དཔལ་གསང་བ་འདུས་པའི་དཀའ་འགྲེལ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མཱ་ཛ་པཉྩི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๖ · หน้า 1b

༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་པཉྩི་ཀཱ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀའ་འགྲེལ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་

ལ་ཕྱག་འཚལ་ལོ། །ཁྱབ་བདག་རྡོ་རྗེ་རིག་འཛིན་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །འདུས་པ་གསང་བ་ལས་བྱུང་བ། །ཅི་ནུས་པར་ནི་རྣམ་པར་དབྱེ། །འདི་སྐད་ཅེས་བྱ་བ་ལ་

སོགས་པ་ལ་བརྗོད་པར་བྱ་བ་ནི་གང་། འབྲེལ་པ་ནི་གང་། དགོས་པ་ནི་ཅི། དགོས་པའི་དགོས་པ་ནི་ཅི་ཡོད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་འདི་

ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ནི་བཅོམ་ལྡན་འདས་ནམ་མཁའི་དབྱིངས་ལྟར་རྟག་ཏུ་བཞུགས་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་སྟེ། རྡོ་རྗེ་

འཛིན་ཆེན་པོ་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་ངོ་བོ་སྟེ། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞི་ནི་བརྗོད་པར་བྱའོ། །དེ་སྟོན་པའི་སྒྲའི་ཚོགས་ནི་རྒྱུད་དེ་དེ་ནི་བརྗོད་པའོ། །དེ་ལྟར་

เล่ม ๔๖ · หน้า 2a

བརྗོད་པར་བྱ་བ་དང་། བརྗོད་པ་དག་བརྗོད་པར་བྱ་བ་དང་བརྗོད་པའི་མཚན་ཉིད་དུ་འབྲེལ་པ་ནི་འབྲེལ་པའོ། །རྒྱུད་གཞན་དག་ལས་རབ་ཏུ་བཀག་པ་སྐྱེ་གནས་དམན་པ་ཤིན་ཏུ་གདུག་པའི་ལས་སེམས་པ།

མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་དང་ལྡན་པ། ཁྱབ་འཇུག་དང་མཁའ་འགྲོ་མ་དང་། ཆོལ་པའི་རྒྱུད་ལས་བསྟན་པ་ལ་གནས་པ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་དང་། མ་དང་

བུ་མོ་ལ་སོགས་པ་ལ་སྤྱོད་པ་དང་། བཟའ་བ་དང་བཟའ་བ་མ་ཡིན་པ་དག་ལ་དགའ་བ་དག་ཀྱང་བཅོམ་ལྡན་འདས་ཀྱིས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་

གནང་ངོ་ཞེས་སྤྲོ་བ་བསྐྱེད་ཅིང་འདི་ལ་འདོད་པ་སྐྱེས་པར་གྱུར་པ་ནི་དགོས་པའོ། །འདོད་པ་སྐྱེས་པས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་བྱས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་ཐོབ་པ་ནི་དགོས་པའི་

ཡང་དགོས་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་རང་བཞིན་གྱི་དཀྱིལ་འཁོར་གྱི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར་ལེའུ་བཅུ་བདུན་གྱི་དང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་

เล่ม ๔๖ · หน้า 2b

རློབ་པ་ཞེས་བྱ་བའི་ལེའུའི་ངོ་བོར་བསྟན་ཏོ། །བྱང་ཆུབ་ཆེན་པོར་སྨོན་པ་དང་ཐོས་པ་དང་། བསམ་པའི་སེམས་བསྐྱེད་ནས་བྱང་ཆུབ་ཆེན་པོའི་སེམས་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར་གཉིས་པ་བྱང་ཆུབ་ཀྱི་སེམས་དང་། གསུམ་པ་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་གྱི་ལེའུའི་ངོ་བོར་བསྟན་ཏོ། །

དམ་ཚིག་ལ་སོགས་པ་ཐོབ་པས་བསྒོམ་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར་བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུའི་ངོ་བོར་བསྟན་ཏོ། །བསྒོམ་པ་ཡོངས་སུ་རྫོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སངས་རྒྱས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་ལེའུ་ལྔ་པས་སྔགས་སྤྱོད་པ་མཆོག་གི་

ངོ་བོར་བསྟན་ཏོ། །སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་རྗེས་སུ་དགྱེས་པའི་མཆོད་པ་བྱ་བའི་ཕྱིར་དྲུག་པ་ལུས་དང་ངག་དང་སེམས་བྱིན་གྱིས་རློབ་པའི་ལེའུའི་ངོ་བོར་བསྟན་ཏོ། །སངས་རྒྱས་ལ་སོགས་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སྟོང་པ་ཉིད་དང་། མཚན་མ་མེད་

པ་དང་། སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོའི་རང་གི་ངོ་བོ་རྨི་ལམ་ལྟ་བུར་བསྒོམས་པས་སམ། སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་ལ་སྦྱོར་བས་ངེས་པར་འགྲུབ་པར་འགྱུར་བའི་ཕྱིར་བདུན་པ་སྔགས་སྤྱོད་པ་མཆོག་གི་ལེའུའི་ངོ་བོར་བསྟན་ཏོ། །མཆོད་པས་འགྲུབ་པར་འགྱུར་གྱི་

ཚོགས་མེད་པར་ནི་མ་ཡིན་པས་བརྒྱད་པ་བཤང་གཅིའི་ལེའུའི་ངོ་བོར་བསྟན་ཏོ། །གང་གི་ཚེ་སྔགས་པ་སྒྲུབ་པ་བདུན་དང་ལྡན་པས་ཀྱང་མི་འགྲུབ་ན། ཉེ་བར་དམིགས་པའི་སྦྱོར་བ་དེ་མི་སྤྱོད་པའི་ཏིང་ངེ་འཛིན་གྱི་རང་གི་ངོ་བོར་སྐུ་གསུང་ཐུགས་རྡོ་རྗེས་ཕྱེ་མར་བྱས་ཏེ། ནམ་མཁའ་དང་

མཉམ་པར་བསྒོམ་པར་བྱའོ། །དེ་བཞིན་དུ་གཏི་མུག་གི་རིགས་ལ་སོགས་པའི་དམ་ཚིག་བསྒོམས་པས་ཀྱང་ཉེ་བར་དམིགས་པ་རབ་ཏུ་སྤངས་ན་འགྲུབ་པའི་ཕྱིར་དགུ་པ་དོན་དམ་པ་དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་ལེའུའི་ངོ་བོར་བསྟན་ཏོ། །རྣལ་འབྱོར་པས་བསྒོམས་པས་མཚན་མ་བྱུང་ནས་ནི་ཉི་མ་

བདུན་སྙིང་པོས་ཡང་དག་པར་བསྐུལ་ཞིང་རྣལ་འབྱོར་རྣམ་པར་བསྒོམས་ལ་སྒྲུབ་པ་ལ་འཇུག་པར་བྱ་བའི་ཕྱིར་བཅུ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བའི་ལེའུའི་ངོ་བོར་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་འཇུག་པའི་རྣལ་

เล่ม ๔๖ · หน้า 3a

འབྱོར་པ་ཐམས་ཅད་ཀྱིས་རང་གི་ལུས་དང་ངག་དང་ཡིད་ཨོཾ་ཨཱཿཧཱུཾ་ཞེས་པ་འདིས་བསྐྱེད་པར་བྱ་བའི་ཕྱིར་བཅུ་གཅིག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུའི་རང་གི་ངོ་བོར་བསྟན་ཏོ། །ཇི་སྐད་གསུངས་

པའི་འབྲས་བུ་བསྒྲུབ་པའི་ཕྱིར་ལྷའི་སྦྱོར་བ་བྱས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་གསོལ་བ་བྱ་བའི་ཕྱིར་བཅུ་གཉིས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་མཆོག་སྟོན་པའི་ལེའུའི་ངོ་བོར་བསྟན་ཏོ། །སྐུ་དང་གསུང་དང་ཐུགས་

རྡོ་རྗེའི་ངོ་བོ་ཉིད་དུ་ངེས་པར་བྱས་ནས་བཟླས་བརྗོད་དམ་བསྒོམ་པ་བྱ་བའི་ཕྱིར་བཅུ་གསུམ་པ་རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་བྱང་ཆུབ་པ་ཞེས་བྱ་བའི་ལེའུའི་ངོ་བོར་བསྟན་ཏོ། །རིམས་ལ་སོགས་པ་དངོས་གྲུབ་ཀྱི་བར་ཆད་དུ་གྱུར་པའི་བགེགས་བསལ་བ་ནི་ཞི་བ་དང་རྒྱས་

པ་དང་དབང་དང་མངོན་སྤྱོད་ཀྱི་ལས་རྣལ་འབྱོར་པས་བྱ་བའི་ཕྱིར་བཅུ་བཞི་པ་སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱིས་འགུགས་པའི་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ལེའུའི་ངོ་བོར་བསྟན་ཏོ། །རྨི་ལམ་དང་འདྲ་བར་བསྒོམས་ན་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བའི་

ཕྱིར་བཅོ་ལྔ་པ་སེམས་ཅན་གྱི་དམ་ཚིག་གསང་བའི་རྡོ་རྗེ་འབྱུང་བའི་ལེའུའི་ངོ་བོར་བསྟན་ཏོ། །རིག་པའི་བརྟུལ་ཞུགས་སྤྱད་པ་རྣམས་ཀྱིས་དཀྱིལ་འཁོར་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར་བཅུ་དྲུག་པ་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་བའི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་

པའི་ལེའུའི་ངོ་བོར་བསྟན་ཏོ། །དམ་ཚིག་ཡོངས་སུ་སྲུང་བར་བྱེད་པ་ལ་ཐམས་ཅད་འབྱོར་པར་འགྱུར་བར་བསྟན་པའི་ཕྱིར་བཅུ་བདུན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེ་བྱིན་གྱིས་བརླབ་པའི་རྒྱལ་པོའི་ལེའུའི་རང་གི་ངོ་བོར་བཞུགས་ཏེ། བཅོམ་ལྡན་འདས་དེ་ནི་

ཞེ་སྡང་དང་ཡིད་བཞིན་གྱི་ནོར་བུ་དང་། འདོད་ཆགས་དང་དམ་ཚིག་གི་རིགས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་དང་། རྣམ་པར་སྨིན་པ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་རང་བཞིན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་

เล่ม ๔๖ · หน้า 3b

འོད་གསལ་བ་སྟེ། རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་ཉིད་དོ། །གཏི་མུག་གི་རིགས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །ངོ་བོ་ཉིད་ཀྱི་སྐུས་ནི་བདག་གི་དོན་ཕུན་སུམ་ཚོགས་ལ། ལྷག་མ་རྣམས་ཀྱིས་ནི་བཅོམ་ལྡན་འདས་དེ་གཞན་གྱི་དོན་ཕུན་སུམ་ཚོགས་

པར་བསྟན་ཏོ། །དེ་ལྟ་བུའི་རྣམ་པར་སྣང་མཛད་ཆེན་པོ་གསང་བ་འདུས་པའི་རྒྱུད་དུ་བསྟན་པ་ནི་བརྗོད་པར་བྱ་བའི་རང་གི་ངོ་བོ་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་བསྟན་པ་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པ་ས་བཅུའི་དབང་ཕྱུག་རྡོ་རྗེ་འཆང་གིས་བློ་ལ་བཞག་

ནས་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་ཁྱོད་ཀྱིས་གང་གི་ཚེ་ཐོས་ཤེ་ན། དུས་གཅིག་ན་ཞེས་བྱ་བ་སྟེ། དེ་ཡང་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་མཐུས་ན་གང་ཅི་ཐོས་པ་དེ་དག་ཐམས་ཅད་སྐད་ཅིག་མ་གཅིག་ལ་བདག་གིས་

ཐོས་སོ་ཞེས་པ་སྟེ། འདིས་ནི་བདག་ཉིད་ཚད་མའི་སྐྱེས་བུ་ཡིན་པར་སྟོན་ཏོ། །གང་ལས་ཐོས་ཤེ་ན། བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ། བཅོམ་ལྡན་འདས་ལས་ཐོས་སོ། །དེ་ཡང་ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་དང་། ཕུང་པོའི་བདུད་

བཅོམ་པའམ། སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་དེ་ཡང་གང་ན་བཞུགས་ཤེ་ན། སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་

ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དངོས་པོ་རྣམས་ཇི་ལྟར་གནས་པ་དེ་བཞིན་དུ་མཁྱེན་ཅིང་ཐུགས་སུ་ཆུད་ནས་གཞན་དག་ལའང་དེ་བཞིན་དུ་རབ་ཏུ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཞེས་བཤད་དོ། །དེ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་

དང་མཉམ་པའི་སྐུ་རྡོ་རྗེ་ལ་སོགས་པ་ནི་ཐམས་ཅད་དོ། །དེ་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཏེ། སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་

เล่ม ๔๖ · หน้า 4a

རྣམས་ཀྱི་སྙིང་པོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་རྒྱུ་བ་དང་མི་རྒྱུ་བ་རྣམས་ཀྱིས་མི་ཤིགས་པས་ན་རྡོ་རྗེ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེའི་བཙུན་མོ་ཡིན་པས་ན་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེའི་བཙུན་མོ་སྟེ། དེར་བཅོམ་ལྡན་འདས་བཞུགས་པས་ན་བྷ་ག་ཞེས་བྱ་བ་འདིས་ནི་གནས་བསྟན་ཏེ། དེ་ཡང་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ཞེས་བྱ་བ་ལྷ་མོ་བཞི་ནི་འདིར་བཙུན་མོ་

སྟེ། དེ་རྣམས་ནི་འདི་ཉིད་ཀྱི་ལེའུ་བཅུ་བདུན་པ་ལས་སྟོན་ཏོ། །ཅིའི་ཕྱིར་དེ་དག་གིས་གསང་བ་ལ་བཞུགས་ཤེ་ན། སྨྲས་པ། ཁྱབ་འཇུག་ལ་སོགས་པའི་རྒྱུད་ལ་མངོན་པར་དགའ་ཞིང་ཡུལ་ཡོངས་སུ་མི་སྤོང་བ་རྣམས་ནི་འདོད་ཆགས་ཀྱིས་འདོད་ཆགས་སྤོང་བ་འདི་ལ་

དགའ་བ་བསྐྱེད་པར་བྱ་བའི་ཕྱིར་ཏེ། །འདི་ལྟར་བུད་མེད་བསྟེན་པ་དང་། བཤང་གཅི་ལ་སོགས་པ་བསྟེན་པས་ཁྱབ་འཇུག་ལ་སོགས་པ་བསྒྲུབ་པར་འདོད་ཅིང་། དེས་བསྟན་པའི་དངོས་གྲུབ་ཚོལ་བ་ལ་ཞུགས་པ་དེ་དག་བཙུན་མོའི་གསང་བ་ལ་མངོན་པར་འཇུག་པར་འགྱུར་ཏེ།

དེ་ཡང་། བྷ་ག་ལེགས་ལྡན་ཁྱབ་འཇུག་སྟེ། བུད་མེད་ཀྱི་ནི་མདོམས་ན་གནས། །མི་རྣམས་དགའ་བར་བྱེད་པས་ན། དེས་ན་སྲེད་མེད་བུ་ཞེས་བྱ། །ཞེས་བཤད་དེ། དེ་ལྟ་བུས་བརྟགས་པ་མ་ཡིན་པའི་ཁྱབ་འཇུག་ལ་སོགས་པའི་རང་གི་ངོ་བོ་སྤངས་ནས་སྤྱན་ལ་སོགས་པའི་གསང་

བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ལ་མངོན་པར་དགའ་བ་བསྐྱེད་པར་བྱ་བའི་ཕྱིར་དེ་དག་ལ་ཁྱོད་ཀྱིས་མི་ཟད་པའི་བདེ་བ་དང་། ཡིད་དགའ་བ་རབ་ཏུ་སྟེར་བའི་བཙུན་མོ་ལྷ་མོ་གཞན་དུ་མི་འགྲོ་མ། གཞན་ལ་མི་ལྟ་མ། གཞན་དང་མི་སྨྲ་མ། གཞན་

འདོད་པར་མི་འགྱུར་བ་འདི་དག་ལ་མངོན་པར་འདོད་པ་བསྐྱེད་པར་བྱའོ་ཞེས་བསྟན་པའི་ཕྱིར་དེ་ལ་ཞུགས་པ་ཡིན་ནོ། །དེ་ཡང་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཀྱང་། །བྷ་ག་སངས་རྒྱས་བཅོམ་ལྡན་ཏེ། །དེས་ན་འདོད་ཆགས་སྨད་མི་བྱ། །གང་གཞན་དམ་

เล่ม ๔๖ · หน้า 4b

ཚིག་གསུམ་པོ་དག །དེ་དག་འདི་ཡི་ནང་དུ་འདུས། །ཞེས་གསུངས་ཏེ། སངས་རྒྱས་རྡོ་རྗེ་འཆང་དུ་བརྗོད། །ཅེས་གསུངས་པས་ན་སངས་རྒྱས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ལ་བྱའོ། །དམ་ཚིག་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་

རྡོ་རྗེའི་རང་གི་ངོ་བོ་རྣམས་ལ་བྱའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཕྱིར་སྤྱན་ལ་སོགས་པ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོའི་ལྷ་མོ་དེ་རྣམས་བསྒོམས་པར་གྱུར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་

དང་ཐུགས་རྡོ་རྗེའི་ངོ་བོར་གྱུར་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་རྣམས་ཐོབ་པར་འགྱུར་བས་དེའི་ཕྱིར་འདོད་ཆགས་སྨད་པར་མི་བྱའོ། །གང་ཡང་ཆོས་དང་ལྡན་ཞིང་བསླབ་པ་དང་། སྡོམ་པ་ལ་གནས་པ་དང་། གཞན་དག་གི་ཕྱིར་

ནི། ནམ་མཁའི་ཁམས་ཀྱི་དབུས་སུ་ནི། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །ཞེས་བྱ་བ་ལ་སོགས་པ་འོག་ནས་གསུངས་པ་དང་། གང་གི་ཕྱིར་ལེའུ་ལྔ་པ་ལས་སྡོམ་པ་བཟུང་བ་དང་མ་བཟུང་བ་གཉི་གའི་དབང་དུ་མཛད་ནས་བཤད་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་

ཀྱི་གནས་ཕུན་སུམ་ཚོགས་པ་བཤད་ནས་བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ཕུན་ཚོགས་པ་བསྟན་ཏེ། དེ་ཡང་ལྷའི་རྣལ་འབྱོར་གྱི་ཡན་ལག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ནི་འདི་ལྟ་སྟེ་ཞེས་སྨྲས་པ་སྟེ། འདི་

ལྟ་སྟེ་ཞེས་བྱ་བ་ནི་གང་ན་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་ཡང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་ན་དམ་ཚིག་རྡོ་རྗེ་སྟེ་བཅོམ་ལྡན་འདས་རྡོ་རྗེ་ལས་སོ། །དེ་ཡང་འདའ་བར་མི་བྱ་བའི་དོན་གྱིས་ན་དམ་ཚིག་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཀུན་གྱིས་

ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་ལས་དེའང་འདུ་བྱེད་ཀྱི་ཕུང་པོའི་རང་གི་ངོ་བོར་གྱུར་ཅིང་ལས་ཀྱི་རྡོ་རྗེའི་ཕྱག་རྒྱས་དམ་ཚིག་གི་རིགས་ཀྱི་ནང་དུ་གཏོགས་པས་

เล่ม ๔๖ · หน้า 5a

རིགས་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན་འདའ་བར་མི་བྱ་བ་ཡིན་པས་དམ་ཚིག་རྡོ་རྗེ་ཞེས་བྱའོ། །དེ་ཉིད་བྱང་ཆུབ་ཆེན་པོའི་ངོ་བོར་གྱུར་པས་ན་བྱང་ཆུབ་སེམས་དཔའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་བྱེད་པར་ནུས་པས་ན་སེམས་དཔའ་ཆེན་པོ་སྟེ། དེ་

ཡང་དགའ་བ་ཆེན་པོ་འདིས་ཅི་ཞིག་ལ་ཆགས་ཤེ་ན། འགྲོ་བའི་དོན་བྱེད་པ་ལ་ཆགས་སོ་ཞེས་གསུངས་པའི་ཕྱིར་རོ། །སྐུ་རྡོ་རྗེ་ནི་གཙོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་དབུ་ལ་འཇོག་པའོ། །གསུང་རྡོ་རྗེ་ནི་རྡོ་རྗེ་ཆོས་སོ། །ཐུགས་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །ཏིང་ངེ་འཛིན་རྡོ་རྗེ་ནི་གཙོ་བོ་འོད་

དཔག་མེད་དབུ་ལ་འཇོག་པའོ། །རྒྱལ་བ་རྡོ་རྗེ་འདིས་གདུག་པ་རྣམས་ལས་རྒྱལ་བར་གྱུར་པས་ན་རྒྱལ་བ་སྟེ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ཏེ། རིགས་ལ་ལྟོས་ནས་ཚིག་གཅིག་པར་བྱས་སོ། །ས་རྡོ་རྗེ་ནི་སྤྱན་ནོ། །ཆུ་རྡོ་རྗེ་ནི་མཱ་མ་ཀཱིའོ། །

མེ་རྡོ་རྗེ་ནི་གོས་དཀར་མོའོ། །རླུང་རྡོ་རྗེ་ནི་ཡུམ་སྒྲོལ་མའོ། །ནམ་མཁའ་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཡང་། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱིའོ། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་བསྒྲགས། །མཁའ་དབྱིངས་རྡོ་རྗེ་དམ་ཚིག་ནི། །རྡོ་རྗེ་

འཛིན་པ་དེ་ཉིད་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྡོ་རྗེ་ནི་མེ་ལོང་དང་། པི་ཝང་དང་དྲིའི་དུང་དང་རོའི་སྣོད་དང་། ཀ་ཙ་ལིནྡའི་གོས་རྡོ་རྗེས་མཚན་པ་ཕྱག་ན་འཆང་བའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ནི་ཆོས་ཀྱི་

དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་སོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འབའ་ཞིག་གི་ཚོགས་སུ་མ་ཟད་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་ཏེ་བཞུགས་པ་ན། ནམ་མཁའི་ཁམས་

དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་བཞིན་གཤེགས་པ་གཙོ་བོ་རྣམས་ནི་འདི་ལྟ་སྟེ། མི་བསྐྱོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་བཞི་པོ་རྣམས་ཀྱིས་ཀྱང་བསྐྱོད་པར་མི་ནུས་པས་ན་མི་བསྐྱོད་པ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་

เล่ม ๔๖ · หน้า 5b

པའི་ཕྱིར་མི་བསྐྱོད་པ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་རྡོ་རྗེ་མི་བསྐྱོད་པའོ། །རྣམ་པར་སྣང་ཞིང་འབར་བས་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ཀྱི་སྐུར་སྟོན་པས་ན་རྒྱ་ཆེར་རྣམ་པར་སྣང་བར་མཛད་པའི་ཕྱིར་རྣམ་པར་སྣང་མཛད་དོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱུར་གྱུར་

པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཏོག་གི་མཚན་མ་གང་ལ་ཡོད་པ་དེ་ནི་རིན་ཆེན་དཔལ་ཞེས་བྱ་སྟེ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ནོ། །དཔག་ཏུ་ཡོད་པ་ཞེས་བྱ་བ་ནི་ཡོངས་སུ་ཆད་པའོ། །མཐའ་མེད་པས་ན་

དཔག་ཏུ་མེད་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་གཟུགས་སྟོན་པ་སྟེ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའོ། །འབྲས་བུ་མེད་པ་ནི་དོན་མེད་པའོ། །འབྲས་བུ་དང་བཅས་པས་ན་དོན་ཡོད་པ་སྟེ།

བཅོམ་ལྡན་འདས་ཉིད་ཀྱི་སྐུས་གདུལ་བྱའི་འདོད་པའི་དོན་གྱི་ཚུལ་སྒྲུབ་ཅིང་རྫོགས་པར་མཛད་པས་ན། བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའོ། །བཅོམ་ལྡན་འདས་ཀྱི་གཞལ་ཡས་ཁང་དེ་ཚུལ་ཇི་ལྟ་བུར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གང་ཞེ་ན། སྨྲས་པ། འདི་ལྟ་སྟ

དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཤིན་ཏུ་གང་བར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་ཏིལ་གྱི་གང་བུ་ཏིལ་གྱི་ས་བོན་གྱིས་བར་མཚམས་མེད་པར་ཡོངས་སུ་གང་བ་དེ་བཞིན་དུ་བཅོམ་ལྡན་འདས་སྟོན་པར་མཛད་པའི་

དུས་ན་གཞལ་ཡས་ཁང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་གྱུར་ཏེ་ཞེས་ཡང་དག་པར་སྡུད་པར་བྱེད་པས་སྨྲས་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཞེས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གི་ངོ་བོར་གྱུར་པ་སྟེ། བཅོམ་ལྡན་འདས་ཀྱི་བདག་གི་དོན་

ཕུན་སུམ་ཚོགས་པར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་རིགས་ལྔ་ལ་སོགས་པ་རང་གི་ངོ་བོར་སྟོན་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་

เล่ม ๔๖ · หน้า 6a

ནི་བྱང་ཆུབ་སེམས་དཔའི་དགེ་འདུན་དེ་བཞིན་གཤེགས་པ་དང་བཅས་པ་ལས་ཤེས་པས་ན་སྒྲུབ་པའི་ཡན་ལག་གི་ངོ་བོར་བྱང་ཆུབ་སེམས་དཔའི་དགེ་འདུན་དང་དེ་བཞིན་གཤེགས་པ་རྣམས་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་དེ་བཞིན་

གཤེགས་པ་རྣམས་ཀྱང་སྒྲུབ་པའི་ཡན་ལག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་འདི་ཉིད་ཀྱི་ནང་ནས་ལེའུ་བཅུ་གཉིས་པ་ལས་བསྙེན་པའི་དམ་ཚིག་སྦྱོར་བ་དང་། ཉེ་བར་སྒྲུབ་པ་འབྱུང་བ་དང་། སྒྲུབ་པའི་དོན་གྱིས་དམ་ཚིག་དང་། སྒྲུབ་པ་ཆེན་པོ་དག་དང་བཞི་ཞེས་བཤད་པའི་ཕྱིར་རོ། །བཅོམ་

ལྡན་འདས་དེ་ལྟར་བཞུགས་ནས་ཅི་ཞིག་མཛད་ཅེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་རྒྱལ་པོ་བསྐྱེད་པའི་ཕྱིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་

ལྟར་ཐམས་ཅད་དུ་གནས་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི་རྣམ་པར་སྣང་མཛད་ཆེན་པོའོ། །འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདོད་

ཆགས་ཆེན་པོ་སྟེ། སེམས་ཅན་རྣམས་སྨིན་ཅིང་གྲོལ་བའི་མཚན་ཉིད་དོ། །དེ་ཡང་། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །དངོས་གྲུབ་ཀུན་ལ་རྗེས་སུ་དགྱེས། །ཞེས་གསུངས་པས་སོ། །དེའི་ཚུལ་ནི་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རང་བཞིན་གྱི་

ཡེ་ཤེས་ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དམིགས་པས་ན་དེ་ནི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེས་ན་འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་དེ་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་ན། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་

འདོད་ཆགས་ཀྱིས་འདོད་ཆགས་སྤངས་ནས་ཞི་བའི་ཏིང་ངེ་འཛིན་ལ་གནས་པར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་སྐུ་ལ་བཅུག་ནས་སྤྱན་ལ་སོགས་པ་བུད་མེད་ཀྱི་གཟུགས་སུ་སྐྱེད་པར་མཛད་པས་ན། འདི་ནི་འདོད་ཆགས་ཆེན་པོའི་ཚུལ། །

เล่ม ๔๖ · หน้า 6b

ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ། །འདི་ཉིད་ཀྱི་དོན་བསྟན་པའི་ཕྱིར་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཅེས་བྱ་བ་ནི་ནམ་མཁའི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པ་ཞེས་གང་གསུངས་པའོ། །བཅོམ་ལྡན་འདས་ཡོངས་

སུ་མཉེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་བཙུན་མོར་སྤྲུལ་པ་གཟིགས་པས་དེ་ཡོངས་སུ་མཉེས་པ་སྐྱེས་པའོ། །དེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ན་ཇི་ལྟར་ཡོངས་སུ་མཉེས་པར་འགྱུར་ཞེ་ན། དེའི་སྨོན་ལམ་གྱི་སྟོབས་ཀྱིས་གདུལ་བྱའི་

སེམས་ཅན་གྱིས་དེ་ལྟར་མཐོང་བ་ལ་ཉེས་པ་མེད་དོ། །དེ་ལ་ནི་སངས་རྒྱས་སྤྱན་ལྟ་བུ་ཞེས་བྱ་བ་ལ་སྐུ་རྡོ་རྗེ་ནི་སྤྱན་ལྟ་བུའོ། །ཐུགས་རྡོ་རྗེ་ནི་མཱ་མ་ཀཱི་ལྟ་བུའོ། །གསུང་རྡོ་རྗེ་ནི་གོས་དཀར་མོ་ལྟ་བུའོ། །དམ་ཚིག་རྡོ་རྗེ་ནི་སྒྲོལ་མ་ལྟ་བུར་ཡང་དག་པར་གནས་སོ། །ཡང་གསུང་རྡོ་རྗེ་ནི་དྲིའི་ངོ་བོ་

ལྟ་བུའོ། །རིན་པོ་ཆེའི་དཔལ་ནི་སྒྲའི་ངོ་བོ་ལྟ་བུའོ། །དོན་ཡོད་པར་གྲུབ་པ་ནི་རོའི་ངོ་བོ་ལྟ་བུའོ། །ཐུགས་རྡོ་རྗེ་ནི་རེག་གི་ངོ་བོ་ལྟ་བུའོ། །རྣམ་པར་སྣང་མཛད་ནི་གཟུགས་ཀྱི་ངོ་བོ་ལྟ་བུར་གྱུར་ཏོ། །བཙུན་མོའི་བྷ་ག་ལ་ཞེས་བྱ་བ་ལ་སོགས་པ་ལ་བཙུན་མོ་ནི་སྤྱན་མ་ལ་སོགས་པ་ཇི་སྐད་གསུངས་

པ་བཞི་པོ་སྟེ་དེ་དག་གི་གསང་བའོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་ངོ་བོས་ཐམས་ཅད་དུ་ཁྱབ་པར་གྱུར་པའོ། །དཀྱིལ་

འཁོར་ནི་གྲུ་བཞི་པ་སྟེ་ཟུར་བཞི་པོ་དེ་ཡང་དྲི་མ་མེད་ཅིང་དྲི་མ་ཐམས་ཅད་སྤངས་པའོ། དེའི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་འཆང་ཆེན་པོས་དེའི་ངོ་བོར་བསྐྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། གསལ་བ་དེ་ཡི་ངོ་བོ་ཉིད། །ཅེས་བྱ་བ་སྟེ། དྲི་མ་ཐམས་ཅད་དང་བྲལ་བས་

ན་ཁང་པ་བརྩེགས་མའི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཀྱང་ཤེལ་གྱི་ནང་དུ་ཡོད་པའི་གཟུགས་མཐོང་བ་ལྟར་སངས་རྒྱས་ལ་སོགས་པ་མཐོང་བས་ན་གསལ་བའོ། །རིགས་ལྔའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པས་ན་དེའི་ངོ་བོ་ཉིད་དོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་

เล่ม ๔๖ · หน้า 7a

པ་ནི་གཏི་མུག་དང་། ཡིད་བཞིན་གྱི་ནོར་བུ་དང་། འདོད་ཆགས་དང་། དམ་ཚིག་གི་དཀྱིལ་འཁོར་ནི་གསལ་བ་ལ་སོགས་དཀྱིལ་འཁོར་ཏེ་དེ་དང་ལྡན་པའོ། །དེ་ཡང་རྣམ་པར་སྣང་མཛད་དང་། སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མའི་གནས་སུ་ཟླ་བའི་

དཀྱིལ་འཁོར་རོ། །ལྷག་མ་རྣམས་སུ་ཉི་མའི་དཀྱིལ་འཁོར་ཡིན་པས་ན་གསལ་བ་ལ་སོགས་དཀྱིལ་འཁོར་རོ། །དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དོ། །གནས་ནི་དཀྱིལ་འཁོར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ནི་རྡོ་རྗེ་འཆང་ཆེན་

པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་འདས་མ་ཐག་པའི་གསང་བའི་གནས་སུ་སྤྲུལ་པ་གང་ཡིན་པའོ། །དབུས་སུ་གཞག་པར་འགྱུར་རོ་ཞེས་བྱ་བ་ནི་གསང་བར་ཆུད་པའི་དཀྱིལ་འཁོར་དེ་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པར་རང་གི་ཐུགས་ཀར་

ཆུད་པར་མཛད་དོ། །དེ་ནས་དཀྱིལ་འཁོར་དེར་ཞུགས་པའི་དེ་བཞིན་གཤེགས་པ་དེ་རྣམས་དཀྱིལ་འཁོར་དེ་ཉིད་དུ་གནས་ཇི་ལྟ་བ་བཞིན་དུ་བཞུགས་པའོ། །དེ་ནས་རྡོ་རྗེ་འཛིན་པ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་སོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་མནན་པ་སྟེ་ཞི་བའི་རང་བཞིན་བསལ་ནས་སྒེག་པ་ལ་ངེས་པར་སྦྱོར་བའོ། །དོན་དེ་ཉིད་ཀྱིས་ན་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་

ཞུགས་ནས་སྤྱན་ལ་སོགས་པ་དང་ཡང་དག་པར་སྦྱོར་བའི་སྒོར་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་གཞག་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་གྱི་དམ་ཚིག་ལ་ཞུགས་སོ་ཞེས་བྱ་བའི་དོན་

ཏོ། །རྡོ་རྗེ་འཆང་ཆེན་པོ་དེའི་དཀྱིལ་འཁོར་གྱི་དམ་ཚིག་དེས་ཀྱང་ཅི་ཞིག་བྱས་ཤེ་ན། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་སུ་བཞུགས་ཤིང་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་བདེ་

เล่ม ๔๖ · หน้า 7b

བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྡོ་རྗེ་ཡིན་པས་ན་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་དེ་ཉིད་དམ་ཚིག་གོ། །དེ་དག་འབྱུང་བའི་ཕྱིར་རྡོ་རྗེ་ལྟར་མི་ཤིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྐྱེད་པར་བྱེད་པ་ལ་སེམས་རྩེ་གཅིག་པར་མཛད་དོ་ཞེས་བྱ་བའི་

དོན་ཏོ། །དོན་དེ་ཉིད་བསྟན་པའི་ཕྱིར་སྙོམས་པར་ཞུག་པ་ནས་རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རིག་པ་ཆེན་པོ་སྟེ་སྤྱན་ལ་སོགས་པའོ། །སྐྱེས་བུ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་དག་གི་

གཟུགས་ནི་རིག་པ་ཆེན་པོ་སྐྱེས་བུའི་གཟུགས་ཏེ་ཞལ་གསུམ་པ་ལྟ་བུའོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་སོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི། ཨོཾ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་

པའོ། །དེ་དག་བྱིན་གྱིས་བརླབ་པ་ནི། བརྗོད་པར་བྱ་བ་རྒྱུད་གཞན་དག་ལས། ཞལ་གཅིག་པར་རབ་ཏུ་གྲགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཞལ་གསུམ་པ་ལྟ་བུར་གྱུར་པར་བྱིན་གྱིས་བརླབས་པའོ། །དོན་འདི་ཉིད་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་དེ་བཞིན་གཤེགས་

པ་དེ་ཉིད་ཞལ་གསུམ་པ་ལྟ་བུར་གཟིགས་པར་གྱུར་ཏོ་ཞེས་བྱ་བ་གསུངས་པ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོར་བསྟན་པའི་ཕྱིར་ཞལ་གསུམ་པར་གྱུར་ཏོ། །ཐམས་ཅད་ཀྱང་

འདི་བཞིན་དུ་འདིར་ཞལ་གསུམ་པར་འདི་ཉིད་ཀྱི་འོག་ནས་སྟོན་ཏེ། ཐུགས་རྡོ་རྗེ་ནི་འདིར་གཙོ་བོར་གྱུར་པའི་ཕྱིར་གཙོ་བོར་བསྟན་པས་ལྷག་མ་རྣམས་ཀྱང་ཤེས་པར་འགྱུར་རོ། །གཞན་དག་ནི་བུད་མེད་ཀྱི་ཞལ་ལྟ་བུའོ་ཞེས་འདོད་དེ། བུད་མེད་ཀྱི་ཞལ་ལྟ་བུ་ནི་སྤྱན་ལ་སོགས་པ་དང་ཡང་དག་པར་

เล่ม ๔๖ · หน้า 8a

སྦྱོར་བའི་བདེ་བ་ཉམས་སུ་མྱོང་བ་ལྟ་བུས་སོ་ཞེས་ཟེར་རོ། །གཞན་དག་ནི་དེ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེའི་ཏིང་ངེ་འཛིན་གྱི་མཐུས། དོན་འདི་རྫོགས་ཟིན་པས་ན་ཞལ་གསུམ་པ་ཁོ་ན་ལྟ་བུར་རིགས་ཏེ། འདིས་

ཀྱང་སྐུ་དང་གསུང་དང་ཐུགས་དང་རྣམ་པར་ཐར་པའི་སྒོ་སྟོན་པས་དེས་ན་ཞལ་གསུམ་གྱིས་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཆེན་པོའི་སེམས་ཏེ། གདུལ་བྱའི་འགྲོ་བ་རྣམས་ཀྱི་རྒྱུད་ལ་རབ་ཏུ་བྱུང་བ་དེ་གཟིགས་ནས་དགྱེས་པའི་ཐུགས་

ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆེད་དུ་བརྗོད་པའི་ཆེད་དུ་བརྗོད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །གང་གི་ཕྱིར་ཞེ་ན། བྱང་ཆུབ་སེམས་ནི་རབ་འབྱུང་བ། །ཞེས་བྱ་བ་དེ་ནི་ཇི་སྐད་གསུངས་པའི་ཚུལ་གྱིས་སོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱི་ཞེས་

བྱ་བ་གསུངས་ཏེ། འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་པ་གཞན་དག་ལ་མི་སྟོན་པས་ན་གསང་བའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་པས་ན་རབ་ཏུ་མི་རྟོག་པའོ། །ངོ་བོ་ཉིད་ཀྱིས་དག་པས་

ན་རྙོག་པ་མེད་པའོ། །ལྷའི་རྣལ་འབྱོར་བྱས་ན་ཇི་སྐད་གསུངས་པའི་ཚུལ་གྱིས་སྤྱན་ལ་སོགས་པའི་གསང་བ་ལ་དཀྱིལ་འཁོར་སྤྲུལ་ནས་ཉིད་ཀྱི་ཐུགས་ལ་བཞག་སྟེ། དེ་བཞིན་གཤེགས་པ་རྣམས་ཟིལ་གྱིས་མནན་པ་སྔོན་དུ་འགྲོ་བས་ཞལ་གསུམ་པ་ལྟ་བུར་བསྟན་ནས་ཆེད་དུ་བརྗོད་པ་ཆེད་དུ་

བརྗོད་པའི་བར་གྱིས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་སྟོན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་

སྤྲོས་པ་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་ལ་སོགས་པས་ནམ་མཁའ་ཁྱབ་པའོ། །དེ་ཉིད་ནི་དེ་ཁོ་ན་ཉིད་དེའི་ཕྱི་རོལ་གྱི་དངོས་པོ་འདི་དག་ནི་རྣམ་པར་རྟོག་པ་བཏགས་པ་ཙམ་ཡིན་པར་ངེས་པར་བྱས་ནས་ཇི་ལྟར་འདོད་པ་བཞིན་དུ་འཇུག་གོ། །དེ་ཉིད་འདའ་བར་བྱ་བ་མ་ཡིན་པས་ན་

เล่ม ๔๖ · หน้า 8b

དམ་ཚིག་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྤྲོས་པའི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་ཚོགས་ནི་སྤྲིན་ཏེ་དེས་མཆོད་དེ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་པའོ། །ཅིའི་ཕྱིར་ན་ཕྱག་འཚལ་བར་བྱེད་ཅེ་ན་གདུལ་བྱ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་

མཆོག་ཏུ་གུས་པ་བསྐྱེད་པའི་ཕྱིར་དང་། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་ལ་དམིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྐྱེད་པར་བསྟན་པར་བྱ་བའི་ཕྱིར་རོ། །འདུས་པ་གསང་བ་ལས་བྱུང་བ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །

ཞེས་བྱ་བར་སྦྱར་ཏེ། དེ་ཇི་ལྟ་བུ་ཞེ་ན། དེ་ཉིད་ཅེས་བྱ་བ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་འདུས་པའོ། །དེ་ཡང་མཚན་ཉིད་ཇི་ལྟ་བུ་ཞེ་ན། འདུས་པ་གསང་བ་ལས་བྱུང་བ། །ཞེས་བྱ་བ་གསུངས་ཏེ། འདུས་པ་ནི་ཚོགས་པའོ། །གསང་བ་ལས་བྱུང་བ་ནི་ཇི་སྐད་དུ་བཤད་

པའི་སྤྱན་ལ་སོགས་པའི་གསང་བ་ལས་སྐྱེས་པའོ། །དེ་ཉིད་འཇིག་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་པས་ན་གསང་བའོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི་རྡོ་རྗེ་སྙིང་པོ་བཏུས་པའི་ཞེས་བྱ་བ་སྟེ། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་སྙིང་པོ་བཏུས་པ་ནི། དེའི་རྒྱུ་མཐུན་པ་

ལས་བྱུང་བའི་རིགས་ལྔ་པོ་རྣམས་སོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་དེ་ལྟ་ཡིན་ནའོ། །འོན་ཀྱང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན་ཞེས་བྱ་བ་ལ། འོན་ཀྱང་ཞེས་བྱ་བའི་སྒྲ་ནི་རྣམ་པར་བརྟག་པའོ། །སོ་སོ་སྐྱེ་བོ་འཚང་རྒྱ་བ་ཉིད་དུ་རིགས་

ངེས་པ་དང་མ་ངེས་པ་རྣམས་ནི་དེ་བཞིན་གཤེགས་པ་ཡིན་ལ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ནི་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཉོན་མོངས་

པ་བག་ཆགས་དང་བཅས་པ་སྤངས་པ་རྣམས་ལ་ག་ལ་མངའ། གཞན་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་ནི་གསང་བ་འདུས་པ་འདི་ནི་རིགས་མ་ངེས་པ་གཞན་རྣམས་ཀྱི་ཐུན་མོང་མ་ཡིན་པའོ། །དེ་བས་ན་སེམས་ཅན་དམ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ་སྙམ་པས་ངོ་མཚར་དུ་གྱུར་པའོ། །

เล่ม ๔๖ · หน้า 9a

གཞན་དག་ལས་སྔོན་མ་བྱུང་བ་རྟོགས་པས་ན་རྨད་དུ་གྱུར་པའོ། །གང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་རིགས་ངེས་པ་རྣམས་ལ་འདི་ལྟར་ཡིན་པར་གསུངས་པའི་ཁྱད་པར་སྟོན་ཏེ། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་རློབ་

པ་མཛད་དུ་གསོལ་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་ཆ་ལུགས་སུ་བསྐྱེད་པ་ནི་བྱིན་གྱིས་བརླབས་པའོ། །དེ་དག་ཀྱང་ཇི་ལྟར་འགྱུར་ཞེ་ན་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་

གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ་བསམ་པ་དང་བསམ་པར་བྱ་བ་དང་གཉིས་སུ་མེད་པའོ། །དེའི་དམ་ཚིག་ནི་སྐུ་ལ་སོགས་པའོ། །དེ་བྱུང་བ་ནི་བསྐྱེད་པ་སྟེ་གང་དུ་རྡོ་རྗེའི་ཆ་ལུགས་ལ་སོགས་པར་གྱུར་

པ་ཡིན་པས་ན། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་ཏེ་དེར་བྱིན་གྱིས་བརླབ་པར་མཛད་པའོ། །ཅིའི་ཕྱིར་བྱིན་གྱིས་བརླབ་པར་མཛད་ཅེ་ན་བཤད་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་

གསུངས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་གདུལ་བྱའི་སེམས་ཅན་རྣམས་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་མྱོང་བ་བགྱི་བ་ནས། ཇི་སྲིད་དུས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཡོན་ཏན་བསྟན་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་མངོན་

པར་ཤེས་པ་ཐོབ་པར་བགྱི་བའི་བར་གྱི་ཕྱིར་བསྟན་དུ་གསོལ་ཞེས་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ཅེ་ན། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཉིད་སྒྲོན་མ་སྟེ་སྣང་བའོ། །དེ་ཉིད་རྡོ་རྗེ་སྟེ་མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཐུགས་རྡོ་རྗེ་ལྟ་བུར་ཐུགས་རྩེ་གཅིག་ཏུ་བཞག་ཅེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་

เล่ม ๔๖ · หน้า 9b

པའོ། །ཞེ་སྡང་གི་རིགས་ཀྱི་མཆོག་གི་སྙིང་པོ་ཞེས་བྱ་བ་ནི་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལས་བྱུང་བའི་སེམས་ཀྱིས་བཅོས་པའི་ཁྲོ་བོ་བསྐྱེད་པ་སྟེ། འདིར་ཞེ་སྡང་བས་ནི་མ་ཡིན་ནོ། །དེའི་རིགས་ནི་ཁྲོ་བོ་ཐམས་ཅད་ཀྱི་གཟུགས་ཏེ།

དེའི་མཆོག་གི་སྙིང་པོས་བདག་པོ་སྐུལ་བར་བྱེད་པའི་སྒྲའི་ཚུལ་དུ་བྱུང་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔར་བསྟན་པའི་རྡོ་རྗེ་འཆང་ཆེན་པོའོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ནི་མི་བསྐྱོད་པའི་སྐུ་དང་གསུང་དང་ཐུགས་དང་གཅིག་ཏུ་འདྲེས་པར་གྱུར་པའོ། །

ནག་པོ་དང་དཀར་པོ་དང་དམར་པོའི་ཚུལ་དུ་ཞེས་བྱ་བ་ནི་དེའི་སྐུ་ཐམས་ཅད་ནི་ནག་པོའོ། །ཞལ་དང་པོ་ཡང་ནག་པོའོ། །གཡས་པ་ནི་དཀར་པོའོ། །གཡོན་པ་ནི་དམར་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་སྐུ་དང་

གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་པར་གྱུར་པའོ། །དེ་ནི་འདི་སྐད་སྟོན་པར་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མི་བསྐྱོད་པ་དང་ལྷན་ཅིག་ཏུ་མི་བསྐྱོད་པའི་གཟུགས་སུ་བདག་ཉིད་བྱིན་གྱིས་བརླབས་ནས་ཡང་དེར་བདག་ཉིད་མི་བསྐྱོད་པའི་གཟུགས་སུ་སྐུ་དང་གསུང་དང་ཐུགས་རྗེས་

སུ་ཞུགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བྱུང་ངོ་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་

བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་སྔོན་གྱི་དུས་སུ་བྱ་བ་གསུངས་པ་སྟེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པའི་ངོ་བོའོ། །དེའི་དམ་ཚིག་

ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རང་གི་ངོ་བོ་སྟེ། དེ་འབྱུང་བར་འགྱུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་རྣམ་པར་སྣང་མཛད་སྤྲུལ་པར་མཛད་པ་ལ་ཐུགས་རྩེ་གཅིག་པར་མཛད་པའོ། །གཏི་མུག་གི་རིགས་ཀྱི་མཆོག་གི་སྙིང་པོའི་སྙིང་

เล่ม ๔๖ · หน้า 10a

པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་དམ་པར་དངོས་པོ་དངོས་པོ་མེད་པ་རྣམ་པར་སྤངས་པའི་སེམས་ཙམ་ནི་འདིར་གཏི་མུག་སྟེ། ཆོས་ཐམས་ཅད་གྲུབ་པ་མེད་པའི་ངོ་བོར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་

སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེའི་རིགས་ནི་གཏི་མུག་ཆེན་པོའི་རིགས་ཏེ། རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་

དང་ཐུགས་དང་རིགས་དེ་ལས་སྐྱེས་པ་རྣམས་སོ། །དེའི་མཆོག་གི་སྙིང་པོའི་སྙིང་པོ་ནི་རིགས་ཀྱི་བདག་པོའི་སྙིང་པོའོ། །དེ་བཅོམ་ལྡན་འདས་དེ་ཉིད་ཀྱི་སྤྱན་སྔར་ཞུགས་སོ་ཞེས་བྱ་བར་སྦྱར་ཏེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་གཅིག་ཏུ་གྱུར་པ་སྟེ། སྐུ་ཐམས་ཅད་ནི་དཀར་པོ།

འདི་ཞལ་དང་པོའང་དཀར་པོའོ། །གཡས་པ་ནི་ནག་པོའོ། །གཡོན་པ་ནི་དམར་པོ་སྟེ། ཕྱག་གཡས་པ་ན་འཁོར་ལོ་བསྣམས་པའོ། །སྤྱན་སྔར་ཞེས་བྱ་བ་ནི་མི་བསྐྱོད་པའི་ཤར་ཕྱོགས་ཀྱི་ཆ་ལ་བཞུགས་པར་གྱུར་པ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ། དེ་འབྱུང་བར་བྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་གྱི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །ཡིད་བཞིན་གྱི་

ནོར་བུའི་རིགས་ཞེས་བྱ་བ་ལ་སོགས་པ་ལ་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྔོན་གྱི་འཕེན་པའི་ཤུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པས་ཡིད་བཞིན་གྱི་ནོར་བུ་དང་ཆོས་དང་མཐུན་པའི་

ཕྱིར་ཡིད་བཞིན་གྱི་ནོར་བུའི་སྒྲར་བརྗོད་དོ། །དོན་དེ་ཉིད་ཀྱི་ཕྱིར། དངོས་པོ་འདི་དག་མ་སྐྱེས་པས། །ཆོས་དང་ཆོས་ཉིད་སྤངས་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པ། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་གསུངས་པ་ཡིན་ནོ། །དེའི་རིག་པ་ནི་རིན་ཆེན་འབྱུང་ལྡན་གྱི་སྐུ་དང་

เล่ม ๔๖ · หน้า 10b

གསུང་དང་ཐུགས་དང་དེའི་རིགས་ལས་སྐྱེས་པ་རྣམས་སོ། །རིན་ཆེན་དབལ་གྱི་ཕྱག་རྒྱ་ཆེན་པོ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་དང་གཅིག་ཏུ་གྱུར་པ་ཉིད་ནི་ཡང་དག་པར་སྦྱོར་བའོ། །དེ་ཉིད་ནི་ནམ་མཁའི་གནས་ཏེ་ནམ་མཁའ་ལ་གནས་པས་ན་ནམ་མཁའི་གནས་

ཞེས་བྱ་སྟེ། ནམ་མཁའ་ལྟར་གོས་པ་མེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ནམ་མཁའི་གནས་ཞེས་ཟེར་ཏེ། གང་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་ལ་གནས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བས་ན་དེ་ནི་ནམ་མཁའི་གནས་ཞེས་བྱའོ། །བཅོམ་ལྡན་འདས་ཀྱི་སྐུ་ཐམས་

ཅད་དང་ཞལ་དང་པོ་ནི་སེར་པོའོ། །ཞལ་གཡས་པ་ནི་ནག་པོའོ། །གཡོན་པ་ནི་དཀར་པོ་སྟེ། ཕྱག་གཡས་པ་ན་རིན་པོ་ཆེ་བསྣམས་ཏེ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་སོ། །ཡང་བཅོམ་ལྡན་འདས་ཇི་སྐད་

གསུངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྙིང་པོ་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། བསམ་པ་དང་བསམ་པར་བྱ་བ་གཉིས་སུ་མེད་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་

ཆགས་ཆེན་པོ་སྟེ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱའི་མཚན་ཉིད་དོ། །དེ་འབྱུང་བར་བྱེད་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་སོ། །དམིགས་པ་མེད་པའི་ཐུགས་རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འདོད་

ཆགས་སོ། །དེའི་རིགས་ནི་སྔ་མ་བཞིན་ནོ། །འཇིག་རྟེན་དབང་ཕྱུག་གི་རིག་པའི་བདག་པོ་ཕྱག་རྒྱ་ཆེན་པོ་ནི་འོད་དཔག་མེད་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། སྐུ་ཐམས་ཅད་དང་ཞལ་དང་པོ་ནི་དམར་པོ། ཞལ་གཡས་པ་ནི་ནག་པོའོ། །གཡོན་པ་ནི་དཀར་པོ་སྟེ། བཅོམ་ལྡན་འདས་ཀྱི་ཕྱག་གཡས་

པ་ན་པདྨ་བསྣམས་པའོ། །དེ་ནས་བཅོམ་ལྡན་འདས་སྔ་མ་བཞིན་དུ་ཐམས་ཅད་མཛད་ནས་ཐུགས་ལས་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ཉིད་ནི་གདོན་

เล่ม ๔๖ · หน้า 11a

མི་ཟ་བ་སྟེ་རྣམ་པར་བསྒོམས་ན་འབྲས་བུ་དང་བཅས་པར་གྱུར་པའོ། །དེའི་དམ་ཚིག་ནི་སྔ་མ་བཞིན་ནོ། །ཡེ་ཤེས་གང་གིས་དམ་ཚིག་འདྲེན་པར་བྱེད་པ་དེ་ནི་དམ་ཚིག་འགུགས་པ་སྟེ། འདུ་བྱེད་ཀྱི་ཕུང་པོའི་ངོ་བོར་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེས་ཀྱང་སྐུའི་སྤྲིན་བསྐྱེད་

ནས་སྡུད་པའི་དུས་སུ་འགུགས་པའི་ཕྱིར་རོ། །དེའི་རིགས་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱི་སྐུ་ཐམས་ཅད་དང་ཞལ་དང་པོ་ལྗང་གུ། ཞལ་གཡས་པ་ནི་ནག་པོའོ། །གཡོན་པ་ནི་དཀར་པོ་སྟེ། ཕྱག་གཡས་པ་ན་རལ་གྲི་བསྣམས་པའོ། །འདོད་དང་ཐར་པ་རབ་སྒྲུབ་པ། །ཞེས་

བྱ་བ་ནི་གདུལ་བྱ་རྣམས་ཀྱིས་རྣམ་པར་ཐར་པའི་སྒོ་ཐམས་ཅད་སྒོམ་པའི་ངོ་བོ་ཉིད་ཀྱིས་མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུར་གྱུར་པས་ན་འདོད་པ་སྟེ། དེ་ཡང་དངོས་གྲུབ་ཐམས་ཅད་ལ་རྗེས་སུ་དགྱེས་པས་ན་བཅོམ་ལྡན་འདས་ནི་འདོད་པའོ་ཞེས་གསུངས་པ་

དང་། གཞན་ཡང་། །འདོད་ཆགས་དམ་ཚིག་ཅེས་སུ་བརྗོད། །ཆོས་ཀྱི་འདོད་པ་ཡིད་དགའ་བ། །དེ་ཡི་རྗེས་སྒྲུབ་རྣལ་འབྱོར་ནི། །རྗེས་སུ་ཆགས་པ་ཞེས་བསྒྲགས་སོ། །ཞེས་གསུངས་སོ། །ཐར་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་གྱུར་པ་སྟེ། དེ་ཡང་། བདེ་

ཆེན་གྱུར་པས་ཐར་པ་བདག །ཅེས་གསུངས་པ་དང་། གཞན་ཡང་མི་འགྱུར་ཀུན་གྲུབ་པ། །བདེ་བ་ཆེན་པོར་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་དག་བསྒྲུབས་པས་ན། །འདོད་དང་ཐར་པ་རབ་སྒྲུབ་པ། །ཞེས་བྱའོ། །དེས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་བཙུན་མོའི་མཆོག་འདི་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་འཛིན་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའོ། །རྡོ་རྗེ་

འཛིན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །དེ་དག་མཉེས་པ་ནི་སྤྱན་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་ལས་བདེ་བ་དང་ཡིད་བདེ་བ་སྐྱེས་ཏེ། འདི་ཡང་དེ་རྣམས་ལ་ནི་རྣམ་པར་རྟོག་པ་མི་མངའ་བས་མི་འབྱུང་ན་ཡང་འོན་ཀྱང་གདུལ་བྱ་དེ་ལྟ་བུར་གྱུར་པ་གཞན་དག་

เล่ม ๔๖ · หน้า 11b

ཡིད་འདུན་པར་བྱ་བའི་ཕྱིར་རོ། །ཡང་ན་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་དག་འདིར་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པར་བལྟ་བར་བྱའོ། །དེ་ལྟར་ཁས་བླངས་ན་སྦྱོར་བ་སྒོམ་པ་འོག་ནས་བཤད་པ་རྣམས་དང་ཚིག་གི་དོན་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་དམ་ཚིག་ནི་སྤྱན་ལ་སོགས་

པ་ལྟ་བུར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་མཉེས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་མཉེས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།

འདོད་ཆགས་འཛིན་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ་ནི་འོད་དཔག་མེད་ཀྱི་སྦྱོར་བ་སྒོམ་པའི་མཚན་ཉིད་ལ་འདིར་འདོད་ཆགས་ཞེས་བྱ་སྟེ། འདི་ཉིད་ཀྱི་འོག་ནས་པདྨའི་རིགས་ཀྱི་སྦྱོར་བ་གཙོར་བཤད་པས་སོ། །དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སླུ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་སྐུ་དང་གསུང་དང་ཐུགས་ཀྱི་ཏིང་ངེ་འཛིན་གྱི་མཐུ་རྟོགས་ཤིང་གཞན་རྣམས་ལ་སྟོན་པ་ནི་སླུ་བའོ། །དོན་དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པས་ན་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཡང་། ཆོས་རྣམས་རང་བཞིན་འོད་གསལ་

བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་རྟོག་པ་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་གསུངས་པ་སྟེ། དགའ་བ་རབ་ཏུ་བསྒོམས་པས་འཚང་རྒྱའོ། །དེའི་ཕྱིར་གཏི་མུག་ལ་སོགས་པའི་ཡུལ་ལ་རྣལ་འབྱོར་པའི་དགའ་བ་མངོན་པར་འཕེལ་བར་བྱ་བ་ཡིན་ཏེ།

དེ་བས་ན་སྤྱན་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་མཆོག་ཕུན་སུམ་ཚོགས་པའི་སྒྲར་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆེན་པོ་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དབང་བསྐུར་བའི་ངོ་བོ་རྡོ་རྗེ་གང་ཡིན་པ་

དེ་ནི་རྣམ་པར་སྣང་མཛད་རྡོ་རྗེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་གྱི་རྣམ་པར་སྣང་མཛད་ཅེས་བྱ་སྟེ། འཕགས་པ་གཤིན་རྗེ་གཤེད་ལྟ་བུར་སེམས་རྩེ་གཅིག་པར་མཛད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འདིའི་ཅོད་པན་ལ་རྣམ་པར་སྣང་མཛད་བཞུགས་པ་ཡིན་ནོ། །དེ་བཞིན་གཤེགས་པ་

เล่ม ๔๖ · หน้า 12a

ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ནི་སྒོ་སྲུང་གི་གཟུགས་ཀྱིས་ཡང་དག་པར་བསྲུང་བའོ། །དོན་དེ་ཉིད་ནི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་དེ། དེ་སྟོན་པའི་སྒྲ་ལའང་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་བཅོམ་ལྡན་འདས་

མི་བསྐྱོད་པའོ། །དེ་ཉིད་རྡོ་རྗེ་སྟེ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་དེའི་ཅོད་པན་ལ་མི་བསྐྱོད་པ་བཞུགས་པའོ། །ཆོས་རིན་པོ་ཆེ་ནི་འོད་དཔག་མེད་དོ། །དེ་ཉིད་འབྱུང་གནས་ཞེས་བྱ་སྟེ། རིགས་སུ་གྱུར་པ་འཕགས་པ་རྟ་མགྲིན་གང་ཡིན་པ་དེ་

ལ་དེ་སྐད་ཅེས་བྱ་སྟེ། འདིས་དེ་བསྐྱེད་པས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཅོད་པན་ལ་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །དེ་ཉིད་རྡོ་རྗེ་སྟེ། འཕགས་པ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་བ་གང་ཡིན་པ་དེ་ལ་དེ་

སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་ལ་མི་བསྐྱོད་པས་དབང་བསྐུར་བའི་ངོ་བོར་ཅོད་པན་ལ་བཞུགས་པ་ཡིན་ནོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱང་མཆོད་པའི་ངོ་བོ་ཉིད་ཡིན་པས་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་གྲྭ་བཞིར་བསམ་པར་བྱ་སྟེ། མཆོད་པའི་བྱ་བ་འདི་དག་ནི་

འདི་ཉིད་ཀྱི་འོག་ནས། གཟུགས་སྒྲ་དྲི་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་པར་བསྒོམ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་མ་དད་པ་ལ་སོགས་པའི་བགེགས་བཟློག་སྟེ། གདུལ་བྱ་རྣམས་ཐར་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བའི་ཕྱིར་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་། ཤེས་

རབ་ཀྱི་དབང་པོའི་ངོ་བོ་ཉིད་རྣམ་པར་ཐར་པའི་སྒོ་བཞི་ནི་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཞི་བསྒོམ་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་གཟུགས་བརྙན་གྱི་ཚུལ་གྱིས་ཡང་དག་པར་བསྟན་པའི་ཕྱིར་ཕྱག་ན་མེ་ལོང་བསྣམས་པའི་གཟུགས་ཀྱི་ལྷ་མོར་བསྟན་ཏོ། །ལྷ་རྣམས་ཀྱི་གཟུགས་

མཐོང་ནས་དེ་ཐོབ་པར་འདུན་པ་སྐྱེས་པ་རྣམས་ལ་པི་ཝང་བརྡུང་བ་ལ་སོགས་པའི་ལྷའི་སྐུ་བསྟན་པས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །ཅེས་བྱ་བ་ལ་སོགས་པ་སྟོན་པ་ནི་སྒྲའོ། །ཆོས་ཐོས་ནས་དེ་རྣམས་ཀྱི་བདག་མེད་པ་ལ་ལྷག་པར་མོས་པ་ནི་དྲིའོ། །

เล่ม ๔๖ · หน้า 12b

དེ་ཉིད་ལ་གོང་ནས་གོང་དུ་ལྷག་པར་མོས་པ་ནི་རོའོ། །དེས་སྣང་བ་ཐོབ་པ་དང་སྣང་བ་མཆེད་པ་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་ལ་གནས་པ་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ངེས་པར་འབྱེད་པའི་ཆ་བཞི་ལ་རེག་པ་ནི་རེག་པའོ། །དེའི་འོག་ཏུ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་ཀུན་དུ་འགྲོ་བའི་བྱང་

ཆུབ་སེམས་དཔའི་ས་དང་པོ་མངོན་སུམ་དུ་བྱས་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ནས་སྐད་ཅིག་མ་གཉིས་པ་ལ་སོགས་པར་དགའ་བ་ཉེ་བར་སྐྱེ་བར་འགྱུར་བ་ནི་སྤྱན་ལ་སོགས་པའི་གཟུགས་ཀྱིས་སྟོན་ཏོ། །རབ་ཏུ་དགའ་བ་ལ་ཆོས་ཀྱི་དབྱིངས་ཇི་ལྟར་མཐོང་བ་དེ་བསྒོམས་པས་གཏི་མུག་དང་ཡིད་

བཞིན་གྱི་ནོར་བུ་དང་། འདོད་ཆགས་དང་དམ་ཚིག་གི་རིགས་རྟོགས་པས་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེར་རྟོགས་པར་བྱས་ནས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་ཏེ། འདི་ནི་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་ཅེས་བྱ་སྟེ་ཏིང་ངེ་འཛིན་གཉིས་པ་ཡིན་ནོ། །དེ་ནས་རྡོ་རྗེ་འཆང་ཆེན་པོར་ལྷག་

པར་མོས་པར་བྱས་ནས་སེམས་ཅན་གྱི་ཁམས་མ་ལུས་པ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སུ་བསྐྱེད་པ་ལ་བཀོད་དོ། །དེ་བཞིན་དུ་གཏི་མུག་དང་ཡིད་བཞིན་གྱི་ནོར་བུ་དང་། འདོད་ཆགས་དང་དམ་ཚིག་ལ་དགའ་བ་དང་། གཟུགས་དང་

སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་སུ་རྟོགས་པས་བདུད་ཐམས་ཅད་རབ་ཏུ་བཅོམ་པ་ལ་སྦྱར་རོ། །འདི་ནི་ལས་ཀྱི་རྒྱལ་པོའི་མཆོག་ཅེས་བྱ་སྟེ། ཏིང་ངེ་འཛིན་གསུམ་པོ་ཡིན་ནོ། །དེ་ལྟར་ཏིང་ངེ་འཛིན་གསུམ་མངོན་དུ་བྱ་བ་ནི་འདི་ཉིད་ཀྱི་འོག་ནས་སྟོན་ཏེ། རྣམ་པ་གསུམ་དུ་སྤྲོ་བར་བྱ། །

ཞེས་བྱ་བ་ལ་སོགས་པ་ནས། །རབ་དགའ་ལས་གསུངས་བསྒོམ་པར་བྱ། །ཞེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ལྔ་པོའི་ཕྱག་མཚན་གྱི་ངེས་པ་ནི་སྨྲས་ཟིན་ཏོ། །སྤྱན་གྱི་ཕྱག་ན་ནི་འཁོར་ལོའོ། །མཱ་མ་ཀཱིའི་ཕྱག་ན་ནི་རྡོ་རྗེ་རྩེ་ལྔ་པའོ། །གོས་དཀར་མོའི་ཕྱག་ན་ནི་པདྨ་ཁ་ཕྱེ་བ་སྡོང་བུ་དང་

བཅས་པའོ། །སྒྲོལ་མའི་ཕྱག་ན་ནི་ཨུཏྤལ་སྔོན་པོའོ། །གཤིན་རྗེ་གཤེད་ནི་མདོག་ནག་པོའོ། །འོད་ཟེར་གྱི་ཚོགས་མང་པོ་འཁྲུགས་པ་ཤིན་ཏུ་གདུག་ཅིང་འཇིགས་པའི་དཀྱིལ་འཁོར་ཅན་སྤྱན་དམར་བ། མཆེ་བ་རྣམ་པར་གཙིགས་པ། ཕྱག་གཡས་པ་ན་ཐོ་བ་དང་རལ་གྲི་དང་འཁོར་ལོ་

เล่ม ๔๖ · หน้า 13a

བསྣམས་པ། གཡོན་རྣམས་གཏུན་ཤིང་དང་། དགྲ་སྟྭ་དང་ཞགས་པ་བསྣམས་པ། བཞིན་རབ་ཏུ་འགྱུར་བ། ཞལ་དྲུག་པ། སྟག་གི་པགས་པ་ཤམ་ཐབས་སུ་བསྣམས་པའོ། །གཞན་གྱིས་མི་ཐུབ་པ་ནི་འོད་ཟེར་གྱི་ཚོགས་མང་པོ་འབར་བ། སྦྲུལ་གྱི་སྐ་རགས་ཀྱིས་

བརྒྱན་པ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་རྣམས་ན་དབྱིག་པ་དང་འཁོར་ལོ་དང་རྡོ་རྗེ་བསྣམས་པ། ཕྱག་གཡོན་གཉིས་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་ཕྱག་གཅིག་གི་མཛུབ་མོས་གཞན་བསྡིགས་པའོ། །རྟ་མགྲིན་ནི་མདོག་དམར་པོ་འོད་ཟེར་གྱི་

ཚོགས་མང་པོ་འབར་ཞིང་གདུག་པ་རྣམ་པར་འཕྲོ་བའི་འོད་ཀྱི་ཕྲེང་བ་ཅན། ཞལ་རྣམ་པར་འགྱུར་བ་སྤྱན་གསུམ་པ་སྦྲུལ་གྱིས་བརྒྱན་པ། ཚོགས་ཀྱི་བདག་པོ་ཞབས་གཡོན་པས་གནོན་པ་གདུག་པ་ཐམས་ཅད་འཇོམས་པའི་ཚུལ་དུ་བཞུགས་པ། ཕྱག་གཡས་རྣམས་ན་པདྨ་དང་རྡོ་རྗེ་དང་དབྱིག་

པ་བསྣམས་པ། ཕྱག་གཡོན་གཉིས་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། གཅིག་གི་མཛུབ་མོས་གཞན་བསྡིགས་པ། དེའི་སྤྱི་གཙུག་ལ་རྟ་མགོ་འཇུག་པའོ། །བཞི་པ་བདུད་རྩི་འཁྱིལ་པ་ནི་མདོག་གནག་པ། འོད་ཟེར་གྱི་ཚོགས་མང་པོ་འབར་བ། རྡོ་རྗེ་སྤྲིན་རབ་ཏུ་འཁྲུགས་པ་

ཤིན་ཏུ་ཁྲོ་ཞིང་གདུག་པ་མཆེ་བ་རྣོན་པོ་གཙིགས་པ། ཕྱག་གཡས་པ་ན་རྡོ་རྗེ་དང་རལ་གྲི་དང་གཏུན་ཤིང་བསྣམས་པ། ཕྱག་གཡོན་རྣམས་ན་ལྕགས་ཀྱུ་དང་དགྲ་སྟྭ་དང་ཞགས་པ་བསྣམས་པ་སྟེ། ཁྲོ་བོ་འདི་དག་ཐམས་ཅད་ཀྱི་བཞུགས་ཐབས་ནི་གཡོན་བརྐྱང་སྟེ་བཞུགས་སོ། །ལྷག་མ་རྣམས་ནི་འདི་

ཉིད་ཀྱི་འོག་ནས་སྟོན་ཏོ། །བགེགས་ཐམས་ཅད་ཟློག་པར་བྱེད་པས་དགའ་བ་སྐྱེད་པར་བྱེད་པས་ན་མཉེས་པར་བྱེད་པས་ཏེ་དེའི་དོན་གྱི་དཀྱིལ་འཁོར་རོ། །འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སེམས་དཔའ་རྣམས་སོ། །རྒྱུད་འདི་དག་ལས་གང་ཁྱད་པར་གྱི་དགག་པ་མ་གསུངས་པ་དེ་ནི་ཞལ་

གསུམ་པ་ཕྱག་དྲུག་པར་རང་གི་ལྷའི་ཏིང་ངེ་འཛིན་དེ་བསྐྱེད་པར་བྱའོ། །ཡིད་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའོ། །དེ་སྟོན་པའི་སྒྲའི་ཚོགས་ནི་ལེའུ་ཞེས་བྱ་བའི་སྒྲར་བརྗོད་དོ། །ལེའུ་དང་པོའི་བཤད་པའོ།། །།རྣལ་འབྱོར་བསྒོམ་པར་འདོད་པ་

เล่ม ๔๖ · หน้า 13b

དག་གིས་བྱང་ཆུབ་ཆེན་པོར་སྨོན་པ་དང་། ཐོས་པ་དང་བསམ་པའི་སེམས་ཀྱིས་བྱང་ཆུབ་ཆེན་པོའི་དོན་ཤེས་པར་བྱ་བ་ཡིན་ཏེ། དེ་བས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་ཀྱི་ལེའུ་གསུངས་སོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་ཏུ་སྟེ། བཅོམ་ལྡན་འདས་ལ་ཕྱག་

འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་གཟུགས་དང་སྒྲ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱ་སྟེ་བཤད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བཤད་པར་གསོལ་བར་སྦྱར་རོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྟེ།

ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་ངོ་བོར་གྱུར་པས་ན་སྙིང་པོ་ཞེས་བྱ་སྟེ། འདིས་ནི་ཆོས་ཀྱི་སྐུའི་རང་གི་ངོ་བོར་གྱུར་པ་བསྟན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་མཆོག །ཅེས་བྱ་བ་འདིས་ནི་རྒྱུ་དང་འབྲས་བུ་ཉེ་བར་གདགས་པས་ཀུན་རྫོབ་ཏུ་ཐབས་ཀྱི་ངོ་བོར་གྱུར་པར་གསུངས་པ་ཡིན་ནོ། །

དེ་ལྟར་ན་འདིས་ནི་དེ་ཤེས་རབ་དང་ཐབས་ཀྱི་ངོ་བོར་གྱུར་པའི་བྱང་ཆུབ་ཀྱི་སེམས་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཡང་

ཐུགས་ཀྱིས་མཁྱེན་ཏེ་ཞེས་བྱ་བ་ནི་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཅག་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་མཛད་ན་ལེགས་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཡོད་པས་མཁྱེན་པའོ། །ཁྱེད་ཀྱི་སེམས་

ལུས་ལྟ་བུ་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་རྨི་ལམ་ལྟ་བུ་སྟེ། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་སོ། །ལུས་སེམས་ལྟ་བུ་དང་ཞེས་བྱ་བ་ནི་གང་འདི་ཐུགས་རྡོ་རྗེའི་ངོ་བོ་འདི་ཡང་སྒྱུ་མ་ལྟ་བུ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་སོ། །སེམས་ཚིག་ཏུ་

བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་བྱ་བ་ནི་གང་འདི་གསུང་རྡོ་རྗེའི་ངོ་བོ་ཉིད་ནི་བྲག་ཅ་ལྟ་བུ་སྟེ། སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་ཡང་འོག་ནས། །སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །དངོས་དང་དངོས་མེད་རྣམ་དཔྱད་པ། །ཞེས་གསུངས་པ་དང་། གཞན་ཡང་། གསུང་གི་དམ་ཚིག་རྫོགས་བྱང་ཆུབ། །སྒྲ་

เล่ม ๔๖ · หน้า 14a

དང་སྒྲ་མིན་རྣམ་དཔྱད་པ། །ཞེས་པ་དང་། ཐུགས་ཀྱི་དམ་ཚིག་རྫོགས་བྱང་ཆུབ། །གནས་པའི་རྡོ་རྗེ་རྣམ་དཔྱད་པ། །ཞེས་གསུངས་པ་ཡིན་ནོ། །དོན་འདི་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུར་སྦྱར་ནས་ཞེས་བྱ་བ་གསུངས་པ་ཡིན་ཏེ།

སྟོང་པ་ཉིད་ཀྱི་ངོ་བོར་བྱས། །ཞེས་བྱ་བའི་དོན་ཏོ། །ཀྱེ་མ་ཞེས་བྱ་བ་ལ་སོགས་པ་ལ་ཀྱེ་མའི་སྒྲ་ནི་ངོ་མཚར་དུ་གྱུར་པའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པར་སྟོན་ཀྱང་། འདོད་ཆགས་ལ་སོགས་པའི་ཉེས་པས་མི་གོས་པས་ན་ཀུན་དུ་བཟང་པོ་སྟེ། དེ་ལྟ་བུའི་ཀུན་དུ་བཟང་པོ་རྣམ་པར་

སྣང་མཛད་ཆེན་པོའི་སྐུ་དང་གསུང་དང་ཐུགས་ནི་དོན་དམ་པར་སྐྱེ་བ་མེད་དེ། རྨི་ལམ་བཞིན་འཁྲུལ་པ་ཙམ་ལས་སྐྱེས་པ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་སྐྱེ་བ་མེད་པའི་ཚུལ་ཞེས་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་ནས་མ་འོངས་པ་རྣམས་ཀྱི་བསྐྱེད་པའི་

ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་མངོན་སུམ་དུ་མཛད་པའོ། །དེའི་ཚུལ་ནི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་སྟེ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་

བཞིན་གྱི་ཤེས་རབ་བོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོ་མེད་པས་བསྒོམ་པ་མེད། །ཅེས་བྱ་བ་ནི་གཉིས་སུ་མེད་པའི་སེམས་ཉིད་དངོས་པོ་འདི་དག་ཏུ་སྣང་བས་ན་དངོས་པོའོ། །དངོས་པོ་མེད་པས་ན་དངོས་པོ་མེད་པ་སྟེ། རྣམ་པར་མི་རྟོག་

པའི་ཡེ་ཤེས་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་དངོས་པོ་མེད་པའོ། །དེ་ལྟར་དངོས་པོ་མེད་པས་བསྒོམ་པ་དེ་མཐོང་བ་དང་ཐོས་པ་དང་བསམ་པའི་དོན་གྱི་ཡང་དང་ཡང་དུ་མངོན་དུ་བྱ་བ་གང་ཡིན་པ་དེ་ཡང་དེ་བཞིན་ཉིད་དང་རྣམ་པར་མི་རྟོག་པའི་ཡེ་

ཤེས་ལ་དེ་མེད་པ་ཡིན་ནོ། །དེ་བས་ན་དངོས་པོ་མེད་པ་ལ་བསྒོམ་པ་ཡིན་པས་མེད་དོ། །གལ་ཏེ་མཐོང་བ་དང་ཐོས་པ་དང་བསམ་པའི་དོན་བསྒོམ་པ་ཡིན་ན་དེ་ལྟར་ན་ནི་དངོས་པོ་ཡོད་པར་འགྱུར་ཞེ་ན། དེ་བཟློག་པར་བྱ་བ་ཡིན་པའི་ཕྱིར། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་བྱ་བ་གསུངས་

เล่ม ๔๖ · หน้า 14b

སོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གལ་ཏེ་བསྒོམ་པ་བསྒོམ་པའི་རང་བཞིན་དུ་འགྲུབ་པར་འགྱུར་ན་དེའི་ཚེ་བསྒོམ་པའི་མཚན་ཉིད་ཁོ་ན་དངོས་པོ་སྟེ་སྐུ་ལ་སོགས་པའི་རང་བཞིན་གྱི་དངོས་པོར་འགྱུར་གྱི། གང་གི་ཚེ་ཡང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་རྣམ་པ་གཅིག་པ་དེ་ཡང་དོན་དམ་པར་མ་སྐྱེས་

པ་ཡིན་པས་ན་དེའི་ཕྱིར། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་བྱ་བའོ། །དེ་བས་ན། དེ་ལྟར་དངོས་པོ་མེད་པས་ཞེས་བྱ་བ་གསུངས་པ་ཡིན་ནོ། །དོན་དམ་པར་དངོས་པོ་རྣམས་སྐྱེ་བ་མེད་པས་དེའི་ཕྱིར་བསྒོམ་པའི་མཚན་ཉིད་ཀྱང་དངོས་པོར་མི་འགྱུར་རོ། །དེ་བས་ན། བསྒོམ་པ་དམིགས་པར་

མི་འགྱུར་རོ། །ཞེས་བྱ་བ་གསུངས་སོ། །དེའི་ཕྱིར་ན་རྨི་ལམ་ལྟ་བུ་འཁྲུལ་པ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་རྡོ་རྗེ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་

གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །འདིས་ཞེས་བྱ་བའི་བློ་ལ་གནས་པའོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཞེས་བྱ་བ་ལ་དངོས་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དངོས་པོ་ཐམས་ཅད་དེ། ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་རྟེན་ཅིང་འབྲེལ་བར་འབྱུང་

བ་བཅུ་གཉིས་ནི་དངོས་པོ་ཐམས་ཅད་དེ། དེ་དང་བྲལ་བར་གྱུར་པ་ཉིད་ཀྱིས་ན་རང་སེམས་གཟོད་ནས་མ་སྐྱེས་པའོ། །འདི་ཉིད་བཤད་པ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཞེས་བྱ་བ་ཡིན་ཏེ། གཟུང་བ་ནི་ཡུལ་གྱི་ངོ་བོའོ། །འཛིན་པ་ནི་རྣམ་པར་ཤེས་

པའོ། །དེ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང་གཟུང་བ་དང་འཛིན་པ་སྤངས་པའོ། །ཡང་དེ་དག་ཇི་ལྟར་སྤངས་ཤེ་ན། ཆོས་བདག་མེད་པས་མཉམ་ཉིད་པས། །ཞེས་བྱ་བ་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ནི་དོན་དམ་པར་དངོས་པོ་མེད་

པའི་ངོ་བོ་ཉིད་ཡིན་པས་ན་ཆོས་བདག་མེད་པ་སྟེ། བདག་དང་བྲལ་བའི་ངོ་བོ་ཡིན་པས་ན་བདག་མེད་པ་སྟེ་དངོས་པོ་མེད་པའོ། །དེ་ཉིད་ནི་མཉམ་པ་ཉིད་དོ། །དངོས་པོ་ཐམས་ཅད་དབྱེར་མི་ཕྱེད་པ་ཉིད་དོ། །དེས་ན་དེ་རྒྱུར་གྱུར་པས་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་ཀྱང་གདོད་མ་ནས་མ་

เล่ม ๔๖ · หน้า 15a

སྐྱེས་པའོ། །གཏན་ཚིགས་དེ་ཉིད་ཀྱི་ཕྱིར། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །མི་ཟད་པ་རྡོ་རྗེ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་རྟག་ཏུ་རོ་གཅིག་པར་གནས་པ་ནི་

མི་ཟད་པའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ནི་མི་ཟད་པའི་རྡོ་རྗེ་ཞེས་བྱའོ། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕུང་པོ་ལ་སོགས་པ་དང་། མི་བསྐྱོད་པའི་རིགས་ཀྱི་ངོ་བོ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཆོས་དང་ཆོས་ཉིད་

མེད་པ་སྟེ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཤེས་རབ་ཀྱི་སྟོབས་ཀྱིས་རྣམ་པར་བརྟགས་པར་གྱུར་ན་ཆོས་རྣམས་དམིགས་སུ་མེད་དེ། དེས་ན་དེ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཐ་སྙད་ཙམ་སྟེ་རྫས་སུ་མེད་དོ། །ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཚུལ་ཇི་ལྟར་བལྟ་ཞེ་ན། དེའི་ཕྱིར། ནམ་

མཁའ་ལྟ་བུར་བདག་མེད་པ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ནམ་མཁའ་ནི་རྫས་ཐམས་ཅད་ཀྱི་དངོས་པོའི་ངོ་བོ་ཉིད་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བདག་མེད་པར་བལྟ་བར་བྱའོ་ཞེས་དཔེས་ཉེ་བར་བསྟན་པ་ཡིན་ནོ། །བྱང་ཆུབ་ཚུལ་ཞེས་བྱ་བ་ཇི་སྐད་བསྟན་པའི་བྱང་ཆུབ་ཀྱི་སེམས་ལ་

ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ནི་བྱང་ཆུབ་ཀྱི་ཚུལ་ཡིན་པས་བྱང་ཆུབ་ཀྱི་ཚུལ་ཏེ། དེས་བྱང་ཆུབ་ཐོབ་པར་འགྱུར་བས་ན་བྱང་ཆུབ་ཀྱི་ཚུལ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་བདག་མེད་པ་

ནི་ཇི་སྐད་དུ་བཤད་པ་ཉིད་དོ། །དེ་ཉིད་རྡོ་རྗེ་སྟེ། དེ་ལ་དམིགས་པས་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ་བཞུགས་པའོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དང་ཡིད་བཞིན་གྱི་ནོར་བུའི་རིགས་སོ། །ཆོས་ཀྱི་

མཚན་ཉིད་རྣམ་པར་སྤངས། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རིགས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ནི་ཆོས་ཀྱི་མཚན་ཉིད་དེ། དེ་ལྟ་བུའི་ཆོས་ཀྱི་མཚན་ཉིད་དེ་སྤངས་པས་དོན་དམ་པར་ནི་ཆོས་རྣམས་ཀྱི་སྐྱེ་བའི་རྒྱུ་མེད་པས་ན་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པར་

เล่ม ๔๖ · หน้า 15b

གྱུར་པ་དེ་ཉིད་ཀྱི་ཕྱིར་དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་རྣམས་ཀྱི་འདུས་བྱས་པའི་མཚན་ཉིད་ཡིན་ནོ། །གསུམ་པོ་གང་ཞེ་ན། སྐྱེ་བར་ཡང་ཤེས་པར་བྱའོ། །འཇིག་པར་ཡང་ཤེས་པར་བྱའོ། །གནས་པ་ལས་གཞན་དུ་འགྱུར་བ་ཡང་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་མཚན་ཉིད་དེ།

ཆོས་རྣམས་མེད་པའི་ཕྱིར་དེ་མེད་དེ། མོ་གཤམ་བུ་སྔོ་བསངས་སམ་དཀར་པོ་ཞེས་བྱ་བ་ལ་སོགས་པ་དང་འདྲའོ། །དེས་ན། ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཞེས་བྱའོ། །འོ་ན་རིགས་ཇི་ལྟར་སྐྱེད་པར་བྱེད་ཅེ་ན། བདག་མེད་ཆོས་ལས་ཀུན་དུ་འབྱུང་། །ཞེས་གསུངས་ཏེ། བདག་མེད་

པ་ནི་བཤད་ཟིན་ཏོ། །དེ་ལས་ཀུན་དུ་འབྱུང་བས་ན། །བདག་མེད་ཆོས་ལས་ཀུན་དུ་འབྱུང་། །ཞེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་དང་གང་གི་གཟུགས་ཀྱིས་ནི། །སེམས་ཅན་རྣམས་ནི་གདུལ་འགྱུར་བ། །དེ་དང་དེ་ཡི་གཟུགས་ཀྱིས་ནི། །དེའི་དོན་བྱ་བ་རྫོགས་པར་མཛད། །

ཅེས་བྱ་བ་ནི་མཚན་ཉིད་འདི་ལྟ་བུའི་སྔོན་གྱི་འཕེན་པའི་ཤུགས་དང་ལྡན་ཞིང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་ཆོས་བདག་མེད་པ་ལས་ཀུན་དུ་འབྱུང་བས་ན་དེའི་སྐྱེ་བ་དེ་ཡང་སྒྱུ་མ་ལྟ་བུ་འཁྲུལ་པ་ཙམ་མོ། །དེ་ཡང་། རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་མི་

འགག་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་ལྷུར་མཛད་མཐའ་ཡས་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འོད་ཟེར་འབར་བ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་ནི་ཡེ་ཤེས་ཉིད་སྒྲོན་མ་ལྟ་བུ་སྟེ། ཡེ་ཤེས་ཀྱི་སྣང་བ་ཉོན་མོངས་པའི་མུན་ནག་ཐམས་ཅད་

དང་བྲལ་བ་སོ་སོར་རྟོག་པའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་སྒྲོན་མའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཡེ་ཤེས་སྒྲོན་མའི་རྡོ་རྗེ་ཞེས་བྱ་སྟེ་དེ་ལ་སྙོམས་པར་ཞུགས་པའོ། །མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ནམ་མཁའི་གནས་སུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྫས་ཐམས་

ཅད་དང་བྲལ་བའི་མཚན་ཉིད་དེ་བཞིན་ཉིད་ནི་ནམ་མཁའོ། །དེ་ཉིད་ན་གནས་ཏེ་གཞིར་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ལམ་གྱི་རྣམ་པ་ལྟ་བུ་གང་ཡིན་པ་དེ་ནི་ནམ་མཁའི་གནས་སུ་སྦྱོར་བ་ཡིན་ཞེས་བྱའོ། །དེ་ལྟར་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །དངོས་པོ་ནི་འདོད་ཆགས་ཀྱི་རིགས་དང་

เล่ม ๔๖ · หน้า 16a

ཕུང་པོ་ལ་སོགས་པའོ། །རབ་ཏུ་བསྒྲགས་ཞེས་བྱ་བ་ནི་རབ་ཏུ་བསྟན་པ་སྟེ། ལམ་གྱི་རྣམ་པ་ཤེས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་གཟིགས་ལ་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་སྒྱུ་མ་ལ་སོགས་པ་ལྟ་བུར་གཟིགས་ནས།

བཅོམ་ལྡན་འདས་ཆོས་རྣམས་སྟོན་པར་མཛད་ཅིང་འདི་ལྟར་འདུལ་བར་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བ་ལ་རིགས་ལྔའི་དེ་བཞིན་གཤེགས་པའི་ངོ་བོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་ཟིལ་གྱིས་གནོན་པ་ནི་རང་

བཞིན་གྱིས་འོད་གསལ་བ་རྣམ་པར་ཐར་པའི་སྒོས་མི་སྣང་བར་བྱས་པའོ། །དོན་དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པས་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་པའོ། །བྱང་ཆུབ་ཀྱི་སེམས་གསུངས་སོ་ཞེས་བྱ་བ་ནི། ཆོས་ཐམས་

ཅད་དངོས་པོ་མེད་པའི་ངོ་བོར་མངོན་སུམ་དུ་བྱས་པ་ནི་བྱང་ཆུབ་སྟེ། དེ་ལ་དམིགས་པའི་སྨོན་པ་དང་འཇུག་པའི་སེམས་བྱང་ཆུབ་ཀྱི་མཚན་ཉིད་ཅན་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་གསུངས་པ་ནི་བཀའ་སྩལ་པའོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ལ་རང་བཞིན་ནི་ངོ་བོ་ཉིད་

ཀྱིས་སོ། །འོད་གསལ་བ་ནི་མུན་ནག་དང་བྲལ་བས་སོ། །ཅིའི་ཕྱིར་ཞེ་ན། གཟོད་ནས་དག་པ་ཞེས་བྱ་བ་གསུངས་ཏེ། ཐོག་མ་ཉིད་ནས་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཇི་ལྟ་བུ་ཞེ་ན། ནམ་མཁའ་བཞིན་ཏེ། ཉི་མ་ཕྱེད་དུས་ན་སྤྲིན་དང་བྲལ་བར་གནས་པ་ལྟ་བུའོ་ཞེས་བྱ་བའི་

དོན་ཏོ། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཅེས་བྱ་བ་ནི་གཟོད་མ་ཉིད་ནས་དག་པར་གྱུར་པ་ཉིད་ཀྱིས་ན་བྱང་ཆུབ་མེད་ཅིང་བྱང་ཆུབ་ཁོང་དུ་ཆུད་པ་ཡང་མེད་པའོ། །སྐུ་དང་གསུང་དང་ཐུགས་ཉིད་ནི་གསང་བ་སྟེ། དེ་རྣམས་ཀྱི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡི་གེ་ནི་བྱང་ཆུབ་ཀྱི་

སེམས་རྣམ་པ་དྲུག་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་རྒྱུར་གྱུར་པས་ན་ཆོས་ཀྱི་ཡི་གེ་སྟེ་མི་འགྱུར་བ་ཉིད་དོ། །ཡང་དག་དོན་ནི་དག་པའི་དོན། །ཞེས་བྱ་བ་ནི་གཟོད་མ་ཉིད་ནས་དག་པས་ན་དག་པ་སྟེ་ཡང་དག་པའི་དོན་གང་ཡིན་པ་དེ་ལ་ངེས་པར་བྱས་པས་ན་

เล่ม ๔๖ · หน้า 16b

ཡང་དག་དོན་ཏོ། །གང་གི་དོན་དག་པ་དེ་ནི་དག་པའི་དོན་ཏོ་འདོད་ཆགས་ལ་སོགས་པ་དང་བྲལ་བའོ། །སེམས་ཅན་རྣམས་ཀྱི་དོན་དུ་གཟུགས་དང་སྒྲ་དང་དྲི་ལ་སོགས་པའི་ངོ་བོས་སངས་རྒྱས་ལ་མཆོད་པ་དང་། དེ་བཞིན་དུ་སྐལ་བ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་

པར་བྱེད་པས། སངས་རྒྱས་བྱང་ཆུབ་རྫོགས་བྱེད་པའོ། །ཐམས་ཅད་ཀྱི་དོན་ནི་ཀུན་གྱི་དོན་ཏེ་ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་ངོ་བོའོ། །སངས་རྒྱས་ཀྱི་བྱང་ཆུབ་རབ་ཀྱི་མཐར་ཐུག་པར་རྫོགས་པར་བྱེད་པས་ན། སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །ཞེས་བྱ་སྟེ། བླ་ན་མེད་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་དོན་དུ་སྤྱོད་པས་ན་བྱང་ཆུབ་སྤྱོད་པ་སྟེ། དེའི་དོན་ནི་རྡོ་རྗེ་ཆེ་སྟེ་རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་འཇུག་པའི་སེམས་རང་བཞིན་གྱིས་འོད་གསལ་

བ་རྣམ་པར་ཐར་པའི་སྒོའི་ས་བོན་དུ་གྱུར་པའི་སེམས་ནི་དེ་བཞིན་གཤེགས་པའི་ཐུགས་ཏེ། རང་གི་བྱང་ཆུབ་ནི་ནམ་མཁའ་དང་འདྲ་བར་བསྟན་པའི་ཕྱིར་དོན་ཡོད་པར་བསྟན་པའི་ཚུལ་གྱིས་བྱང་ཆུབ་དང་པོ་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གཉིས་པའི་བཤད་

པའོ།། །།བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་གྱི་ལེའུ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་རིགས་ལྔ་རྣམས་ཏེ། དེ་རྣམས་ཀྱི་སྐུ་དང་གསུང་དང་

ཐུགས་ཀྱིས་ནམ་མཁའ་ཁྱབ་པ་ནི་འཕྲོ་བའོ། །སྤྲོས་པ་དེ་ཉིད་ནི་སྤྲིན་ནོ། །དེ་ཉིད་སྣ་ཚོགས་པར་སྤྲོས་པའི་ངོ་བོ་བས་ན་བཀོད་པ་སྟེ། དེ་སྐྱེད་པར་བྱེད་ཅིང་དེ་ལ་དམིགས་པས་ན་ཏིང་ངེ་འཛིན་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་འཕྲོ་བའི་སྤྲིན་བཀོད་པ་རྡོ་རྗེ་ཞེས་

བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཤིང་ཐུགས་དེ་ཁོ་ན་ཉིད་ལ་མཉམ་གཞག་མཛད་ནས་འདི་གསུངས་སོ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་རང་གི་སྔགས་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་དེ་ཉིད་ལས་རྡོ་རྗེའོ། །རྡོ་རྗེའི་དབུས་སུའང་རང་གི་

เล่ม ๔๖ · หน้า 17a

སྔགས་བཀོད་དེ་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རབ་ཏུ་བཞུགས་པར་བསམས་ཏེ། གང་ཞིག་དེ་སྐྱེད་པས་ནི་དེ་ལྟར་བྱའོ། །གཞན་དག་ནི་རྡོ་རྗེ་ལས་བྱུང་བ་ནི་རང་གི་ཕྱག་རྒྱའོ། །དེ་ནས་བཛྲ་སཏྭ་

ཧཾ་ཞེས་བྱ་བས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་དེའི་གཟུགས་སུ་གྱུར་པར་བསྒོམས་ལ། སྔགས་བརྗོད་ཅིང་རང་གི་ལྷ་རྡོ་རྗེ་སེམས་དཔར་གྱུར་པར་བདག་ཉིད་བསྒོམ་སྟེ། སངས་རྒྱས་ཀྱི་གཟུགས་སུ་རྣམ་པར་བསྒོམས་ལ། མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་ལ་སོགས་པར་བདག་ཉིད་ལ་

བསྒོམ་པར་བྱའོ་ཞེས་བྱ་བ་འདི་ཉིད་ཀྱི་འོག་ནས་སྟོན་པའི་ཕྱིར་རོ། །དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་འཇུག་ཅིང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་བྱ་བ་ལ་ལུས་དང་ངག་དང་ཡིད་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་

བས་བྱིན་གྱིས་བརླབ་པོ། །དེ་ལྟར་བྱས་ནས་ནམ་མཁའི་དབུས་སུ་ཡི་གེ་བྷྲཱུཾ་ལས་ཁང་པ་བརྩེགས་མ་སྤྲུལ་ནས་གདན་ལ་ཉིད་ཀྱི་སྔགས་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་རྣལ་འབྱོར་རྣམ་པར་བསྒོམ་པར་བྱའོ། །ལས་བསྒྲུབ་པའི་རྣལ་འབྱོར་གྱིས་ཀྱང་རང་གི་སྔགས་ཉིད་ལས་

རང་གི་དཀྱིལ་འཁོར་བསྐྱེད་པར་བྱ་བའི་དབུས་སུ་རང་གི་ལྷའི་གཟུགས་ཀྱིས་འདུག་ལ་རྣམ་པར་སྣང་མཛད་ལ་སོགས་པའི་གནས་རྣམས་སུ་རང་གི་ལྷའི་གཟུགས་ཀྱིས་བཞག་ནས་བསྒོམ་པར་བྱའོ། །དེ་ཡང་། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །བཀོད་པའི་དཀྱིལ་འཁོར་

བསྒོམ་པར་བྱ། །དེ་དབུས་ཡི་གེ་ཧཱུཾ་གཞག་པ། །རང་ལྷའི་གཟུགས་སུ་རབ་ཏུ་བརྟག །རྡོ་རྗེ་འོད་འཕྲོ་ཆེར་འབར་བ། །རྣམ་པར་འཕྲོ་བར་བསམ་པར་བྱ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །འདྲེན་པ་དེ་ནི་རྣམ་པར་བསམ། །རང་གི་སྔགས་ཀྱི་དཀྱིལ་འཁོར་ནི། །སྐྱེད་པ་དེ་ནི་རྣམ་

པར་བསམ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དཀྱིལ་འཁོར་རྡོ་རྗེ་བསྡུས་པ་ཡིན། །གནས་གཞི་དག་ནི་མདུན་དག་ཏུ། །རང་སྔགས་སྐྱེས་བུ་བསྒོམ་བྱ་བ། །ཞལ་གསུམ་ལྟ་བུའི་སྦྱོར་བ་ཡིས། །ཁ་དོག་གསུམ་དུ་རབ་ཏུ་བསྒོམ། །ཞེས་གསུངས་པ་ཡིན་ནོ། །ནམ་མཁའི་དབྱིངས་ཀྱི་

เล่ม ๔๖ · หน้า 17b

དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི་ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་མརྒད་ཀྱི་འོད་ཟེར་རྣམས་ཀྱིས་སོ། །གཟུགས་སོགས་ཀུན་དུ་ཁྱབ་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལྷའི་གཟུགས་སུ་བྱིན་

གྱིས་བརླབས་པས་ཀུན་དུ་ཁྱབ་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་བདུད་རྩི་རྣམ་པ་ལྔས་བརྒྱན་པས་ན་མཆོད་པ་རྣམ་པ་ལྔས་བརྒྱན་པའོ། །བསྒོམས་ནས་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་དུའོ། །གང་གི་གཟུགས་རྣམ་པར་བསྒོམ་པར་བྱ་ཞེ་ན། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་

སོགས་པ་གསུངས་པས་ངེས་པར་བསྟན་པ་ཡིན་ནོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་འོ། །གཅིག་པུ་སྦྱོར་བ་བསྡུས་པ་ཡིན། །ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བའི་བསྒོམ་པས་སྤྲོ་བ་བྱས་ནས་བསྡུ་བ་བྱ་སྟེ། དེ་ལྟར་ན་སྡུད་པའི་སྦྱོར་བ་གཉིས་སུ་འགྱུར་རོ། །

འདི་ནི་རིགས་ཐམས་ཅད་ལ་བལྟ་བར་བྱ་སྟེ། །སྔགས་རྣམས་ཐམས་ཅད་སྦྱོར་བྱ་བའི། །དབྱེ་བ་གཉིས་སུ་རབ་ཏུ་བསྒྲགས། །ཞེས་འདི་ཉིད་ཀྱི་འོག་ནས་བསྟན་པའི་ཕྱིར་རོ། །མི་བསྐྱོད་པ་ཡི་རྒྱལ་མཆོག་དང་། །ཞེས་བྱ་བ་ལ་མཆོག་གི་ཐུགས་གཙོ་བོར་གྱུར་པས་ན་དེ་ལ་ནི་མཆོག་ཅེས་བྱའོ། །སྐུ་

གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཞེས་བྱ་བ་ནི་མི་བསྐྱོད་པའི་འོ། །རབ་འབར་ཕྱག་ན་རྡོ་རྗེ་བསྣམས། །རྣམ་པར་གཙིགས་པ་འཇིགས་འཇིགས་ལྟ། །ཞེས་བྱ་བ་ལ་ཕྱག་ན་རྡོ་རྗེ་བསྣམས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ཆེར་འབར་བས་རབ་ཏུ་འབར་བ་གང་ཡིན་པ་དེ་ནི་

རབ་ཏུ་འབར་བའོ། །བསྙེར་ཞིང་མཆེ་བ་གཙིགས་པ་ནི་རྣམ་པར་གཙིགས་པའོ། །གཙིགས་ཤིང་རྣོ་བ་དེ་ཉིད་འཇིགས་སུ་རུང་བས་ན་འཇིགས་པ་ལྟ་བུ་སྟེ། མཆེ་བ་རྣམ་པར་གཙིགས་ཤིང་འཇིགས་པའི་ཞལ་དང་ལྡན་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། ཟླ་བའི་མདོག་ཅན་

ཞལ་གསུམ་པ་ཕྱག་དྲུག་པ་མཚོན་ཆ་སྣ་ཚོགས་པ་བསྣམས་པ་མི་བསྐྱོད་པ་དབུ་ལ་འཇོག་པའོ། །དེ་ཉིད་ཀྱི་ཕྱིར། །རྡོ་རྗེ་དཀྱིལ་འཁོར་མཆོག་གྱུར་པ། །ནམ་མཁའ་རྡོ་རྗེ་དབུས་གནས་བསམ། །སངས་རྒྱས་གཟུགས་སུ་རབ་བསྒོམས་པས། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ།

เล่ม ๔๖ · หน้า 18a

གསལ་བའི་སྐུ་ནི་གདུག་པ་འདྲ། །འབར་བ་སྣ་ཚོགས་རབ་འཇིགས་སྦྱིན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞེས་གསུངས་པ་ཡིན་ནོ། །དེ་ལ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཕྱག་དང་པོ་གཉིས་

ཀྱིས་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་རྣམ་པར་བཞུགས་ལ། ཡང་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། །གཉིས་ན་རང་གི་མཚན་མ་དང་ཞགས་པ་བསྣམས་པའོ། །རྡོ་རྗེ་སེམས་དཔའི་ཕྱག་གཡས་ན་མདའ་དང་རལ་གྲི་བསྣམས་

པའོ། །དེ་ཉིད་ཀྱི་ཕྱིར། ཕྱག་དྲུག་རྡོ་རྗེ་བསྒོམ་པར་བྱ། །མཚོན་ཆ་སྣ་ཚོགས་མཛེས་པས་བརྒྱན། །ཞེས་གསུངས་པ་ཡིན་ནོ། །ཤེལ་དང་ཟླ་བའི་འོད་འདྲ་བ། །ཞེས་བྱ་བ་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་ཕྱག་ན་འཁོར་ལོ་བསྣམས་པ་གསུངས་པའོ། །འཛམ་བུ་ཆུ་ཡི་གསེར་འོད་

འདྲ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་འཁྲིགས། །ཞེས་བྱ་བ་ནི། རིན་ཆེན་འབྱུང་ལྡན་གྱི་སྐུ་མདོག་སེར་པོ་གསུངས་པའོ། །དེ་ཡི་ཕྱག་ན་རྡོ་རྗེ་སྟེ། །རྩེ་མོ་དགུ་པ་བསྣམས་པར་བསྒོམ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །མརྒ་ཏ་ཡི་འོད་འདྲ་བ། །རྡོ་རྗེ་འབར་བ་རྣམ་པར་བརྒྱན། །

ཞེས་བྱ་བ་ནི་དོན་ཡོད་གྲུབ་པ་གསུངས་པའོ། །ཀུན་དུ་འབར་བའི་སྤྲིན་གྱིས་ཁྱབ། །ཕྱག་ན་རིན་ཆེན་བསྣམས་པར་བསྒོམ། །ཞེས་བྱ་བ་ནི་ཕྱག་ན་རིན་པོ་ཆེ་བསྣམས་པའི་རིན་ཆེན་འབྱུང་ལྡན་ཏེ། སངས་རྒྱས་འབར་བའི་སྤྲིན་གྱིས་ཁྱབ་པར་བསྒོམ་པའོ། །པདྨ་རཱ་གའི་འོད་འདྲ་བ། །གཙོ་བོ་

འདོད་ཆགས་འབར་བ་མངའ། །ཞེས་བྱ་བ་ནི་ཕྱག་ན་པདྨ་བསྣམས་པ་ནི་སྣང་བ་མཐའ་ཡས་ཏེ་སྐུ་མདོག་དམར་པོར་བསྒོམ་པའོ། །འོད་ཟེར་སྣ་ལྔའི་འོད་འདྲ་བ། །ཞེས་བྱ་བ་ལ་སོགས་པས་ནི་དོན་ཡོད་གྲུབ་པའི་འོད་དང་སྐུ་མདོག་གསུངས་པའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་ཁོ་ན་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདི་བརྗོད་པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ལ།

เล่ม ๔๖ · หน้า 18b

ཡི་གེ་ཨོཾ་ཡིད་ལ་བརྗོད་ཅིང་སྣའི་རྩེ་མོ་ལ་ཡུངས་ཀར་གྱི་འབྲུ་ཙམ་གྱི་རིན་པོ་ཆེ་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་བསྒོམ་པར་བྱའོ། །དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་སྦྱོར་བས་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རལ་གྲི་ལ་སོགས་པའི་གཟུགས་བསྒོམ་ཞིང་ཡི་གེ་ཧཱུཾ་ལ་སོགས་པ་བརྗོད་པར་

བྱའོ། །རྣལ་འབྱོར་པ་རྣམ་པར་རྟོག་པ་ལ་སྤྱོད་པ་དག་གིས་དེ་ལྟར་བསྒོམས་ན་ནི། དེ་ལ་གཟུགས་ཀྱི་མཚན་མ་དང་རེག་པའི་མཚན་མ་དག་སྐྱེ་བར་འགྱུར་རོ། །དེ་ལ་གཟུགས་ཀྱི་མཚན་མ་ནི་སྣའི་རྩེ་མོ་ལ་ཇི་ལྟར་བསམ་པ་དེ་མཐོང་བའོ། །རེག་པའི་མཚན་མ་ནི་མཐོང་བ་དེས་བདེ་བའི་རེག་

པ་སྐྱེ་ཞིང་ལུས་ཚིམ་པ་ལ་སོགས་པར་འགྱུར་རོ། །དེ་ལྟར་བསྟན་པའི་མཚན་མ་བྱུང་ནས་ནི་དབང་དུ་བྱ་བའི་ཕྱིར་སྤྲོ་བར་བྱ་སྟེ། །དེ་ཉིད་ཀྱི་ཕྱིར། རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་ཡང་མི་སྤྲོ། །ཞེས་བྱ་བ་གསུངས་སོ། །རིན་པོ་ཆེ་འབའ་ཞིག་སྤྲོ་བར་བྱའམ་འོན་ཏེ་གཞན་དག་

ཀྱང་སྤྲོ་བར་བྱ་ཞེ་ན། །སངས་རྒྱས་འབར་བ་འདྲ་བའི་འོད། །མཆོག་རབ་སྤྲིན་རྣམ་སྤྲོ་བར་བྱ། །ཞེས་བྱ་བ་གསུངས་ཏེ། གང་ཞིག་རྒྱུར་གྱུར་པས་སངས་རྒྱས་འབར་བ་འདྲ་བའི་འོད་དང་ལྡན་པ་མཆོག་རབ་ཀྱི་སྤྲིན་གྱི་རང་གི་མཚན་མ་སྤྲོ་བར་བྱ་བ་དེ་གང་ཡིན་ཞེ་ན། འཁོར་ལོ་རྡོ་རྗེ་སྤྲིན་ཆེན་དང་། །ཞེས་

བྱ་བ་གསུངས་ཏེ། འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་མཚན་མའོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པའོ། །པདྨ་རལ་གྲི་མཚོན་ཆེན་འཛིན། །ཞེས་བྱ་བ་ནི་པདྨ་འཛིན་པ་དང་རལ་གྲི་འཛིན་པ་ནི་པདྨ་རལ་གྲི་འཛིན་པ་སྟེ། འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པའི་གཟུགས་ཅན་གྱི་ལྷ་རྣམས་ཀྱི་ཁྱད་

པར་ཏེ། དེ་རྣམས་མཚན་མ་གང་ཡིན་པ་དེ་ནི། །པདྨ་རལ་གྲི་མཚོན་ཆེན་འཛིན། །ཞེས་བྱ་བའི་སྒྲས་བཤད་དེ། དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཇི་ལྟར་རིན་པོ་ཆེ་བསྟན་པར་གྱུར་ནས་སེམས་དབང་དུ་འགྱུར་བར་བྱ་བའི་ཕྱིར་སྤྲོ་བར་བྱེད་པ་དེ་བཞིན་དུ་འཁོར་ལོ་ལ་སོགས་པ་གཞན་དག་ལས་ཀྱང་

སངས་རྒྱས་འབར་བ་འདྲ་བའི་འོད་སྤྲོ་བར་བྱའོ། །རྡོ་རྗེ་ལ་སོགས་པའི་བསྒོམ་པ་འབའ་ཞིག་གིས་སེམས་བརྟན་པར་འགྱུར་རམ། གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་ཕྲ་མོ་རྣམས་བསྒོམས་པས་ཀྱང་འགྱུར་ཞེ་ན། དེའི་ཕྱིར། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམས། །སྤྲོ་

เล่ม ๔๖ · หน้า 19a

བའི་བདག་ཉིད་ཅན་གྱིས་སྤྲོ། །ཞེས་བྱ་བ་གསུངས་ཏེ། ངལ་ན་བསྡུ་བའི་བྱ་བ་ནི་ཕྱིས་བཤད་པར་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། ལྕེ་ནི་རྐན་ལ་སྦྱར་བྱ་ཞིང་། །སྣ་ཡི་རྩེ་མོར་བསམ་པར་བྱ། །རྡོ་རྗེ་ཕྲ་མོ་བདེ་རེག་པས། །སེམས་ནི་མཉམ་པར་གཞག་པར་འགྱུར། །རྡོ་རྗེ་

ཕྲ་མོ་བདེ་རེག་པའི། །མཚན་མ་གལ་ཏེ་བྱུང་བ་ན། །མཚན་མ་དེ་ནི་ཁྱབ་བྱ་བ། །ནམ་མཁའི་སྤྱོད་ཡུལ་ཅི་ཙམ་པར། །བསམས་ནས་ཇི་ལྟར་འདོད་པར་སྤྲོ། །ཁམས་གསུམ་དུ་ཡང་སྤྲོ་བར་བྱ། །དེ་ནས་དེ་ཡང་བསྡུ་བ་ནི། ཇི་སྲིད་སྣ་རྩེར་གནས་བར་དུ། །ཞེས་བྱ་བ་གསུངས་ཏེ། སྣ་ནས་ཡང་

ལུས་ཐམས་ཅད་དུ་ཁྱབ་པར་བསམ་མོ། །གང་དུ་གནས་ནས་འཁོར་ལོ་ཕྲ་མོ་ལ་སོགས་པ་འདི་དག་བསྒོམ་པར་བྱ་ཞེ་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་ནི་གནས་བསྟན་ཏེ། ནམ་མཁའི་དབྱིངས་ལ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ཏེ། དེའི་སྟེང་

དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྐྱེད་པ་བསྒོམ་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་པདྨ་དམར་པོའི་དཀྱིལ་འཁོར་ནི་འོད་དཔག་མེད་

ཀྱི་དཀྱིལ་འཁོར་རོ། །རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ནི་སེར་པོའོ། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་ནི་ལྗང་གུའོ། །མི་བསྐྱོད་པའི་དཀྱིལ་འཁོར་ནི་སྔོན་པོའོ། །དཀྱིལ་འཁོར་བྲི་བའི་དུས་སུ་ཡང་ནམ་མཁའི་ཕྱོགས་སུ་ཇི་སྐད་གསུངས་པའི་ཚུལ་གྱིས་དང་པོའི་སྦྱོར་བ་དང་དཀྱིལ་

འཁོར་གྱི་རྒྱལ་པོའི་མཆོག་དང་། ལས་ཀྱི་རྒྱལ་པོའི་མཆོག་བསྒོམས་ལ་དཀྱིལ་འཁོར་གྱི་ས་གཞི་ནམ་མཁའ་རྣམ་པར་བསམས་ཏེ། དཀྱིལ་འཁོར་བྲི་བར་བྱའོ། །དེའི་ཕྱིར། སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བའི། །ནམ་མཁའི་དཀྱིལ་དུ་བྲི་བར་བྱ། །ཞེས་བྱ་བ་གསུངས་སོ། །

རྡོ་རྗེ་བཀོད་པ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པས་ནམ་མཁའ་ཁྱབ་པ་ནི་རྡོ་རྗེ་བཀོད་པ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་བཀོད་པ་སྟེ་ལེའུ་གསུམ་པའི་བཤད་པའོ།། །།དམ་ཚིག་ལ་སོགས་པ་ཐོབ་པས་བསྒོམ་པ་

เล่ม ๔๖ · หน้า 19b

ལ་སོགས་པ་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་གསུངས་ཏེ། །དེ་ཡང་གཞན་དག་ལས། དཀྱིལ་འཁོར་ཆོ་གར་མི་ལྡན་དང་། །དམ་ཚིག་རྣམ་པར་སྤངས་པ་དང་། །དེ་ཉིད་གསང་བ་མི་ཤེས་པས། །

བསྒྲུབས་ཀྱང་ཅི་ཡང་འགྲུབ་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྔ་མ་བཞིན་དུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། རྡོ་རྗེའི་ནང་དུ་ཆུད་པའི་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དུ་བསྒོམ་པར་བྱའོ། །དེ་ནས་བསྒྲུབ་པའི་གྲོགས་མཆོག་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་ང་རྒྱལ་ལ་གནས་པར་བྱས་པས་རྣལ་འབྱོར་པ་ལ། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པའི་བསྟོད་པ་འདིས་གསོལ་བ་གདབ་བོ། །དེ་བཞིན་གཤེགས་པ་ཀུན་ནི་མི་བསྐྱོད་པའི་ངོ་བོའོ། །ཞི་བ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །དེ་བཞིན་གཤེགས་པ་

ཀུན་གྱི་གནས་ནི་ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་ངོ་བོའོ། །ཆོས་ཀུན་མཆོག་ནི་འདོད་ཆགས་ཀྱི་རིགས་ཀྱི་ངོ་བོའོ། །བདག་མེད་པ་ནི་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་གྱུར་པ་སྟེ། དམ་ཚིག་གི་རིགས་ཀྱི་ངོ་བོའོ། །དེ་ལྟར་ན་འདིས་ནི་བཅོམ་ལྡན་འདས་

རིགས་ལྔ་བསྡུས་པར་གྱུར་པར་བསྟན་ཏོ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡང་དག་པར་རྫོགས་པའོ། །རྒྱུ་དེ་ཉིད་ཀྱིས་ནི། མཚན་མིན་ཐམས་ཅད་ཡང་དག་སྤངས། །ཞེས་བྱའོ། །ཀུན་དུ་བཟང་པོ་སྐུ་ཡི་

མཆོག །ཅེས་བྱ་བ་འདིས་ནི་སྐུ་རྡོ་རྗེའི་ངོ་བོའོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། རང་བཞིན་གྱིས་ཡང་དག་པའི་ཆོས་ཉིད་ལ་དམིགས་པའི་ངོ་བོ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཞི་བའི་ཆོས་ཉིད་དེ། དེ་ལས་

བྱུང་བས་ན། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཞེས་བྱ་སྟེ་འོད་དཔག་ཏུ་མེད་པའོ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དེ་ཉིད་ནི་ཡེ་ཤེས་སྤྱོད་པ་སྟེ། དེས་སེམས་ཅན་རྣམས་རྣམ་པར་སྦྱོང་བས་ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ་

เล่ม ๔๖ · หน้า 20a

སྟེ། འདིས་ནི་གསུང་རྡོ་རྗེའི་ངོ་བོ་ཉིད་དུ་བསྟན་ཏོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །ཞེས་བྱ་བ་ནི་སེམས་ཅན་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་སེམས་ཅན་ཀུན་ནོ། །དེ་རྣམས་ཀྱི་སེམས་ཆེན་པོ་ནི་སེམས་ཅན་ཀུན་གྱི་སེམས་ཆེན་པོའོ། །དེ་ནི་རང་བཞིན་

གྱིས་འོད་གསལ་བ་དང་དག་པ་དང་དྲི་མ་མེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་དོན་ཡོད་གྲུབ་པའི་ངོ་བོར་བཅོམ་ལྡན་འདས་ལ་བསྟོད་པའོ། །འཇིག་རྟེན་གསུམ་ནི་ས་འོག་དང་ས་བླ་དང་མཐོ་རིས་སོ། །ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སོ། །

འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ། །ཞེས་བྱ་བ་ནི་དོན་དམ་པར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་གསུམ་གྱི་མཆོག་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོའི་སྟོན་པར་གྱུར་པས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་སེམས་ཀྱི་རྒྱུ་མཐུན་

པར་གྱུར་པས་རྒྱུ་ལས་འབྲས་བུ་བརྟགས་ནས་འདི་སྐད་ཅེས་བརྗོད་དོ། །དཀྱིལ་འཁོར་ཞེས་བྱ་བ་ནི་སྙིང་པོ་ལེན་པས་ན་དཀྱིལ་འཁོར་རོ། །དཀྱིལ་འཁོར་འདྲ་བ་ཞེས་བྱ་བ་ནི་ཟུར་བཞི་པ་ལ་སོགས་པའི་གཟུགས་སུའོ། །སྙིང་པོ་བས་ན་དཀྱིལ་འཁོར་རོ། །གདུལ་བྱ་རྣམས་ཀྱི་ཡིད་དང་

རྗེས་སུ་མཐུན་པས་ན་ཉམས་དགའ་བའོ། །དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་འགྲོ་བའི་དོན་རྫོགས་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་ཅིང་ཡང་དག་པར་རྣམ་པར་ཕྱེ་སྟེ་རབ་ཏུ་བཤད་པར་བྱའོ་ཞེས་སྦྱར་རོ། །ཐུགས་ཀྱི་དཀྱིལ་འཁོར་མཆོག་ཅེས་བྱ་བ་ནི་རྒྱུད་ཀྱི་

རྒྱལ་པོ་འདིར་རྡོ་རྗེ་འཛིན་ཆེན་པོ་ཉིད་གཙོ་བོར་གྱུར་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱི་རྡོ་རྗེ་དང་འཁོར་ལོ་དང་ཡིད་བཞིན་ནོར་བུ་དང་པདྨ་དང་རལ་གྲི་དང་སྤྱན་དང་རྡོ་རྗེ་དང་པདྨ་དང་། ཨུཏྤལ་དང་། མེ་ལོང་དང་། པི་ཝང་དང་།

དྲིའི་སྣོད་དང་། རོའི་སྣོད་དང་། རྡོ་རྗེས་མཚན་པའི་གོས་དང་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་གྲུ་གསུམ་དཀར་པོ་དང་། ཐོ་བ་དང་། དབྱིག་པ་དང་། པདྨ་དང་རྡོ་རྗེ་རྣམས་ནི་རྟེན་དང་བརྟེན་པར་སྤྲུལ་པ་དེ་ལ་ཐུགས་ཀྱི་རྡོ་རྗེ་ཞེས་བཤད་དེ་དེ་དང་འདྲ་བས་ན། ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱའོ། །སྐུ་དང་གསུང་དང་ཐུགས་

เล่ม ๔๖ · หน้า 20b

རྣམས་ཀྱི་ཞེས་བྱ་བ་ནི་གལ་ཏེ་འདིར་ཡང་ཐུགས་གཙོ་བོར་གྱུར་པས་ན་ཐུགས་ཀྱི་དཀྱིལ་འཁོར་ཞེས་བཤད་མོད་ཀྱི་འོན་ཀྱང་དེ་སྐུ་དང་གསུང་དང་ཐུགས་དག་ཏུ་ཡང་འབྱུང་བས་ན་སྐུ་དང་གསུང་དང་ཐུགས་རྣམས་ནི་ཞེས་བྱའོ། །ངོས་བཞི་ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་རི་མོ་དང་ལྡན་པའོ། །

གྲྭ་བཞིར་ལྡན་ཞེས་བྱ་བ་ནི་མཚམས་རྣམས་སུ་རི་མོ་གཉིས་རྒྱ་གྲམ་དུ་བྱས་པ་དང་ལྡན་པའོ། །དེ་ཡི་དབུས་སུ་འཁོར་ལོ་ནི། །རབ་ཏུ་ཟླུམ་པོ་བྲི་བར་བྱ། །ཞེས་བྱ་བ་ནི་ཀ་བ་བརྒྱད་དང་ལྡན་པའི་རྡོ་རྗེའི་ཐིག་གདབ་པའི་དོན་ཏོ། །དེ་ནས་ལས་ཀྱི་ཆོ་ག་ནི། །མཐོང་བས་ཕྱག་རྒྱ་དགོད་པར་བྱ། །ཞེས་བྱ་བ་ལ་

ཆོ་ག་མཐོང་བའི་སྒྲ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ཡང་འདི་སྐད་སྟོན་པར་འགྱུར་ཏེ། རྣལ་འབྱོར་པ་བརྟུལ་ཞུགས་ཡང་དག་པར་སྤྱོད་པས་ཏིང་ངེ་འཛིན་གསུམ་པོ་མངོན་སུམ་དུ་བྱས་ལ། མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་གྲོགས་ཀྱང་བརྟུལ་ཞུགས་ཡང་དག་པར་སྤྱོད་པ་དང་

དཀྱིལ་འཁོར་བྲི་བར་གསོལ་བ་གདབ་པར་བྱའོ། །དེ་ནས་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་ནམ་མཁའ་ལ་བཀོད་ལ་བདག་ཉིད་བྱིན་གྱིས་བརླབ་པ་བྱ་སྟེ། ཡོངས་སུ་བསྐོར་ནས་ཐིག་སྐུད་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་། ནག་པོའི་ཁ་དོག་སོ་སོར་ཁ་བསྒྱུར་

ལ་རིམ་པ་འདི་ཉིད་ཀྱིས་ཡང་དག་པར་བཞག་ནས། ཨོཾ་སྭཱ་ཨཱཿཧཱ་ཧཱུཾ་སྟེ་འདི་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་སྐུ་མདོག་དཀར་པོ་ལ་སོགས་པ། ཐིག་སྐུད་དཀར་པོ་ལ་སོགས་པ་ལ་བཀོད་ལ། ཧཱུཾ་ཨོཾ་ཨཱཿཞེས་ཟློས་ཤིང་ཐིག་སྐུད་བསྒྲིལ་བར་བྱའོ། །དེ་ནས་འདི་ཉིད་བརྒྱ་རྩ་བརྒྱད་

མངོན་པར་བཟླས་ལ་ཐིག་འདི་ཉིད་ཀྱིས་གདབ་པར་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་ཆོ་ག་རྣམས་བྱ་བར་བལྟ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ཀུན་དུ་ཐིག་བཏབ་ལ་ཐིག་དང་རྗེས་སུ་མཐུན་པར་ཁ་དོག་རྣམ་པ་ལྔ་རྣམས་ལ་དེ་བཞིན་གཤེགས་པ་དགོད་ཅིང་དཀྱིལ་འཁོར་བྲི་བར་བྱའོ། །

དེ་ནས་ཉི་མའི་དཀྱིལ་འཁོར་ལ་སོགས་པ་གང་ན་གནས་ཇི་ལྟ་བ་བཞིན་ཡང་དག་པར་བྲིས་ནས་དཀྱིལ་འཁོར་དེའི་དབུས་སུ་ནི་བཅོམ་ལྡན་འདས་མི་བསྐྱོད་པའི་རྡོ་རྗེ་རྩེ་ལྔ་པ་བྲིས་ལ་བཛྲ་དྷྲིཀ་ཅེས་བརྗོད་ཅིང་བར་སྣང་ལ་བཞུགས་པའི་རྡོ་རྗེ་ཕབ་ལ་དེ་དང་གཅིག་ཏུ་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་བལྟ་

เล่ม ๔๖ · หน้า 21a

བར་བྱའོ། །དེའི་ཤར་ལ་སོགས་པའི་ངོས་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་མཚན་འཁོར་ལོ་དང་རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། མིག་དང་། རྡོ་རྗེ་རྩེ་ལྔ་པ་དང་། པདྨ་དང་། ཨུཏྤལ་དང་། ཐོ་བ་དང་། དབྱིག་པ་དང་། པདྨ་དང་། རྡོ་རྗེ་རྩེ་ལྔ་པ་རྣམས་

རྒྱུ་དང་རྗེས་སུ་མཐུན་པར་བྲི་བར་བྱའོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་མེའི་ཕྱོགས་སུ་ནི་གཟུགས་ཀྱི་མཚན་མའོ། །བདེན་བྲལ་གྱི་ཕྱོགས་སུ་ནི་སྒྲའི་མཚན་མའོ། །རླུང་གི་ཕྱོགས་སུ་ནི་དྲིའི་འོ། །དབང་ལྡན་ཕྱོགས་སུ་ནི་རོ་དང་རེག་བྱའོ། །ཡང་མེའི་ཕྱོགས་སུ་ནི་ཆོས་ཀྱི་དབྱིངས་ཀྱི་སྟེ། དེ་རྣམས་

ཀྱི་ས་བོན་ནི་ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་བྱའོ། །དེ་ནས་བུམ་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ་འདི་ཉིད་ཀྱི་འོག་ནས་འབྱུང་བའི་ཆོ་གས་འཇུག་པ་ལ་སོགས་པར་བྱའོ། །སྡོམ་པ་ངེས་པར་གཟུང་བར་བྱ་བའི་ཚུལ་ཡང་འདི་ཉིད་ཡིན་ནོ། །བསླབ་པ་ལ་འཇིགས་ཤིང་སྐྲག་པར་འདོད་པ་ཡོངས་སུ་མི་སྤོང་བ་དག་གི་བྱ་

བའི་དབང་དུ་མཛད་ནས། བུད་མེད་རབ་ཏུ་མདངས་བཟང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་འཕགས་མ་མཱ་མ་ཀཱི་དེའི་སྔགས་དགོད་པ་དང་བསྒོམ་པ་ལ་སོགས་པས་བསྐྱེད་ལ། །སངས་རྒྱས་ཞི་བའི་ཚུལ་སོགས་པས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་བྱ་བ་སྟེ།

སངས་རྒྱས་ནི་འདིར་རྡོ་རྗེ་འཆང་ཆེན་པོའོ། །བསླབ་པས་འཇིགས་ཤིང་སྐྲག་པས་ཀྱང་རིག་པའི་བརྟུལ་ཞུགས་ཡང་དག་པར་སྤྱད་པ་དང་། མངོན་པར་ཤེས་པ་ཐོབ་པ་དང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་ནས་བུ་མོ་བསྟེན་པར་བྱའོ། །དཀྱིལ་འཁོར་ཡང་དེ་ཉིད་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ། །

གཞན་དུ་རྫས་རབ་ཏུ་འབར་བ་དང་། ལྷ་བབས་པའི་མཐུ་མེད་པར་བུ་མོ་བསྟེན་ཅིང་བཟའ་བ་མ་ཡིན་པ་ཟ་ན་དངོས་གྲུབ་འདི་ཉིད་མི་འགྲུབ་བོ། །དེས་ན་དེ་ཐེ་ཚོམ་སྐྱེས་པས་དམྱལ་བ་ཆེན་པོ་མནར་མེད་པར་འགྲོ་བར་འགྱུར་རོ། །དེ་ལྟ་བས་ན་དེའི་དངོས་གྲུབ་ཐམས་ཅད་ཀྱང་གཞན་དུ་གྱུར་པས་

ཇི་སྲིད་མངོན་དུ་གྱུར་པ་དེ་སྲིད་དུ་རྣལ་འབྱོར་ལ་གོམས་པར་བྱས་ནས། ཉིན་རེའམ་ཐུན་རེ་རང་གི་ལྷ་མངོན་དུ་མཐོང་བར་གྱུར་གྱི་བར་དུའོ། །ཚུལ་འདིས་ན་དེ་ལྟར་ཡོན་པོར་གསུངས་པས་ཀྱང་འདོད་ཆགས་ཡོངས་སུ་སྤོང་བ་དང་ལྡན་ཏེ། མངོན་པར་ཤེས་པ་ཐོབ་ནས་ནི། །མཛེས་ལྡན་མ་ལ་

เล่ม ๔๖ · หน้า 21b

དགའ་བོ་དང་། །འདྲ་བར་འདོད་ཆགས་སྐྱེ་མི་འགྱུར། །དེ་ཡང་སངས་རྒྱས་སྐུའི་ཆོ་ག །མངོན་སུམ་བཞིན་དུ་དེ་མཐོང་དང་། །རང་གི་གཟུགས་ནི་མི་ཤེས་ཤིང་། །སྒྲ་ཡང་དེས་ནི་མི་ཐོས་སོ། །མདོར་ན་བྱ་བ་ཐམས་ཅད་ལ། །བྱེ་བྲག་ཇི་བཞིན་མི་བྱེད་པའོ། །གལ་ཏེ་བྱེ་བྲག་འབྱེད་འགྱུར་ན། །སངས་

རྒྱས་ཀྱིས་ཀྱང་མི་འགྲུབ་བོ། །སེམས་ཅན་ཀུན་གྱི་སེམས་གང་ནི། །དག་ཅིང་ཞི་ལ་འོད་གསལ་བས། །དངོས་པོ་ཀུན་གྱིས་མི་གོས་སོ། །སེམས་ཞེས་བྱ་བ་དེ་ཉིད་དངོས། །དེ་བཞིན་འདོད་པའི་ཆོ་ག་ཤེས། །དེ་བཞིན་ཉིད་ལ་ཉེ་བར་སྤྱོད། །གཞན་དུ་དགེ་བ་འབྱུང་བ་ནི། །སྔགས་རྣམས་ཐམས་ཅད་འགྲུབ་མི་འགྱུར། །དེ་བས་སྔགས་

པའི་ཁྱད་པར་གྱིས། །བུད་མེད་མཆོག་ནི་བསྟེན་པར་བྱ། །གཞན་དུ་བདེ་བ་སྩོལ་མཛད་པའི། །རྡོ་རྗེ་སེམས་དཔའ་མཉེས་མི་འགྱུར། །འདོད་པ་ཀུན་གྱི་བྱ་བ་ལ། །ལོངས་སྤྱོད་ཉེ་བར་སྤྱད་པར་བྱ། །གཞན་དུ་རྨོངས་པའི་བདག་ཉིད་དེ། །མནར་མེད་པར་ནི་ཉེ་བར་འཚེད། །ཅེས་གསུངས་པ་ཡིན་ནོ། །

བྱ་བ་འདི་ཉིད་ནི་ཤ་ལ་སོགས་པའི་བཟའ་བ་ལ་ཡང་བརྗོད་པར་བྱ་སྟེ། རབ་ཏུ་མེ་འབར་བ་ལ་ནི་འགྲུབ་པར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ལེའུ་ལྔ་པ་ལས་ཀྱང་བཤད་དེ། །སངས་རྒྱས་གཙོ་བོ་ཡུམ་དག་ལ། །རྣམ་པར་མི་རྟོག་བློ་ཅན་གྱིས། །མཉེས་

པར་བྱས་ཀྱང་མི་ཆགས་ཏེ། །དེས་ནི་སངས་རྒྱས་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །གང་ཡང་སྒྲུབ་པ་པོ་མ་ཡིན་པ་དེ་ལ་ནི་ཉེས་པ་མེད་དེ། སྡོམ་པ་མ་བཟུང་ཞིང་སངས་རྒྱས་རྗེས་སུ་དྲན་པ་ཙམ་ལ་སོགས་པའི་བག་ཆགས་ཡོད་པ་ཙམ་ལ་ནི་དགག་

པ་མེད་དོ། །སྡོམ་པ་བཟུང་བས་ཀྱང་བསླབ་པ་ལས་འདས་པར་གྱུར་པའི་ཕྱིར་དེ་ཉིད་ཀྱིས་ན་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་ལྟ་བས་ན་དེས་རིག་པ་དང་ཡང་དག་པར་སྦྱོར་བ་ཉིད་ཀྱི་རྣལ་འབྱོར་བསྒོམ་པར་བྱའི་ཕྱི་རོལ་གྱི་སྦྱོར་བ་ནི་མི་བྱའོ། །དོན་དེ་ཉིད་ཀྱི་ཕྱིར། རང་གི་ཕྱག་རྒྱའམ་སེམས་

ཀྱིས་ནི། །རྡོ་རྗེའི་ཡི་གེ་གསུམ་བསྒོམ་བྱ། །དེས་ནི་སངས་རྒྱས་ཀུན་མཁྱེན་ཡང་། །མཉེས་པར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་དང་། སྒྲུབ་པ་པོ་ནི་བློ་བརྟན་པས། །ནགས་ཚལ་དག་ཏུ་བསོད་སྙོམས་བསླང་། །ཁ་ཟས་བཟང་པོ་བསྟར་བ་དག །དེ་དག་སྐྲག་ནས་སྟེར་བར་འགྱུར། །ཞེས་བྱ་བ་ལ་

เล่ม ๔๖ · หน้า 22a

སོགས་པ་གསུངས་པ་ཡིན་ནོ། །སེམས་ཀྱི་དཀྱིལ་འཁོར་ཏེ་ལེའུ་བཞི་པའི་བཤད་པའོ།། །།བསྒོམ་པ་ཡོངས་སུ་རྫོགས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འགྲུབ་པར་འགྱུར་བས་རིགས་ངན་པ་ལ་སོགས་པ་རྒྱུད་གཞན་དག་གི་ནང་ནས་རབ་ཏུ་བཀག་པ་དེ་དག་ཀྱང་

སྟོང་པ་ཉིད་བསྒོམས་པས་གྲུབ་པའི་སྐལ་བ་ཡོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སྤྱོད་པ་ཐམས་ཅད་ཀྱི་མཆོག་གི་ལེའུ་གསུངས་སོ། །སྤྱོད་པ་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་ནི་སྤྱོད་པ་ཀུན་ནོ། །དེའི་མཆོག་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །དེའི་དོན་ནི་ཆོས་ཀྱི་དོན་ནོ། །རྣམ་པར་མི་རྟོག་དོན་ལས་བྱུང་། །སྒྲུབ་པར་བྱེད་ཅེས་བྱ་བར་སྦྱར་ཏེ། དེ་ལ་རྣམ་པར་མི་རྟོག་པའི་དོན་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་ཞེ་

སྡང་ལ་སོགས་པའི་རིགས་རྣམས་སོ། །སྒྲུབ་པར་བྱེད་པ་ནི་གདུལ་བྱའི་འགྲོ་བའི་རྒྱུད་ལ་ཐེག་པ་ཆེན་པོ་རབ་མཆོག་གི་མཚན་ཉིད་ཅན་རིགས་ལྔ་རྣམས་སུ་སྐྱེད་པར་བྱེད་པ་སྟེ། དེ་བས་ན། ཐེག་པ་མཆོག་ནི་བླ་མེད་པའི། །དངོས་གྲུབ་རབ་མཆོག་སྒྲུབ་པར་བྱེད། །ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་

པ་གང་ལ་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པ་དེ་དག་ནི་སྐུ་རྡོ་རྗེ་ལ་སོགས་པ་རྫོགས་པར་འགྱུར་གྱི། དངོས་པོར་འཛིན་པ་ལ་མངོན་པར་ཞུགས་པ་གཞན་དག་གིས་ནི་མ་ཡིན་ཏེ། དེ་བས་ན་དེ་ཡོངས་སུ་རྫོགས་པར་འདོད་པ་དག་གིས་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པར་བྱའོ་ཞེས་བསྟན་ཏེ། གང་

གི་ཕྱིར་གཉིས་སུ་མེད་པ་ལ་ལྷག་པར་མོས་པ་ཉིད་སྐྱེས་བུའི་དོན་གྲུབ་པའི་ཐབས་སུ་གྱུར་པ་ཡིན་གྱི་རིགས་ལ་སོགས་པ་ནི་མ་ཡིན་ཏེ། དེའི་ཕྱིར་ན་རིགས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་ངན་དང་། སྨེ་ཤ་ཅན་ལ་སོགས་པ་སྡིག་པ་ཆེན་པོ་བྱེད་པ་དག་གིས་ཀྱང་འགྲུབ་པར་

འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། བྱ་བའི་རྒྱུད་ལ་སོགས་པར་རབ་ཏུ་སྤངས་པའི་རིགས་ངན་ལ་སོགས་པ་ནི། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཞེས་བྱ་སྟེ། སྲོག་ཆགས་རྣམས་བསད་པ་ལ་སོགས་པའི་ཐབས་ཉི་ཚེ་སེམས་པའོ། །མཚམས་མེད་པ་ལྔ་བྱེད་པ་དང་། དགེ་སློང་དང་དགེ་སློང་

เล่ม ๔๖ · หน้า 22b

མ་གསོད་པ་དང་། གཙུག་ལག་ཁང་འཇིག་པ་དང་། དམ་པའི་ཆོས་སྤོང་བ་ལ་སོགས་པ་བྱེད་པ་ནི་མཚམས་མེད་པ་ལ་སོགས་པའི་སྒྲར་བརྗོད་དོ། །དེ་ལྟ་བུའི་སྡིག་པ་ཆེན་པོ་བྱེད་པ་དག་ཀྱང་འགྲུབ་པར་འགྱུར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་ཆོས་དང་ལྡན་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་ལ་

འཕགས་པའི་ཡུལ་དང་རིགས་སུ་སྐྱེས་པ་འབའ་ཞིག་འགྲུབ་པར་མ་ཟད་ཀྱི། སྐྱེ་བ་དམན་པ་ལ་སོགས་པས་ཡང་འགྲུབ་པར་འགྱུར་རོ་ཞེས་བདག་མེད་པ་བསྒོམ་པའི་ནུས་པ་གསལ་བར་བསྟན་པ་ཡིན་ནོ། །སྙིང་ནས་སློབ་དཔོན་སྨོད་པ་དང་། །བསྒྲུབས་ཀྱང་འགྲུབ་པར་ཡང་མི་འགྱུར། །ཞེས་བྱ་

བ་ནི་སྒྲིབ་པ་འདི་ཤིན་ཏུ་ལྕི་བར་གསུངས་པ་ཡིན་ནོ། །སྲོག་གཅོད་པ་ཡི་སེམས་ཅན་གང་། །དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། །ཞེས་བྱ་བར་སྦྱར་ཏེ། གང་ཇི་སྲིད་དུ་སྤོང་བས་འཇིགས་ཤིང་སྐྲག་པ་རྣམས་ལ་དེས་རྣམ་པར་མ་བརྟགས་ན་དགའ་བའི་ཚིག་ཐོས་པས་གསུམ་ལ་སྐྱབས་སུ་འགྲོ་བ་དང་།

བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་ཀྱང་སྲོག་གཅོད་པ་ལ་སོགས་པ་ལ་ཞུགས་ན་ཡང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་འདིར་བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དོ་སྙམ་མོ། །དེ་བས་ན་འཇུག་པའི་རྒྱུར། སྲོག་གཅོད་པ་ཡི་སེམས་ཅན་གང་། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། རྩ་བའི་རྒྱུད་ལས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་བསླབ་པའི་ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་། དཀྱིལ་

འཁོར་འདིར་འཇུག་ཏུ་རུང་ངོ་ཞེས་གསུངས་པས་རྣམ་པ་ཐམས་ཅད་དུ་དགེ་བའི་ལས་ལ་འཇུག་པར་འགྱུར་བ་དག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དེ་བསྒོམ་པའི་བག་ཆགས་ཀྱི་ས་བོན་དང་ལྡན་པ་འབའ་ཞིག་ཏུ་ཡང་མ་ཟད་དོ། །འདི་ལ་གཞུག་པར་བྱ་བའི་རྒྱུར་

གནས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པའི་ཡང་དོན་གཞན་དུ་གྱུར་པ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ལ་འཇུག་པའི་མཆོག་ཏུ་བསྟན་ཏེ། དེ་ལ་ཡེ་ཤེས་ཀྱི་རྡོ་རྗེ་སེམས་ཅན་གྱི་ཁམས་མ་ལུས་པ་དངོས་པོ་མེད་པར་བྱེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པ་འདི་ནི་སྲོག་གཅོད་པ་ཞེས་བྱ་སྟེ།

เล่ม ๔๖ · หน้า 23a

ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་སྐྱེ་བ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་གསུངས་པའོ། །དངོས་པོ་ཐམས་ཅད་མེད་པར་སྟོན་པ་ནི་འདིར་བརྫུན་དུ་སྨྲ་བའོ། །སེམས་ཅན་གྱི་ཁམས་ཐམས་ཅད་སྐུ་

དང་གསུང་དང་ཐུགས་ཀྱི་རྡོ་རྗེ་བསྐྱེད་པར་བསྒོམས་པས་སེམས་ཅན་གྱི་ཁམས་མ་ལུས་པའི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་གསལ་བ་ནི་གཞན་གྱི་ནོར་ཕྲོགས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རིག་པའི་ལྷ་མོ་དང་མངོན་པར་

སྦྱོར་བ་སྒོམ་པ་ནི་རྟག་ཏུ་འདོད་པ་ལ་མངོན་པར་དགའ་བའོ། །དོན་འདི་ཉིད་ནི་ལེའུ་དགུ་པ་ལས། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། །འོད་འཕྲོ་མང་པོ་འབར་བ་དང་། །འོད་ཟེར་

སྣ་ལྔས་རབ་ཏུ་གང་། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །བསྒོམས་ནས་རྡོ་རྗེ་ཕྱེ་མར་རློག །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི། །རྡོ་རྗེས་ཕྱེར་བརླག་མེད་འགྱུར་བའི། །བསམ་གཏན་མཆོག་དེ་བསྒོམས་ན་ནི། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེ་གསང་བ་འདི་ལྟ་བུས། །

སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་རྣམས་སྐྱེ་བར་འགྱུར། །འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ནའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །

སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། །རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །རྡོ་རྗེ་གཟུགས་ནི་རབ་ཏུ་བརྟག །ནོར་རྣམས་ཐམས་ཅད་ཕྲོགས་ནས་སུ། །རྡོ་རྗེ་གསུང་དུ་རྣམ་བསྒོམས་ན། །ནོར་གྱི་རྒྱ་མཚོ་གང་བ་ཡང་། །ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །སངས་རྒྱས་ཀུན་གྱི་སྲས་

རྣམས་དང་། །ཐུབ་པ་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་བྱ་བ་སྟེ་འདི་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ནའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །དཔག་མེད་ཚེ་ནི་རབ་བསྒོམས་ཏེ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་སྦྱར། །

เล่ม ๔๖ · หน้า 23b

བུད་མེད་ལྟ་བུར་སྦྱོར་བ་ནི། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཐམས་ཅད་དེ་རུ་བསྒོམ་པར་བྱ། །ཞེས་བྱ་བ་འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་གོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་ཐོགས་མེད་རབ་བསྒོམས་ཏེ། །སངས་

རྒྱས་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་གཟུགས་སུ་རྣམ་བསྒོམས་ནས། །རྡོ་རྗེ་དམ་ཚིག་བརྫུན་སྨྲ་བས། །རྒྱལ་བ་ཀུན་གྱི་གནས་རྣམས་དང་། །རྒྱལ་བ་ཐམས་ཅད་བསླུ་བར་བྱ། །འདི་ནི་དམ་ཚིག་འགུགས་པ་ཡི། །རིགས་ཀྱི་དམ་ཚིག་ཡང་དག་པའོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །

ད་ནི་ཕྲ་མེན་མ་དང་འཆོལ་བའི་རྒྱུད་ལ་ཞུགས་པ་རྣམས་རྣམ་པར་སྦྱོང་བའི་ཕྱིར། བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤང་གཅིའི་ཟས་ཉིད་ཀྱི་བྱ་བ་བྱེད་པ་དེས་མངོན་པར་དགའ་བའི་དོན་གྱི་དངོས་གྲུབ་བསྐྱེད་པ་ག་ལ་ཡོད་པ་དེ་རྣམས་ཀྱི་དོན་དུ་འདི་སྐད་ཅེས་གསུངས་ཏེ། དེ་ཡང་

དེ་དག་ནི་ཟས་མ་ཡིན་པ་སྔགས་ཀྱིས་མངོན་པར་བསྔགས་ནས་ཟོས་ན་གྲུབ་པར་སྨྲ་བ་ལ། དེ་རྣམས་ལ་འདི་ལས་གསུངས་པའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བསྒོམས་ནས་བཤང་གཅི་མངོན་པར་བསྔགས་ཏེ། རབ་ཏུ་འབར་བ་ན་བཟའ་བར་བྱའོ་ཞེས་ངེས་

པར་སྦྱོར་བ་ལ་འཇུག་པའི་རྒྱུར་གྱུར་ཏེ། དེ་རབ་ཏུ་འབར་ནས་བླངས་པས་སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་པ་ལ་འཇུག་པར་འགྱུར་རོ། །ཁྱབ་འཇུག་གི་རྒྱུད་ལ་མངོན་པར་དགའ་བ་རྣམས་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར། མ་དང་སྲིང་མོ་བུ་མོ་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

དེ་དག་གི་ཡང་སྤོང་བ་ལ་མངོན་པར་མི་ཕྱོགས་པ་རྣམས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་སྔགས་ཟློས་པར་གནང་བས་བྱང་ཆུབ་ཆེན་པོའི་བག་ཆགས་སྐྱེད་པ་ལ་འཇུག་པས་རྒྱུད་ཉིད་དུ་འགྱུར་བས་ཕྱིས་འདི་ལ་འཇུག་པའི་རྒྱུར་གཞག་པ་ཡིན་ཏེ་མ་ནི་

སྤྱན་མ་ལ་སོགས་པའོ། །སྲིང་མོ་ནི་རྡོ་རྗེ་སྙེམས་མ་ལ་སོགས་པ་སྟེ། འདི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པའི་འོ། །དེ་བཞིན་གཤེགས་པའི་ཟློས་པ་པོ་ལ་ནི་དེ་ཉིད་བུ་མོ་སྟེ། དེ་རྣམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་བསྒོམས་པས་ཡང་དག་པར་སྦྱོར་བ་ནི་མཉེས་

เล่ม ๔๖ · หน้า 24a

པར་བྱ་བའོ། །དེ་ཉིད་ཀྱིས་ནི། འདོད་པ་བས་ནི་མཉེས་བྱས་ན། ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱིས། །དངོས་གྲུབ་རྒྱ་ཆེན་དེས་ཐོབ་བོ། །ཞེས་འཇུག་པར་བྱ་བའི་ཕྱིར་བསྟན་ཏེ། དེ་ཉིད་ཀྱི་ཕྱིར། སངས་རྒྱས་གཙོ་བོ་ཡུམ་དག་ལ། །རྣམ་པར་མི་རྟོག་བློ་ཅན་གྱིས། །མཉེས་

པར་བྱས་ཀྱང་མི་ཆགས་ཏེ། །ཞེས་བྱ་བ་གསུངས་ཏེ། དེ་ཡང་། །སྒྱུ་མ་ལྟ་བུར་བསྒོམ་པའི་ཕྱིར། །མཉེས་པར་བྱས་སུ་ཟིན་ཀྱང་སྔར་གསུངས་པའི་ཚུལ་གྱིས་རྣམ་པར་མི་རྟོག་པར་འགྱུར་རོ། །དེ་ནས་ནི་རྣལ་འབྱོར་པ་འཚང་རྒྱ་བར་འགྱུར་བའི་ཕྱིར། །རྣམ་པར་མི་རྟོག་བློ་ཅན་གྱིས། །དེ་ནས་

སངས་རྒྱས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ངོ་མཚར་དུ་གྱུར་ཞེས་བྱ་བ་ནི་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱིས་ཡང་དག་པར་སྦྱོར་བ་བསྒོམས་པས་ཀྱང་འཚང་རྒྱ་བར་འགྱུར་རོ་ཞེས་པས་སོ། །རྨད་དུ་གྱུར་པའི་ཞེས་བྱ་བ་ནི་གཞན་དག་ལས་སྔོན་མ་བྱུང་བའི་ཕྱིར་རོ། །ཅིའི་སླད་དུ་

ཞེས་པའི་སྒྲ་ནི་རབ་ཏུ་སྨད་པ་སྟེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་འདི་ལྟ་བུའི་ཚིག་ངན་པ་གསུངས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་གཙོ་བོའི་ཡུལ་ལ་འདོད་པ་སྤྱོད་པས་གྲུབ་པར་འགྱུར་རོ་ཞེས་བྱ་བའི་ཚིག་འདི་གསུངས་པ་ལ་དེ་ནི་མ་གསུང་ཤིག་ཅེས་བྱ་

བའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་བསམ་པ་དང་བག་ལ་ཉལ་བ་ཐམས་ཅད་མཁྱེན་པས་ཡོངས་སུ་སྨད་པར་འགྱུར་བ་དེ་ནི་མི་སྲིད་ན། ཅིའི་ཕྱིར་དེ་རྣམས་འདི་སྐད་གསུང་། དེ་ནི་བདེན་མོད་ཀྱི་འོན་ཀྱང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨོད་པའི་སེམས་སྐྱེ་

འང་ཞུ་བར་མི་ནུས་པ་རྣམས་ཀྱི་བསམ་པ་མཁྱེན་ནས་འདི་སྐད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རྣམས་ཐོང་དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་ལ་ཐོང་ཞེས་པའི་སྒྲ་ནི་མི་རིགས་པའི་དོན་ཏོ། །

དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་འདིས་ནི་དགག་པ་འགྲུབ་སྟེ། གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྤྱན་ལ་སོགས་པ་དང་སྦྱོར་བ་བསྒོམས་པས་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་རིགས་པའི་ཚུལ་ཡིན་ནོ། །ཅིའི་ཕྱིར་འདི་རིགས་པ་ཡིན་ཞེ་ན། །ཡེ་ཤེས་སྙིང་པོ་ཅན་རྣམས་

เล่ม ๔๖ · หน้า 24b

ཀྱི། །སངས་རྒྱས་ཀུན་གྱི་ཆོས་ཉིད་འདི། །ཞེས་བྱ་བ་གསུངས་ཏེ། གང་སྤྱན་མ་ལ་སོགས་པ་དང་ཡང་དག་པར་སྦྱོར་བས་ཉེ་བར་མཚོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཆོས་ཉིད་ཀྱི་རྒྱུས་འཚང་རྒྱ་བའི་རྒྱུ་ཡིན་ཏེ། གཉིས་སུ་མེད་པའི་དེ་བཞིན་ཉིད་དང་རོ་གཅིག་པའི་ཡེ་ཤེས་དང་

ལྡན་པའི་སྙིང་པོའི་ཡེ་ཤེས་ཅན་ནོ། །འདི་ཞེས་བྱ་བ་ནི་བློ་ལ་གཞག་པ་གསུངས་པའོ། །ཅིའི་ཕྱིར་དེ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན་ཞེ་ན། སྙིང་པོ་ཆོས་ཀྱི་དོན་ལས་བྱུང་། །ཞེས་བྱ་བ་གསུངས་པ་ཡིན་ཏེ། སྙིང་པོ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ན་སྙིང་པོ་ཆོས་ཏེ་ཆོས་ཀྱི་དབྱིངས་ཐོག་མ་

དང་ཐ་མ་མེད་པའོ། །དེ་ཉིད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དོན་ཡིན་པས་ན་ཆོས་ཀྱི་དོན་ཏོ། །དེ་ལས་བྱུང་བ་ནི་སྐྱེ་བ་སྟེ། གང་འདི་སྤྱན་ལ་སོགས་པ་དང་སྦྱར་བའི་ཚུལ་གྱིས་འཚང་རྒྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་གྱུར་པས་ཆོས་ཀྱི་དབྱིངས་སྟོན་པ་ཡིན་ནོ། །དེ་ནས་དེ་རྣམ་པར་

བསྒོམ་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟར་དངོས་པོར་འཛིན་པ་ལ་མངོན་པར་ཞེན་པ་སྤངས་པ་ལས་འཚང་རྒྱ་བ་ཉིད་དུ་འགྱུར་རོ། །དེ་བས་ན། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཞེས་གསུངས་ཏེ། བསྒོམ་པ་འདི་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ཉིད་རྟེན་དུ་གྱུར་པས་ན་གནས་ཞེས་བྱའོ། །བྱང་

ཆུབ་སེམས་དཔའ་རྣམས་འཇིགས་པ་ནི་བསྟན་པ་འདིས་ཆོས་དང་གང་ཟག་གི་ངོ་བོ་མེད་པར་ཐོས་པས་དེས་སྐྲག་ཅིང་བརྒྱལ་བར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། ས་ཆེན་པོ་ལ་ཞུགས་པ་རྣམས་སྐྲག་པར་འགྱུར། སྐྲག་པའི་སེམས་ནི་ཆོས་དང་གང་ཟག་ཏུ་འཛིན་པར་གྱུར་པ་རྣམས་ལ་འབྱུང་བས་ན་ས་

ཆེན་པོ་ལ་ཞུགས་པ་རྣམས་ལ་མི་སྲིད་ཀྱི་ཞེ་ན། འདིར་སོ་སོའི་སྐྱེ་བོ་ཉིད་ལ་བྱང་ཆུབ་སེམས་དཔའ་འདོད་པས་ཉེས་པ་མེད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བསླང་བར་གསོལ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མཐུས་ཆོས་བདག་མེད་པ་འདི་རྟོགས་པ་བསྐྱེད་པས་

འཇིགས་པ་བསལ་ཏེ་བསླང་བར་གསོལ་བའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་གསན་ནས་བསླང་བར་བྱ་བའི་ཕྱིར་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་སྟེ། ནམ་མཁའ་ལྟར་མཉམ་པས་ནམ་

เล่ม ๔๖ · หน้า 25a

མཁའ་དང་མཉམ་པ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ། ནམ་མཁའ་དང་མཉམ་པ་ཉིད་ནི་གཉིས་སུ་མེད་པ་སྟེ། དེ་ལ་དམིགས་པས་ན་མིང་དེ་སྐད་ཅེས་བྱ་སྟེ། ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་

སྙོམས་པར་ཞུགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །དེ་ནས་རང་རང་གི་སྟན་ལ་གནས་པར་གྱུར་ཏོ་ཞེས་བྱ་བ་ནི། དེ་དག་ལ་བཅོམ་ལྡན་འདས་ཀྱི་འོད་ཀྱིས་རེག་པས་བདག་མེད་པར་རྟོགས་ཏེ། བདག་ཏུ་འཛིན་པ་དང་བྲལ་བས་ནི་དེ་ཐམས་ཅད་འཇིགས་ཤིང་སྐྲག་པ་དང་བྲལ་བས་སོ། །

ངོ་མཚར་དུ་གྱུར་པ་ནི་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་མཐུས་འགྲོ་བའི་དོན་མཐོང་བས་སོ། །ཨེ་མའོ་ཆོས། ཨེ་མའོ་ཆོས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་མཐུ་ལ་ཤིན་ཏུ་ཡང་ངོ་མཚར་སྐྱེས་ནས་སྨྲས་པའོ། །ཨེ་མའོ་ཆོས་ཀྱི་དོན་བྱུང་བ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་

ཉིད་ཀྱི་མཐུས་ངོ་མཚར་གྱི་རང་བཞིན་གྱི་དོན་དུ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པའི་ངོ་བོ་སྟེ་དེ་བྱུང་བ་ནི་སྐྱེས་པའོ། །ཆོས་དོན་དག་པ་ཞེས་པ་ལ་ཕུང་པོ་ལ་སོགས་པ་ནི་ཆོས་སོ། །དག་པའི་དོན་ནི་ངོ་བོ་ཉིད་ཀྱིས་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་བདག་མེད་པ་

སྟེ། བདག་མེད་པའི་རྡོ་རྗེ་དེ་ཉིད་ཀྱིས་རིགས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་ཅིང་བདུད་ཐམས་ཅད་ཟིལ་གྱིས་གནོན་པས་ན་རྡོ་རྗེ་རྒྱལ་པོ་ཞེས་བྱ་སྟེ། འདིས་ནི་མི་བསྐྱོད་པའི་ངོ་བོར་གསུངས་པའོ། །སྐུ་དང་གསུང་ཐུགས་རབ་ཏུ་དག །ཅེས་བྱ་བ་ནི་སྐུ་གསུང་ཐུགས་རྣམ་པར་དག་པ་གང་ཡིན་པ་དེ་

ལ་དེ་སྐད་ཅེས་བྱའོ། །ནམ་མཁའ་དང་ནི་མཉམ་པ་ཉིད། །ཅེས་བྱ་བ་ནི་དེ་བཞིན་ཉིད་དེ། དེ་ཉིད་གནས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་རྟོག་པ་ཐམས་ཅད་མེད་པས་ན་རྣམ་པར་མི་འགྱུར་བའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་སྣང་བ་མེད་པའོ། །རྡོ་རྗེའི་སྐུ་ལ་

ཕྱག་འཚལ་འདུད། །ཅེས་བྱ་བ་ནི་སྐུ་རྡོ་རྗེའི་ངོ་བོ་ཉིད་དུ་གསུངས་པའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ནི་དུས་གསུམ་པོ་དེ་ཉིད་ལམ་སྟེ། དེ་ལ་འཇུག་པའི་ངང་ཚུལ་གང་ཡིན་པ་དེ་ནི། དུས་གསུམ་དག་གི་ལམ་དུ་འབྱུང་། །ཞེས་བྱ་སྟེ་དེ་བཞིན་གཤེགས་པའོ། །དེའི་ཐུགས་ནི་རྡོ་རྗེ་

เล่ม ๔๖ · หน้า 25b

འཆང་ཆེན་པོའོ། །དབྱིངས་གྱུར་པ་ཞེས་པའང་དེ་ཉིད་ཀྱི་རིགས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཉིད་ལ་སྐྱེ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་ངོ་བོར་གྱུར་པའི་ཕྱིར་རོ། །ནམ་མཁའ་ལྟར་ཐམས་ཅད་དུ་སོང་བས་ན་ནམ་མཁའ་ཆེན་པོའོ། །ནམ་མཁའ་ལྟར་དུས་གསུམ་

མེད་པའི་ངོ་བོར་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའི་ལམ་སྟེ། འདིས་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དུ་གསུངས་པའོ། །ནམ་མཁའི་སྐུ་ཞེས་བྱ་བ་ནི་ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ནམ་མཁའ་ལས་ཀྱང་བྱུང་བ་ནི་སྐྱེས་པ་སྟེ། འདིས་ནི་ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་ངོ་བོར་

གསུངས་པའོ། །ནམ་མཁའི་གསུང་གི་ལམ་སྟོན་པ། །ཞེས་བྱ་བ་ནི་ཚིག་དང་ཚིག་མ་ཡིན་པའི་སྒྲ་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ། འདིས་ནི་འདོད་ཆགས་ཀྱི་རིགས་ཀྱི་ངོ་བོར་གསུངས་པའོ། །ནམ་མཁའི་ཐུགས་ནི་ཆོས་ཀྱི་མཆོག །ཅེས་བྱ་བ་ནི་སེམས་ནམ་མཁའ་ལྟར་རང་བཞིན་གྱིས་

འོད་གསལ་བའི་རྣམ་པར་ཐར་པའི་ངོ་བོར་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའི་ཐུགས་ཏེ། དེ་ཉིད་ཆོས་ཀྱི་མཆོག་སྟེ་དམ་པ་དེ་ལ་སྤྱོད་ཅིང་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་དམ་ཚིག་གི་རིགས་ཀྱི་ངོ་བོར་གསུངས་པའོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་འཇིག་རྟེན་པ་དང་

འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་རྫོགས་པར་བྱེད་པའི་སྤྱོད་པ་ནི་ཀུན་དུ་སྤྱོད་པའོ། །དེ་ཉིད་ཕུལ་དུ་བྱུང་བའི་མཆོག་སྟེ་དེ་གང་དུ་གསུངས་པ་དེ་ནི་སྤྱོད་པ་ཐམས་ཅད་ཀྱི་མཆོག་གི་ལེའུ་ཞེས་བྱའོ། །ལེའུ་ལྔ་པའི་བཤད་པའོ།། །།བསྒོམ་པའམ་བཟླས་པ་བྱེད་པར་

འདོད་པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དང་རྗེས་སུ་མཉེས་པའི་མཆོད་པ་བྱ་དགོས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ལེའུ་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ལ་

སྐུ་ཞེས་བྱ་བ་ལ་སྐུ་རྡོ་རྗེའི་ངོ་བོ་ནི་སྐུའི་གསང་བའོ། །གསུང་རྡོ་རྗེའི་ངོ་བོ་ནི་གསུང་གི་གསང་བའོ། །ཐུགས་རྡོ་རྗེའི་ངོ་བོ་ནི་ཐུགས་ཀྱི་གསང་བ་སྟེ། གང་སྐུ་མདོག་དང་དབྱིབས་དང་ཕྱག་མཚན་དང་ཕྱག་རྒྱ་ལ་སོགས་པ་རྣམ་པ་རྒྱ་ཆེ་བ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པ་གང་ཡིན་པ་འདི་ནི་

เล่ม ๔๖ · หน้า 26a

སྐུའི་གསང་བར་ཤེས་པར་བྱའོ། །ཐུགས་ཀའི་ཟླ་བ་ལ་རྡོ་རྗེ་བསྒོམ་པ་ནི་ཐུགས་ཀྱི་གསང་བའོ། །ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རྣམ་པར་བསམ་ཞིང་སྔགས་ཀྱི་ཡི་གེ་བརྗོད་ལ་དེའི་དོན་ལ་ལྷག་པར་མོས་པ་ནི་གསུང་གི་གསང་བའོ་ཞེས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་

པོས་གསུངས་པས་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །རྣམ་པར་རྒྱལ་བའི་གནས་རྡོ་རྗེ། །ཞེས་བྱ་བ་ནི་སྐུ་ལ་སྐུའི་ངོ་བོ་ཉིད་དང་

བྲལ་བར་རྟོགས་པ་ནི་རྣམ་པར་རྒྱལ་བའི་གནས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། རྣམ་པར་རྒྱལ་བའི་གནས་རྡོ་རྗེ། །ཞེས་བྱའོ། །མཉམ་པ་ཉིད་མི་གཉིས་པ་རྡོ་རྗེ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་བྱ་བ་འདི་ནི་མཉམ་པ་ཉིད་དེ། དེ་ཉིད་ནི་མི་གཉིས་པ་

སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཉམ་པ་ཉིད་མི་གཉིས་པ་རྡོ་རྗེ་ཞེས་བྱའོ། །རྡོ་རྗེ་གསུམ་པོ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་སྐུ་ལ་སོགས་པ་སྟེ་བསྒྲུབ་པར་བྱའོ་ཞེས་སྦྱར་རོ། །གནས་ནི་གཞིའོ། །གནས་ཀྱི་རྣམ་པར་བསྒོམ་ཞེས་པ་ནི་སྐུ་ལ་སོགས་པ་བསྒོམ་པའི་ངོ་བོའོ། །

སྔགས་ཀྱི་མཚན་གྱིས་ཤིན་དུ་མཚན་བྱས་ལ། །ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོའོ། །འདི་ཡིས་ཞེས་བྱ་བ་ནི་སྨྲས་མ་ཐག་པའི་སྔགས་གསུམ་པོས་སོ། །བསྒྲུབ་པ་ཉིད་དུ་བྱ་ཞེས་པ་ནི་བརྟན་པར་བྱའོ། །སྒྲོན་མ་རྡོ་རྗེ་ཞེས་བྱ་བ་ནི་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཙམ་གྱི་རིན་པོ་ཆེ་བསྒོམས་པས་

ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་ནི་སྒྲོན་མ་སྟེ་དེ་ལ་དམིགས་པས་ན་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱའོ། །རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ་ནི་གདོན་མི་ཟ་བ་ནི་དོན་ཡོད་པ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་ལ་སོགས་པ་རང་རང་གི་རྣམ་པར་ཐར་པ་སྐྱེད་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་གདོན་

མི་ཟ་བ་ཞེས་བྱའོ། །རྟག་པར་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སྔགས་འདིས་བྱིན་གྱིས་བརླབས་པས་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་བསྒོམས་ཏེ་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་

เล่ม ๔๖ · หน้า 26b

པར་བྱའོ། །དེ་བཞིན་དུ་ཡིད་ཀྱིས་བདུད་རྩི་ལྔ་རྣམས་ཀྱང་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་བསྒོམས་ལ་མཆོད་དེ། སྔགས་ལ་དམིགས་པའི་ལུས་ཀྱིས་བསྒྲུབ་པར་བྱ། །ཞེས་བྱ་བར་སྦྱར་ཏེ། །ལུས་ལ་ལུས་མེད་པར་བསྒོམ་པ་ནི་སྔགས་ལ་དམིགས་པ་སྟེ། དེའི་ལུས་ནི་སྔགས་ལ་

དམིགས་པའི་ལུས་སོ། །དེས་ངག་སྟེ་སྔགས་ཟློས་པ་ལ་སྦྱོར་བ་དང་། ཡིད་ཀྱིས་བློ་ལ་བཞག་ཅིང་རྣམ་པར་སྣང་མཛད་བསྐུལ་ནས་བསྒྲུབ་པར་བྱ་ཞེས་བྱ་བ་ནི་སྔགས་པས་མངོན་པར་འདོད་པའི་དངོས་གྲུབ་རྫོགས་པར་བྱའོ། །སེམས་ལ་དམིགས་པ་བདག་མེད་པར་བསྒྲུབ་པར་བྱ་ཞེས་

བྱ་བར་སྦྱར་ཏེ། སེམས་ལ་སེམས་མེད་པར་བསྒོམ་པ་ནི་སེམས་དང་དམིགས་པ་སྟེ། དེ་ཉིད་བདག་མེད་པའོ། །ངག་དང་ལུས་ཀྱང་རྣམ་པར་བསྒོམ། །ཞེས་བྱ་བ་ནི་ངག་ལ་ངག་མེད་པར་བསྒོམ་པ་དང་ལུས་ལ་ལུས་མེད་པར་བསྒོམ་པར་བསྒྲུབ་པར་བྱའོ། །ཅི་ཞིག་བསྒྲུབ་པར་བྱ་ཞེ་ན།

སྦྱོར་བ་རྣམ་གསུམ་ཞེས་བྱ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་ཀྱི་ངོ་བོའོ། །གང་ལ་གནས་ནས་ཤེ་ན། ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་པ་སྟེ། ནམ་མཁའ་དང་མཉམ་པ་ནི་དེ་བཞིན་ཉིད་དོ། །དེ་ཉིད་ནི་སྦྱོར་བ་གསུམ་པོ་གང་ཡིན་པ་དེ་ནི་གནས་ཡིན་པས་

ན། ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་བྱ་སྟེ། དེ་དེ་ལྟ་བུར་བསྒྲུབ་པར་བྱའོ། །སྨྲས་མ་ཐག་པའི་དོན་དེ་ཉིད་རྣམ་པར་དབྱེ་བ་ནི། ལུས་དང་ངག་དང་སེམས་དམིགས་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཅེས་བྱ་བ་ཡིན་ཏེ། ལུས་དང་ངག་དང་ཡིད་ལ་དངོས་པོ་མེད་པའི་ངོ་

བོ་ཉིད་དུ་རྣམ་པར་དཔྱད་པ་ནི་དངོས་པོ་སྟེ། དེས་དམིགས་ན་དེ་རྣམས་ཀྱི་ངོ་བོ་ཉིད་ནི་དམིགས་སུ་མེད་དོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་སྔགས་ཀྱི་ལུས་ཏེ། དེ་དག་གི་སྔགས་ཀྱི་ལུས་སུ་སྦྱོར་བ་ཞེས་བྱ་བ་སྟེ། ལུས་ལ་སོགས་པར་ཇི་སྐད་གསུངས་པར་བསྒོམ་པའོ། །ཚུལ་འདི་

ལྟ་བུར་སྦྱོར་བ་འདིས་ནི་བྱང་ཆུབ་མེད་ཅིང་བསྒོམ་པའང་མེད་པའི་ཕྱིར་རོ། །དམིགས་སུ་མེད་པས་ན་བྱང་ཆུབ་པ་མེད་ཅིང་བསྒོམ་པས་ཀྱང་ཉེ་བར་དམིགས་སུ་མེད་དོ། །དེ་བས་ན། བྱང་ཆུབ་མེད་ཅིང་བསྒོམ་པའང་མེད། །ཅེས་གསུངས་སོ། །དེ་ལྟར་ལུས་དང་ངག་དང་ཡིད་ཀྱི་

เล่ม ๔๖ · หน้า 27a

ངོ་བོ་ཉིད་རྣམ་པར་དཔྱད་ནས། །བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ། །ཞེས་བྱ་བ་སྟེ། །སྤྱན་གྱི་ཚུལ་དུ་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་བསྒོམ་པར་བྱ་སྟེ། །སྤྱན་ལྟ་བུ་ལ་སོགས་པར་ཡང་དག་པར་སྦྱོར་བའི་མཚན་མ་ཙམ་ཉེ་བར་བཟུང་བ་

སྟེ། དེ་ཉེ་བར་བཟུང་ལ་དེའི་དངོས་པོའི་ངོ་བོ་ཉིད་རྣམ་པར་བརྟགས་ན་རྡུལ་ཕྲ་མོ་ཙམ་གྱི་ཆོས་རྣམས་ཀྱང་དམིགས་སུ་མེད་དོ། །དེས་ན་བྱང་ཆུབ་ལ་སྦྱོར་བ། །ཞེས་བྱའོ། །སྔགས་ཀྱིས་བརྟགས་པ་ཞེས་བྱ་བ་ནི་སྔགས་ཀྱི་སྒོ་ནས་སོ། །བྱང་ཆུབ་ལ་སྦྱོར་བ་བསྒོམ་པ་ན་རྣམ་པར་

རྟོག་པ་ལ་སྤྱོད་པ་རྣམས་ཀྱིས་སྔོན་གྱི་དུས་སུ་བྱ་བ་གསུངས་པ་ནི། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་བྱ་བ་ལ་སོགས་པ་སྟེ། སྤྲོ་བ་དང་བསྡུ་བ་ནི་སྔར་བཤད་པ་བཞིན་དུ་བལྟ་བར་བྱའོ། །སངས་རྒྱས་ཞེས་བྱ་བ་ནི་འདིར་རྣམ་པར་སྣང་མཛད་ལ་བྱ་སྟེ། ཡི་གེ་ཧཱུཾ་ལས་ཉི་མའི་དཀྱིལ་

འཁོར་བསྐྱེད་ལ་དེའི་སྟེང་དུ་དེ་ཉིད་ལས་དཔལ་རྡོ་རྗེ་སེམས་དཔའ་བསྐྱེད་ལ་དེའི་ཐུགས་ཀའི་ཟླ་བར་ཧཱུཾ་ལས་རྡོ་རྗེ་རྩེ་དགུ་པ་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་བསྒོམ་པར་བྱ་སྟེ། སངས་རྒྱས་ནི་འདིར་རྡོ་རྗེ་འཛིན་པའོ་ཞེས་གསུངས་པས་འདིར་ཡང་རྡོ་རྗེ་འཆང་ཆེན་པོ་ནི་སངས་རྒྱས་སོ། །ནམ་མཁའི་

དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་པདྨ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ནས་དེའི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བ་དང་པདྨ་

ལ་འདུག་པའི་སྔགས་པས་སྤྱན་དང་ལྷན་ཅིག་ཏུ་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ། །རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུའི་དཀྱིལ་འཁོར་རོ། །དང་པོར་སྦྱོར་བ་ནན་ཏན་གྱིས། །ཞེས་བྱ་བ་ནི་སྣའི་རྩེ་མོ་ལ་རྡོ་རྗེ་ཕྲ་མོ་དང་རིན་པོ་ཆེ་ལ་སོགས་པ་ཟླ་

བ་གསུམ་དུ་བསྒོམས་པས་སེམས་བརྟན་པར་བྱས་པ་ནི་དང་པོའི་སྦྱོར་བའོ། །དེ་ལྟར་དང་པོ་སྦྱོར་བ་རྣམ་པར་བསྒོམས་ནས་རྣལ་འབྱོར་ཐམས་ཅད་བསྒོམ་པར་བྱའོ་ཞེས་གཉིས་སུ་མེད་པར་མཉམ་པ་རྣམ་པར་རྒྱལ་བ་ལས་གསུངས་པས་ན་དེ་ནི་དང་པོའི་སྦྱོར་བའོ། །ནན་ཏན་གྱིས་

เล่ม ๔๖ · หน้า 27b

ཞེས་བྱ་བ་ནི་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་སོ། །དེ་ཡི་སྟེང་དུ་ཡོངས་སུ་བསྒོམ། །ཞེས་པ་ནི་རིན་པོ་ཆེའི་དཀྱིལ་འཁོར་ཏེ་དེའི་སྟེང་དུ་རྡོ་རྗེ་པདྨའི་གདན། དེར་ཡང་ཉི་མའི་དཀྱིལ་འཁོར་རོ། །དེར་ཡང་རིན་ཆེན་འབྱུང་ལྡན་གྱི་སྐུར་རྣམ་པར་བསམས་ལ་རིན་

ཆེན་འབྱུང་ལྡན་གྱི་སྦྱོར་བ་བསྒོམ་པར་བྱའོ། །འོད་ཀྱི་དཀྱིལ་འཁོར་ནི་ཉི་མའི་དཀྱིལ་འཁོར་ཏེ། དེ་ལ་གནས་པའི་མི་བསྐྱོད་པའི་རྣལ་འབྱོར་པས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་པོ་སྤྲོ་ཞིང་སྤྲུལ་ནས་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་ལ་

དགོད་དོ། །དེ་ལ་གནས་ནས་ཅི་ཞིག་བྱ་ཞེ་ན་གསུངས་པ། སྣ་ཡི་རྩེ་མོར་རྣམ་པར་བསམ། །ཞེས་པ་སྟེ། ཇི་སྐད་དུ་བཤད་པའི་རྡོ་རྗེའོ། །སྤྲོ་བ་དང་བསྡུ་བ་དག་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །འོད་དཔག་མེད་ཀྱི་སྦྱོར་བས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་ཇི་སྐད་གསུངས་པའི་

པདྨ་རྣམ་པར་བསྒོམ་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ནི་འཁོར་ལོའོ། །རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་ནི་རིན་པོ་ཆེའོ། །དོན་ཡོད་གྲུབ་པའི་སྦྱོར་བས་ནི་རལ་གྲིའོ། །རྡོ་རྗེ་འཆང་ཆེན་པོའི་སྦྱོར་བས་ནི་རྡོ་རྗེ་རྩེ་དགུ་པ་བསྒོམ་པར་བྱ་སྟེ། དེའི་ཕྱིར་འཁོར་ལོ་ལ་

སོགས་པ་ཁྱད་པར་དུ་བསྒོམ་པ་དེར་ནི་བསྟན་པར་བྱ། ཞེས་གསུངས་སོ། །དེ་ལྟ་བུ་དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར། བྱང་ཆུབ་གནས་འགྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་གོ་འཕང་ནི་བྱང་ཆུབ་ཀྱི་གནས་ཏེ་གཞིར་གྱུར་པས་སོ། །རྡོ་རྗེ་ཕྲ་མོ་ལ་སོགས་པ་

བསྒོམས་པས་འགྲུབ་པར་འགྱུར་ཏེ། དེ་གྲུབ་ན་བྱང་ཆུབ་ལ་གནས་པ་སྟེ། དེ་ལ་གནས་ནི་བྱང་ཆུབ་ཐོབ་པར་འགྱུར་བའོ། །དེ་ཡང་། དེང་ནས་བརྩམས་ཏེ་གང་ཅི་འང་རུང་། །མཉམ་པར་བཞག་ནས་བསྒོམས་ན་ནི། །ཏིང་འཛིན་ཡེ་ཤེས་ཀྱིས་བརྟགས་པ། །དེ་དག་ཐམས་ཅད་

བརྟན་པར་འགྱུར། །ཞེས་གསུངས་སོ། །སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །དེ་རུ་འདོད་ན་སྤྲོ་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམ་པ་ལ་རྣལ་འབྱོར་པས་གནས་པར་བྱ་ཞིང་སངས་རྒྱས་ཀྱི་སྤྲུལ་པ་སྤྲོ་བར་བྱའོ། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡི། །ཆོས་

เล่ม ๔๖ · หน้า 28a

ཀྱི་ཚིག་རྣམས་རབ་ཏུ་བརྗོད། །ཅེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་སྟོན་པར་བྱེད་པའི་སྔགས་ནི་ཆོས་ཀྱི་ཚིག་གོ། །དེ་ཉིད་ནི། །སྐུ་གསུང་ཐུགས་ཀྱིས་མཚན་པ་སྟེ། །ཞེས་བྱའོ། །སྐུ་རྡོ་རྗེ་ལ་སོགས་པས་སྐུ་གསུང་ཐུགས་མཚན་པ་གང་ཡིན་པ་དེ་ནི་སྐུ་

གསུང་ཐུགས་ཀྱིས་མཚན་པའི་གནས་ཏེ། དེ་ལྟ་བུའི་སྐུ་དང་གསུང་དང་། ཐུགས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་གྱུར་པས་སོ། །དེ་ལྟར་རྡོ་རྗེ་ཕྲ་མོ་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པའི་སྔགས་པས་སངས་རྒྱས་ཀྱི་སྤྲུལ་པ་ཉིན་རེ་ཞིང་ཐུན་བཞིར་བྱས་ནས་ཟླ་བ་དྲུག་གི་བར་དུ་གསང་བ་

དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གཟུགས་དང་སྒྲ་དང་རོར་ལྡན་པར། །ཞེས་བྱ་བ་ནི་ཡིད་དང་ཕྱི་རོལ་གཉིས་ཀ་དང་ལྡན་པའོ། །ཤེས་རབ་ཆེན་པོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཡང་དག་གསང་བའི་མཆོད་ཆེན་གྱིས། །ཞེས་བྱ་བ་ནི་ལྷའི་

བུ་མོ་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་སྟེ། །ཇི་སྐད་གསུངས་པའི་ཚུལ་གྱིས་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་པས་སོ། །འདི་དག་ནི་ཡུལ་གྱིས་སྐྲག་པར་སྨྲ་བ་དག་གི་ཕྱིར་གསུངས་ཏེ། མངོན་པར་ཤེས་པ་ཐོབ་པ་ལ་ནི་འདོད་ཆགས་ཀྱི་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་རོ། །ལེགས་པར་

མཆོད་ཅེས་བྱ་བ་ནི་སྐུ་གསུང་ཐུགས་རྡོ་རྗེར་བསྒོམས་པས་རབ་ཏུ་འབར་བའི་བདུད་རྩི་ལྔ་དང་གཟུགས་ལ་སོགས་པ་རྣམས་ཀྱིས་ཏེ། རབ་ཏུ་མི་འབར་བ་ནི་མཆོད་པ་ཡང་མི་བྱ་ལ་མི་འབར་བ་ནི་བཟའ་བར་ཡང་མི་བྱའོ། །དེ་ལྟ་བུ་དེས་དེ་ལ་མངོན་པར་ཞུགས་པ་རྣམས་ལ་ཡང་ཡིད་ཆེས་པར་མི་

འགྱུར་ལ་སྐུ་གསུང་ཐུགས་ཁྱད་པར་ཅན་སྐྱེ་བར་འགྱུར་བ་མེད་པའི་ཕྱིར་སྔགས་ཀྱི་བྱིན་རླབས་དང་བསྒོམ་པ་རྣམས་རབ་ཏུ་སྤོང་བར་འགྱུར་རོ། །འདི་ཉིད་ཀྱི་འོག་ནས་ཀྱང་རབ་ཏུ་སྦར་ཞེས་འབྱུང་བས་ཡིད་གཉིས་སུ་མི་བྱའོ། །དེ་ལ་མངོན་པར་ཞུགས་པ་རྣམས་ལ་སློབ་དཔོན་གྱིས་ཀྱང་འབར་

བ་སྦྱིན་པར་བྱའོ། །དངོས་གྲུབ་འབྲས་བུ་འདོད་པ་ཡིས། །ཞེས་བྱ་བ་ལ་དངོས་གྲུབ་ཀྱི་འབྲས་བུ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་སྤྲུལ་པ་དང་ཆོ་འཕྲུལ་གྱི་ཡེ་ཤེས་ཏེ་འདོད་པ་ལ་སྦྱིན་པར་བྱའོ། །དེ་ལྟར་གྲུབ་པའི་རྫས་ཟོས་པའི་ནུས་པ་གསུངས་པ་དེ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด