དཔལ་གསང་བ་འདུས་པའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མཱ་ཛ་པཉྩི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๖ · หน้า 28b
སེམས་ནི་རྙོག་མེད་པ། །ཡང་དག་བླ་མེད་གྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་བལྟ་བར་བྱའོ། །གོ་འཕང་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་ནི་གོ་འཕང་ངོ་། །དེ་དག་གི་ལས་ནི་བྱང་ཆུབ་ཆེན་པོའི་
སེམས་བསྒྲུབ་པ་ལ་སོགས་པར་གསུངས་པ་སྟེ། དེ་ལས་གཞན་པའི་དངོས་གྲུབ་ཐམས་ཅད་ཀྱང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལུས་ངག་སེམས་ལས་འདའ་བའོ། །ཞེས་བྱ་བ་ནི་འཁོར་བ་པའི་ལུས་དང་ཡིད་སྤངས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་
སྐྱེད་ནུས་པ་ནི་བྱིན་གྱིས་བརླབས་པ་སྟེ། དེ་སྟོན་པའི་སྒྲའི་ཚོགས་ནི་ལེའུ་ཞེས་བྱའོ། །སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་སྟེ། ལེའུ་དྲུག་པའི་བཤད་པའོ།། །།རྫོགས་པའི་སངས་རྒྱས་ལ་སོགས་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སྟོང་པ་ཉིད་དང་། མཚན་མ་
མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོར་རྨི་ལམ་ལྟ་བུ་ལ་སོགས་པ་བསྒོམས་ན་ངེས་པར་འགྲུབ་པར་འགྱུར་བས་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་སྦྱོར་བ་རྣམས་བསྒོམ་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་སྤྱོད་པའི་
མཆོག་གི་ལེའུ་གསུངས་སོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འདི་གསུངས་སོ་ཞེས་བྱ་བར་སྦྱར་ཏེ། དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པས་ན་ཐམས་ཅད་དུ་འགྲོ་བའོ། །དེའི་དེ་ཁོ་ན་ཉིད་ནི་ཟག་པ་མེད་པའི་རྒྱུན་དང་ལྡན་པའི་
བདེ་བ་དང་ཡིད་བདེ་བ་ཅན་གྱི་ཀུན་དུ་བཟང་པོའི་ངོ་བོ་ཉིད་དེ། དེ་ཡང་། རབ་དགའ་ཀུན་དུ་བཟང་པོ་ནི། །དམ་ཚིག་ཆེན་པོའི་དེ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བསྒོམ་པ་ནི་སྔགས་སྤྱོད་པའི་མཆོག་སྟེ། ཕུལ་དུ་བྱུང་བའི་རྫོགས་པར་བྱང་
ཆུབ་གང་ཡིན་པ་དེ་ནི་སྔགས་སྤྱོད་པའི་མཆོག་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་པ་ནི་བཀའ་སྩལ་པའོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །སངས་རྒྱས་མྱུར་དུ་འཐོབ་པར་འགྱུར། །ཞེས་བྱ་བར་སྦྱར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པའི་
เล่ม ๔๖ · หน้า 29a
ངོ་བོ་བཅོམ་ལྡན་འདས་ནི་གདུལ་བྱ་རྣམས་ཀྱིས་ཆགས་ཤིང་འདོད་པར་བྱ་བ་ཡིན་པས་ན། འདོད་པ་ཞེས་བྱ་སྟེ་འདོད་པ་ནི་བཅོམ་ལྡན་འདས་དམ་ཚིག་སེམས་དཔའོ། །ཞེས་གསུངས་པ་དང་། ཡང་འདོད་པ་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་འདོད་པ་ཡིད་འོང་
བ། །ཞེས་གསུངས་པས་སོ། །འདོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་འདོད་པ་ཐམས་ཅད་དེ་འདོད་པ་དེའི་ལོངས་སྤྱོད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ་དེ་དག་ནི་འདོད་པའི་ལོངས་སྤྱོད་ཐམས་ཅད་དོ། །འོང་ཞེས་བྱ་བའི་སྒྲ་ནི་ངེས་པའོ། །ཇི་ལྟར་འདོད་པའི་བྱ་བ་
ནི་རྣལ་འབྱོར་པ་གང་གི་ལྷ་གང་གི་རྣམ་པར་ཐར་པའི་སྒོའི་མངོན་པར་འདོད་པ་འདི་ནི་འདོད་པའོ། །བསྟེན་པ་ནི་དེ་དག་ཉིད་རྣམ་པར་སྒོམ་པར་བྱེད་པའོ། །འདི་སྐད་སྟོན་ཏེ་རང་གི་སྔགས་ཀྱི་རང་གི་ལྷའི་སྦྱོར་བ་བསྐྱེད་ལ། ཕུང་པོ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་བྱ་བ་ལ་
སོགས་པ་བསྒོམ་པ་ནི་འདོད་པའི་ལོངས་སྤྱོད་ཐམས་ཅད་ཅེས་བྱ་སྟེ། དེ་བས་ན། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཞེས་བྱ་བ་ལ་སོགས་པ་འདི་དག་ཉིད་ལ་འདོད་པའི་ལོངས་སྤྱོད་ཐམས་ཅད་གཙོ་བོའི་ཡན་ལག་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །སངས་
རྒྱས་མྱུར་དུ་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་ནི་བསམ་གཏན་དང་རྗེས་སུ་མཐུན་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱི་དབང་དུ་མཛད་ནས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པ་བསྟེན་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གཟུགས་ལ་སོགས་པའི་ཡུལ་རྣམས་ལ། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དང་རང་གི་ལྷའི་རྣམ་པར་བསྒོམས་པས་བསྟེན་པར་བྱའོ། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །ཞེས་བྱ་བ་ནི་བསྟེན་ཅིང་བསྒོམ་པ་སྟེ། བསམ་གཏན་དང་རྗེས་སུ་མཐུན་པའི་བཟའ་བ་ལ་སོགས་པ་རྣམས་ལ་
ཡོངས་སུ་ལོངས་སྤྱོད་པ་དང་། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཚུལ་དུ་བསྟན་པ་ནི་འདིར་བསྟེན་པ་ཞེས་བྱའོ། །ཅིའི་ཕྱིར་བསྟེན་པར་བྱ་ཞེ་ན། ཡེ་ཤེས་འདོད་པ་ཡིས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པའི་ཡེ་
เล่ม ๔๖ · หน้า 29b
ཤེས་སོ། །འདོད་པའི་ཡོན་ཏན་ནི་གང་། གང་གི་ཡེ་ཤེས་ནི་འདོད་ཅེ་ན། ཆགས་ཅན་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོའི་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་བསྟེན་པས་སོ། །བྱང་ཆུབ་ཉི་མ་ཆགས་པར་བྱ། །ཞེས་
བྱ་བ་ལ་ཉི་མ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་ཉི་མའི་མེས་ཉོན་མོངས་པ་རྣམས་ངེས་པར་སྲེག་པའི་གཟི་བརྗིད་དང་ལྡན་པའི་དོན་ཏོ། །དེ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ལ་ཆགས་ཤིང་ཤིན་ཏུ་ཞེན་པས་བསྒོམ་པ་མངོན་དུ་བྱའོ། །དེ་ནི་རྣམ་པ་གང་གིས་འདོད་པའི་ཡོན་ཏན་ལྔ་པོ་
བསྟེན་པར་བྱ་བ་དེ་གསུངས་པ་ནི། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མེ་ཏོག་ལ་སོགས་པའི་གཟུགས་དང་ལྷ་རྣམས་ཀྱི་གཟུགས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ངོ་བོ་སྐུ་དང་གསུང་དང་ཐུགས་ཀྱི་
རང་བཞིན་རྣམ་པར་སྣང་མཛད་དུ་རྣམ་པར་བསམས་ཏེ་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་ཉིད་ཀྱི་ཕྱིར། དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །ཞེས་བྱ་བ་གསུངས་སོ། །ཕྱི་རོལ་དང་ལྷ་རྣམས་ཀྱི་སྒྲ་དེ་བཞིན་དུ། རིན་ཆེན་འབྱུང་ལྡན་གྱི་ངོ་བོའོ། །དེ་
བཞིན་དུ་ཕྱི་རོལ་དང་ཡིད་ཀྱི་དྲི་རྣམས་ཀྱང་སྣང་བ་མཐའ་ཡས་ཀྱི་ངོ་བོའོ། །དེ་བཞིན་དུ་རོ་རྣམས་ཀྱང་དོན་ཡོད་གྲུབ་པའི་ངོ་བོར་རྣམ་པར་བསམ་མོ། །རེག་བྱ་ཡང་མི་བསྐྱོད་པའི་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོར་བསམས་ལ་ལྷ་རྣམས་ལ་སོགས་པ་ལ་རེག་བྱ་དབུལ་བར་བྱའོ། །དེ་ལྟར་
ན་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ནི་མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ། །དེ་བས་ན་འདིར་འཁོར་བ་པ་རྣམས་ཀྱིས་ནི་གཟུང་བར་མི་བྱ་སྟེ། འཁོར་བ་པ་རྣམས་ཀྱི་ནི་དེའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་གཟུགས་ལ་སོགས་པ་འདི་དག་ནི་རིགས་ལྔའི་ངོ་
བོ་ཉིད་ལ་བྱའི་ཕྱི་རོལ་གྱི་ནི་མ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར། །གཟུགས་སྒྲ་རོ་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །ཞེས་བྱ་བ་སྟེ། དེ་རྣམས་རིགས་ལྔའི་ངོ་བོར་བསྒོམས་པས་རང་གི་ལྷའི་དམིགས་པ་ལ་སེམས་རབ་ཏུ་གཞག་ཅིང་ངེས་པར་སྦྱང་བར་བྱའོ། །ཅིའི་ཕྱིར་
เล่ม ๔๖ · หน้า 30a
གཟུགས་ལ་སོགས་པའི་ངོ་བོ་ཉིད་ལྷག་པར་མོས་པས་རང་གི་ལྷར་དམིགས་པ་ལ་སེམས་མེད་པར་བྱེད་ཅེ་ན་དེའི་ཕྱིར། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བཏུས་པའོ། །ཞེས་བྱ་བ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་མདོ་སྡེ་པ་ལ་
སོགས་པ་ཐམས་ཅད་ལ་མི་སྟོན་པས་གསང་བའོ། །རྣམ་པར་ཐར་པ་གསུམ་གྱི་ངོ་བོ་ཉིད་ཀྱི་སྙིང་པོ་བསྡུས་པས་ན་སྙིང་པོ་བཏུས་པའོ། །དེ་ཉིད་ཀྱི་ཕྱིར། །གཟུགས་སྒྲ་དྲི་རོ་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་བྱ་བ་སྟེ། རིགས་ལྔའི་ངོ་བོར་བསྒོམས་ལ་སངས་རྒྱས་
མ་ལུས་པའི་ཡོན་ཏན་རྣམས་བསྒྲུབ་པར་བྱའོ། །ཡང་ན་དེ་ལ་བསྒོམ་པ་ནི་སྦྱོར་བ་རྣམ་གསུམ་གྱིས་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་དུ་རྡོ་རྗེ་ཕྲ་མོའི་བསྒོམ་པ་རྫོགས་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་ལའོ། །དེ་ཉིད་ཀྱི་ཕྱིར། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ། །
ཞེས་གསུངས་སོ། །སངས་རྒྱས་རྗེས་སུ་དྲན་པར་སྦྱར། །ཞེས་བྱ་བ་ནས། དམ་ཚིག་རྗེས་དྲན་སྦྱོར་བ་ཡིས། །བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་དུ་ནི་བསྟན་པ་ཡིན་ལ། དེའི་འོག་ཏུ་དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་
བཤད་པ་ཡིན་ནོ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །ཞེས་བྱ་བ་ལ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་སོགས་པ་བསྒོམས་པས་དེ་བཞིན་དུ་སེམས་བརྟན་པར་བྱས་ནས་དགོན་པའི་གནས་སུ་ཟླ་བ་དྲུག་གི་བར་དུ་བརྟུལ་ཞུགས་ཡུན་རིང་དུ་ཡང་དག་པར་སྤྱད་ནས་དཀྱིལ་འཁོར་གྱི་དབུས་སུ་དེ་སྤྱན་
ལ་སོགས་པའི་གཟུགས་སུ་རྣམ་པར་བསམས་ནས་ངེས་པར་གཟུང་བའི་རྣལ་འབྱོར་པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པས་བྱིན་གྱིས་བརླབས་ལ་དེ་བརྟན་པར་བྱ་སྟེ། བྱེ་བྲག་ཇི་བཞིན་མི་ཕྱེད་པའོ། །ཞེས་པ་དང་། གཞན་དུ་རྨོངས་པའི་བདག་ཉིད་དེ། །མནར་མེད་
པར་ནི་ཉེ་བར་འཚེད། །ཅེས་པ་ཡང་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཧཱུཾ་ཨོཾ་ཕཊ་ཅེས་བྱ་བ་རང་གི་རྡོ་རྗེ་དང་དེའི་ཡང་པདྨར་བཀོད་དེ། རང་གི་མཚན་དང་དེའི་དབང་པོ་སྦྱོར་བའི་ཚེ་འོད་ཟེར་རྣམ་པ་ལྔས་ཀུན་དུ་ཁྱབ་པར་བསྒོམ་མོ། །བྱང་ཆུབ་འདོད་པས་བསྒོམ་པར་བྱ། །
เล่ม ๔๖ · หน้า 30b
ཞེས་པ་ནི་བྱང་ཆུབ་འདོད་པ་ནི་བྱང་ཆུབ་དོན་དུ་གཉེར་བ་ཞེས་བྱ་བའི་དོན་ཏོ། །ད་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་སྦྱོར་བ་བསྟན་པའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་རང་གི་དཀྱིལ་འཁོར་ལ་གནས་ཏེ།
སྤྱན་དང་སྦྱོར་བ་བསྒོམས་ལ་བ་སྤུའི་བུ་ག་རྣམས་ལས་སངས་རྒྱས་ཀྱི་སྤྲིན་རྣམས་སྤྲུལ་ལ་དེ་རྣམས་བསྡུ་བར་ཡང་བྱའོ། །དེ་བཞིན་དུ་གོས་དཀར་མོ་དང་ལྷན་ཅིག་ཏུ་པདྨའི་རིགས་བསྒོམ་མོ། །མཱ་མ་ཀཱི་དང་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །ཕྱིའི་དཀྱིལ་འཁོར་ལ་ནི་རང་གི་
སངས་རྒྱས་ཀྱི་གཟུགས་སུ་ངེས་པར་བསམས་ལ་རིགས་ཀྱི་ལྷ་མོ་བསམས་ཏེ། ཡང་དག་པར་སྦྱོར་བ་བསྒོམས་པས་རང་གི་བ་སྤུའི་བུ་ག་རྣམས་ལས་རང་གི་རིགས་ཀྱི་སྤྲིན་རྣམས་སྤྲོས་ལ། རིགས་ལྔའི་སྤྲིན་གྱི་སྤྲུལ་པ་བྱས་ལ་དེ་བསྡུ་བར་ཡང་བྱའོ། །དེ་བཞིན་དུ་ཁྲོ་བོའི་དཀྱིལ་
འཁོར་གྱི་དབུས་སུ་འདུག་ལ་རང་གི་ཕྱག་རྒྱ་ཁྲོ་བོའི་ལྷ་མོ་རྣམ་པར་བསམས་ཏེ། སྦྱོར་བ་བསྒོམ་པ་ལ་ཁྲོ་བོའི་སྤྲིན་སྤྲོའོ། །བདག་གི་རྡོ་རྗེ་ཞེས་བྱ་བ་ནི་མཚན་ནོ། །པདྨ་ཞེས་བྱ་བ་ནི་རིག་པའི་ལྷ་མོའི་མཚན་ཏེ་ཇི་ལྟ་བ་བཞིན་དུ་འདི་ཉིད་ཀྱི་འོག་ནས་སྟོན་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ལྷ་
མོ་བཞི་དང་སྦྱོར་བ་དེ་མངོན་སུམ་དུ་བྱས་ལ། དེ་ལས་བྱུང་བའི་རང་གི་ས་བོན་གྱི་ཐིག་ལེ་རྣམས་ཡིད་ཀྱིས་དེ་ཉིད་ཀྱིས་ནམ་མཁའ་མ་ལུས་པར་བཀང་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་རྒྱ་མཚོ་ཆེན་པོ་དེར་ཞུགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་།
ཐུགས་རྡོ་རྗེར་བསྐྱེད་ལ་རིགས་ལྔའི་ངོ་བོར་བསམ་པར་བྱ་སྟེ། འདི་ནི་སྔགས་ཀྱི་གྲུབ་པའི་མཆོད་པ་ཡིན་ཏེ། དམ་ཚིག་རྗེས་སུ་དྲན་པ་བསྒོམ་པ་ཞེས་བྱའོ། །དཀྱིལ་འཁོར་ལ་གནས་པའི་མི་བསྐྱོད་པའི་ངོ་བོར་རྣམ་པར་བསམས་ཏེ། མཱ་མ་ཀཱི་དང་སྦྱོར་བ་ལས་བྱུང་བའི་རང་གི་ཁུ་བ་
སྔགས་པའི་དཀྱིལ་འཁོར་ལྟ་བུར་བསྒོམ་པ་འདི་ནི་དཀྱིལ་འཁོར་རྗེས་སུ་དྲན་པ་བསྒོམ་པའོ། །རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའི་ངོ་བོ་ཇི་ལྟ་བར་གཟུགས་དང་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་།
เล่ม ๔๖ · หน้า 31a
རྣམ་པར་ཤེས་པའི་ཕུང་པོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུས་ཡོངས་སུ་གང་བར་གྱུར་པ་ཅི་འདྲ་བ་བདག་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་སྒོམ་པ་ནི་སྐུ་རྗེས་སུ་དྲན་པ་བསྒོམ་པའོ། །ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་
དག་པར་རིག་པའི་ངོ་བོ་ཉིད་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་ངོ་བོ་ཉིད་ཡེ་ཤེས་ཅི་འདྲ་བ་བདག་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་སྨོན་ཅིང་སྒོམ་པར་བྱེད་པ་ནི་ཆོས་འཛིན་པ་དང་མཉམ་པར་འགྱུར་བའོ། རྡོ་རྗེ་སེམས་དཔའི་ཐུགས་ཅི་འདྲ་བ་བདག་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་རྣམ་པར་སེམས་ཤིང་
སྒོམ་པ་གྲུབ་ན་ནི་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པར་འགྱུར་བའོ། །ད་ནི་མཉམ་པ་ཉིད་ལ་དགོངས་པའི་དབང་དུ་མཛད་ནས་གསུངས་པ། །སེམས་ཅན་ཀུན་གྱི་སེམས་གང་ཡིན། །ཞེས་བྱ་སྟེ། གང་འདི་འཁོར་བ་པའི་སེམས་ཅན་ཐམས་ཅད་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱིས་མཚན། །
ཞེས་བྱ་བ་ནི་སེམས་ཅན་དེ་དག་ཐམས་ཅད་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བར་བསྒོམས་ནའོ། །ཁྱད་པར་ཅི་ལྟ་བུ་ཞེ་ན། སྤྱོད་པ་མཁའ་དང་མཚུངས་པར་འགྱུར། །ཞེས་པ་སྟེ་དེ་བཞིན་དུ་རོ་གཅིག་ཅིང་མཉམ་པའི་ཡེ་ཤེས་ཏེ། བདག་ཀྱང་དེ་དང་འདྲ་བར་ནམ་མཁའ་
དང་མཉམ་པའི་སྤྱོད་པར་གྱུར་ཅིག་ཅེས་རྣམ་པར་བསམ་ཞིང་བསྒོམ་པ་ལས་བསྒོམ་པ་ཡོངས་སུ་རྫོགས་ན་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པར་འགྲུབ་པར་འགྱུར་རོ། །སྔགས་ཀྱི་རྡོ་རྗེའི་སྐུ་གང་ཡིན། །ཞེས་བྱ་བ་ནི་འོད་དཔག་མེད་པའི་འོ། །གསུང་ཡང་སྐུ་ཡིས་རྣམ་བསྒོམས་པས། །
ཞེས་བྱ་བ་ནི་སྔགས་ཀྱི་དོན་བསྒོམ་ཞིང་བཟླས་པའི་ཚིག་གིས་སྐུ་རྗེས་སུ་དྲན་པ་ནི། གསུང་ཡང་སྐུ་ཡིས་རྣམ་བསྒོམས་པས། །ཞེས་བྱའོ། །ཁུ་བ་ཕྱུང་སྟེ་ཞེས་བྱ་བ་ནི་སྦྱོར་བ་བསྒོམ་པའི་དམ་ཚིག་དང་ལྡན་པས་ཕྱུང་བའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་ལྷག་
པར་མོས་པས་རབ་ཏུ་འབར་བའོ། །འབྲས་བུ་འདོད་པས་ཞེས་བྱ་བ་ལ་འབྲས་བུ་འདོད་པ་ནི་རྡོ་རྗེ་སེམས་དཔའི་ངོ་བོར་འགྲོ་བ་རྣམས་བྱ་བར་འདོད་ཅིང་དེའི་སྤྲུལ་པས་ནམ་མཁའ་གང་བའི་སེམས་ཅན་གྱི་ཁམས་ཐམས་ཅད་ཁྱབ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེར་བསྐྱེད་ལ་དཔལ་རྡོ་རྗེ་སེམས་དཔའི་
เล่ม ๔๖ · หน้า 31b
རང་བཞིན་དུ་བསམ་པར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་བཀོད་པ་རྣམས་ཞི་བའི་ཉམས་ཀྱི་རང་བཞིན་དང་བྲལ་བ་ནི་བསད་པར་འགྱུར་བའོ། །དེ་ལྟར་འདོད་ཆགས་ཀྱིས་འདོད་ཆགས་སྤང་བའི་ཕྱིར་ཡང་དག་པར་སྦྱོར་བའི་བསྒོམ་པ་བསྟན་ནས། དེ་ནི་ངེས་པར་གཟུང་བའི་ཞི་བའི་
སེམས་ལས་བརྩམས་ཏེ་གསུངས་པ་ནི་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་ཞེས་བྱ་བ་སྟེ་དེ་ལ་ཤེས་རབ་ཀྱི་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་རྟོགས་པའི་ཐོས་པ་དང་བསམ་པའི་མཚན་ཉིད་ཅན་ཡིན་ལ་བསྒོམས་པའི་འབྲས་བུ་རྣམ་
པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་དེའི་ཕུན་སུམ་ཚོགས་པ་ཕ་རོལ་ཏུ་ཕྱིན་ཅིང་སོང་བ་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ནི་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་གོ། །རང་བཞིན་གྱིས་ནི་འོད་གསལ་བ། །ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་དོ། །
ཅིའི་ཕྱིར་ཞེ་ན། །ཐམས་ཅད་མ་སྐྱེས་ཟག་པ་མེད། །ཅེས་བྱ་བ་གསུངས་པས་སོ། །ཚུལ་དེ་ཉིད་ཀྱིས་ནི་དོན་དམ་པར་བྱང་ཆུབ་མེད་ཅིང་བྱང་ཆུབ་ཁོང་དུ་ཆུད་པའི་མངོན་པར་རྟོགས་པའང་མེད་དོ། །ཁམས་ཀྱང་མེད་ཅིང་ཞེས་བྱ་བ་ནི་རྒྱུ་སྟེ་སྐྱེད་པར་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །དེ་ཉིད་
ཀྱིས་ན་དངོས་པོ་ཉིད་དུ་འབྱུང་བའང་མེད་པའོ། །ཐམས་ཅད་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མཚན་མ་མེད་ཅིང་ཞེས་བྱ་བ་ནི་མཚན་མ་དང་བྲལ་བའོ། །ཡང་དེ་ཉིད་ཀྱི་ཁྱད་པར་ནི་མི་འགྱུར་ཞེས་བྱ་བ་སྟེ། ཨ་ལ་སོགས་པའི་ཡི་གེ་དང་བྲལ་བའོ། །ནམ་མཁའ་
བཞིན་ཞེས་བྱ་བ་ནི་དཔེ་བསྟན་པའོ། །དེ་ལྟར་མི་སྐྱེ་བ་ཡིན་ཡང་གཉིས་ཀྱི་ངོ་བོ་ཡང་མ་ཡིན་ལ་གཉིས་སུ་མེད་པའི་ངོ་བོ་ཡང་མ་ཡིན་པས་ན། གཉིས་མེད་གཉིས་སུ་མེད་མིན་ནོ། །གཞན་ཡང་ཞི་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པ་དང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བ་ཐམས་
ཅད་ཞི་བས་ན་ཞི་བའོ། །ཞི་བ་དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། །ཤིན་ཏུ་དྲི་མེད་ནམ་མཁའ་བཞིན། །ཞེས་བྱ་བ་གསུངས་སོ། །བུད་མེད་སེམས་ནི་རབ་བརྟན་པ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱ་སྟེ། ངེས་པར་བཟུང་བ་སྟེ་ཡུལ་ཡོངས་སུ་མི་སྤོང་བ་དག་རབ་ཏུ་
เล่ม ๔๖ · หน้า 32a
ཆགས་པར་བྱ་བའི་ཕྱིར་ཡིན་གྱི་དེ་ཉིད་ཀྱི་གནས་སྐབས་ན་དེ་འབྱུང་བ་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་དོན་གྱིས་ངེས་པ་ཁོ་ནར་བཤད་པ་ཡིན་ནོ། །དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་བཤད་པར་བྱའོ། །རིགས་ཀྱི་སྦྱོར་བས་རབ་བསྒོམས་ཏེ། །ཞེས་པ་ནི་ཞེ་སྡང་གི་
རིགས་ལ་མཱ་མ་ཀཱིའོ། །གཏི་མུག་གི་རིགས་ལ་སྤྱན་མ་ལ་སོགས་པའི་གཟུགས་ཀྱིས་སོ། །སྐུ་དང་གསུང་དང་ཐུགས་ཀྱང་གྲུབ་པ་ཐོབ་བོ་ཞེས་བྱ་བར་སྦྱར་ཏེ། སྔ་མ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བ་བསྟན་པའོ། །འདི་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དེ་འདིར་ཁྱད་པར་ནི་དེ་ཡོད་དོ། །གང་
གཞན་ཕྲ་མོར་བཤད་པ་རྣམས། །ཞེས་བྱ་བ་ནི་རིགས་ངན་དང་སྨེ་ཤ་ཅན་ལ་སོགས་པ་རྣམས་ཀྱང་སྦྱོར་བ་འདིས་འགྲུབ་པར་འགྱུར་རོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་མི་དམིགས་པར་བསྒོམས་པས་སོ། །དེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་
པའོ། །སྔགས་ཀྱི་སྤྱོད་པ་ནི་ཇི་སྐད་དུ་བཤད་པ་བཞིན་དུ་མི་དམིགས་པ་ལ་སོགས་པར་བསྒོམ་པའོ། །དེ་ཉིད་ཕུལ་དུ་བྱུང་བས་ན་མཆོག་སྟེ། དེ་སྟོན་པའི་སྒྲའི་ཚོགས་ལ་ནི་ལེའུ་ཞེས་བྱའོ། །སྔགས་ཀྱི་སྤྱོད་པའི་མཆོག་ཅེས་བྱ་བ་ལེའུ་བདུན་པའི་བཤད་པའོ།། །།ཚོགས་ཡོངས་
སུ་རྫོགས་པར་བྱ་བའི་ཕྱིར། རིན་པོ་ཆེ་བདུན་ལ་སོགས་པའི་མཆོད་པ་དང་ཡིད་དང་དེ་ཁོ་ནའི་མཆོད་པ་ནི་སེམས་བརྟན་པར་བྱས་པ་ཉིད་དང་སྐུ་དང་གསུང་དང་ཐུགས་བསྒྲུབ་པར་བྱའོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་བཤང་གཅིའི་དམ་ཚིག་གི་ལེའུ་གསུངས་སོ། །
དེ་བཞིན་གཤེགས་པ་དཀོན་མཆོག་དཔལ། །ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་ཡེ་ཤེས་བསྒོམས་པས་རིན་པོ་ཆེའི་མཆོད་པ་ཐམས་ཅད་རྫོགས་པར་མཛད་དོ། །དེ་བས་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་སྨོས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། །ཞེས་བྱ་བ་ནི་སངས་རྒྱས་རྣམས་
ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ནི་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའི་ངོ་བོ་བས་ན་ཐེག་པ་ཆེན་པོའོ། །ནམ་མཁའ་དང་མཉམ་པར་བསྒོམས་པས་ན་ནམ་མཁའ་དང་མཉམ་པའོ། །དེས་སེམས་ཅན་གྱི་ཁམས་ཐམས་ཅད་མཉམ་པ་སྦྱོར་བར་བྱེད་པས་
เล่ม ๔๖ · หน้า 32b
ན་རྣམ་པར་སྦྱོང་བའོ། །ཀུན་ནས་བཟང་བས་ན་ཀུན་དུ་བཟང་པོ་སྟེ། ལྷ་ཆེན་པོ་གསུམ་ལ་སོགས་པར་སྤྲུལ་པས་སེམས་ཅན་རྣམས་ཀྱི་དོན་མཛད་པར་གྱུར་ཀྱང་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་མི་གོས་པས་ན་ཀུན་དུ་བཟང་པོའོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ཞེས་བྱ་བ་ནི་རིགས་
ཏེ་ཐབས་དང་ཤེས་རབ་ཀྱི་ངོ་བོའོ། །རྡོ་རྗེ་ཐེག་པ་རབ་སྟོན་པ། །ཞེས་བྱ་བ་ནི་རྡོ་རྗེ་ཐེག་པ་རབ་ཏུ་སྟོན་པར་མཛད་པས་ན་འདི་སྐད་ཅེས་གསུངས་པའོ། །ནམ་མཁའི་དབྱིངས་དང་མཚུངས་པ་ནི་མཉམ་པ་མེད་པ་དང་ཚད་མེད་པ་གཉིས་ཀྱིས་སོ། །དེ་ཉིད་ཀྱིས་ན་མཆོག་གོ། །གཟུང་བ་དང་
འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་ནི་ཐར་པའོ། །དེ་ཐོབ་པར་བྱེད་པའི་ཤེས་རབ་ནི་ཐར་བའི་ལམ་སྟེ། དེ་རྣམས་སྟོན་པས་ནི་རབ་སྟོན་པའོ། །བྱང་ཆུབ་རྣམ་པ་གསུམ་ནི་ཐེག་པ་གསུམ་མོ། །དེའི་བཀོད་པ་ནི་ལམ་སྟེ། དེ་ལ་གནས་པ་ནི་སེམས་ཅན་གྱི་རྒྱུད་ལ་སྟོན་ཅིང་གནས་
པའོ། །སངས་རྒྱས་རྣམས་ཀྱི་སྐལ་པའི་མཆོག་ནི་སངས་རྒྱས་སྐལ་མཆོག་སྟེ། ཕུལ་དུ་བྱུང་བའི་དངོས་པོར་གྲུབ་པའོ། །སྐུ་དང་གསུང་དང་ཐུགས་རྣམ་པར་དག་པས་ན་དག་པའི་བདག་གོ། །རང་གི་སེམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་བྱང་ཆུབ་བོ། །དེའི་ངོ་བོ་ཉིད་ཀྱི་སེམས་ནི་བྱང་
ཆུབ་ཀྱི་སེམས་སོ། །སྤྱན་ལྔ་རྣམ་པར་རྒྱས་ཤིང་ཡངས་པ་གང་ལ་མངའ་བ་དེ་ནི་རྒྱས་པའི་སྤྱན་ནོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་ནི་ཆོས་ཏེ། དེའི་དཀྱིལ་འཁོར་གདུལ་བྱའི་རྒྱུད་ལ་སྤེལ་བར་མཛད་པའི་དོན་གྱིས་ན་དེ་ཉིད་ནི་འཁོར་ལོའོ། །སྐུ་དང་གསུང་དང་ཐུགས་ཀྱི་ཉོན་མོངས་པའི་
བག་ཆགས་ཡང་དག་པར་སྤངས་པས་དག་པ་གང་ཡིན་པ་དེ་ནི། སྐུ་དང་གསུང་དང་ཐུགས་ཤིན་ཏུ་དག་ཅེས་བྱའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེས་ཉེ་བར་མཚོན་ཅིང་དེ་ཐོབ་པར་བྱེད་པའི་ཐེག་པ་ནི་རྡོ་རྗེའི་ཐེག་པའོ། །རིགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཅིང་མཛེས་པའི་དོན་དང་ལྡན་པས་ན་རྒྱལ་
པོའོ། །ནམ་མཁའ་ལྟར་དེ་བཞིན་དུ་རོ་གཅིག་པའི་ཡེ་ཤེས་ཀྱིས་ཐམས་ཅད་དུ་ཁྱབ་པས་ན་ཐམས་ཅད་ནམ་མཁའོ། །དེ་ཉིད་ཀྱིས་ན་འདི་ནི་མི་འགྱུར་མཆོག་སྟེ་རྟག་པའོ། །རིན་པོ་ཆེའི་རིགས་ཀྱི་ངོ་བོ་བས་ན་ཐམས་ཅད་དབང་བསྐུར་རོ། །རིགས་ཐམས་ཅད་ཀྱི་དོན་དུ་གྱུར་པས་ན་ཀུན་གྱི་དོན་ཏེ།
เล่ม ๔๖ · หน้า 33a
ནམ་མཁའ་མཛོད་ཀྱི་གཟུགས་ཀྱིས་ཐམས་ཅད་ཀྱི་དོན་དུ་གྱུར་པའི་ཕྱིར་རོ། །ཁམས་གསུམ་མ་ལུས་པའི་ཆོས་ཀྱི་རྒྱལ་པོ་མཉེས་པས་ན་ཀུན་དབང་ངོ་། །དེ་བཞིན་གཤེགས་པའི་མཆོད་པའི་མཆོག་བཤད་དུ་གསོལ་ཞེས་སྦྱར་ཏེ། བདག་མེད་པའི་སྦྱོར་བས་བསྐྱེད་པས་ན་མཆོག་
གོ། །དེ་ཉིད་ཀྱི་ཕྱིར། །རྡོ་རྗེ་མི་ཕྱེད་གསུམ་གནས་པ། །ཞེས་བྱ་བ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་མཚན་ཉིད་གཅིག་པའི་རྡོ་རྗེ་གསུམ་ནི་མི་ཕྱེད་པའི་དེ་བཞིན་ཉིད་དེ་ཚུལ་དེ་ཉིད་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་ལ་གནས་པས་གནས་པ་སྟེ། འདིས་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དུ་གསུངས་པའོ། །
སྐུ་དང་གསུང་དང་ཐུགས་སྐལ་མཆོག །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྐལ་བ་མཆོག་གི་འབྲས་བུ་གང་ལ་མངའ་བ་དེ་ནི་སྐུ་དང་གསུང་དང་ཐུགས་སྐལ་མཆོག་ཅེས་བྱ་སྟེ། མཆོག་ཏུ་གྱུར་པ་དངོས་པོར་གྲུབ་པ་དེ་སྩོལ་བར་མཛད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་
ཀྱི་ཕྱིར་རྒྱལ་བ་འབྱུང་བར་འགྱུར་ཞེས་བྱ་བ་གསུངས་སོ། །བྱོལ་སོང་སྐྱེ་གནས་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེའི་ཚེ་དཀྱིལ་འཁོར་གྱི་དབུས་སུ་སྦྱོར་བ་བསྒོམ་པར་བྱའོ། །གཞན་དུ་ནི་མ་ཡིན་ཏེ། དེས་ནི་བྱོལ་
སོང་གི་སྐྱེ་གནས་ཞེས་བྱ་བ་ཀླུའི་བུ་མོ་བཀུག་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བརྩམ་པར་བྱའོ། །གནས་གང་དུ་བརྩམ་པར་བྱ་ཞེ་ན། ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་རྟེན་གྱི་གནས་ནི་རྒྱལ་བ་ཉིད་སྐྱེས་སོ། །འཚེ་བ་ཐམས་ཅད་
དང་བྲལ་བ་ནི་ཞི་བའི་གནས་རྣམས་ཏེ་ཚིག་འདི་ནི་གཙང་སྦྲ་སྤྱོད་པ་རྣམས་ཀྱི་ཡིན་ནོ། །གང་བཟའ་བ་མ་ཡིན་པ་ལ་ཟ་བ་མངོན་པར་དགའ་བ་དེ་དག་གི་ཕྱིར་བཤང་གཅི་ཆུ་ལ་སོགས་པས་བྱུགས་པའམ་ཞེས་བྱ་བ་གསུངས་ཏེ། འམ་ཞེས་བྱ་བའི་སྒྲས་ནི་ཕྱོགས་གཞན་སྟོན་པའོ། །དེས་བུ་མོ་དེ་ལ་
རང་གི་སྔགས་དང་ཕྱག་རྒྱས་བསྒྲུབ་པར་བྱ་བ་ནི་སྤྱི་གཙུག་གི་གནས་ནས་བརྩམས་ཏེ། སྙིང་གའི་ཕྱོགས་ཀྱི་བར་དུ་ཡི་གེ་ཨོཾ་གྱིས་ཁྱབ་པར་བསམ་མོ། །སྙིང་ག་ནས་བརྩམས་ཏེ་ལྟེ་བའི་ཕྱོགས་ཀྱི་བར་དུ་ཡི་གེ་ཧཱུཾ་གིས་སོ། །ལྟེ་བའི་ཕྱོགས་ནས་རྐེད་པའི་ཕྱོགས་ཀྱི་བར་དུ་ཡི་གེ་སྭཱས་སོ། །གསང་བའི་
เล่ม ๔๖ · หน้า 33b
གནས་སུ་ནི་ཡི་གེ་ཨཱཿས་སོ། །གསང་བའི་གནས་ཀྱི་འོག་གི་ཆ་ནས་རྐང་མཐིལ་གྱི་བར་དུ་ནི་ཡི་གེ་ཧཱས་ཁྱབ་པར་བསམས་ཏེ། དེ་ཡང་ཨོཾ་ལ་སོགས་པ་འདི་དག་ནི་གཏི་མུག་ལ་སོགས་པའི་རིགས་ཀྱི་ངོ་བོར་བསྒོམ་པར་བྱའོ། །དེའི་ཕྱིར། །རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ། །ཞེས་གསུངས་
སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རིན་ཆེན་སྣ་བཞིའི་མཆོད་རྟེན་བསམ། །ཞེས་བྱ་བར་སྦྱར་ཏེ། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོའོ། །བདག་ཉིད་ཟླ་བའི་དབུས་གནས་པར། །མཁས་པས་སྙིང་གར་བསྒོམ་པར་བྱ། །
ཞེས་བྱ་བ་ནི། བདག་ཉིད་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་མཆོད་རྟེན་གྱི་དབུས་སུ་ཆུད་པའི་རྣམ་པར་སྣང་མཛད་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པར་བསྒོམ་མོ། །སྦྱོར་བའི་དུས་སུ་ནི་བ་སྤུའི་བུ་གའི་ཁུང་བུ་རྣམས་ལས་སངས་རྒྱས་ཀྱི་སྤྲིན་སྤྲུལ་པར་བྱ་ཞིང་མཐར་བསྡུ་བར་ཡང་
བྱའོ། །ཞི་བ་རྡོ་རྗེ་འཛིན་འདོད་ན། །ཞེས་བྱ་བ་ནི་འདོད་ན་ཞེས་པ་གང་གི་ཚེ་བསྒོམས་པས་སྐྱོ་བར་འགྱུར་ནའོ། །ཞི་བ་རྡོ་རྗེ་འཛིན་ཞེས་བྱ་བ་ནི་ཞི་བ་རྡོ་རྗེ་ནི་སྐུ་རྡོ་རྗེ་སྟེ་མི་གཡེང་བའི་སྦྱོར་བར་འཛིན་པར་བྱེད་པས་ན་ཞི་བ་རྡོ་རྗེ་འཛིན་ཞེས་བྱའོ། །རིན་ཆེན་སྣ་བཞི་ནི་རྣམ་པར་སྣང་མཛད་དང་། རིན་ཆེན་
འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་ངོ་བོའི་རིན་པོ་ཆེ་བཞི་སྟེ། དེ་བས་ན་དེའི་ངོ་བོར་དེ་རྒྱུ་དང་འདྲ་བར་མཆོད་རྟེན་རིན་པོ་ཆེ་རྣམ་བཞིའི་རང་བཞིན་ནོ། །འོད་ཟེར་ཕྲེང་བས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་རིན་པོ་ཆེ་ལྔའི་རང་བཞིན་ནོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་རྡུལ་ཕྲ་
རབ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལས་བསྒྲུབས་པས་ན་དེ་ནི་ཡེ་ཤེས་ཀྱི་རྒྱ་མཚོའི་ངོ་བོ་ཉིད་དོ། །དེ་ལྟར་གྱུར་པའི་མཆོད་རྟེན་དེ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་སྟེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བཞུགས་གནས་ཡིན་པས་ན། གནས་དེ་ཡིན་པར་རྣམ་པར་
བཤད། །ཅེས་བྱའོ། །བདག་གི་བ་སྤུའི་བུ་ག་ནས། །མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོ། །ཞེས་བྱ་བ་ནི་མེ་ཏོག་དང་རིན་པོ་ཆེའི་གོས་དང་། གདུགས་དང་རྒྱལ་མཚན་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པའི་བཀོད་པའི་སྤྲིན་རྣམས་སྤྲུལ་ལ་དེས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་
เล่ม ๔๖ · หน้า 34a
བྱའོ། །མཆོད་པའི་སྤྲིན་དེ་ཉིད་རྣམ་པར་དབྱེ་བའི་ཕྱིར། མཁས་པས་ཨུཏྤལ་དག་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ལྔར་ཞེས་བྱ་བ་ནི་རིགས་ཀྱི་དབྱེ་བས་སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། །ལྗང་གུ་སྟེ་ཁ་དོག་ལྔར་བསམ་
གཏན་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ནི་ཤེས་པར་བྱ་ཞེས་བྱའོ། །དེ་བཞིན་དུ་པདྨ་རྣམ་པ་ལྔར་སྤྲུལ་ལ་ལྷ་རྣམས་ལ་མཆོད་པར་བྱའོ། །ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས། །ཞེས་པ་ནི་ཁ་དོག་སྔོན་པོ་དང་སེར་པོ་དང་། དམར་པོར་རོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །འཁོར་ལོའི་དཀྱིལ་
འཁོར་བསྒོམ་བྱས་ལ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །རྣམ་པར་མཁས་པས་རྟག་ཏུ་ནི། །རིགས་ནི་རབ་ཏུ་དགོད་པར་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྣམ་པར་བསམས་པ་འབའ་ཞིག་ཏུ་མ་ཟད་དེ། མཆོད་རྟེན་གྱི་དབུས་སུ་མཆོད་པའི་ཕྱིར་མི་བསྐྱོད་པ་ལ་
སོགས་པའི་དཀྱིལ་འཁོར་གཞན་དག་ཀྱང་དེའི་རིགས་ཟློས་པ་རྣམས་ཀྱིས་དེའི་དབུས་སུ་རྣམ་པར་བསམ་ཞིང་མཆོད་པར་བྱའོ། །དེ་ལྟར་མཆོད་པ་བྱས་ནས་སྔར་གསུངས་པའི་རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་རིམ་བཞིན་བསྟན་པའི་ཕྱིར། དེ་བཞིན་པདྨའི་རྡོ་རྗེ་དང་། །རལ་
གྲི་ཨུཏྤལ་མཁས་པས་བསྒོམ། ཞེས་གསུངས་ཏེ། འདི་དག་ནི་དཔེ་ཙམ་དུ་བལྟ་བར་བྱའོ། །དེ་ལྟ་བུའི་མཆོད་རྟེན་གྱི་དབུས་སུ་དཀྱིལ་འཁོར་རྣམ་པར་བསམས་ལ་ཡིད་ཀྱིས་མཆོད་པ་ཉིན་རེ་ཞིང་ཐུན་མཚམས་སོ་སོར་བྱས་ལ་བསྒོམ་པ་ཐམས་ཅད་བྱའོ་ཞེས་བསྟན་ཏོ། །མཆོད་རྟེན་དེའི་གཟུགས་དང་
དབྱིབས་དང་ཚད་ནི་ཛི་ཙམ། ཁ་དོག་ནི་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །ཞེས་པས་ནི་ཚད་བསྟན་ཏོ། །གྲུ་བཞི་ཞེས་བྱ་བ་ནི་དབྱིབས་སོ། །གསལ་ཞིང་ཞེས་བྱ་བ་ནི་ཁ་དོག་གོ། །འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་
སྟེ། དེ་རྣམས་ཀྱི་ཞེ་སྡང་ལ་སོགས་པའི་རིགས་རྣམས་ལའོ། །མཆོད་པ་རྒྱ་མཚོ་ཙམ་ཞེས་བྱ་བ་ནི་མཆོད་པའི་རྒྱ་མཚོ་བྱའོ། །ཕྱིའི་མཆོད་པ་མེད་ཀྱང་ཐུན་བཞིར་རིན་པོ་ཆེ་སྣ་བཞིའི་མཆོད་རྟེན་རྣམ་པར་བསམས་ལ་དེའི་དབུས་སུ་རང་གི་ལྷའི་དཀྱིལ་འཁོར་རྣམ་པར་བསམས་ཏེ་ཡིད་
เล่ม ๔๖ · หน้า 34b
ཀྱིས་གཟུགས་དང་། སྒྲ་དང་། དྲི་དང་། རོ་ལ་སོགས་པ་རྣམས་ཀྱིས་ནམ་མཁའ་མ་ལུས་པ་བཀང་ལ། རང་གི་རིགས་ཀྱི་དཀྱིལ་འཁོར་ལ་མཆོད་པར་བྱ་སྟེ། དོན་དེ་ཉིད་བསྟན་པའི་ཕྱིར། །རིན་ཆེན་ན་བཟའ་ལ་སོགས་པས། །བྱང་ཆུབ་འདོད་པས་རྟག་ཏུ་མཆོད། །ཅེས་བྱ་བ་གསུངས་
ཏེ། ཡིད་ཉིད་ཀྱིས་མཆོད་པ་རྣམ་པ་ལྔ་དང་བདུད་རྩི་རྣམ་པ་ལྔའི་ངོ་བོ་དང་ཡིད་དེ་ཉིད་ཀྱིས་བུ་མོ་དག་རིན་པོ་ཆེའི་རིགས་གྲུབ་པའི་ཕྱིར་དབུལ་བར་བྱའོ། །རིན་པོ་ཆེ་སྣ་བདུན་ཐམས་ཅད་ཀྱང་དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་སྦྱོར་བས་མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་ངོ་བོར་རྣམ་
པར་བསྒོམས་ལ། །དཀྱིལ་འཁོར་དེའི་དབུས་སུ་འདུག་ལ་མཱ་མ་ཀཱི་ལ་སོགས་པའི་སྦྱོར་བ་བསྒོམས་ཏེ་མཆོད་པར་བྱའོ། །དེ་བས་ན། །བདག་པོའི་ཕྱག་རྒྱ་མཉམ་གཞག་ལ། །སངས་རྒྱས་དཀྱིལ་འཁོར་དབུས་དག་ཏུ། །འདོད་ཆགས་བློ་ཅན་སངས་རྒྱས་ལ། །རེག་པའི་སྦྱོར་བས་དབུལ་
བར་བྱ། །ཞེས་བྱ་བ་གསུངས་ཏེ། ཡང་དག་པར་སྦྱོར་བ་བསྒོམས་པས་འདུལ་བར་གྱུར་པ་རྣམས་ཀྱི་སྦྱོར་བ་ལྟ་བུའི་ཤེས་རབ་ནི་འདོད་ཆགས་བློ་སྟེ། གང་ལ་དེ་ཡོད་པ་ནི་འདོད་ཆགས་བློ་ཅན་ནོ། །འདོད་ཆགས་ཀྱི་བློ་ཅན་དེ་རྣམས་ཀྱིས་འདི་ལྟར་ཉིན་རེ་ཞིང་ཡིད་ཀྱིས་མཆོད་པ་བྱས་ལ། རྡོ་རྗེ་ཕྲ་མོ་ལ་
སོགས་པ་བསྒོམས་པས་སེམས་བརྟན་པར་བྱས་ནས་བརྟུལ་ཞུགས་ཡུན་རིང་དུ་ཡང་དག་པར་སྤྱད་ནས་ལྷའི་བུ་མོ་ལ་སོགས་པ་སེམས་དང་ལྷན་ཅིག་ཏུ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་བྱའོ། །མིག་བཟང་བརྟན་པའི་བློ་ལྡན་པས། །ཞེས་བྱ་བ་ནི་གང་གི་ཚེ་རང་གི་ལྷའི་གཟུགས་བསྒོམ་པ་མངོན་སུམ་
བཞིན་དུ་མཐོང་ཞིང་བདག་གིས་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་མི་འབྱུང་བ་དང་རྫས་དེ་དག་སྐུ་དང་གསུང་དང་ཐུགས་སུ་བསྒོམས་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེར་གྱུར་ཅིང་རབ་ཏུ་འབར་བར་མཐོང་བ་དེ་ཙམ་གྱིས་བློ་བརྟན་པར་འགྱུར་བ་ཡིན་ནོ། །ལེའུ་བརྒྱད་པའི་བཤད་པའོ།། །།སྲོག་གཅོད་པ་དང་མ་བྱིན་
པར་ལེན་པ་དང་བུད་མེད་བསྟེན་པ་དང་བརྫུན་དུ་སྨྲ་བ་ལ་དགའ་བ་རྣམས་འགྲུབ་པར་འགྱུར་རོ་ཞེས་གང་གསུངས་པ་དེ་ནི་སྒྲ་ཇི་བཞིན་པར་གཟུང་བར་མི་བྱ་སྟེ། གང་གི་ཚེ་རྣལ་འབྱོར་པས་དམིགས་པ་དང་བཅས་པའི་སྦྱོར་བས་སྒྲུབ་པ་ལན་བདུན་བྱས་ཀྱང་འགྲུབ་པར་མ་གྱུར་ན། དེའི་ཚེ་རྣལ་འབྱོར་
เล่ม ๔๖ · หน้า 35a
པས་མི་བསྐྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་རྣལ་འབྱོར་སྒྲིབ་པ་རྣམས་རབ་ཏུ་སྤང་བར་བྱའོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་ལེའུ་གསུངས་སོ། །སྐུ་གསུང་ཐུགས་ལ་ལོངས་སྤྱོད་པས་བཤད་
དུ་གསོལ་ཞེས་བྱ་བར་སྦྱར་ཏེ། སྐུ་དང་གསུང་དང་ཐུགས་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །ལོངས་སྤྱོད་པ་ནི་དཀྱིལ་འཁོར་གང་དུ་སྐུ་དང་གསུང་དང་ཐུགས་དེ་དང་སྦྱར་བའོ། །དཀྱིལ་འཁོར་རྡོ་རྗེ་མི་ཕྱེད་གསུམ། །ཞེས་བྱ་བ་ནི་རྡོ་རྗེ་ཡང་ཡིད་ལ་མི་ཕྱེད་པ་ཡང་ཡིན་པས་ན་རྡོ་རྗེ་མི་ཕྱེད་གསུམ་
སྟེ་དཀྱིལ་འཁོར་རོ། །སངས་རྒྱས་ཡེ་ཤེས་ཅན་གྱི་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་སངས་རྒྱས་ཡེ་ཤེས་ཏེ། དེ་གང་ལ་ཡོད་པ་དེ་ནི་སངས་རྒྱས་ཡེ་ཤེས་ཅན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ལ་དེ་སྐད་ཅེས་བྱའོ། །གསང་ཞེས་བྱ་བ་ནི་ཤིན་ཏུ་གསང་བར་གྱུར་པ་སྟེ། རྣམ་པར་མི་རྟོག་
པའི་ཏིང་ངེ་འཛིན་ལས་བྱུང་བའོ། །ཉམས་དགའ་ཞེས་བྱ་བ་ནི་ཡིད་དང་རྗེས་སུ་མཐུན་ཞིང་དགའ་བར་བྱེད་པས་སོ། །མཆོག་ནི་དམ་པའོ། །ད་ནི་དེ་དག་ཉིད་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ཀྱི་
དབུས་ན་གནས་པའི་མི་བསྐྱོད་པའི་དཀྱིལ་འཁོར་རྣམ་པར་བསམས་ལ། དེ་བཞིན་གཤེགས་པ་ལྔའི་གནས་སུ་མི་བསྐྱོད་པའི་སྐུ་བསམ་མོ། །དེ་ནས་ཇི་སྐད་གསུངས་པའི་རྡོ་རྗེ་དེ་རྣམས་ཀྱི་ཕྱག་ཏུ་བསྒོམས་ཏེ། དེ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་
མི་སྣང་བར་བྱའོ། །དེ་ལྟ་བུའི་བསམ་གཏན་གྱི་རྡོ་རྗེས་སེམས་ཅན་རྣམས་བསད་པ་ནི་འདིར་སྲོག་གཅོད་པ་ཞེས་བྱའི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདིའི་ཕན་ཡོན་ནི། མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་རྣམས་སྐྱེ་བར་འགྱུར། །ཞེས་གསུངས་པ་ཡིན་ཏེ།
བསམ་གཏན་གྱི་རྡོ་རྗེའི་སྦྱོར་བ་འདིས་གང་དག་གི་ལུས་དང་ངག་དང་ཡིད་མི་དམིགས་ཤིང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དུ་གྱུར་པ་དེ་ནི་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ་ཞེས་པའོ། །ཡེ་ཤེས་ནི་གཏི་མུག་གི་རིགས་ཀྱི་མཉམ་པ་ཉིད་དུ་ངེས་པ་སྟེ། དེས་ཐར་པ་རབ་ཏུ་བསྒྲུབ་པའོ། །ཆོས་
เล่ม ๔๖ · หน้า 35b
ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བསྒོམ་པ་ནི་ངོ་བོ་ཉིད་དག་དགོས་པ་མེད་ཅེས་བྱའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སྤྱོད་པ་དེར་རབ་ཏུ་སྟོན་པར་མཛད་པའོ། །ཡང་དག་དམ་ཚིག་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་བསྒོམ་པའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། སངས་རྒྱས་བྱང་ཆུབ་རབ་བསྒྲུབས་
པའི། །ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །ཞེས་བྱ་བ་ནི་དབུས་སུའོ། །སངས་རྒྱས་ཐམས་ཅད་རྣམ་པར་
བསྒོམ། །ཞེས་པ་ནི་ཕྱོགས་བཞིར་མི་བསྐྱོད་པ་ལ་སོགས་པའོ། །རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །ཞེས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་རིགས་ལྔའི་ངོ་བོ་ཉིད་དུ་བསྒོམ་པའོ། །དེ་ཉིད་གསུངས་པ། །རྡོ་རྗེའི་གཟུགས་ནི་རབ་ཏུ་བརྟག །ཅེས་བྱ་བ་ལ་རྡོ་རྗེའི་གཟུགས་ནི་རིགས་ལྔའི་སྐུ་གསུང་
ཐུགས་སོ། །འདིས་ནི་སེམས་ཅན་གྱི་ཁམས་ཐམས་ཅད་རིགས་ལྔའི་ངོ་བོར་བསྒོམས་པས། སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་ཀྱི་ཁམས་གསུམ་པའི་རྣམ་པར་རྟོག་པའི་རྫས་ཕྲོགས་པ་ནི་གཞན་གྱི་རྫས་འཕྲོག་པ་ཞེས་བྱའི། ཕྱི་རོལ་གྱི་ནི་མ་ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །
ནོར་རྣམས་ཐམས་ཅད་ཕྲོགས་ནས་སུ། །རྡོ་རྗེ་གསུམ་དུ་རྣམ་བསྒོམས་ན། །ཞེས་བྱ་བ་གསུངས་ཏེ། ཁམས་གསུམ་པ་ལྟ་བུའི་རྣམ་པར་རྟོག་པ་ནི་ནོར་ཐམས་ཅད་དེ། དེ་རྡོ་རྗེ་གསུམ་གྱིས་ཞེས་པ་ནི་ལུས་ལ་ལུས་མེད་པ་ལ་སོགས་པར་བསྒོམས་པས་སོ། །བསྒོམས་པའི་འབྲས་བུ་ནི། །
ནོར་གྱི་རྒྱ་མཚོ་གང་བ་ཡི། །ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །ཞེས་གསུངས་པ་ཡིན་ཏེ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་དུ་དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པར་འགྱུར་བའོ། །འདིར་ཡང་། དེ་ནས་རྒྱལ་པོ་རྡོ་རྗེ་
འཛིན། །དཀྱིལ་འཁོར་རབ་ཏུ་བཀའ་སྩལ་ཏོ། །ཞེས་བྱ་བར་སྦྱར་རོ། །འདོད་ཆགས་ཐར་པ་རབ་བསྒྲུབ་པ། །ཞེས་བྱ་བ་ལ་ཡང་དག་པར་སྦྱོར་བ་བསྒོམ་པ་ལ་ཆགས་པ་ནི་འདོད་ཆགས་སོ། །དེས་ཐར་པར་འགྱུར་བས་ན་འདོད་ཆགས་ཐར་པ་སྟེ། དེ་རབ་ཏུ་བསྒྲུབ་པའོ། །དེ་ལ་ཡང་དག་པར་
เล่ม ๔๖ · หน้า 36a
རབ་ཏུ་སྦྱོར་བའི་མཚན་ཉིད་ནི་གསལ་བའོ། །མ་ཆགས་པས་ན་དག་པའོ། །དེ་ལའང་མི་ཉེ་བར་མི་དམིགས་པས་ན་དམིགས་མེད་པའོ། །པདྨའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་པདྨ་རཱ་ག་ལྟ་བུའི་ཉི་མའི་དཀྱིལ་འཁོར་རོ། །དཔག་མེད་ཚེ་ནི་རབ་བསྒོམས་
ཏེ། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་དགང་། །ཞེས་བྱ་བ་ནི་སྔར་གསུངས་པའི་བསམ་གཏན་གྱི་དཀྱིལ་འཁོར་གྱི་དབུས་སུ་འོད་དཔག་མེད་དུ་བདག་ཉིད་བསྒོམས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱང་གནས་ཇི་ལྟ་བ་བཞིན་དུ་བཞག་ལ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་
བསམ་མོ། །བུད་མེད་ལྟ་བུར་སྦྱོར་བ་ནི། །ཞེས་བྱ་བ་ནི་གོས་དཀར་མོ་ལ་སོགས་པ་སྟེ། དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བར་བསམ་པའོ། །ཅི་ལྟ་ཞེ་ན། དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཐམས་ཅད་དེ་རུ་བསྒོམ་པར་བྱ། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཁམས་
ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞི་པོའི་སྦྱོར་བ་ནི་དམ་ཚིག་བཞིའི་སྦྱོར་བའོ། །དབང་པོ་གཉིས་ཀྱི་རབ་སྦྱོར་བས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །ཅེས་བྱ་བ་ནི་འོད་དཔག་མེད་ཀྱི་སྦྱོར་བ་
བའི་ངོ་བོར་བདག་ཉིད་བསྒོམ་པ་འབའ་ཞིག་ཏུ་མ་ཟད་ཀྱི་དམ་ཚིག་བཞིའི་སྦྱོར་བས་ཀྱང་སྔགས་ཐམས་ཅད་ལ་སྦྱོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མི་ཕྱེད་སྐུ་གསུམ་བསྒོམ་པའོ། །ཞེས་པ་ནི་ཇི་ལྟར་འོད་དཔག་ཏུ་མེད་པའི་སྦྱོར་བ་ལ་དམ་ཚིག་བཞིའི་སྦྱོར་བས་བསྒོམ་པ་དེ་བཞིན་དུ། མི་བསྐྱོད་
པ་ལ་སོགས་པའི་སྦྱོར་བ་ལ་ཡང་བྱ་བར་བསྟན་པའི་ཕྱིར་ཏེ། མི་ཕྱེད་པའི་རྡོ་རྗེ་གསུམ་བསྒྲུབ་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་མི་གཡེང་བའི་སྦྱོར་བ་བསྒོམ་པའོ། །དེ་ལྟ་བུའི་ཡང་དག་པའི་སྦྱོར་བ་བསྒོམ་པའི་མཚན་ཉིད་ལ་འདིར་བུད་མེད་བསྟེན་པའི་ཞེས་བྱའི། ཕྱི་རོལ་གྱི་ཡང་ཡིན་པས་ནི་
སངས་རྒྱས་ཉིད་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང་། །རང་བཞིན་གྱིས་ནི་འོད་གསལ་བ། །ཞེས་བྱ་བ་ལ་སོགས་པ་སྟོན་པ་ནི་འདིར་བརྫུན་དུ་སྨྲ་བར་བཞེད་དེ་དེ་བསྟེན་པར་བྱ་བའི་ཕྱིར། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །
เล่ม ๔๖ · หน้า 36b
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་གསུངས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་དབུས་ས་དོན་ཡོད་གྲུབ་པའི་སྐུར་བདག་ཉིད་བསམས་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དཀྱིལ་འཁོར་དེ་རྣམ་པར་བསམས་ལ་འདི་ལྟར་བསྒོམ་པར་བྱ་སྟེ། ཐམས་ཅད་
གཟུགས་སུ་རྣམ་བསྒོམས་ནས། །རྡོ་རྗེ་ཚིག་གི་བརྫུན་སྨྲ་བས། །ཞེས་བྱ་བ་ནི་འདིར་བརྫུན་དུ་སྨྲ་བ་ནི། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཅེས་བྱ་བ་ལ་སོགས་པར་དགོངས་སོ། ཞེས་སྟོན་ཏེ། དེ་ཡང་
ལྷའི་བུ་ངས་ཆོས་ཐམས་ཅད་བརྫུན་པར་ཤེས་ཤིང་དེ་བཞིན་དུ་སྟོན་ཏེ། དེས་ན་ང་ནི་བརྫུན་དུ་སྨྲ་བའོ་ཞེས་གསུངས་སོ། །འདི་དག་གི་གནས་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་སྟེ། རྣམ་པར་ཐར་པའི་སྒོ་བཞི་དང་། དེ་བཞིན་དུ་མེ་ལོང་ལྟ་བུ་དང་།
མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་སྟེ། ཡེ་ཤེས་བཞི་དང་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་རྣམས་ཡིན་ནོ་ཞེས་སྟོན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་རྒྱལ་གནས། །ཞེས་བྱ་བ་ནི་རྡོ་རྗེ་ཡང་ཡིན་ལ་མི་ཕྱེད་པ་ཡང་ཡིན་པས་ན་རྡོ་རྗེ་མི་
ཕྱེད་རྣམ་གསུམ་མོ། །རྒྱལ་བ་རྣམས་ཀྱི་གནས་ཡིན་པས་ན་རྒྱལ་གནས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བཞུགས་པས་སོ། །དམ་ཚིག་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཏེ། དེ་ཡི་དབུས་སུ་དཀོན་
མཆོག་དཔལ། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །གཟུགས་རྣམས་ཀུན་གྱིས་འདི་དག་དགང་། །ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་སྒོམ་པའི་རྣལ་འབྱོར་པས་ཐམས་ཅད་རིན་པོ་ཆེའི་རིགས་ཀྱི་ལྷའི་གཟུགས་ཀྱིས་ནམ་མཁའ་འདི་དག་ཐམས་ཅད་མ་ལུས་པར་དགོང་བར་བྱའོ། །ཁྲོ་
བོའི་སྔགས་ཟློས་པས་ཀྱང་ནམ་མཁའ་དང་མཉམ་པའི་རིན་པོ་ཆེའི་རིགས་ཀྱི་ཆོས་ཉིད་རྣམ་པར་བསམས་ཏེ། ཁྲོ་བོའི་གཟུགས་ཀྱིས་ནམ་མཁའ་བཀང་ལ་མངོན་སུམ་སོགས་པ་བྱའོ་ཞེས་བསྟན་པའི་ཕྱིར། །རྩུབ་མོའི་ངག་ལ་སོགས་པ་ནི། །བསྟན་དང་ཡེ་ཤེས་ཐོབ་པར་འགྱུར། །
เล่ม ๔๖ · หน้า 37a
ཞེས་བྱ་བ་གསུངས་ཏེ། ཆོམས་ཤིག་སོད་ཅིག་སྐྲོད་ཅིག་ཧཱུཾ་ཕཊ་ཅེས་བྱ་བའི་ཚིག་ནི་རྩུབ་མོའི་ངག་ཅེས་བྱའོ། །ངོ་མཚར་དུ་གྱུར་ཞེས་བྱ་བ་ནི་ཡོན་པོར་གསུངས་པས་ཆོས་རྣམས་ཀྱི་དེ་ཉིད་སྟོན་པ་ཐོས་སོ། །རྡོ་རྗེའི་ཚིག་འདི་ཅི་ཡི་སླད་དུ་གསུངས། །
ཞེས་བྱ་བ་ལ་ཅིའི་སླད་དུ་ཞེས་བྱ་བའི་སྒྲ་ནི་ཟློག་སྟེ། བྱིས་པ་རྣམས་སྐྲག་པར་བགྱིད་ལགས་པས་གསུང་འདི་ལྟ་བུ་འདིས་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོའི་ངོ་བོའི་ཆོས་ཉིད་བསྟན་པར་མི་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་ཁམས་གསུམ་
ལས་འདས་ཤིང་ཞེས་བྱ་བ་གསུངས་ཏེ། ཁམས་གསུམ་པོ་དག་ལས་འདས་པར་གྱུར་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་པས་ཞེས་བྱ་བ་ནི་ཁམས་གསུམ་གཅིག་ལས་འདས་པ་ཉིད་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་པ་ཡིན་ཏེ། ཁམས་གསུམ་གཅིག་
གི་ཆོས་ཉིད་གང་ཡིན་པ་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཚིག་གི་ལམ་རྡོ་རྗེའི་ཚིག་ཅེས་བྱ་བ་ལ་ཡང་དག་པའི་བདེན་པའོ། །བདེན་པ་མ་ཡིན་པས་ཡང་དག་པ་མ་ཡིན་པ་སྟེ། དེ་སྟོན་པའི་ཚིག་ནི་ཡང་དག་པ་མ་ཡིན་པའི་ཚིག་གོ། །དེའི་ལམ་ནི་རྣམ་
པར་ཐར་པའི་སྒོ་བཞིའི་ངོ་བོའོ། །དེ་ཉིད་རྡོ་རྗེའི་ཚིག་སྟེ་རྣམ་པར་ཐར་པའི་སྒོ་བཞི་བསྒོམས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པས་ན། དེ་ཉིད་གནས་སུ་གྱུར་པའི་ཕྱིར་རྡོ་རྗེའི་ཚིག་ཅེས་བྱ་བའོ། །རིགས་ཀྱི་བུ་དམན་པའི་འདུ་ཤེས་དང་སྨད་པའི་འདུ་ཤེས་འདི་ལྟ་བུ་མ་སྐྱེད་
ཅིག །ཅེས་བྱ་བ་ནི་སྐྱེ་བ་མེད་པར་བསྟན་པས་བྱིས་པ་ཐམས་ཅད་སྐྲག་པར་བྱེད་པ་སྟེ་དེའི་ཕྱིར་དམན་པ་ཡིན་པས་དམན་པའི་འདུ་ཤེས་སོ། །དམན་པ་དེ་ཉིད་ཀྱིས་ནི་སྨད་པ་སྟེ། དེ་ལྟ་བུའི་འདུ་ཤེས་མ་སྐྱེད་ཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། དེ་ལྟ་བུའི་ངོ་བོ་སྟོན་པ་དེ་ལ་ཅིའི་ཕྱིར་
སྨད་པར་མི་བྱ་ཞེ་ན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རིགས་ཀྱི་བུ་འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་མ་སྐྱེས་པར་བསྟན་པ་འདི་ནི་འཚང་རྒྱ་བའི་རྒྱུ་ཡིན་པས་སྤྱོད་པའི་མཆོག་གོ། །དེ་བས་ན་དེ་སྟོན་པས་ན་སྤྱོད་པའི་མཆོག་སྟོན་
เล่ม ๔๖ · หน้า 37b
པར་བྱེད་པས་སྤྱོད་པའི་མཆོག་སྟེ། འདིར་མ་སྐྱེས་པར་བསྒོམ་པ་ལ་སྤྱོད་པའི་མཆོག་ཏུ་བལྟ་བར་བྱའོ། །དེ་ཇི་ལྟར་མ་སྐྱེས་པའི་ངོ་བོ་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་དཔེ་གསུངས་སོ། །ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་
བ་སྟེ་ཞེས་བྱ་བ་དེ་ཡང་མི་གནས་ཏེ། མཁའ་ལ་ཕུང་པོ་ལ་སོགས་པ་གནས་པ། ཕུང་པོ་ལ་སོགས་པ་དེ་དག་ཉིད་ནི་འདོད་པའི་ཁམས་ལ་སོགས་པའི་ངོ་བོ་སྟེ་དེ་བས་ན་དེ་དང་གཞན་གྱི་གཞིར་གྱུར་པས་ན་ཀུན་རྫོབ་ཏུ་ཡང་འདོད་པའི་ཁམས་ལ་སོགས་པ་མེད་དོ། །དེའི་ཕྱིར་འདོད་པའི་ཁམས་ལ་མི་
གནས་སོ། །ས་དང་ཆུ་དང་མེ་དང་རླུང་རྣམས་ལ་ཡང་མི་གནས་ཏེ། དེ་རྣམས་ནི་དེའི་ངོ་བོ་ཉིད་དུ་གྱུར་པས་ན་ནམ་མཁའ་ནི་འདི་ལྟར་ནམ་མཁའ་ཉིད་ཆོས་ཐམས་ཅད་གཞིའི་ངོ་བོའོ། །ཇི་ལྟར་ནམ་མཁའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་དེ་བཞིན་དུ་མ་སྐྱེས་པའི་ངོ་བོ་དེ་བཞིན་ཉིད་ཀྱང་
རིགས་ལྔའི་ངོ་བོའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་སོ། །དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང་ཞེས་བྱ་བ་ནི་རིགས་རྣམ་པ་ལྔ་པོ་ནི་ནམ་མཁའི་གནས་ལྟར་སྐྱེ་བ་མེད་པར་བསྒོམས་པ་ལས་
བྱུང་བ་ཡིན་ནོ་ཞེས་མཁྱེན་པ་ཡིན་ནོ། །བསམ་པ་མཁྱེན་ནས་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུ་བསྒོམ་པ་ནི་སྐལ་བ་དང་ལྡན་པར་མཁྱེན་ནས་གང་དང་གང་ལ་ཞེ་སྡང་ལ་སོགས་པའི་རིགས་སུ་སྣང་བ་སྟེ། གང་ཞེ་སྡང་ལ་སོགས་པའི་རིགས་ཀྱི་སྐལ་བ་དང་ལྡན་པ་ལ་ཞེ་སྡང་གི་རིགས་
ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོར་ནམ་མཁའ་ལྟར་མ་སྐྱེས་པའི་སྦྱོར་བ་བསྟན་ཏོ། །དེ་བས་ན་དམན་པའི་འདུ་ཤེས་དང་སྨད་པའི་འདུ་ཤེས་ཀྱི་ཆོས་བསྟན་པ་འདི་ལ་མ་བྱེད་ཅིག་ཅེས་བསྟན་པ་ཡིན་ནོ། །དེ་དག་ནི་ཆོས་བསྟན་པ་ལ་བྱང་ཆུབ་སེམས་དཔའ་དག་དེ་བཞིན་གཤེགས་
པས་བཟུང་བ་ཡིན་ནོ། །ཇི་ལྟར་ཐེ་ཚོམ་བསལ་བར་བྱ་ཞེ་ན། རིགས་ཀྱི་བུ་དེ་ལྟར་ནམ་མཁའ་ལ་ཚིག་ངེས་པ་བརྗོད་པས་དེ་བཞིན་གཤེགས་པའི་དམ་ཚིག་དེ་དག་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། རིགས་ལྔའི་ངོ་བོའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ནམ་མཁའ་
เล่ม ๔๖ · หน้า 38a
དང་འདྲ་བར་བལྟ་བར་བྱ་སྟེ། ཆོས་ཐམས་ཅད་དོན་དམ་པར་གདོད་མ་ནས་མ་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་སྐུ་རྡོ་རྗེ་ལ་སོགས་པ་འབྱུང་བ་སོ་སོར་སྣང་བར་འགྱུར། གལ་ཏེ་དོན་དམ་པར་ན་ཐམས་ཅད་སྐྱེ་བ་མེད་པའི་ངོ་བོ་ཡིན་ལ། དེ་བས་ན་འཁྲུལ་པ་ཙམ་དུ་
བསྟན་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའི་དཔེ་གསུངས་པ་སྟེ། ཀུན་རྫོབ་ཏུ་སྐྱེ་བ་རྣམ་པར་གཞག་གོ། །དོན་དམ་པར་ནི་མ་ཡིན་ནོ། །འགྲོ་བ་དང་འོང་བ་ལ་སོགས་པས་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པ་མེད་པ་སྟེ། ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དོན་དམ་
པའི་དེ་ཁོ་ན་ཉིད་ཅེས་པ་ནི་དོན་དམ་པ་ཡང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་ཡིན་པ་སྟེ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའོ། །དེ་ཉིད་དམ་ཚིག་སྟེ། དེ་སྐད་ཅེས་བྱ་བའི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་དགུ་པའི་བཤད་པའོ།། །།རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམ་པ་
རྫོགས་ནས་ཟླ་བ་དྲུག་བརྟུལ་ཞུགས་ཡང་དག་པར་སྤྱོད་པའི་རྣལ་འབྱོར་པས་ཞག་བདུན་གྱི་བར་དུ་སྙིང་པོས་ཀུན་དུ་བསྐུལ་ཞིང་རྣལ་འབྱོར་བསྒོམས་ལ་དཀྱིལ་འཁོར་བྲི་སྟེ། སྒྲུབ་པ་ལ་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཐུགས་ཡང་དག་པར་བསྐུལ་བའི་ལེའུ་གསུངས་སོ། །དམ་ཚིག་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་རྡོ་རྗེ་སེམས་དཔའ་སྟེ། དེའི་དེ་ཁོ་ན་ཉིད་ནི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་རྒྱུན་དང་ལྡན་པའི་ཀུན་དུ་བཟང་པོའོ། །དེའི་མངོན་པར་རྫོགས་
པར་བྱང་ཆུབ་པ་ནི་དེ་ཉིད་མངོན་སུམ་དུ་བྱས་པ་སྟེ། དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ལོ། །དེ་ཉིད་སྔགས་སྙིང་ཀུན་བསྡུས་པ། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རང་
བཞིན་གྱི་དངོས་པོའི་ངོ་བོ་ཉིད་ནི་དེ་ཁོ་ན་ཉིད་དོ། །དེ་ཉིད་སྔགས་ཀྱི་སྙིང་པོ་ཀུན་བསྡུས་པ་སྟེ་དེ་ཁོ་ན་ཉིད་བསྒོམས་པས་སྔགས་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་མི་གཡེང་བར་བསྒྲགས་ཞེས་བྱའོ། །དངོས་གྲུབ་ཆེན་པོ་ནི་རིགས་ལྔའི་དངོས་གྲུབ་བོ། །དེའི་
เล่ม ๔๖ · หน้า 38b
ཚུལ་ནི་བསྒོམ་པ་ཉིད་དེ་བས་ན་ཕུལ་དུ་བྱུང་བའི་དངོས་པོ་བས་ན་མཆོག་གོ། །ཉོན་མོངས་ཀུན་གྱི་རྒྱ་མཚོ་གཙོ། །ཞེས་བྱ་བ་ལ་འཁོར་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱ་མཚོའོ། །དེར་བདག་པོར་གྱུར་པས་ན་གཙོ་བོ་ཉིད་དེ། །སེམས་ཅན་ཐམས་ཅད་རྗེས་སུ་སྟོན་པ་པོར་གྱུར་པའོ། །དེ་
ཁོ་ན་ཉིད་ཀྱི་སྔགས་ཀྱི་སྙིང་པོ་ཀུན་བསྡུས་པ་གསུངས་པ་ནི། ལུས་དང་ངག་དང་ཡིད་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྒོམ་ཞེས་བྱ་བ་ཇི་ལྟར་བསྒོམ་ཞེ་ན། རྣམ་པར་མི་རྟོག་ཅེས་བྱ་བ་སྟེ་རྟོག་པ་དང་བྲལ་བའོ། །ཅིའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ཞེ་ན། མི་དམིགས་པ་ཞེས་པའོ། །
མི་དམིགས་པ་ཉིད་བསྟན་པའི་ཕྱིར། །གང་ནའང་མི་གནས་མཉམ་པ་ཉིད། །ཅེས་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་ན་གང་ན་ཡང་མི་གནས་པའོ། །དེ་ལྟར་བསྒོམ་པ་ཡོངས་སུ་རྫོགས་
པའི་རྣལ་འབྱོར་པ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ནི་སེམས་ཅན་གྱི་དོན་ལ་ནུས་པ་ཡིན་ཏེ། དེས་ན་ཐབས་དང་ལྡན་པའི་ཤེས་རབ་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་སྔགས་
ཀུན་བསྡུས་པ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །འདོད་ཆགས་ལ་སོགས་པ་དང་བྲལ་བས་རང་བཞིན་གྱིས་དག་པའོ། །ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ལ་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཅུ་དྲུག་ནི་ཕ་རོལ་ཏུ་
ཕྱིན་པའོ། །དེའི་སྔགས་ཀྱི་ཚུལ་ནི་སྙིང་པོ་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་བསྐྱེད་པའི་ཏིང་ངེ་འཛིན་ལ་དམིགས་པས་ན་ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་ཚུལ་རྡོ་རྗེ་ཞེས་བྱ་སྟེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ཐབས་སུ་གྱུར་པས་དེ་བཞིན་གཤེགས་
པ་ཐམས་ཅད་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་རིག་པའི་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་མཆོག་ཏུ་རོལ་པར་སྟོན་པ་ནི་མ་འོངས་པ་རྣམས་ཀྱང་ཤེས་རབ་དང་ཐབས་ཀྱི་ལམ་དང་ལྡན་པ་འདི་ཉིད་ལ་སྦྱོར་བར་བཞེད་པས་བཅོམ་
เล่ม ๔๖ · หน้า 39a
ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་སྔགས་སྤྱོད་པ་ལ་བརྩོན་པ་རྣམས་ལ་སྤྱན་རས་ཀྱིས་མི་འཚོ་སྟེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་མཉེས་པས། དེ་དག་སྔགས་སྤྱོད་པ་ལ་བརྩོན་པ་རྣམས་ལ་སྤྱན་རས་
ཀྱིས་མི་འཚོའོ་ཞེས་ཁྱད་པར་བསྟན་ཏེ། ཤེས་རབ་དང་ཐབས་སུ་འབྱོར་བས་འགྲོ་བའི་དོན་བྱེད་ནུས་ཀྱི་ཤེས་རབ་འབའ་ཞིག་ཙམ་གྱིས་ནི་མ་ཡིན་ཏེ། དེའི་ཕྱིར་སེམས་ཅན་གྱི་དོན་བྱེད་པར་འདོད་པས་ཤེས་རབ་ཙམ་གྱི་རྣལ་འབྱོར་ནི་བསྒོམ་པར་མི་བྱའོ། །དེ་ལྟར་ཡིན་དུ་ཟིན་ན་ཆོས་གང་ཞིག་
བསྒོམ་ཞེ་ན། གང་གི་སྤྱན་རས་ཀྱིས་འཚོ་བར་འགྱུར་བ་སྟེ། ཀྱེ་མ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པའི་ཚུལ་གྱིས་ཆོས་རྫོགས་པར་གྱུར་ཏོ་སྙམ་ནས་ཞེས་བྱ་བ་གསུངས་ཏེ། ཀྱེ་མའི་སྒྲ་ནི་ངེས་པར་གཟུང་བའོ། །འདི་དག་ཅེས་བྱ་བ་ནི་འོག་ནས་བཤད་པའི་
རིགས་ལྔ་བསྒོམ་པ་ལ་སྦྱོར་བའི་ཡི་གེ་ལྔ་པོ་ཐུགས་ལ་བཞག་ནས་འདི་སྐད་གསུངས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་སྤྱོད་པའི་ཆོས་ནི་ཧཱུཾ་ཨོཾ་ཨཱཿསྭཱ་ཧཱ། ཞེས་བྱ་བ་ཡི་གེ་འདི་ལྔ་བསྒོམ་པ་གང་ཡིན་པ་དེས་མི་བསྐྱོད་པ་ལ་སོགས་པ་ཉི་མ་བདུན་དུ་ཡང་དག་པར་བསྐུལ་བ་ནི་
རྡོ་རྗེ་ཕྲ་མོ་ལ་སོགས་པ་ཡང་དག་པར་བསྒོམས་པས་མཚན་མ་ཐོབ་ནས་དེའི་འོག་ཏུ་ཟླ་བ་དྲུག་བརྟུལ་ཞུགས་ཡང་དག་པར་སྤྱོད་པའི་རྣལ་འབྱོར་པ་ལ་དངོས་གྲུབ་སྩོལ་བའི་ཕྱིར་སྤྱན་རས་ཀྱིས་འཚོ་བར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ་གང་གི་ཕྱིར་འདི་ཡོངས་སུ་རྫོགས་པ་ཡིན་ནོ་སྙམ་
མོ། །སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་དེ་རྣམས་གཟིགས་པར་འགྱུར་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྔགས་ཀྱི་གསང་བ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་བསྟན་པ་ནི་སྔགས་ཐམས་ཅད་ཀྱི་སྙིང་པོ་
ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བ་སྟེ་དེ་ཉིད་ནི་རབ་ཏུ་གསང་བའོ། །རབ་ཏུ་གསང་བ་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ཞེས་གསུངས་པ་ཡིན་ཏེ། སྐུ་རྡོ་རྗེའི་རིགས་ཟློས་པའི་སྐུ་དང་གསུང་དང་ཐུགས་ལ་དམིགས་
เล่ม ๔๖ · หน้า 39b
པའོ། །གཉིས་པས་ནི་མི་བསྐྱོད་པའི་རིགས་སུ་བྱུང་བ་རྣམས་བསྟན་ཏོ། །གསུམ་པས་ནི་གསང་བ་རྡོ་རྗེའི་རིགས་སུ་བྱུང་བ་རྣམས་བསྟན་ཏོ། །ཚིག་གི་ལམ་ངེས་པར་བརྗོད་པ་ཞེས་བྱ་བ་ནི་ཚིག་ཉིད་ལམ་ཡིན་པས་ན་ཚིག་གི་ལམ་སྟེ་སྔགས་སོ། །དེའི་ངེས་པར་བརྗོད་པ་ནི་སྒྲའི་ཚོགས་ཏེ།
ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་རྒྱུ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །དེས་ན་ཚིག་གི་ལམ་ངེས་པར་བརྗོད་པ་དང་བཅས་པའི་སྔགས་བསྡུས་པའི་རིགས་ལྔའི་སྙིང་པོ་རྣམས་གསུངས་སོ་ཞེས་པ་ནི་བཀའ་སྩལ་པའོ། །སྔགས་བསྡུས་པ་འདིའི་མཐུ་བསྟན་པ་ནི་རབ་ཏུ་འདར་ཞིང་ཞེས་
བྱ་བ་ལ་སོགས་ཏེ། འདིས་ནི་ངེས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་དུ་བསྐུལ་བར་འགྱུར་རོ་ཞེས་རྣལ་འབྱོར་པ་རྣམས་ཡིད་ཆེས་བསྐྱེད་པའི་ཕྱིར་བསྟན་པ་ཡིན་ནོ། །དམ་ཚིག་ཅེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་གྲུབ་པར་བྱེད་པའི་ཡི་གེ་ཧཱུཾ་བསྒོམ་པའོ། །བཀོད་པའི་དཀྱིལ་འཁོར་
ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་ཉིད་ཀྱི་ཕྱིར། དེ་ཡི་དབུས་གནས་ཡི་གེ་ཧཱུཾ། །ཞེས་བྱ་བ་གསུངས་ཏེ། རང་གི་
གཟུགས་སུ་ཞེས་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བས་སོ། །ཅིའི་ཕྱིར་ཞེ་ན། འདི་དག་ནི་རིགས་ལྔའི་ངོ་བོ་ཡིན་པས་སོ། །འདིར་ཡང་སྙིང་པོས་ཀུན་དུ་བསྐུལ་བའི་སྦྱོར་བས་རང་གི་ལྷའི་དཀྱིལ་འཁོར་བསྐྱེད་པར་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་རང་གི་ལྷའི་སྦྱོར་བས་
འདུག་ལ། རང་གི་ལྷའི་སྔགས་ཀྱིས་ཕྱོགས་བཞིར་རང་གི་ལྷའི་སྐུ་དག་གཞག་པར་བྱའོ། །དེ་བས་ན། རང་གི་དཀྱིལ་འཁོར་རང་སྔགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིན་ཏུ་མཆོག་ཏུ་གྱུར་པའི་སྙིང་པོས་ཡང་དག་པར་བསྐུལ་བ་གཞན་དག་གསུངས་པ་ནི། སྙིང་གའི་
དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་པས་རང་གི་ལྷའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་རང་གི་ལྷའི་དཀྱིལ་འཁོར་བདག་ཉིད་ཀྱི་སྙིང་གར་བསམ་པར་བྱའོ། །དེའི་ནང་དུ་ཆུད་པའི་ལྷའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དེ་ཉིད་ལས་ཞེ་སྡང་གི་རིགས་
เล่ม ๔๖ · หน้า 40a
ཀྱི་རྣལ་འབྱོར་པས་ནི་རྡོ་རྗེའི་ལྕགས་ཀྱུའོ། །གཏི་མུག་གི་རིགས་ཀྱི་རྣལ་འབྱོར་པས་ནི་འཁོར་ལོའི་ལྕགས་ཀྱུའོ། །འདོད་ཆགས་ཀྱི་རིགས་ཀྱི་རྣལ་འབྱོར་པས་ནི་པདྨའི་ལྕགས་ཀྱུ་བསམ་པར་བྱའོ། །དེ་བས་ན། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །རྡོ་རྗེ་གསུམ་རྣམས་བསྒོམ་
པར་བྱ། །ཞེས་གསུངས་སོ། །དེ་ཡིས་སྙིང་གར་བཏབ་བྱ་སྟེ། །ཞེས་བྱ་བ་ནི་ལྕགས་ཀྱུ་དེས་སོ། །ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ནི་རིན་པོ་ཆེའི་ལྕགས་ཀྱུས་སོ། །དམ་ཚིག་གི་རིགས་ཀྱི་རྣལ་འབྱོར་པས་ནི་རལ་གྲིའི་ལྕགས་ཀྱུས་སྙིང་པོ་ཀུན་ནས་བསྐུལ་བར་བྱའོ། །དེ་
ནས་འདི་སྐད་སྟོན་པར་འགྱུར་ཏེ། རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམས་པས་སེམས་བརྟན་པར་བྱས་ནས་ཟླ་བ་དྲུག་ཏུ་རིག་པའི་བརྟུལ་ཞུགས་ཡང་དག་པར་སྤྱད་ནས་ཉིན་ཞག་བདུན་སྙིང་པོས་བསྐུལ་ནས། བསྐུལ་བའི་རྣལ་འབྱོར་རྣམ་པར་བསྒོམས་ལ་དཀྱིལ་འཁོར་བྲིས་ནས་རྒྱུད་ཕྱི་མ་ལ་
སོགས་པའི་ཚུལ་གྱིས་བསྒྲུབས་ན་སྒྲུབ་པ་པོས་འགྲུབ་པར་འགྱུར་རོ། །དོན་དེ་ཉིད་ནི། ཞག་བདུན་བར་དུ་བྱས་ན་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྙིང་པོ་འདིས་ཀུན་ནས་བསྐུལ་བའི་སྦྱོར་བ་ལས་མི་འདའ་བར་བསྟན་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྔགས་ཀྱི་
སྤྱོད་པའི་དོན་བསྒྲུབས་པས། །ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྤྱོད་པ་སྤྱད་པའི་བྱང་ཆུབ་སེམས་དཔས་སྙིང་པོས་ཀུན་ནས་བསྐུལ་བའི་བར་དུ་ཡང་དག་པར་སྦྱོར་བས་བསྐུལ་བར་གྱུར་པ་ལས། གལ་ཏེ་མི་འགྲུབ་ན་ནི་འདའ་བར་བྱས་པའོ། །
རྨོངས་པའི་རྣམ་པར་རྟོག་པའི་ཡེ་ཤེས་ཅན་ནོ། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཅན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྦྱོར་བ་འདི་ལས་འདའ་བར་མི་མཛད་དོ་ཞེས་པ་སྟེ། འདི་ནི་རྣལ་འབྱོར་པ་རྣམས་ཀྱི་བློ་ངེས་པར་
བྱ་བ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་འདའ་བར་མཛད་པ་དང་འཆི་བར་འགྱུར་བ་མི་སྲིད་དོ། །སྔགས་ཀྱི་སྐྱེས་བུ་ཇི་སྲིད་པ། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྫོགས་པ་
เล่ม ๔๖ · หน้า 40b
སྟེ་ཡོངས་སུ་རྫོགས་པར་བསྒྲུབ་པའོ། །རང་གི་ལྷའི་སྦྱོར་བ་རྣམ་པར་བསྒོམས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེར་ཞུགས་པ་བསྒོམ་པ་ནི་དབང་པོ་གཉིས་ཀྱི་སྦྱོར་བ་སྟེ། དེ་ལྟ་བུའི། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་བྱ་བ་སྟེ་ཕུང་པོ་དང་
ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། ཕྱི་དང་ནང་དུ་བཅས་པ་རྣམས་ནི། དངོས་པོ་ཐམས་ཅད་དེ་དག་ལ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ལ་སོགས་པར་བརྟག་པ་ནི་དངོས་པོ་ཐམས་ཅད་བརྟག་པར་བྱ་བའོ། །དེ་ལྟར་རེ་ཞིག་ངེས་པ་བཟུང་
བ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཐུགས་ཀར་དཀྱིལ་འཁོར་རྣམ་པར་བསམ་པ་དང་སྙིང་པོས་ཀུན་ནས་བསྐུལ་ཞིང་བསྒོམ་པ་གསུངས་ནས། ད་ནི་ལུས་ཡོངས་སུ་མི་སྤོང་ཞིང་འདོད་ཆགས་ལ་སྤྱོད་པ་རྣམས་ལ་འདོད་ཆགས་ཀྱིས་འདོད་ཆགས་སྤང་བའི་བྱིར་རིག་པའི་
ལྷ་མོ་རྣམས་ཀྱི་སྙིང་པོའི་དཀྱིལ་འཁོར་རྣམ་པར་བསམ་པའི་སྦྱོར་བའི་བསྒོམ་པ་ནི། རིག་མ་དབང་ཕྱུག་ཞུགས་པ་ལ། །རྡོ་རྗེ་སྦྱོར་བ་རབ་བསྒོམ་ཞིང་། །ཞེས་གསུངས་པ་ཡིན་ཏེ། སྤྱན་ལ་སོགས་པ་ནི་རིག་མའི་དབང་ཕྱུག་གོ། །དེའི་ཐུགས་ཀར་གཏོགས་པའི་དཀྱིལ་འཁོར་ལ་
ཞུགས་ནས་སྤྱན་ལ་སོགས་པ་དང་རྡོ་རྗེའི་སྦྱོར་བ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མར་ཤེས་པར་བྱའོ། །ཆགས་ལ་ཆགས་པས་བལྟ་བར་བྱ། །ཞེས་བྱ་བ་ནི་རིག་མའི་དབང་ཕྱུག་མོ་དང་སྦྱོར་བའི་དུས་སོ། །གཅིག་པུ་འབའ་ཞིག་སྦྱོར་བ་བསྒོམ་པར་མ་ཟད་ཀྱི་གཞན་
ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སྤྱན་ལ་སོགས་པའི་གཟུགས་རྣམས་རྣམ་པར་བསྒོམ་སྟེ། སྦྱོར་བ་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །བུད་མེད་ཇི་སྙེད་ཡོད་པ་ཀུན། །ཞེས་པ་ལ་སོགས་པ་གསུངས་
སོ། །སྙིང་པོ་བསྐུལ་ཞེས་བྱ་བ་སྟེ། ལེའུ་བཅུ་པའི་བཤད་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་བཞུགས་ཤིང་རང་གི་སྔགས་ཀྱིས་རང་གི་ལྷའི་གཟུགས་སུ་རྣམ་པར་བསམ་པ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱིས་རང་གི་ལུས་དང་ངག་དང་ཡིད་
เล่ม ๔๖ · หน้า 41a
ཨོཾ་དང་ཨཱཿདང་ཧཱུྃ་སྟེ་འདི་དག་གིས་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་བཅུ་གཅིག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་རིག་
པ་རྡོ་རྗེའི་སྐྱེས་བུའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་རྡོ་རྗེའི་
རིག་པའི་སྐྱེས་བུའི་ལེའུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ལ་སོགས་པ་སྟེ་དེ་དག་གི་ཡི་གེ་ཧཱུྃ་ལ་སོགས་པ་ནི་རྡོ་རྗེའི་སྔགས་ཀྱི་རིག་པ་སྟེ། དེ་དག་གི་སྐྱེས་བུ་ནི་ཐུགས་རྡོ་རྗེ་ལ་སོགས་པའོ། །རྡོ་རྗེ་གསུམ་ཡི་གེ་སྔགས་ཀྱི་མཆོག་ཅེས་བྱ་བ་ནི་ཡི་གེ་ཧཱུྃ་ལ་སོགས་པ་འདི་ཉིད་ནི་རྡོ་རྗེའི་
ཡི་གེ་གསུམ་ཞེས་བྱ་སྟེ་དེ་ཉིད་མཆོག་ཡིན་པས་དེ་ལ་རྡོ་རྗེ་གསུམ་ཡི་གེ་སྔགས་ཀྱི་མཆོག་ཅེས་བྱའོ། །ཕྱག་རྒྱ་ཆེན་པོར་རྣམ་བསྒོམ་པ། །ཞེས་བྱ་བ་ནི་ཡི་གེ་ཨོཾ་ལ་སོགས་པས་སྐུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ་པའོ། །བྱང་ཆུབ་ཐམས་ཅད་འཐོབ་པའི་ཕྱིར། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་
ལ་ལྷག་པར་མོས་པ་བྱས་ཏེ་ཡི་གེ་ཨོཾ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡི་གེ་རྡོ་རྗེ་དག་གིས་བྱ། །ཞེས་བྱ་བ་ནི་འདི་ཉིད་ལ་ལྷག་པར་མོས་པར་བྱས་ནས་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྒོམ་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་ཡེ་ཤེས་ཀྱི་རྡོ་རྗེ་དེས་བྱང་ཆུབ་ཐོབ་པར་བྱའོ། །དེ་ཉིད་
ཀྱི་ཕྱིར། ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཨོཾ་རང་གི་སྙིང་གར་བསམས་ལ་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་བསྒོམ་མོ། །དེ་ནས་རང་གི་སེམས་དེ་ཉིད་ཀྱིས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟ་བུ་ལ། དེའི་སྟེང་དུ་ཡང་ཟླ་བའི་དཀྱིལ་འཁོར་ཉིད་དོ། །དེ་
ནས་ཡང་དེ་ཉིད་ལས་རྡོ་རྗེ་ལས་བྱུང་བའི་འཁོར་ལོ་སྟེ་དེའི་ང་རྒྱལ་དུ་བསྒོམས་ལ། འཁོར་ལོའི་འོད་ཟེར་གྱིས་སྒོ་རྣམས་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་སྤྲུལ་ལ་དེ་སླར་ཡང་འཁོར་ལོ་ལ་ཞུགས་པར་བྱའོ། །འཁོར་ལོ་དེ་ནི་རྡོ་རྗེ་སེམས་
เล่ม ๔๖ · หน้า 41b
དཔའ་སྟེ། དེ་ཉིད་སྐུ་རྡོ་རྗེ་ཡང་ཡིན་པས་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསྒོམ་མོ། །ཨཱཿནི་བྱང་ཆུབ་བདག་མེད་པ། །ཞེས་བྱ་བ་ནི་ངག་ལ་ངག་མེད་པར་བསྒོམ་པ་ནི་བྱང་ཆུབ་བདག་མེད་པའོ། །རྡོ་རྗེའི་གསུང་ནི་འཐོབ་བྱེད་པའོ། །ཞེས་པ་ནི་འོད་དཔག་མེད་ཀྱི་ངོ་བོ་ཉིད་འཐོབ་པར་བྱེད་པའོ། །
ཧཱུྃ་ནི་སྐུ་གསུང་ཐུགས་ཡིན་ཏེ། །ཞེས་བྱ་བ་ནི་ཞེ་སྡང་གི་རིགས་ཀྱི་ངོ་བོ་སྟེ། རྣམ་པར་སྣང་མཛད་བསྒོམ་པ་བཞིན་དུ་ཐམས་ཅད་དུ་སྦྱར་ཞིང་བསྒོམ་པར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་བསྒོམ་པར་བྱས་ནས་ཕུང་པོ་ལ་སོགས་པ་ལ་འཇུག་པ་བསྒོམ་པའི་ཕྱིར། བདག་ཉིད་ཀྱི་ཡང་དག་པར་སྦྱོར་
བ་ནམ་མཁའ་རྡོ་རྗེ་ལྟ་བུར་བསྐྱེད་ལ། དེར་སྤྱིའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེའི་དབུས་སུ་རྣམ་པར་སྣང་མཛད་ལ་སོགས་པ་ཏིང་ངེ་འཛིན་གྱིས་འདུག་ལ་རང་གི་སྙིང་གར་ཆུད་པའི་འཁོར་ལོའི་ལྟེ་བ་ལ་གནས་པའི་བྷྲཱུཾ་བསྒོམས་ལ། རྡོ་རྗེ་སྤྲིན་ལས་འབྲུག་སྒྲ་སྒྲོགས་པ་བཞིན་དུ་བསྒོམ་པར་བྱ་སྟེ་དེའི་
ཕྱིར། ནམ་མཁའ་རྡོ་རྗེ་དབུས་གནས་པར། །དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་བསམ། །ཞེས་བྱ་བ་གསུངས་པ་ལ། དཀྱིལ་འཁོར་ནི་སྤྱིའི་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་ནི་རྡོ་རྗེ་ཀུན་ནོ། །དེ་རྣམས་ལས་སྐྱེས་པས་ན་རྡོ་རྗེ་ཀུན་སྐྱེས་ཏེ། ཡི་གེ་བྷྲཱུཾ་མོ། །འདིས་ནི་འདི་ལྟར་སྟོན་ཏེ།
ལྷ་ཐམས་ཅད་ནི་ཡི་གེ་ཧཱུྃ་ཉིད་དོ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །ཨོཾ་ཞེས་བྱ་བ་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་ཞེ་སྡང་གི་རིགས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་དཀྱིལ་འཁོར་ཏེ། མི་བསྐྱོད་པའི་སྦྱོར་བས་ཀྱང་ཡི་གེ་ཨོཾ་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །གསལ་བའི་དཀྱིལ་འཁོར་ནི་
རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཨཱཿབསྒོམ་པར་བྱའོ། །འདིས་འདི་ལྟར་འོད་དཔག་མེད་ཀྱི་རྣལ་འབྱོར་འབའ་ཞིག་ལ་ཡི་གེ་ཨཱཿབསྒོམ་པར་མ་ཟད་ཀྱི། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱིས་ཀྱང་བྱའོ་
ཞེས་སྟོན་ཏོ། །ཆོས་ཀྱི་དཀྱིལ་འཁོར་ནི་འོད་དཔག་མེད་ཀྱི་དཀྱིལ་འཁོར་ཏེ། འོད་དཔག་མེད་ཀྱི་ཐུགས་ཀའི་པདྨ་ལ་གནས་པའི་ཡི་གེ་ཧཱུྃ་བསྒོམ་པར་བྱའོ། །འདིར་ཡང་འདི་ལྟར་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བ་འབའ་ཞིག་ལ་ཡི་གེ་ཧཱུྃ་བསྒོམ་པར་མ་ཟད་ཀྱི། འོད་དཔག་མེད་ཀྱི་སྦྱོར་བ་ལ་ཡང་བྱའོ་
เล่ม ๔๖ · หน้า 42a
ཞེས་སྟོན་ཏོ། །ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གནས་སུ་ཡི་གེ་བྷྲཱུཾ་ལས་དཀྱིལ་འཁོར་དུ་བསམ་པར་བྱའོ། །དེར་དཀྱིལ་འཁོར་གྱི་དབུས་སུ་རང་གི་ལྷའི་སྦྱོར་བ་བྱ་སྟེ། འདུག་ནས་ཡི་གེ་ཨོཾ་ལ་སོགས་པ་བསྒོམ་པར་བྱའོ། །སྙིང་པོ་
དུས་གསུམ་སངས་རྒྱས་ཀྱི། །ཞེས་བྱ་བ་ནི་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་དུས་གསུམ་གྱི་སངས་རྒྱས་ཀྱི་སྙིང་པོ་ནི་ཨོཾ་ཨཱཿཧཱུྃ་ཞེས་བྱ་བ་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིའི་བྱ་བ་ནི། །སྐུ་གསུང་ཐུགས་ནི་མཉེས་བྱེད་པ། །ཞེས་བྱ་བ་གསུངས་ཏེ་ཡི་གེ་ཨོཾ་གྱིས་སྐུ་
རྡོ་རྗེའི་ཚོགས་བཅུག་ལ་རང་གི་ལུས་ཀྱི་ནང་དུ་ཆུད་པར་བསམ་མོ། །དེ་བཞིན་དུ་ཡི་གེ་ཨཱཿས་གསུང་རྡོ་རྗེའི་ཚོགས་བཅུག་ལ་རང་གི་ལྕེའི་ནང་དུ་ཆུད་པར་བསམ་པར་བྱའོ། །ཡི་གེ་ཧཱུྃ་གིས་ཐུགས་རྡོ་རྗེའི་ཚོགས་བཅུག་ལ་རང་གི་སེམས་ཀྱི་ནང་དུ་ཆུད་པར་བསམ་པར་བྱ་སྟེ། དེ་ལྟར་ན་སྐུ་དང་
གསུང་དང་ཐུགས་མཉེས་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། །ཨོཾ་ནི་སངས་རྒྱས་སྐུ་ཡི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་རྡོ་རྗེ་སྤྲུལ་པ་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོས་སོ། །སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །ཞེས་བྱ་བ་ནི་སངས་རྒྱས་ཉིད་འཐོབ་
པའི་རྒྱུར་འགྱུར་བ་དང་སངས་རྒྱས་ཉིད་ནི་འདིའི་འབྲས་བུའོ། །འདི་དག་སངས་རྒྱས་སྐྱེས་བུ་སྟེ། །ཞེས་བྱ་བ་ནི་ཡི་གེ་ཨོཾ་ལ་སོགས་པ་འདི་དག་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དམ་ཚིག་དབང་གིས་
རྫོགས་པར་འགྱུར། །ཞེས་བྱ་བ་ནི་བསྐྱེད་པ་དང་སྤྲོ་བ་དང་བསྡུ་བ་དང་གནས་པ་དང་བརྟན་པར་གྱུར་པ་དག་བྱས་ལ་སྐུ་ལ་སོགས་པ་བསྒོམ་པ་ནི། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ཅེས་པ་ནི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་ཉིད་དམ་ཚིག་གོ། །དེའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ནི་རབ་ཏུ་དགའ་བའི་ཀུན་དུ་བཟང་པོ་ཉིད་དུ་ངེས་པ་སྟེ་དེ་ཉིད་རྡོ་རྗེའོ། །དེས་བྱིན་གྱིས་བརླབ་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་བསྒྲུབ་པའོ། །དེ་ཉིད་མཚན་མར་གྱུར་པས་ན་དཔལ་
เล่ม ๔๖ · หน้า 42b
ལོ། །དེ་ལྟ་བུའི་མིང་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་བྱིན་གྱིས་རློབ་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ། །དབེན་ཞིང་རབ་ཏུ་ཉམས་དགའ་བར། །སྦྱོར་བ་འདི་ནི་ཀུན་
བརྩམས་ན། །ཞེས་བྱ་བ་ནི་འོག་ནས་བཤད་པའི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམས་པས་མཚན་མ་ཐོབ་ནས་ནི་ཟླ་བ་ཕྱེད་ཀྱིས་ངེས་པར་འགྲུབ་པར་འགྱུར་རོ། །གསལ་བའི་དཀྱིལ་འཁོར་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་
བསྐལ་པ་གསུམ་དུ་གནས། །ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ནི་ཚེ་གནས་པར་འགྱུར་བའོ། །གང་གིས་ཤེ་ན། ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ལྔ་པོ་ཅན་གྱི་སྦྱོར་བ་བསྒོམ་པ་ནི་བསྟེན་པའོ། །སྐུ་རྡོ་རྗེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་
དོ། །དེའི་གསང་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་རྡོ་རྗེས་ནམ་མཁའ་ཁྱབ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་སྐུ་རྡོ་རྗེ་འོད་ཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ། །ཨཱཿནི་ངག་གི་ལམ་གཞག་སྟེ། །ཞེས་པ་ནི་འོད་དཔག་མེད་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ལ།
དཀྱིལ་འཁོར་དེའི་དབུས་སུ་འོད་དཔག་མེད་ཀྱི་ང་རྒྱལ་གྱིས་འདུག་ལ་རང་གི་ལྕེ་ལ་ཡི་གེ་ཨཱཿབཞག་སྟེ་བསྒོམ་པར་བྱའོ། །སེམས་ལ་ཡི་གེ་ཧཱུྃ་གནས་པ། །ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཇི་ལྟ་བའི་དབུས་སུ་མི་བསྐྱོད་པའི་སྦྱོར་བའམ་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་
དུ་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བས་རང་གི་སྙིང་གར་ཆུད་པའི་རྡོ་རྗེ་ལ་ཡི་གེ་ཧཱུྃ་བཞག་སྟེ་བསྒོམ་པར་བྱའོ། །རྡོ་རྗེ་ཀུན་དང་རྒྱལ་བའི་གནས། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་ཞེ་སྡང་གི་རིགས་ཀྱི་དཀྱིལ་འཁོར་གྱིས་ནམ་མཁའ་མ་ལུས་པར་གང་བར་བསམ་མོ། །སྟོན་པ་རྡོ་རྗེའི་
ཐུགས་འདྲ་བ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་དེ་ལ་དམིགས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་ལྟ་བུ་ཡོད་པ་གང་ཡིན་པ་དེ་ནི་དེ་སྐད་ཅེས་བྱའོ། །
เล่ม ๔๖ · หน้า 43a
ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཆེན་པོ་བསམ་པར་བྱ། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔར་བདག་ཉིད་བསམ་པར་བྱའོ། །ལུས་རྣམས་ཀུན་ལ་ཁཾ་དམིགས་ན། །ཞེས་བྱ་བ་ནི་སྤྱི་གཙུག་ནས་ནུ་མ་གཉིས་ཀྱི་བར་དང་རྐེད་
པའི་ཕྱོགས་དང་གསང་བ་དང་རྐང་པ་གཉིས་ཏེ་ཡན་ལག་དེ་རྣམས་ལ། ཁཾ་བཀོད་ནས་ཁཾ་ལ་ནམ་མཁའ་བསྒོམ་པར་བྱའོ། །ནམ་མཁའ་རྡོ་རྗེ་དམ་ཚིག་ནི་དཔལ་རྡོ་རྗེ་སེམས་དཔའོ། །རང་སྔགས་སྐྱེས་བུ་རབ་བསམས་ལ། །ཞེས་བྱ་བ་ནི་ཡི་གེ་མཾ་ལས་འཇམ་པའི་དབྱངས་ཀྱི་སྐུའི་རྣལ་
འབྱོར་བསྒོམ་པར་བྱའོ། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱ་བ་ནི་རྡོ་རྗེའི་དཀྱིལ་འཁོར་ཟུར་བཞི་པ་ལ་གསེར་གྱི་མདོག་ཅན་དུ་རྣམ་པར་བསམས་ལ། དེ་ནས་སྙིང་གའི་ཟླ་བ་ལ་ཡི་གེ་ཧཱུྃ་དཀར་པོ་འོད་ཟེར་རབ་ཏུ་འཕྲོ་བ་ལས་འཇམ་དཔལ་དབྱངས་ཀྱི་སྐུ་ཟླ་བའི་འོད་ཀྱི་དཀྱིལ་འཁོར་གྱི་ནང་དུ་
བཞུགས་པར་བསམ་པར་བྱ་ཞིང་ཡི་གེ་ལ་ཐླཱིཾ་འབར་བ་དང་བཅས་པ་ནམ་མཁའ་ལ་རྣམ་པར་བསམས་ནས་དེའི་འོད་ཟེར་གྱི་སྣང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་རྣམས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྒོམས་ལ་སླར་བསྡུ་སྟེ་རྣམ་པར་སྣང་མཛད་དུ་བདག་ཉིད་
བསྒོམ་མོ། །བསྒོམ་པ་འདི་འགྲུབ་པས་ནི་རྣམ་པར་སྣང་མཛད་དང་འདྲ་བར་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །སངས་རྒྱས་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རྡོ་རྗེ་སེམས་དཔའ་རབ་བསྒོམས་ལ། །ཞེས་བྱ་བ་ནི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་
དུ་ཡི་གེ་ཨོཾ། །དེ་ནས་ཆོས་ཐམས་ཅད་བདག་མེད་པ། །དེ་ནས་ཉི་མའི་དཀྱིལ་འཁོར་ལྟ་བུ་ཡང་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨོཾ་ལས་བྱུང་བའི་རྡོ་རྗེ་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་ལ། དེ་ལས་ཀྱང་རྡོ་རྗེ་སེམས་དཔར་གྱུར་པ་ལ་དེ་ཉིད་ཀྱང་མི་བསྐྱོད་པའོ། །དེ་ལྟར་ན་
ཡི་གེ་ཨོཾ་འདིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གྲུབ་པར་སྟོན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རོ། །ནམ་མཁའ་རྡོ་རྗེ་རབ་བསྒོམས་ལ། །ཞེས་བྱ་བ་
เล่ม ๔๖ · หน้า 43b
ནི་སྔར་གསུངས་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལས་རིན་ཆེན་འབྱུང་ལྡན་འབྱུང་བར་རྣམ་པར་བསྒོམ་པར་བྱའོ། །འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ་ནི་སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་ལས་འོད་དཔག་མེད་པའོ། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཨུཏྤལ་
ལས་རྡོ་རྗེ་སེམས་དཔའ་འབྱུང་ལ། རྡོ་རྗེ་སེམས་དཔའ་ལས་དོན་ཡོད་གྲུབ་པ་འབྱུང་བར་བསྒོམ་མོ། །ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལས་བྱུང་
བའི་རྣམ་པར་སྣང་མཛད་རབ་ཏུ་བསྒོམས་ལ། དེ་ནས་དེའི་ཐུགས་ཀའི་རྡོ་རྗེ་ལ་སྐུ་གསུམ་ལས་བྱུང་བ་སྐུ་དང་གསུང་དང་ཐུགས་སྟོན་པར་བྱེད་པའི་ཡི་གེ་ཨོཾ་བསྒོམ་པར་བྱའོ། །མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་དུ་མི་བསྐྱོད་པ་ལ་སོགས་པའི་སྦྱོར་བས་མིག་དང་རྣ་བ་དང་ལུས་དང་
སྙིང་ག་རྣམས་སུ་མངོན་པར་ཤེས་པ་བསྒྲུབ་པའི་སྦྱོར་བས་ཨོཾ་ལས་མི་བསྐྱོད་པ་ལ་སོགས་པའི་གཟུགས་བསམས་ན་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་མིག་དང་རྣ་བ་དང་ལུས་དང་སྙིང་ག་རྣམས་སུ་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པས་མངོན་པར་
ཤེས་པ་ལྔའི་སྦྱོར་བས་བསྒོམས་ན་རྡོ་རྗེའི་མངོན་པར་ཤེས་པ་དང་ལྡན་པར་འགྱུར་རོ། །རྣམ་པར་སྣང་མཛད་དང་གཙུག་ཏོར་གྱི་སྦྱོར་བས་ཡི་གེ་ཨོཾ་མམ་ཡི་གེ་བྷྲཱུྃ་མིག་དང་རྣ་བ་དང་ལུས་དང་སྙིང་ག་རྣམས་སུ་རྡོ་རྗེའི་འོད་ཟེར་འཕྲོ་ཞིང་འཁྲུག་པའི་ཚོགས་ཀྱིས་མངོན་པར་ཤེས་པ་ལྔའི་སྦྱོར་བས་
བསྒོམ་མོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའམ་གཙུག་ཏོར་ཆེན་པོའི་རྣལ་འབྱོར་པས་ནི་ཡི་གེ་ཨོཾ་མམ་ཡི་གེ་བྷྲཱུྃ་གྱིས་ཁ་དོག་ལྔའི་འོད་ཟེར་དང་ལྡན་པའི་འཁོར་ལོ་བདག་ཉིད་རྣམ་པར་བསམས་ལ། དེར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པར་རྣམ་པར་བསྒོམས་ན་གྲུབ་ནས་
ནི་རྫོགས་པའི་སངས་རྒྱས་དང་འདྲ་བར་འགྱུར་རོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་དབུས་སུ་འདུག་སྟེ། རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ་བཞག་ལ་ཨོཾ་དང་སེམས་གཅིག་ཏུ་གྱུར་པར་བྱ་སྟེ། བསྒོམ་པའི་རྣལ་འབྱོར་རྫོགས་ན་རྣམ་པར་སྣང་མཛད་དང་
เล่ม ๔๖ · หน้า 44a
འདྲ་བར་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་མི་བསྐྱོད་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་གྱི་དབུས་སུ་མི་བསྐྱོད་པའི་སྦྱོར་བས་འདུག་
ལ་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཧཱུྃ་བཞག་པ་དེ་དང་སེམས་གཅིག་ཏུ་གྱུར་པར་བྱ་སྟེ་བསྒོམ་པར་བྱའོ། །དེ་བཞིན་དུ་འོད་དཔག་མེད་ཀྱི་དཀྱིལ་འཁོར་དུ་འོད་དཔག་མེད་ཀྱི་སྦྱོར་བས་འདུག་ལ་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨཱཿབཀོད་ལ་ཡི་གེ་ཨཱཿདང་གཅིག་ཏུ་གྱུར་པར་བསམ་མོ། །དེ་ལྟར་བསྒོམས་
ནས་འགོག་པའི་རྡོ་རྗེས་བཟླས་ན་ཡི་གེ་འབུམ་གྱིས་འགྲུབ་པར་འགྱུར་རོ། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །ལུས་ངག་སེམས་ལ་ཡི་གེ་ཨོཾ། །ཞེས་བྱ་བ་ནི་སྙིང་གའི་རྡོ་རྗེ་དང་ལྕེ་དང་ལུས་ཐམས་ཅད་ལའོ། །དེ་བཞིན་དུ་
འོད་དཔག་མེད་ཀྱི་སྦྱོར་བས་འོད་དཔག་མེད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཇི་ལྟ་བ་བཞིན་དུ་འདུག་སྟེ། ཡི་གེ་ཨཱཿས་ལུས་ལ་སོགས་པ་སྟོང་པར་བསྒོམས་ན་འགྲུབ་པར་འགྱུར་རོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པ་དང་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་ཏེ་དེ་དག་གི་སྦྱོར་བས་དཀྱིལ་འཁོར་གྱི་
དབུས་སུ་འདུག་སྟེ། རང་གི་ལུས་ངག་ཡིད་ལ་ཡི་གེ་ཧཱུྃ་བཀོད་ལ་བསྒོམས་ན་རྣལ་འབྱོར་པ་བསྐལ་པའི་བར་དུ་གནས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ལེའུ་བཅུ་གཅིག་པའི་བཤད་པའོ།། །།ཇི་སྐད་གསུངས་པའི་འབྲས་བུ་གྲུབ་པའི་ཕྱིར་ལྷའི་
སྦྱོར་བ་བྱས་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་གསོལ་བ་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་བཅུ་གཉིས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུ་གསུངས་སོ། །མཐོ་རིས་དང་ཐར་པ་ཐོབ་པའི་ཕྱིར་སེམས་ཅན་
གྱི་ཁམས་ལ་སྟོན་པས་སྟོན་པའོ། །སངས་རྒྱས་ཉིད་ལ་སོགས་པ་སྩོལ་ཞིང་འབྱིན་པས་ན་བསྐྱེད་པའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཡེ་ཤེས་མཆོག་སྟེ། དེ་བསྒྲུབ་ཅིང་རྫོགས་པར་མཛད་པའི་ཕྱིར་ཡེ་ཤེས་མཆོག་བསྒྲུབ་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དམ་ཚིག་རྡོ་རྗེ་
เล่ม ๔๖ · หน้า 44b
གསུམ་མོ། །དེ་དག་གི་དེ་ཁོ་ན་ཉིད་ནི་རྡོ་རྗེ་གསུང་སྟེ། བཀའ་སྩལ་པ་ནི་གསུངས་པའོ། །མཁའ་དང་མཚུངས་དང་དམ་ཚིག་འབྱུང་། །རོལ་མོ་འདི་དག་རབ་ཏུ་བསྒོམ། །ཞེས་བྱ་བར་སྦྱར་ཏེ། འབྱུང་བར་འགྱུར་བས་ན་འབྱུང་བ་སྟེ་སེམས་ཅན་ནོ། །སེམས་ཅན་དེ་རྣམས་ཀྱི་ངོ་བོ་ཉིད་ནི་
ནམ་མཁའ་དང་མཚུངས་ཤིང་མཉམ་པས་ན་ནམ་མཁའ་དང་མཚུངས་པ་དང་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་དོན་དམ་པར་སྐྱེ་བ་མེད་པའོ། །དེ་ཉིད་ཀྱི་ཕྱིར། །ཆོས་རྣམས་རང་བཞིན་དག་པ་ལས། །ཞེས་བྱ་བ་གསུངས་སོ། །མ་སྐྱེས་པ་དེ་ཉིད་ཀྱིས་ནི་ཆོས་ཐམས་
ཅད་ཀྱི་ངོ་བོ་ཉིད་ཀྱིས་དག་པ་ཡིན་ནོ། །རོལ་མོ་འདི་དག་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་འཇམ་དཔལ་རྡོ་རྗེ་ལ་སོགས་པ་བསྒོམ་པའི་ངོ་བོ་འོག་ནས་བཤད་པའི་ཡི་གེ་མཾ་ལས་སྔར་གསུངས་པའི་ཚུལ་དུ་འཕགས་པ་འཇམ་དཔལ་དུ་བདག་ཉིད་རྣམ་པར་བསྒོམས་ཏེ། ལུས་དང་ངག་དང་སེམས་
ལ་ཡི་གེ་མཾ་བཀོད་ནས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་འཇམ་པའི་དབྱངས་རབ་ཏུ་བསྒོམས་ན་འཇམ་པའི་དབྱངས་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཕྲ་མོ་བསྒོམས་པས་སེམས་བརྟན་པར་བྱས་ལ་བདུད་རྩི་ལྔ་པོ་ཡི་གེ་མཾ་གྱིས་འཕགས་པ་འཇམ་དཔལ་གྱི་སྐུ་དང་གསུང་དང་
ཐུགས་སུ་བསྒོམས་པས་རབ་ཏུ་འབར་བ་དེ་ལས་རི་ལུར་བྱས་ལ་ལྕགས་གསུམ་གྱིས་དཀྲིས་ཏེ་ཁར་བཅུག་ན་འཕགས་པ་འཇམ་དཔལ་གྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་དུ་འགྲུབ་པར་འགྱུར་རོ། །རྣམ་པར་སྣང་མཛད་དམ་གཙུག་ཏོར་ཆེན་པོའི་སྦྱོར་བ་དག་ལ་ནི་ཡི་གེ་ཨོཾ་མམ་ཡི་
གེ་བྷྲཱུྃ་ལས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོའི་འོད་ཤིན་ཏུ་འབར་ཞིང་འཕྲོ་བར་བདག་ཉིད་བསྒོམ་ཞིང་སངས་རྒྱས་ཐམས་ཅད་ཀྱི་གནས་སུ་བསྒོམས་ན་གྲུབ་པར་གྱུར་ནས་སངས་རྒྱས་ཐམས་ཅད་དང་མཉམ་པར་འགྱུར་རོ། །མི་བསྐྱོད་པའི་སྦྱོར་བའམ་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བས་
རང་གི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུྃ་ལས་བདག་ཉིད་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོར་རྣམ་པར་བསམ་ཞིང་བསྒོམ་པར་བྱའོ། །བསྒོམ་པ་འདིས་གྲུབ་པའི་རྣལ་འབྱོར་པ་ནི་ཐུགས་རྡོ་རྗེ་དང་མཉམ་པར་འགྱུར་རོ། །འོད་དཔག་མེད་ཀྱི་སྦྱོར་བའམ་རྡོ་རྗེ་ཆོས་ཀྱི་
เล่ม ๔๖ · หน้า 45a
སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཡི་གེ་ཨཱཿལས་བདག་ཉིད་པདྨའི་རིགས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་པདྨ་འདབ་མ་བརྒྱད་པར་བསྒོམས་ཏེ། གྲུབ་ན་ཆོས་འཛིན་པར་འགྱུར་རོ། །འོད་ཟེར་སྣ་ལྔའི་མདོག་འདྲའི་མདོག །རང་གི་
སྔགས་ཀྱིས་རལ་གྲི་བསྒོམ། །ཞེས་བྱ་བ་ལ་སོགས་པ་དོན་ཡོད་གྲུབ་པའི་སྦྱོར་བས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་རང་གི་སྔགས་ལས་ལག་པ་གཡས་པར་རལ་གྲི་བསམ་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་
མཚན་མ་ཐོབ་པའི་རྣལ་འབྱོར་པས་རང་གི་ལྷའི་གཟུགས་ལྕགས་གསུམ་གྱིས་དཀྲིས་པ་ཙ་ན་ཀའི་འབྲུ་ཙམ་གྱི་རི་ལུ་བྱས་ལ། ཨོཾ་གྱི་ངོ་བོར་རྣམ་པར་བསམས་ཏེ་རབ་ཏུ་འབར་བ་ཁར་བཅུག་ནས་རང་གི་ལྷའི་སྐུ་རི་ལུའི་ནང་དུ་ཞུགས་པར་བསྒོམས་ན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་འདོད་
ཆགས་དང་ཞེ་སྡང་གི་རིགས་དག་ལ་ཡང་རང་གི་ལྷའི་སྦྱོར་བས་ཡི་གེ་ཨཱཿདང་ཡི་གེ་ཧཱུྃ་དག་ལས་རི་ལུ་བསྒྲུབ་པར་བྱའོ། །མཁའ་དབྱིངས་གསལ་བའི་དཀྱིལ་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་དཀར་པོར་བསམས་ནས་རྣམ་པར་སྣང་
མཛད་ཀྱི་སྦྱོར་བས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་ཡི་གེ་ཨོཾ་ལས་ལག་པ་གཡས་པར་འཁོར་ལོ་བསྐྱེད་ལ་བསྒོམ་པར་བྱའོ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་དབྱིངས་རྡོ་རྗེའི་རང་བཞིན་དུ་རྣམ་པར་བསམས་ལ། དེའི་སྟེང་དུ་མི་བསྐྱོད་
པའི་དཀྱིལ་འཁོར་གྱི་དབུས་སུ་ཇི་ལྟ་བ་བཞིན་དུ་འདུག་ལ་ཡི་གེ་ཧཱུྃ་ལས་ལག་པ་གཡས་པར་རྡོ་རྗེ་བསྐྱེད་ལ་བསྒོམས་ན་རྡོ་རྗེའི་རིག་པ་འཛིན་པར་འགྱུར་རོ། །མཁའ་དབྱིངས་རིན་ཆེན་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་ནམ་མཁའི་དབྱིངས་རིན་པོ་ཆེའི་རང་བཞིན་དུ་རྣམ་པར་
བསམས་ལ་དེའི་སྟེང་དུ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་བསྐྱེད་ལ་ཇི་སྐད་གསུངས་པ་བཞིན་དུ་བསྒོམས་ན་རིན་པོ་ཆེའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་ནམ་མཁའི་དབྱིངས་པདྨའི་རང་བཞིན་དུ་རྣམ་པར་བསམས་ན་དེའི་སྟེང་དུ་པདྨའི་དཀྱིལ་འཁོར་དུ་བསྒོམས་པས་ནི་པདྨའི་
เล่ม ๔๖ · หน้า 45b
རིག་པ་འཛིན་པ་ཉིད་དུ་འགྲུབ་བོ། །ནམ་མཁའི་དབྱིངས་རལ་གྲིའི་རང་བཞིན་དུ་བསྒོམས་ནས་དེའི་སྟེང་དུ་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམས་པས་ནི་རལ་གྲིའི་རིག་པ་འཛིན་པ་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་རྩེ་གསུམ་དང་ཀྱོ་བ་ཏང་ལ་སོགས་བསྒྲུབ་པ་ནི་འཁོར་
ལོ་ལ་སོགས་པའི་སྦྱོར་བ་བཞིན་དུ་བྱའོ། །དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབུས་སུ་སྦྱོར་བ་གསུམ་རིགས་ཀྱི་སྐྱེས་བུ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བདག་ཉིད་བསམས་ནས། ཨོཾ་ཨཱཿཧཱུྃ་སྟེ་འདི་དག་ལས་ལག་པ་གཡས་པར་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྡུལ་
ཕྲ་རབ་རྣམས་ལས་བསྒྲུབ་པའི་རྡོ་རྗེའི་ལྕགས་ཀྱུ་བསམས་ལ། མཚན་མ་ཐོབ་ནས་རླུང་གི་དཀྱིལ་འཁོར་ལ་བཞག་པའི་རྡོ་རྗེ་སེམས་དཔའ་ལྕགས་ཀྱུ་དེས་བཀུག་ལ་རང་གིས་བསྒོམས་པ་ལ་སྦྱར་རོ། །དེ་བཞིན་དུ་ལུས་ཅན་གཞན་དག་ཀྱང་འགུགས་པར་འགྱུར་ཏེ། དེའི་ཕྱིར། །དམ་ཚིག་ལས་
བྱུང་ཕྱོགས་བཅུ་པ། །རྡོ་རྗེས་དགུག་ཅིང་སྤྱད་པར་བྱ། །ཞེས་བྱ་བ་གསུངས་ཏེ། གནོད་སྦྱིན་མོ་ལ་སོགས་པ་དག་ཀྱང་འདིར་ཡི་གེ་ཧཱུྃ་གིས་འགུགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་འདུག་སྟེ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ཡི་གེ་ཨོཾ་
ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པ་ལས་འཁོར་ལོའི་ལྕགས་ཀྱུ་ལག་པ་གཡས་པར་བསྒོམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་དགུག་པར་བྱའོ། །དེ་བཞིན་དུ་འོད་དཔག་མེད་ཀྱི་རྣལ་འབྱོར་པས་འོད་དཔག་མེད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཇི་ལྟ་བ་
བཞིན་དུ་འདུག་སྟེ་ཡི་གེ་ཨཱཿལས་ལྕགས་ཀྱུ་པདྨ་རིགས་ཀྱི་གཟུགས་སུ་རྣམ་པར་བསམས་ལ་འོད་དཔག་མེད་ལ་སོགས་པ་དགུག་པར་བྱའོ། །དེ་བཞིན་དུ་རིན་པོ་ཆེ་དང་རལ་གྲི་དང་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱང་རང་གི་སྔགས་ཀྱི་སྦྱོར་བས་ཐམས་ཅད་འགུགས་པ་འགྲུབ་པར་འགྱུར་
རོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ། །ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པའི་སྐུ་དང་ལྡན་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་
เล่ม ๔๖ · หน้า 46a
པའི་སྐུར་བདག་ཉིད་རྣམ་པར་བསམས་ལ་ལྕགས་ཀྱུ་ལ་སོགས་པ་བསྒྲུབ་པར་བྱའོ། །རྣམ་པ་མཆོག་རྣམས་ཀུན་ལྡན་པའི། །རྡོ་རྗེ་སྐུ་ནི་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་དུ་བསྒོམས་པས་རྣམ་པར་སྣང་མཛད་ལྟ་བུར་འགྱུར་བའོ། །སྔ་མ་ལས་འདིར་ཡང་རྣམ་
པར་སྣང་མཛད་ལ་སོགས་པའི་སྦྱོར་བས་ལྕགས་ཀྱུ་ལ་སོགས་པའི་ཕྱིའི་དངོས་གྲུབ་བསྒྲུབ་པ་སྟེ་འདི་ནི་ཁྱད་པར་རོ། །རྡོ་རྗེ་སྦྱོར་བས་ལྕེ་བསྒོམས་ན། །ཞེས་བྱ་བ་ནི་པདྨའི་རིགས་བསྒོམས་ན། གསུང་རྡོ་རྗེ་དང་མཉམ་པར་འགྱུར་བའོ། །གསང་གསུམ་དམ་ཚིག་མཆོད་པའི་མཆོག །
མཆོད་པའི་གསང་བ་རབ་ཏུ་བསྒྲུབ། །ཅེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ནི་གསང་བ་གསུམ་གྱི་དམ་ཚིག་གི་མཆོག་གོ། །དེ་ཉིད་བསྒྲུབ་པའི་ངོ་བོ་བས་མཆོད་པ་སྟེ། དེས་མཆོད་ལ་གཟུགས་ལ་སོགས་པ་བསྒྲུབ་པར་བྱ་སྟེ། དེ་བཞིན་དུ་
ཐམས་ཅད་དུ་ཡང་མཆོད་ལ་བསྒྲུབ་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ཡང་རེ་ཞིག་ཆོས་དང་ལྡན་པ་རྣམས་ཀྱི་སྒྲུབ་པ་གསུངས་ནས་ད་ནི་བཟའ་བ་མ་ཡིན་པའི་ཟ་བདག་གི་ཡང་བསྟན་པའི་ཕྱིར་ཤ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །ཞེས་བྱ་
བ་ནི་ཞེ་སྡང་གི་རིགས་ཀྱི་སྟེ་ཐམས་ཅད་དུ་ཡང་རབ་ཏུ་འབར་ནས་བཟའ་བ་མ་ཡིན་པ་བཟའ་བར་བྱའོ། །ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཐམས་ཅད་བསམ་པས་རྣམ་པར་བརྟག །ཅེས་བྱ་བ་ནི་དེ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཤིན་ཏུ་སྦྱངས་པ་གསུངས་ཏེ་ཚིག་འདིས་ནི་ཆོས་
དང་ལྡན་པ་རྣམས་ལ་ཡང་ཤ་ལ་སོགས་པ་མེད་ཀྱང་འགྲུབ་པར་འགྱུར་རོ་ཞེས་འགྱོད་པ་སེལ་བར་བྱེད་དོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །བསྒོམ་པར་བྱ་ཞེས་བྱ་བར་སྦྱར་ཏེ་མི་བསྐྱོད་པ་ལ་སོགས་པའི་སྐུར་བདག་ཉིད་རྣམ་པར་བསམ་པའོ། །སྙིང་
གར་ཡེ་ཤེས་དམ་ཚིག་དང་། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དབུ་རྒྱན་རྡོ་རྗེ་མཆོག་འཛིན་པ། །ཞེས་བྱ་བ་ནི་མི་བསྐྱོད་པའོ། །དེ་ལྟར་སྦྱོར་བ་འདི་བསྒོམས་པས་ཅིར་འགྱུར་ཞེ་ན། སངས་རྒྱས་ཐམས་ཅད་མཉེས་འགྱུར་བ། །ཞེས་བྱ་བ་གསུངས་སོ། །རྡོ་རྗེ་འཆང་ཆེན་པོའི་
เล่ม ๔๖ · หน้า 46b
སྦྱོར་བའམ་མི་བསྐྱོད་པའི་སྦྱོར་བས་ཡི་གེ་ཧཱུྃ་རང་གི་ལྕེ་ལ་རྣམ་པར་བསམ་སྟེ། ནམ་མཁའ་བདུད་རྩི་ལྔས་གང་བར་བསམས་ནས། ཡི་གེ་ཧཱུྃ་དང་རྡོ་རྗེའི་འོད་ཟེར་གྱིས་བཀུག་ལ་ཟོས་ན་རྡོ་རྗེ་སེམས་དཔའ་འགྱུར་རོ། །དེ་བཞིན་དུ་འོད་དཔག་མེད་དང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་
པས་ཀྱང་ཡི་གེ་ཨཱཿདང་ཨོཾ་གྱིས་བཀུག་ལ་བཟའ་བར་བྱའོ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ན་དངོས་གྲུབ་གསུང་ཐོབ་འགྱུར། །ཞེས་གསུངས་མོད་ཀྱི་འོན་ཀྱང་འབྲས་བུ་གསུངས་པ་ནི། རྡོ་རྗེ་དམ་ཚིག་གསུམ་བསྒྲུབ་མཆོག །སྐུ་གསུམ་རྡོ་རྗེ་ཅན་དུ་གྱུར། །ཞེས་བྱ་བ་
ཡིན་ནོ། །འཁོར་ལོའི་དམ་ཚིག་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་གསུངས་པའོ། །གངྒཱའི་བྱེ་སྙེད་ཅེས་བྱ་བ་ལ་སོགས་པ་ནི་ཡིད་བཞིན་གྱི་ནོར་བུའི་རིགས་ལ་སོགས་པའི་འབྲས་བུ་གསུངས་པའོ། །ཐམས་ཅད་དམ་ཚིག་མཆོག་ཏུ་འགྲུབ། །ཅེས་བྱ་བ་ནི་ལྷ་ཐམས་
ཅད་ཀྱི་སྐུ་བསྒྲུབ་པའི་རྫུ་འཕྲུལ་དང་ལྡན་པར་འགྱུར་རོ་ཞེས་སྟོན་ཏོ། །གངྒཱའི་བྱེ་སྙེད་སངས་རྒྱས་རྣམས། །ཞེས་བྱ་བ་ལ་སོགས་པ་ནི་ལྷའི་སྦྱོར་བ་བསྒོམས་པའི་སྟོབས་ཉིད་ཀྱིས་ལྷའི་མིག་འདི་ལྟ་བུ་དང་ལྡན་པར་འགྱུར་རོ། །དེ་ལྟ་བུའི་ལྷའི་རྣ་བ་དང་སྔོན་གྱི་གནས་རྗེས་སུ་དྲན་
པའི་ཤེས་པ་དང་གཞན་གྱི་སེམས་ཤེས་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལྟར་བསྒོམས་པའི་སྟོབས་ཀྱིས་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །དེའི་ཚེ་དཀྱིལ་འཁོར་བྲིས་ནས་སྒྲུབ་པ་བྱས་ན་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་
ཕྱིར། །སངས་རྒྱས་མངོན་ཤེས་ལྔ་དོན་གྲུབ། །སངས་རྒྱས་སྐུ་དང་འདྲ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཇི་སྐད་གསུངས་པའི་མངོན་པར་ཤེས་པ་ལྔ་ནི་སངས་རྒྱས་ཀྱི་མངོན་པར་ཤེས་པ་ལྔ་སྟེ། དེའི་དོན་གྲུབ་པ་ནི་སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལ་སོགས་པ་རྫོགས་པའོ། །ནི་ཡི་
སྒྲ་ནི་ངེས་པར་གཟུང་། །ཞེས་ཏེ། སངས་རྒྱས་ཀྱི་མངོན་པར་ཤེས་པས་དོན་འདི་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཡང་། །བདག་ཉིད་མངོན་ཤེས་ལྔར་གྱུར་ན། །བསྒྲུབ་པ་རྣམས་ནི་འགྲུབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ལྷའི་སྦྱོར་བ་བྱས་ལ་བསྒོམས་
เล่ม ๔๖ · หน้า 47a
ནས་གང་གི་ཚེ་མངོན་པར་ཤེས་པ་ལ་སོགས་པ་དང་ལྡན་པའི་སྦྱོར་བས་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །བསྙེན་པའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་སྒྲུབ་པའི་ཐབས་གསུངས་པ་སྟེ། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཤེས་ནས་ལས་རྣམས་བསྒྲུབ་པར་
བྱ། །ཞེས་བྱ་བར་སྦྱར་ཏེ་རང་གི་སྔགས་རང་གི་སྙིང་གར་བཀོད་ལ་དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་ལས་ཟླ་བའི་དཀྱིལ་འཁོར་ལྟ་བུའམ། ཉི་མའི་དཀྱིལ་འཁོར་གྱི་བདག་ཉིད་ལ་དེའི་སྟེང་དུ་ཡང་ཟླ་བའི་དཀྱིལ་
འཁོར་དེ་ཉིད་དང་ཉི་མའི་དཀྱིལ་འཁོར་དེ་ཉིད་དོ། །དེའི་སྟེང་དུ་དེ་ཉིད་ལ་རྡོ་རྗེ་འབྱུང་བ་ནི་རང་གི་ཕྱག་རྒྱའོ། །ཕྱག་རྒྱའི་དབུས་སུ་རང་གི་སྔགས་བཀོད་ལ་རང་གི་ཕྱག་རྒྱར་ང་རྒྱལ་བསྐྱེད་པ་བསྒོམས་ནས་ཕྱག་རྒྱའི་འོད་ཟེར་གྱི་སྒོ་རྣམས་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་
རབ་དང་མཉམ་པའི་རང་གི་རིགས་ཀྱི་ལྷ་སྤྲུལ་ནས་དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་དེ་དག་ཕྱག་རྒྱ་དེའི་གཟུགས་སུ་ཞུགས་པས་ཕྱག་རྒྱའི་གཟུགས་རྡོ་རྗེ་སེམས་དཔའ་སྟེ། དེ་ཉིད་རང་གི་ལྷའི་གཟུགས་སུ་བསམ་པ་འདི་ནི་བསྙེན་པའི་དམ་ཚིག་གི་སྦྱོར་བའོ། །དེ་ཡང་།
བསྙེན་པའི་ཡེ་ཤེས་བདུད་རྩི་དག །ཐམས་ཅད་དུ་ནི་བརྟག་པར་བྱ། །ཞེས་བཤད་པས་སོ། །དེ་ལྟར་བཤད་མ་ཐག་པའི་བསྙེན་པའི་དམ་ཚིག་གིས་འདོད་པའི་ལྷའི་སྐུ་གསུང་ཐུགས་ལ་རྣལ་འབྱོར་པས་སྦྱོར་བ་ཉིད་དུ་བྱས་ལ་རྣལ་འབྱོར་པས་སྐུ་རྡོ་རྗེ་ཀུན་དུ་བསྐུལ་ཏེ་བྱིན་གྱིས་བརླབ་པར་བྱས་ན་
རྡོ་རྗེའི་སྐྱེ་མཆེད་གཞུག་པ་བསྒོམ་པར་བྱ་སྟེ། དེ་བས་ན། །ཉེ་བར་སྒྲུབ་པ་འབྱུང་བ་དང་། །ཞེས་བྱ་བ་གསུངས་པ་དང་། །དེ་བཞིན་དུ། །ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་གསུངས་པས་ཉེ་བར་སྒྲུབ་པ་ནི་སྐུ་རྡོ་རྗེ་བྱིན་གྱིས་བརླབ་པའི་མཚན་ཉིད་དང་
སྐྱེ་མཆེད་གཞུག་པའི་མཚན་ཉིད་དེ། དེ་འབྱུང་བ་ནི་ཉེ་བར་སྒྲུབ་པ་འབྱུང་བའོ། །དེ་རྣམས་ཞེས་པ་ནི། སྒྲུབ་པའི་དོན་གྱི་དམ་ཚིག་དང་། །ཞེས་བྱ་བ་སྟེ་འདི་ཉིད་བསྒྲུབ་པར་བྱ་བ་ཡིན་པས་ན་བསྒྲུབ་པ་སྟེ་སྔགས་སོ། །དེའི་དོན་ནི་སྒྲུབ་པའི་དོན་ཏོ། །དེ་ཉིད་དམ་ཚིག་ཡིན་པས་ན་སྒྲུབ་
เล่ม ๔๖ · หน้า 47b
པའི་དོན་གྱི་དམ་ཚིག་གོ། །དང་ཞེས་བྱ་བའི་སྒྲ་ནི་སྡུད་པ་སྟེ། སྔགས་ཀྱི་བདག་པོས་ཀུན་ནས་བསྐུལ་ཏེ། བདག་ཉིད་ཀྱི་ལྕེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་ཏེ། སྔགས་ཀྱི་བདག་པོ་བསྒོམས་པ་ཡིན། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །ཞེས་གསུངས་པས་སོ། །སྒྲུབ་
པ་ཆེན་པོ་བདག་དང་བཞི། །ཞེས་བྱ་བ་ནི་སྒྲུབ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྒྲུབ་པ་ཆེན་པོ་སྟེ། ཐུགས་རྗེ་ཡང་དག་པར་བསྐུལ་ནས་བདག་ཉིད་བྱིན་གྱིས་བརླབ་སྟེ། དབུ་རྒྱན་ལ་བདག་པོ་བསྒོམ་པའོ། །རྡོ་རྗེ་བྱེ་བྲག་ཤེས་བྱས་ལ། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་རིགས་
ལྔའི་བྱེ་བྲག་ཤེས་པར་བྱས་པའོ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རྒྱུད་འདི་ལས་ལས་གང་དག་བསྟན་པ་དེ་དག་བསྒྲུབ་པར་བྱའོ་ཞེས་པའོ། །བསྙེན་པའི་དམ་ཚིག་གི་སྦྱོར་བ་གསུངས་པ། །བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་བྱ་བ་
ཇི་སྐད་གསུངས་པའི་ཐབས་དང་ཤེས་རབ་ཀྱི་ངོ་བོ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་སྒྲུབ་པ་རྣམ་པར་དབྱེ་བའི་ཕྱིར། ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་བྱ་བ་གསུངས་ཏེ། དེ་ལྟར་བསྙེན་པའི་དམ་ཚིག་
བསྒོམས་ནས་ཡི་གེ་ཨོཾ་ལ་སོགས་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གཞུག་སྟེ། ལཱྃ་མཱྃ་པཱྃ་ཏཱྃ་ཧཱུྃ་ཞེས་བྱ་བའི་ས་བོན་རྣམས་ལས་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ལས་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་། སྒྲོལ་མ་དང་། རྡོ་རྗེ་སེམས་དཔའི་ངོ་བོར་རང་གི་ལུས་ལ་གཞུག་
པར་བསམ་པའམ་སྤྱན་ལ་སོགས་པའི་སྔགས་ཀྱིས་བྱའོ། །རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པ་དང་མི་བསྐྱོད་པ་རྣམས་གཟུགས་དང་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ངོ་བོར་ཕུང་པོ་ལ་གཞུག་པ་དང་
མིག་གི་སྐྱེ་མཆེད་ལ་ཡི་གེ་ཀྵིྃ་ལས་སའི་སྙིང་པོ། །རྣ་བའི་སྐྱེ་མཆེད་ལ་ཡི་གེ་ཛིཾ་ལས་རྡོ་རྗེ་འཛིན་པ། སྣའི་སྐྱེ་མཆེད་ལ་ཡི་གེ་ཁྃ་ལས་ནམ་མཁའི་སྙིང་པོ། །ལྕེའི་སྐྱེ་མཆེད་ལ་ཡི་གེ་པྃ་ལས་འཇིག་རྟེན་དབང་ཕྱུག །ལུས་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་སྐྱེ་མཆེད་ལ་སྐུ་རྡོ་རྗེ་དང་ཐུགས་རྡོ་རྗེ་རང་གི་
เล่ม ๔๖ · หน้า 48a
ས་བོན་གྱིས་གཞུག་ལ་བྱིན་གྱིས་བརླབ་པའོ། །གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ནི་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཞེས་བྱ་བའི་ས་བོན་གྱིས་གཞུག་པར་བྱིན་གྱིས་བརླབས་ལ། དེ་ནས་བྱིན་གྱིས་བརླབ་པའི་གསོལ་བ་བྱས་ནས་སྔགས་གསུམ་
གྱིས་བྱིན་གྱིས་བརླབས་ལ། དེའི་འོག་ཏུ་ཕྱིས་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་ཞིང་ཡི་གེ་ཨོཾ་ལ་སོགས་པ་རྣམ་པར་བསྒོམ་པར་བྱ་སྟེ། འདི་ནི་རྡོ་རྗེ་སྐྱེ་མཆེད་རྣམ་པར་སྤྱད་པ་ཞེས་བྱའོ། །བསྒྲུབ་པའི་དོན་གྱི་དམ་ཚིག་གསུངས་པ་ནི། །སྔགས་ཀྱི་བདག་པོ་བསྒོམ་པ་ཡིས། །བསྒྲུབ་པའི་ཚེ་
ན་བསྐུལ་བར་གསུངས། །ཞེས་བྱ་བ་ནི་གསུང་རྡོ་རྗེ་ནི་སྔགས་ཀྱི་བདག་པོའོ། །དེ་ནི་རྒྱུད་ཕྱི་མ་ལས་བཤད་པའི་ཚུལ་གྱིས་ཡང་དག་པར་བསྐུལ་ཞིང་བསྒོམ་པར་བྱ་སྟེ། འདི་ནི་སྒྲུབ་པའི་དོན་གྱི་དམ་ཚིག་གོ། །སྒྲུབ་པ་ཆེན་པོའི་དུས་སུ་ནི་ཐུགས་རྡོ་རྗེ་ཡང་དག་པར་བསྐུལ་ཏེ། རང་གི་སེམས་
བྱིན་གྱིས་བརླབ་པ་བྱས་ལ། རང་གི་ལྷའི་གཟུགས་སུ་ངེས་པར་བྱས་ནས་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་ལ་བསྒོམ་པར་བྱ་བ་འདི་ནི་སྒྲུབ་པ་ཆེན་པོའོ། །བསྙེན་པ་ཇི་ལྟར་བྱ་ཞེ་ན། བསྙེན་པ་ཡེ་ཤེས་བདུད་རྩི་དག །ཐམས་ཅད་དུ་ནི་བརྟག་པར་བྱ། །ཞེས་བྱ་བ་གསུངས་ཏེ། བསྒོམ་པའི་ཡེ་ཤེས་
རྣམ་པ་ལྔ་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་བདུད་རྩི་སྟེ་དེས་བྱའི་གཞན་གྱིས་ནི་མ་ཡིན་ནོ། །ཡང་ན་རྡོ་རྗེ་བཞི་དག་གིས། །བརྟུལ་ཞུགས་བརྟེན་པས་བསྙེན་པར་བྱ། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་གྱི་དབུས་སུ་རང་གི་ལྷའི་སྦྱོར་བས་འདུག་སྟེ། ཕྱོགས་བཞིར་རང་གི་ལྷའི་
གཟུགས་རྣམ་པར་བསམས་ལ་བསྙེན་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། སྐུ་གསུམ་མཉམ་པ་ཉིད་གྱུར་པ། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ་ཐུན་མཚམས་ཀྱི་ངེས་པ་དང་རྡོ་རྗེ་བཞིའི་ངེས་པ་ནི། དུས་བཞི་དག་ཏུ་རབ་སྦྱར་བས། །བློ་དང་ལྡན་པས་གནས་ལྔར་ནི། །
ཞེས་བྱ་བ་གསུངས་པས་སོ། །ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ། །བསྒོམས་ན་སྡོམ་པ་ཡིན་པར་བཤད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་རྣལ་འབྱོར་པས་ཡི་གེ་ཨོཾ་ལས་གནས་ལྔར་དེ་བཞིན་གཤེགས་པའི་སྐུར་བསམ་པར་བྱའོ། །སྡོམ་པ་ཡིན་པར་བཤད་ཅེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་
เล่ม ๔๖ · หน้า 48b
རྡོ་རྗེའི་སྒོ་ནི་སྡོམ་པ་སྟེ་དེ་ལ་གནས་ཤིང་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྙེན་པའི་དམ་ཚིག་དང་སྡོམ་པ་བསྟན་ནས་ཉེ་བར་སྒྲུབ་པའི་སྡོམ་པ་གསུངས་པ་ནི། །སངས་རྒྱས་སྐུ་འཛིན་དཔལ་དང་ལྡན། །ཞེས་བྱ་བ་ལ་སོགས་པ་སྟེ་སངས་རྒྱས་ཀྱི་སྐུ་འཛིན་པ་ནི་སྐུའི་
རྡོ་རྗེའོ། །རྡོ་རྗེ་མི་ཕྱེད་གསུམ་འཛིན་པ། །ཞེས་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་ཕྱེད་པས་ཕུང་པོ་ལ་སོགས་པ་རྣམས་མི་ཕྱེད་པར་མཛད་པ་སྟེ། སྒྲུབ་པ་པོ་དེ་དག་ཀྱང་རྡོ་རྗེ་གསུམ་མི་ཕྱེད་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སྐུ་རྡོ་རྗེ་དང་འབྲེལ་བར་གསོལ་བ་འདེབས་པའོ། །གསུང་རྡོ་རྗེ་
དང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་གསོལ་བ་ཡང་དེ་བཞིན་དུ་བྱའོ། །དེ་ལྟར་བྱིན་གྱིས་བརླབ་པར་གསོལ་པ་བྱས་པས་སྐུ་རྡོ་རྗེ་ལ་སོགས་པ་ངེས་པར་བྱིན་གྱིས་བརླབ་པར་མཛད་དོ་ཞེས་ཡིད་རྟོན་པ་བསྐྱེད་པའི་ཕྱིར། །སངས་རྒྱས་རྡོ་རྗེ་སེམས་དཔའ་འམ། །ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །རྨོངས་པས་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །རྡོ་རྗེ་སྦྱོར་བའི་དམ་ཚིག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་སྦྱོར་བས་ན་རྡོ་རྗེའི་སྦྱོར་བ་སྟེ་དེ་ཉིད་དམ་ཚིག་གོ། །དེ་ཉིད་སྒྲུབ་པའི་མཆོག་སྟེ་ཕུལ་དུ་བྱུང་བའོ། །དེ་བསྟན་པ་ནི་ཇི་སྐད་དུ་
གསུངས་པའི་གཞུང་གིས་བཤད་པ་སྟེ་དེ་ཉིད་ལེའུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བའི་དམ་ཚིག་སྒྲུབ་པའི་མཆོག་བསྟན་པ། ལེའུ་བཅུ་གཉིས་པའི་བཤད་པའོ།། །།སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དུ་ངེས་པར་བྱས་ནས་བཟླས་པའམ་བསྒོམ་པར་
བྱའོ་ཞེས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དམ་ཚིག་བཀོད་པའི་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་བྱང་ཆུབ་པའི་ལེའུ་གསུངས་སོ། །ཡེ་ཤེས་རྡོ་རྗེ་མཆོག་འཛིན་དང་། །ཞེས་བྱ་བ་ནི་ཡེ་ཤེས་ཉིད་རྡོ་རྗེ་ཡིན་པས་ན་ཡེ་ཤེས་རྡོ་རྗེ་སྟེ། དེ་བཞིན་དུ་རོ་གཅིག་པའི་གཉིས་སུ་མེད་པའི་ཡེ་ཤེས་
སོ། །དེ་ཉིད་ཕུལ་དུ་གྱུར་པས་ན་མཆོག་གོ། །དེ་ལ་མི་གཡེང་བས་སྦྱོར་བས་ན་འཛིན་པའོ། །དམ་ཚིག་དེ་ཉིད་མཁྱེན་པ་མཆོད། །ཅེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དམ་ཚིག་སྟེ། དེ་ཁོ་ན་ཉིད་མཁྱེན་པའི་རྡོ་རྗེ་ཅན་གང་ཡིན་པ་དེ་ལ་གཟུགས་ལ་སོགས་པས་ཡང་དག་པར་མཆོད་ནས་རྡོ་རྗེ་
เล่ม ๔๖ · หน้า 49a
དབྱིངས་འདི་གསུངས་སོ། །ཨེ་མའོ་སངས་རྒྱས་ཚུལ་རེ་བཟང་། །ཞེས་བྱ་བ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་རོ། །སྐུ་ལ་སོགས་པ་མ་སྐྱེས་པར་བསྒོམ་པས་ཟློས་པ་ནི་སངས་རྒྱས་ཀྱི་ཚུལ་ཏེ། བྱང་ཆུབ་ཀྱི་ཚུལ་ཡང་དེ་ཉིད་དོ། །སྟོབས་དང་མི་འཇིགས་པ་ལ་སོགས་
པའི་ཆོས་རྣམས་ནི་ཚུལ་ཀྱི་ཚུལ་ཞི་བའོ། །མ་སྐྱེས་པར་བསྒོམ་པ་འདི་ཉིད་ཀྱིས་སྔགས་རྣམས་ངེས་པར་འགྲུབ་པར་འགྱུར་བས་ན་སྔགས་ཀྱི་ཚུལ་རེ་བསྟན་ཞེས་བྱའོ། །འདིར་ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན། མ་སྐྱེས་པའི་ཆོས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཕུང་པོ་ལ་སོགས་པའི་ཆོས་རྣམས་ནི་མ་སྐྱེས་པ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ལ་དེ་དག་གི་ངོ་བོ་ཉིད་ནི་ཁྱད་པར་ཅན་ཏེ་དེ་ལྟ་བུའི་ཡེ་ཤེས་འབྱུང་བར་རབ་ཏུ་བཤད་པ་འདི་ནི་ངོ་མཚར་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ལ་ལྷག་པར་མོས་པས་སྔགས་ཟློས་པ་ནི་རྡོ་རྗེའི་བཟླས་
པའོ། །དེ་ཉིད་ནི་ཡེ་ཤེས་ཆེན་པོའོ། །སྐུ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་དེ་དག་ནི་མི་ཕྱེད་པའོ། །དཀྱིལ་འཁོར་ནི་སྙིང་པོའོ། །མི་ཕྱེད་པའི་སྐུ་གསུམ་གྱི་མཚན་ཉིད་ཐོབ་པ་དང་། སངས་རྒྱས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ནི་བཟླས་པའི་འབྲས་བུ་གསུངས་པའོ། །
སྐུ་དང་གསུང་དང་ཐུགས་འཕྲོ་བའི་སྦྱོར་བ་ནི་རྡོ་རྗེ་བཟླས་པའི་སྦྱོར་བ་སྟེ་རྡོ་རྗེ་བཟླས་པའི་སྦྱོར་བ་དེས་སྒྲུབ་པ་པོ་ལ་སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ་པའི་ཡེ་ཤེས་རྒྱ་མཚོའི་རིགས་དང་མཚན་ཉིད་དང་སྐུ་དང་གསུང་དང་ཐུགས་ལ་ཡོད་པའི་མཚན་ཉིད་གསན་པ་དེ་བཤད་དུ་གསོལ་ཞེས་པའོ། །འདས་
པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་རྡོ་རྗེ་བཟླས་པ་འདི་ཉིད་ལས་བྱུང་བ་དང་འབྱུང་བ་དང་འབྱུང་བར་འགྱུར་བ་ཡིན་པས་བཤད་དུ་གསོལ་པའོ། །སྔགས་ཀྱི་དོན་ཀུན་བཟླས་པ་ནི། །ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་དོན་ལ་ལྷག་པར་མོས་
པས་བཟླས་པ་ནི་སྔགས་ཀྱི་དོན་ཀུན་བཟླས་པའོ། །དེ་ཡང་། །རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན། །བཀོད་པ་རྡོ་རྗེ་གསུམ་གྱིས་བྱ། །ཞེས་བྱ་བར་སྦྱར་ཏེ་སྐུ་དང་གསུང་དང་ཐུགས་མ་སྐྱེས་པའི་སྦྱོར་བར་གཅིག་པར་བྱས་པས་ན། རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན། །ཞེས་བྱའོ། །དོན་དེ་ཉིད་ནི་རྡོ་རྗེ་དབྱེ་
เล่ม ๔๖ · หน้า 49b
བ་གསུམ་གྱི་མཐར་བཀོད་པ་ཞེས་བྱ་བ་གསུངས་ཏེ། ལུས་ལ་ལུས་མེད་པར་བསྒོམ་པ་ལ་སོགས་པས་རང་གི་ལུས་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་དེ་ཉིད་ཀྱི་དོན་གསལ་བར་བསྟན་པར་བྱ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ་བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་སྐུ་ལ་སོགས་པའི་ངོ་བོར་ངེས་པར་བྱས་ནས་རྣམ་པ་གསུམ་དུ་སྤྲོ་བར་བྱ་སྟེ། སྦྱོར་བ་འདིས་རྣལ་འབྱོར་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང་མཉམ་པར་གྱུར་ཏེ། འདི་ནི་ཐུགས་རྡོ་རྗེའི་སྦྱོར་བའོ། །སྐུ་རྡོ་རྗེའི་ནི། །སངས་རྒྱས་རྣམས་ཀྱི་སྐུ་
གསུང་ཐུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསྒོམས་ནས་ཞེས་བྱ་བ་ནི་རང་གི་རྒྱུད་ལའོ། །མཆོད་པའི་མཆོག་བརྟག་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཆོད་པ་སེམས་ཉིད་ཀྱིས་བརྟག་པར་བྱའོ། །གསུང་རྡོ་རྗེ་ནི་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་
གསུངས་པ་སྟེ། ཡེ་ཤེས་རྡོ་རྗེའི་ཞེས་བྱ་བ་ནི་གསུང་རྡོ་རྗེའི་དོན་བསྒོམས་པས་སོ། །དེ་ལྟར་སོ་སོའི་བསྟན་ནས། ད་ནི་རེ་རེའི་སྦྱོར་བ་ལ་ཡང་སྐུ་དང་གསུང་དང་ཐུགས་སྤྲོ་བ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་སེམས་ཀྱིས་ཞེས་བྱ་བ་ནི་བསྒོམ་པའི་སེམས་སོ། །ཅི་
འདི་འབའ་ཞིག་གིས་སམ་ཞེ་ན། །གདོད་ནས་རྡོ་རྗེ་སྤྲོ་བ་ནི། །ཞེས་བྱ་བ་གསུངས་ཏེ། རང་གི་སྔགས་བརྗོད་ནས་སྤྲོས་པས་ནམ་མཁའ་འདི་དག་ཐམས་ཅད་ཁྱབ་པའོ། །དེ་ཉིད་ཀྱི་ཕྱིར། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །ཞེས་བྱ་བ་གསུངས་སོ། །ད་ནི་སྐུ་ལ་སོགས་པའི་བསྒོམ་པ་གསུངས་པ་
ནི། །སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །དངོས་དང་དངོས་མེད་རྣམས་དཔྱད་པ། །ཞེས་བྱ་བ་སྟེ། ལུས་ལ་ལུས་མེད་པར་བསྒོམ་པ་ནི་སྐུ་རྡོ་རྗེའི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །སྒྲ་རྣམས་བྲག་ཅ་དང་འདྲ་བར་བསྒོམ་པ་ནི་སྒྲ་ལ་སྒྲ་མེད་པར་རྣམ་པར་དཔྱད་པའོ། །གནས་པའི་རྡོ་རྗེ་རྣམ་
དཔྱད་པ། །ཞེས་བྱ་བ་ལ་གནས་པའི་རྡོ་རྗེ་ནི་དེ་བཞིན་དུ་རོ་གཅིག་པའི་ཡེ་ཤེས་བསྒོམ་པའོ། །དོན་རྟོགས་པའི་བཟླས་པ་ནི་རིན་པོ་ཆེའི་རིགས་ཀྱི་སྔགས་ནམ་མཁའ་དང་མཉམ་པར་བསྒོམ་པ་ནི་དོན་རྟོགས་པ་སྟེ་དེ་ཉིད་ཀྱི་ཕྱིར། ངོ་བོ་ཉིད་མེད་བཟང་པོ་ཡིན། །དུས་གསུམ་དག་ལ་རྣམ་བརྟག་
เล่ม ๔๖ · หน้า 50a
པ། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དངོས་པོ་མེད་པར་བསྒོམ་པ་འདི་ནི་རིན་པོ་ཆེའི་རིགས་ཀྱི་བཟླས་པའི་མཚན་ཉིད་དོ། །སངས་རྒྱས་ཞིང་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་རིགས་ཀྱི་བཟླས་པའོ། །ཧཱུྃ་དང་བཅས་པ་དང་ཕཊ་
དང་བཅས་པའི་སྒྲ་ཐོས་པར་ཁྲོ་བོའི་བཟླས་པ་བྱའོ། །འདོད་པའི་དོན་གྱིས་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་དོན་གྱིས་སོ། །མྱོས་གྱུར་པ་ཞེས་བྱ་བ་ནི་དེ་ལ་འབེབས་པར་འགྱུར་བའོ། །ཀུན་དུ་སྐྱོབ་ཅིང་ཕན་པར་དགའ། །ཞེས་བྱ་བ་ནི་སེམས་ཅན་རྣམས་སངས་རྒྱས་ཀྱི་བདེ་བས་ཚིམ་པར་འདོད་
པའི་རྣལ་འབྱོར་པའོ། །སེམས་ཅན་རྒྱ་མཚོ་གནས་པ་ནི། །ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་ཐམས་ཅད་དེ་བཞིན་གཤེགས་པ་རིགས་སུ་ངེས་པར་བྱས་པ་ལ་དགའ་བ་བསྐྱེད་དེ་བཟླས་བརྗོད་བྱ་བའོ། །པདྨའི་རིགས་ཀྱི་ངོ་བོར་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་བསམས་ལ་སྙིང་རྗེ་ཆེན་
པོའི་ཆགས་པས་བཟླས་པར་བྱའོ། །བཅོས་མའི་ཁྲོ་བོ་བསྐྱེད་པ་ནི་ཐབས་དང་སྙིང་རྗེའི་ཞེ་སྡང་སྟེ་དེ་ལས་བྱུང་བ་ནི་སྐྱེད་པ་སྟེ། དེས་སེམས་ཅན་ཐམས་ཅད་ཞེ་སྡང་གི་རིགས་སུ་རྣམ་པར་བསམས་ཏེ་བཟླས་པ་བྱའོ། །དམ་ཚིག་ཡང་དག་རྡོ་རྗེ་གསུམ། །དབུ་མ་ཞེས་པ་ནི་གང་ཡང་ཁྲོ་བོ་ལ་སོགས་
པའི་ངོ་བོར་མ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོར་ལྷག་པར་མོས་པའོ། །འདོད་ཆགས་ཡང་དག་ཅེས་བྱ་བ་ནི་སྦྱོར་བ་བསྒོམ་པའི་ཆགས་པ་ནི་འདོད་ཆགས་སོ། །དེའི་ཡང་དག་པ་ཉིད་ནི་འདོད་ཆགས་ཡང་དག་པ་སྟེ། དོན་དམ་པར་དངོས་པོ་མེད་པའི་
ངོ་བོ་ཉིད་དོ། །རྡོ་རྗེ་བདག་པོ་ཞེས་བྱ་བ་ནི་རིགས་ལྔའི་བདག་པོའོ། །འདོད་ཆགས་བྱང་ཆུབ་རྫོགས་པར་མཛད། །ཅེས་བྱ་བ་ནི་མིག་ཡོར་ཙམ་དུ་སྦྱོར་བའི་བསྒོམ་པས་བྱང་ཆུབ་པར་གདུལ་བྱའི་རྒྱུད་ལ་སྒྲུབ་པར་མཛད་པའོ། །རིགས་པ་ཆེན་པོ་སྤྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་བརྩོན་པ། །
ཞེས་བྱ་བ་ལ་འདོད་པ་ནི་བྱང་ཆུབ་ཏུ་སྦྱོར་བའི་བསྒོམ་པ་སྟེ་སྤྱན་ལ་སོགས་པས་ནི་དེའི་དོན་དུ་སྦྱོར་བའི་བསྒོམ་པའི་ངོ་བོར་དོན་དམ་པར་དེ་ལ་བརྩོན་ཞིང་རྟག་འགྲུས་སུ་བྱེད་པའོ། །འདོད་པའི་ལོངས་སྤྱོད་ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོར་སྦྱོར་བ་བསྒོམ་པའོ། །ཁྲོ་བོའི་ཟློས་པ་པོ་རྣམས་
เล่ม ๔๖ · หน้า 50b
ཀྱིས་ཡིད་ཀྱིས་གདུག་པ་ཐམས་ཅད་འདུལ་བར་བྱས་ལ་བཟླས་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་ཟློས་པ་པོས་ནི་རང་གི་སྙིང་གར་འཁོར་ལོ་རྣམ་པར་བསམས་ཏེ་འཁོར་ལོའི་ལྟེ་བར་རང་གི་སྔགས་གནས་པར་བྱ་སྟེ་འཁོར་ལོའི་དོན་བསྒོམ་པར་བྱའོ། །ཞེ་སྡང་གི་རིགས་ཟློས་པ་རྣམས་ཀྱིས་ནི་རང་གི་སྙིང་
གའི་རྡོ་རྗེ་ལ་སྔགས་རྣམ་པར་དགོད་དོ། །རིན་པོ་ཆེའི་རིགས་ཟློས་པས་ན་རིན་པོ་ཆེ་ལའོ། །པདྨའི་རིགས་ཟློས་པས་ནི་པདྨ་ལའོ། །དོན་ཡོད་གྲུབ་པའི་རིགས་ཟློས་པས་ནི་རང་གི་སྙིང་གའི་རལ་གྲི་ལ་སྔགས་རྣམས་རྣམ་པར་བཀོད་ལ་བསྒོམ་པར་བྱའོ། །དཀྱིལ་འཁོར་ཀུན་གྱི་ངོས་རྣམས་སུ། །
ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་དབུས་སུའོ། །འོད་ཟེར་ལྔ་ཡི་བྱེ་བྲག་གིས། །ཞེས་བྱ་བ་ནི་མདོག་ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་འོད་ཟེར་ནི་འོད་ཟེར་ལྔ་སྟེ། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་འོད་ཟེར་ལྔ་དང་ལྡན་པ་རང་གི་བ་སྤུའི་བུ་ག་རྣམས་ནས་སྤྲུལ་ཏེ། སངས་རྒྱས་
ཀྱི་སྐུས་ནམ་མཁའ་ཁྱབ་པར་བསམ་པར་བྱའོ། །སྔགས་རྣམས་ཐམས་ཅད་སྤྲོ་བ་ནི། །བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས། །ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བའི་ཚུལ་གྱིས་སོ། །སྐུ་གསུམ་རྡོ་རྗེ་བྱེ་བྲག་གིས། །སྤྲོ་བ་དང་ནི་བསྡུ་བ་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ལུས་ལ་ལུས་མེད་
པ་ལ་སོགས་པ་བསྒོམས་པས་སོ། །དོན་དེ་ཉིད་ཀྱི་ཕྱིར། ལུས་ཀྱི་སྐུ་ཡི་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། །རྡོ་རྗེ་ལྔ་རྣམས་བསྒོམ་པར་བྱ། །ཞེས་བྱ་བ་ནི་བསམ་གཏན་གྱི་དཀྱིལ་འཁོར་རྣམ་པར་བསམས་ལ་མི་བསྐྱོད་པ་ལ་སོགས་
པ་གནས་ལྔ་རྣམས་སུ་རང་གི་ལྷའི་སྐུ་བསམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར། །དབུས་སུ་བདག་པོ་བསམས་ནས་ནི། །སྐུ་གསུང་རྡོ་རྗེ་རང་གི་གཟུགས། །རང་སྔགས་རྡོ་རྗེའི་གཟུགས་དག་གིས། །དཀྱིལ་འཁོར་རྣམ་པ་བཞི་དག་ཏུ། །ཞེས་བྱ་བ་གསུངས་སོ། །ཁ་དོག་རྣམ་བཞིར་ཀུན་བརྟགས་
ལ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་མདོག་སྟེ། དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོར་རང་གི་ལྷའི་སྐུར་བསམ་པར་བྱའོ། །དེ་ནས་ནི་སྙིང་གར་རང་གི་སྔགས་ཀྱི་དོན་བསྒོམ་པར་བྱའོ། །དེ་ལྟ་བུ་དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་རྣམ་པ་བཞི་ཡིས་ལས། །བསམ་གཏན་
เล่ม ๔๖ · หน้า 51a
རྡོ་རྗེ་ཅན་དག་བྱེད། །ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་ཞི་བའི་ལས་བྱེད་པར་འདོད་ན་རང་གི་ལྷའི་སྐུ་མདོག་དཀར་པོར་བསམ་པར་བྱའོ། །རྒྱས་པ་ལ་ནི་སེར་པོར་རོ། །དབང་ལ་ནི་དམར་པོར་རོ། །གདུག་པ་ལ་ནི་ནག་པོར་རོ། །ཡང་ན་ཞི་བ་ལ་ནི་སྤྱན་ནོ། །རྒྱས་པ་ལ་ནི་འཕགས་
པ་སྤྱན་རས་གཟིགས་དབང་ཕྱུག་གིས་སོ། །དབང་ལ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །གདུག་པའི་ལས་ལ་ནི་ཁྲོ་བོས་བསྒྲུབ་པར་བྱ་སྟེ། གདུག་པའི་ལས་ནི་སློབ་དཔོན་ལ་སྨོད་པ་དང་། སེམས་ཅན་མང་པོ་དང་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་བྱ་སྟེ། འཇིག་རྟེན་གྱི་
ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སྙེད་ཀྱི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུར་བསྒོམས་ལ། སློབ་དཔོན་སྨོད་པ་ལ་སོགས་པས་བསད་པར་རྣམ་པར་བསམས་ལ། གདུག་པ་རྣམས་གསོད་པ་འདི་ནི་སངས་རྒྱས་མང་པོས་གསོད་པ་ཡིན་ནོ་ཞེས་ཁྲོ་བོ་བསྐྱེད་པ་ལ་ཁྲོ་བོའི་དཀྱིལ་འཁོར་
གྱི་དབུས་སུ་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བ་ཞལ་བཞི་པ་ཕྱག་དྲུག་པ་རྡོ་རྗེ་ཆེན་པོ་བསྣམས་པ། ཁྲོས་པར་བདག་ཉིད་རྣམ་པར་བསམས་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པའི་
དཀྱིལ་འཁོར་རྣམས་ལག་པ་གཡས་ན་གནས་པའི་རྡོ་རྗེ་འབར་བའི་ནང་དུ་ཆུད་པར་བསམས་ལ། རྡོ་རྗེའི་འོད་ཟེར་གྱི་སྣང་བས་སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་གྱི་ངོ་བོར་བྱས་ལ་རང་གི་ལུས་ལ་བཅུག་ནས་སྤྲོ་བར་བྱའོ། །དེ་ནས་རང་
གི་ལུས་ལས་བྱུང་བའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དེ་རྣམས་གདུག་པ་རྣམས་གསོད་པའི་ཕྱིར་ཁྲོས་པ་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས་པར་བསམས་ལ་སྦྱོར་བ་འདིས་གདུག་པའི་ལས་བྱའོ། །སངས་རྒྱས་སྐུ་གསུང་མཆོག་སྩོལ་བ། །
ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་སྩོལ་བའོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་གསུམ་གྱི་གནས་ཏེ་དེ་ཉིད་ཀྱི་དཀྱིལ་འཁོར་གང་ཡིན་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་ནི་གདུག་པ་གསོད་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །སངས་རྒྱས་སྐུ་གསུང་མཆོག་
เล่ม ๔๖ · หน้า 51b
སྩོལ་བ། །ཞེས་བྱ་བ་ནི་ཐ་མལ་པར་སྦྱར་ཏེ་གང་བསད་པར་མངོན་པར་འདོད་པ་དེ་འཆི་བར་འདི་ནི་གདོན་མི་ཟ་ཞེས་བྱ་བར་སྦྱར་ཏེ། བསད་པ་ཉིད་ནི་རྨོངས་པའི་བདག་ཉིད་ཙམ་དུ་འདོད་དོ། །ཉི་མ་བདུན་དུ་འདི་བྱས་ན། །ཞེས་བྱ་བ་ནི་གདུག་པའི་ལས་ཅི་ཙམ་དུ་བྱ་བའོ། །སངས་རྒྱས་ཀྱང་
ནི་ཞེས་བྱ་བ་ནི་སྦྱོར་བ་འདི་ཤིན་དུ་ཡང་བཟློག་པར་དཀའ་བ་ཉིད་དུ་གསུངས་པའོ། །གྲུབ་མི་འགྱུར་ཞེས་བྱ་བ་གང་འདི་གདུག་པ་རྣམས་ལ་དྲག་པོས་འདུལ་བར་མི་བྱེད་ན་རྣལ་འབྱོར་པ་དམ་ཚིག་ཉམས་པས་འགྲུབ་པར་མི་འགྱུར་བའི་དོན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཞེས་
བྱ་བ་ལ་སོགས་པ་ལ་འཁོར་ལོ་ལས་བྱུང་བ་ནི་སྔ་མ་བཞིན་ཏེ། རྣམ་པར་སྣང་མཛད་དུ་བདག་ཉིད་བསྐྱེད་ལ། ནམ་མཁའི་དབྱིངས་སུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་གཡས་པའི་འཁོར་ལོ་ནམ་མཁའ་དང་མཉམ་པར་རྣམ་པར་བསམས་ལ། འཁོར་ལོ་དེའི་སྟེང་
དུ་རྡོ་རྗེ་འབར་བས་བརྒྱན་པར་བསམ་མོ། །དུས་གསུམ་དམ་ཚིག་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དུ་བསམས་
ལ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་འོད་ཀྱིས་སྣང་བར་བྱས་ནས་ཁྲོ་བོའི་རིགས་ཀྱི་ངོ་བོར་བྱས་ཏེ། །སླར་བསྡུས་ནས་རང་གི་ལུས་ལ་གཞུག་ལ་ཡང་ཁྲོ་བོ་སྤྲོ་བར་བྱས་ལ་ནམ་མཁའི་ཁམས་བཀང་སྟེ། འདི་སྐད་དུ། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །ཞེས་བྱ་
བ་ལ་སོགས་པ་བརྗོད་དོ། །དེ་ནས་དེ་ལྟར་བརྗོད་ནས་དགྲ་གསད་པར་བྱའོ། །གལ་ཏེ་དམ་ཚིག་ལས་འདས་ན། །ཞེས་བྱ་བ་ནི་རྣལ་འབྱོར་པ་གང་ནུས་བཞིན་དུ་གདུག་པ་རྣམས་ལ་ཆད་པའི་ལས་མི་བྱེད་ནའོ། །ཞིག་པར་འགྱུར་བ་ནི་འཆི་བ་སྟེ། གང་གི་ཕྱིར་ཁྲོས་པ་མ་ཡིན་ཡང་
སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། ཁྲོ་བོ་ཆེན་པོའི་གཟུགས་རབ་ཏུ་སྟོན་པ་ནི་དམ་ཚིག་གོ། །སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། །ནམ་མཁའི་དཀྱིལ་འཁོར་དབུས་སུ་བསམ། །ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་ཁམས་རྡོ་རྗེའི་རྣམ་པར་བསམས་ཞིང་བསྒོམ་པར་བྱའོ། །སངས་
เล่ม ๔๖ · หน้า 52a
རྒྱས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཅན་བསྒོམ་པ་ནི། །སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན་ཏེ་འཕགས་པ་གཤིན་རྗེའི་གཤེད་དོ། །འདིར་སངས་རྒྱས་ཀྱི་དཀྱིལ་འཁོར་ནི་འཕགས་པ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། གཤིན་རྗེའི་
གཤེད་ཀྱི་འཁོར་ལོ་ཆེ། །རང་གི་རྡོ་རྗེ་ཡིན་པར་བརྟག །ཅེས་བྱ་བ་གསུངས་ཏེ་འཁོར་ལོའི་དཀྱིལ་འཁོར་རོ། །རང་གི་རྡོ་རྗེ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རང་གི་དཀྱིལ་འཁོར་རོ། །འདི་ནི་འདི་སྐད་སྟོན་པར་འགྱུར་ཏེ། འཕགས་པ་གཤིན་རྗེའི་གཤེད་ཀྱི་སྦྱོར་བ་བྱས་ལ་རྡོ་རྗེ་ནམ་མཁར་
བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་རྣམ་པར་བསམས་ལ་གནས་ལྔར་གཤིན་རྗེའི་གཤེད་ཀྱི་སྦྱོར་བས་འདུག་པར་བྱའོ། །དེ་ནས་འདི་གདུག་པ་ཐམས་ཅད་གསོད་པར་འདོད་པར་གྱུར་ན་སེམས་ཅན་དེ་ལ་སེམས་ཅན་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་གསོད་པར་
རྣམ་པར་བསམས་ཏེ། འདི་ནི་སེམས་ཅན་མང་པོ་དང་དེ་བཞིན་གཤེགས་པ་རྣམས་གསོད་པའོ་ཞེས་དེ་ལ་གསད་པའི་ཕྱིར་ཁྲོ་བོ་ཆེན་པོར་བསྐྱེད་ལ་རང་གི་ལག་ན་ཡོད་པའི་བེ་ཅོན་གྱི་འོད་ཟེར་གྱི་སྣང་བས་སེམས་ཅན་གྱི་ཁམས་མ་ལུས་པ་དང་དེ་བཞིན་གཤེགས་པ་རྣམས་གཤིན་
རྗེའི་གཤེད་ལྟ་བུར་བསྐྱེད་ལ་རང་གི་ལུས་ལ་བཅུག་ནས་ཡང་སྤྲོ་བར་བྱ་སྟེ། ནམ་མཁའ་ཁྱབ་པར་བྱས་ལ་དེ་དང་ལྷན་ཅིག་དགྲ་གསད་པར་བྱའོ། །དེ་ཉིད་ཀྱི་ཕྱིར། དུས་གསུམ་སངས་རྒྱས་སེམས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །
རང་སྔགས་དོན་གྱི་ཡོན་ཏན་ནམ། །ཞེས་བྱ་བ་ནི་ལྷའི་ཁྱད་པར་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཁྲོས་པས། རང་གི་དཀྱིལ་འཁོར་ལ་ཞུགས་པས་འཕགས་པ་གཤིན་རྗེའི་གཤེད་ཀྱི་སྐབས་སུ་བཤད་པའི་སྦྱོར་བས་གདུག་པ་རྣམས་ཚར་གཅད་པར་བྱའོ། །རང་གི་སྔགས་ཀྱི་ཡོན་ཏན་ནི་
ཁྲོ་བོའི་སྔགས་གང་གདུག་པ་ཉིད་དེ་གདུག་པའི་ལས་སྟོན་པ་དེས་བྱའོ། །འདིས་ནི་ལྷ་ཐམས་ཅད་ཀྱི་སྤྱིའི་ལས་བསྟན་པ་ཡིན་ནོ། །ཡང་ན་གཙུག་ཏོར་དམ་ཚིག་གིས། །ཞེས་བྱ་བ་ནི་གཙུག་ཏོར་ཆེན་པོ་དང་འཁོར་ལོས་སྒྱུར་བ་དང་བརྒྱད་དེ། ཡང་ན་དེ་དག་གིས་བྱའོ་ཞེས་པའོ། །
เล่ม ๔๖ · หน้า 52b
སྔགས་ཀུན་བསྲུང་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གང་འདིར་རྣལ་འབྱོར་དང་ལྡན་པའི་སྔགས་པ་དེ་དག་བསྲུང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སངས་རྒྱས་ལ་སོགས་པ་བསྲུང་བའི་ཕྱིར་གང་གིས་ཀྱང་མི་ཕྱེད་དེ། དེ་དག་ནི་མི་ཕྱེད་པ་ཡིན་པའི་ཕྱིར་རོ། །ནམ་མཁའ་
རྡོ་རྗེ་དབུས་དག་ཏུ། །ཞེས་བྱ་བ་ནི་གོ་ཆའོ། །ཆོས་ཀྱི་སྣང་མཛད་སྐུ་མཆོག་ལས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཉིད་གོ་ཆར་བསྒོམ་པའོ། །འབྱུང་བའི་སྐུ་གསུམ་དམ་ཚིག་དག །ཅེས་བྱ་བ་ནི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོའོ། །བསམས་ནས་གདན་དུ་རབ་ཏུ་བརྟག །ཆོས་
ཀྱི་ཚུལ་ཏེ་ད་བཞིན་གཤེགས་པ་ཐམས་ཅད་ཀྱི་གདན་དུ་རབ་ཏུ་བརྟག་པར་བྱའོ། །རང་སྔགས་ཡི་གེ་གནས་ཡེ་ཤེས། །ཐུགས་ཀྱི་རྣམ་པར་བསྒོམ་པར་བྱ། །ཞེས་བྱ་བ་ནི་བསྒྲུབ་པ་བྱ་བའི་སྔགས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་རྣམ་པར་བསམས་ལ། དེ་ཟླ་བ་རྡོ་རྗེའི་གཟུགས་སུ་རྣམ་
པར་བསྒོམ་པར་བྱའོ། །སངས་རྒྱས་རྣམས་ནི་སེམས་ཙམ་དུ། །བསྒོམས་ནས་སླར་ཡང་བསྡུ་བར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ཏེ་ཟླ་བ་རྡོ་རྗེའི་གཟུགས་སུ་བསྒོམ་པར་བྱའོ། །ཐུགས་ཀྱི་རྡོ་རྗེ་ཡིན་པའི་ཕྱིར། །ཞེས་བྱ་བ་ནི་བདག་ཉིད་ཀྱི་སེམས་འདི་ནི་ཐུགས་རྡོ་རྗེའོ་ཞེས་ངེས་
པ་བསྐྱེད་ལ། སྐུ་གསུམ་གྱི་ཆོ་ག་དེ་ལ་གཟུང་བར་བྱ་བའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ལ་རྡོ་རྗེ་ནམ་མཁའ་དེའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེའི་ཆོ་ག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་
དང་གསུང་དང་ཐུགས་རྡོ་རྗེའི་ཕྲ་རབ་ལས་བསྒྲུབས་པར་བདག་ཉིད་བསམ་པར་བྱའོ། །དེ་ནས་རང་གི་སྔགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སེམས་ཅན་སངས་རྒྱས་ཀྱི་སྐུའི་ངོ་བོར་རྣམ་པར་བསམས་ལ། རྡོ་རྗེ་ཟླ་བའི་རབ་ཏུ་
སྦྱོར་བས་བསྒོམས་ལ་དེ་ནས་ཟླ་བའི་གཟུགས་དེ་དག་ཡིན་ནོ་ཞེས་སེམས་ཀྱི་ངོ་བོ་ཉིད་ངེས་པར་བྱས་ལ་གོ་ཆ་ལ་གཞུག་པར་བྱའོ། །ཨོཾ་ཧཱུྃ་ཞེས་བཟླས་པ་ནི་སྔགས་ཐམས་ཅད་ཀྱི་སྲུང་བར་འགྱུར་རོ། །རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བརྟན་པར་བྱས་ནས་བདག་ཉིད་རྣམ་པ་ཐམས་ཅད་ཀྱི་
เล่ม ๔๖ · หน้า 53a
མཆོག་དང་ལྡན་པའི་རྡོ་རྗེ་སེམས་དཔར་ཡི་གེ་ཧཱུྃ་ལས་བསྒོམས་ལ་ལྕེ་རྐན་ལ་སྦྱར་ཏེ་ཡི་གེ་ཧཱུྃ་ལས་སངས་རྒྱས་ཀྱི་སྐུ་སྣའི་རྩེ་མོར་རྣམ་པར་བསམས་ལ། རྡོ་རྗེ་ཕྲ་མོའི་སྤྲོ་བའི་སྦྱོར་བས་ཆུའི་རྡུལ་ཕྲ་རབ་སངས་རྒྱས་ཀྱི་སྐུའི་ངོ་བོ་དང་མཉམ་པར་དེ་གསལ་བར་བྱས་
ནས་ཆུའི་སྟེང་དུ་བཅག་པར་བྱའོ། །རྐང་པ་མཉམ་གཞག་སྦྱོར་བ་ཡིས། །ཞེས་བྱ་བ་ལ་བདག་ཉིད་ཀྱི་ལུས་ཕྲ་རབ་དེ་བཞིན་གཤེགས་པའི་ངོ་བོར་བསྒོམ་པར་བྱའོ། །དབང་ཆེན་དཀྱིལ་འཁོར་བསྒོམས་ནས་ནི། །ཞེས་བྱ་བ་ནི་ཡི་གེ་ལྃ་ལས་ཟུར་བཞི་པ་ཁ་དོག་སེར་པོ་ཐམས་ཅད་
དུ་རྡོ་རྗེས་ཀུན་དུ་གཡོགས་པ་ཡི་གེ་ལྃ་ས་བོན་ལས་གྲྭ་རྣམས་སུ་རྩེ་གསུམ་པའོ། །དེའི་དབུས་སུ་ཨཱཿལས་རྡོ་རྗེ་རྒྱ་གྲམ་བསྐྱེད་ལ་ཡི་གེ་ཨཱཿའི་ས་བོན་ཅན་བསྒོམས་ནས་དེའི་དབུས་སུ་ཁྲོ་བོའི་དཀྱིལ་འཁོར་གཞག་སྟེ། བསྒྲུབ་པར་བྱ་བའི་སྟེང་དུ་བསམས་ན་ཐམས་ཅད་གནོན་པར་འགྱུར་རོ། །
ཁྲོ་བོ་ཐམས་ཅད་ཀྱང་མདོག་སེར་པོར་བསམས་ཏེ་དེའི་ཕྱིར། །རྡོ་རྗེ་གསུམ་མཆོག་ཁྲོ་བོའི་ཚུལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་ལྔ་པོ་གཞན་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ཡང་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྦྱོར་བས་ཁྲོ་བོ་ལྟ་བུར་བསྒོམས་ནས་ཐམས་ཅད་གནོན་པར་
འགྱུར་རོ། །ཁྲོ་བོའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་ཡི་གེ་ཧཱུྃ་ལས་རྡོ་རྗེ་ཕུར་བུའི་གཟུགས་དགྲའི་སྙིང་གར་བསམ་པར་བྱའོ། །གྲོང་དང་གྲོང་ཁྱེར་ལ་སོགས་པར་གདུག་པ་ཐམས་ཅད་ཕུར་བུས་བཏབ་པ་ཡང་ཡི་གེ་ཧཱུྃ་ལས་ཕུར་བུར་བྱའོ། །དེ་ཉིད་ཀྱི་ཕྱིར། །གྲོང་ངམ་ཡང་
ན་གྲོང་ཁྱེར་རམ། །ལྗོངས་དག་ཏུ་ནི་རབ་ཏུ་སྦྱར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་བསྐྱོད་པའི་སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། སེམས་ཅན་ཐམས་ཅད་ནད་ཀྱིས་གདུངས་པ་ལ་བལྟས་ནས་སྙིང་རྗེས་ནོན་པས་རྡོ་རྗེ་རྩེ་ལྔ་པ་བར་སྣང་གི་ཕྱོགས་སུ་གནས་
པར་བསྒོམ་མོ། །གདུལ་བྱ་དེའི་སྟེང་དུ་ནི་ཡི་གེ་ཧཱུྃ་འོད་ཟེར་འབར་བས་ཀུན་དུ་ཁྱབ་པར་བསྒོམས་ཏེ། རྡོ་རྗེའི་འོད་ཟེར་བསྐལ་པ་སྲེག་པ་ལྟ་བུས་ནད་པ་དེའི་ནད་རྣམས་ཐལ་བར་བྱས་ནས་འོད་ཟེར་བསྡུ་བར་བསམ་པར་བྱ་སྟེ། དེས་ན་སླར་ཡང་བསྡུ་བར་བྱ། །ཞེས་བྱ་བ་ལ་སོགས་པ་
เล่ม ๔๖ · หน้า 53b
ཡིན་ནོ། །དེ་ནས་རྡོ་རྗེ་དེ་ལས་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་འོད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྤྲིན་སྤྲུལ་ཏེ། ཆོས་ཀྱི་སྤྲིན་དེས་ནད་པ་ཡོངས་སུ་དགང་ཞིང་ཡི་གེ་ཧཱུྃ་བཟླས་ན་དེའི་དབང་བསྐུར་བར་འགྱུར་རོ། །ཡང་ན་རྡོ་རྗེ་དེ་ལས་སངས་རྒྱས་སམ་རྡོ་རྗེ་སེམས་དཔའི་སྤྲིན་སྤྲུལ་ལ་དེས་གནས་དེ་
འམ་ནད་པ་ཡོངས་སུ་དགང་བའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། བསྐལ་པ་གསུམ་གྱི་ཡུན་གནས་ཤིང་། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཅེས་བྱ་བ་གསུངས་ཏེ། ལོའམ་ལོ་བརྒྱའམ་ལོ་སྟོང་དུ་དེའི་ཞི་བ་བྱས་པར་འགྱུར་བ་ལྟ་ཅི་སྨོས་ཀྱི་བསྐལ་པ་གསུམ་སྙེད་
དུ་ཞེས་པ་ནི་ཡིད་རྟོན་པའི་ཕྱིར་བསྟན་ཏོ། །བསམ་གཏན་ལས་བྱུང་དམ་བཅས་པས། །ཞེས་བྱ་བ་ནི་སྨྲས་མ་ཐག་པའི་བསམ་གཏན་གྱི་སྦྱོར་བ་ལས་བྱུང་བའི་ཞི་བའི་ཆོ་གས་ཉིན་རེ་ཞིང་སེམས་ཅན་ཐམས་ཅད་ཞི་བར་བསྒོམ་པར་དམ་བཅས་ནས་གནས་གང་ན་སྤྱོད་པ་དང་གནས་གང་སྲུང་བར་
བྱེད་པའི་རྣལ་འབྱོར་པ་དེའི་གནས་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ཕུར་བུ་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་འཕགས་པ་བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་གྱི་དབུས་སུ་དེའི་སྦྱོར་བས་འདུག་ལ་དེའི་སྔགས་ཀྱིས་ཁྲོ་
བོ་བདུད་རྩི་འཁྱིལ་པ་རྡོ་རྗེ་ཕུར་བུར་བསམས་ཏེ། དེས་ཕྱོགས་བཅུ་ཐམས་ཅད་ཀྱི་གདུག་པ་རྣམས་ལ་ཕུར་བུས་གདབ་བོ། །ཞི་བའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་དཀར་པོ་སྟེ། དཀྱིལ་འཁོར་དེར་
རྣམ་པར་སྣང་མཛད་ཀྱི་སྦྱོར་བས་དབུས་སུ་འདུག་ལ། ཕྱོགས་བཞིར་ཡང་རྣམ་པར་སྣང་མཛད་ཀྱི་སྐུ་བཞག་སྟེ་རང་གི་སྙིང་གར་འདོད་པར་བྱ་བ་བསམས་ལ་རང་གི་བ་སྤུའི་བུ་ག་རྣམས་ལས་འོད་ཟེར་གྱི་ཚུལ་དུ་སྤྱན་གྱི་སྐུའི་སྤྲུལ་པ་དེས་ནམ་མཁའ་མ་ལུས་པར་བཀང་ནས་སླར་བསྡུས་ཏེ་སྙིང་
གའི་ནད་པའི་ལུས་མ་ལུས་པ་དགང་ངོ་། །དེ་ནས་རྣལ་འབྱོར་པས་རང་གི་ལུས་ལས་སངས་རྒྱས་རྣམས་ཀྱི་སྤྲིན་སྤྲུལ་ལ་ནད་པ་ལ་སླར་བསྡུས་ནས་ཡང་སླར་བདུད་རྩིའི་ཆུ་དང་ལྡན་པའི་བུམ་པ་ཕྱག་ན་བསྣམས་པ་དེས་དབང་བསྐུར་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ། སརྦཱརྠ་སཱ་དྷ་ནི་ཆེ་
เล่ม ๔๖ · หน้า 54a
གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་འོད་དཔག་ཏུ་མེད་པ་སྐུ་མདོག་སེར་པོ་རྣམ་པར་བསམས་ལ་སྙིང་གར་བསྒྲུབ་པར་བྱ་བ་བསམ་མོ། །དེ་ནས་
རང་གི་བ་སྤུའི་བུ་ག་ནས་གོས་དཀར་མོའི་གཟུགས་སྐུ་མདོག་སེར་པོར་སྤྲུལ་ལ་ནམ་མཁའ་མ་ལུས་པར་བཀང་སྟེ། ཡིད་བཞིན་གྱི་ནོར་བུ་ཕྱག་ན་བསྣམས་པས་བསྒྲུབ་པར་བྱ་བ་དེ་མ་ལུས་པར་གང་བར་བསམ་མོ། །དེ་ནས་རང་གི་བ་སྤུ་རྣམས་ལས་རིན་པོ་ཆེའི་སྤྲིན་སྤྲོས་ལ་པདྨའི་
རིགས་ཀྱི་སྤྲིན་ཡིད་བཞིན་གྱི་ནོར་བུའི་འོད་དང་ལྡན་པར་བསྒོམས་ལ། དེས་དབང་བསྐུར་བར་བྱ་སྟེ། རྒྱས་པ་ལ་ནི་གོས་དཀར་མོའི་ངོ་བོའི་ཆུའི་རྡུལ་ཕྲ་རབ་ཀྱིས་གང་བའི་བུམ་པ་དང་གོས་དཀར་མོའི་སྔགས་དག་དང་འདིར་སྦྱར་བར་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །
རྡོ་རྗེ་ཟླ་གམ་དཀྱིལ་འཁོར་བསམ། །ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་བྱས་ལ་ནམ་མཁའི་དཀྱིལ་འཁོར་རྡོ་རྗེའི་རང་བཞིན་ཟླ་གམ་གྱི་དབྱིབས་སུ་འདུག་པ་མདོག་སྔོན་པོ་སྟེ། དེའི་སྟེང་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཕྱོགས་
བཞིར་རིན་ཆེན་འབྱུང་ལྡན་གྱི་སྐུའི་གཟུགས་བཞིན་རྣམ་པར་བསམས་ནས་རང་གི་སྙིང་ག་ལ་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་བསམ་པར་བྱའོ། །དེ་ནས་རང་གི་བ་སྤུའི་བུ་ག་རྣམས་ལས་འོད་ཟེར་འཕྲོ་བར་བྱས་ལ་འོད་ཟེར་གྱི་སྒོ་རྣམས་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་
ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྲུལ་ནས་ནམ་མཁའི་ཁམས་མ་ལུས་པར་གང་བ་དང་ཁ་དོག་སྔོན་པོ་དང་། སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོས་བསྒྲུབ་པར་བྱ་བ་དེ་ཡོངས་སུ་དགང་ངོ་། །ལས་རྣམས་བྱེད་པར་དེ་གྱུར་ཏེ། །
ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་རྣམས་ནི་གནས་ཏེ་དེ་དག་གིས་ལས་གང་དག་གསུངས་པ་དེ་དག་ཐམས་ཅད་འགྲུབ་པར་བྱེད་དོ་ཞེས་པའི་དོན་ཏོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ནམ་མཁའི་རྡོ་རྗེ་
เล่ม ๔๖ · หน้า 54b
གཙོ་བོའི་ངོ་བོ་བདུད་རྩིའི་ཆུས་ཡོངས་སུ་གང་བའི་བུམ་པ་ཕྱག་ན་བསྣམས་ཏེ། དེ་ལ་དབང་བསྐུར་བར་མཛད་པར་ཡང་བསམས་ཏེ་འདིར་ཡི་གེ་ནི་ཨོཾ་སྦྱར་བར་བྱའོ། །དེ་ལྟར་ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བའི་ལས་རྣམས་བསྟན་ནས་ཁྲོ་བོ་ཐམས་ཅད་ཀྱི་གདུག་པའི་ལས་བསྟན་པའི་ཕྱིར།
ནམ་མཁའ་རྡོ་རྗེ་སྲིན་པོ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བ་བྱས་ལ་དེའི་དཀྱིལ་འཁོར་ནམ་མཁའ་ལ་རྣམ་པར་བསམས་ནས་དཀྱིལ་འཁོར་དེའི་དབུས་སུ་འདུག་སྟེ། དེ་ནས་དགྲ་བོ་ཇི་སྐད་དུ་བཤད་པའི་མེའི་དཀྱིལ་འཁོར་དུ་བཞག་ནས་སྲིན་པོ་ལ་
སོགས་པ་རྣམས་ཀྱིས་བསད་པར་བསམས་ལ། ཁྲོ་བོའི་སྔགས་བཟླ་བར་བྱ་བ་ནི། མེ་ཡི་དཀྱིལ་འཁོར་ལ་གནས་ཏེ། །དགྲ་བོ་རྣམས་ནི་རྟག་པར་བསྒོམ། །ཞེས་བྱ་བ་སྟེ་གདུག་པ་གསོད་པའི་སྲིན་པོ་རྣམས་སོ། །སངས་རྒྱས་ཀུན་ལ་གནོད་བྱེད་པ། །བསམས་ནས་རྣལ་འབྱོར་
བརྩམ་པར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ལ་གནོད་པ་བྱེད་པ་ཡིན་ནོ་ཞེས་རྣམ་པར་བསམས་ལ། དེའི་འོག་ཏུ་གདུག་པ་རྣམས་ལ་གདུག་པའི་ཆད་པའི་སྦྱོར་བ་བསྒོམ་པར་བྱའོ། །རྣམ་པར་སྣང་མཛད་ཞལ་གསུམ་པ། །ཞེས་བྱ་བ་ལ་སོགས་པ་ནི་ཞལ་དང་སྐུ་མདོག་གི་ངེས་པ་
གསུངས་པའོ། །དཀར་པོ་ནག་པོ་རབ་ཏུ་དམར། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་ཐམས་ཅད་དང་ཞལ་དང་པོ་ནི་དཀར་པོའོ། །གཡས་པ་ནི་ནག་པོའོ། །གཡོན་པ་ནི་དམར་པོའོ། །རྡོ་རྗེ་དག་ནི་ཞེས་བྱ་བ་ནི་མི་བསྐྱོད་པའོ། །ནག་པོ་དཀར་པོ་དམར་པོའི་ཞལ། །ཞེས་བྱ་བ་ནི་འདིའི་སྐུ་ཐམས་
ཅད་དང་ཞལ་དང་པོ་ནི་ནག་པོའོ། །གཡས་པ་ནི་དཀར་པོའོ། །གཡོན་པ་ནི་དམར་པོའོ། །འདོད་ཆགས་ཅན་ནི་སྣང་བ་མཐའ་ཡས་ཏེ་སྐུ་ཐམས་ཅད་དང་ཞལ་དང་པོ་ནི་དམར་པོའོ། །ཞལ་གཡས་པ་ནི་ནག་པོའོ། །གཡོན་པའི་མདོག་དཀར་པོའོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་
རྣམ་པར་སྣང་མཛད་ཀྱི་ཕྱག་གཡས་པ་ན་འཁོར་ལོའོ། །མི་བསྐྱོད་པ་ནི་རྡོ་རྗེ་རྩེ་ལྔ་པའོ། །འོད་དཔག་ཏུ་མེད་པ་ནི་ཕྱག་གཡས་པ་ན་རྡོ་རྗེ་པདྨ་བསམ་པར་བྱའོ། །ཕྱག་གི་ངེས་པ་གསུངས་པ། །རྡོ་རྗེ་ཕྱག་དྲུག་མཚོན་ཆ་ནི། །བཟང་པོ་སྣ་ཚོགས་རྣམ་པར་བསྒོམ། །ཞེས་བྱ་སྟེ་རྒྱུད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด