང་ཐུགས་བརྩེ་བའོ། །འཇིག་རྟེན་དག་ནི་དགོས་པའི་དོན་ནི་ཕན་པ་དང་བདེ་བའོ། །དེ་མཛད་པ་ནི་སྒྲུབ་པ་མཛད་པའོ། །

เล่ม ๔๑ · หน้า 83b

རྟག་ཏུ་བརྩོན་པ་ཡིན་གྱི་རེས་འགའ་ནི་མ་ཡིན་ནོ། །རབ་དགའ་ནི་དེ་ཁོ་ན་ཉིད་ཐམས་ཅད་ལ་རྣམ་པར་སྤྱོད་པའོ། །དེ་ཉིད་ཀྱི་སྤྱོད་པ་འདི་ལ་མངའ་བས་ན་རབ་དགའ་སྤྱོད་པའོ། །ཀུན་དུ་ནི་རྣམ་པ་ཐམས་ཅད་དུའོ། །བཟང་པོ་ནི་ཕན་པ་དང་བདེ་བ་སྟེ། འདི་ལས་འཇིག་རྟེན་ལས་འགྱུར་བ་དེ་ལྟར་ན་ཀུན་

དུ་བཟང་པོའོ། །དེས་ནི་འདིས་སེམས་ཅན་ཐམས་ཅད་ལ་དུས་ཐམས་ཅད་དུ་དང་། དེ་ཁོ་ན་ཉིད་ལ་སྤྱོད་པ་དང་ཕན་པ་དང་བདེ་བའི་རྣམ་པ་ཐམས་ཅད་མཛད་པའི་ཕྱིར་གོ་རིམས་བཞིན་དུ་ཚིག་བཞི་པོ་འདི་དག་ཡིན་ནོ། །དགྱེས་པར་མཛད་ཅེས་བྱ་བའི་རྡོ་རྗེའི་གསུང་དེ་ཉིད་ཐོབ་ནས་སྤྱོད་པས་དགྱེས་

པར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ནི་རོ་གཅིག་པའི་སྐུ་ལ་སོགས་པའི་ཡེ་ཤེས་སོ། །འདོད་པ་ནི་བདེ་བ་དང་ཡིད་བདེ་བའོ། །དེ་ཉིད་ནི་རྡོ་རྗེ་སྟེ་ཡང་དག་པར་རིག་པའི་ཆ་ཡིས་སོ། །དེའི་བཙུན་མོ་ནི་ཡང་དག་པར་རིག་པར་བྱ་བ་སྐུ་ལ་སོགས་པའི་

དེ་བཞིན་ཉིད་དོ། །ཇི་ལྟར་ནི་བཙུན་མོ་ཡིན་ཞེ་ན། དེའི་བདག་ཉིད་ཀྱིས་ཚིམ་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདིས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚིགས་སུ་བཅད་པས་སོ། །བདེ་བ་དང་ཡིད་བདེ་བ་ནི་རྡོ་རྗེ་འདོད་པ་དེ་ཉིད་དོ། །དེ་ལ་དགའ་བ་ནི་སྡུག་པའོ། །དེ་གསལ་བར་བྱེད་པའི་

ཚིགས་སུ་བཅད་པ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འདོད་པའོ། །དམ་ཚིག་ནི་ཡང་དག་པར་རྟོགས་པ་སྟེ། གཏི་མུག་རྡོ་རྗེ་མ་ལ་སོགས་པའི་ལོངས་སྤྱོད་དོ། །དེ་རྣམས་ཀྱི་མཆོག་ཉིད་ཡིན་པས་ན་དམ་ཚིག་གོ། །མཆོག་ཏུ་ཕན་པའི་

བདེ་བ་ཉིད་ཡིན་པའི་ཕྱིར་ཕན་དོན་ཆེའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདུང་སྟེ། རིགས་གང་ལས་དེ་རྣམས་འབྱུང་ཞིང་དེ་རྣམས་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདུང་མཆོག་གོ། །མཉམ་ཉིད་ནི་རོ་གཅིག་པར་གྱུར་པའོ། །དེས་རྗེས་སུ་

བརྩེ་བར་མཛད་པའི་ཕྱིར་མཉམ་ཉིད་རྗེས་བརྩེའོ། །རིན་ཆེན་མང་པོ་ནི་སྐུ་གསུམ་གྱི་དེ་བཞིན་ཉིད་བསྡུས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡོན་ཏན་གཏེར་གྱུར་པ་སྟེ། བདག་ལ་དམིགས་ནས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྐྱེ་བའི་ཕྱིར་རོ། །བདག་ལ་དགྱེས་ཞེས་བྱ་བ་ནི་མཉམ་པ་དེ་

เล่ม ๔๑ · หน้า 84a

ཉིད་ཀྱིས་ཡང་དག་པར་དམིགས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་རིག་པ་བཅུ་པོ་གཉིས་སུ་མེད་པར་འགྱུར་བའི་རྗེས་ཐོགས་ལའོ། །འདོད་ཆགས་ཐམས་ཅད་ནི་རིག་པ་དེ་དག་ཉིད་དོ། །དེ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པ་ནི་གཏི་མུག་དང་། ཞེ་སྡང་དང་། འདོད་

ཆགས་སོ། །དེ་ལས་བྱུང་བ་ནི་རྡོ་རྗེའི་དཔལ་ཏེ་སྙིང་གར་ཞུགས་པའི་སངས་རྒྱས་ལྔ་རྡོ་རྗེ་ནོར་བུར་ཞུ་ཞིང་རོ་གཅིག་པར་གྱུར་པ་ནི་རྡོ་རྗེ་ཡིན་ལ། དེ་ཉིད་ནི་ཕུན་སུམ་ཚོགས་པའམ་གཟི་བརྗིད་དོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་ནས་ཅང་མི་གསུང་

བར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་དེ་དག་ཅེས་བྱ་བ་ནི་རིག་མ་བཅུ་པོ་དེ་ཉིད་དོ། །དམ་ཚིག་གི་འཁོར་ལོས་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྟེན་དང་བཅས་པའི་བདག་པོས་སོ། །འདོད་པ་སྤྱོད་ཅིང་ནི་ཡང་དག་པར་ཤེས་པར་བྱེད་ཅིང་ངོ་། །ནམ་མཁའི་

དབྱིངས་ཐམས་ཅད་ནི་རིག་པའི་པདྨའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་རོ་གཅིག་པར་གྱུར་པ་སྟེ། སྟོན་ཀའི་ཟླ་བ་ལྟར་དཀར་བ་ཡིན་ཞིང་དེ་ཉིད་ནི་ཁུ་བ་ཡིན་ཏེ། ཁུ་བ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་ཆུ་སྟེ། དེས་

ཡོངས་སུ་གང་བའི་བུམ་པ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་དབང་ནི་བསྐུར་བ་དང་པོའོ། །བསྡུས་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡིན་ལ། ཁོང་ཉིད་ཡིན་པའི་ཕྱིར་ནམ་མཁའ་ཡིན་ཞིང་གཞིར་གྱུར་པ་ཉིད་ཀྱི་ཕྱིར་དབྱིངས་ཏེ་དེ་ཉིད་ནི་པདྨའོ། །གང་སེམས་ཅན་ཞེས་བྱ་བ་ནི་བདག་པོ་དང་བཅས་པའི་དཀྱིལ་འཁོར་

པ་རྣམས་སོ། །སྐུ་གསུམ་གྱི་དམ་ཚིག་ནི་ཞུ་བ་དེ་ཉིད་དོ། །འདི་རྣམས་ལ་བུ་གའི་ནང་ན་ཞུགས་ཤིང་བབས་ནས་ཡང་དག་པར་བྱུང་བ་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་ལྟར་ན་གཉིས་པའོ། །དེ་རྣམས་རྡོ་རྗེ་དཔལ་གྱིས་རེག་ནས་ཞེས་བྱ་བ་ལ་རྡོ་རྗེ་དཔལ་ནི་ཞུ་བ་དེ་ཉིད་དོ། །དེས་རེག་པ་ནི་རོ་གཅིག་

པར་གྱུར་པ་ནི་རེག་པ་སྟེ། དེ་རྣམས་ཀྱང་དེ་ཉིད་དུ་ཞུ་བའི་ཕྱིར་རོ། །དེ་ཉིད་དེར་ཞུ་བ་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་མཆོག་ཏུ་བདེ་བ་དང་ཡིད་བདེ་བའོ། །དེ་ལྟར་ན་གསུམ་པའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་པས་ན་ཐམས་ཅད་དེ་བཞིན་གཤེགས་

เล่ม ๔๑ · หน้า 84b

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དགྲ་བཅོམ་པ་ནི་ཉོན་མོངས་པ་ཡིན་ལ་དེ་ཐམས་ཅད་བག་ཆགས་དང་བཅས་པར་བཅོམ་པའི་ཕྱིར་དགྲ་བཅོམ་པའོ། །ཆོས་ཇི་

ལྟ་བ་དེ་བཞིན་དུ་སྟོན་པར་མཛད་པའི་ཕྱིར་དེ་བཞིན་གཤེགས་པའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ནས་དབང་བསྐུར་བར་གྱུར་ཏེ་ཞེས་བྱ་བ་འདིའི་མཐར་ཐུག་པའི་གཞུང་ནི་རིམ་པ་གཞན་དུ་སྦྱོར་བ་ཡིན་ཏེ། ཅང་མི་སྨྲ་བར་གྱུར་ཏོ་ཞེས་བཤད་པར་འགྱུར་བ་གང་ཡིན་པ་དེའི་དེ་མ་ཐག་ཏུ་བལྟ་

བར་བྱའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་ཐམས་ཅད་ཞུ་བ་དེ་ནས་བརྩམས་ཏེའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་རྣམས་སོ། །ཀུན་དུ་བཟང་པོ་ཀུན་དུ་བཟང་པོ་ཞེས་བྱ་བར་གྱུར་པ་ནི་མིང་དེ་སྐད་ཅེས་བྱ་སྟེ། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་མིང་གིས་དབང་བསྐུར་བའི་ཕྱིར་རོ། །ཅི་གློ་བུར་པ་ཉིད་དུ་ཡིན་ནམ་ཞེ་ན། མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་ཞུ་བ་དེ་ཉིད་དོ། །དེས་

དབང་བསྐུར་བ་ནི་འོད་ཟེར་སྤྲོས་པའི་སྦྱོར་བས་སོ། །འདི་མན་ཆད་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་མ་ཡིན་ཆོས་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་ནི་མངོན་པར་རྟོགས་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་ཕ་དང་མས་བསྡུས་པའི་ཕུང་པོ་ལ་སོགས་པ་ཞུ་བའི་མངོན་

པར་རྟོགས་པའི་ཡན་ལག་ལ་བཞུགས་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་ཞུ་བ་སྟེ། ཡིད་ཀྱིས་མྱོང་བར་མཛད་ནས་དྲི་བར་མཛད་པའོ། །མཐོང་བ་ནི་མངོན་སུམ་དུ་བྱས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ལ་ཆོས་ནི་རྡོ་རྗེའི་ཡེ་ཤེས་ཏེ་དེ་དང་མཉམ་པ་ཉིད་དོ། །ཐམས་ཅད་དུ་རོ་

གཅིག་པའི་ཡེ་ཤེས་ནི་རྡོ་རྗེ་ཡེ་ཤེས་སོ། །རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ནི་བདེ་བ་ལ་གནས་པའོ། །བྷ་ག་ལས་ཞེས་བྱ་བ་ནི་བྷ་ག་རྣམས་ལས་སོ། །གང་ཞེས་བྱ་བ་ལ་སོགས་པ་ནི་ངོ་མཚར་གང་ཡིན་པ་སྟོན་པ་ཡིན་ཏེ་གང་ཞེས་བྱ་བ་ནི་གསུངས་པའོ། །དེ་ཅི་ཞེ་ན། འདོད་ཆགས་ཀྱི་ཡི་གེའི་ཚིག་

เล่ม ๔๑ · หน้า 85a

གིས་སངས་རྒྱས་ཀྱི་བྱང་ཆུབ་རྗེས་སུ་རྟོགས་པ་དེ་ནི་སྟེ། རིག་མའི་ཉེ་བར་ལོངས་སྤྱོད་ནི་འདོད་ཆགས་སོ། །དེ་ལས་སྐྱེས་པའི་མི་འགྱུར་བའི་རྡོ་རྗེ་ཡེ་ཤེས་ནི་ཡི་གེའོ། །དེའི་ཚིག་ནི་གནས་ཏེ་དམིགས་པ་དང་བཅས་པའི་ཕུང་པོ་ལ་སོགས་པ་བྱང་ཆུབ་ཏུ་རྗེས་སུ་རྟོགས་

པའོ། །ནམ་མཁའ་རྡོ་རྗེ་ནི་རྡོ་རྗེ་ཡེ་ཤེས་དེ་ཉིད་དོ། །དམ་ཚིག་ནི་དེར་ཞུས་པ་རོ་གཅིག་ཏུ་གྱུར་པའི་རྒྱུ་དེས་མཚུངས་པ་སྟེ། སྔར་ཞུ་བ་དང་ལྷན་ཅིག་ཏུ་མཚུངས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གཟུགས་ཀྱི་ཕུང་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཕུང་པོ་རྣམས་ནི་སངས་

རྒྱས་ལྔའོ། །ཁམས་ནི་དགའ་མ་རྣམས་དང་མཆོག་དང་པོའོ། །སྐྱེ་མཆེད་ནི་ཡུལ་དྲུག་གོ། །འདོད་ཆགས་ནི་རེག་པའི་མཚན་ཉིད་དོ། །ཞེ་སྡང་ནི་སོ་སོར་འབིགས་པའོ། །གཏི་མུག་ནི་ཀུན་དུ་འཁྱུད་པའོ། །ཆོས་ནི་ནམ་མཁའི་རྡོ་རྗེའོ། །ཆོས་མ་ཡིན་པ་ནི་ལྷག་མ་རྣམས་ཏེ། དེ་དག་

ཀྱང་གཉིས་མེད་ཅིང་གཉིས་སུ་མེད་པར་གྱུར་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་སོ་སོར་རིག་པ་རྣམས་སོ། །ཅང་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བ་ནི་སྙིང་པོ་རྡོ་རྗེ་དེ་ཉིད་དུ་ཞུ་བར་གྱུར་པའོ། །དེའི་རྗེས་ལ་དེ་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་གང་

ཡིན་པའོ། །དེའི་འོག་ཏུ་ནི་ལྷ་མོ་བཞིའི་གླུ་བཞིས་བསྐུལ་བའི་གཞུང་ངོ་། །དེའི་རྗེས་ལ་དེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་འདི་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་གླུ་བཞིས་བསྐུལ་བའི་འོག་ཏུའོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་སྙིང་པོ་རྡོ་རྗེ་བསྡུས་པ་ལས་བྱུང་བའི་རང་གི་ས་བོན་ལས་བསྐྱེད་པའི་

རིག་མའི་སྐྱེས་བུའི་སྐུ་སྟེ་རྡོ་རྗེ་འཛིན་པའོ། །འདི་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏེ་དང་པོའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རང་གི་རྟོག་པ་གདུལ་བྱ་རྣམས་ལ་འདི་ལྟར་རྣམ་པར་ཕྱེ་བས་ན་བཅོམ་པ་སྟེ་དཀྱིལ་འཁོར་པ་ཐམས་ཅད་དོ། །དེ་རྣམས་སུ་སྤྲུལ་པ་འདི་ལ་ཡོད་པས་ནི་

བཅོམ་ལྡན་འདས་སོ། །འདི་ནི་དཀྱིལ་འཁོར་རྒྱལ་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ་གཉིས་པའོ། །དེ་རྣམས་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་དང་འཁོར་རྣམས་ལའོ། །བཀའ་སྩལ་པ་ཞེས་བྱ་བ་ནི་བཀའ་བསྒོ་བའོ་སྐུ་ལ་སོགས་པའི་རྡོ་རྗེའི་གསང་བ་ནི་དེ་ཁོ་ན་ཉིད་དོ། །བསྒོ་བར་གྱིས་

เล่ม ๔๑ · หน้า 85b

ཤིག་ཅེས་བྱ་བ་ནི་འཛིན་དུ་ཆུག་ཤིག་པའོ། །ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་ཆོས་ཀྱི་རབ་ཏུ་དབྱེ་བ་སྟེ། སྐལ་བ་ཡོད་པ་ནི་དེའི་སྣོད་དུ་གྱུར་པ་སྟེ། སྙིང་པོ་རྡོ་རྗེ་འོད་སྤྲོས་པས་ཀུན་དུ་བཟང་པོར་བྱས་པའི་ཕྱིར་རོ། །དེ་ལྟར་བསྒོ་བ་བྱས་པས་དཀྱིལ་འཁོར་པ་ཇི་སྙེད་པ་རང་རང་གི་སྤྲུལ་པ་

རྣམས་ཀྱིས་འབྱིན་པ་པོའི་བཀའ་ཇི་ལྟ་བ་བཞིན་དུ་ཉམས་སུ་བླང་སྟེ། རང་རང་གི་སྤྲུལ་པ་རྣམས་བདག་ཉིད་ལ་བསྡུ་བར་གྱུར་པའོ། །འདི་ནི་ལས་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏེ་གསུམ་པའོ། །འཁོར་རྣམས་ནི་སྟོན་པའི་བཀའ་བཟུང་ནས་ཅང་མི་སྨྲ་བར་གྱུར་པའོ། །དེ་ནས་ཞེས་བྱ་

བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་དེའི་བསྟན་པ་གཟུང་བའི་ཕྱིར་རོ། །རྡོ་རྗེ་ཆོས་ནི་རྡོ་རྗེ་ཐེག་པ་སྟེ། དེ་ལ་དབབ་པར་གྱུར་པས་ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་ཆོས་སོ། །དམ་ཚིག་གི་དེ་ཁོ་ཉིད་ནི་གསང་ཆེན་གྱི་ཆོས་སོ། །ཆོས་ཀྱི་དབང་ཕྱུག་ནི་ཐེག་པ་ཆེན་

པོའོ། །དེ་བསྲུང་བ་ལ་དབང་བས་ན་རྒྱལ་པོའོ། །རྡོ་རྗེ་ཡང་དེ་ཡིན་ཏེ་ཐོགས་པ་མེད་པའི་སྟོབས་དང་ལྡན་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོ་རྡོ་རྗེའོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་

དཀྱིལ་འཁོར་གྱི་དབང་ཕྱུག་གོ། །དེའི་ཡི་གེ་ནི་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཡི་གེ་རྣམས་ཏེ། རྡོ་རྗེ་གསུམ་པོ་མི་འགྱུར་བས་ཡི་གེ་ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་ཡི་གེ་ཡང་ཡིན་ལ་གསུམ་པོ་ཡང་དེ་ཡིན་ནོ། །དེ་རྣམས་ལ་རང་གི་སྐུ་དང་གསུང་དང་ཐུགས་

ཞུགས་པར་གྱུར་པ་ནི་དཀྱིལ་འཁོར་ཉེ་བར་བསྡུ་བའོ། །དེ་དག་ཐམས་ཅད་ནི་སྒྲུབ་པ་ཆེན་པོའི་གདམས་ངག་གོ། །ཁམས་གསུམ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ནི་འདུས་པར་གྱུར་པའི་སངས་རྒྱས་རྣམས་ཀྱི་སྐུའོ། །གནས་ཤིང་ཞེས་བྱ་བ་ནི་དེ་རྣམས་ལ་ཡིད་ཀྱིས་སོ། །དེ་རྣམས་ཀྱི་མཉམ་

པ་ཉིད་དམིགས་ནས་ཞེས་བྱ་བ་ནི་བདག་ཉིད་ལ་བཞུགས་པ་སྟེ། དེ་རྣམས་ནམ་མཁའ་དང་མཉམ་པ་ཉིད་དུ་བལྟ་བའོ། །ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ནི་དེ་དག་ཉིད་རང་གི་ནང་དུ་ཆུད་པའོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་ལ་ཡང་ཤེས་པར་བྱ་སྟེ། གསུང་གི་རྡོ་རྗེ་

เล่ม ๔๑ · หน้า 86a

ནི་འོད་དཔག་ཏུ་མེད་པའོ། །ཕྱག་ན་རྡོ་རྗེ་ནི་མི་བསྐྱོད་པའོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་རྩ་བའི་རྒྱུད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་བྱིན་གྱིས་བརླབ་ཅེས་བྱ་བ་ནི་སྤྲུལ་པའོ། །རྡོ་རྗེ་

ནི་ཉེ་བར་བསྡུ་བ་སྟེ་བྱིན་རླབས་དང་བཅས་པའི་རྡོ་རྗེ་རྣམས་ཉེ་བར་བསྡུ་བ་ནི་རྡོ་རྗེའི་བྱིན་གྱི་རླབས་སོ། །རྡོ་རྗེ་ནི་དཀྱིལ་འཁོར་པའི་གསང་བ་རྣམས་འདུས་པའི་ཕྱིར་རོ། །དམ་ཚིག་དང་སྡོམ་པ་དང་བཅས་པའི་རྡོ་རྗེ་བྱིན་གྱི་རླབས་ཀྱི། རྡོ་རྗེ་ནི་དམ་ཚིག་དང་སྡོམ་པ་རྡོ་རྗེ་བྱིན་གྱི་རླབས་ཀྱི་རྡོ་རྗེ་

སྟེ། དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །དེ་དག་ནི་འདིར་གཙོ་བོ་ཡིན་ལ། ལེའུའི་དོན་ལྷག་མ་རྣམས་ནི་ཞར་ལས་བྱུང་བ་ཡིན་ནོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བཅུ་བདུན་པའོ།། །།དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་རྩ་

བའི་རྒྱུད་ལེའུ་བཅུ་བདུན་གྱིས་གསུངས་པ་ལ། དེར་གནས་པའི་རྡོ་རྗེའི་ཚིག་གསལ་བར་བྱེད་པའི་ཕྱིར་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གཅིག་ཏུ་བསྟན་པར་བྱ་བ་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུ་བའི་སྒོ་ནས་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་

བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ནི་སྒྲིབ་པ་མེད་ཅིང་དག་པ་ནམ་མཁའི་ཁམས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་

བའོ། །དེ་རྣམས་ཀྱི་བསྟན་པ་ནི་བཤད་པའི་རྣམ་པའོ། །དངོས་པོ་ཐམས་ཅད་དེ་མ་ལུས་པའོ། །དེ་དུས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཐོས་ལ་ཁོང་དུ་ཆུད་ནས་ཞེས་བྱ་བ་ལ་དུས་དེ་གཟུགས་སུ་བསྟན་པའི་དུས་སུ་མཐོང་ལ། གསུང་དུ་བཤད་པའི་དུས་སུ་ཐོས་ཤིང་ཕྱིས་ཁོང་དུ་ཆུད་པ་དེ་

མངོན་སུམ་དུ་བྱས་ནས་སོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་རོ། །དེ་དག་ཅེས་བྱ་བ་ནི་གང་གིས་བསྟན་པ་འདི་གསན་པའོ། །གཟིགས་པ་ནི་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་ཐུགས་སུ་ཆུད་པའོ། །དེ་དག་གིས་ཐ་སྙད་དུ་མཛད་པའི་ཕྱིར་ཆོས་གཟིགས་

เล่ม ๔๑ · หน้า 86b

པ་དང་ལྡན་པའོ། །གསོལ་ཏོ་ཞེས་བྱ་བ་ནི་ཞུས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་གྱི་སྒོ་ནས་དྲི་བ་ཞུས་པའོ། །ཀུན་དུ་བཟང་པོ་ནི་རྡོ་རྗེ་འཆང་བ་སྟེ་དེ་ནི་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཀྱི་ངེས་པ་དག་ནི་ཡོངས་སུ་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་དེ་དེ་ངོ་མཚར་ཡིན་ནོ། །ཇི་ལྟར་

ངོ་མཚར་ཡིན་ཞེ་ན། ཀུན་དུ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །གང་དེའི་སྐུ་དང་གསུང་དང་ཐུགས་དག་གིས་རྣམ་པར་བཞུགས་སོ། །གང་ལ་བཞུགས་ཤེ་ན། སེམས་ཅན་ཐམས་ཅད་ལའོ། །ཅི་ཁོ་བོ་ཅག་དང་འདྲ་ཞེ་ན། མ་ཡིན་ནོ་ཞེས་གསུངས་པ་ནི་དུས་གསུམ་གྱི་རྡོ་རྗེའི་ངོ་

བོར་ཡང་དག་བྱུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་ནི་དུས་གསུམ་ཡིན་ལ། དེ་རྣམས་ཀྱི་རྡོ་རྗེ་ནི་རོ་གཅིག་པར་སྣང་བའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཤིན་ཏུ་རྣམ་པར་དག་པ་དེ་ཉིད་ངོ་བོར་ཏེ། རང་གི་རང་བཞིན་དེར་ཡང་ཡང་དག་པར་བྱུང་བ་སྟེ། དེ་རྣམས་ཀྱི་སྒྲིབ་པ་

མ་ལུས་པར་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་གི་གནས་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས་མི་ཟད་པ་ཉིད་ཀྱི་ཕྱིར་སངས་རྒྱས་རྡོ་རྗེ་ཡང་དེ་དག་ཡིན་ལ། སྤྲུལ་པའི་སྐུའི་སྒོ་ནས་དེ་དང་དེར་བལྟམས་པ་དང་མྱ་ངན་ལས་འདས་པའི་

ཕྱིར་རྫུ་འཕྲུལ་ཆེན་པོ་ཡིན་པས་ན། སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེའོ། །འདི་ཙམ་གྱིས་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་སྐུ་ཐམས་ཅད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་བཞུགས་པའི་གནས་ཉིད་ཀྱི་སྒོ་ནས་ངོ་མཚར་ཏེ་གསུངས་པ་ཡིན་ནོ། །ཡང་ཁྱད་པར་ལྔས་ངོ་མཚར་དུ་བསྟན་པའི་ཕྱིར་ཨེ་མའོ་

ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདིར་རབ་ངོ་མཚར་ཆེ་ཞེས་བྱ་བ་ནི་རྒྱ་ཆེ་བའི་ཁྱད་པར་གྱིས་སོ། །ཞི་བ་ཞེས་བྱ་བ་ནི་སྤྲོས་པ་མེད་པའི་ཁྱད་པར་གྱིས་སོ། །དབང་པོ་འདས་ཞེས་བྱ་བ་ནི་ཟབ་པའི་ཁྱད་པར་གྱིས་སོ། །མཆོག་ཏུ་མྱ་ངན་འདས་ཞེས་བྱ་བ་ནི་སྤངས་པའི་ཁྱད་པར་

གྱིས་ཏེ། ཀུན་ནས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་མ་ལུས་པར་སྤངས་པའི་ཕྱིར་རོ། །འཁོར་བ་དག་གི་རྒྱུན་ཞེས་བྱ་བ་ནི་སྐུ་རྟག་པ་ཉིད་ཀྱི་ཁྱད་པར་གྱིས་སོ། །དེ་དེ་བཞིན་ནོ་ཞེས་གསུངས་པ་ནི་ལན་ཏེ་ངེས་པར་གཟུང་བས་ཐེ་ཚོམ་གཅོད་པའི་ཕྱིར་རོ། །ཕྱི་མའི་ཕྱི་མ་ཞེས་བྱ་བ་ནི་མཆོག་

เล่ม ๔๑ · หน้า 87a

ལས་ཀྱང་མཆོག་ཏུ་གྱུར་པའོ། །ཡང་དག་གསུང་བས་ཞེས་བྱ་བ་ནི་རྡོ་རྗེ་འཆང་གིས་སོ། །གང་ཞེས་བྱ་བ་ནི་རྩ་བའི་རྒྱུད་དེ། དེ་ལ་སྦས་པའི་གནས་གང་ཡིན་པ་དེ་རྣམས་རྟོགས་པ་ཉིད་ནི་དོན་དེ་བྱ་བ་ཉིད་ཡིན་པས་ན་དོན་དེའི་ཕྱིར་རོ། །ཁྱེད་ལ་ཞེས་བྱ་བ་ནི་ཁྱེད་

རྣམས་ལའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་སྤྲོ་བ་བསྐྱེད་པའོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་དགོངས་པ་ཆེན་པོ་སྟེ། སེམས་ཅན་རྣམས་ཀྱི་དོན་ཆེན་པོ་བྱ་བའི་བསམ་པ་ཡོད་པའི་ཕྱིར་རོ། །གསང་བ་རྣམས་ཐོས་པ་དང་འཛིན་པ་དང་སྟོན་པ་ལ་མཁས་པ་དང་ལྡན་པས་ན་ཡོན་ཏན་གྱི་

གནས་སོ། །སོམ་ཉི་ཞེས་བྱ་བ་ནི་ཐེ་ཚོམ་ཅན་གྱི་དོན་ཏོ། །འདིར་ཞེས་བྱ་བ་ནི་རྒྱུད་ལའོ། །གསང་བ་ལ་སོགས་པའི་སྒྲ་རང་གི་ངོ་བོ་ཙམ་དུ་བསྟན་པའི་ཕྱིར་འབྲེལ་པ་མེད་པ་ཅན་ཡིན་མོད་ཀྱི་ཞེས་བྱ་བ་བརྗོད་པའི་ཕྱིར་འབྲེལ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་སྒྲ་འདིས་ནི་ཞེས་བྱ་བའི་དོན་ཏོ། །

དཔེར་ན་འདི་བ་ལང་ཞེས་སྨྲས་སོ་ཞེས་བྱ་བ་ལྟ་བུ་སྟེ། འདིའི་སྒྲ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བའི་སྒྲ་འདི་ནི་རྣམ་པར་དབྱེ་བའི་ཚིག་ཅན་འདི་ཐམས་ཅད་ཀྱི་དོན་ལ་འཇུག་པ་ཡིན་ནོ། །གསང་བ་འདུས་པ་ཞེས་བྱ་བ་འདི་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ཏེ། དེ་རྗོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །

འབྲེལ་པ་མེད་པ་ནི་རྗོད་པར་བྱེད་པར་འགྱུར་བ་ཡང་མ་ཡིན་ཏེ། སེའུ་འབྲུ་བཅུ་ཞེས་བྱ་བ་ལ་སོགས་པའི་ངག་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་ཚིགས་སུ་བཅད་པ་དང་པོས་ནི་དྲི་བ་ལྔ་ཞུས་པ་ཡིན་ནོ། །རྣལ་འབྱོར་དང་རྒྱུད་ནི་རྒྱུད་དང་རྣལ་འབྱོར་རོ། །དེ་དག་ཅི་ལ་བགྱི་ཞེས་བྱ་བ་ནི་ཞུ་བ་གཉིས་

སོ། །གང་དུ་རྣལ་འབྱོར་ཞེས་འདིར་ཅི་ལ་བགྱི་ཞེས་པའི་ཚིག་འབྱུང་བ་ནི་རིགས་པ་མ་ཡིན་ནོ། །དེ་བཞིན་རིགས་ཞེས་འདིར་ཅི་ལགས་ཞེས་པ་ལ་དེ་བཞིན་གྱི་སྒྲ་ནི་བསྡུ་བའི་དོན་ཏོ་ཞེས་བྱ་བ་ནི་སོགས་པའི་དོན་ཏོ། །འདིར་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་ཐུགས་ལ་གཞག་པ་

སྟེ། རིགས་ལ་སོགས་པའི་སྒྲས་ཅི་ཞིག་བརྗོད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཆེན་པོ་ཡང་དེ་ཡིན་ལ། དམ་ཚིག་ཉིད་ཡིན་པའི་ཕྱིར་སེམས་དཔའ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །རབ་བསྐུལ་བ་ཞེས་བྱ་བ་ནི་

เล่ม ๔๑ · หน้า 87b

གསོལ་བ་འདེབས་པར་བྱེད་པའོ། །བཞག་ནས་ཞེས་བྱ་བ་ཇི་ལྟར་ཞེ་ན། དེའི་སྦྱོར་བས་གནས་པའི་ཕྱིར་རོ། །ཞུས་པ་རྒྱ་ཆེན་ཞེས་བྱ་བ་ནི་ཞུས་པ་རྒྱས་པའི་ཡུལ་ཅན་གྱི་དོན་རྣམས་སོ། །རང་རང་གི་ལུས་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་སོགས་པའི་རྣམ་པར་དམིགས་ལ་ཞེས་

བྱ་བར་སྦྱར་རོ། །རང་གི་ཐུགས་ལ་དམིགས་པར་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་པས་སོ། །བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་ནུས་པའི་ཁྱད་པར་གྱིས་དེ་ལ་ཡང་དག་པར་སྦྱོར་བའོ། །གསུང་གཅིག་གིས་ནི་དབྱངས་གཅིག་གིས་སོ། །རྣམ་པ་གསུམ་ཞེས་བྱ་བ་ནི་རེ་རེའི་སྐུ་དང་སྔགས་དང་མཚན་མའི་

བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རམ་སངས་རྒྱས་དང་རིག་པ་དང་ཁྲོ་བོའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །འདི་ལ་སངས་རྒྱས་ཐམས་ཅད་ཡོད་པས་ན་སངས་རྒྱས་ཐམས་ཅད་དོ། །གསང་བ་འདུས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །དེ་རྗོད་པར་བྱེད་པ་ཉིད་

ཡིན་པའི་ཕྱིར་རྒྱུད་ལ་ཡང་དེ་སྐད་ཅེས་བྱའོ། །དེའི་རྗོད་པར་བྱེད་པ་ཉིད་ཀྱང་ངག་གཅིག་པོ་ཉིད་དུ་འབྲེལ་པའི་ཕྱིར་རོ། །འབྲེལ་པ་དེ་ཡང་གསང་བ་འདུས་པ་དོན་གཅིག་ཉིད་ལ་བསྡུ་བའི་ཕྱིར་ལེའུ་ཐམས་ཅད་ཕན་ཚུན་ཕན་འདོགས་པར་བྱེད་པའོ། །དེ་ལ་དང་པོར་རང་གི་དབང་དུ་མཛད་

ནས་ཚིགས་སུ་བཅད་པ་བཞིས་འབྲེལ་པ་བསྟན་པའི་ཕྱིར་ལྔ་པ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གསང་བ་འདུས་པ་འདི་ནི་བཅོམ་ལྡན་འདས་ཐབས་ལས་བྱུང་བའོ། །དེའི་ཐབས་ནི་བཞི་སྟེ་བསྙེན་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ཞེས་བྱ་བ་འཆད་པར་འགྱུར་བའོ། །དེ་

ལ་ཐབས་ལས་བྱུང་བ་རྡོ་རྗེ་འཆང་ཉིད་ནི་ལེའུ་དང་པོར་བསྟན་པ་ཡིན་ཏེ། གཙོ་བོ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་ལེའུ་བཅུ་དྲུག་གིས་ནི་ཐབས་བཞི་ཡིན་ལ། དེ་ནས་བཅོ་བརྒྱད་པས་ནི་གཉིས་ཀ་གསལ་བར་བྱེད་པ་ཡིན་ནོ། །དེ་བས་ན་ཐབས་ལས་བྱུང་བ་ཐབས་དང་བཅས་པ་གསལ་བར་

བྱེད་པ་དང་བཅས་པ་བསྡུས་པའི་ཕྱིར་ལྟོས་པའི་མཚན་ཉིད་ཅན་ནི་ལེའུ་རྣམས་ཀྱི་འབྲེལ་པ་ཡིན་ནོ། །དེ་ལ་ལེའུ་ཐོག་མ་ཐ་མ་དག་ནི་མ་གསུངས་ཀྱང་འབྲེལ་པ་གྲུབ་པ་ཡིན་པ་དེ་ལྟར་ན་ལེའུ་ལྷག་མ་རྣམས་ཀྱི་འབྲེལ་པ་ཚིགས་སུ་བཅད་པ་གསུངས་པ་ཡིན་ཏེ། འདི་ནི་འདི་རྣམས་ཀྱིས་བསྡུས་

เล่ม ๔๑ · หน้า 88a

པའི་དོན་ཏོ། །དགའ་བ་ཅན་གྱི་ལེའུས་ནི་སྒྲུབ་པ་ཆེན་པོ་དང་རྫོགས་ལྡན་གྱི་ལེའུས་ནི་སྒྲུབ་པ་དང་། གཉིས་ལྡན་གྱི་ལེའུས་ནི་ཉེ་བར་སྒྲུབ་པ་དང་། གསུམ་ལྡན་གྱི་ལེའུས་ནི་བསྙེན་པ་སྟོན་ཏོ། །དེ་ལ་ཐབས་བཞི་པོ་རེ་རེའི་ཕྱེད་ཕྱི་མས་ནི་མཚན་ཉིད་དང་། ཕྱེད་སྔ་མས་

ནི་ལེའུ་ཡིན་ནོ། །རྒྱས་པའི་དོན་ནི། ལྔ་པ་དང་ནི་དགུ་པ་དང་། །བཅུ་བདུན་པ་དང་བཅུ་གསུམ་པ། །ཞེས་བྱ་བ་ལེའུ་བཞི་པོ་དེ་དག་ནི་སྒྲུབ་པ་ཆེན་པོ་སྟེ། སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཡིན་ཞིང་སྒྲུབ་པ་ཆེན་པོའི་བཤད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཐབས་བཞི་པོ་སོ་སོར་རེ་རེ་ཞིང་

མངོན་པར་རྟོགས་པ་དང་དམ་ཚིག་གཉིས་གཉིས་སུ་དབྱེ་སྟེ། མཚན་ཉིད་གཉི་ག་ཡང་གཅིག་གི་ནུས་པ་ཐ་དད་ཀྱི་རིགས་པས་ངག་གཅིག་གིས་སྟོན་ཏོ། །དེ་ལས་སྒྲུབ་པ་ཆེན་པོའི་མཚན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྟན་པ་ཞེས་བྱ་བ་ཡིན་ཏེ། དེ་ལ་རིག་པའི་སྐྱེས་

བུའི་བདག་པོས་ཡན་ལག་དང་བཅས་པའི་དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཕྱུང་བ་ནི་སྒྲུབ་པ་ཆེན་པོའི་མངོན་པར་རྟོགས་པའོ། །དེ་ཡང་མ་ལུས་པར་ནི་བཅུ་བདུན་པར་རོ། །བཅུ་གསུམ་པའི་རིག་པའི་སྐྱེས་བུའི་ངེས་པར་བརྟན་པ་ལས་ནི་ཕྱོགས་གཅིག་གོ། །དང་

པོར་ཡང་ཐབས་ལས་བྱུང་བའི་ཞོར་ལ་ཕྱོགས་གཅིག་གིས་སོ། །ལེའུ་ལྷག་མ་རྣམས་སུ་ཡང་ཞོར་ལ་བསྟན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་ཙམ་ནི་བྱང་ཆུབ་བོ། །དེ་རྙེད་པ་ནི་སངས་རྒྱས་སོ། །དེ་ལ་ངེས་པར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱི་བྱ་བའི་ཕྱིར་བསྟན་པ་སྟེ། ཤིན་ཏུ་

གསང་བའི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དེ་ཡང་སྒྲུབ་པ་ཆེན་པོ་སྟེ། ཐབས་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ནི་ལྔ་པ་དང་དགུ་པ་མ་ལུས་པས་སྟོན་པ་བཅུ་བདུན་པ་ལ་སོགས་པའི་ཕྱོགས་རེ་རེས་སོ། །བཞི་པ་དང་ནི་བཅུ་དྲུག་པ། །བརྒྱད་པ་བཅུ་གཉིས་པ་དག་ནི། །སྒྲུབ་པ་སྟེ་འདི་ན་གནས་མེད་

པས་ཚིགས་སུ་བཅད་པ། བཞི་པའི་མཐར་སྒྲུབ་པའི་སྡོམ་པ་ཞེས་པ་དང་སྦྱར་ཏེ། སྒྲུབ་ཉིད་གསང་བའི་ཕྱིར་སྡོམ་པའི། །སློབ་དཔོན་སྤྱི་ཡི་ལས་དང་ནི། །དངོས་གྲུབ་བརྟུལ་ཞུགས་སྡོམ་པ་ཡིན། །ཞེས་བྱ་བ་ནི་མཚན་ཉིད་ཡིན་ཏེ་དེ་ལ་འདོད་ཆགས་ཆེན་པོའི་ཚུལ་གྱི་རིམ་པས་དམ་ཚིག་ཆེན་པོའི་

เล่ม ๔๑ · หน้า 88b

དཀྱིལ་འཁོར་དུ་ཡེ་ཤེས་སེམས་དཔའ་ལ་དབང་བསྐུར་བ་གསུམ་སྦྱིན་པ་ནི་སློབ་དཔོན་སྤྱིའི་ལས་སོ། །རིག་པའི་སྐྱེས་བུ་བསྐྱེད་པ་ནས་དབང་བསྐུར་བའི་མཐར་ཐུག་པ་ནི་དངོས་གྲུབ་པོ། །རིག་པའི་བརྟུལ་ཞུགས་སོ། །མཆོད་པ་དང་བསྟོད་པ་ལ་སོགས་པ་ནི་སྡོམ་པ་སྡེ། སྒྲུབ་པའི་མངོན་པར་

རྟོགས་པའོ། །སློབ་དཔོན་གྱི་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང་། རིག་པའི་བརྟུལ་ཞུགས་བཟུང་བ་དང་། བསྲུང་བ་དང་ཟིན་པའི་སྡོམ་པ་རྣམས་ནི་སྒྲུབ་པའི་དམ་ཚིག་གོ། །དྲུག་པ་དང་ནི་གཉིས་པ་དང་བཅུ་པ་དང་བཅུ་བཞི་པ་དག་ནི་ཉེ་བར་སྒྲུབ་པའི་སྡོམ་

པའོ། །ནི་ཞེས་བྱ་བས་མཚམས་སྦྱོར་བའོ། །ཁ་ཅིག་ལ་ནི་དྲུག་པ་འདིར། །ཞེས་འབྱུང་སྟེ། འདིར་ཞེས་པ་ནི་རྒྱུད་འདིར་རོ། །དྲུག་པ་ཞེས་པ་ནི་གྲངས་དྲུག་པར་ཤེས་པར་བྱེད་པའམ་གནས་དྲུག་པར་ཤོར་བས་ན་དྲུག་པའོ། །ཉེ་བའི་སྒྲུབ་པའི་མཚན་ཉིད་ནི་དྲུག་སྤྱོད་དང་རྗེས་སུ་ཆགས་པའོ། །

དེ་ལ་རྗེས་སུ་ཆགས་པའི་མངོན་པར་རྟོགས་པ་ནི་བྱིན་གྱིས་རློབས་པའི་སྔགས་ལྔ་སྟེ། ཐུགས་མེ་ཉེས་པར་བྱེད་པས་སོ། །དྲག་ཤུལ་གྱི་མངོན་པར་རྟོགས་པ་ནི་ལྔ་པ་རྣམས་ཏེ་ཟབ་ཅིང་ཕྲ་བའི་དངོས་པོ་ལ་དྲག་ཤུལ་གྱིས་ཡིད་འཇུག་པར་བྱེད་པའི་ཕྱིར་རོ། །དམ་ཚིག་གི་དྲག་ཤུལ་གྱི་སྤྱོད་པའོ། །

ཉེ་བར་ལོངས་སྤྱོད་པའི་སྤྱོད་པ་དང་། དཀའ་བའི་སྤྱོད་པ་ནི་ལྷ་རྣམས་རྗེས་སུ་ཆགས་པར་བྱེད་པའོ། །དེ་དག་ཐམས་ཅད་ལེའུ་བཞི་པོ་འདི་རྣམས་སུ་སྟོན་ཏོ། །བདུན་པ་དང་ནི་གསུམ་པ་དང་། བཅུ་གཅིག་པ་དང་། བཅོ་ལྔ་པ་སྟེ། བཞི་པོ་འདི་དག་ནི་བསྙེན་པ་ཡིན་ནོ། །འདིའི་མཚན་ཉིད་ནི་དངོས་གྲུབ་

ཞིང་དང་མཚན་མ་སྟེ། དངོས་གྲུབ་ནི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་རོ། །ཞིང་ནི་ཡན་ལག་དྲུག་གི་སྦྱོར་བ་སྟེ། དེ་དག་གིས་བདག་ཉིད་དངོས་གྲུབ་མཆོག་གི་ཞིང་དུ་བྱེད་པའི་ཕྱིར་རོ། །མཚན་མ་ནི་དམ་ཚིག་དང་རྨི་ལམ་སྟེ། དངོས་གྲུབ་ཀྱི་རྒྱུར་གྱུར་པའི་ཕྱིར་དངོས་གྲུབ་སྟོན་པར་བྱེད་པའི་ཕྱིར་རོ། །ཡང་

གཞན་གྱི་དོན་ལས་བརྩམས་ཏེ། རྒྱུད་ཀྱི་འགྲེལ་པ་ཚིགས་སུ་བཅད་པ་བཞིས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཀུན་གྱི་ལས། །ཞེས་བྱ་བ་གསུངས་ཏེ། གཞན་གྱི་དོན་ནི་རྣམ་པ་བཞི་སྟེ། གཞུག་པ་དང་དབུགས་དབྱུང་བ་དང་ཡོངས་སུ་སྨིན་པ་དང་ཡོངས་སུ་གྲོལ་བའོ། །

เล่ม ๔๑ · หน้า 89a

དབུགས་དབྱུང་བའི་ཚིག་ནི་ཚིགས་སུ་བཅད་པ་གཉིས་པའི་ཁོང་ནས་དབྱུང་བར་བྱའོ། །དེ་བཞིན་གཤེགས་པ་ཀུན་གྱི་ལས། གཞན་དག་ཚར་གཅོད་ཕན་འདོགས་སྤྱོད་པ་དག་གང་ཡིན་པ་དེ་ནི་རྒྱུད་འདི་ལ་དུལ་དང་ཞེས་བྱ་བ་ལ་སོགས་པ་སེམས་ཅན་རྣམས་ཀྱི་འཇུག་པ་སྟེ།

མངོན་པར་དད་པའོ། །དུལ་བ་ནི་ཚར་གཅོད་པ་ཆུང་ངུས་བསྒྲུབ་པར་བྱ་བ་ཡིན་ལ། གདུལ་དཀའ་བ་ནི་ཚར་གཅོད་པ་ཆེན་པོས་བསྒྲུབ་པར་བྱ་བ་རྣམས་ཡིན་ནོ། །ཞི་བ་ནི་ཕན་གདགས་པས་བསྒྲུབ་པར་བྱ་བའོ། །མཆོག་ཉིད་ནི་དངོས་གྲུབ་མཆོག་དང་འབྲེལ་པའོ། །དེ་ལ་ཐུན་མོང་གི་དངོས་གྲུབ་

དང་འབྲེལ་པ་གང་ཡིན་ཞེ་ན། གང་དེའི་བསྙེན་པ་དེ་ཡང་རྣམ་པ་བཞི་སྟེ། རྡོ་རྗེའི་ཆོ་ག་ཞེས་བྱ་བ་རྡོ་རྗེ་བཞི་པོ་བཤད་པའོ། །དངོས་གྲུབ་མཆོག་གི་འབྲེལ་པ་གང་ཡིན་ཞེ་ན། བསྐྱེད་པའི་རིམ་པ་དང་འབྲེལ་པ་སྟེ། རང་གི་ལྷ་ཉིད་དུ་བསྐྱེད་པའི་གོ་རིམས་དང་འབྲེལ་པ་ནི་མིག་དང་སྐུ་ལ་སོགས་པའི་སེམས་

པ་ལས་ཡང་དག་པར་སྦྱོར་བའོ། །དེ་གཉི་ག་ནི་དབུགས་དབྱུང་བ་སྟེ། རང་གི་ལྷའི་རྣལ་འབྱོར་ལ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །དཀྱིལ་འཁོར་ཞེས་བྱ་བ་ནི་བྲི་བའི་དཀྱིལ་འཁོར་དང་མཆོད་པའི་དཀྱིལ་འཁོར་རོ། །བརྟུལ་ཞུགས་ནི་རིག་པའི་བརྟུལ་ཞུགས་སོ། །སློབ་དཔོན་ཕུན་སུམ་ཚོགས་པ་ཞེས་

བྱ་བ་ནི་གཞུག་པ་དང་། དབུགས་དབྱུང་བ་དང་ཡོངས་སུ་གྲོལ་བ་མ་གཏོགས་པར་སློབ་དཔོན་གྱི་བྱ་བ་གཞན་དག་ཡིན་ནོ། །དེ་ནི་བླ་མའི་སྔགས་ཀྱི་ལམ་གྱིས་ནི་སློབ་མ་སྣོད་དུ་རུང་བ་རྣམས་ཡོངས་སུ་སྨིན་པར་བྱ་བ་ཡིན་ནོ། །བརྟུལ་ཞུགས་བཟང་དང་ཞེས་བྱ་བ་ནི་ཡང་དག་པར་གཟུང་བའི་བརྟུལ་

ཞུགས་ཅན་གྱིའོ། །སློབ་དཔོན་གྱི་དབང་བསྐུར་བ་གསུམ་གྱིས་ཀྱང་དབང་བསྐུར་བའོ། །རང་གི་སློབ་མ་ནི་བཀའ་ལས་མི་འདའ་བའི་ཕྱིར་རོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་འདུས་པའི་དེ་ཁོ་ན་ཉིད་ཐམས་ཅད་བསྟན་པ་ལ་རྗེས་སུ་མཐུན་པའི་དད་པ་དང་ཤེས་རབ་དང་བསྟན་པ་དང་ཟབ་པ་དང་ལྡན་པའོ། །

སངས་རྒྱས་ལ་སོགས་པའི་ཤིན་ཏུ་གསང་བའི་དེ་ཁོ་ན་ཉིད་སྟོན་པ་གང་ཡིན་པ་དེ་ཡོངས་སུ་གྲོལ་བ་ཡིན་ཏེ། དགོངས་པ་ཐམས་ཅད་ངེས་པར་འགྲེལ་པའི་ཕྱིར་རོ། །དེ་ལ་དགའ་བ་ཅན་གྱི་ལེའུ་ལྔར་ནི་ཡོངས་སུ་གྲོལ་བ་ཡིན་ལ་ལྷག་མ་རྣམས་ཅི་རིགས་པར་ལེའུ་གཞན་དག་ལ་སྦྱོར་རོ། །དེ་ལྟར་

เล่ม ๔๑ · หน้า 89b

ན་རྩ་བའི་རྒྱུད་ཀྱི་ཆ་ཤས་བཞིའི་ངག་བཞི་གང་དག་ཡིན་པ་ནི་ཡན་ལག་རྣམ་པར་འཐོར་བ་ཕན་ཚུན་ལྟོས་པ་ཅན་ཡིན་པས་ན་གཞན་གྱི་རེ་རེ་སྡུད་པར་བྱེད་པ་ཡིན་ཞིང་གཞན་གྱི་དོན་མ་ལུས་པར་བསྡུ་བའི་ཕྱིར་རྩ་བའི་རྒྱུད་ནི་ངག་གཅིག་ཡིན་ནོ། །དེ་གསལ་བར་བྱེད་པ་ནི་རྒྱུད་ཕྱི་མ་སྟེ།

དེ་གཉི་ག་ནི་བསྟན་པ་དང་བཅས་པ་དེ་ཉིད་ཀྱིའོ། །རྒྱུད་ཀྱི་འགྲེལ་པ་གཉི་ག་དག་ལ་ཡང་ཕལ་ཆེར་དེ་རྗོད་པར་བྱེད་པའི་གཞུང་ཡིན་པས་ན་དེ་སྐད་ཅེས་བྱའོ། །རྣལ་འབྱོར་ཞུས་པའི་ལན་གསུངས་པ། ཐབས་དང་ཞེས་བྱ་བ་ལ་སོགས་པ་ལ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་

རབ་ཏུ་སྦྱོར་བ་རྣལ་འབྱོར་ཡིན་ཏེ། ཕུལ་དུ་བྱུང་བའི་ཤེས་པ་ནི་ཤེས་རབ་བོ། །གང་ཞིག་ནི་གང་ཡང་རུང་བའི་ཤེས་པ་དངོས་མེད་པ་ནི་རིག་བྱ་དང་རིག་པ་གཉིས་སུ་བྱར་མེད་པའོ། །དངོས་མེད་པ་དེ་ཉིད་ཤེས་རབ་ཏུ་བརྗོད་ལ་དེ་ཉིད་འདིར་བྱེ་བྲག་ཏུ་མཐོང་བས་ན་ལྷག་མཐོང་སྟེ། དགའ་བའི་

ཡུལ་ཡིན་པས་དགའ་མ་ཡང་ཡིན་ཏེ་ཡུལ་དང་ཡུལ་ཅན་དབྱེར་མེད་པར་གྱུར་པས་སོ། །ཤེས་རབ་ཉིད་རིག་པ་དང་ཤེས་བྱ་ཞེས་ཀྱང་བྱའོ། །ཉེ་བར་སོང་བ་ནི་ཐབས་ཏེ་སེམས་དེར་ཉེ་བར་འཇུག་པའོ། །དེ་ཡང་དངོས་པོའི་མཚན་ཉིད་སེམས་དེ་ཁོ་ནར་གྱུར་པ་ནི་ཕྲ་མོ་ཉིད་ལས་མི་འཕྲོ་བ་སེམས་

དེར་གྱུར་པ་ཁོ་ན་སྟེ་བརྟན་ཞིང་མི་གཡོ་བས་སོ། །དེ་ཉིད་ནི་ཞི་གནས་ཏེ་གྱུར་པ་པོ་གུད་ན་མེད་པའི་ཕྱིར་སེམས་ཉིད་ཐབས་ཡིན་ལ་སྐྱེས་བུ་དང་ཡེ་ཤེས་ཀྱང་ཡིན་ནོ། །རིག་བྱ་དང་རིག་པ་པོ་དང་སེམས་ལས་བྱུང་བ་དང་སེམས་དེ་ཉིད་དབྱེར་མེད་པར་གྱུར་པ་ནི་ཐབས་དང་ཤེས་རབ་སྦྱོར་བ་སྟེ་རྣལ་འབྱོར་

རོ། །རྒྱུད་ཀྱི་དྲི་བ་ཞུས་པའི་ལན་ནི་རྒྱུད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རྒྱུད་ནི་རྒྱུན་རྒྱས་པའོ། །དེ་ནི་རྒྱུད་དེ་སྐད་ཀྱི་དབྱིངས་ལ་རྒྱུད་ནི་རྒྱས་པ་ཞེས་འབྱུང་བའི་ཕྱིར་རོ། །རྒྱུན་ཡང་དེ་ཡིན་ལ་དེ་ཡང་ཡིན་པས་ན་རྒྱུན་ཏེ་དེ་ནི་རྣམ་པ་གསུམ་དུ་འགྱུར་ཏེ་རབ་ཏུ་དབྱེ་བ་ལས་སོ། །ཇི་ལྟར་རབ་ཏུ་དབྱེ་

བ་ལས་ཡིན་ཞེ་ན། གཞི་དང་དེ་བཞིན་རང་བཞིན་དང་། །སྤང་དུ་མེད་པ་ཡིས་ཞེས་བྱ་བ་སྟེ། དེ་ལས་འབྱུང་གནས་རང་བཞིན་རྒྱུ་ཡིན་ཏེ། འགྲོ་བར་བྱེད་ཅིང་འབྲས་བུ་ཉིད་ཐོབ་པར་བྱེད་པས་ན་རྒྱུ་སྟེ། ས་བོན་ཞེས་བྱ་བའི་དོན་ཏོ། །དེ་ནི་རང་བཞིན་ཡིན་ཏེ། གཙོ་བོའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །

เล่ม ๔๑ · หน้า 90a

དེ་ཡང་གང་ཡིན་ཞེ་ན། དེ་འབྱུང་གནས་ཏེ་ཐོག་མའི་རྒྱུ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་རྒྱུ་དང་པོ་གང་ཡིན་ཞེ་ན། ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་འདི་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་སྤང་མེད་འབྲས་བུ་སྟེ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་

ཅད་སྤངས་པའི་ཕྱིར་རང་གི་རང་བཞིན་དུ་གནས་པའི་ཆོས་ཀྱི་དབྱིངས་ཀྱི་འབྲས་བུ་དེ་ནི་སྤང་དུ་མེད་པ་ཡིན་ཏེ། སྤང་བར་བྱ་བའི་སྒྲིབ་པ་དེའི་ཚེ་ཤིན་ཏུ་མེད་པའི་ཕྱིར་རོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། རང་བཞིན་ལས་རྒྱུ་གཞན་ནི་ཐབས་ཡིན་ནོ། །དེ་ནི་གཞི་ཡིན་ཏེ་དེ་ལ་གནས་པའི་རྣལ་འབྱོར་

པས་འབྲས་བུ་ཐོབ་པའི་ཕྱིར་རོ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་ཏེ། རྒྱུ་དང་འབྲས་བུ་ཐབས་ཀྱི་རྒྱུད་གསུམ་ཉིད་ཀྱིས་རྒྱུད་ཀྱི་དོན་མ་ལུས་པར་བསྡུས་པ་ཡིན་ནོ། །ཐབས་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་དབྱེ་བས་རྒྱུན་དང་ལྡན་པའི་ཕྱིར་ཐབས་ཀྱི་རྒྱུད་དུ་རིགས་པ་མ་ཡིན་ནམ། རྒྱུ་

ནི་ཆོས་ཀྱི་དབྱིངས་ཉིད་ཡིན་ལ་དེ་ཡང་གཅིག་ཉིད་ཡིན་པ་དེ་ལྟར་ན། རྒྱུན་མེད་པའི་ཕྱིར་རྒྱུའི་རྒྱུད་རིགས་པ་མ་ཡིན་ལ་དེ་ཉིད་ཀྱི་ཕྱིར་འབྲས་བུའི་རྒྱུད་ཀྱང་རིགས་པ་མ་ཡིན་ནོ་ཞེ་ན། འདིར་རིགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རིགས་ཀྱི་སྒྲ་ནི་ཐམས་ཅད་ལ་སྦྱར་བར་བྱ་སྟེ། རིགས་

དང་རུས་དང་རྒྱུད་དང་ས་བོན་དང་རྒྱུད་དང་ཁམས་དང་བླ་མ་དང་ཐོག་མ་དང་འབྱུང་གནས་དང་རང་བཞིན་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །རིགས་ལྔ་ནི་གཏི་མུག་དང་ཞེ་སྡང་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་ཅེས་བྱ་བ་རིགས་ལྔ་པོ་དག་གོ། །རིགས་གསུམ་དག་ནི་གཏི་མུག་དང་ཞེ་སྡང་

དང་འདོད་ཆགས་ཞེས་བྱ་བ་རིགས་གསུམ་པོ་དག་གོ། །ངོ་བོ་ཉིད་གཅིག་རིགས་ནི་རང་བཞིན་ངོ་བོ་ཉིད་དེ་རང་བཞིན་རོ་གཅིག་ཏུ་འཇུག་པ་དེ་ནི་རིགས་གཅིག་ཅེས་བྱ་བའི་དོན་ཏོ། །རིགས་བརྒྱ་ཞེས་བྱ་བ་ནི་རིགས་མཐའ་ཡས་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ནི་རེ་རེ་ཞིང་རབ་ཏུ་མཐའ་ཡས་

པ་ཉིད་ཀྱི་ཕྱིར་རོ། །རིགས་ཀྱི་རབ་ཏུ་དབྱེ་བ་གསུངས་པ་དེ་ནི་ཞེས་གསུངས་པའོ། །བྱང་ཆུབ་རྡོ་རྗེ་ནི་རྣམ་པར་དག་པའི་མཐར་ཐུག་པ་ན་བྱང་ཆུབ་ཀྱང་དེ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་པས་ན་བྱང་ཆུབ་རྡོ་རྗེ་སྟེ་དེ་ཉིད་ནི་ཆོས་ཀྱི་དབྱིངས་སོ། །དེ་ནི་ཁྱད་

เล่ม ๔๑ · หน้า 90b

པར་དེ་དང་བཅས་པར་གསུངས་པ་སྟེ། རིགས་ལྔ་ལ་སོགས་པ་གསུངས་པའོ། །དེའི་ཕྱིར་ཡང་དེ་ནི་བླ་མའི་རྒྱུད་དུ་འདོད་དོ། །དེའི་ཁྱད་པར་དེ་དག་བཅས་པར་གསུངས་པ་དེ་ནི་རྒྱུའི་རྒྱུན་གྱི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རྒྱུད་བླ་མ་སྟེ་རྒྱུའི་རྒྱུད་ཅེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་དཔལ་

མཆོག་དང་པོ་ལ་སོགས་པ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་བཤད། །བླ་མ་ཉིད་ནི་ཐོག་མར་བརྗོད། །དེ་ཉིད་གསང་བ་གསང་ཆེན་ནི། །བླ་མའི་རྒྱུད་ནི་ཡིན་པར་འདོད། །ཅེས་གསུངས་སོ། །ཇི་ལྟར་འཕགས་པའི་རིགས་གཅིག་ལ་ཉན་ཐོས་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་

དུ་བྱེད་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་གཅིག་ལ་རིགས་ལྔ་ལ་སོགས་པའི་དབྱེ་བས་སོ། །དེ་སྐད་དུ་ཡང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་རབ་ཏུ་བརྗོད། །ཅེས་གསུངས་

སོ། །གཏི་མུག་གཙོ་བོར་གྱུར་པའི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱི་གནས་སུ་གྱུར་པའི་རིགས་ནི་གཏི་མུག་གི་རིགས་སོ། །ཞེ་སྡང་གཙོ་བོར་གྱུར་པ་རྣམས་ཀྱི་ནི་ཞེ་སྡང་གི་རིགས་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །རྒྱུའི་རྒྱུད་ཉིད་རྣམ་པར་དག་པའི་མཐར་ཐུག་པ་ཡང་

འབྲས་བུའི་རྒྱུད་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་རིགས་པ་མ་ཡིན་ནོ། །རྒྱུད་ཀྱི་དོན་ཞུས་ནས་རྒྱུའི་རྒྱུད་ཀྱང་གསུངས་ལ། དེ་ཡང་རིགས་ལྔ་ལ་སོགས་པ་ཡིན་ནོ་ཞེས་ངེས་པར་མཛད་ནས་ཚིགས་སུ་བཅད་པ་གཉིས་ཀྱི་དེ་ཁོ་ན་ཉིད་ནི་རྣམ་པ་དུ། རིགས་ཀྱི་གསང་བ་ནི་རྣམ་པ་དུ། རིགས་ཀྱི་

གསང་ཆེན་ནི་གང་ལགས། རིགས་ཀྱི་དམ་པ་ནི་རྣམ་པ་དུ་ཞིག་མཆིས་ཞེས་འདྲི་བའི་ཞུ་བ་བཞི་པོ་བྱས་པ་དེ་ལ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་རྣམ་པ་ལྔ་གང་ཡིན་པ་དེ་རྒྱུད་ཐམས་ཅད་ཀྱིས་བསྡུས་པ་ཕྲ་བ་ཉིད་ཡིན་པའི་ཕྱིར་རོ། །གསང་བ་རྣམ་གསུམ་ནི་དེ་ཤིན་ཏུ་ཕྲ་བ་ཉིད་ཡིན་པའི་

ཕྱིར་རོ། །ལྷ་རྣམས་ཀྱི་བདག་པོ་ལྷག་པའི་ལྷའི་རང་བཞིན་ནི་བཅོམ་ལྡན་འདས་སོ། །དེ་ནི་གསང་ཆེན་ཏེ་ཤིན་ཏུ་རབ་ཏུ་ཕྲ་བ་ཉིད་ཀྱི་ཕྱིར་རོ། །རིགས་རྣམ་པ་བརྒྱ་ནི་རིགས་ཀྱི་རང་བཞིན་སྣ་ཚོགས་པའོ། །དེ་ནི་དམ་པ་སྟེ་མཐའ་ཡས་པ་ཉིད་ཀྱི་ཕྱིར་རོ། །དེ་དེ་ལྟར་ན་དྲི་བའི་ཞུ་བ་དགུ་པོ་དང་ལན་གྱི་

เล่ม ๔๑ · หน้า 91a

རྣལ་འབྱོར་གྱི་རྒྱུད་གསང་བ་འདུས་པ་ཡིན་ནོ་ཞེས་བྱ་བའི་སྤྱིའི་དོན་ཡང་དག་པར་ཕྱེ་བ་ཡིན་ནོ། །གཞུང་གཞན་ནི་ཡན་ལག་གི་དོན་ཇི་ལྟར་སྦས་པ་རྣམས་རབ་ཏུ་དབྱེ་བའི་ཕྱིར་རོ། །དེ་ལ་དང་པོར་ལེའུ་དང་པོ་ལ་སྦས་པའི་ཚིག་གི་དོན་རྣམས་ཞུས་པ་ནི། བྱང་ཆུབ་

སེམས་ཞེས་ཅི་ལ་བགྱི། །ཞེས་བྱ་བ་ལ་བརྩམས་ཏེ། དེ་བཞིན་བིགྷྣཱནྟ་ཀྲྀཏ་ཅི་ཞེས་བྱ་བའི་བར་དུའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་དོན་ནི་ཐོག་མ་ཐ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་ནི་སྐྱེ་བ་ཡིན་ལ་ཐ་མ་ནི་འཇིག་པ་ཡིན་ནོ། །དེ་དག་མེད་པའི་ཕྱིར་ཐོག་མ་དང་ཐ་

མ་མེད་པ་སྟེ། ཆོས་ཀྱི་དབྱིངས་སེམས་ཀྱི་རང་བཞིན་ཡིན་ལ་དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་འཆང་གི་དོན་གྱིས་ན་ཐོག་མ་དང་ཐ་མ་མེད་པའོ། །སེམས་ལ་མ་གཏོགས་པའི་དོན་དུ་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རྣམ་པར་སྣང་མཛད་ཀྱི་དོན་གྱིས་ན་ཞི་བའོ། །

ཆོས་དང་ཆོས་ཉིད་ཀྱི་རྒྱུ་མཚན་རྣམས་ནུབ་པའི་ཕྱིར་མི་བསྐྱོད་པའི་དོན་གྱིས་དངོས་དང་དངོས་མིན་ཟད་པའོ། །ཆོས་ཀྱི་དབྱིངས་ཙམ་གྱི་བདག་ཉིད་དང་སངས་རྒྱས་ཐམས་ཅད་དབྱེར་མེད་པར་མཐོང་བའི་ཕྱིར་རིན་ཆེན་འབྱུང་ལྡན་གྱི་དོན་གྱིས་ན་ཁྱབ་བདག་སྟེ་ཐམས་ཅད་དུ་འགྲོ་བའོ། །

མཚན་གཞི་དང་མཚན་ཉིད་ལ་དགའ་བ་རྣམས་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་དུ་ཡོངས་སུ་གཅོད་པའི་ཕྱིར་འོད་དཔག་ཏུ་མེད་པའི་དོན་གྱིས་ན་སྟོང་པ་ཉིད་མི་ཕྱེད་པའོ། །སྣ་ཚོགས་ཀྱི་དོན་མཛད་པའི་ཕྱིར་དོན་ཡོད་པར་གྲུབ་པའི་དོན་གྱིས་ན་སྙིང་རྗེ་མི་ཕྱེད་པའོ། །བྱང་ཆུབ་ཀྱི་སེམས་

ཀྱི་དོན་འདི་ཡང་ལེའུ་དང་པོར་སངས་རྒྱས་ལྔ་རྣམས་ཆོས་ཉིད་དང་ལྷན་ཅིག་ཐུགས་ཀར་ཞུགས་པ་དང་དེ་ཞུ་བ་དང་དཀྱིལ་འཁོར་དུ་ཞུ་བ་དང་། ལོངས་སྤྱོད་པ་པོ་དང་། ལོངས་སྤྱོད་པར་བྱ་བ་དང་། ལོངས་སྤྱོད་ཞུ་བ་དང་འོད་ཟེར་སྤྲོས་པས་སྣ་ཚོགས་དབང་བསྐུར་བར་ཤེས་པར་བྱའོ། །

བྱང་ཆུབ་ཀྱི་སེམས་དེ་ཉིད་ལས་རིག་པའི་སྐྱེས་བུ་འབྱུང་བར་གསུངས་པ་ཡིན་ནོ། །དེའི་ཕྱིར་དེ་ཞུས་པའི་དེ་མ་ཐག་ཏུ་ལན་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིགས་བཅད་ཕྱེད་ཕྱི་མས་ནི་ངེས་ཚིག་བསྟན་ཏེ། ལྷན་ཅིག་ཅེས་པ་ནི་གསུམ་པའོ། །རིག་པར་ལྡན་པ་ཞེས་པ་

เล่ม ๔๑ · หน้า 91b

ནི་དོན་གྱིས་ན་སྐྱེས་བུ་ལ་བྱའོ། །རིག་པ་དང་ལྷན་ཅིག་པའི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ། བར་གྱི་ཚིག་མི་མངོན་པའོ། །ཕྱེད་སྔ་མ་ནི་འདིའི་རིག་པ་སྟེ། མི་ཕྱེད་པ་ནི་འདིར་བྱང་ཆུབ་ཀྱི་སེམས་སུ་ཐམས་ཅད་ཞུ་བར་གྱུར་པ་གང་ཡིན་པའོ། །གང་གིས་མི་ཕྱེད་ཅེ་ན། སྐུ་གསུང་

ཐུགས་ཀྱི་རྡོ་རྗེ་ཡིས་ཏེ། རྡོ་རྗེ་ནི་དེ་བཞིན་ཉིད་དོ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དང་དེ་བཞིན་ཉིད་ཅེས་ཟླས་ཕྱེ་ལ་ཞུ་བར་མི་ཕྱེད་པའོ་ཞེས་བསྡུ་བའོ། །ཕྱེ་བའི་ངོ་བོས་ཞེས་པ་ནི་དེ་དག་ཉིད་ཕྱེ་བའི་རིགས་པས་རིག་པ་དང་སྐྱེས་བུར་ཕྱེ་བས་ཏེ། སངས་རྒྱས་རྣམས་ཀྱིས་དེ་བཞིན་ཉིད་ནི་

རིག་པ་སྟེ། དེ་ཡང་རིག་བྱའི་ཆའོ། །རིག་པ་པོའི་ཆ་ནི་སྐྱེས་བུའོ། །དེ་སྐུ་གསུང་ཐུགས་ཕྱེ་བ་ལས་ནི་གཉི་གའི་ཞལ་གསུམ་མོ། །མི་ཕྱེད་པར་ནི་དོན་དམ་པར་ཏེ་དེས་ན་དེ་དང་ལྡན་པའོ། །རིག་པའི་སྐྱེས་བུ་དེ་ཉིད་ཀྱིས་དཀྱིལ་འཁོར་ཕྱུང་བ་ཡིན་ནོ། །དེ་ལ་སྔགས་བཅུ་གསུམ་དང་རིགས་ལྔ་བཙུན་

མོའི་ཕུན་སུམ་ཚོགས་པ་ཞེས་བྱ་བའི་སྡོམ་པ་གཉིས་ཀྱི་དབང་དུ་མཛད་ནས་འདྲི་བའི་ཞུ་བ་ཉི་ཤུ་རྩ་དྲུག་བྱས་པ་ཡིན་ནོ། །དེ་ལ་ཅི་ཞེས་བྱ་བའི་སྒྲ་བཅོ་ལྔ་ནི་འདྲི་བ་བཅོ་ལྔ་དང་། རིགས་འདིར་དེ་བཞིན་གང་ཞིག་ལགས། །ཞེས་བྱ་བ་གཅིག་ཉིད་ཀྱིས་བཅུ་གཅིག་གོ། །རིགས་ཞེས་བྱ་བ་ལ་སོགས་པའི་

སྒྲས་སྡོམ་གྱི་ཚིགས་སུ་བཅད་པ་ལ་གང་ཞིག་ལགས་ཞེས་པ་ནི་ཐུན་མོང་དུ་སྒྲ་གཅིག་ཡིན་གྱི་བྱེ་བྲག་ཏུ་ན་བཅུ་གཅིག་གོ། །དོན་གྱི་རིགས་ནི་ཅི། ཞེ་སྡང་ནི་གང་། གཏི་མུག་ནི་གང་། འདོད་ཆགས་ནི་གང་། ཡིད་བཞིན་གྱི་ནོར་བུ་ནི་གང་། དམ་ཚིག་ཅེས་པ་ནི་གང་། ང་རྒྱལ་ནི་གང་། དྲེགས་པའི་

དོན་ནི་གང་། ཕྲག་དོག་ནི་གང་། ཐར་པ་ནི་གང་། འདོད་པ་ནི་གང་ཞེས་བྱ་བ་འདི་ཡིན་ནོ། །ཡང་ན་ཞུ་བ་ཉི་ཤུ་རྩ་བདུན་ཡིན་ཏེ། དེ་བཞིན་དུ་བིགྷྣཱནྟ་ཀྲྀཏ་བི་ཞེས་པ་དེ་ལ། དྲི་བ་གཉིས་སུ་བྱས་ཏེ་བིགྷྣཱནྟ་ཀྲྀཏ་པ་ཞེས་པ་དང་། དེ་བཞིན་བི་ཞེས་པའོ། །དེ་བཞིན་ཞེས་པ་ནི་དེ་དག་དང་འདྲ་བར་དཀྱིལ་

འཁོར་པ་གཞན་དག་གི་མིང་ཇི་ལྟ་བུ་ཞེས་པའི་དོན་ཏོ། །དེ་ལ་དང་པོར་ཞུས་པའི་བཛྲ་དྷྲྀཀ་གི་སྔགས་ཀྱི་དོན་གསུངས་པ། རིག་པ་ལྔ་དང་ཞེས་བྱ་བ་ལ་སོགས་པ་ལ། རིག་པ་ལྔ་ནི་མཚན་མ་རྣམས་ཏེ། ཞི་གནས་སོ། །རིག་བྱ་ནི་ལྷག་མཐོང་སྟེ། དེ་ཡང་རྣམ་པ་ལྔའོ། །བཅུ་པོ་དེ་དག་

เล่ม ๔๑ · หน้า 92a

གཅིག་ཏུ་གྱུར་པ་ནི་རྡོ་རྗེ་ཞེས་བཤད་དོ། །དེ་ཉིད་མཆོག་ཏུ་བརྟན་པའི་ཕྱིར་དང་མཆོག་ཏུ་ཕྲ་བའི་བསམ་གཏན་གྱི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་ཉིད་འཛིན་པ་སྟེ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་ཕྱིར་དྷྲྀཀ་ཅེས་བཤད་དེ། བཛྲ་ཡང་ཡིན་ལ་དྷྲྀཀ་ཀྱང་ཡིན་ནོ། །

ཞེས་བྱ་བར་དགོངས་སོ། །དེ་ཅི་ཞིག་ཅེ་ན། ཡིད་ཅེས་བྱ་བ་སྨོས་ཏེ་རྣམ་པར་ཤེས་པའོ། །རིག་པ་དང་རིག་བྱའི་ཤེས་པ་བཅུ་པོའི་ཚོགས་རྣམ་པར་ཤེས་པའི་ཕུང་པོའོ། །ཛི་ན་ཛིཀ་གི་སྔགས་ཀྱི་དོན་གསུངས་པ་ཡོད་དང་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ལུས་ཞེས་བྱ་བ་ནི་སྔར་ཐལ་བའི་ཡིད་ཅེས་

བྱ་བ་དང་སྦྱར་ཏེ། དེས་ན་ཡིད་ཀྱི་ལུས་སོ། །སེམས་ཅན་ཀུན་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་དོ། །ཡང་དེ་ཅི་ཞེ་ན། གདན་རྣམ་པ་ལྔ་ལ་གནས་པའི་སྔགས་རྣམ་པ་ལྔའོ། །ཅི་འདྲ་ཞིག་ཅེ་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལས་བྱུང་སྟེ། ས་ལ་སོགས་པའི་འབྱུང་བ་ལྔ་ཡང་དག་པར་

བསྡུས་པས་ན་འབྱུང་བ་ནི་པདྨའོ། །མིག་ལ་སོགས་པའི་འབྱུང་བ་ལས་གྱུར་པ་རྣམས་ཡང་དག་པར་བསྡུས་པའི་ཕྱིར། འབྱུང་བ་ལས་གྱུར་པ་ནི་རྡོ་རྗེའོ། །ཡུལ་དྲུག་པོ་ཡང་དག་པར་བསྡུས་པའི་ཆོས་ཀྱི་དབྱིངས་ཀྱི་ཟླ་བ་ཡང་འབྱུང་བ་སྟེ་དོན་དམ་པ་ཡིན་པའི་ཕྱིར་རོ། །དེ་ལ་གནས་པའི་ཡིད་

སྣ་ཚོགས་པ་ཡང་འབྱུང་བ་ལས་གྱུར་པ་སྟེ། ཆོས་ཀྱི་དབྱིངས་ལ་དམིགས་པའི་ཕྱིར་རོ། །དེ་དག་ལས་འབྱུང་བ་འདི་ལ་ཡོད་པས་ན་དེ་ལས་བྱུང་ངོ་། །ཇི་ལྟར་ཞེ་ན། རྡོ་རྗེའི་སྒོ་ལས་པདྨའི་ནང་དུ་གདན་དང་བཅས་པའི་སྣ་ཚོགས་པ་ལས་བྱུང་བའི་དེར་ཆུད་པ་རྣམས་སོ། །ཡོད་དང་མེད་དང་དབུས་

ལས་འདས་པ་ལ། གཉིས་ཀྱི་རང་བཞིན་དུ་མེད་པས་ན་ཡོད་པ་ལས་འདས་པའོ། །རྣམ་པར་རིག་པའི་རང་བཞིན་དུ་ཡོད་པས་ན་མེད་པ་ལས་འདས་པའོ། །རེས་འགའ་གཉིས་ཀྱི་རང་བཞིན་དུ་ཡོད་ལ་རེས་འགའ་མེད་པ་མ་ཡིན་པས་ན་དབུས་ལས་འདས་པའོ། །དེ་ལྟ་བུའི་ཡིད་ནི་ཛིཀ་སྟེ། 92a.7རྒྱལ་བ་ཞེས་བྱ་བ་ནི་རྒྱལ་བ་རྣམས་ཀྱིའོ། །དེ་རྣམས་ཀྱི་སྐྱེ་བ་ནི་སྐྱེ་བར་གྱུར་པའོ། །དེ་བས་ན་ཡིད་ཀྱི་ལུས་ནི་སེམས་ཅན་ཀུན་གྱི་ལུས་ཡིན་ལ་ལུས་ཀྱང་གཟུགས་ཡིན་ཏེ། དེའི་ཕྱིར་དོན་གྱི་གཟུགས་ཀྱི་ཕུང་པོ་ཞེས་བྱ་བར་འགྱུར་རོ། །རཏྣ་དྷྲྀཀ་ཅེས་བྱ་བའི་སྔགས་ཀྱི་དོན་གསུངས་པ། དོན་རྣམས་

เล่ม ๔๑ · หน้า 92b

ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སེམས་ནི་རིན་པོ་ཆེ་ཞེས་བྱ་བ་ནི་དམ་པ་ཡིན་པའི་ཕྱིར་དང་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་ཕྱིར་སེམས་ནི་རིན་པོ་ཆེའོ། །ཇི་ལྟར་ཞེ་ན་དོན་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་པའི་རོར་ཡང་དག་པར་བསྡུས་ཏེ་འབྱུང་བ་འདི་ལ་ཡོད་པས་

ནི་ཡང་དག་འབྱུང་ངོ་། །གང་དང་ལྷན་ཅིག་ཅེ་ན། དོན་རྣམས་དང་སྟེ་བསྒྲུབ་པར་བྱ་བ་ཉིད་དང་འདོད་པར་བྱ་བ་ཡིན་པས་ན་དོན་ཏོ། །བདེ་བ་དང་ཡིད་བདེ་བའོ། །ཐམས་ཅད་ཅེས་པ་ནི་སྣ་ཚོགས་པ་སྟེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དང་འདོད་པ་དང་བཅས་པ་ཐམས་ཅད་ཅེས་བྱ་བའི་

དོན་ཏོ། །དེ་བས་ན་དོན་ཞེས་བྱ་བས་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུའི་ཚོར་བ་ཡང་བསྡུས་སོ། །ཚོར་བ་པོས་ཚོར་བ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཚོར་བ་པོ་དང་བཅས་པའི་བདེ་བ་དང་ཡིད་བདེ་བའི་ཚོར་བའོ། །ངེས་པ་ཞེས་བྱ་བ་ནི་བརྟན་ཞིང་རྟག་པ་སྟེ། དེས་ནི་དྷྲྀཀ་གི་དོན་

བཤད་པར་འགྱུར་ཏེ། དྷྲྀཀ་ད་དྷྲྀཀ་ཅེས་བྱ་བའི་དོན་གཅིག་པ་ཉིད་ཡིན་པའི་ཕྱིར་དང་། འཇིག་པ་མེད་པ་ལ་འཇུག་པའི་ཕྱིར་རོ། །རཏྣ་ཡང་ཡིན་ལ་དྷྲྀཀ་ཀྱང་ཡིན་པས་ན་རཏྣ་དྷྲྀཀ་གོ། །ཚོར་བ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་

བ་བསྡུས་པའི་ཕྱིར་རོ། །ཡིད་ཅེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །ཨཱ་རོ་ལིཀ་གི་སྔགས་ཀྱི་དོན་གསུངས་པ་མཚན་གཞི་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དུ་ཞེས་བྱ་བ་ནི་དྲུག་པའི་དོན་གྱི་བསྡུ་བའོ། །མཚན་ཉིད་ཀྱི་གནས་སུ་ནི་གསུམ་པ་སྦྱར་ལ་མཚན་གཞིའི་གནས་སུ་ནི་དྲུག་པ་སྦྱར་

རོ། །དེའི་དོན་ནི་འདི་ཡིན་ཏེ། མཚན་གཞི་ཐམས་ཅད་ཀྱི་མཚན་ཉིད་ཀུན་གྱི་རོལ་པ་ཀུན་ཡིན་པ་དེ་ནི། ཨཱ་རོ་ལིཀ་ཅེས་བཤད་པ་ཡིན་ཏེ། འདི་ལྟར་ཨཱ་ཞེས་བྱ་བ་ནི་ཨཱང་སྟེ་མ་ལུས་པའི་དོན་ཡིན་ལ། དེ་ནི་རོ་དང་ལི་དང་ཀ་རྣམས་སོ་སོ་དང་སྦྱར་རོ། །ར་ནི་རོལ་པ་སྟེ། ཨཱ་ཨོར་བྱས་པས་

རོའོ། །ལ་ནི་མཚན་ཉིད་དེ་ཨཱ་ཨིར་བྱས་པས་ན་ལའོ། །ཀ་ནི་མཚན་གཞི་སྟེ། ཨཱ་རོ་ལིཀ་གོ། །དེ་ལ་མཚན་གཞི་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སོ། །མཚན་ཉིད་ནི་དེ་རྣམས་ཀྱི་མིང་ངོ་། །རོལ་པ་ནི་མཚོན་པའི་འདུ་ཤེས་ཏེ། དེས་དེ་དག་ཡོངས་སུ་གཅོད་

เล่ม ๔๑ · หน้า 93a

པའི་བློའོ། །དེ་དག་མ་ལུས་པར་དབྱེར་མེད་པ་བརྗོད་པ་བསྟན་པའི་ཕྱིར་མཚན་གཞི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཉིད་ཀྱི་སྒྲ་ནི་དངོས་པོ་དང་བྱེད་པ་སྒྲུབ་པ་ལས་གཅིག་ལུས་པ་ཡིན་ནོ། །མཚན་གཞི་དང་མཚན་ཉིད་དང་རོལ་པ་རྣམས་ཀྱི་དངོས་

པོ་ནི་དེ་ཁོ་ན་ཉིད་དེ་མཉམ་པས་ན་དབྱེར་མེད་པའོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དོན་ཏེ་དབྱེར་མེད་པ་ཁོ་ན་ཡིན་གྱི་ཐ་དད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྐུ་དབྱེར་མེད་པ་ནི་སྐུའི་གསང་བར་རོ། །ཐུགས་ནི་ཐུགས་ཀྱི་གསང་བར་རོ། །གསང་བ་རྣམས་དབྱེར་མེད་པ་ནི་

གསང་བ་རྣམས་བསྡུས་པའི་ནོར་བུར་རོ། །གསང་བ་རྣམས་ཀྱི་མིང་ནི། ཨོཾ་ཨཱཿཧཱུཾ་དུའོ། །དེ་རྣམས་ཀྱི་དབྱེར་མེད་པ་ནི་ས་བོན་དེ་དག་ཉིད་བསྡུས་པའི་རང་གི་ལྷའི་ས་བོན་གྱི་ནོར་བུར་རོ། །མཚན་གཞི་ནི་མཚན་ཉིད་ཀྱིས་བསྡུས་སོ། །མཚན་ཉིད་ནི་རོལ་པས་བསྡུས་སོ། །དེ་ཉིད་ཀྱི་

ཕྱིར་འདུ་ཤེས་བསྡུས་པ་ཡིན་པས་ན་འདུ་ཤེས་ཀྱི་ཕུང་པོའོ་ཞེས་དོན་གྱིས་ཤེས་པར་བྱའོ། །པྲཛྙཱ་དྷྲྀཀ་གི་སྔགས་ཀྱི་དོན་གསུངས་པ་རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་རབ་མཐར་ཕྱིན་ཞེས་བྱ་བ་ནི་རབ་ཏུ་སོང་བ་སྟེ། བཏང་ཞིང་སྤྲོས་པ་ཞེས་བྱ་བའི་དོན་ཏོ། །ཁྱབ་པའི་ཤེས་པ་ཡིན་པས་རྣམ་

ཤེས་ཏེ། དེ་གང་ཡིན་པ་ཤེས་རབ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་དག་ལས་ཡི་གེ་གཉིས་གཟུང་ཞེས་བྱ་བར་དགོངས་སོ། །ཇི་ལྟ་བུའི་རྣམ་པར་ཤེས་པ་ཞེ་ན། སེམས་དཔས་འཛིན་པ་ཞེས་བྱ་བ་སྟེ། སེམས་དཔའ་ནི་སེམས་མངོན་པར་འདུ་བྱེད་པའོ། །དེས་འཛིན་པ་ནི་འབད་པ་

དང་བཅས་པས་ཡུན་རིང་དུ་ཉེ་བར་གཞག་པ་ཡིན་གྱི་རང་གི་ངང་གིས་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན་འདུ་བྱེད་ཅེས་བྱ་བ་སྨོས་ཏེ་འདུ་བྱེད་ཀྱི་ཕུང་པོའོ། །དེས་ཤེས་རབ་འཛིན་པས་ན་པྲཛྙཱ་དྷྲྀཀ་ཅེས་བྱ་བར་བཤད་དོ། །འདི་ལྟར་སེམས་དཔའ་ཉིད་དུ་བྱེད་དེ། ཇི་སྐད་དུ་འདུ་བྱེད་གང་ཞེ་ན། སེམས་དཔའོ་

ཞེས་གསུངས་པའི་ཕྱིར་རོ། །སེམས་དཔའ་ཡང་གཅིག་གིས་ཤེས་རབ་འཛིན་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སེམས་དཔའི་ཚོགས་ཀྱིས་ཏེ། དེའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་ནི་ཤེས་པ་འཛིན་པའོ། །རིགས་ཀྱིས་དྲི་བའི་ལན་བསྟན་པའི་ཕྱིར་རིགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུད་ཅེས་བྱ་བ་

เล่ม ๔๑ · หน้า 93b

ནི་རིགས་རྣམ་པ་ལྔ་རྣམས་ཀྱི་ཐོག་མ་སྟེ། འདི་ནི་བསྟན་པའོ། །ཕྱེད་ཕྱི་མ་ནི་ཉེ་བར་བསྟན་པ་སྟེ། མི་སྐྱེ་མི་འཇིག་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡིན་པར་བསྟན་པའོ། །དེའི་དབྱེ་བ་ནི་རྣམ་པ་ལྔ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་མགོན་པོ་སྟེ། དེ་ལ་དམིགས་པས་སངས་རྒྱས་ལ་སོགས་པའི་གོ་འཕང་

ཐོབ་པར་བྱེད་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །སྡོམ་གྱི་ཚིགས་སུ་བཅད་པ་ལས་དེ་བཞིན་ཞེས་འབྱུང་བ་ནི། ཇི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་དང་དམ་ཚིག་ཀྱང་ཉོན་མོངས་པར་གཟུང་བ་སྟེ། གོ་རིམས་བཞིན་དུ་དྲེགས་པ་དང་། ང་རྒྱལ་དང་

ཕྲག་དོག་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ཉོན་མོངས་པ་དྲུག་གི་དྲི་ཡིན་ལ་ལན་ནི་རིག་བྱ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་གསུངས་ཏེ། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ་མི་བསྐྱོད་པའོ། །སྡང་བ་ནི་འཇོམས་པ་སྟེ། གཉེན་པོའི་

ཕྱོགས་ཞེས་བྱ་བའི་དོན་ཏོ། །གང་གི་ཞེ་ན། རིག་བྱ་རིག་བྱེད་གཉིས་ཀྱི་སྟེ། །དྲུག་པའི་དོན་གྱི་གསུམ་པའོ། །དེ་དག་སུན་འབྱིན་པར་བྱེད་པས་ན་སྡང་བའོ། །གཞུང་ཁ་ཅིག་ལས་ནི་གཉིས་ཀྱི་བློ་ཞེས་འབྱུང་ངོ་། །དེར་ཡང་ཞེ་སྡང་ཞེས་བྱ་བ་དང་སྦྱར་ཏེ། རིག་བྱ་རིག་བྱེད་གཉིས་ཀྱི་བློ་ལ་ཞེ་

སྡང་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གཉིས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་རྣམ་པར་ཤེས་པའི་ཕུང་པོ་ནི་ཞེ་སྡང་ངོ་། །བེམས་པོ་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ནི་ཕུང་པོ་སྟེ། རྣམ་པར་སྣང་མཛད་དོ། །བེམས་པོ་ནི་རྨོངས་པ་སྟེ། སྐྱེས་བུ་གླེན་པ་བཞིན་ནོ། །བཅིངས་པ་ནི་འཆང་

བ་སྟེ་རལ་པ་བཅིངས་པ་བཞིན་ནོ། །དེས་ན་གཟུགས་ནི་ཕུང་པོ་སྟེ། བཟུང་བས་སྟོང་པར་འདོད་པའི་ཕྱིར་རོ། །བེམས་པོའི་གཞིར་གྱུར་པས་ན་བཅིངས་པ་སྟེ། དེའི་ཕྱིར་གཟུགས་ཀྱི་ཕུང་པོ་ནི་གཏི་མུག་གོ། །བདག་ཏུ་ཞེས་པ་ལ་སོགས་པ་ལ་ཚོར་བའི་ཕུང་པོ་སྟེ་རིན་ཆེན་འབྱུང་ལྡན་ནོ། །དེ་ནི་དྲེགས་

པ་དང་ང་རྒྱལ་ཡིན་པར་བཤད་དོ། །ཇི་ལྟར་ཞེ་ན། བདག་ཏུ་རློམ་པའི་རང་བཞིན་པས། །ཞེས་བྱ་བ་སྨོས་ཏེ། བདག་ཏུ་རློམ་པ་ནི་ང་རྒྱལ་ལོ། །རང་བཞིན་ནི་དྲེགས་པ་སྟེ། འདི་ལྟར་རང་གི་ཕུན་སུམ་ཚོགས་པ་ཉིད་དུ་གནས་ཤིང་དེར་ཆགས་པས་གཞན་དུ་མི་འགྲོ་བ་སྟེ་དེས་ན་དྲེགས་པའོ། །ཇི་

เล่ม ๔๑ · หน้า 94a

སྐད་དུ་རང་གི་ཆོས་ལ་ཞེན་པའི་སེམས་ཀྱིས་གཞན་དུ་མི་འཇུག་པ་ནི་དྲེགས་པའོ་ཞེས་གསུངས་པའོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བདག་གི་སེམས་དང་དེ་བཞིན་གཤེགས་པའི་ཐུགས་མཉམ་པ་ཉིད་ཡིན་ནོ་ཞེས་སེམས་གཟེངས་བསྟོད་པས་ང་རྒྱལ་ཏེ།

སེམས་གཟེངས་བསྟོད་པའི་མཚན་ཉིད་ནི་ང་རྒྱལ་ཡིན་ནོ། །དེ་བས་ན་ཚོར་བའི་ཕུང་པོ་ནི་དྲེགས་པ་དང་ང་རྒྱལ་ལོ། །དངོས་ལ་ཞེས་བྱ་བ་ལ་སོགས་པ་ལ་འདུ་ཤེས་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། སྣང་བ་མཐའ་ཡས་སོ། །དེ་ནི་ཀུན་ཆགས་ཏེ་ཡང་དག་པའི་འདོད་ཆགས་སོ། །དེ་ཅི་ཞིག་ཅེ་

ན་བདག་ཉིད་དེ་སེམས་སོ། །ཇི་ལྟ་བུ་ཞེ་ན། དངོས་ལ་སྟེ་དོན་དམ་པ་ལའོ། །ཆགས་པ་ནི་ཀུན་དུ་ཞེན་པ་ཡིན་ལ་དེའི་མཚན་ཉིད་ནི་ཆགས་པའི་མཚན་ཉིད་དེ་འདོད་ཆགས་སོ། །རྟོག་པ་ཞེས་བྱ་བ་ལ་སོགས་པ་ལ་འདུ་བྱེད་ནི་འདུ་བྱེད་ཀྱི་ཕུང་པོའོ། །དེ་ཡང་དོན་ཡོད་གྲུབ་པ་སྟེ། དེ་ནི་

ཕྲག་དོག་གོ། །ཇི་ལྟར་ཞེ་ན། རྟོག་པས་སྟོང་པའི་བདག་ཉིད་དེ་རྟག་ཏུ་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །རྟོག་པ་ཞེས་བྱ་བ་ནི་འཛིན་པ་ཡང་དག་པར་མཚོན་པའོ། །གཏོང་བ་ནི་ཡང་དང་ཡང་དུ་གཏོང་བ་སྟེ། རྟོག་པར་གྱུར་པས། ཡང་དང་ཡང་དུ་སྤྲོ་བར་བྱེད། །ཅེས་བྱ་བའི་དོན་ཏོ། །

བདག་ཉིད་ཅེས་བྱ་བ་ནི་རང་རང་གི་ངོ་བོ་སྟེ། འཁོར་ལོ་དང་པདྨ་ལ་སོགས་པ་སྤྲོ་བའོ། །དེ་ལྟར་སྟོང་པའི་ཨི་ར་དང་ཡང་དག་པར་མཚོན་པའི་ཤ་དང་། བདག་ཉིད་ཀྱི་ཨ་རྣམས་ནི་ལྷག་མ་ཕྱི་བས་ཕྲག་དོག་ཅེས་བྱ་བར་འགྱུར་རོ། །དེའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་ནི་ཕྲག་དོག་གོ། །ཡིད་བཞིན་ནོར་བུ་དང་

དམ་ཚིག་དང་འདོད་པ་དང་ཐར་པ་རྣམས་དྲིས་པའི་ལན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་གསུངས་ཏེ། བྱང་ཆུབ་ནི་བདེ་བའི་ཕྲ་མོའོ། །སེམས་ནི་སེམས་ཀྱི་ཕྲ་མོ་སྟེ། བྱང་ཆུབ་དང་རོ་གཅིག་པའི་སེམས་ནི་བྱང་ཆུབ་སེམས་སོ། །འདོད་པ་

ཐམས་ཅད་ཀྱི་གདན་དང་བཅས་པའི་སྣ་ཚོགས་པའི་ངོ་བོ་ཉིད་དེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུའི་བདག་ཉིད་ཡིན་པའི་ཕྱིར་རོ། །དང་པོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི་སེམས་ཀྱི་རིན་པོ་ཆེ་ཞེས་བྱ་བའི་དོན་ཏོ། །དེ་ནི་སྲིད་པ་ལས་ཀུན་འབྱུང་ཡིན་ནོ། །ཡིད་ལས་བྱུང་བས་ན་སྲིད་པ་སྟེ་གསུམ་

เล่ม ๔๑ · หน้า 94b

མོ། །སྲིད་པ་ལས་བྱུང་བ་འདི་ལ་ཡོད་པས་སྲིད་པ་ལས་བྱུང་སྟེ། ཅི་ཞིག་ཅེ་ན། ཐམས་ཅད་དེ་འགྲོ་བ་རྣམས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཐུན་པའི་ཕྱིར་ཡིད་བཞིན་ནོར་བུའོ། །སེམས་དེ་ནི་འདོད་པ་ཞེས་ཀྱང་བྱའོ། །ཇི་ལྟ་བུ་ཞིག་ཅེ་ན། འདོད་ཆགས་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ལ་སོགས་པའི་རང་བཞིན་དང་ལྡན་པའོ། །སྣ་ཚོགས་ནི་བདག་ཉིད་ཀྱིས་ཁྱབ་པར་སྤྲོ་བའི་ཕྱིར་ཏེ། དེ་ལྟར་ན་ཡིད་ལས་བྱུང་བས་ན་འདོད་པ་ཡིན་ལ་འདོད་པ་གང་ཡིན་པ་དེ་ནི་དམ་ཚིག་ཀྱང་ཡིན་ཏེ། ཀུན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་

སྣང་བས་ན་ཞེས་བྱ་བ་གསུངས་ཏེ། རྣམ་པ་སྣ་ཚོགས་ཀྱིས་ཀུན་དུ་རྟོགས་ཤིང་གསལ་བའོ། །སྣ་ཚོགས་ཀྱིས་ཡེ་ཤེས་འབད་པ་དང་བཅས་པ་དེ་ཉིད་ནི་ལས་ལས་སྐྱེས་པ་ཞེས་བྱ་བ་ལ་དེ་ཉིད་རྟག་ཏུ་གྱུར་པ་ནི་མངོན་སུམ་དུ་གྱུར་པ་ཞེས་བརྗོད་དོ། །དེ་ཉིད་འབྲས་བུ་ཞེས་བྱ་སྟེ་ཐར་པ་ཞེས་བྱའོ། །

དེ་ལྟར་བྱས་ན་འདོད་པ་ལས་ཐར་པ་ནི་འདོད་པ་དང་ཐར་པ་ཞེས་བསྟན་པར་འགྱུར་རོ། །སྡོམ་དང་བཅས་པའི་མོ་ཧ་ར་ཏཱི་ལ་སོགས་པའི་སྔགས་ཀྱི་དབང་དུ་བྱས་པའི་དྲི་ཚིག་དྲུག་པོ་རྣམས་ཀྱི་ལན་ཚིགས་སུ་བཅད་པ་ཉིད་ཀྱིས་བསྟན་པར་བྱ་བའི་ཕྱིར་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

ཆོས་རྣམས་ནི་ཤེས་བྱ་དང་ཤེས་པ་རྣམས་སོ། །གཉིས་མེད་ཡེ་ཤེས་ཀྱི་ང་རྒྱལ་ཞེས་བྱ་བ་ནི་ཡེ་ཤེས་ཙམ་དུ་གཉིས་སུ་མེད་པར་ངེས་པའོ། །དེ་ནི་གཏི་མུག་སྟེ་གཉིས་སུ་མི་ཤེས་པའི་ཕྱིར་རོ། །ཕན་ཚུན་འཛེར་བ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨོ་འདུས་པའོ། །དེ་ནི་ཞེ་སྡང་སྟེ་གཉིས་འབྱོར་པའི་ཡི་གེ་

རྣམས་ལས་ཨ་ཡང་དང་ཤ་ལ་མི་མངོན་པས་སོ། །མཚན་ཉིད་ཅེས་བྱ་བ་ནི་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་ཚོར་བའི་ཕུང་པོའི་རོལ་པ་དང་མཚན་ཉིད་དང་མཚན་གཞི་རྣམས་དམིགས་པ་མེད་པར་ཡང་དག་པར་མཚོན་པ་སྟེ་དེ་ནི་འདོད་ཆགས་སོ། །ཅིའི་ཕྱིར་ཞེ་ན་ཞེས་པས་ཏེ་གང་གི་ཕྱིར་

རྒྱུན་གྱིས་འཇུག་པའི་ཕྱིར་རོ། །ཡེ་ཤེས་འདིར་ནི་རྡོ་རྗེ་བཤད། །ཅེས་བྱ་བ་ནི། དེ་རྣམས་རོ་མཉམ་པའི་ཡེ་ཤེས་གང་ཡིན་པ་དེ་འདིར་རྡོ་རྗེ་ཞེས་བརྗོད་དོ། །བཞི་པོ་འདི་རྣམས་ཀྱི་ཚིག་ཕྱི་མ་ནི་ར་ཏཱི་ཞེས་བྱ་བར་འགྱུར་རོ། །དེའི་དོན་ནི། ཤིན་ཏུ་ལོངས་སྤྱོད་རྫོགས་པ་སྟེ། །གཏི་མུག་

เล่ม ๔๑ · หน้า 95a

ལ་སོགས་པ་རྣམས་ཀྱི་ཡུལ་ལ་ལོངས་སྤྱོད་པ་ཡིན་ལ་དགའ་བས་ནི་དེ་རྣམས་ལོངས་སྤྱོད་པ་ཡིན་ཏེ་ཟག་པ་མེད་པའི་ཕྱིར་ཡང་དག་པར་དགའ་བ་ཞེས་བྱའོ། །ཤིན་ཏུ་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའམ་རྟག་པའི་ཕྱིར་ཏེ། མཐའ་ལས་འདས་པ་ཞེས་པའི་དོན་ཏོ། །

སྡོམ་ལ། བཙུན་མོའི་མཆོག་ཕུན་སུམ་ཚོགས་པ། །ཞེས་བྱ་བ་ལ་ཕུན་སུམ་ཚོགས་པའི་དོན་བསྟན་པའི་ཕྱིར། གསུམ་གྱི་བདེ་མཆོག་ཕུན་སུམ་ཚོགས། །ཞེས་གསུངས་ཏེ་རབ་ཏུ་དབྱེ་བ་ལ་ལྟོས་ནས་མང་པོའི་ཚིག་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་བདེ་བའི་མཆོག་ཅེས་པའི་

དོན་ཏོ། །དེ་དག་ནི་རྟེན་དང་བརྟེན་པའི་འབྲེལ་པས་ན། དྲུག་པའི་མཚམས་སྦྱོར་ཡིན་ཏེ་དེའི་ཕྱིར་གསུངས་ལ་གཏི་མུག་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ལ་དགའ་བ་རྟག་ཏུ་ཞེས་བྱ་བའི་རང་བཞིན་ལ་མཁས་པས་རྟག་ཏུ་ཡིད་བདེ་བར་གྱུར་པའོ། །ཕྱེད་ཕྱི་མས་ནི་དགའ་བའི་བདག་ཆེ་བ་

བསྟན་ཏེ། །དེས་ན་ཞེས་བྱ་བ་ནི་གང་ཕྱིར་དེ་ལྟ་བུར་མཚོན་པ་དེའི་ཕྱིར་རོ། །ཐབས་ཞེས་བྱ་བ་ནི་ཕུལ་དུ་འབྱུང་བར་འགྲོ་བའི་ཕྱིར་སེམས་ཅན་རྣམས་ཀྱི་བྱང་ཆུབ་ཐོབ་པའི་ཐབས་ཆེན་པོའོ། །དེའི་ཕྱིར་རྡོ་རྗེ་ཐེག་པ་སྟེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་དེར་ཞུགས་སུ་ཟིན་ཀྱང་སྡུག་བསྔལ་མང་

པོ་ཉིད་ཀྱི་ཕྱིར་མང་དུ་ཕྱིར་ལྡོག་པར་འགྱུར་བས་བརྟན་པ་མ་ཡིན་ལ་དགའ་བ་རྣམས་ནི་ཤིན་ཏུ་བརྟན་པའི་རྡོ་རྗེ་ཐེག་པར་བརྗོད་དེ། གང་གི་ཕྱིར་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པ་རྣམས་བདེ་བ་ཉིད་ཀྱིས་འཇིགས་པ་མེད་པའི་ཕྱིར་རོ། །སྒོ་སྐྱོང་རྣམས་ཀྱི་སྔགས་ཀྱི་དོན་གྱི་དྲི་ཚིག་བཞིའི་

ལན་ཚིགས་སུ་བཅད་པ་རེ་རེས་བསྟན་པའི་ཕྱིར་ཆོས་རྣམས་མི་འཇིག་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ལ་སོགས་པའི་ཆོས་རྣམས་ནི་མ་སྐྱེས་པའི་ངོ་བོ་ཉིད་དེ་གང་གི་ཕྱིར་བུམ་པ་ལ་སོགས་པ་འདི་དག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དོན་དམ་པར་

ཡོད་པ་མ་ཡིན་ལ་མེད་པས་ནི་སྐྱེ་བ་མེད་དེ་མ་སྐྱེས་ན་འཇིག་པར་མི་འགྱུར། དེའི་ཕྱིར་འཇིག་པ་མེད་པའི་བདག་ཉིད་དོ་ཞེས་བྱའོ། །དེ་ཉིད་ནི་མངོན་སུམ་དུ་རྟོགས་པའི་ཕྱིར་འདིའི་དམ་ཚིག་སྟེ། དངོས་པོ་ཀུན་གྱི་ཞེས་བྱ་བ་ནི་ལུས་དང་གནས་དང་ལོངས་སྤྱོད་རྣམས་ཀྱིའོ། །དམ་

เล่ม ๔๑ · หน้า 95b

ཚིག་འདིའི་གང་ཡིན་པ་འདི་ཉིད་ཀྱིས་མཐར་བྱེད་གཤིན་རྗེ་སྟེ། གཤིན་རྗེ་མཐར་བྱེད་དོ། །དེ་ཡང་དྲུག་པའི་མཚམས་སྦྱོར་བ་འདི་ནི་ལག་པའི་རྩེ་མོ་དང་རྩེ་མོ་ལག་པ་ཞེས་བྱ་བའི་མཐར་བྱེད་གཤིན་རྗེ་དང་། གཤིན་རྗེ་མཐར་བྱེད་གཉི་གའི་ཡིན་ནོ། །གཤིན་རྗེ་ནི་དུས་ཏེ་འཇིག་རྟེན་

པ་ཡིན་ལ་དེ་མཐར་བྱེད་པ་ནི་བརྟན་པར་བྱེད་པའི་དོན་ཏོ། །ཆོས་རྣམས་རྣམ་པར་མི་ཤེས་བདག །ཅེས་བྱ་བ་ལ། སེམས་ཀྱི་ཆོས་ཐམས་ཅད་རྣམ་པར་མི་ཤེས་པའི་བདག་ཉིད་དོ། །ཅིའི་ཕྱིར་ཞེ་ན། དོན་དམ་མི་འགྱུར་བདག་ཉིད་ཀྱི་ཕྱིར་ཏེ་མི་འགྱུར་བའི་ཆོས་ཀྱི་དབྱིངས་ཀྱིས་སོ། །དག་པ་

ནི་འབའ་ཞིག་པ་སྟེ་འདི་ལྟར་གཟུང་བ་དང་འཛིན་པ་མེད་པས་དེའི་སྣང་བ་ཡང་ནུབ་པར་གྱུར་པའི་ཕྱིར་ཆོས་ཀྱི་དབྱིངས་འབའ་ཞིག་ལྷག་མར་གྱུར་པ་ཞེས་བྱའོ། །དེ་ཉིད་མངོན་སུམ་དུ་རྟོགས་པས་འདིའི་དམ་ཚིག་གོ། །དམ་ཚིག་འདི་ཡིན་པ་དེས་ན་འདི་ཉིད་ནི་ཤེས་རབ་མཐར་བྱེད་དེ་ཤེས་པ་མཐར་

བྱེད་པའོ། །རྒྱལ་བ་ནི་ཤེས་པ་ལས་རྒྱལ་བའོ། །ཆོས་རྣམས་བརྗོད་དུ་མེད་བདག་ཉིད། །ཅེས་བྱ་བ་ནི་བརྗོད་པར་བྱ་བའི་ཆོས་ཐམས་ཅད་གཞན་ལ་ཚིག་གིས་བསྟན་པར་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མིང་དང་རང་བཞིན་བློ་དངོས་མེད་པའི་ཕྱིར་རོ། །ཇི་སྟེ་མིང་རྣམས་ལས་

དོན་རྣམས་ཀྱི་བློ་སྐྱེ་བ་ཡོད་ན་བརྗོད་བྱ་དང་རྗོད་བྱེད་དུ་འགྱུར་བ་ཞིག་ན་དེ་ལྟར་ཡོད་པ་མ་ཡིན་ཏེ་དེ་གང་གི་ཕྱིར་མི་བདེན་པས་སོ། །བློ་ལས་ཕྱི་རོལ་ན་མིང་ངམ་རང་བཞིན་ཡོད་པ་མ་ཡིན་པ་ལས་བློ་ཡང་ཡོད་པ་མ་ཡིན་ཏེ། གཟུང་བ་མེད་པས་འཛིན་པ་མེད་པའི་ཕྱིར་དང་། དེ་སྣང་བ་དག་ཀྱང་ནུབ་པའི་

ཕྱིར་རོ། །དེ་ཉིད་ནི་མངོན་སུམ་དུ་རྟོགས་པའི་ཕྱིར་འདིའི་དམ་ཚིག་སྟེ། དེ་ལྟ་བུ་ཡིན་པ་དེས་ན་འདི་ཉིད་ནི་པདྨཱནྟ་ཀྲྀཏ་དེ་འདིས་དོན་རྣམས་གོ་ཞིང་རྟོགས་པར་བྱེད་པས་ན་པདྨ་ནི་ཚིག་སྟེ། དེ་མཐར་བྱེད་པའོ། །མཐུ་དང་ལྡན་པའི་ཕྱིར་ཁྱབ་བདག་གོ། །ཆོས་ཀུན་རྣམ་པར་མི་རྟོག་བདག །ཅེས་བྱ་

བ་ནི་རྟག་པའི་ཆོས་ཐམས་ཅད་བདག་ཉིད་ཀྱིས་ཀྱང་བརྟག་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་ནི་ཞི་བའི་དངོས་ཀྱི་ཕྱིར་ཏེ། ཆོས་རྣམས་རང་བཞིན་གྱིས་དེ་བཞིན་ཉིད་དེས་དེ་དག་རྟག་ཏུ་ཞི་བའོ། །བེམས་པོ་ཡིན་པའི་ཕྱིར་མི་རྟོག་པའོ། །དེ་ནི་རྣམ་པར་རྟོག་པའི་ཡུལ་ཡང་མ་

เล่ม ๔๑ · หน้า 96a

ཡིན་ཏེ། རྣམ་པར་རྟོག་པའི་མཚན་མ་ནུབ་ན་དེར་སྣང་བའི་ཕྱིར་རོ། །དེ་ནི་མངོན་སུམ་དུ་རྟོགས་པའི་ཕྱིར་འདིའི་དམ་ཚིག་གོ། །རྡོ་རྗེ་ཀུན་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ཐམས་ཅད་དོ། །དམ་ཚིག་འདིའི་གང་ཡིན་པ་དེས་ན་འདི་ཉིད་བགེགས་མཐར་བྱེད་དེ་

བགེགས་རྣམས་ནི་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ཕྱིར་རོ། །མཐུ་དང་ལྡན་པའི་ཕྱིར་གཙོ་བོའོ། །མི་འཇིག་ཅེས་བྱ་བ་ལ་སོགས་པ་ནི་སྒོ་རྣམས་ཀྱི་ཐུན་མོང་གི་དོན་དང་དེ་དག་གི་འབྲས་བུ་ཡང་གསུངས་པ་ཡིན་ཏེ། འཆི་བའི་གཉེན་པོ་ཡིན་པའི་ཕྱིར་དང་མཚན་མ་རྣམས་ནུབ་པའི་

ཕྱིར་དང་ངག་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་པའི་ཕྱིར་གོ་རིམས་ཇི་ལྟ་བ་བཞིན་དུ་མི་འཇིག་པ་དང་རྣམ་པར་མི་ཤེས་པ་དང་། བརྗོད་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་རྣམས་སོ། །ཡེ་ཤེས་འདི་ཞེས་བྱ་བ་ནི་ཁྲོ་བོ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཡེ་ཤེས་

སོ། །ཤེས་ནས་ཞེས་བྱ་བ་ནི་ལྷག་པར་ཁོང་དུ་ཆུད་པའོ། །བདེ་བ་ཐོབ་པར་འགྱུར་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་འགྱུར་བའོ། །དེ་ལྟར་བྱས་ན་དེ་བཞིན་གཤེགས་པ་ལྔ་དང་རིག་པ་བཞི་དང་ཁྲོ་བོ་བཞི་རྣམས་གོ་རིམས་བཞིན་དུ་རང་བཞིན་དང་རང་གི་

བདེ་བ་དང་ཞི་བ་ཞེས་བྱ་བ་གྲགས་པའི་བྱང་ཆུབ་ཀྱི་སེམས་གསུམ་རྒྱུ་དང་ཐབས་དང་འབྲས་བུ་དག་ཡིན་ནོ། །མཐར་ཐུག་པའི་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ། དེ་དག་བསྟན་པར་འདོད་ནས་གཏི་མུག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་དཀྱིལ་འཁོར་གྱི་

འབྲེལ་པ་གསུངས་ཏེ། གཏི་མུག་གི་རིགས་གང་ཡིན་པ་སྟེ་རྣམ་པར་སྣང་མཛད་དོ། །དེ་ནི་གཏི་མུག་ལོངས་སྤྱོད་ཀྱིས་ཏེ། གཏི་མུག་དགའ་མའི་ཐབས་ཀྱིས་གཏི་མུག་ཟད་པའི་ཕུན་སུམ་ཚོགས་པར་འགྱུར་ཏེ། ཡེ་ཤེས་ཙམ་དུ་ཤེས་པ་མེད་པ་ནི་གཏི་མུག་ཡིན་ལ་དེ་ཟད་པ་ནི་

གཏི་མུག་ཟད་པ་སྟེ། དེ་ཡང་བཅོམ་ལྡན་འདས་གཤིན་རྗེ་མཐར་བྱེད་དོ། །དེས་ན་ཞེས་བྱ་བ་ནི་གཏི་མུག་ཟད་པའི་རྒྱུ་དེས་ནའོ། །ལུས་མཐར་བྱེད་ཅེས་བྱ་བ་ནི་ལུས་ཀྱི་རྟོག་པ་མཐར་བྱེད་པའོ། །དེས་ན་ཤེས་བྱ་མཐར་བྱེད་འགྱུར། །ཞེས་བྱ་བ་ནི་ཤེས་བྱའི་རྟོག་པ་མཐར་འབྱིན་པའོ། །ཉེས་

เล่ม ๔๑ · หน้า 96b

པ་ཞེས་བྱ་བ་ནི་ཞེ་སྡང་གི་རིགས་གང་ཡིན་པ་སྟེ་མི་བསྐྱོད་པའོ། །ཞེ་སྡང་ཉིད་ཉེས་པ་སྟེ་དེ་དེར་བྱས་པས་དེ་ནི་ཉེས་པའི་ལོངས་སྤྱོད་ཀྱིས་ཏེ། ཞེ་སྡང་དགའ་མའི་ཐབས་ཀྱིས་ཉེས་ཟད་ཕུན་སུམ་ཚོགས་པར་འགྱུར་ཏེ། འདིར་ཉེས་པ་ནི་གཉིས་སུ་སྣང་བ་ཡིན་ཏེ་དེ་དོར་བྱས་པས་སོ། །དེ་ཟད་པ་ན་ཉེས་

པ་ཟད་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཤེས་རབ་མཐར་མཛད་དོ། །དེས་ན་སེམས་མཐར་བྱེད་ཡིན་ཏེ། འཛིན་པ་པོ་ནུབ་པའི་ཕྱིར་རོ། །དེས་ན་ཉོན་མོངས་པ་མཐར་བྱེད་ཀྱང་ཡིན་ཏེ། དེ་རྣམས་འཛིན་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། །འདོད་ཆགས་ཞེས་བྱ་བ་ནི་རིགས་གང་

ཡིན་པ་སྟེ། རིན་པོ་ཆེ་དང་འོད་དཔག་ཏུ་མེད་པའོ། །དེ་ནི་འདོད་ཆགས་ལོངས་སྤྱོད་པ། །ཞེས་བྱ་བ་ནི་འདོད་ཆགས་དགའ་མ་ཐབས་ཀྱི་འདོད་ཆགས་ཟད་པའི་ཕུན་སུམ་ཚོགས་པར་འགྱུར་ཏེ། འདིར་འདོད་ཆགས་རོལ་པ་དང་མཚན་ཉིད་དང་། མཚན་གཞི་ལ་ཉེ་བར་དམིགས་

པའི་མཚན་ཉིད་གང་ཡིན་པ་སྟེ། དེ་ཟད་པ་ནི་འདོད་ཆགས་ཟད་པའོ། །དེ་ཡང་བཅོམ་ལྡན་འདས་པདྨ་མཐར་མཛད་དོ། །དེས་ན་ངག་མཐར་བྱེད་པ་སྟེ། རྣམ་པར་རྟོག་པ་ལས་བྱུང་བའི་ངག་མཐར་བྱེད་པའོ། །དེ་བཞིན་སྙོམས་འཇུག་མཐར་བྱེད་འགྱུར། །ཞེས་བྱ་བ་འདིར་

སྙོམས་པ་ནི་སྙོམས་པར་འཇུག་པའི་སྒྲིབ་པ་སྟེ། ཚིག་ཕྱི་མ་མི་མངོན་པར་སྙོམས་པར་འཇུག་པའོ། །དེ་མཐར་བྱེད་ནི་འདོད་ཆགས་དགའ་མས་སེམས་བརྟན་པར་བྱས་པས་ན་རྡོ་རྗེ་སེམས་དཔའ་ཞུགས་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །ཉོན་

མོངས་ཀུན་ནི་གོ་རིམས་བཞིན་དུ་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་རྣམས་སོ། །རྡོ་རྗེ་ཐམས་ཅད་ནི་ལུས་དང་སེམས་དང་ངག་རྣམས་སོ། །སྒྲིབ་པ་ཀུན་ནི་ཤེས་བྱ་དང་ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་རྣམས་སོ། །དེ་ལ་ཤེས་བྱར་རྟོག་པ་ཉིད་ཤེས་བྱའི་སྒྲིབ་པའོ། །ཉོན་

མོངས་པ་ཉིད་ནི་ཉོན་མོངས་པའི་སྒྲིབ་པའོ། །སྙོམས་པར་འཇུག་པ་ལ་སྒྲིབ་པ་ནི་སྙོམས་པར་འཇུག་པའི་སྒྲིབ་པའོ། རྣམས་ཟད་པར་བྱེད་པའི་ཡེ་ཤེས་ཏེ། དེ་ནི་བཅོམ་ལྡན་འདས་བགེགས་མཐར་བྱེད་དོ། །དེས་འདི་སྐད་དུ། ཉོན་མོངས་རྡོ་རྗེ་ལོངས་སྤྱོད་པས། །ཉོན་མོངས་རྡོ་རྗེ་ཟད་

เล่ม ๔๑ · หน้า 97a

པ་བགེགས་མཐར་བྱེད། །དེས་ནི་ཉོན་མོངས་རྡོ་རྗེ་ཟད་འགྱུར་ལ། །དེ་བཞིན་སྒྲིབ་པ་མཐར་བྱེད་འབྱུང་། །ཞེས་བསྟན་པར་འགྱུར་ཏེ། གཞན་དུ་ན་དོན་ཡོད་གྲུབ་པ་དང་རྡོ་རྗེ་དགའ་མ་དང་བགེགས་མཐར་བྱེད་རྣམས་ཀྱི་འབྲེལ་པ་བསྟན་པར་འགྱུར་རོ། །དེ་དག་གིས་རིགས་

དང་ལོངས་སྤྱོད་རྣམས་ཁྲོ་བོ་རྣམས་དང་འབྲེལ་པར་བསྟན་ནས་འབྲས་བུ་དང་འབྲེལ་པ་བསྟན་པའི་ཕྱིར་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་རྣམས་དང་རྡོ་རྗེ་རྣམས་དང་སྒྲིབ་པ་རྣམས་ཟད་པས་བདུད་རྩི་འཁྱིལ་པའི་དུས་སུ་ལས་ཐམས་ཅད་རྣམ་པར་དག་ཅིང་དྲི་མ་མེད་པར་

འགྱུར་ཏེ་དེས་ན་ལས་ལས་སྐྱེས་པའི་འབྲས་བུ་རྡོ་རྗེ་འཆང་ཆེན་པོ་གོ་འཕང་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་བིགྷྣཱནྟ་ཀྲྀཏ་བི་ཞེས་བྱ་བའི་དྲི་མ་ནི་བིགྷྣཱནྟ་ཀྲྀཏ་ཇི་ལྟ་བུ་དེ་བཞིན་ནི་ཇི་ལྟ་བུ་ཞེས་རྣམ་པར་དབྱེ་བ་བྱས་པས་གཉིས་སུ་འགྱུར་རོ། །དེ་བཞིན་ཞེས་བྱ་བས་ནི་དེ་དང་འདྲ་བའི་ལྷ་

གཞན་དག་གིས་ཡང་མིང་ཇི་སྐད་ཅེས་བྱ་བ་དང་དོན་ཇི་ལྟ་བུ་ཞིག་ལགས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་དག་གི་ལན་གསུངས་པ་གཟུང་བ་དང་ཞེས་བྱ་བ་ལ་སོགས་པ་ལ་གཟུང་བ་ནི་འདོད་པ་རྣམས་ལ་ལོངས་སྤྱོད་པའོ། །འདོད་ཆགས་ནི་བསམ་གཏན་གྱི་སེམས་ཀྱི་དབྱིངས་ལ་རོལ་པའོ། །རྣམ་

པ་ནི་དེ་ཉིད་ཀྱིས་རིག་བྱ་དང་བཅས་པའི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པ་པོས་རིན་པོ་ཆེ་ཕྲ་མོར་བྱེད་པའོ། །མི་གཡོ་བ་ནི་རིན་པོ་ཆེ་དེ་ཉིད་སྔགས་ཀྱི་ཐིག་ལེ་ལ་བརྟན་ཞིང་མི་གཡོ་བར་བྱེད་པའོ། །རྒྱུ་ནི་རིན་ཆེན་དེ་ཉིད་ལས་མཚན་མ་རྣམས་ཁྱབ་པར་སྤྲོ་

བའོ། །འབྲས་བུ་ནི་ཁྱབ་པར་སྤྲོས་པ་རྣམས་དེ་ཉིད་དུ་བསྡུས་ཏེ་ཉི་མའམ་ཟླ་བའི་གཟུགས་གང་ཡང་རུང་བར་བསྐྱོད་པའོ། །རྡོ་རྗེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཡན་ལག་དྲུག་པོ་དེ་དག་ལས་ཡང་དག་པར་བྱུང་བའོ། །དེ་བས་ན་དོན་དྲུག་པོ་འདི་དག་ནི་ཇི་ལྟར་རིགས་པར་དྲུག་ཚན་གསུམ་

དུ་རིག་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་འདོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་གོ། །འདི་ལྟར་འདོད་པའི་རྒྱལ་པོ་ནི་ལོངས་སྤྱོད་ཀྱི་ཕྱིར་འདོད་པ་རྣམས་འགུགས་པའོ། །སྔོན་པོ་ནི་ནག་པོ་སྟེ་དེ་བས་ན་བསམ་གཏན་གྱིས་སེམས་

เล่ม ๔๑ · หน้า 97b

འགུགས་ཤིང་འདུལ་བ་ནི་དབྱིག་སྔོན་ཅན་ནོ། །ཚོར་བའི་ཕུང་པོས་བདག་ཉིད་གསོ་བ་ནི་སྟོབས་པོ་ཆེའོ། །བརྟན་པར་གྱུར་པ་ནི་མི་གཡོ་བའོ། །འབྲས་བུ་ལ་སྒྲིབ་པ་འཇོམས་པ་ནི་གནོད་མཛེས་རྡོ་རྗེའོ། །རྩེ་མོར་གྱུར་པའི་འབྲས་བུ་ཉིད་ནི་གཙུག་ཏོར་ཁྲོ་བོའོ། །དབང་པོར་རྣམ་པར་གྲགས་ཞེས་བྱ་

བ་ལ་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པའོ། །དབང་པོ་ནི་དེ་རྣམས་ཀྱི་བདག་པོའི་རྐྱེན་ནོ། །དེ་ཉིད་ཀྱི་ཕྱིར་ཁྲོ་བོའི་འཁོར་ལོ་ལ་བདག་པོ་དང་བཅས་པའི་ལྷ་བཅུ་གཅིག་གོ། །དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་ལུས་ནི་ཛི་ན་ཛིཀ་ཅེས་བྱ་བའི་སྔགས་ཀྱི་དོན་ཡིན་

ལ་དེ་ནི་སྣ་ཚོགས་པ་ལས་སྐྱེས་པ་སྟེ། དེ་ཡང་ཡི་གེ་བྷྲཱུཾ་མོ། །དེའི་དོན་ནི་ཡི་གེ་བྷ་དང་ར་དང་ཨུ་དང་མ་རྣམས་ཀྱིས་གོ་རིམས་བཞིན་དུ་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། གཟུགས་ལ་སོགས་པས་སྟོང་པས་ཡིད་སྣ་ཚོགས་པ་ཙམ་ཞེས་བྱའོ། །དེ་ལ་འབྱུང་བ་ལྔ་སྟོང་པ་ཉིད་ནི་པདྨའོ། །

འབྱུང་བ་ལས་གྱུར་པ་ལྔ་སྟོང་པ་ཉིད་ནི་རྡོ་རྗེའོ། །གཟུགས་ལ་སོགས་པ་སྟོང་པ་ཉིད་ནི་རྡོ་རྗེའི་ནང་དུ་ཆུད་པའི་ཆོས་ཀྱི་དབྱིངས་སོ། །འབྱུང་བ་ལས་གྱུར་པ་དྲུག་པ་ཡིད་ནི། ཆོས་ཀྱི་དབྱིངས་ལ་གནས་པ་སྣ་ཚོགས་པ་དེ་ཉིད་དོ། །དེ་བས་ན། དམ་ཚིག་རྡོ་རྗེ་སོགས་དྲུག་དང་། །ས་ལ་སོགས་པ་

རྣམ་པ་ལྔ། །འབྱུང་དང་འབྱུང་ལས་གྱུར་པར་གྲགས། །ཞེས་གསུངས་སོ། །རིག་པའི་རྒྱལ་པོ་ཞེས་བྱར་བཤད། །ཅེས་བྱ་བ་ནི། དམ་ཚིག་རྡོ་རྗེ་ལ་སོགས་དྲུག །ཅེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་རིག་པའི་རྒྱལ་པོ་ཡིན་ཞེ་ན། དག་པའི་འདོད་པ་རྣམས་ཀྱི་རིག་པ་དང་། བསམ་གཏན་

གསུམ་དང་བཞི་པའི་རིག་པ་རྣམས་ཀྱི་བདག་པོ་ཡིན་པའི་ཕྱིར་ཏེ། དེ་དག་གི་སྟོབས་ཀྱིས་དེ་རྣམས་སྐྱེ་བའི་ཕྱིར་རོ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །རྡོ་རྗེའི་བདག་པོ་ཞེས་བྱར་བརྗོད། །ཅེས་བྱ་བ་ནི་ཡོངས་སུ་དག་པའི་འདོད་པ་དྲུག་གི་ལོངས་སྤྱོད་ལས་བསམ་གཏན་དང་པོ་དང་གཉིས་པ་

ལས་བསྡུས་པའི་རྡོ་རྗེའི་ངག་སྐྱེས་པའོ། །ལྷ་བཅུ་གཉིས་པོ་དེ་དག་དཀྱིལ་འཁོར་པ་ཆེན་པོ་ལ་གང་དང་འབྲེལ་ཞེ་ན། བཅུ་གཉིས་པོ་འདི་དག་ནི་སངས་རྒྱས་ལྔ་རྣམས་ཞེས་བྱ་བ་དང་སྦྱར་ཏེ། དེ་དག་ནི་འབྲས་བུ་ལྔའི་རྒྱུར་གྱུར་པའོ། །ཇི་སྟེ་བཅུ་གཉིས་པོ་དེ་དག་གི་བརྗོད་པའི་སྔགས་ནི་གང་

เล่ม ๔๑ · หน้า 98a

ཞིག་གང་ལས་ནི་སྐྱེས་སྙམ་དུ་སེམས་ན། དེའི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ན་ཉིད་གསུམ་བརྗོད་པས་སོ། །བདག་ཉིད་ཆེ་ལས་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོའི་བདག་པོའི་རིག་པའི་པདྨའི་ནང་ན་གནས་པའི་ས་བོན་ལས་ཆོ་ག་བཞིན་དུ་བསྐྱེད་

དོ་ཞེས་བྱ་བའི་དོན་ཏོ། །ཀུན་དགའ་སྙིང་པོ་དང་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་འདི་ནི་འདས་མ་ཐག་པ་ཡིན་པའི་ཕྱིར་གཟུགས་ཀྱི་རྡོ་རྗེ་ལ་སོགས་པ་དང་སྦྱོར་གྱི་དམ་ཚིག་རྡོ་རྗེ་ལ་སོགས་པ་དང་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཅི་སྟེ་སའི་སྙིང་པོ་ལ་སོགས་པ་དྲུག །ཇི་ལྟར་དབང་པོ་དྲུག་ཡིན་ཞེ་ན།

གཟུགས་ལ་སོགས་པའི་ཤེས་པ་སྐྱེད་པའི་བདག་པོ་ཡིན་པའི་ཕྱིར་ཏེ། དེ་བས་ན་དབང་དུ་བྱེད་པའི་ཕྱིར་དབང་པོ་ཞེས་བྱའོ། །དེ་ལ་འཁོར་ལོས་སྒྱུར་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་གོ་རིམས་བཞི་ནི་གཟུགས་ལ་སོགས་པའི་ཤེས་པ་ཡིན་པར་དྲུག་ཁོ་ན་ཡིན་ལ་དེའི་སྦྱོར་བའི་གནས་སྐབས་ནི་སའི་སྙིང་

པོ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་དེ་བཞིན་གཤེགས་པ་རྣམས་དང་མཚུངས་པའི་མཚན་མ་ཅན་ནོ། །སའི་སྙིང་པོའི་སྒྲ་ནི་དེ་ལས་གཞན་པ་རྣམས་ཀྱི་རྟེན་དུ་གྱུར་པ་སྟེ་ས་དང་མཚུངས་པའི་སེམས་བསྐྱེད་པ་ལྟ་བུའོ། །སངས་རྒྱས་རྣམས་ཀྱི་གཟུགས་ནི་རྣམ་པར་རིག་པ་ཙམ་ཡིན་པའི་

ཕྱིར་གཟུགས་བརྙན་ལྟ་བུར་ཤེས་པར་བྱེད། དེ་བས་ན་གཟུགས་ཀྱི་རྡོ་རྗེ་མདོག་དཀར་མོ་ལག་ན་མེ་ལོང་ཐོགས་པའོ། །སངས་རྒྱས་རྣམས་ཀྱི་གསུང་གི་དོན་ཆོས་ཀྱི་དབྱིངས་སུ་ཤེས་པར་བྱེད་དེ་དེ་ཡང་རྣམ་པར་རྟོག་པ་མེད་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་སྒྲ་རྡོ་རྗེ་མའི་ལག་ན་པི་ཝང་ཐོགས་པ་

སྟེ། པི་ཝང་ཡང་རྣམ་པར་རྟོག་པ་མེད་པར་སྒྲ་སྒྲོགས་པའོ། །སངས་རྒྱས་ཀྱི་དྲི་ནི་ཚོར་བའི་ཕུང་པོ་ཡོངས་སུ་དག་པ་སྟེ། དེས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ལ་བྱུག་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་དྲི་རྡོ་རྗེ་མའི་ལག་ན་དྲིའི་དུང་ཐོགས་པའོ། །ཡིད་བཞིན་གྱི་ནོར་བུའི་

སེམས་དེ་ཉིད་སྔགས་ཀྱི་ཐིག་ལེར་བཞག་སྟེ། བསྒོམས་པའི་རོ་མྱོང་བར་གྱུར་པ་ནི་རོའོ། །དེ་ཉིད་ཀྱི་ཕྱིར་རོ་རྡོ་རྗེ་མའི་ལག་ན་རོའི་སྣོད་ཐོགས་པའོ། །དེ་ལས་འཁོར་ལོ་ཕྲ་མོ་ལ་སོགས་པ་རྣམས་ལས་ཐམས་ཅད་སྤྲོས་ཏེ། བདེ་བ་སྐྱེད་པའི་ཕྱིར་ལུས་ཀུན་ལ་བདེ་བ་སྐྱེད་པ་ནི་རེག་པ་སྟེ། དེ་ཉིད་ཀྱི་ཕྱིར་རེག་

เล่ม ๔๑ · หน้า 98b

རྡོ་རྗེ་མའི་ལག་ན་སྣ་ཚོགས་པའི་ན་བཟའ་སྲབ་མོ་ཐོགས་པའོ། །ཤིན་ཏུ་ཕྲ་བའི་ནོར་བུའི་སྙིང་པོར་ཤིན་ཏུ་ཕྲ་བའི་རྡོ་རྗེའི་བྱང་ཆུབ་ནི་འཛིན་པའི་ཡེ་ཤེས་སོ། །དེའི་རིག་པར་བྱ་བ་ནི་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཆོས་འབྱུང་དཀར་པོ་ཐོགས་

པའོ། །ལེའུ་དང་པོའི་ཚིག་གི་དོན་སྦས་པ་རྣམས་གསལ་བར་བྱས་པ་ཞར་ལ་བྱུང་བ་དང་བཅས་པའོ། །ལེའུ་དང་པོར་ཐབས་ལས་བྱུང་བའི་དོན་སྦས་པ་རྣམས་གསལ་བར་མཛད་ནས། ད་ནི་ཐབས་ཀྱི་ལེའུ་གསལ་བར་བྱ་སྟེ། དེ་ལས་དང་པོར་སྒྲུབ་པ་ཆེན་པོའི་ལེའུ་ལྔ་པ་དང་དགུ་པ་དང་

བཅུ་གསུམ་པ་དང་བཅུ་བདུན་པ་རྣམས་ལས། ལེའུ་ལྔ་པའི་དོན་ཀུན་དུ་སྤྱད་པ་དྲིས་པའི་ལན་གསུངས་པ་ཐབས་དང་ཤེས་རབ་ཅེས་བྱ་བ་གསུངས་པ་ལ། སྔགས་པས་ངེས་པར་སྤྱོད་ཅེས་བྱ་བར་སྦྱར་ཏེ། ཡང་དག་པའི་ཏིང་ངེ་འཛིན་གྱིས་སྔགས་འཛིན་པས་ན་སྔགས་པ་ཞེས་བྱའོ། །ཅི་

ཞིག་ངེས་ཤེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ལུས་སོ། །ཇི་ལྟར་ངེས་ཤེ་ན། ཐབས་དང་ཤེས་རབ་ལས་བྱུང་བའི་ཞེས་བྱ་སྟེ། མཁའ་མེད་པའི་ནམ་མཁའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ནི་ཐབས་སོ། །དེ་དང་ལྷན་ཅིག་སྤྱོད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་ཤེས་རབ་བོ། །དེ་ལས་

བྱུང་བ་ནི་དེ་དག་སྦྱོར་བ་ལས་སྐྱེས་པ་སྟེ། བྱང་ཆུབ་ཀྱི་སེམས་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྦྱོར་བར་ངེས་པར་བྱ་ཞེ་ན། ཇི་ལྟར་རིགས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་རིག་པའི་དོན་ནི་འདི་ཡིན་ཏེ། དེ་རྣམས་ལ་ཕྱི་རོལ་གྱི་ཁམས་བཞི་ནི་ལྷ་མོ་བཞི་ལས་བྱུང་བའི་བདག་གི་

གཞལ་ཡས་ཁང་རྒྱ་ཆེན་པོའོ། །བདག་གི་ལུས་གང་ཡིན་པ་ནི་བདག་གི་ཡི་དམ་གྱི་ལྷའི་སྐུའོ། །བདག་གི་རིག་པ་གང་ཡིན་པ་དེ་ནི་ཁམས་བཞིའི་ལྷ་མོའོ། །བདག་ཉིད་ནི་དཀྱིལ་འཁོར་གྱི་བདག་པོའོ། །བདག་གི་ཕུང་པོ་ལྔ་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་བསྡུས་པའི་དཀྱིལ་

འཁོར་པའི་སངས་རྒྱས་ལྔ་རྣམས་སོ། །བདག་གི་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྡུས་པའི་སའི་སྙིང་པོ་ལ་སོགས་པའི་དཀྱིལ་འཁོར་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །འཇིགས་པ་ཐམས་ཅད་ནི་སེམས་ཅན་དང་ལས་

เล่ม ๔๑ · หน้า 99a

དང་ཉོན་མོངས་པ་རྣམས་ཀྱིས་སྐྲག་པ་སྤང་བའོ། །རྒྱུ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དག་པར་མོས་པ་ཡིས་ཏེ། དེ་དག་ཐམས་ཅད་བདག་པོ་ཉིད་ལྷག་པར་མོས་པས་སོ། །དེ་ཉིད་ཀྱང་ཇི་ལྟར་ཞེ་ན། རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ།

རྫོགས་པའི་རིམ་པའི་བྱེ་བྲག་གང་ཡིན་པའོ། །དེའི་སྦྱོར་བའི་ཏིང་ངེ་འཛིན་ཏེ་བརྟན་པའི་ང་རྒྱལ་ལོ། །དེ་ནི་བདག་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་དེ་གཏི་མུག་ལ་སོགས་པའི་ཉོན་མོངས་པ་དྲུག་ནི་སངས་རྒྱས་ལྔའོ། །ལུས་ལ་སོགས་པ་རྣམས་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །

ལུས་ལ་སོགས་པའི་ལས་རྣམས་ནི་སྐུ་རྡོ་རྗེ་ལ་སོགས་པའི་མཛད་སྤྱོད་དོ། །དེ་ལྟར་སྣང་བ་འདི་དག་ལྷ་རྣམས་ཉིད་དུ་མཐོང་བའི་ལྷག་མར་མོས་པ་འདི་ནི་རྫོགས་པའི་རིམ་པའི་སྦྱོར་བའོ། །དོགས་པ་མེད་པའི་སེམས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཉིད་དེ་སངས་རྒྱས་མ་ཡིན་པའི་དོགས་པ་མི་བྱའོ། །སྔགས་ནི་རང་གི་

ལྷའོ། །དེ་འདི་ལ་ཤིན་ཏུ་ཡོད་པས་ན་སྔགས་པ་སྟེ། དེའི་ང་རྒྱལ་བརྟན་པར་གནས་པའོ། །སེང་གེ་བཞིན་དུ་རྒྱུ་ཞེས་བྱ་བ་ནི་དོགས་པ་མེད་པའི་སེམས་ཀྱིས་རྒྱུ་བའོ། །ཡང་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ལ་ཞེས་བྱ་བ་ནི་རྣལ་འབྱོར་འདིར་རོ། །མི་བྱ་མེད་ཅེས་

བྱ་བ་དང་མི་བཟའ་ཡོད་མ་ཡིན་ཞེས་བྱ་བ་ནི། ལུས་ཀྱི་ལས་དགག་པ་མེད་པའོ། །སྨྲ་བར་མི་བྱ་ཞེས་བྱ་བ་ནི་ངག་གི་ལས་རྣམས་སོ། །མི་བསམ་པ་ཞེས་བྱ་བ་ནི་སེམས་དེ་ལས་ཏེ། སྐུ་ལ་སོགས་པའི་མཛད་སྤྱོད་ཡིན་ཞེས་བྱ་བའོ། །མཉམ་པར་མ་བཞག་ཅེས་བྱ་བ་ནི་ལྷག་པར་མོས་

པའི་སེམས་ཀྱིས་སྦྱོར་བ་སྟེ། ཇི་སྐད་དུ་གསུངས་པའི་ཏིང་ངེ་འཛིན་ཏོ། །རྟག་པ་ཉིད་དུ་མཉམ་པར་ཞོག །ཅེས་བྱ་བ་ནི་གང་གི་ཕྱིར་དེ་ཉིད་ཀྱིས་གནས་པས་སོ། །སེམས་ཀུན་ལས་ཞེས་བྱ་བ་ནི་ཁ་ཕྱིར་བལྟས་པའི་སེམས་ཡིན་དུ་ཟིན་ཀྱང་ངོ་། །གང་གིས་སྤྱོད་པ་ཞེས་བྱ་བ་ནི།

སྦྱོར་བ་གང་གིས་སྤྱོད་པའོ། །སེམས་ཀུན་ལ་སྤྱོད་པ་ནི་ཀུན་དུ་སྤྱོད་པ་ཞེས་བྱ་བར་དགོངས་སོ། །ཀུན་དུ་སྤྱོད་པའི་ཞོར་ལ་དེའི་འོག་ཏུ་སྔགས་ཀྱི་སྤྱོད་པ་དྲིས་པའི་ལན་གསུངས་པ་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ་དབང་པོ་རྣམས་དང་ཡུལ་རྣམས་དང་བཅས་པའི་ཡིད་ཀྱི་རྐྱེན་ལས་བྱུང་

เล่ม ๔๑ · หน้า 99b

བ་གང་དང་གང་ཡིན་པ་དེ་ནི་ཡིད་ཡིན་ཏེ། ཡིད་དེ་ནི་མ་ན་ཞེས་བྱ་བར་གྲགས་པའོ། །དེ་ཞེས་བྱ་བའི་སྒྲ་ནི་གང་དང་གང་བྱ་བ་དག་དང་འབྲེལ་པས་དེ་ཞེས་བྱ་བ་གཉིས་སུ་འགྱུར་བར་ཤེས་པར་བྱའོ། །དབང་པོ་ཞེས་བྱ་བ་ནི་འབྱུང་བ་ལྔའི་དབང་པོ་སྟེ་པདྨར་བསྡུས་པའོ། །འབྱུང་བ་ལས་

གྱུར་པའི་དབང་པོ་ལྔ་ནི་རྡོ་རྗེར་བསྡུས་པའོ། །ཡུལ་རྣམས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་པོ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱིས་སྐྱེས་པའོ། །ཡིད་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་བདུན་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་པའོ། །དེ་རྣམས་ཀྱི་རྐྱེན་གྱིས་དེ་རྣམས་ལ་བརྟེན་ཏེ་

གང་དང་གང་སྐྱེས་པའོ། །ཅི་ཞིག་སྐྱེ་ཞེ་ན། ཡིད་ཅེས་བྱ་བ་སྟེ་ཡིད་ཀྱི་ཡུལ་ཡིན་པས་ན་ཡིད་དེ་སེམས་ཀྱིས་དམིགས་པ་དང་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་དང་དེའི་ཕྱོགས་གཅིག་གཟུགས་ལ་སོགས་པའི་ཟླ་བ་ཡང་སྟེ། དེ་ཡང་དེའི་

ཡིད་མ་ན་ཞེས་བྱ་བར་བཤད་པ་ནི་ཡན་ལག་དྲུག་གིས་བསྡུས་པའི་མཉམ་པར་གཞག་པའི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །བཤད་པ་ནི་གྲགས་པ་སྟེ་ལྷག་པའི་དོན་ཞེས་བྱ་བའི་ངེས་པའི་ཚིག་གིས་དེའི་ངང་ཚུལ་ཅན་གྱི་ཏིང་ངེ་འཛིན་ལ་བྱའོ། །དེ་བས་ན་ཡན་ལག་དྲུག་ལ་མཉམ་པར་བཞག་

པས་བསྡུས་པའི་ཤེས་རབ་ནི་མ་ནའོ། །མ་ན་ཡང་ཡིན་ལ་ཏྲ་ཡང་ཡིན་པས་ན་མནྟྲ་སྟེ། མ་ན་ནི་ཤེས་པས་མ་ན་ཡིན་ལ་སྐྱོབ་པས་ན་ཏྲ་ཡིན་ནོ། །ངེས་པའི་ཚིག་ཏུའོ། །ཏྲ་ནི་སྐྱོབ་པར་བྱེད་པའི་ཕྱིར། །ཞེས་བྱ་བ་འདིས་མ་ན་ནི་ཤེས་པར་བྱེད་པའི་དོན་ཞེས་བྱ་བ་ཡང་དོན་གྱིས་ཤེས་པར་བྱ་སྟེ།

ངན་འགྲོ་དང་སྲིད་པའི་སྡུག་བསྔལ་དང་ཐེག་པ་དམན་པ་སྲུང་བས་ན་སྐྱོབ་པ་སྟེ་དེ་བྱེད་པའོ། །འདིར་ཚིགས་སུ་བཅད་པ་ནི། ལོངས་སྤྱོད་དང་ནི་ཡན་ལག་རྣམ་པ་གང་ཡིན་བློ་དང་ཞིག་ནས་གཅིག་བསྡུས་གང་ཡིན་དང་། །དེ་ལས་ཕྲ་མོ་གསུམ་གྱི་རིན་ཆེན་དང་ནི་ངག་བསྡུས་ཐིག་ལེའི་རིན་ཆེན་གཟུད་པ་དང་།

ནོར་བུ་སོགས་འོད་ཁྱབ་པར་སྤྲོས་དང་དེ་དབུས་བསྡུས་པ་ལས་སྐྱེས་དཀྱིལ་འཁོར་སྔགས་སུ་གསུངས། །དྲུག་པོ་འདི་དག་རིམ་པ་བཞིན་དུ་ཅི་རིགས་ཆ་ཤས་དྲུག་ཏུ་ཕྱེ་བའང་ཡིན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བ་ནི་ཕྱི་རོལ་རྣམས་དང་འདྲ་བ་མ་ཡིན་པའོ། །དམ་ཚིག་ནི་བདེ་བ་ལ་སོགས་པའོ། །

เล่ม ๔๑ · หน้า 100a

སྡོམ་པ་ནི་འཇིག་པ་ལ་སོགས་པའོ། །བསྐྱོད་པ་ནི་དེ་དག་ཐམས་ཅད་ཉམས་སུ་ལེན་པ་སྟེ། སྤྱོད་པ་ཞེས་བྱ་བ་ནི་ལྷག་མའོ། །རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ལུས་ལ་སོགས་པ་ཅི་རིགས་པའོ། །དེ་ཞེས་བྱ་བ་ནི་དེ་དག་གཉི་ག་སྔགས་ཀྱི་སྤྱོད་པར་བཤད་པ་སྟེ་བརྗོད་

པའོ། །སྔགས་དང་ལྷན་ཅིག་པའི་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱ་བར་དགོངས་སོ། །ལེའུ་བཅུ་གསུམ་པའི་རྡོ་རྗེ་བཟླས་པ་ལས་བཟླས་པ་ནི་བཟླས་པ་ཉིད་དོ། །དེ་བས་ན་བཟླས་པའི་དོན་དུ་དྲིས་པ་བཤད་པར་བྱ་བའི་ཕྱིར་རང་རང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟླས་པར་བྱ་བ་ལྷའི་རྣལ་འབྱོར་བྱས་ལ་

རང་རང་ངོ་བོ་ཞེས་བྱ་བའི་དེའི་སྐུ་དང་གསུང་དང་ཐུགས་འདི་དག་རྣམ་པར་སྤྱད་པ་སྟེ་ངེས་པར་དཔྱད་པར་བྱ་བའོ། །སྙིང་ལ་ཡིད་ཀྱིས་ཞེས་བྱ་བ་ནི་སྙིང་གར་སོན་པ་ཡིད་ཀྱིས་ཏེ། མཉམ་པར་གཞག་པའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་གསུམ་པ་ལས། ཐམས་ཅད་རིགས་ཀྱི་སྔགས་

རྣམས་ནི། །སྐུ་དང་གསུང་དང་ཐུགས་སུ་མཚོན། །ཞེས་གསུངས་ཏེ། དཔེར་ན་རྣམ་པར་སྣང་མཛད་ཀྱི་བཟླས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་སྐུའི་དེ་ཁོ་ན་ཉིད་ཡིན་ལ། །དེ་གསལ་བར་བྱེད་པ་ནི་སྙིང་གའི་ཡེ་ཤེས་ཀྱི་འཁོར་ལོ་སྟེ་ཐུགས་

སོ། །དེའི་དེ་ཁོ་ན་ཉིད་ནི་སྐུ་དེའི་དངོས་པོ་དང་དངོས་པོ་མེད་པ་དགག་པ་སྟེ། ལུས་འདི་ནི་ཡེ་ཤེས་ཀྱི་འཁོར་ལོའི་རང་བཞིན་ཏེ་སྐྱེ་བ་མེད་པས་ལུས་ཀྱི་དངོས་པོར་ཡོད་པ་མ་ཡིན་ནོ། །མི་སྐྱེ་བ་ཡང་མ་ཡིན་ཏེ། ཡེ་ཤེས་ལུས་ཀྱི་རྣམ་པར་འབྱུང་བའི་ཕྱིར་རོ། །དེའི་ངག་ནི་འཁོར་ལོ་དེའི་ལྟེ་བར་

གནས་པའི་རབ་སྔགས་ཡིན་ཏེ། དེའི་དེ་ཁོ་ན་ཉིད་ནི་གདོད་ནས་སྐྱེ་བ་མེད་པས་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཡིད་ཉིད་དེ་ཞེས་བྱ་བས་འཁོར་ལོའི་དོན་སྟོན་པར་བྱེད་པའོ། །གསང་སྔགས་ཟློས་པ་ཞེས་བྱ་བ་ནི། ཡི་གེ་བཞིའི་སྔགས་ཟློས་བཞིན་པས། །ཞེས་བྱ་བའི་དོན་ཏོ། །ཕྱེ་ནས་སུ་ཞེས་

བྱ་བ་ནི་སྣ་ཚོགས་པ་དང་བྱེ་བྲག་པར་ཕྱེ་བ་ཡིན་ཏེ། གསུམ་པོ་ནི་ཐུན་མོང་པ་ཉིད་ཀྱི་ཕྱིར་རོ། །ཟློས་པར་བྱེད་པས་སྤྲོ་ཞིང་བསྡུ། །ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བས་བཟླས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕྱི་མ་ཉིད་ཀྱིས་སྤྲོ་བ་ནི་བཅུ་གསུམ་པ་ལས་དངོས་སུ་གསུངས་པས་གཞན་གཉིས་ཀྱིས་བསྡུ་

เล่ม ๔๑ · หน้า 100b

བ་ནི་ལྷག་མ་ཡིན་ནོ། །འདིར་ནི་སྔ་མ་གཉིས་ཀྱིས་བསྡུས་པ་དངོས་སུ་གསུངས་པས། ཕྱི་མ་གཉིས་ཀྱིས་སྤྲོ་བར་ཤེས་པར་བྱ་བ་ནི་ལྷག་མའོ། །བཅུ་གསུམ་པ་ལས། སྐུ་གསུང་ཐུགས་དང་བདག་མེད་ལས། །ཡེ་ཤེས་སེམས་ཀྱིས་སྤྲོ་བར་བྱ། །ཞེས་གསུངས་ཏེ། ཡེ་ཤེས་ནི་སྣ་ཚོགས་

པའོ། །སེམས་ནི་ཧཱུཾ་ངོ་། །དེ་དག་གི་གོ་རིམས་ཇི་བཞིན་དུ་སྐུ་གསུང་ཐུགས་རྣམས་དང་བདག་མེད་པ་ལས་སྤྲོ་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་ནི་སྣ་ཚོགས་པའོ། །རྡོ་རྗེ་བཟླས་པ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ལས་སྤྲོ་བ་དང་གཅིག་ལས་སྤྲོ་བའོ། །དེ་ལ་དང་པོའི་དབང་དུ་བྱས་ཏེ།

གསུངས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ནི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལུས་དང་བཅས་པའོ། །སྣ་ཚོགས་རྡོ་རྗེ་བདག་ཅེས་པ་ལ་སྣ་ཚོགས་པ་བརྗོད་པ་ནི། རྡོ་རྗེའི་བདག་ཉིད་ཀྱི་རང་གི་ས་བོན་རྣམས་ལས་སྤྲོ་བའོ། །ཧཱུཾ་བརྗོད་པ་ན་སྣ་

ཚོགས་པ་ལས་སྤྲོས་ཏེ་སྣ་ཚོགས་པའི་བདག་ཉིད་དུ་རོ་མཉམ་པར་བྱའོ། །ཡེ་ཤེས་ས་བོན་ནི་རབ་སྔགས་ཏེ། དོན་རྣམས་ཡེ་ཤེས་ཙམ་ཡིན་པའི་ཕྱིར་རོ། །དེ་བརྗོད་བཞིན་པ་ན་བསྡུ་བར་བྱ་བ་སྟེ། འདི་བདག་བདག་གི་ཡེ་ཤེས་སོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདི་དག་གཟུང་བ་མ་ཡིན་

པས་དེ་དག་མེད་ན་འཛིན་པ་ཡང་མེད་དོ་ཞེས་བྱ་བར་འགྲུབ་པོ། །དེ་ལྟ་མོད་ཀྱི་མཚོན་པར་བྱ་བ་ནི་ཡིད་དོ་སྙམ་ན་དེ་བཟློག་པའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ནི་མཚན་ཉིད་དོ། །དེ་མེད་པ་ནི་བདག་མེད་པའོ། །ས་བོན་ནི་དེ་གསལ་བར་བྱེད་པའི་ཡི་གེ་ཨཿསྟེ་ཐ་སྙད་ན་

ནམ་མཁའ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །དེས་གཟུང་བ་ནི་ངེས་པར་བྱའོ། །ཇི་ལྟར་ཞེ་ན་བདག་མེད་ཅེས་བྱ་སྟེ། རྣམ་པར་བརྟག་པར་བྱ་བའི་རང་བཞིན་གྱིས་སྟོང་པར་རོ། །གཅིག་ལས་སྤྲོ་བའི་བཟླས་པའི་དབང་དུ་བྱས་ཏེ་གསུངས་པ། སྣ་ཚོགས་བྱ་བ་སོགས་པ་ལ་སྣ་ཚོགས་བཞིན་དུ་

ཞེས་བྱ་བ་ནི་ཐམས་ཅད་པ་བཞིན་དུ་སྟེ། ཇི་ལྟར་སྔར་ཐམས་ཅད་ལས་སྤྲོས་པ་དེ་བཞིན་དུ་སྣ་ཚོགས་པ་སྤྲོ་བར་བྱེད་པ་པོ་ཡིན་ཏེ། སྣ་ཚོགས་པ་ཞེས་བརྗོད་བཞིན་པས་ན་སྣ་ཚོགས་པ་ཉིད་ལས་བྱེ་བྲག་རྣམས་སྤྲོ་བ་དང་ཧཱུཾ་བརྗོད་བཞིན་པ་ན་ས་བོན་ལ་བདག་ཉིད་ཇི་ལྟ་བ་བཞིན་དུ་སྐུ་དང་གསུང་དང་

เล่ม ๔๑ · หน้า 101a

ཐུགས་ཀྱི་སྤྲིན་རྣམ་པ་སྣ་ཚོགས་པའི་སྤྲིན་དང་རོ་མཉམ་པར་བྱས་ཏེ། རབ་སྔགས་བརྗོད་པས་ནི་བསྡུ་ལ། ཨཱཿཡིས་ནི་བདག་མེད་པར་གཟུང་བར་བྱའོ། །ཐམས་ཅད་ལས་སྤྲོས་པ་ནི་སྔ་མ་བཞིན་བཟླས་པས་ཚོགས་པར་བསྡུ་བར་བྱའོ། །བཅུ་གསུམ་པ་ལས། སྐུ་

གསུམ་རྡོ་རྗེའི་བྱེ་བྲག་གིས། །སྤྲོ་བ་དང་ནི་བསྡུ་བར་འགྱུར། །ཞེས་གསུངས་ཏེ་རྡོ་རྗེ་ནི་སྣ་ཚོགས་པའོ། །སྐུ་གསུམ་རྡོ་རྗེའི་བྱེ་བྲག་གི་སྤྲོ་བ་དང་བསྡུ་བར་བྱ་བ་སྟེ། གང་གི་ཚེ་སྐུ་ལ་སོགས་པའི་སྐུ་གསུམ་ལས་སྤྲོས་པ་དེའི་ཚེ་རྡོ་རྗེར་བསྡུས་ལ། གང་གི་ཚེ་རྡོ་རྗེ་ལས་ཡིན་པ་དེའི་ཚེ་སྐུ་གསུམ་ལའོ་

ཞེས་པའི་དོན་ཏོ། །བཟླས་པ་སྤྱིར་དྲིས་པ་ལས་བཅུ་གསུམ་པའི་རྡོ་རྗེ་བཟླས་པ་གཉིས་པོ་དག་བཤད་ནས་བཅུ་བཞི་པའི་འགོག་པའི་བཟླས་པ་དང་གྲངས་ཀྱི་བཟླས་པ་གཉིས་ཀྱི་དབང་དུ་བྱས་ཏེ་གསུངས་པ། ཚིག་ཀུན་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་ནི་རང་གི་སྙིང་གར་གནས་པའི་བཟླས་པར་བྱ་

བའི་ཡི་གེ་འབར་བ་ལས་འགོག་པས་ཡིད་ཀྱིས་ཟློས་བཞིན་པ་དང་། བཟླས་པར་བྱ་བའི་ཡི་གེ་ལ་དམིགས་ཏེ་སྔགས་ཡིད་ཙམ་གྱིས་བརྗོད་པས་བཟླས་ཀྱི་སྤྲོ་བ་དང་བསྡུ་བར་ནི་མི་བྱའོ། །འཇིག་རྟེན་ན་སྔགས་ཀྱི་དོན་ནི་ཚིག་ཡིན་པས་ཚིག་ཐམས་ཅད་བརྗོད་པར་བྱ་བའམ་ཞེ་ན། འདིར་ཚིག་ཀུན་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི་ཚིག་ཀུན་སྔགས་ཡིན་པ་བདེན་མོད་ཀྱི། འདིར་ནི་སྔགས་ཉིད་དུ་གྲགས་པ་ལ་བརྟེན་ནས་སྔགས་སོ། །སྔགས་ཉིད་ཅེས་བྱ་བ་ཅི་ཞིག་ཅེ་ན། དེ་ཁོ་ན་ཉིད་བསྐུལ་བ་སྨྲ་བ་ཞེས་སྨོས་ཏེ་དེ་ལ་དེ་ཁོ་ན་ཉིད་བསྐུལ་བ་ཞེས་བྱ་བ་ནི་སྟོན་པ་སྟེ། ཕྱག་རྒྱ་

ཞེས་བྱ་བའི་དོན་ཏོ། །དེ་ཡང་ས་བོན་གྱི་ཡི་གེའོ། །སྨྲ་བ་ནི་འཆད་པའོ། །འཆད་པ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པ་ནི་སྙིང་པོའོ། །ཨོཾ་ཤུ་ལི་ནི་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ནི་འབར་བ་དང་བཅས་ཏེ་ཤིན་ཏུ་ཤེས་པར་བྱེད་པས་ནི་སྔགས་སོ། །

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་དུ་རིག་པར་བྱེད་པས་ན་རིག་པའོ། །འོ་ན་ཅིའི་ཕྱིར་མདུང་ཅན་མའི་སྔགས་ལ་རིག་པ་ཞེས་བྱ་ཞེ་ན། རིག་པ་རྗོད་པར་བྱེད་པའི་ཕྱིར་ཏེ། བཟླས་པའོ། །རྒྱས་བཏབ་པ་ནི་བཅུ་བདུན་པ་ལས་རིག་པའི་སྐྱེས་བུ་བསྒོམས་པའི་དངོས་གྲུབ་

เล่ม ๔๑ · หน้า 101b

ཀུན་ནི་བཤད་པ་མཛད་ཅེས་བྱ་བ་ནས་བརྩམས་ཏེ་ལག་པའི་ཕྱག་རྒྱ་མི་འཆིང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་དེའི་ཕྱིར་རྒྱས་བཏབ་པ་གང་ཡིན་ཞེས་ཞུས་པ་དེའི་ལན་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཇི་ལྟར་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པ་མངོན་

སུམ་དུ་གསུངས་པ། ཏིང་ངེ་འཛིན་ཀྱང་དེ་བཞིན་དུ་སྙིང་ག་སྟེ་སྙིང་ག་རུ་བསམ་པར་བྱའོ། །ཏིང་ངེ་འཛིན་ནི་ལོངས་སྤྱོད་རྣམ་པ་བཞི་སྟེ། གདན་བཞི་ལ་གནས་པའི་སྔགས་ཀྱི་དཀྱིལ་འཁོར་བཞིའོ། །སྤྱི་བོར་དབང་བསྐུར་ཞེས་བྱ་བ་ནི་ཅི་རིགས་པར་ཞེ་སྡང་རྡོ་རྗེ་ལ་སོགས་པས་སོ། །མཆོད་

པ་ཞེས་བྱ་བ་ནི་ཅི་རིགས་པར་རིགས་ཀྱི་རིག་པའོ། །དེ་རྣམས་ཞེས་བྱ་བ་ནི་འདིར་སྔགས་ཀྱི་སྐྱེས་བུ་གང་ཡིན་པ་དེ་རྣམས་ཀྱིའོ། །ཀུན་དུ་ནི་རྒྱས་བཏབ་པ་དེ་ཙམ་མ་ལུས་པར་རོ། །རྣམ་པར་ཕྱེ་ནས་རྡོ་རྗེ་འཆང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གང་ཡིན་པའི་སྦྱོར་བ་དེའི་རིག་པ་དང་སྦྱོར་བ་

ལས་བྱུང་བ་ལ་ལོངས་སྤྱོད་བཞིའོ། །བདག་བྱིན་བརླབ་སོགས་དེ་བཞིན་ཏེ། །ཞེས་བྱ་བ་ལ་དེའི་སྦྱོར་བ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་ཏེ་ཞེས་བྱ་བ་ནི་ལུས་ཅན་ཏེ། ཡེ་ཤེས་དང་སྐུ་དང་གསུང་དང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལུས་དང་བཅས་པ་དེ་རྣམས་ཀྱང་དེ་དང་འདྲ་བར་དེ་ཉིད་ཀྱི་སྦྱོར་བ་

ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཆང་བ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའོ། །འདིས་ནི་དཀྱིལ་འཁོར་པ་རྣམས་ཀྱི་རིག་པ་དང་སྦྱོར་བ་ཡོད་དུ་ཟིན་ཀྱང་བརྒྱད་པ་དེ་དག་གིས་རྒྱས་བཏབ་པ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །དེ་ལ་ལྷན་ཅིག་སྐྱེས་པའི་

ཤེས་རབ་བམ་ལྷན་ཅིག་སྐྱེས་པའི་ཐབས་དང་བདག་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་ལུས་མེད་པ་དང་དབུ་རྒྱན་ནི་སངས་རྒྱས་ཡིན་ནོ་ཞེས་དཀྱིལ་འཁོར་རྣམས་རྒྱས་བཏབ་པའོ། །ཕྱག་རྒྱ་ཆེན་པོ་དང་ཡང་དག་པར་སྦྱོར་བའི་གནས་ཀྱི་མཆོག་རྣམས་ནི་སྤྱན་ལ་སོགས་པ་ལ་ཡང་རྗེས་སུ་འཇུག་

པའི་ཕྱིར་ཏེ། སྦྱོར་བ་ཡི་ནི་སྔགས་རྣམས་ཀུན། །སྤྱི་བོ་ནས་ནི་བསྐུལ་བ་ཤིས། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཀྱི་རིག་མ་རྣམས་ལ་ཡང་། རྡོ་རྗེ་སྤྱན་གྱི་གཟུགས་ལ་སོགས། །གཙུག་ཏོར་མཉེས་པར་བྱེད་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །

เล่ม ๔๑ · หน้า 102a

བདག་པོ་ཞེས་བྱ་བ་ནི་གཅིག་པུ་སྟེ། དཀྱིལ་འཁོར་ལས་ཕྱི་རོལ་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གཅིག་པུའི་ཞེས་བྱ་བ་ནི་རིག་མ་དང་འཁྱུད་པ་ཅན་ནོ། །རེ་རེ་ཞེས་བྱ་བ་ནི་རིག་མས་མ་འཁྱུད་པ་སྟེ། དོན་གྱིས་ནི་རིག་མ་དང་བཅས་པ་ལ་རིག་པ་དང་བཅས་པ་ཉིད་དོ། །སྙིང་

གར་ཕྱག་རྒྱ་སྔགས་ཙམ་གྱིས། །རྒྱས་བཏབ་པར་ནི་བརྟག་པར་བྱ། །དེ་རྣམས་ཀྱི་སྙིང་ག་རྣམས་སུ་སྟེ། སྙིང་ག་དང་། སྤྱི་བོ་དང་། ལྐོག་མ་དང་། སེམས་ཀྱི་གནས་རྣམས་ཀྱི་ཕྱག་རྒྱ་ནི་སྙིང་གར་ཕྱག་རྒྱའོ། །རང་རིག་རིམ་གྱིས་ཞེས་བྱ་བ་ནི། ཡེ་ཤེས་དང་སྐུ་གསུང་ཐུགས་དག་གི་

རིམ་གྱིས་སོ། །ཡང་དག་པར་སྦྱོར་བ་ཅན་ལུས་དང་བཅས་པ་དང་ལུས་མེད་པ་ཅན་སྙིང་གའི་ཕྱག་རྒྱ་རྣམས་ལ་སྔགས་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་འབྲས་བུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འབྲས་བུ་ནི་གདན་ཏེ། སྙིང་གའི་ཉི་མའམ། ཟླ་བ་ཡིན་ལ་རྒྱུ་ནི་དེའི་དབུས་

ཀྱི་མཚན་མ་སྟེ། དེའི་ལྟེ་བའི་ཉི་མའམ་ཟླ་བ་ཡིན་ལ། དེའི་དབུས་སུ་སྔགས་ཞེས་བྱ་བའི་དོན་ཏོ། །ཆོས་འབྱུང་བ་བསྒོམ་པ་ནི་བཅུ་པ་ལས། འགོག་པ་ཁྲོ་བོའི་འཁོར་ལོ་ཡིས། །ཞེས་བྱ་བ་འདིས་བསྟན་པ་དེའི་དྲི་བ་ཞུས་པའི་ལན་ནི་ལོངས་སྤྱོད་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ།

འདི་ནི་ཉེ་བའི་གྲུབ་པའི་དྲག་ཤུལ་གྱི་སྦྱོར་བ་བྱ་བར་མི་ནུས་པ་རྣམས་ཀྱི་ཆོ་གའོ། །རིག་པའི་སྐྱེས་བུ་ཡང་དེ་ཡིན་ལ་རྡོ་རྗེ་ཅན་ཡང་ཡིན་པ་སྟེ། དེ་བསྒོམ་པར་བྱ་ཞེས་བྱ་བར་སྦྱོར་རོ། །གང་དུ་ཞེ་ན་གྲུ་གསུམ་སྟེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ཁང་དུ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་

གྲུ་གསུམ་ཞེ་ན། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་སོ། །ཇི་ལྟ་བུའི་རྡོ་རྗེ་ཅན་ཞེ་ན། ལོངས་སྤྱོད་བཞི་དང་ཡང་དག་ལྡན་པ་སྟེ། དགའ་མ་བཞིའི་རིག་མས་ཡོངས་སུ་བསྐོར་བའོ། །དབུས་སུ་ཞེས་བྱ་བ་ནི་རྡོ་རྗེ་ཅན་གྱི་སྙིང་གར་འཁོར་ལོ་བསྒོམ་པའོ། །དེ་རུ་ཞེས་བྱ་བ་ནི་འཁོར་ལོ་ལའོ། །

རྩིབས་ཀུན་ལ་ནི་ཞེས་བྱ་བ་ནི་རྩིབས་བཅུ་པོ་རྣམས་ལའོ། །ཡེ་ཤེས་བཅུ་ནི་གཟུང་བ་དང་། འདོད་ཆགས་ལ་སོགས་པ་འཆད་པར་འགྱུར་བ་རྣམས་སོ། །དེའི་བདག་ཉིད་ཅན་ནི་དེའི་རང་བཞིན་དུ་འབྱུང་བ་སྟེ། འདི་དག་ལ་རང་གི་ས་བོན་ལས་རང་གི་མཚན་མའི་རྣམ་པར་འབྱུང་བ་ཡོད་པས་ན་དེ་སྐད་

เล่ม ๔๑ · หน้า 102b

ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །ལྕགས་ཀྱུ་དབྱིག་པ་མདུང་དང་ནི། །རལ་གྲི་མཚམས་སུ་དགོད་པར་བྱ། །འདོད་རྒྱལ་དབྱིག་སྔོན་སྟོབས་མི་གཡོ། །སྟེང་དུ་འཁོར་ལོ་འོག་གནོད་མཛེས། །ཁྲོ་རྒྱལ་རྣམས་ཀྱིས་རྒྱས་བཏབ་པོ། །ཞེས་ཕྱག་རྒྱ་དགོད་པ་ཞུས་པའི་ལན་གསུངས་པའི་ཕྱིར་

རོ། །འཁོར་ལོའི་ལྟེ་བར་ཡང་རྡོ་རྗེ་འཛིན་པའི་མཚན་མ་ས་བོན་ལས་བྱུང་བ་ལྟེ་བར་ས་བོན་ཅན་དུ་དོན་གྱིས་ཤེས་པར་བྱའོ། །འདི་ལྟར་ལྷ་བཅུ་གཅིག་གིས་བྱིན་གྱིས་བརླབས་པ་ཤིན་ཏུ་མི་གཡོ་བ་དང་མཚུངས་པར་འཁོར་བའི་འཁོར་ལོ་རྩིབས་བཅུ་པ་དེ་ཉིད་དོ། །རྣལ་འབྱོར་པས་འགོག་

པའི་སེམས་ཀྱིས་བསྒོམ་པར་བྱའོ། །བསྒོམས་པའི་སྟོབས་ཀྱིས་རྫོགས་པའི་འགོག་པའི་རྡོ་རྗེ་སྟེ་བརྟན་པར་འགོག་པས་སོ། །ཤིན་ཏུ་གསལ་བར་སྣང་བ་ཉིད་ཀྱི་ཕྱིར་མཆོག་ཏུའོ། །དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་མཛེས་པར་གྱུར་པས་སོ། །རྡོ་རྗེ་འབར་བའི་སྤྲིན་སྤྲོ་བས་ཁྲོ་བོའི་

མཚན་མ་རྣམས་ལས་ཁྲོ་བོའི་རྣམ་པར་འབར་བ་ནམ་མཁའ་ཁྱབ་པར་བྱེད་པ་རྒྱུན་གྱིས་ཡང་དང་ཡང་ཕྱོགས་བཅུར་སྤྲོ་བར་བྱའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པ་ཡིན་ནོ། །ཆོས་འབྱུང་ཡེ་ཤེས་དེ་ནི་ཡེ་ཤེས་བཅུར་འབྱུང་བ་བསྒོམ་པའོ། །དྲི་མ་མེད་པ་ནི་ཉེས་པ་མེད་པ་ཉིད་

ཀྱི་ཕྱིར་རོ། །ཞི་བ་ནི་ཡོན་ཏན་གྱི་འབྱུང་གནས་ཉིད་ཡིན་པའི་ཕྱིར་རོ། །འདི་བསྒོམས་པས་ཅིར་འགྱུར་ཞེ་ན། བསྒོམས་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བསྒོམས་པས་ནི་བསྒོམ་པ་ཡོངས་སུ་རྫོགས་པའོ། །སངས་རྒྱས་སྤྱན་ནི་འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་སེམས་

ཉེ་བར་སྒྲུབ་པའི་འབྲས་བུའོ། །སྲུང་བའི་འཁོར་ལོ་ནི་ཕྱིའི་ཁྲོ་བོའི་གཟུགས་བཅུ་པོ་ཉིད་ཀྱིས་བྱིན་གྱིས་བརླབ་པར་བསྒོམ་པར་བྱའོ། །སྡོམ་པ་ནི་ཕལ་ཆེར་ལྔ་པ་དང་དགུ་པ་དང་བཅུ་བདུན་པ་ལས་གསུངས་པ་དེ་དྲི་བ་ཞུས་པའི་ལན་ནི་རྡོ་རྗེ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདའ་བར་མི་བྱ་

བའི་དོན་གྱིས་ན་དམ་ཚིག་ཡིན་ལ། བགེགས་བཟློག་པའི་དོན་གྱིས་ན་སྡོམ་པ་ཡིན་ཏེ། རྣམ་གྲངས་ཀྱི་དབྱེ་བས་ཡིན་གྱི་དོན་གྱི་དབྱེ་བས་ནི་མ་ཡིན་པ་དེའི་ཕྱིར་སྡོམ་པའི་སྒྲས་ནི་ཞུས་པ་ཡིན་ལ། དམ་ཚིག་དང་སྡོམ་པ་དག་གིས་ནི་ལན་གསུངས་པ་ཡིན་ནོ། །རིམ་པ་གཉིས་ནི་རྣལ་འབྱོར་རྣམ་པ་གཉིས་

เล่ม ๔๑ · หน้า 103a

སོ། །དེ་ལ་རང་གི་ལྷ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་མཚན་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཉིན་རེ་ཞིང་ཡོངས་སུ་བསྐྱེད་པ་ནི་བསྐྱེད་པ་སྟེ། དེ་ལ་གནས་པས་ན་བསྐྱེད་པའོ། །རྫོགས་པ་ནི་ཀུན་དུ་སྤྱོད་པ་སྟེ། ཐབས་གསུམ་གྱིས་འབྲས་བུ་རྟོགས་སོ། །ཐབས་གོང་མ་བཞི་པའི་བསྒོམ་པ་བརྟན་པོར་

གྱུར་པས་དངོས་པོ་ཐམས་ཅད་ལ་ཅི་རིགས་པར་སྐྱེས་ཤིང་རྫོགས་པར་སྐད་ཅིག་རེ་རེ་ཞིང་མཐོང་བར་གྱུར་པ་ཀུན་དུ་སྤྱོད་པའི་དོན་ནི་རྫོགས་པའོ། །རྫོགས་པ་དེ་ཉིད་ལས་དང་པོ་པས་ཀྱང་ལྷག་པར་མོས་པས་དམིགས་པ་ནི་རྫོགས་པའི་རིམ་པའོ། །དེ་ལྟར་རིམ་པ་གཉིས་ལ་བརྟེན་ནས་བཤད་པ་ཡིན་

གྱི་རིམ་པ་གཅིག་གིས་ནི་མ་ཡིན་ནོ། །སྒྲུབ་པ་ནི་མངོན་པར་རྟོགས་པའོ། །འབད་པ་ནི་ཉམས་སུ་ལེན་པའོ། །དམ་ཚིག་དང་སྡོམ་པ་གང་ཡིན་པ་ནི་སྔར་རྒྱས་པར་བཤད་པ་ཉིད་དོ། །དེ་ནི་རིམ་པའི་དབྱེ་བས་ཕྱེ་བ་ཡིན་ཏེ། བསྐྱེད་པའི་རིམ་པ་ལ་མངོན་པར་རྟོགས་པ་ནི་ཏིང་ངེ་འཛིན་གསུམ་མོ། །

དེའི་ཉམས་སུ་ལེན་པ་ནི་དུས་མཚམས་དང་ལངས་ནས་མཉམ་པར་མ་བཞག་པའི་རྣལ་འབྱོར་རོ། །དམ་ཚིག་ནི་སྦྱང་བ་དང་སྦར་བ་དང་སྤྲོ་བ་ལ་སོགས་པ་དང་ལྡན་པའོ། །དེ་ཉམས་སུ་ལེན་པ་ནི་བག་མེད་པ་སྤང་བ་དང་བསམ་གཏན་གྱིས་ཀྱང་ངོ་། །རྫོགས་པའི་མངོན་པར་རྟོགས་པ་ནི་ཀུན་དུ་སྤྱོད་པའོ། །

ཉམས་སུ་ལེན་པ་ནི་སྐད་ཅིག་ཅིང་རྒྱུན་མི་འཆད་པར་རོ། །དམ་ཚིག་ནི་ལྷག་པར་མོས་པ་ཙམ་གྱིས་སྦྱང་བའོ། །དམ་ཚིག་གི་ཉམས་སུ་ལེན་པ་ནི་རང་གི་སྐུའམ་ལུས་གཞན་གྱིས་ཀྱང་ཅི་རིགས་པར་རོ། །ལས་དང་པོ་པ་རྣམས་ཀྱི་ཡང་བསྐྱེད་པ་བཞིན་ཏེ་སྡོམ་པའོ། །དབང་བསྐུར་བས་ཀུན་དུ་

བཟང་པོ་ཉིད་དུ་འགྱུར་རོ་ཞེས་བཅུ་བདུན་པ་ལས་འབྱུང་ལ། ཀུན་དུ་བཟང་པོ་དེ་ཡང་དཔལ་མཆོག་དང་པོ་ལ་སོགས་པར། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་འགྲོ་བའི་དོན་འབྱུང་བ། །དེ་ཕྱིར་ང་ནི་ཀུན་དུ་བཟང་། །ཞེས་བཤད་པ་ཡིན་ནོ། །དེ་ལ་སྙིང་སྟོབས་དང་རྡུལ་དང་མུན་པ་ནི་འདོད་

ཆགས་དང་། ཞེ་སྡང་དང་། གཏི་མུག་གོ། །དེའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སེམས་ཅན་དོན་མཛད་ཇི་ལྟ་བུ། །ཞེས་བྱ་བ་འདི་དྲིས་པ་ཡིན་ཏེ། དེའི་ལན་ནི་གཟུགས་དང་ཞེས་བྱ་བ་གསུངས་པ་ལ་འདོད་པ་ཞེས་བྱ་བ་ནི་སོ་སོར་སྡུད་པ་ལ་གདན་གྱི་རང་བཞིན་རྣམས་སོ། །བདེ་བ་ནི་

เล่ม ๔๑ · หน้า 103b

བདེ་བ་བསྐྱེད་པའི་བསིལ་བ་དང་དཀར་བའམ་དམར་བའོ། །སྡུག་བསྔལ་ནི་དྲོ་ཞིང་དམར་བའོ། །གཉི་གའི་བདག་ཉིད་ནི་ཞི་ཞིང་དཀར་བའོ། །སྙིང་ལ་ཞེས་བྱ་བ་ནི་ཚོགས་པའོ། །སྐྱེ་བར་འགྱུར་ཞེས་བྱ་བ་ནི་བསྡུས་པའོ། །འདོད་ཆགས་ནི་ཚིམ་པར་བྱེད་པའི་ཁ་དོག་སྟེ། སེར་པོ་དང་།

དམར་པོ་དང་། ལྗང་གུ་རྣམས་སམ། དཀར་ཞིང་བསིལ་བའོ། །ཞེ་སྡང་ནི་ཁྲོ་ཞིང་གནག་པའོ། །མུན་པ་ནི་ཞི་ཞིང་དཀར་བའོ། །ཆགས་པའི་རང་བཞིན་ནི་སྣ་ཚོགས་པའི་རང་བཞིན་ནོ། །རྡོ་རྗེ་ནི་སེམས་ཀྱི་ཕྲ་མོའོ། །དམ་ཚིག་ནི་སྤྲོས་པའི་དཀྱིལ་འཁོར་རོ། །འདོད་པར་བྱས་པས་ན་

འདོད་པ་སྟེ་བྱང་ཆུབ་བོ། །དམ་ཚིག་མཚུངས་པ་ནི་དམ་ཚིག་གི་རྗེས་སུ་བྱེད་པ་སྟེ། སྔར་གྱི་འདོད་པ་བཞིན་ནོ། །རྣམ་པ་ནི་སངས་རྒྱས་རྣམས་ཀྱི་སྐུའི་ཡེ་ཤེས་ཏེ། དོན་བྱེད་དོ་ཞེས་བྱ་བ་འོག་ནས་འབྱུང་བ་དང་འབྲེལ་ཏོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་ཐུགས་ཀྱི་ཡེ་ཤེས་ཏེ། ཕྲ་མོ་གཉིས་པའོ། །

ཀུན་འགྲོ་བ་ཞེས་བྱ་བ་ནི་བདེ་བའི་ཡེ་ཤེས་ཏེ། ཕྲ་མོ་གསུམ་གྱི་རང་བཞིན་ནོར་བུའོ། །ཡི་གེ་གསུམ་གྱི་བདག་ཉིད་ནི་དེ་ཉིད་ཉེ་བར་མཚོན་པ་སྟེ། གང་དུ་ཡེ་ཤེས་གསུམ་པོ་ཡོད་པས་དེའི་ཡི་གེ་གསུམ་མོ། །བདག་ནི་རང་གི་སྔགས་སོ། །གང་ཞེས་བྱ་བ་ནི་དེར་དེ་དག་ཉིད་བདེ་བ་སྟེ། འདི་ནི་

ཡི་གེ་གསུམ་གྱི་བདག་ཅེས་བྱའོ། །བྱེད་པ་ཞེས་བྱ་བ་ནི་དེ་བཞིན་དུ་སྒོམ་པ་བརྟན་པོར་བྱེད་པའོ། །འཕྲོག་པ་ཞེས་བྱ་བ་ནི་རྡོ་རྗེའི་ནང་དུ་སྤྲོས་པའོ། །སྤྲོ་བར་བྱ་ཞེས་བྱ་བ་ནི་དེ་ཉིད་ཀྱི་འོད་ཟེར་ཕྱུང་བས་ནམ་མཁའ་ཁྱབ་པར་བྱ་བའོ། །རང་གིས་བཟླས་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱིས་འཁོར་ལོ་དང་

པདྨ་ལ་སོགས་པ་སྤྲོ་བའོ། །དེ་ལྟར་ཞེས་བྱ་བ་ནི་ཆགས་པའི་རང་བཞིན་ཞེས་བྱ་བ་དང་སྦྱར་ཏེ་བསྟན་པའི་རིམ་གྱིས་འདོད་ཆགས་ཀྱི་རང་བཞིན་སྤྲོས་པས་ས་གསུམ་པོ་མ་ལུས་པར་བསྐྱེད་པར་བྱའོ། །ཞེ་སྡང་གཏི་མུག་ཅེས་བྱ་བ་ཡང་དེ་ལྟར་ཞེས་བྱ་བ་དང་སྦྱར་ཏེ། རིམ་པ་དེ་ཉིད་ཀྱིས་ཞེ་སྡང་

གི་རང་བཞིན་དང་གཏི་མུག་གི་རང་བཞིན་དུ་འགྲོ་བ་རྣམས་བསྐྱེད་པའོ། །རྒྱས་བཏབ་ཅིང་ཞེས་པ་ནི་སྤྲོས་པའི་དཀྱིལ་འཁོར་བསྡུས་པ་ལས་བྱུང་བ་ཤིན་ཏུ་ཕྲ་བའི་གདན་སྔར་གྱི་གདན་དང་མཚུངས་པའི་རེག་བྱ་དང་། ཁ་དོག་ཅན་ནོར་བུ་ཕྲ་མོའི་ནང་དུ་རྣམ་པར་བསམ་མོ་ཞེས་བྱ་བའི་དོན་ཏོ། །

เล่ม ๔๑ · หน้า 104a

རྡོ་རྗེ་ཅན་གྱི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་འོ། །དོན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་རྣལ་འབྱོར་པས་བྱེད་པའོ། །དོན་ཇི་ལྟ་བུ་ཞིག་བྱེད་ཅེ་ན། གསང་བ་དག་པ་སྟེ། སྒྲིབ་པ་དང་བྲལ་བའི་ཡེ་ཤེས་གསང་བའོ། །དེ་དག་ནི་བསྙེན་པའི་སྦྱོར་བའི་ཡན་ལག་སྟེ། ཞར་ལ་འོངས་

པ་བཤད་ནས་གཞན་ལེའུ་དགུ་པ་ལས་འདོད་ཆགས་ལ་སོགས་པས་སེམས་ཅན་གྱི་དོན་བྱ་བར་གསུངས་པ། ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་འཁོར་ལོ་བསྐྱེད་ནས་སུ། །ཞེས་བྱ་བ་ནི་བདག་ཉིད་ཞེ་སྡང་འཁོར་ལོ་བསྐྱེད་པའོ། །ཞེ་སྡང་རྣལ་འབྱོར་པས་ཞེས་བྱ་བ་ནི། བདག་

ཉིད་མི་བསྐྱོད་པའི་རྣལ་འབྱོར་པས་སོ། །སྦྱོར་བ་ཞེས་བྱ་བ་ནི་ནམ་མཁའི་ངོས་ལ་བསྒོམས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཀོད་པའི་ཏིང་ངེ་འཛིན་གྱིས་བསྟན་པར་བྱ་བའོ། །རྡོ་རྗེ་དྲག་པོ་ཞེས་བྱ་བ་ནི་བདག་གི་དཀྱིལ་འཁོར་པའི་ལག་པས་འཕངས་པས་སོ། །བཅོམ་ནས་སུ་

ཞེས་བྱ་བ་ནི་བཀོད་པ་ཆེན་པོ་དེ་དག་ཉིད་བསད་པའོ། །ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ནི་བཅོམ་པ་རྣམས་ཀྱི་ཡེ་ཤེས་སེམས་དཔའ་སྟེ། བསྡུས་ནས་བདག་གི་དཀྱིལ་འཁོར་གྱི་ཡེ་ཤེས་སེམས་དཔའ་ལ་བསྡུ་བའོ། །དེ་ཞེས་བྱ་བ་ནི་བསྡུས་པ་དེ་རྣམས་སོ། །གསད་པར་བྱ་ཞེས་བྱ་བ་ནི་སླར་སྤྲོ་

སྟེ་བཅོམ་པ་རྣམས་ལ་རྗེས་སུ་བཅུག་པས་ཡང་དག་པར་གསོ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གསད་པའོ། །གོམས་བྱས་ན་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྤྲོ་ཞིང་བསྡུས་པའོ། །ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར་བ་ནི་མཐར་ཐུག་པའི་འབྲས་བུའོ། །ཁམས་གསུམ་པོ་ནི་མ་

ལུས་པ་བསད་དང་ཞེས་བྱ་བ་ལ་སོགས་པ་ནི་འཕྲལ་གྱི་འབྲས་བུ་སྟེ་གསད་པར་ནུས་པ་ཞེས་བྱ་བ་ནི་སེམས་བརྟན་པར་གྱུར་པས་མངོན་དུ་ནུས་པར་གྱུར་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་དོ། །རྒྱན་ལ་སོགས་པ་ནི་ནམ་མཁར་བསམས་པ་རྣམས་ཀྱིའོ། །བརྐུ་བར་བྱ་ཞེས་བྱ་བ་ནི་བདག་ཉིད་

དང་བདག་གི་དཀྱིལ་འཁོར་པ་རྣམས་ཀྱིས་ཀྱང་བླངས་ཏེ་སྤྱད་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །གཏི་མུག་སེམས་ཀྱི་རྒྱ་མཚོ་ཞེས་བྱ་བ་ནི་བདག་དང་བདག་གི་དཀྱིལ་འཁོར་བའོ། །གཏི་མུག་འཁོར་ལོ་ཅན་གྱིས་ཀུན་ལ་སྟེ། བཅོམ་པ་རྣམས་ལ་ནི་རིན་པོ་ཆེ་སླར་སྦྱིན་པའོ། །འདོད་ཆགས་ནི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด