དཔལ་གསང་བ་འདུས་པའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་གུ་ཧྱ་ས་མཱ་ཛ་པཉྩི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔๖ · หน้า 55a
འདིར་དེ་དག་ཐམས་ཅད་ཕྱག་དྲུག་པ་ཞལ་གསུམ་པ་གང་དུ་ཁྱད་པར་གྱི་དགག་པ་མེད་པ་དེར་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་གཉིས་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན་པའོ། །ཡང་ཕྱག་གཡས་པ་གཉིས་ན་འཁོར་ལོ་དང་རྡོ་རྗེ་བསྣམས་པ། གཡོན་པ་གཉིས་ན་
ལྕགས་ཀྱུ་དང་ཞགས་པ་བསྣམས་པའོ། །མི་བསྐྱོད་པའི་ཕྱག་གཡས་པས་གནོན་དང་འཁོར་ལོ་དང་རྡོ་རྗེའི་ཕྱག་རྒྱ་བསྣམས་པའོ། །གཡོན་ན་ལྕགས་ཀྱུ་དང་ཞགས་པ་དང་ལྷུང་བཟེད་འཛིན་པའི་ཚུལ་གྱི་ཕྱག་རྒྱ་འཆང་བའོ། །རིན་ཆེན་འབྱུང་ལྡན་གྱི་ཕྱག་གཡས་རྣམས་ནི་མཆོག་
སྦྱིན་གྱི་ཕྱག་རྒྱ་དང་འཁོར་ལོ་དང་རིན་པོ་ཆེ་བསྣམས་པའོ། །གཡོན་རྣམས་ནི་ལྕགས་ཀྱུ་དང་ཞགས་པ་དང་ལྷུང་བཟེད་འཛིན་པའི་ཚུལ་གྱི་ཕྱག་རྒྱ་འཆང་བའོ། །འོད་དཔག་ཏུ་མེད་པའི་ཕྱག་གཉིས་ནི་བསམ་གཏན་མཆོག་གི་ཕྱག་རྒྱ་འཆང་བ་ལ། ཕྱག་གཡས་གཉིས་ན་པདྨ་དང་འཁོར་
ལོ་བསྣམས་པའོ། །གཡོན་པ་དག་ལ་ལྕགས་ཀྱུ་དང་ཞགས་པ་བསྣམས་པའོ། །དོན་ཡོད་གྲུབ་པའི་ཕྱག་གཡས་རྣམས་ན་རལ་གྲི་དང་འཁོར་ལོ་དང་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་འཆང་བའོ། །གཡོན་པ་རྣམས་ནི་ལྕགས་ཀྱུ་དང་ཞགས་པ་དང་ལྷུང་བཟེད་འཛིན་པའི་ཚུལ་གྱི་ཕྱག་རྒྱ་
འཆང་བའོ། །རྡོ་རྗེ་འཆང་ཆེན་པོའི་ཕྱག་གཡས་པ་ཉིད་ཀྱི་ཐུགས་ཀར་འཛིན་པའི་ཚུལ་གྱིས་རྡོ་རྗེ་རྩེ་དགུ་པ་བསྣམས་པ། ཡང་ཕྱག་གཡས་པ་གཉིས་ན་འཁོར་ལོ་དང་རལ་གྲི་བསྣམས་པ། ཕྱག་གཡོན་པ་དཀུར་བརྟེན་པས་རྡོ་རྗེ་དྲིལ་བུ་བསྣམས་པ། གཡོན་པ་གཉིས་ན་ལྕགས་
ཀྱུ་དང་ཞགས་པ་བསྣམས་པའོ། །སྤྱན་གྱི་ཞལ་མདོག་དང་མཚོན་ཆ་ནི་རྣམ་པར་སྣང་མཛད་བཞིན་དུ་ཤེས་པར་བྱའོ། །མཱ་མ་ཀཱི་ནི་མི་བསྐྱོད་པ་བཞིན་ནོ། །གོས་དཀར་མོ་ནི་སྣང་བ་མཐའ་ཡས་བཞིན་ནོ། །སྒྲོལ་མའི་ཕྱག་རྒྱ་དང་མཚོན་ཆ་ནི་དོན་ཡོད་པར་གྲུབ་པ་དང་འདི་འདྲ་བ་ལས་འདིའི་
རལ་གྲིའི་གནས་སུ་ཨུཏྤལ་སྔོན་པོའོ། །ཞལ་གྱི་མདོག་ནི་རིན་ཆེན་འབྱུང་ལྡན་ལྟ་བུའོ། །ནམ་མཁའི་སྤྱན་ནི་རིན་ཆེན་འབྱུང་ལྡན་བཞིན་ནོ། །རྡོ་རྗེ་གཟུགས་ནི་ཕྱག་གཡས་རྣམས་ན་རྡོ་རྗེ་དང་འཁོར་ལོ་དང་མེ་ལོང་འཛིན་པ། གཡོན་རྣམས་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པ།
เล่ม ๔๖ · หน้า 55b
གཅིག་གིས་གདན་ལ་བརྟེན་ཏེ་བཞུགས་པའོ། །རྡོ་རྗེ་སྐྲའི་ཕྱག་གཉིས་ཀྱིས་པི་ཝང་བརྡུང་བ་ལ་བརྩོན་པ། གཡས་གཉིས་ན་རིན་པོ་ཆེ་དང་འཁོར་ལོ་འཛིན་པ། གཡོན་པ་གཉིས་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །རྡོ་རྗེ་དྲིའི་ཕྱག་གཡོན་པ་ན་དྲིའི་དུང་འཛིན་པ། གཡས་པས་
དྲི་འཐོར་བར་བྱེད་པ། ཡང་ཕྱག་གཡས་པ་གཉིས་ན་པདྨ་དང་འཁོར་ལོ་འཛིན་པ། གཡོན་པ་གཉིས་ན་ལྕགས་ཀྱུ་དང་ཐོད་པ་འཛིན་པ། རྡོ་རྗེ་རོའི་ཕྱག་གཡས་ན་འཁོར་ལོ་དང་རལ་གྲི་དང་རོའི་སྣོད་འཛིན་པ། གཡོན་པ་རྣམས་ལས་གཅིག་གིས་གདན་ལ་བརྟེན་ཏེ་བཞུགས་པ།
ཕྱག་གཡོན་པ་གཉིས་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །རྡོ་རྗེ་རེག་གི་ཕྱག་གཡས་པ་ན་རྡོ་རྗེའི་གོས་དང་རྡོ་རྗེ་དང་འཁོར་ལོ་འཛིན་པ། གཡོན་པ་གཅིག་གདན་ལ་བརྟེན་ཏེ་བཞུགས་པ། ཡང་གཉིས་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །དེ་དག་ཞལ་དང་མདོག་ནི་རྣམ་པར་
སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་མི་བསྐྱོད་པ་བཞིན་དུ་བསམ་པར་བྱའོ། །ཆོས་ཀྱི་དབྱིངས་ནི་རྣམ་པར་སྣང་མཛད་བཞིན་དུ་ཤེས་པར་བྱའོ། །འཕགས་པ་གཤིན་རྗེ་གཤེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་སྟེ།
ཁྲོ་བོ་དེ་རྣམས་ནི་སྔར་བསྟན་ཟིན་ཏོ། །ཁྲོ་བོ་ཊཀྐི་ནི་སྐུ་ཐམས་ཅད་ཞལ་དང་པོ་ནི་ནག་པོའོ། །ཞལ་གཡས་པ་ནི་དཀར་པོའོ། །གཡོན་པ་ནི་དམར་པོའོ། །ཞལ་གསུམ་པ་ནི་འཇིགས་པར་བྱེད། །ཅེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་ཉིད་དང་སྨོན་པ་མེད་
པ་རྣམས་ནི་བྱིས་པ་རྣམས་འཇིགས་པར་བྱེད་པས་འཇིགས་པ་གསུམ་སྟེར་ཞེས་བྱའོ། །ཕྱག་བཞི་ཞེས་པ་ལ་གཉིས་ནི་ཧཱུྃ་ཀ་རའི་ཕྱག་རྒྱའོ། །ཕྱག་གཉིས་ན་མེ་ཏོག་གི་མཚོན་ཆ་བསྟོད་ནས་འཛིན་པའོ། །སྟོབས་པོ་ཆེའི་ཞལ་གསུམ་ནི་ཁྲོ་བོ་ཊཀྐིའི་བཞིན་ནོ། །ཕྱག་གཡས་པ་ན་ནི་དབྱིག་
པ་འཛིན་པ། གཡོན་གྱིས་སྡིགས་མཛུབ་བསྒྲེང་བའོ། །གཡས་གཉིས་ན་རྡོ་རྗེ་དང་འཁོར་ལོ་འཛིན་པ། གཡོན་གཉིས་ན་རྩེ་གསུམ་དང་ཞགས་པ་འཛིན་པའོ། །དབྱུག་སྔོན་དང་སྟོབས་པོ་ཆེའི་སྐུ་མདོག་ནི་སྔོན་པོའོ། །འདིའི་ཕྱག་དང་མཚོན་ཆའི་རྣམ་པར་དབྱེ་བ་ཡང་དེ་དང་
เล่ม ๔๖ · หน้า 56a
འདྲའོ། །འཕགས་པ་མི་གཡོ་བའི་སྐུ་ཐམས་ཅད་དང་ཞལ་དང་པོ་ནི་མདོག་ལྗང་གུ། ཞལ་གཡས་པ་ནི་ཁ་དོག་དཀར་པོའོ། །གཡོན་པ་ནི་ནག་པོའོ། །ཕྱག་གཡས་རྣམས་ན་རལ་གྲི་དང་འཁོར་ལོ་དང་རྡོ་རྗེ་འཛིན་པ་གཡོན་རྣམས་ལ་ཞགས་པ་དང་ལྕགས་ཀྱུ་
དང་མཛུབ་མོ་དང་ལྡན་པའོ། །གཙུག་གཏོར་ཆེན་པོ་ནི་སྐུ་མདོག་གསེར་ལྟ་བུའོ། །ཞལ་གསུམ་གྱི་མདོག་དང་རྣམ་པར་དབྱེ་བ་ནི་རིན་ཆེན་འབྱུང་ལྡན་དང་འདྲའོ། །ཕྱག་གཡས་རྣམས་ན་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་བསྣམས་པ། གཡོན་རྣམས་ན་པདྨ་དང་རལ་གྲི་དང་ལྕགས་ཀྱུ་
བསྣམས་པའོ། །གནོད་མཛེས་ནི་གཡོན་བརྒྱང་བའི་གནས་པས་བཞུགས་པ་སྟེ། ཞལ་དང་མདོག་ནི་ཊཀྐི་དང་འདྲའོ། །ཁམས་གསུམ་རྣམ་པར་རྒྱལ་བ་ཕྱག་གཉིས་ཕྱག་རྒྱ་འཆིང་བ། ལྷག་མ་ཕྱག་གཡས་གཉིས་ན་རྡོ་རྗེ་དང་འཁོར་ལོ་འཛིན་པ། ཕྱག་གཡོན་གཉིས་ན་ལྕགས་
ཀྱུ་དང་ཞགས་པ་འཛིན་པའོ། །དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ནི་ཞལ་གསུམ་པ་ཕྱག་དྲུག་པ་མཚོན་ཆ་སྣ་ཚོགས་པར་འགྱུར་རོ། །དེ་ལྟ་བུ་དང་གཞན་དག་ནི་རྒྱུད་གཞན་གྱི་ནང་ནས་ཤེས་པར་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །གསལ་བའི་དཀྱིལ་འཁོར་
དམ་པ་བསམ། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ཏེ་དེའི་སྟེང་དུ་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་རྣམ་པར་སྣང་མཛད་དུ་བདག་བསམ་པར་བྱའོ། །དེ་ཉིད་ཀྱི་ཕྱིར། །སངས་རྒྱས་གཟུགས་ནི་རབ་བསྒོམས་ན། །རྣམ་པར་སྣང་མཛད་རྣམ་པར་བསམས། །ཞེས་གསུངས་ཏེ། སངས་
རྒྱས་རྡོ་རྗེ་འཛིན་དུ་བཤད། །ཅེས་གསུངས་པས་ན་ཡིད་གཉིས་སུ་མི་བྱའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་རོ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྡུས་པ་ལས་རབ་ཏུ་གྲགས་པའི་རྡོ་རྗེ་སེམས་དཔའ་རབ་ཏུ་
བསྒོམ་པའོ། །རྡོ་རྗེ་སེམས་དཔའ་རྣམ་པར་བསམས། །ཞེས་བྱ་བ་ནི་འདི་ལས་གསུངས་པའི་ཞལ་གསུམ་པ་ཕྱག་དྲུག་པ་ལ་སོགས་པའི་སྐུ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའོ། །ཁྲོས་པ་གསལ་བ་ལུས་དང་ལྡན། །ཞེས་བྱ་བ་ནི་གསལ་བའི་ལུས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་
เล่ม ๔๖ · หน้า 56b
ཟླ་བའི་མདོག་ཅན་ནོ། །དེ་དང་འདྲ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་ཟླ་བའི་མདོག་ལྟ་བུར་བསྒོམ་པའོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །ཆོས་ཀྱི་སེམས་དཔའ་ཞེས་བྱ་བ་ནི་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་གོ། །གསལ་བའི་ལུས་འཛིན་ཞེས་བྱ་བ་ནི་ཤེལ་གྱི་མདོག་གོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་ལྷ་མོ་གསུམ་ཡང་རྡོ་རྗེ་སེམས་དཔའ་ལས་བྱུང་བར་ཡང་བསྒོམ་མོ། །ཁྲོ་བོ་རྣམས་བསྒོམ་པ་ནི་གསལ་བས་ཡང་མ་སྨྲས་སོ། །
རྡོ་རྗེ་དམ་ཚིག་བཀོད་པའི་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ཞེས་བྱ་བ་ནི་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་རྡོ་རྗེ་སྟེ། དེའི་དམ་ཚིག་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་སོགས་པའོ། །རྡོ་རྗེ་ལ་སོགས་པ་དེ་དག་གི་དབྱིབས་ཀྱི་དབྱེ་བ་རྣམ་པ་སྣ་ཚོགས་པ་ནི་བཀོད་པའོ། །དེའི་
དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི་སྐུ་ལ་སོགས་པའི་དངོས་པོ་མེད་པའི་ངོ་བོ་ཉིད་ལ་ལྷག་པར་མོས་པའོ། །དེས་བྱང་ཆུབ་པ་ནི་རང་གི་ལྷའི་ངོ་བོ་ཉིད་རྟོགས་པའོ། །དེ་སྟོན་པའི་སྒྲའི་ཚོགས་ནི་ལེའུ་ཞེས་བྱའོ། །རྡོ་རྗེ་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་བྱང་ཆུབ་པ་སྟེ་ལེའུ་བཅུ་
གསུམ་པའི་བཤད་པའོ།། །།རིམས་ལ་སོགས་པ་དངོས་གྲུབ་ཀྱི་བར་ཆད་རྣམས་བསལ་བར་བྱ་བའི་ཕྱིར། སྔར་བསྟན་པའི་ལྷ་རྣམས་ཀྱི་ཞི་བ་ལ་སོགས་པའི་གསང་སྔགས་ཀྱི་དཔལ་གྱི་ཚོགས་རྣམས་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་ཡིན་ཏེ། ཞི་བའི་དམ་ཚིག་
མཆོག་ཅེས་བྱ་བ་ནི་རིམས་དང་གདོན་ལ་སོགས་པ་ཞི་བར་བྱེད་པས་ན་ཞི་བ་ཡིན་ཞིང་འདའ་བར་བྱ་བ་མ་ཡིན་པས་ན། བཅོམ་ལྡན་འདས་ཡུམ་སྤྱན་ནི་ཞི་བའི་དམ་ཚིག་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཞི་བའི་དམ་ཚིག་ཅེས་བྱ་སྟེ་ཞི་བའི་དམ་ཚིག་མཆོག་ཅེས་བྱ་བའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་པའོ། །འབྱོར་པ་ཀུན་ལ་དགྱེས་པ་རྣམས། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འབྱོར་པ་ཀུན་ཐོབ་པར་དགྱེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །སངས་རྒྱས་རྡོ་རྗེ་རྗེས་དྲན་པ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་
เล่ม ๔๖ · หน้า 57a
རྡོ་རྗེ་ཅན་གྱི་གཟུགས་སུ་བསམས་ནས་དེ་སེམས་ཅན་གྱི་ཁམས་རྣམས་བདེ་བར་བྱས་པ་གཟིགས་པས་མཉེས་ཤིང་དགའ་བ་སྐྱེས་པར་གྱུར་པའོ། །སྐུ་གསུམ་གྱི་དམ་ཚིག་རྡོ་རྗེའི་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་གྱི་དམ་ཚིག་ཀྱང་ཡིན་ལ་རྡོ་རྗེའི་ཁྲོ་བོ་
ཡང་ཡིན་པས་ན་སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་ཉིད་རྡོ་རྗེ་སྟེ། དེའི་དངོས་པོ་ནི་ཁྲོ་བོའི་གཟུགས་ཀྱིས་འགྲོ་བའི་དོན་བྱེད་པའོ། །དེ་ནི་དོན་དམ་པར་དངོས་པོའི་ངོ་བོ་ཉིད་ཡིན་པས་ན་དངོས་པོ་མེད་
པ་སྟེ། དེ་དངོས་པོ་དང་དངོས་པོ་མེད་པ་དེ་དག་གི་རྡོ་རྗེའི་དམ་ཚིག་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བཅོམ་ལྡན་འདས་ཡུམ་མཱ་མ་ཀཱི་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དངོས་པོ་དང་དངོས་པོ་མེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱའོ། །རྡོ་རྗེ་འཛིན་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེའི་རིགས་
ཐམས་ཅད་ཀྱིའོ། །བཙུན་མོའི་མཆོག་ཅེས་བྱ་བ་ནི་གསོ་བར་བྱ་སྟེ་བདག་མེད་པར་སྦྱོར་བ་ལ་བསྒོམས་པས་སོ། །སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན། །ཞེས་པ་ནི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཅན་ནོ། རྡོ་རྗེའི་མཚན་མ་རྗེས་དྲན་ནས། །ཞེས་བྱ་བ་ལ་རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་
ཉིད་མཚན་མ་སྟེ། རྡོ་རྗེའི་རིགས་ཟློས་པ་རྣམས་ཀྱི་མི་ཕྱེད་པ་དེའི་རྒྱུ་མཐུན་པས་གདུག་པ་རྣམས་འདུལ་བའི་མཚན་ཉིད་ཀྱིས་འགྲོ་བའི་དོན་མཛད་པ་སྟེ། དེ་ལྟ་བུའི་རྡོ་རྗེའི་མཚན་མ་རྗེས་སུ་དྲན་པས་དགའ་སྟེ་སྤྱན་གདངས་པར་གྱུར་པའོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ།
འདོད་ཆགས་ཆེན་པོ་ནི་པདྨའི་རིགས་སོ། །དེའི་དམ་ཚིག་ནི་རྒྱུར་གྱུར་པ་སྟེ། བཅོམ་ལྡན་འདས་ཡུམ་གོས་དཀར་མོའོ། །དེ་ལ་གཟིགས་པ་ཞེས་བྱ་བ་ནི་མངོན་སུམ་དུ་བསྒོམ་པ་སྟེ། གང་ལ་དེ་ལྟ་བུའི་མིང་དང་ལྡན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེ་ཆོས་ནི་རྗེས་
དྲན་ཞིང་། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཏེ། །རྟག་ཏུ་སངས་རྒྱས་སྟོབས་མཛད་པ། །ཞེས་བྱ་བ་དང་སྦྱར་རོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ཤེས་པ་ནི་ཆོས་མཐོང་བའོ། །ཀུན་ནས་འབྱུང་ན་ཞེས་བྱ་བ་ལ་སོགས་པ་ལ་
เล่ม ๔๖ · หน้า 57b
དོན་ཡོད་པར་གྲུབ་པའི་རིགས་ཀྱི་ངོ་བོའི་སྐུའི་སྤྲིན་གྱིས་ནམ་མཁའ་ཁྱབ་པར་བྱེད་པ་གང་ལ་འབྱུང་བ་དེ་ནི་ཀུན་དུ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དམ་ཚིག་གི་རིགས་བསྐྱེད་པའི་ཡུམ་ལ་དམིགས་ཞེས་བྱ་བའི་དོན་ཏོ། །དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་རྡོ་རྗེ་ཞེས་བྱ་བ་ནི་གང་ལས་
དྲི་མ་མེད་པའི་འོད་ཟེར་འབྱུང་བ་དེ་ནི་དྲི་མ་མེད་པའི་འོད་ཟེར་ཏེ་གཤིན་རྗེ་གཤེད་དོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དྲི་མ་མེད་པའི་སྤྲིན་རྡོ་རྗེ་ཞེས་བྱའོ། །འཇིགས་ཤིང་ཤིན་ཏུ་སྐྲག་གྱུར་ནས། །ཞེས་བྱ་བ་ལ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀུན་དུ་སྐྲག་པར་བྱེད་པ་ཡིན་ནོ་ཞེས་
རང་གི་སྔགས་ཡང་དག་པར་སྟོན་པར་མཛད་པ་སྟེ། ཕྱིས་འགྱུར་བའི་ཚུལ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བས་སོ་སོའི་སྐྱེ་བོ་ཉིད་ཡིན་པར་འདོད་དེ་དེ་རྣམས་ཀྱི་ཀུན་དུ་སྐྲག་པ་འབྱུང་བའི་ཕྱིར་རོ། །ཁྲོ་བོའི་སྔགས་དེ་འབུམ་བཟླས་པ་
བྱས་ན་ཇི་སྐད་བཤད་པའི་ཐོད་པ་ལ་བསྒྲུབ་པར་བྱ་བའི་མིང་དང་བཅས་པ་བྲིས་ལ་རྐང་པ་གཡོན་པས་མནན་ནས་མིང་ནས་སྨོས་པའི་སྦྱོར་བས་སྔགས་བཟླ་བར་བྱ་ཞིང་རང་གི་དཀྱིལ་འཁོར་ལ་གནས་ཏེ་བསྒྲུབ་པར་བྱ་བ་རྡོ་རྗེའི་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། ཞགས་པའམ་ལྕགས་ཀྱུས་
དྲངས་པར་གྱུར་པར་བསམས་པ་ནི་དགུག་པ་ཐམས་ཅད་ལ་སྦྱར་རོ། །དམ་ཚིག་འོད་ཟེར་སྡུག་པོའི་མཆོག །ཅེས་བྱ་བ་ལ་སོགས་པ་ལ་དམ་ཚིག་གི་འོད་ཟེར་རྣམས་ཀྱིས་སྡུག་པས་ན་དམ་ཚིག་འོད་ཟེར་སྡུག་པོ་སྟེ། བཅོམ་ལྡན་འདས་འཕགས་པ་བདུད་རྩི་འཁྱིལ་པའོ། །དེ་ཉིད་དམ་
པར་གྱུར་པས་ན་མཆོག་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དེ་སྐད་ཅེས་བྱའོ། །རྡོ་རྗེ་སྐྲོད་པའི་ལས་རྣམས་ལ། །ཞེས་བྱ་བ་ནི་སྔགས་ཀྱི་ཆོ་ག་བཞིན་དུ་བཟླས་པ་འབུམ་བྱས་པའམ་འགོག་པའི་རྡོ་རྗེའི་བཟླས་པས་མཚན་མ་ཐོབ་པར་བྱས་ནས། མི་རུས་ལས་བྱས་ཕུར་བུ་ནི། །
སོར་བརྒྱད་པ་ཡི་ཚད་དག་ལ། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ། །དགྲ་ཡི་སྒོ་ཁར་སྦས་ན་ནི། །སངས་རྒྱས་སྐུ་མཆོག་རབ་སྦྱིན་པ། །ཤེས་དང་མི་ཤེས་རྣམ་སྤངས་པའི། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། །བསྐམས་སམ་ཡང་ན་འཆི་བར་འགྱུར། །ཞེས་པའམ། །ཏ་ལའི་ལོ་མའམ་
เล่ม ๔๖ · หน้า 58a
གཞན་ལའང་རུང་། །ཁྲོ་བོའི་སྔགས་ནི་ཀུན་བྲིས་ལ། །དགྲ་ཡི་ཁྱིམ་མམ་སྒོ་དག་ཏུ། །སྦས་ན་འཆིའམ་བསྐམས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་བྱ་བར་བལྟ་བར་བྱའོ། །སངས་རྒྱས་ཀྱི་འོད་ཟེར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གང་ལ་སངས་རྒྱས་ཉིད་ནི་འོད་
ཟེར་དུ་ཡོད་པ་སྟེ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་དེ་ནི་སངས་རྒྱས་ཀྱི་འོད་ཟེར་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་འོད་ཟེར་ཞེས་བྱའོ། །དཔག་ཏུ་མེད་པའི་རྡོ་རྗེ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་དཔག་ཏུ་མེད་པ་ནི་མཐའ་མེད་པ་སྟེ་བཅོམ་ལྡན་འདས་རྟ་མགྲིན་ནོ། །དེ་བསྐྱེད་
པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དཔག་ཏུ་མེད་པའི་རྡོ་རྗེ་འབྱུང་བ་ཞེས་བྱ་བ་སྟེ་དེ་ལ་སྙོམས་པར་ཞུགས་པའོ། །འབྱུང་བའི་དཔལ་རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཁྲོ་བོ་དབྱིག་སྔོན་འབྱུང་བའི་དཔལ་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་འབྱུང་བ་དཔལ་རྡོ་རྗེ་ཞེས་བྱ་བའི་ཏིང་
ངེ་འཛིན་ཏོ། །ལས་རྣམས་ཆོ་ག་བཞིན་དུ་བྱེད། །ཅེས་བྱ་བ་ལ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ལུས་དང་ངག་སེམས་བསད་པར་ནི། ཁྱད་པར་དག་ཏུ་བསྒོམ་པར་བྱ། །དགྲ་རྣམས་ལ་ནི་གདོན་མི་ཟ། །ཁྲག་དང་ཆུ་ཡིས་གཤེར་བའམ། །དྲི་ཆུས་
གཤེར་བར་བྱས་པའི་གོས། །བགོས་ནས་ལིངྒ་རྐང་པས་མནན། །ཁྲོ་བོ་རྒྱལ་པོར་སྦྱར་བར་བྱ། །བརྒྱ་ནི་རྩ་བརྒྱད་ཡོངས་རྫོགས་ན། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་བྱ་བ་ལ་སོགས་པའོ། །ཀུན་དུ་སྤྲིན་གྱི་དཔལ་ཞེས་བྱ་བ་ལ་བཅོམ་ལྡན་འདས་འཕགས་
པ་སྟོབས་པོ་ཆེ་སྟེ། རང་གི་ཁྲོ་བོ་ལ་སོགས་པས་ཡོངས་སུ་བསྐོར་བ་ནི་ཀུན་ཏུ་སྤྲིན་ཏེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཀུན་ཏུ་སྤྲིན་གྱི་དཔལ་ཞེས་བྱའོ། །ཀུན་དུ་སྒྲོགས་པ་རྡོ་རྗེ་ཞེས་བྱ་བ་ནི་ཕྱོགས་བཅུའི་ཀུན་དུ་གདུག་པ་རྣམས་གསོད་པར་སྒྲོགས་པ་གང་ཡིན་པ་སྟེ་ཁྲོ་བོ་
ཊཀྐི་ནི་ཀུན་དུ་སྒྲོགས་པ་ཡིན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཀུན་དུ་སྒྲོགས་པ་རྡོ་རྗེ་ཏིང་ངེ་འཛིན་ཞེས་བྱའོ། །ཡེ་ཤེས་ལ་དམིགས་པའི་རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་མི་གཡོ་བ་ནི་ཡེ་ཤེས་ལ་དམིགས་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་
เล่ม ๔๖ · หน้า 58b
ཡེ་ཤེས་ལ་དམིགས་པ་སྟེ་རྡོ་རྗེ་ཞེས་བྱའོ། །མི་གཡོ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་དམ་ཚིག་ཅེས་བྱ་བ་ནི་འཕགས་པ་མི་གཡོ་བ་འབྱུང་བའི་རྒྱུར་གྱུར་པའི་གདུལ་བྱ་རྣམས་སོ། །དམ་ཚིག་རྣམ་པར་བསྒྱིངས་པ་རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་གནོད་མཛེས་ཀྱི་དམ་ཚིག་
སྟེ། དེའི་རྣམ་པར་བསྒྱིངས་པས་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་འགུགས་པའི་ཕྱིར་སྤྲོ་བ་སྟེ། འདིའི་བར་དུ་སྦྱོར་བ་གསུངས་པ་ནི། །རྡོ་རྗེ་སེམས་དཔའི་ཞབས་ཀྱིས་མནན། །ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གཏན་གྱི་དཀྱིལ་འཁོར་དུ་གཙོ་བོའི་གནས་ལྔར་གནོད་མཛེས་ཀྱི་
སྦྱོར་བས་རིག་པའི་རྒྱལ་པོ་གནོད་མཛེས་ཀྱི་གཟུགས་བཞག་ལ་འདི་ལྟར་རྡོ་རྗེ་སེམས་དཔའི་ཞབས་ཀྱིས་མནན་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཁང་དུ་འགྱུར་རོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་
རྣམས་གནོད་མཛེས་ཀྱི་སྦྱོར་བས་ཞུགས་ཏེ། གནོད་མཛེས་ཀྱི་སྦྱོར་བས་ཕྱག་ན་རྡོ་རྗེ་དང་ཞགས་པ་བསྣམས་པས་བུ་མོ་འགུགས་པ་ལ་ཤིན་དུ་བརྩོན་པར་བསམས་ལ། འདོད་པའི་བུ་མོ་གང་ཡང་རུང་བ་ཞགས་པས་བཟུང་སྟེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས་མིང་ནས་སྨོས་ཤིང་སྔགས་
བཟླས་དེ་དགུག་པར་བྱའོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ་རྡོ་རྗེ་ཞེས་བྱ་བ་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་འབྱུང་བ་ནི་འགུགས་པའི་ལས་བསྐྱེད་པ་སྟེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སེམས་བརྟན་པར་གྱུར་པས་ཁམས་གསུམ་
པ་འདི་དག་ནི་སེམས་ཙམ་མོ་ཞེས་ཤེས་པར་བྱས་ནས་འགུགས་པའི་ལས་འགྲུབ་པར་འགྱུར་རོ། །དམ་ཚིག་ཆེན་པོ་རྡོ་རྗེ་གསུམ་གྱི་གསང་བ་ཞེས་བྱ་བ་ལ། དམ་ཚིག་ཆེན་པོ་ནི་བཤད་ཟིན་ཏོ། །དེ་ལས་བྱུང་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་རྡོ་རྗེ་གསུམ་གྱི་གསང་
བ་ཞེས་བྱའོ། །དེ་ཡང་གང་ཞེ་ན་གསུང་གི་དམ་ཚིག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ་གསུང་གི་དམ་ཚིག་ནི་སྔགས་སོ། །དེའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཉིད་ནི་གནས་ཏེ་འགུགས་པ་ལ་རབ་ཏུ་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྡོ་རྗེ་སྐུ་གསུང་ལ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །
เล่ม ๔๖ · หน้า 59a
ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་སངས་རྒྱས་རྡོ་རྗེ་སྟེ། དེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་སངས་རྒྱས་རྡོ་རྗེ་སྐུ་གསུམ་མོ། །རྡོ་རྗེ་སེམས་དཔའ་བསྒོམ་པ་ཞེས་བྱ་བ་ནི་དེ་གནོད་མཛེས་བསྒོམ་པ་སྟེ། དེ་དག་དགུག་པའི་ཕྱིར་གནོད་མཛེས་ཀྱི་སྦྱོར་བ་བསྒོམ་མོ་ཞེས་
པའི་དོན་ཏོ། །ཅིའི་ཕྱིར་ཡང་གནོད་མཛེས་ཀྱི་སྦྱོར་བས་སངས་རྒྱས་ཐམས་ཅད་དགུག་ཅེ་ན། ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། །ཞེས་བྱ་བ་གསུངས་ཏེ། གནོད་མཛེས་ཀྱི་སྦྱོར་བས་ཞགས་པའམ་ལྕགས་ཀྱུས་སངས་རྒྱས་ཐམས་ཅད་དགུག་པ་སྟེ། དཀྱིལ་འཁོར་འདྲི་བའི་ཚེ་ཡང་
སྔར་བསྙེན་པ་དང་སྒྲུབ་པའི་དུས་སུ་ཡང་འདི་ནི་སྤྱིའི་ཆོ་ག་བཤད་པ་ཡིན་ཏེ། དེའི་ཕྱིར་སྔགས་ཀྱི་སེམས་དཔས་བྱ་བ་ནི། རྡོ་རྗེ་གསང་བ་ངོ་མཚར་ཆེ། །ཁྲོ་བོའི་རྒྱལ་པོ་བཀུག་ནས་ནི། །སངས་རྒྱས་བྱང་ཆུབ་རབ་ཏུ་མཆོད། །ཅེས་གསུངས་པས་སོ། །ད་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་
པ་རང་གི་སྦྱོར་བས་དགུག་པ་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་སྐུ་གསུམ་སྦྱོར་བའམ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་གྱིས་སོ། །འཁོར་ལོ་ཆེན་པོའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་འཁོར་ལོ་ཆེན་པོ་ཅན་པས་འཁོར་ལོ་ཆེན་པོ་སྟེ།
རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་རོ། །དེའི་སྦྱོར་བ་ནི་དེའི་དཀྱིལ་འཁོར་གྱི་སྦྱོར་བ་སྟེ་སྦྱོར་བ་དེས་རྡོ་རྗེ་འཆང་ཆེན་པོའི་དགུག་པར་བྱའོ། །འཁོར་ལོ་པདྨོ་རྡོ་རྗེ་ཆེ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ལག་ཏུ་འཁོར་ལོའི་ཀྱོ་བ་རྣམ་པར་བསམས་ལ། དེའི་དཀྱིལ་འཁོར་གྱི་
དབུས་སུ་འདུག་སྟེ་རྣམ་པར་སྣང་མཛད་དགུག་པར་བྱའོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་རིན་པོ་ཆེ་དང་པདྨ་དང་རལ་གྲིའི་ཀྱོ་བས་རིན་ཆེན་འབྱུང་ལྡན་ལ་སོགས་པ་དགུག་པར་བྱ་སྟེ་དེ་བཞིན་དུ་གཞན་དག་
ལ་ཡང་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །སྔགས་རྣམས་ཐམས་ཅད་དགུག་པར་བྱ། །ཞེས་གསུངས་སོ། །མིའི་བུ་མོ་དགུག་པར་གསུངས་པ་ནི། ཐམས་ཅད་རྡོ་རྗེའི་དངོས་ཞི་བ། །ཞེས་བྱ་བ་སྟེ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུའོ། །
เล่ม ๔๖ · หน้า 59b
རང་སྔགས་སྐྱེས་བུ་བསྒོམས་ནས་ནི། ཞེས་བྱ་བ་ནི་རང་གི་སྔགས་ཀྱིས་རང་གི་ལྷའི་སྐུ་བདག་ཉིད་རྣམ་པར་བསྒོམ་པའོ། །སྙིང་གར་རྡོ་རྗེ་ཀྱོ་བ་སྦྱར། །ཞེས་བྱ་བ་ནི་དེའི་སྙིང་གའི་པདྨ་རྡོ་རྗེ་ལྕགས་ཀྱུས་ཕུག་ནས་དེ་ཡང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་པར་བསམས་ཏེ་དགུག་པར་བྱའོ། །
ཟླ་བའི་དཀྱིལ་འཁོར་དག་ལ་ནི། །ཞེས་བྱ་བ་ལ་སོགས་པ་ལ་འཕགས་པ་བདུད་རྩི་འཁྱིལ་པའི་སྦྱོར་བ་བྱས་ལ་དེའི་དཀྱིལ་འཁོར་གྱི་དབུས་སུ་རྣལ་འབྱོར་པ་འདུག་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བསམས་ལ་དེ་ནས་བདེ་སོགས་དེའི་
སྟེང་དུ་གནས་པར་བསམས་ལ་དགུག་པར་བྱའོ། །དེའི་ཕྱིར། །རྡོ་རྗེ་བདུད་རྩི་སྦྱོར་བ་ཡིས། །ལན་གྲངས་ལྔ་བཅུར་བརྗོད་ན་ནི། །ངེས་པར་རྟག་ཏུ་འགུགས་པར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་ཀྱོ་བ་གཟུགས་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྕགས་ཀྱུ་རྣོན་པོ་འོད་ཟེར་
འབར་བའི་དཀྱིལ་འཁོར་ནམ་མཁའ་ལ་རྣམ་པར་བསམས་ལ། དེ་ཉིད་དུ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལྟ་བུ་བསམ་མོ། །དེའི་སྟེང་དུ་ནམ་མཁའི་རྡོ་རྗེ་རྣམ་པར་བསམས་ལ་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་དགུག་པར་བྱའོ། །འཕགས་པ་རྡོ་རྗེ་ས་འོག་གི་སྔགས་ཀྱིས་བདག་ཉིད་
འཕགས་པ་ཁྲོ་བོ་རྡོ་རྗེ་ས་འོག་ཞལ་གསུམ་པ་མི་བསྐྱོད་པའི་གཙུག་གི་ནོར་བུ་ཅན་ཞགས་པ་དང་དགྲ་སྟ་དང་རྩེ་གསུམ་པ་དང་ཀྱོ་བ་བསྣམས་པ་བསྐྱེད་ནས་དེའི་དཀྱིལ་འཁོར་གྱི་གནས་ལྔར་གནས་ལ་ནམ་མཁའ་ལ་ཡང་དེའི་གཟུགས་འཛིན་པའི་སངས་རྒྱས་ཀྱིས་མ་ལུས་པར་བཀང་ནས་
འགོག་པའི་རྡོ་རྗེ་བཟླས་པས་གྲུབ་པའམ་མཚན་མ་ཐོབ་པས་ལྷ་མ་ཡིན་གྱི་བུ་མོའི་མིང་ནས་སྨོས་ཏེ་སྔགས་བཟླས་ལ། སྙིང་ག་རྡོ་རྗེ་ལྕགས་ཀྱུས་ཕུག་ནས་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་དགུག་པར་བྱའོ། །བཙག་གམ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་མཚན་མ་ཐོབ་པའི་རྣལ་
འབྱོར་པས་རྡོ་རྗེ་ས་འོག་དང་གནོད་མཛེས་དང་འཕགས་པ་བདུད་རྩི་འཁྱིལ་པ་དང་། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་གྱི་དབུས་སུ་དེའི་སྦྱོར་བས་འདུག་ལ་དེ་ཉིད་ཀྱི་སྔགས་ཀྱིས་བཙག་གམ་རྡོ་རྒྱུས་ཟླ་བ་གཟས་ཟིན་པའི་ཚེ་ཁར་བཅུག་ལ་ཇི་སྲིད་དུ་
เล่ม ๔๖ · หน้า 60a
ཟླ་བ་བཏང་གི་བར་དུ་བཟླས་པར་བྱའོ། །དེ་ནས་སྲུང་བ་བྱ་སྟེ་བཙག་གམ་རྡོ་རྒྱུས་ཀྱིས་ཚངས་པ་ལ་སོགས་པའི་མིང་བྲིས་ལ་བསྐུལ་བར་བྱ་བ་དེ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་སྙིང་གའི་པདྨ་རྡོ་རྗེ་ལྕགས་ཀྱུས་ཕུག་སྟེ་ཞུགས་པར་གྱུར་པར་བསམ་ཞིང་རྐང་པ་གཡོན་
བརྐྱང་བའི་ཐབས་ཀྱིས་བསྒྲུབ་པར་བྱ་བ་མནན་ལ་མིང་སྨོས་པའི་སྦྱོར་བས་སྔགས་བཟླས་ན་ངེས་པར་འགུགས་པར་བྱེད་དོ། །བུད་མེད་དགུག་ན་རྐང་པ་གཡས་པས་མནན་པར་བྱའོ། །རྣམ་པ་མཆོག་ནི་ཀུན་ལྡན་པའོ། །རྡོ་རྗེ་འཇམ་དཔལ་ཞེས་བྱ་བ་ལ་སོགས་པ་ལ་རང་གི་དཀྱིལ་
འཁོར་གྱི་དབུས་སུ་ཡི་གེ་མྃ་ལས་འཕགས་པ་འཇམ་དཔལ་དབྱངས་སུ་བདག་ཉིད་རྣམ་པར་བསམས་ནས་ཕྱོགས་བཞིར་ཡང་འཇམ་པའི་དབྱངས་ཀྱི་སྐུ་བཞག་ལ་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྔགས་རང་གི་སྙིང་གར་བསམ་མོ། །དེ་ནས་འཕགས་པ་གཤིན་རྗེ་གཤེད་རང་
གི་སྔགས་ཀྱིས་རང་གི་ལུས་ལ་རྡོ་རྗེའི་ལྕགས་ཀྱུ་དབྱུང་བ་ནི་བསྐལ་པ་སྲེག་པ་ལྟ་བུ་བསྐྱེད་ལ་འཕགས་པ་འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྔགས་ཀྱིས་ཡི་གེ་ཀྵིཾ་དང་སྤེལ་བས་གནོད་སྦྱིན་མོ་དགུག་པར་བྱའོ། །དེ་བཞིན་དུ། ཀུན་གྱི་ཕྱག་རྒྱ་ཁྱད་པར་དང་། །ཞེས་བྱ་བ་ལ་སོགས་པ་ལ་རང་གི་
སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཕྱོགས་བཞིར་རང་གི་ལྷའི་སྐུ་བཞག་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་རང་གི་ལྷའི་དཀྱིལ་འཁོར་གྱི་ལྷའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་མ་ལུས་པར་གང་ལ་རྡོ་རྗེ་ལ་སོགས་པ་
རང་གི་མཚན་མས་མཚན་པའི་ལྕགས་ཀྱུ་དེས་སངས་རྒྱས་ཐམས་ཅད་ལ་སོགས་པ་དགུག་པར་བྱའོ། །གཞན་དུ་བྱས་ན་འཇིག་པར་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ཇི་སྐད་གསུངས་པའི་ཐུན་མོང་ངམ་ཁྱད་པར་གྱིས་དགུག་པའི་སྦྱོར་བ་མ་བྱས་ན་དེའི་ཚེ་མི་འགྲུབ་ཅིང་འཇིག་པ་སྟེ། གནོད་
སྦྱིན་མོ་ལ་སོགས་པའི་ལྷའི་ཁྱད་པར་གདུག་པ་རྣམས་ཀྱིས་རྣལ་འབྱོར་པ་དེའི་སྲོག་ཀྱང་འཇིག་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེས་བྱ་བ་ནི་འགུགས་པའི་སྦྱོར་བ་ཐམས་ཅད་ལ་རྣལ་འབྱོར་པ་རྣམས་ཀྱིས་གནོད་མཛེས་ཀྱིས་ཡང་དང་ཡང་དུ་བསྐུལ་བར་བྱའོ། །
เล่ม ๔๖ · หน้า 60b
ཀུན་དུ་རྣམ་པར་འཕྲུལ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པར་རལ་པ་གཅིག་གི་གཟུགས་ཀྱིས་ནམ་མཁའ་ལ་ཁྱབ་པར་གྱུར་པ་ནི་ཀུན་དུ་རྣམ་པར་བསྒྱིངས་པའོ། །ཡེ་ཤེས་སྐྱེད་པར་བྱེད་པའི་ཡེ་ཤེས་ནི་ཀུན་དུ་རྣམ་པར་བསྒྱིངས་
པའི་ཡེ་ཤེས་ཏེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཀུན་དུ་རྣམ་པར་བསྒྱིངས་པའི་ཡེ་ཤེས་རྡོ་རྗེ་ཞེས་བཤད་དོ། །ནམ་མཁའི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བ་ནི་ཆོས་ཉིད་དང་རང་བཞིན་གྱིས་ཡང་དག་པའི་ཡེ་ཤེས་ནི་ནམ་མཁའ་ལྟར་ཐམས་ཅད་དུ་སོང་བས་ནམ་མཁའོ། །དེའི་
རྒྱུ་མཐུན་པ་ལས་བྱུང་བའི་བཅོམ་ལྡན་འདས་ཡུམ་ཁྲོ་གཉེར་ཅན་ནི་ནམ་མཁའི་དམ་ཚིག་གོ། །དེ་འབྱུང་བའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་དེ། ཏིང་ངེ་འཛིན་གང་དེ་ལྟ་བུའི་མིང་དང་ལྡན་པ་དེ་ལ་སྙོམས་པར་ཞུགས་པའོ། །འགོག་པའི་རྡོ་རྗེའི་བཟླས་པ་ནི། །ཞེས་པ་ནི་ཁྲོ་བོ་དེ་དག་ཐམས་
ཅད་ཀྱི་རིགས་ཀྱི་བདག་པོ་དང་རང་གི་རིགས་ཀྱི་སྦྱོར་བས་བདག་ཉིད་ཀྱི་སྙིང་གའི་ཟླ་བ་ལ་བཟླས་པར་བྱ་བ་རྣམ་པར་དགོད་པ་ཟློས་པ་དེ་ལས་སེམས་རྩེ་གཅིག་དུ་གྱུར་པར་བྱས་ནས་བཟླས་ཤིང་འགོག་པའི་རྡོ་རྗེའི་བཟླས་པའོ། །ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་གང་གི་ཚེ་དེ་ལྟ་བུའི་བཟླས་པ་
བྱེད་ཅིང་སེམས་རྩེ་གཅིག་པར་གྱུར་པ་དེའི་ཚེ་འགོག་པའི་རྡོ་རྗེའི་བཟླས་པ་རྫོགས་པ་ཡིན་ཏེ། དེའི་ཚེ་དགུག་པའི་རྡོ་རྗེའི་ལས་བྱའི་གཞན་དུ་ནི་མ་ཡིན་ནོ། །ཡང་ན་ཁྲོ་བ་ཐམས་ཅད་ཀྱི་བཟླས་པ་འབུམ་བྱས་ནས་ཁྲོ་བོའི་ལས་རྣམས་བྱའོ། །ལས་དེ་དག་ཉིད་བསྟན་པའི་ཕྱིར། ཕྱོགས་
བཅུའི་སེམས་ཅན་ཐམས་ཅད་ཀྱི། །ལུས་དང་ངག་སེམས་བསད་པར་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེར་ནི་སྔགས་ཀྱི་ཚིག་བྲིས་ལ། །ཞེས་བྱ་བ་ནི་གདུག་པའི་མིང་དང་སྤེལ་བའི་སྦྱོར་བས་ཁྲོ་བོའི་སྔགས་བྲི་བར་བྱའོ། །རྡོ་རྗེའི་ཚིག་གིས་བཟླས་པ་ཡིས། །
ཞེས་བྱ་བ་ནི་ཆེ་གེ་མོ་སྐྲོད་ཅིག་ཅེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་གིས་སྔགས་བཟླས་པ་ནི་རྡོ་རྗེའི་ཚིག་ཅེས་བྱ་སྟེ། རྡོ་རྗེའི་ཚིག་དེས་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཡོངས་སུ་བཟླས་ནས་དགྲའི་སྒོའམ། གྲོང་དུ་ཐོད་པ་སྦས་ན་གྲོང་ལ་སོགས་པ་སྐྲོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་
เล่ม ๔๖ · หน้า 61a
ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ངེས་པར་འཆིང་བའི་རྡོ་རྗེ་ཞེས་བྱ་བ་ནི་འདིར་ཕུར་བུས་གདབ་པར་འོས་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བར་འདོད་དེ། དེ་དག་གི་ལུས་དང་ངག་དང་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཏེ། དེ་
དག་ངེས་པར་འཆིང་བ་ནི་ཕུར་བུས་གདབ་པ་སྟེ། དོན་དེ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །མི་ཡི་རུས་པའི་ཕུར་བུ་འམ། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྦྱོར་བ་བྱ་སྟེ་སྔགས་འདི་འབུམ་མམ་བྱེ་བ་བཟླས་
པ་བྱས་ནས་མིའི་རུས་པ་འམ་སེང་ལྡེང་ངམ་ལྕགས་ལས་སོར་བརྒྱད་པའི་ཚད་ལ་འོག་ཏུ་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་ཟུར་བཞི་པ་འདིའི་ངོས་བཞིར་ཡི་གེ་ཧཱུྃ། ངོས་བཞི་དང་རྩེ་མོ་ལ་གཅིག་པར་བྱའོ། །དེ་ནས་དུར་ཁྲོད་དུ་སྣ་ཚོགས་རྡོ་རྗེ་བྲིས་ལ། དུག་དང་སྐེ་ཚེ་དང་རྔ་མོ་ལ་
སོགས་པའི་རྟུག་པ་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ནས་དུག་དང་ལྡན་པའི་ཁྲག་ལ་སོགས་པས་བསྒྲུབ་པར་བྱ་བའི་མིང་བྲིས་ལ་གཟུགས་བརྙན་གྱི་ཁོག་པར་བཅུག་སྟེ། གཅེར་བུ་མགོ་བྱང་ཕྱོགས་སུ་བསྟན་ལ་ཡི་གེ་ཨའི་ས་བོན་ལས་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་བཞག་
ལ་གནོད་མཛེས་ཀྱིས་བསྒྲུབ་པར་བྱ་བའི་སྙིང་དྲངས་ནས་གཟུགས་བརྙན་དུ་བཅུག་ལ་ཕུར་བུའི་སྔགས་བརྒྱ་རྩ་བརྒྱད་བཟླས་པའི་ཕུར་བུས་གཟུགས་བརྙན་གྱི་སྙིང་གར་ཕུར་བུ་རྡོ་རྗེས་གདབ་པོ། །དེ་ནས་ཁམ་ཕོར་ལ་རྡོ་རྗེས་ཡི་གེ་ཨའི་ས་བོན་ལས་རྡོ་རྗེ་རྒྱ་གྲམ་དེ་ལ་བྲིས་ལ་དེས་
གཟུགས་བརྙན་དེ་གཡོགས་ནས་ཁམ་ཕོར་སས་ཀྱང་གཡོགས་ཏེ། འདིས་ནི་ལྷ་ལ་སོགས་པའི་སེམས་ཅན་གྱི་རིགས་རླག་པར་བྱེད་དོ། །བསམ་གཏན་གྱི་ཕུར་བུ་གདབ་པ་ཡང་གསུངས་པ་ནི། འོད་ཟེར་འཁྲུག་པ་མདངས་བཟང་བའི། །ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་
སེམས་དཔའ་འམ་རྣམ་པར་སྣང་མཛད་དམ་སྣང་བ་མཐའ་ཡས་སམ། གཤིན་རྗེ་གཤེད་དམ། བདུད་རྩི་འཁྱིལ་བ་ལ་སོགས་པའི་སྦྱོར་བ་བྱས་ལ། བསྒྲུབ་པར་བྱ་བའི་ཀླད་པ་ནས་བཟུང་སྟེ་རྐང་པའི་མཐར་ཐུག་གི་བར་དུ་རྡོ་རྗེ་ཕུར་བུས་བཏབ་པར་རྣམ་པར་བསྒོམས་ན་དེས་
เล่ม ๔๖ · หน้า 61b
ངེས་པར་འཆིང་བར་འགྱུར་རོ། །སྐུའི་རྣམ་པར་སྤྲུལ་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་སྤྲོ་བ་ནི་སྐུའི་རྣམ་པར་འཕྲུལ་པ་སྟེ། རྡོ་རྗེ་ཕུར་བུའི་གཟུགས་སུ་སྐུ་ཡོངས་སུ་གྱུར་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་
སྐུ་རྡོ་རྗེ་རྣམ་པར་འཕྲུལ་པ་སྟེ། དེ་ལ་སྙོམས་པར་ཞུགས་པའོ། །སྐུའི་དམ་ཚིག་ཚམ་ངམ་གྱིས། །གནོད་པ་རྡོ་རྗེ་ཕུར་བུ་ཞེས་བྱ་བ་ནི་དམ་ཚིག་ཀྱང་ཡིན་ལ། ཚམ་ངམ་ཡང་ཡིན་པས་དམ་ཚིག་ཚམ་ངམ་སྟེ། ཕན་ཚུན་དཀྲི་བའི་ལས་བྱེད་ཅེས་བྱ་བ་ལ་སོགས་པ་གང་བཤད་
པའོ། །དེ་ཉིད་རྡོ་རྗེ་ཕུར་བུ་དེ་ལྟ་བུས་གདུག་པ་རྣམས་ལ་གདབ་པ་དེའི་དོན་གྱི་སྔགས་ཕྱུང་བའོ། །ཚམ་ངམ་གྱི་ཕྱག་རྒྱ་གསུངས་པ་ནི། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་རྡོ་རྗེ་བསྡམས་པ་ནང་དུ་བྱས་ནས་སོར་མོ་
ཐམས་ཅད་ནང་དུ་ངོས་སྦྱར་ལ་མཐེ་བོང་གཉིས་རྡོ་རྗེར་བྱ་སྟེ་བསྒྲུབ་པར་བྱ་བ་ལ་ཕུར་བུ་གདབ་པའི་བསམ་པས་ཁ་ཐུར་དུ་བསྟན་ནས་ས་ལ་གཞག་གོ། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཕུར་བུ་ལྟ་བུར་
ཡོངས་སུ་གྱུར་པར་བསྒོམ་པ་ནི་དམ་ཚིག་གོ། །དེ་ཉིད་མཆོག་སྟེ་དམ་ཚིག་མཆོག་དེས་ལྡང་བར་འགྱུར་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་རྡོ་རྗེ་ཕུར་བུའི་གཟུགས་སུ་བསྒྲུབ་པར་བྱ་བའི་ལུས་ལས་བྱུང་བར་གྱུར་པ་ནི་ལྡང་བའོ། །ཡང་ན་མཆི་བའི་གནས་སུ་འགྱུར། །
ཞེས་བྱ་བ་ནི་གལ་ཏེ་དེའི་སྐུ་མ་བསྒོམས་པར་ཕྱག་རྒྱ་འབའ་ཞིག་ཙམ་གྱི་སྦྱོར་བ་ནི་དེའི་མངོན་པར་འདོད་པའི་དངོས་གྲུབ་ཏུ་མི་འགྱུར་རོ། །འཇིག་རྟེན་དབང་ཕྱུག་གསུང་རྣམ་པར་འཕྲུལ་པ་ཞེས་བྱ་བ་ལ་སོགས་པ་ལ་འོད་དཔག་མེད་ཀྱི་སྦྱོར་བས་འོད་དཔག་མེད་ཀྱི་སྐུ་དང་གསུང་དང་ཐུགས་ཕུར་
བུ་ལྟ་བུར་སྤྲོ་བ་ནི་འཇིག་རྟེན་དབང་ཕྱུག་གི་གསུང་རྣམ་པར་འཕྲུལ་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་འཇིག་རྟེན་དབང་ཕྱུག་གསུང་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱའོ། །གསུང་གི་དམ་ཚིག་གནོན་པ་ཞེས་བྱ་བ་ལ་གསུང་གི་དམ་ཚིག་གནོན་པ་ནི་སྣང་བ་མཐའ་ཡས་ཀྱི་
เล่ม ๔๖ · หน้า 62a
ཚུལ་གྱིས་ཞེས་པའི་དོན་ཏོ་ཕུར་བུ་དེས་གདུག་པ་རྣམས་ལ་བཏབ་པ་དེའི་དོན་དུ་སྔགས་ཕྱུང་བའོ། །དམ་ཚིག་གནོན་པའི་ཕྱག་རྒྱ་གསུངས་པ་ནི། ཡེ་ཤེས་པདྨ་ཁ་བྱེ་བ། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཐལ་མོ་བཅིངས་ལ། འདབ་མ་བརྒྱད་པར་པདྨའི་
རིགས་ཀྱི་དམ་ཚིག་བཞིན་བྱའོ། །རྡོ་རྗེ་འཛིན་ཆེན་པོའི་ཐུགས་རྣམ་པར་འཕྲུལ་པ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་དུ་བལྟ་བར་བྱའོ། །གནོན་པའི་ཕྱག་རྒྱ་གསུངས་པ་ནི་རྩེ་མོ་ལྔ་པར་ཞེས་བྱ་བ་ལ་སོགས་པ་སྟེ། མི་བསྐྱོད་པའི་སྦྱོར་བ་འམ་རྡོ་རྗེ་འཛིན་ཆེན་པོའི་སྦྱོར་བ་བྱས་
ལ་ཐལ་མོ་སྦྱོར་བ་བཅིངས་ནས་སྲིན་ལག་གཉིས་ཐལ་མོའི་ནང་དུ་བཅུག་ལ་མཐེ་བོང་དང་མཐེ་ཆུང་གཉིས་སྦྱར་ཏེ་སྟེང་དུ་དབྱུང་ངོ་། །གུང་མོ་གཉིས་སྦྱར་ཏེ་དེའི་རྒྱབ་ཀྱི་ངོས་གཉིས་ལ་མཛུབ་མོ་གཉིས་བཀུག་སྟེ་རྡོ་རྗེ་ལྟ་བུར་གཞག་པའོ། །སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་
ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྨད་དུ་བྱུང་བ་སྟེ། སྔགས་དེ་ནི་འགུགས་པའི་སྦྱོར་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་མངོན་སུམ་དུ་ཕྱོགས་པར་བསྒོམ་པ་ལ་སྦྱོར་བའོ། །དེའི་རྣམ་པར་འཕྲུལ་པ་ནི་སྤྲོ་བ་སྟེ།
དེ་ཉིད་ཀྱིས་ན་རྒྱལ་བར་གྱུར་ཅིང་མཛེས་པའོ་ཞེས་བྱ་བའི་དོན་ཏེ། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱིས་འགུགས་པར་རྣམ་པར་བསྒྱིངས་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དམིགས་པས་ནི་དེ་སྐད་ཅེས་བྱ་སྟེ། དེ་སྟོན་པའི་སྒྲའི་ཚོགས་ལ་ནི་ལེའུ་ཞེས་བྱའོ། །
སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱིས་འགུགས་པར་རྣམ་པར་འཕྲུལ་པའི་རྒྱལ་པོའི་ཏིང་ངེ་འཛིན་ཏེ་ལེའུ་བཅུ་བཞི་པའི་བཤད་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྨི་ལམ་ལྟ་བུར་བསྒོམས་པས་ཐམས་ཅད་འགྲུབ་
པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སེམས་ཀྱི་དམ་ཚིག་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེ་འབྱུང་བའི་ལེའུ་བཅོ་ལྔ་པ་གསུངས་སོ། །ཐམས་ཅད་ནམ་མཁའ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་འབྱུང་བ་ནི་ནམ་མཁའ་དང་འདྲ་བས་ན་ནམ་མཁའོ། །ཡི་གེ་ཆེ་ཞེས་བྱ་བ་ནི་ཡི་
เล่ม ๔๖ · หน้า 62b
གེ་ཡང་དེ་ཉིད་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཡི་གེ་ཆེན་པོ་སྟེ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་དོ། །ཚིག་གཉིས་པོ་དེ་དག་གིས་ནི་བཅོམ་ལྡན་འདས་ཞེ་སྡང་དང་གཏི་མུག་གི་རིགས་ཀྱི་ངོ་བོར་བསྟན་ཏོ། །ཐམས་ཅད་དབང་བསྐུར་ཞེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུའི་རིགས་ཀྱི་
ངོ་བོའོ། །ཀུན་མཁྱེན་པ་ཞེས་བྱ་བ་ནི་འདོད་ཆགས་དང་དམ་ཚིག་གི་རིགས་ཀྱི་ངོ་བོའོ། །སྨེ་ཤ་ཅན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམས་པས་སེམས་བརྟན་པར་བྱས་ལ་སྔར་བཤད་པའི་ཚུལ་གྱིས་མངོན་པར་ཤེས་པ་ལྔ་བསྒྲུབས་ཏེ་ངེས་པར་བཟུང་བའི་སྔགས་པས་ཇི་
སྐད་གསུངས་པའི་བུ་མོ་རྙེད་ན་དགོན་པར་རིག་པའི་བརྟུལ་ཞུགས་ཡང་དག་པར་སྤྱད་པར་བྱའོ། །ངེས་པར་བཟུང་བས་ཀྱང་རང་གི་ཕྱག་རྒྱའི་རིག་པའི་ལྷ་མོའི་རྣམ་པར་བསམས་ལ་ཟླ་བ་དྲུག་གི་བར་དུ་དེ་དང་ཡང་དག་པའི་སྦྱོར་བ་བསྒོམ་པའི་རིག་པའི་བརྟུལ་ཞུགས་སྤྱད་པར་བྱའོ། །དེ་ནས་
དཀྱིལ་འཁོར་བྲིས་ནས་བསྒྲུབ་པར་བྱ་སྟེ། དེ་ཡང་། རང་གི་ཕྱག་རྒྱའམ་སེམས་ཀྱིས་ནི། །ཞེས་བཤད་པའི་ཕྱིར་རོ། །བཤང་གཅི་དམ་ཚིག་ལ་སོགས་པས། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་མངོན་པར་ཞེན་པ་རྣམས་ཀྱིས་རྫས་དེ་དག་ཉིད་རབ་ཏུ་འབར་བར་བྱའོ་ཞེས་བཤད་པ་དང་ངེས་པར་གཟུང་བ་དང་
ཙནྡན་བཟང་སོགས་ཀྱིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པ་ཡིས། །ཞེས་བྱ་བ་ནི་རང་གི་ལྷའི་དཀྱིལ་འཁོར་རྣམ་པར་བསམས་ལ་ཇི་ལྟ་བ་བཞིན་དུ་དབུས་སུ་འདུག་སྟེ། ཕྱོགས་བཞིར་དེ་བཞིན་གཤེགས་པ་བཞི་དགོད་དོ་ཞེས་བྱ་བའི་དོན་ཏེ། དེ་ནས་ཇི་
སྐད་བཤད་པ་བཞིན་དུ་བསྒྲུབ་པར་བྱའོ། །ཆོ་ག་སྦྱོར་བ་དེ་ལྟ་བུ་བྱས་ནས་ལས་རྣམས་བརྩམ་པར་བྱ་ཞེས་སྔར་བཤད་པའི་རིགས་ལྔ་དགོད་པར་བྱས་ནས་དེ་ནས་དེ་དང་སྦྱོར་བ་བྱས་ལ་དེ་ལས་བྱུང་བའི་བདུད་རྩི་ལྔ་རབ་ཏུ་འབར་བ་བཟའ་བ་ལ་སོགས་པས་མཆོད་ལ། དེ་ནས་པང་པར་བཞག་
ནས་རྣམ་པར་བསྒོམ་པར་བྱའོ། །དེ་ནི་དེ་མ་ཐག་ཏུ་ཡང་། །རྡོ་རྗེ་སེམས་དཔའི་འོད་འདྲར་འགྱུར། །ཞེས་བྱ་བ་འདིས་ནི་འབྲས་བུ་བསྟན་ཏེ། འབྲས་བུ་ཕུལ་དུ་བྱུང་བ་ཐོབ་པའི་དམ་ཚིག་འདིས་ནི་མངོན་པར་ཤེས་པ་ཐོབ་ནས། སྦྱོར་བའང་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་ཏེ་
เล่ม ๔๖ · หน้า 63a
གཞན་དུ་བྱས་ན་མནར་མེད་པར་འགྲོ་བར་འགྱུར་རོ་ཞེས་གསུངས་པའོ། །གང་སྒྲུབ་པ་པོ་མ་ཡིན་པ་དེས་ནི་ཉིན་རེ་སྦྱོར་བ་བྱེད་ཀྱང་ཉེས་པ་མེད་དོ། །དགེ་བའི་རྩ་བ་ཐམས་ཅད་འཇིག་པ་ལ་ཞུགས་པ་རྣམས་ལ་ཡུལ་ཡོངས་སུ་མི་སྤོང་བའི་ཐབས་འདིས་གསུམ་ལ་
སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་ཀྱང་ཡུལ་བསྟན་པའི་དུས་སུ་ཡང་ལྷ་རྗེས་སུ་དྲན་པས་བྱང་ཆུབ་ཆེན་པོའི་ས་བོན་བསྐྱེད་པར་འགྱུར་རོ་ཞེས་པ་སྟེ་དེ་བཞིན་དུ་གཞན་དུ་ཡང་ཤེས་པར་བྱའོ། །དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོའི་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་
ཆེན་པོའི་རྡོ་རྗེ་ཁྲོ་བོ་ནི་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་ཞེས་བྱའོ། །ཚུལ་བཞིན་ཞེས་བྱ་བ་ནི་དགུག་པ་དང་སྦྱིན་སྲེག་གི་ཆོ་གས་སོ། །རྨོངས་པས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཅན་ཏེ། གལ་ཏེ་
མ་འོངས་པ་ན་དེ་ཡང་འཆི་བར་འགྱུར་ན་ལྷ་ལ་སོགས་པའི་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་ནུས་པའི་ཁྱད་པར་བསྟན་པས་ཡིད་རྟོན་པའི་ཕྱིར་གསུངས་སོ། །སྔགས་འདི་ཇི་སྐད་དུ་བཤད་པའི་སོལ་བ་བླངས་ལ་རང་གི་སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ནམ་
མཁའ་མ་ལུས་པ་ཁྲོ་བོས་བཀང་ལ་ཨོཾ་ཧྲཱིཿཥྟཱྀཿབི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲུཾ་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མཱ་ར་ཡ་ལྷ་སྦྱིན་ཕཊ་ཅེས་ཡང་དག་པར་བསྐུལ་ལ། ཇི་སྐད་བཤད་པའི་སོལ་བ་བླངས་པ་ལ་ལན་བརྒྱ་རྩ་བརྒྱད་ཀྱི་བར་དུ་མངོན་པར་བསྔགས་ནས་བསྒྲུབ་པར་བྱ་བའི་གཟུགས་བརྙན་དུག་
ལ་སོགས་པ་ལས་བྱས་ནས་དེའི་མིང་གི་ཡི་གེ་ཁོང་དུ་བཅུག་ལ་དེའི་སྙིང་གའི་པདྨ་གནོད་མཛེས་ཀྱིས་དྲངས་ལ་བཅུག་སྟེ། སོལ་བ་དེ་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོར་བསམས་ཏེ། དེས་གཟུགས་བརྙན་དེའི་གྲིབ་མ་ལ་རི་མོ་བྱའོ། །དེས་ཀྱང་
འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་བསྒྲུབ་པར་བྱ་བའི་མགོ་བཅད་པར་བསམས་ན་འཆི་བར་འགྱུར་བར་གདོན་མི་ཟའོ། །ཐོ་བ་ས་ལ་བྱ་ཞེས་བྱ་བ་ལ་སོགས་པ་ལ་ནི་གོ་སླའོ། །ཡི་གེ་ཧཱུྃ་ལས་འདི་ལྟར་རྡོ་རྗེ་རྩེ་ལྔ་པ་འབར་བ་རྣམ་པར་བསམས་ལ། གནོད་མཛེས་ལ་སོགས་པའི་
เล่ม ๔๖ · หน้า 63b
སྦྱོར་བས་རང་གི་སྟེང་དུ་ལྟུང་བར་བྱས་པ་དེ་འཆི་བར་འགྱུར་རོ། །རྡོ་རྒྱུས་དང་སོལ་བ་ལ་སོགས་པ་ནི་སྦྱོར་བ་སྔ་མ་དག་དང་འདྲའོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཧཱུྃ་ཉིད་ལས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་འོད་ཟེར་འབར་བ་འཁྲིགས་པའི་སྣ་ཚོགས་རྡོ་རྗེས་ནམ་མཁའི་
ཁམས་སུ་སྤྲོ་ཞིང་ནམ་མཁའ་ལ་བསམས་ཏེ་དེའི་སྟེང་དུ་ཡི་གེ་ཧཱུྃ་ཉིད་ལས་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཡི་གེ་ཧཱུྃ་གི་ས་བོན་དེ་ལ་བསམ་པར་བྱའོ། །མཆེ་བའི་ཕྱག་རྒྱ་བཅིངས་ནས་སུ། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟ་བུས་མཆེ་བ་གཉིས་སུ་བྱས་ལ་མཐེ་བོང་གཉིས་སོ་སོར་བརྐྱང་
ལ་ཁར་གཞག་པ་འདི་ནི་མཆེ་བའི་ཕྱག་རྒྱའོ། །གདུག་པའི་དགྲ་ནི་དྲན་པར་བྱ། །ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའོ། །འཆི་བར་འགྱུར་བའང་གདོན་མི་ཟ། །ཞེས་བྱ་བ་ནི་བགེགས་གང་འདི་ལ་འབྲོས་པར་མི་འགྱུར་བ་དེ་ངེས་པར་འཆི་བར་འགྱུར་རོ། །གདུག་པ་ཐམས་ཅད་གསོད་པའི་སྔགས་ཐམས་
ཅད་ཀྱི་མཐར་ཕཊ་ཅེས་བརྗོད་པར་བསྟན་པའི་ཕྱིར་ཕཊ་ཅེས་པ་གསུངས་སོ། །ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཡི་གེ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་ཕྱག་དྲུག་པ་སྒེག་པའི་ཚུལ་འཆང་བ་ལ། དཔལ་མཆོག་དང་པོའི་རྒྱུད་ལས་ལྷ་མོ་བཞི་དང་ལྡན་པའི་སྦྱོར་བས་སྤྱན་ལ་སོགས་པ་དང་ལྷན་
ཅིག་ཏུ་པདྨ་གཅིག་ལ་བཞུགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་གྱི་ཚུལ་དུ་བསྐོར་བའི་བཅོམ་ལྡན་འདས་སུ་བདག་ཉིད་བསྒོམས་ལ། སྔགས་ཀྱི་རྒྱུད་ལ་ལེགས་པར་བསླབས་པའི་བུ་མོ་གང་ཡང་རུང་བ་ཞིག་ཡོད་ན།
དེ་སྤྱན་ལ་སོགས་པའི་སྦྱོར་བས་དེ་རང་གི་གནས་སུ་གཞག་པར་བྱའོ། །འོད་ཟེར་ལྔའི་སྒྲ་ནི་ཁ་དོག་སྔོན་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་འོད་ཟེར་རོ། །རྡོ་རྗེ་སེམས་དཔའི་སྐུ་ནི་རང་གི་ལུས་སོ། །དེའི་ཐུགས་ནི་རང་གི་སེམས་སོ། །དེའི་ལྗགས་ནི་རང་གི་
ལྕེར་བསྒོམ་པ་འདི་ནི་རང་གི་ལུས་དང་ངག་དང་སེམས་ལ་བཅོམ་ལྡན་འདས་འབབ་པར་འགྱུར་རོ། །སྦྱོར་བ་འདི་སྔོན་དུ་བྱས་པར་གྱུར་པས་གང་གི་ཚེ་མཚན་མ་ཐོབ་པར་གྱུར་པའི་སྔགས་པས་ཇི་སྐད་བཤད་པའི་བུད་མེད་བླངས་ལ་བསྒྲུབ་པར་བྱའོ། །གསང་བ་བླངས་ནས་བཟའ་བར་
เล่ม ๔๖ · หน้า 64a
བྱ། །ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་མཚན་མ་ཐོབ་པའི་རྣལ་འབྱོར་པས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བྲིས་ལ་རང་གི་སྦྱོར་བས་དེའི་དབུས་སུ་འདུག་སྟེ་བཟའ་བ་མ་ཡིན་པ་ལ་སོགས་པ་དཔལ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་
བོར་རྣམ་པར་བསམས་ལ་ཡི་གེ་ཧཱུྃ་གིས་མངོན་པར་བསྔགས་ཏེ་རབ་ཏུ་འབར་བ་ཟོས་ན་ཇི་སྐད་གསུངས་པ་བཞིན་དུ་འགྲུབ་པར་འགྱུར་རོ། །ཁམ་ཕོར་སྦྱར་མར་གཞག་པར་བྱ། །ཞེས་བྱ་བ་ནི་ཐམས་ཅད་དུ་ཡང་བལྟ་བར་བྱའོ། །དེ་ལྟར་ཡང་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་
བསྟན་ནས་ཐམས་ཅད་ཀྱི་སྤྱི་བསྟན་པའི་ཕྱིར། རྡོ་རྗེ་ཅན་ནི་གང་ཡང་རུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་ཧཱུྃ་དེ་ཉིད་ལས་རང་གི་འདོད་པའི་ལྷའི་སྦྱོར་བ་བྱས་ནས་ཇི་སྐད་གསུངས་པའི་ལྷའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ་ཞེས་པ་སྟེ། འདིས་ནི་ལྷ་ཐམས་ཅད་ནི་ཡི་གེ་ཧཱུཾ་
འདི་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །ཐུགས་རྔམ་སྟེ་ཞེས་བྱ་བ་ནི་གདུལ་བྱ་རྣམས་དང་རྗེས་སུ་མཐུན་པའི་ཡི་གེ་ཧཱུཾ་གི་ཐོགས་པ་མེད་པའི་མཐུ་བརྟན་པས་ཐུགས་རྔམ་མོ། །སངས་རྒྱས་རྡོ་རྗེ་ཅན་རྣམས་ཀུན། །རྡོ་རྗེ་སྦྱོར་བས་མཉེས་པར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་དང་རྡོ་རྗེ་འཆང་
རྣམས་སྨྲས་མ་ཐག་པའི་ཚུལ་ལྟར་བསྒོམས་པས་མཉེས་པར་འགྱུར་རོ། །ཅིའི་ཕྱིར་ཡི་གེ་ཧཱུྃ་བསྒོམས་པར་གྱུར་ན་སངས་རྒྱས་རྡོ་རྗེ་འཆང་རྣམས་མཉེས་པར་འགྱུར་ཞེ་ན། སངས་རྒྱས་བྱང་ཆུབ་རབ་དབྱེ་བས། །ཞེས་བྱ་བ་གསུངས་ཏེ། གང་གི་ཚེ་ཡི་གེ་ཧཱུྃ་རང་གི་ལྷའི་སྦྱོར་བ་བྱ་སྟེ་ཡི་
གེ་ཧཱུྃ་བརྗོད་ཅིང་རང་གི་ལྟ་བསྒོམ་ན། སྐལ་བ་དང་ལྡན་པ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་དབྱེ་བ་ཐོབ་པར་འགྱུར་རོ། །སྤྱན་ལ་སོགས་པའི་སྦྱོར་བ་བསྒོམ་པ་ལ་ནི་གཙུག་ཏོར་གྱིས་འགྲུབ་བོ། །ཁྲོ་བོའི་ཅོད་པན་ལ་ནི་རང་གི་རིགས་ཀྱི་དེ་བཞིན་གཤེགས་པ་བསྒོམས་ན་འགྲུབ་པར་
འགྱུར་རོ། །དེའི་ཕྱིར། །ཁྲོ་བོའི་ནང་ན་དེ་མཆོག་སྟེ། །སངས་རྒྱས་རྡོ་རྗེ་རབ་བསྒོམ་པའོ། །ཞེས་བྱ་བ་གསུངས་སོ། །རིག་པའི་རྒྱལ་པོ་ཐམས་ཅད་དང་གཙུག་ཏོར་མཐའ་ཡས་པའི་ཅོད་པན་ལ་རིན་ཆེན་འབྱུང་ལྡན་བསྒོམ་པར་བྱའོ། །རིག་པའི་རྒྱལ་མོའི་སྦྱོར་བ་ལ། །ཚེ་དཔག་མེད་ནི་རྣམ་
เล่ม ๔๖ · หน้า 64b
པར་བསྒོམ། །ཞེས་བྱ་བ་ནི་འོད་དཔག་མེད་ཀྱི་སྦྱོར་བ་བསྒོམ་པར་བྱའོ། །ཐམས་ཅད་ལས་བྱེད་སྔགས་རྣམས་ལ། །གདོན་མི་ཟ་བའི་བཀའ་བསྒོམ་མོ། །ཞེས་བྱ་བ་ནི་ཇི་ལྟར་སྔར་ཅོད་པན་ལ། དཔལ་ལྡན་རྡོ་རྗེ་འཆང་ཆེན་གྱི། །བཀའ་ཡི་འཁོར་ལོ་རབ་ཏུ་སྦྱར། །
ཞེས་བྱ་བ་ལ་སོགས་པ་རབ་ཏུ་རྣམ་པར་བསྒོམས་ཏེ་ལས་ཐམས་ཅད་བྱའོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །རྡོ་རྗེ་སེམས་དཔའི་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཅོད་པན་ལ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པའོ། །གནོད་སྦྱིན་མོའི་སྔགས་
རྒྱུད་ལ། །གཤིན་རྗེ་གཤེད་ནི་བརྟག་པར་བྱ། །ཞེས་བྱ་བ་ནི་ཡི་གེ་མཾ་ལས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྦྱོར་བ་བྱས་ལ་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། རྣལ་འབྱོར་པ་བདག་ཉིད་ཀྱི་སྤྱི་གཙུག་ལ་འཇམ་དཔལ་གཤིན་རྗེ་གཤེད་དེའི་སྔགས་ཀྱིས་རྣམ་པར་
བསྒོམ་པར་བྱའོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །སྤྱི་བོ་ནས་ནི་བསྐུལ་བ་ཤིས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཡང་རང་གི་དངོས་གྲུབ་མི་སྩོལ་ན་དེ་ལ་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་བསྐུལ་བའི་ཕྱིར་སྤྱི་བོར་བསམ་པར་བྱའོ། །གནད་
ལ་དབབ་པ་གསུངས་པ་ནི་རྡོ་རྗེ་ཆོས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཆོས་ནི་གཟུགས་པོ་ཆེ། །བསྒྲུབ་པར་བྱ་ཞེས་སྦྱར་ཏེ་འགོག་པའི་རྡོ་རྗེ་བཟླས་པའམ། རྡོ་རྗེ་ཕྲ་མོ་ལ་སོགས་པའི་བསྒོམ་པ་གྲུབ་ནས་ཡི་གེ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་མོ་པདྨ་རཱ་ག་ལྟ་བུའི་འོད་ཅན་
དུ་བདག་ཉིད་རྣམ་པར་བསམས་ཏེ། ཡི་གེ་ཨོཾ་ལས་རང་གི་ལུས་སྐུ་རྡོ་རྗེའི་རིགས། ཨཱཿལས་རང་གི་ལྕེ་གསུང་རྡོ་རྗེའི་རིགས། ཧཱུྃ་ལས་ཞེ་སྡང་གི་རིགས་ཏེ། རང་གི་སྙིང་ག་ལ་རྡོ་རྗེ་རྩེ་ལྔ་པ་རབ་ཏུ་བརྟག་གོ། །དེ་བཞིན་དུ་ཡི་གེ་ཨཱཿལས་རྡོ་རྗེ་ཆོས། ཡི་གེ་ཧ་ལས་སྐུ་རྡོ་རྗེ་སྐུ་མདོག་
དམར་པོ་པདྨ་དམར་པོའི་འོད་དང་མཉམ་པ་བདག་ཉིད་རྣམ་པར་བསམས་ལ་གནས་གསུམ་དུ་རིགས་ཀྱི་བརྟག་པར་བྱའོ། །ཇི་སྐད་དུ་གསུངས་པའི་སྐྱེས་པའམ་བུད་མེད་ལའང་དེ་བཞིན་དུ་རིགས་ཀྱི་བརྟག་པ་བྱ་སྟེ་དབབ་པར་བྱའོ། །དེ་ལ་བཤད་མ་ཐག་པའི་དབབ་པའི་ཆོ་གས་གལ་ཏེ་
เล่ม ๔๖ · หน้า 65a
རྡོ་རྗེ་སེམས་དཔའ་འབེབས་པར་བྱེད་འདོད་པར་གྱུར་ན་རླུང་དང་མེའི་དཀྱིལ་འཁོར་ལ་བཞག་སྟེ། དེའི་སྙིང་གར་ཡི་གེ་ཧཱུྃ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོ་འོད་ཀྱི་དཀྱིལ་འཁོར་
ཅན་བསམས་ལ་དེར་གནོད་མཛེས་ཀྱིས་བཀུག་ལ་གཞུག་ཅིང་དབབ་པར་བྱ་སྟེ། གྲྀ་ཧྣཱ་ཙ་ཡ་ཨཱ་བེ་ཤ་ཡ་ཨ་ཙ་པུ་ར་ཡ་ཧཱུྃ་ཞེས་བརྗོད་དོ། །སྐུ་རྡོ་རྗེ་འབེབས་ན་དེའི་སྙིང་གར་ཆུའི་དཀྱིལ་འཁོར་རོ། །རྡོ་རྗེ་ཆོས་འབེབས་ན་རླུང་གི་དཀྱིལ་འཁོར་བསམས་ལ་རྡོ་རྗེ་སེམས་དཔའི་ཆོ་ག་བཞིན་
དབབ་པར་བྱའོ། །ཡི་གེ་ཧཱུྃ་ཧ་ཨ་ཛྷ་ཛྷ་ཛྷ་ཛྷ་ཞེས་བྱ་བ་ལ་རླུང་དང་མེའི་དཀྱིལ་འཁོར་ལ་བཞག་སྟེ། རྐང་པ་གཡས་པའི་མཐེ་བོའི་དབུས་སུ་བསམས་ཏེ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལ་རྡོ་རྗེ་སེམས་དཔའ་དབབ། ཡི་གེ་ཧ་ལ་སྐུ་རྡོ་རྗེ་དབབ། །ཡི་གེ་ཨཱཿལ་རྡོ་རྗེ་ཆོས་དབབ་པར་བསམས་ལ་ཡི་གེ་དེ་དག་རླུང་གི་
དཀྱིལ་འཁོར་གྱིས་བསྐྱོད་པས་བུད་ཤིང་སྐམ་པོ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་བསྲེགས་པར་བསྒོམས་ཏེ། དེའི་ཕྱིར། ཛྷ་ནི་སྐུལ་བར་བྱེད་པར་བཤད། །འགུལ་བ་དང་ནི་གཡོ་བ་ཡིན། །འདི་ནི་བསྐུལ་བ་ཐམས་ཅད་ཀྱི། །གསང་བ་ཡིན་པར་རབ་ཏུ་བཤད། །ཅེས་བྱ་བ་གསུངས་སོ། །
སྔ་མ་བཞིན་དུ་ཐམས་ཅད་འགྱུར། །འདི་ནི་གསང་བ་བསྡུས་པའོ། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་དང་སྐུ་རྡོ་རྗེ་དང་རྡོ་རྗེ་ཆོས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྒྲུབ་པར་བྱ་བའི་སྙིང་གར་བཞག་ལ་བསྒྲུབ་པར་བྱ་བའི་ལུས་བཀང་བར་བསྒོམས་ལ་སྙིང་པོ་བཟླས་པར་བྱ་སྟེ། དེ་ཡང་། སྙིང་
པོ་ཡི་ནི་སྦྱོར་བ་ཡིས། །དབབ་པའི་ལས་རྣམས་ཐམས་ཅད་བྱ། །ཞེས་གསུངས་སོ། །དེ་ནས་ཕབ་པའི་ལྕེ་ལ་ཡི་གེ་ཨཱཿདམར་པོ་ལས་རྡོ་རྗེ་དམར་པོ་འབར་བ་འཁྲུགས་པའི་འོད་ཅན་བཞག་ལ་འདི་སྐད་དུ་བྲུ་ཧི་བཛྲ་ཞེས་བརྗོད་དོ། །དེ་སྐད་དུ་བརྗོད་ནས་ཏིཥྛ་བཛྲ་དྲྀ་ཌྷྲོ་མེ་བྷ་བ་ཤ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་
ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་དབབ་པས་ཉི་བར་བསྡུ་བ་བྱས་ནས་ཨོཾ་ཀྲྀ་ཏོ་སརྦྦ་ས་ཏྭཱ་ཐ་སིདྡྷིཾ་དྡཱ་ཏྭཱ་ཡ་ཐཱ་ནུ་གྷཙྪ་དཾ་བུདྡྷ་བི་ཤ་ཡཾ། པུ་ནཱ་རཱ་ག་མ་ན་ཡ་ཏུ་ཞེས་གསོལ་བ་བྱས་ལ། ཧཱུཾ་མུ་ཧ་མུ་ཨ་མུ་ཞེས་རང་གི་ས་བོན་གྱིས་སྣོད་ལ་དབབ་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་ཐལ་མོ་
เล่ม ๔๖ · หน้า 65b
སྦྱར་བས་མེ་ཏོག་གྱེན་དུ་གཏོར་ཏེ་གཤེགས་སུ་གསོལ་ལོ། །སྣོད་ལ་སྐུ་གསུང་ཐུགས་རྡོ་རྗེ་བཀོད་ལ་ཇི་ལྟར་མངོན་པར་དགའ་བ་བཞིན་དུ་བསྲུང་བ་བྱའོ། །སྐུ་གསུམ་གནས་ནི་ཡང་དག་པས། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ནི་སྐུ་གསུམ་མོ། །དེ་ཉིད་སེམས་ཅན་དོན་གྱི་གཞིར་གྱུར་
པས་ན་དེ་དག་གང་ཡིན་པ་དེ་ནི། སྐུ་གསུམ་གནས་ནི་ཡོངས་དག་པས། །ཞེས་བྱའོ། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང་། །ཞེས་བྱ་བ་མཚན་མ་མ་ཐོབ་ཀྱང་ཤིན་ཏུ་མཉམ་པར་བཞག་ནས་བདུད་རྩི་ཐབ་སྦྱོར་གྱི་བཟླས་པ་འབུམ་བྱའི་སྦྱོར་བ་གཞན་གྱིས་ནི་མ་ཡིན་ཏེ་འཕགས་པ་བདུད་རྩི་ཐབ་
སྦྱོར་གྱི་སྦྱོར་བ་དེ་ཉིད་དང་དེའི་སྔགས་དང་བཅས་པས་གདུག་པ་དེ་ལ་ཆད་པའི་ལས་བྱའོ། །དེ་ལ་ཇི་སྐད་བཤད་པའི་རྫས་རྣམས་ལས་དགྲའི་གཟུགས་བརྙན་བྱས་ལ་དེའི་མིང་ཁོད་པ་ཐམས་ཅད་དུ་བཅུག་སྟེ་གནོད་མཛེས་ཀྱིས་སྙིང་དྲངས་ལ་བཅུག་སྟེ་དུམ་བུར་བྱས་ནས་བསྲེག་པའམ་
གཟུགས་བརྙན་རྐང་པས་མནན་ལ་བསྐུལ་ཞིང་བཟླས་པ་བྱའོ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ། །ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་ལ་གནས་ནས་མ་རུངས་པའི་ལས་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་འཕགས་པ་བདུད་རྩི་འཁྱིལ་པ་སྟེ། དགྲ་སྟ་དང་ཐོ་བ་དང་རྡོ་རྗེ་དང་ཞགས་
པ་ཐོགས་པའོ། །རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལ་མེའི་དཀྱིལ་འཁོར་དེ་ལ་ལྷའི་ཁྱད་པར་དུ་ཡོངས་སུ་བརྟག་པ་སྟེ་དེས་དགྲ་བསད་པར་གྱུར་པར་བསམ་མོ། །རྡོ་རྒྱུས་དག་གམ་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཁཾ་གིས་རྡོ་རྒྱུས་ལ་སོགས་པ་ལ་མངོན་པར་བསྔགས་ཏེ། དེས་སྦྲུལ་བྲིས་
ལ་དེའི་ཁར་ཡི་གེ་ཁཾ་ལས་དུག་ཧ་ལ་ཧ་ལ་འབར་བ་བསྒོམ་མོ། །དེ་ནས་ཡི་གེ་ཧྲཱི་འོད་ཟེར་གྱི་ལྕགས་ཀྱུ་ཅན་ལྟ་བུས་ཁམས་གསུམ་དུ་གཏོགས་པའི་དུག་དྲངས་ལ་སྦྲུལ་གྱི་ཁར་བཅུག་པར་བྱའོ། །དེའི་ཁའི་གནས་སུ་འང་ཡི་གེ་ཧྲཱི་དེ་ཉིད་བསམ་པར་བྱའོ། །དུག་ཐམས་ཅད་འཕོ་བ་ཞེས་བྱ་བ་ལ་
སོགས་པ་ལ་དང་པོ་ལག་པར་ནམ་མཁའི་དཀྱིལ་འཁོར་སྔོན་པོ་རྣམ་པར་བསམས་ལ་དེའི་སྟེང་དུ་ཡི་གེ་ཨོཾ་སྔོན་པོ་འོད་ཟེར་སྔོན་པོ་དང་ལྡན་པ་བསམས་ལ། དེ་ནས་དེའི་ཚེ་འོད་ཟེར་གྱི་ཚོགས་ལྕགས་ཀྱུ་ལྟ་བུས་དུག་དྲངས་ལ་ཇི་ལྟར་འདོད་པར་མངོན་པར་དགའ་བའི་གནས་སུ་སྤྲོ་བར་བྱའོ། །དུག་
เล่ม ๔๖ · หน้า 66a
གསོ་བའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་བྱ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུྃ་ཟླ་བའི་མདོག་ལྟ་བུ་འོད་ཟེར་གྱི་ཚོགས་འབར་བར་གྱུར་པ་འདུག་པར་རྣམ་པར་བསམས་ལ་འོད་ཟེར་གྱི་སྤྲིན་ཕུང་དེས་ལུས་ཐམས་ཅད་དུ་གཏོགས་པའི་དུག་དྲངས་ནས་
གཅིག་ཏུ་བསྡུས་ནས་དེའི་སྙིང་ག་དང་མགྲིན་པ་དང་དབྲལ་བ་དང་སྤྱི་བོར་སོང་བར་བྱའོ། །ད་ནས་སྙིང་ལ་ཡོད་པར་གྱུར་པ་དེ་བསྐུལ་བར་རྣམ་པར་བསམ་མོ། །ཉེ་བའི་དུག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ལག་པ་གཡས་པ་ན་པདྨ་དཀར་པོ་འདབ་མ་བརྒྱད་པ་དེའི་སྟེང་དུ་ཡི་གེ་ཨཱཿམདོག་
དཀར་པོ་དང་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་འོད་ཟེར་འབར་བར་གྱུར་ལ་སྡུད་པའི་ཚེ་ན་ནི་མདོག་ནག་པོའོ། །དུག་མེད་པར་བྱས་ནས་ནི་དཀར་པོར་བསམ་མོ། །དེ་ནས་དེས་བྱབ་པར་བསམ་མོ། །ཕྱི་དང་ནང་གི་ཞེས་བྱ་བ་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བས་སྐུ་རྡོ་རྗེ་
ལ་སོགས་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། རང་གི་ལུས་དང་ངག་དང་སེམས་ལས་སྤྲེའུའི་གཟུགས་ཅན་གཅེར་བུ་ཡི་དགས་ཀྱི་གཟུགས་སུ་ནད་ཕྱུང་ལ་ལག་པར་འཁོར་ལོ་ལ་སོགས་པ་རྣམ་པར་བསྒོམས་ལ་འཁོར་ལོ་ལ་སོགས་པ་ཐལ་བར་བྱ་ཞིང་འཇིག་རྟེན་གྱི་ཁམས་
ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ཁྲོས་པས་ཐལ་བར་མཛད་པར་གྱུར་པར་བསམ་མོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིས་རང་གི་ལུས་དང་ངག་དང་ཡིད་མ་ལུས་པར་དགང་ངོ་། །
དེ་ནས་ཉི་མ་བདུན་ནོ་ཞེས་བྱ་བ་དང་དུས་གསུམ་དུ་རང་གི་ལྷའི་སྔགས་སམ་སྦྱོར་བ་འདིས་ཉི་མ་བདུན་བསྒོམས་ན་ངེས་པར་ནད་ཐམས་ཅད་ཟད་པར་འགྱུར་རོ། །ཆོས་རྣམས་རྨི་ལམ་ལྟ་བུ་ནི། །ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་ན་རྣལ་འབྱོར་པས་ཇི་སྐད་གསུངས་པའི་ཆོ་གས་རྣལ་འབྱོར་པ་བསྒོམ་
པ་ལ་དགའ་བར་གྱུར་པ་དེའི་ཚེ་རྨི་ལམ་ལྟ་བུར་ལྷ་མཐོང་བར་འགྱུར་རོ། །དེ་ནས་ཕྱིས་རང་གི་ལྷའི་ངོ་བོར་བདག་ཉིད་མངོན་དུ་གྱུར་པ་ན་རྨི་ལམ་མཐོང་བ་བཞིན་དུ་དེས་བསྒོམ་པར་བྱ་སྟེ། སེམས་གང་གི་ངོ་བོར་རྨི་ལམ་ན་སངས་རྒྱས་ལ་སོགས་པ་མཐོང་བ་དེའི་རང་བཞིན་ཉིད་ནི་འཁྲུལ་པ་ཙམ་སྟེ་དོན་དམ་
เล่ม ๔๖ · หน้า 66b
པར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ནམ་མཁའ་ལྟར་སྐྱེ་བ་མེད་དོ། །དེ་བས་ན་རྨི་ལམ་དང་འདྲ་བར་མཐོང་བའི་ཆོས་རྣམས་ནམ་མཁའ་དང་འདྲ་བ་སྟེ། དེའི་ཕྱིར་ཆོས་ཀྱང་མེད་ལ་ཆོས་རྣམས་ནི་ཆོས་ཉིད་ཀྱང་མེད་པའོ་ཞེས་བློས་ཀྱང་རྣམ་པར་བརྟགས་ནས་གང་མིག་ཡོར་ལྟ་བུར་ཐོབ་པར་
གྱུར་པའི་ཆོས་དེ་དག་ཀྱང་འདི་ལྟར་རྨི་ལམ་དང་ནམ་མཁའ་དངོས་པོ་ལྟར་མཐོང་བར་འགྱུར་རོ། །འདི་ཅི་ཞེས་བྱ་བ་ལ་སོགས་པ་འོག་ནས་ཀྱང་འཆད་དེ་གང་འདི་དངོས་པོ་ཐམས་ཅད་ནམ་མཁའ་དང་མཉམ་པ་དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་རིགས་ལྔའི་སྒྲུབ་པ་རྣམས་ཆོས་ཉིད་དེ་དེ་ཁོ་ན་ཉིད་ལ་འཇོག་
པར་ཅིའི་ཕྱིར་མཛད་ཅེ་ན། དེ་ལྟར་མཛད་ཀྱང་ནམ་མཁའ་དང་མཉམ་པའོ་ཞེས་དགོངས་ཏེ་དེའི་ཕྱིར། ཨོ་མའོ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་བྱ་བ་གསུངས་སོ། །ནམ་མཁའ་ལ་ནམ་མཁའ་བསྒོམ་པ་མི་ནུས་ཏེ། གཉིས་ཀ་ལ་ཡང་མེད་པའི་ཕྱིར་རོ་ཞེས་འདི་
ལྟར་ཕྱོགས་སྔ་མ་པ་འདོད་མོད་ཀྱི་འདུས་བྱས་པ་ནི་ཀུན་རྫོབ་ཀྱི་ཆོས་ཉིད་དུ་བཞག་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ན་
ནམ་མཁའ་སྟེ། དེ་བས་ན་ཆོས་གང་དང་ཡང་མ་བྲལ་ཏེ་རྫས་ཐམས་ཅད་ནི་ཀུན་རྫོབ་ཏུ་དེ་ལས་སྐྱེས་ཙམ་ཏེ། དེའི་ཕྱིར་ནམ་མཁའ་ནི་གང་དང་ཡང་མ་བྲལ་བ་མ་ཡིན་ནོ། །ནམ་མཁའ་དེ་ནི་ཆོས་ཐམས་ཅད་ཀྱི་ནང་དུ་གཏོགས་པ་ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་
རྫས་སུ་མེད་པའི་ཕྱིར་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་ཤེས་པར་བྱའོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཁམས་ཐམས་ཅད་དོ། །དེ་ཉིད་སྐུ་དང་གསུང་དང་ཐུགས་ཏེ་དེ་དག་གི་དེ་བཞིན་ཉིད་ནི་རྡོ་རྗེའོ། །དེ་ཉིད་
ཡེ་ཤེས་བསྐྱེད་པའི་གཞིར་གྱུར་པས་ན་གནས་ཏེ། གང་གི་ཕྱིར་དེ་མངོན་སུམ་དུ་བྱས་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་བྱུང་བའི་མཚན་མར་གྱུར་པས་ན། དེ་ཉིད་གནས་ཀྱི་དམ་ཚིག་སྟེ། རྫས་དང་བྲལ་བའི་ངོ་བོ་ཉིད་པས་ན་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་
เล่ม ๔๖ · หน้า 67a
དོ་ཞེས་ལྷག་མ་ཐམས་ཅད་ལ་ཡང་ཁོང་དུ་ཆུད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་དང་རིགས་ཐམས་ཅད་ཀྱི་སེམས་ནི་སེམས་ཅན་ཐམས་ཅད་དོ། དེ་དག་གི་དམ་ཚིག་ནི་རིགས་ལྔའི་སྐུ་དང་གསུང་དང་ཐུགས་
ལ་སོགས་པ་སྟེ་དེ་ཉིད་སྙིང་པོའོ། །དེ་ཉིད་རྡོ་རྗེ་སྟེ་དེ་འབྱིན་ཅིང་སྐྱེད་པར་བྱེད་པས་འབྱུང་བའོ། །དེ་སྟོན་པའི་སྒྲའི་ཚོགས་ནི་ལེའུ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་རྡོ་རྗེ་འབྱུང་བ་ཞེས་བྱ་སྟེ་ལེའུ་བཅོ་ལྔ་པའི་བཤད་པའོ།། །།མཚན་མ་ཐོབ་ཅིང་བརྟུལ་ཞུགས་
ཡང་དག་པར་སྤྱོད་པས་དཀྱིལ་འཁོར་དུ་བསྒྲུབ་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་པ་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ།
དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་པོ་མེད་པའི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་ལེའུ་བཞི་པ་ལས་གསུངས་པའི་བསྟོད་པའི་རྒྱལ་པོས་གསོལ་བ་བཏབ་པོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་ཆེན་གྱི་མཆོད་པའི་ཚོགས་ཞེས་བྱ་བ་ནི་ཡིད་ལས་བྱུང་བའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་སོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་བྱ་བའི་རིགས་ལྔའི་དཀྱིལ་འཁོར་ནི་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་ཏེ། རིགས་ལྔའི་དཀྱིལ་
འཁོར་གྱི་ལྷ་དེ་རྣམས་ལ་སེམས་དང་སེམས་ལས་བྱུང་བའི་དམིགས་པ་གཉིས་སུ་མེད་པས་བདུད་བཞིའི་འཇིགས་པས་མི་གཡོ་བའི་ཕྱིར་སེང་གེ་ལྟ་བུ་ཡིན་པས་ན་སེང་གེ་སྟེ་དེའི་རྒྱུ་མཐུན་པའི་དམིགས་པ་ལས་རིགས་ལྔའི་དཀྱིལ་འཁོར་གྱི་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ཉིད་ནི་དམ་ཚིག་གི་
རྒྱལ་པོའི་སྒྲར་གསུངས་ཏེ། དེ་ལ་དམིགས་པས་ན་ཏིང་ངེ་འཛིན་དེའི་མིང་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་མངོན་དུ་མཛད་ནས་རྡོ་རྗེ་སྐུའི་དཀྱིལ་འཁོར་འདི་ཕྱུང་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་དཀྱིལ་འཁོར་དང་དབང་དང་དམ་ཚིག་མེད་པར་
เล่ม ๔๖ · หน้า 67b
དངོས་གྲུབ་ཏུ་མི་འགྱུར་རོ། །དེ་བས་ན། །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་སྟེ་ཐུགས་རྡོ་རྗེའི་དཀྱིལ་འཁོར་ལེའུ་བཅུ་བཞི་པར་ཇི་ལྟར་བྲིས་པ་བཞིན་དུ་འདིར་ཡང་དེ་བཞིན་དུ་བྱའོ། །དེ་ཡི་ནང་དུ་འཁོར་ལོ་ནི། །རྡོ་རྗེའི་ཆོ་གས་བྲི་བར་བྱ། །ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་གྱི་ཕྱེད་ལ་ཀ་བ་བརྒྱད་
དང་ལྡན་པར་རྡོ་རྗེའི་ཐིག་གིས་བྲི་བའོ། །རྡོ་རྗེ་ཞེས་བྱ་བ་འདི་ནི་ཐབས་སུ་ཤེས་པར་བྱ་སྟེ། དེ་ལ་རྡོ་རྗེ་ཆོ་ག་ནི་འདིའོ། །རང་གི་སྔགས་ཀྱིས་སྔ་མ་བཞིན་དུ་རང་གི་ལྷའི་སྦྱོར་བ་བྱས་ནས་མཚན་མ་ཐོབ་ཅིང་རིག་པའི་བརྟུལ་ཞུགས་ཡང་དག་པར་སྤྱོད་པའི་རྣལ་འབྱོར་པས་ཡི་གེ་ཨོཾ་ལས་རྒྱལ་བའི་རྡོ་རྗེ་
སྐུའི་ཚོགས། ཡི་གེ་ཨཱཿལས་སངས་རྒྱས་ཀྱི་གསུང་གི་ལམ། ཡི་གེ་ཧཱུྃ་ལས་སངས་རྒྱས་ཀྱི་ཐུགས་ཀྱི་ཚོགས་རང་གི་ལུས་དང་ངག་དང་ཡིད་རྡོ་རྗེ་ལ་གཞུག་པ་དང་། ལཾ་ཞེས་པས་རང་གི་རྒྱུད་ལ་ཡོད་པའི་སའི་ཁམས་ལ་སྐྱ་ནམ། མཾ་ཞེས་པས་ཆུའི་ཁམས་ལ་མཱ་མ་ཀཱི། པཾ་ཞེས་པས་
མེའི་ཁམས་ལ་གོས་དཀར་མོ། ཏཱཾ་ཞེས་པས་རླུང་གི་ཁམས་ལ་སྒྲོལ་མ། ཧཱུྃ་ཞེས་པས་ནམ་མཁའི་ཁམས་ལ་རྡོ་རྗེ་འཆང་ཆེན་པོ་བཞུགས་ཏེ་དེ་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བར་བསམ་མོ། །དེ་ནས་བྷྲཱུྃ་ཞེས་པས་གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད། ཨོཾ་ཞེས་པས་
ཚོར་བའི་ཕུང་པོ་ལ་རིན་ཆེན་འབྱུང་ལྡན། ཧྲཱིཿཞེས་པས་འདུ་ཤེས་ཀྱི་ཕུང་པོ་ལ་འོད་དཔག་ཏུ་མེད་པ། ཁཾ་ཞེས་པས་འདུ་བྱེད་ཀྱི་ཕུང་པོ་ལ་དོན་ཡོད་གྲུབ་པ། ཡི་གེ་ཧཱུྃ་ལས་རྣམ་པར་ཤེས་པའི་ཕུང་པོ་ལ་མི་བསྐྱོད་པ་གཞུག་པ་དང་། ཀྵིཾ་ཞེས་པས་མིག་གི་སྐྱེ་མཆེད་ལ་སའི་སྙིང་པོ། །ཛྲིཾ་ཞེས་
པས་རྣ་བའི་སྐྱེ་མཆེད་ལ་རྡོ་རྗེ་འཛིན་པ། ཁཾ་ཞེས་པས་སྣའི་སྐྱེ་མཆེད་ལ་ནམ་མཁའི་སྙིང་པོ། །གཾ་ཞེས་པས་ལྕེའི་སྐྱེ་མཆེད་ལ་འཇིག་རྟེན་དབང་ཕྱུག །ཨོཾ་ཞེས་པས་ལུས་ཀྱི་སྐྱེ་མཆེད་ལ་སྐུ་རྡོ་རྗེ། ཧཱུྃ་ཞེས་པས་ཡིད་ཀྱི་སྐྱེ་མཆེད་ལ་རྡོ་རྗེ་སེམས་དཔའོ། །ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་
པས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་རྡོ་རྗེའི་རང་རྒྱུད་དུ་གཏོགས་པ་རྣམས་ལ་གཞུག་པར་བྱ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་གསོལ་བར་བྱས་ལ་སྔགས་གསུམ་གྱིས་བྱིན་གྱིས་བརླབ་
เล่ม ๔๖ · หน้า 68a
པར་བྱས་ལ། ཆེ་གེ་མོ་རྡོ་རྗེ་བདག་གོ། །ཞེས་རང་གི་མིང་ནས་བརྗོད་ཅིང་ཡི་གེ་བྷྲཱུྃ་ལ་གནས་པར་བྱ་སྟེ་སྔར་གསུངས་པའི་ཚུལ་དུ་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་དང་། ལས་ཀྱི་རྒྱལ་པོའི་མཆོག་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་
ཝ་བི་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མོ྅ཧཾ་ཞེས་བརྗོད་པས་རྡོ་རྗེའི་བདག་ཉིད་ཏུ་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་བདག་མེད་པ་དང་མཉམ་པས་ལྷ་ཐམས་ཅད་དང་བདག་ཉིད་དབྱེར་མི་ཕྱེད་པ་ཉིད་དུ་བསམ་མོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ་དང་ལྡན་པའི་གྲོགས་
ཀྱིས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བྲི་བར་གསོལ་བ་གདབ་པར་བྱའོ། །གྲོགས་མེད་ན་རང་ཉིད་ཀྱིས་བརྗོད་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་
བདག་ཉིད་ལ་གསོལ་བ་བཏབ་པར་བསམ་མོ། །དེ་ནས་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་རང་གི་དཀྱིལ་འཁོར་གྱི་བདག་པོའི་སྔགས། ཨོཾ་བཛྲོད་ཏིཥྛ་ཨཱཿབཛྲོད་ཏིཥྛ་ཧཱུྃ་བཛྲོད་ཏིཥྛ་ཞེས་པ་ལ་སོགས་པ་ཡོངས་སུ་བཟླས་ལ་རང་གི་དཀྱིལ་འཁོར་དེའི་སྟེང་དུ་ནམ་མཁའ་ལ་བཏེག་སྟེ་གཞག་པར་
བྱའོ། །དེ་ནས་ཚོན་སྣ་ལྔའི་སྲད་བུ་དེ་བཞིན་གཤེགས་པ་ལྔར་བསྐྱེད་ལ་བསྒྲིལ་ཏེ་རྣམ་པར་སྣང་མཛད་དང་། ལྷ་མོ་སྤྱན་ཕབ་ནས་ཐིག་གདབ་པ་ལ་སོགས་པ་དེ་དག་ཉིད་བྱེད་དུ་གཞུག་པར་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་དབྱེ་བ་ལས་ཤེས་པར་བྱའོ། །དེ་ལྟར་རྣལ་འབྱོར་ཇི་ལྟར་མངོན་པར་འདོད་པའམ་
དངོས་གྲུབ་འགྲུབ་པར་འགྱུར་གྱི་གཞན་དུ་གལ་ཏེ་བདག་ཉིད་ཀྱིས་ཐིག་གདབ་པ་ལ་སོགས་པ་བྱེད་ན་ནི། དེ་ལ་དངོས་གྲུབ་ཏུ་མི་འགྱུར་ཏེ། རྡོ་རྗེའི་ཆོ་ག་དེ་ནི་འདི་ཡིན་ནོ། །མ་ནུས་པས་ནི་འོག་ནས་གསུངས་པའི་ཆོ་གས་ཚོགས་ཡོངས་སུ་བསྐང་བ་དང་། དམ་ཚིག་དང་དབང་བསྐུར་བའི་
ཕྱིར་བྲི་བར་བྱའོ། །དེ་ལྟར་བྲིས་ནས། ཕྱག་རྒྱ་རྡོ་རྗེའི་གནས་སུ་བྱ། །ཞེས་བྱ་བ་ལ་སོགས་པས་ལྷ་དགོད་པ་བསྟན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ནས་རྡོ་རྗེ་ཞེས་བྱ་བའི་མཐར་ཐུག་པ་སྟེ་དེ་ཉིད། སྔགས་རྣམས་ཀྱི་ནི་གསང་བ་མཆོག །ཅེས་བྱ་བས་བསྟན་ཏོ། །དབུས་སུ་རྣམ་པར་
เล่ม ๔๖ · หน้า 68b
སྣང་མཛད་གནས། །ཞེས་བྱ་བ་ལ་སོགས་པའི་སྐུའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྣང་མཛད་བྲིས་ལ། ཤར་ལ་སོགས་པའི་ཕྱོགས་སུ་ནི་མི་བསྐྱོད་པ་ལ་སོགས་པ་བཞི། མཚམས་སུ་ནི་སྤྱན་ལ་སོགས་པ་དང་གཟུགས་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་བྲིས་ནས། བར་སྣང་
ལ་བཞུགས་པ་རྣམས་རང་རང་གི་སྔགས་ཀྱིས་ཕབ་སྟེ་སྐུ་དང་གཅིག་ཏུ་བྱའོ། །གསུང་གི་དཀྱིལ་འཁོར་ལ་ནི་དབུས་སུ་པདྨའི་སྲད་བུ་དང་། པདྨའི་ཀ་བ་བརྒྱད་དང་ལྡན་པ་བྲིས་ལ་དབུས་སུ་འོད་དཔག་ཏུ་མེད་པ། འོད་དཔག་ཏུ་མེད་པའི་གནས་སུ་མི་བསྐྱོད་པ་བྲིའོ། །ཐུགས་ཀྱི་དཀྱིལ་
འཁོར་ནི་སྨྲས་ཟིན་ཏོ། །དེ་བཞིན་དུ་གང་གི་ཚེ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཡིན་ན། དེའི་ཚེ་དབུས་སུ་རིན་པོ་ཆེའི་ཕྲེང་བ་དང་། རིན་པོ་ཆེ་ཀ་བ་བརྒྱད་དང་ལྡན་པ་བྲིས་ལ་དཀྱིལ་འཁོར་གྱི་དབུས་སུ་རིན་ཆེན་འབྱུང་ལྡན་ནོ། །རིན་ཆེན་འབྱུང་ལྡན་གྱི་གནས་སུ་མི་བསྐྱོད་པ་བྲིའོ། །
དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལ་དབུས་སུ་དོན་ཡོད་པར་གྲུབ་པའི་གནས་སུ་མི་བསྐྱོད་པའོ། །གང་གི་ཚེ་གཙུག་ཏོར་ཆེན་པོ་དང་འཕགས་པ་གནོད་མཛེས་ལ་སོགས་པ་དབུས་སུ་འདྲི་བ་དེའི་ཚེ་ཤར་ལ་སོགས་པའི་ཆ་ལ་རྣམ་པར་སྣང་མཛད་ལ་སོགས་པ་བཞི་དང་། སྤྱན་ལ་སོགས་
པ་ཇི་ལྟ་བ་བཞིན་དུ་དགོད་དོ། །འཕགས་པ་གཤིན་རྗེ་གཤེད་ལ་སོགས་པའི་དཀྱིལ་འཁོར་ལའང་གཤིན་རྗེ་གཤེད་ལ་སོགས་པ་དེ་ཉིད་དང་སྒོའི་ཕྱོགས་དང་དབུས་སུ་ཡང་དག་པར་བྲིའོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། །རྡོ་རྗེ་འཛིན་མཆོག་གང་ཡིན་པ། །དབུས་སུ་གཟུགས་
ནི་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་དུ་ཡང་དེ་མངོན་པར་ཞེན་པ་ལ་བདུད་རྩི་ལྔ་པོ་འདི་ཤེས་རབ་ཀྱི་མེས་རབ་ཏུ་འབར་བ་སྦྱིན་པར་ཤེས་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་འཁོར་ལོ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་
འཁོར་ཐམས་ཅད་ནི་རིགས་ལྔའི་དཀྱིལ་འཁོར་རོ། །དེ་ཉིད་འཁོར་ལོ་སྟེ་དཀྱིལ་འཁོར་འཁོར་ལོ་ཞེས་བསྒྲགས་སོ། །ཞེས་གསུངས་པས་སོ། །དེ་འབྱུང་ཞིང་བསྐྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཧཱུྃ་ཨོཾ་ཨཱཿཞེས་པ་
เล่ม ๔๖ · หน้า 69a
ནི་སྲད་བུ་ལ་མངོན་པར་བསྔགས་ཏེ་ཐིག་གདབ་པ་དང་ཚོན་དགྱེ་བར་བྱའོ། །སྔགས་ཀྱི་སེམས་དཔའ་མི་བྱ་སྟེ། །ཞེས་བྱ་བ་ནི་མཚན་མ་ཐོབ་པ་དང་རིག་པའི་བརྟུལ་ཞུགས་ཡང་དག་པར་སྤྱད་པ་ནི་སྔགས་ཀྱི་སེམས་དཔའ་སྟེ། དེས་འདི་ལྟ་བུའི་ངེས་པ་དང་
ལྡན་པས་དངོས་གྲུབ་ཚོལ་ན། རྡོ་རྗེ་ཐིག་གདབ་པ་དང་ཞེས་བྱ་བ་ལ་སོགས་པ་མི་བྱའོ། །འོ་ན་ཇི་ལྟར་དཀྱིལ་འཁོར་དེ་དག་བྲི་བར་བྱ་ཞེ་ན། དེ་བས་དམ་ཚིག་ཚུལ་ཞེས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣོད་ལ་དབབ་པའི་ཆོ་ག་ནི་ཇི་སྐད་བསྟན་པ་དེ་ཉིད་ཀྱིས་རྣམ་པར་སྣང་
མཛད་ལ་སོགས་པ་དེ་ཕབ་ནས་དེ་ཆོ་ག་ཐམས་ཅད་བྱེད་དུ་གཞུག་གོ། །སྔགས་ཀྱི་སེམས་དཔའ་བྱ་བ་ཡང་། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བྲིས་ལ་དེ་ནས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དགུག་པས་གཞུག་པ་དང་། རང་གི་སྙིང་པོས་
རང་གི་གནས་སུ་བཞུགས་སུ་གསོལ་ནས་རིན་པོ་ཆེ་དང་། སྨན་དང་སྤོས་ཀྱི་ཆུ་ལ་སོགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་རྣམ་པར་རྒྱལ་བའི་བུམ་པ་ལ་དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་ཏེ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་
ཀྱིས་གང་བར་བསམས་ལ། དེ་ནས་དཀྱིལ་འཁོར་གྱི་བདག་པོའི་སྤྱན་སྔར་གཞག་གོ། །ལྷ་ལྷག་མ་རྣམས་ཀྱི་བུམ་པ་ལ་ནི་ལྷ་དེ་དག་ཉིད་ཀྱི་སྔགས་ཀྱིས་མངོན་པར་བསྔགས་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གཞག་གོ། །དེའི་ཕྱི་རོལ་ཀུན་དུ་ནི་བུམ་པ་གང་བ་ཕྲེང་བར་གཞག་གོ། །
ཕྱིའི་མཆོད་པ་རྣམས་ཀྱང་དཀྱིལ་འཁོར་གྱི་བདག་པོའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། བཛྲ་སྥ་ར་ན་ཁཾ་ཞེས་བྱ་བས་དབུལ་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར། ཁྲོ་བོའི་རྒྱལ་པོས་བཀུག་ནས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །ཞེས་གསུངས་སོ། །དམ་ཚིག་མཆོད་པ་དུས་
གསུམ་དུ། །ཞེས་པ་ནི་དཀྱིལ་འཁོར་དུས་གསུམ་དུ་མཆོད་པར་བྱའོ། །གང་གིས་ཤེ་ན། རྡོ་རྗེ་དྲི་མེད་གསུམ་དག་གིས། །ཞེས་བྱ་བ་སྟེ་སྐུ་དང་གསུང་དང་ཐུགས་དྲི་མ་མེད་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་གསུམ་གྱིས་སྦྱོར་བས་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་
เล่ม ๔๖ · หน้า 69b
སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པ་ནི་རྡོ་རྗེ་གསུམ་གྱི་སྦྱོར་བའོ། །འདིས་ནི་འདི་སྐད་སྟོན་ཏོ། རྣལ་འབྱོར་པའི་ཏིང་ངེ་འཛིན་ཐོབ་པས་སྤྱན་ལ་སོགས་པའི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་གྱི་སྒོར་བུ་མོ་བསྟེན་ལ། དེ་ལས་བྱུང་བའི་བདུད་རྩི་ལྔ་རབ་ཏུ་འབར་
བས་ལྷ་རྣམས་མཆོད་ཀྱི་གཞན་དུ་མ་ཡིན་ནོ། །ཐིག་གདབ་པ་ཡི་ཆོ་ག་འདི། །བདག་ཉིད་ནམ་ཞིག་སྤྱོད་པ་ན། །ཞེས་བྱ་བ་ནི་གང་གི་ཚེ་མཚན་མ་མ་ཐོབ་པའི་རྣལ་འབྱོར་པས་ལྷ་རྣམས་བབས་ནས་དཀྱིལ་འཁོར་བྲི་བའི་ནུས་པ་དང་མི་ལྡན་པར་གྱུར་པ་དེའི་ཚེ་སྐུ་རྡོ་རྗེའི་དཀྱིལ་འཁོར་དུ་ནི་སྐུ་རྡོ་རྗེའི་
སྦྱོར་བ་བྱས་ལ་སྒྲུབ་པའི་གྲོགས་མཆོག་ནི་རྡོ་རྗེ་འཆང་ཆེན་པོ་རྣམ་པར་བསམས་ཏེ་ཐིག་གདབ་པོ། །མི་བསྐྱོད་པའི་དཀྱིལ་འཁོར་དུ་ནི་མི་བསྐྱོད་པའི་སྦྱོར་བ་སྟེ། སྒྲུབ་པའི་གྲོགས་མཆོག་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་དུ་ནི་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བ་སྟེ་སྒྲུབ་
པའི་གྲོགས་མཆོག་ནི་འཕགས་པ་བདུད་རྩི་འཁྱིལ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་ཀྱི་དཀྱིལ་འཁོར་དུ་ནི་དཀྱིལ་འཁོར་གྱི་བདག་པོའི་སྦྱོར་བ་སྟེ། སྒྲུབ་པའི་གྲོགས་མཆོག་ནི་འཕགས་པ་བདུད་རྩི་འཁྱིལ་བའི་རྣམ་པར་བསམས་ལ་ཐིག་གདབ་བོ། །དེ་བཞིན་
གཤེགས་པ་ལྷག་མ་རྣམས་ཀྱི་སྦྱོར་བ་ལ་ཡང་སྒྲུབ་པའི་གྲོགས་མཆོག་རྡོ་རྗེ་འཆང་ཆེན་པོ་རྣམ་པར་བསམས་ལ་ཐིག་གདབ་པར་བྱའོ། །སངས་རྒྱས་རྒྱལ་པོ་ལྔ་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་མི་བསྐྱོད་པའམ། རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་དག་ཐིག་འདེབས་
པ་དེའི་ཚེ་ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོར་སྲད་བུ་སོ་སོར་ཚུལ་བཞིན་དུ་བཙོས་ལ་རིམ་པ་བཞིན་དུ་བཞག་སྟེ། ཨོཾ་སྭཱ་ཨཱཿཧཱ་ཧཱུྃ་ཞེས་པའི་ས་བོན་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་ལྔའི་ངོ་བོར་བྱས་ལ་སྲད་བུ་བསྒྲིལ་བར་བྱའོ། །གང་གི་ཚེ་སྐུ་
རྡོ་རྗེའི་དཀྱིལ་འཁོར་བྱེད་ན་དེའི་ཚེ་ཁ་དོག་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་ལ་ཧཱུྃ་སྭཱ་ཨཱ་ཧཱ་ཨོཾ་ཞེས་པ་རྣམས་སོ། །གང་གི་ཚེ་ན་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་ནི་དེའི་ཚེ་ཁ་དོག་དཀར་པོ་དང་ནག་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོ་ལ་ཨོཾ་ཧཱུཾ་ཨཱ་ཧཱ་
เล่ม ๔๖ · หน้า 70a
སྭཱ་ཞེས་བྱའོ། །གང་གི་ཚེ་འོད་དཔག་མེད་ཀྱི་དཀྱིལ་འཁོར་ལ་ནི་དེའི་ཚེ་ཁ་དོག་དཀར་པོ་དང་སེར་པོ་དང་། ནག་པོ་དང་དམར་པོ་དང་ལྗང་གུ་ལ་ཨོཾ་སྭཱ་ཧཱུཾ་ཧཱ་ཨཱ་ཞེས་བྱ་བའོ། །གང་གི་ཚེ་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་བྱེད་ན་དེའི་ཚེ་ཁ་དོག་དཀར་པོ་དང་སེར་པོ་དང་དམར་
པོ་དང་ནག་པོ་དང་ལྗང་གུ་ལ། ཨོཾ་སྭཱ་ཨཱ་ཧཱུཾ་ཧཱ་ཞེས་བྱ་བ་རྣམས་ཏེ་སྲད་བུ་དེ་དེ་བཞིན་གཤེགས་པ་ལྔའི་ངོ་བོར་བྱས་ལ་བསྒྲིལ་བར་བྱ་སྟེ། ཧཱུཾ་ཨོཾ་ཨཱཿཞེས་བྱ་བ་འདིས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་འདི་ཉིད་ཀྱིས་ཐིག་གདབ་པ་དང་ཚོན་དགྱེ་བར་ཡང་བྱའོ། །རྣམ་པ་ཉི་ཤུ་རྩ་ལྔ་ནི། ཚོན་
རྩི་དག་ཀྱང་རྣམ་པར་བསྒོམ། །ཞེས་བྱ་བ་ནི་ཇི་ལྟར་ཚོན་ལྔའི་སྐུད་པ་ལྔ་པོ་ཉིད་དབྱེ་ན་ཉི་ཤུ་རྩ་ལྔར་འགྱུར་ཏེ། དེ་བཞིན་དུ་ཚོན་ལྔ་དག་ཀྱང་དབྱེ་བ་ཉི་ཤུ་རྩ་ལྔར་འགྱུར་བ་ནི་འདི་ལྟ་སྟེ། ཞེ་སྡང་གི་རིགས་ལ་ནི་ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་ལ། ཨོཾ་སྭཱ་ཨཱ་
ཧཱ་ཧཱུཾ་ཞེས་པ་སྟེ་དེའི་ས་བོན་རྣམས་ཀྱིས་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པའི་རང་བཞིན་དུ་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་བྲི་བར་བྱ་སྟེ། འདི་ཐམས་ཅད་ཀྱི་དཀྱིལ་དུ་ནག་པོ་དགྱེའོ། །གཏི་མུག་གི་
རིགས་ལ་ནི་ཁ་དོག་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་རྣམས་ལ་ཧཱུཾ་སྭཱ་ཨཱ་ཧཱ་ཨོཾ་ཞེས་བྱ་བ་རྣམས་ཏེ་འདི་ཐམས་ཅད་ཀྱི་ནང་དུ་ནི་དཀར་པོ་དགྱེའོ། །ཡིད་བཞིན་གྱི་ནོར་བུའི་རིགས་ལ་ནི་ཁ་དོག་དཀར་པོ་དང་ནག་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོ་རྣམས་ཏེ། ཨོཾ་ཧཱུཾ་ཧཱ་ཨཱ་
སྭཱ་ཞེས་བྱ་བ་རྣམས་ཏེ་འདི་ཐམས་ཅད་ཀྱི་ནང་དུ་ནི་ཁ་དོག་སེར་པོ་དགྱེའོ། །འདོད་ཆགས་ཀྱི་རིགས་ལ་ནི་ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་ལ་ཨོཾ་སྭཱ་ཧཱུཾ་ཧཱ་ཨཱ་ཞེས་བྱ་བ་རྣམས་ཏེ་འདི་ཐམས་ཅད་ཀྱི་ནང་དུ་དམར་པོའོ། །དམ་ཚིག་གི་རིགས་ལ་ནི་ཁ་དོག་དཀར་པོ་དང་སེར་པོ་
དང་ནག་པོ་དང་དམར་པོ་དང་ལྗང་གུ་ལ་ཨོཾ་སྭཱ་ཨཱ་ཧཱུཾ་ཧཱ་ཞེས་བྱ་བ་ནི་ས་བོན་རྣམས་ཏེ། འདི་དག་ཐམས་ཅད་ཀྱི་ནང་དུ་ནི་ཁ་དོག་ལྗང་གུ་དགྱེ་བར་བྱའོ། །དེ་ལྟར་ཚོན་གྱི་དབྱེ་བ་རྣམ་པར་བསྒོམ་པ་ཉི་ཤུ་རྩ་ལྔར་འགྱུར་རོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །ཞེས་བྱ་བ་ལ་སོགས་
เล่ม ๔๖ · หน้า 70b
པ་ལ་གང་གི་ཚེ་ཇི་སྐད་གསུངས་པའི་ཚུལ་དུ་བསྒྲུབ་པ་བདུན་ལ་དཀྱིལ་འཁོར་བྲིས་ནས་བསྒྲུབས་ཀྱང་རྣལ་འབྱོར་པས་འགྲུབ་པར་མ་ནུས་ན་གང་གི་ཚེ་རང་གི་ལྷའི་དཀྱིལ་འཁོར་དུ་གནས་ལྔར་རང་གི་ལྷའི་གཟུགས་བཀོད་ལ་དེ་ལྟ་བུ་ལ་གནོད་མཛེས་བསམས་ལ་གཟིར་བར་བྱའོ། །དེ་བཞིན་
དུ་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་གཟིར་བ་བསྟན་ནས་ལྕགས་ཀྱུ་ཞགས་པ་ཞེས་བྱ་བ་ལ་སོགས་པས་ནི་ལྷ་ཐམས་ཅད་ལ་མངོན་སྤྱོད་བྱ་བ་གསུངས་པའོ། །སྦྱོར་བ་ཇི་ལྟ་བུས་རིག་པ་ལ་མངོན་སྤྱོད་བྱ་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །བརྟན་པའི་བློས་ནི་བརྟག་པར་བྱ། །
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་ཀྱི་སྦྱོར་བ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །སྔགས་ཤེས་པས་ནི་སྦྱིན་སྲེག་བྱ། །ཞེས་པ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཤར་ཕྱོགས་སུ་ཞི་བ་སྟེ་ཀུན་ནས་ཟླུམ་པོ། །ལྷོར་རྒྱས་པ་སྟེ་གྲུ་བཞི་པ། །ནུབ་ཏུ་དབང་གི་སྟེ་
གཞུའི་དབྱིབས་ལྟ་བུ། བྱང་དུ་ནི་མངོན་སྤྱོད་ཀྱི་སྟེ་གྲུ་གསུམ་པའི་ཐབ་ཁུང་བྱས་ལ་ཡི་གེ་ཨཾ་ལས་བསྐྱེད་པར་བྱའོ། །དེ་ཡང་གཉིས་སུ་མེད་པར་མཉམ་པ་རྣམ་པར་རྒྱལ་བ་ལས་གསུངས་པ། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔགས་ཤེས་པ་ཡིས་སྦྱིན་སྲེག་བྱ། །
དེ་ཉིད་གསང་བའི་ཏིང་འཛིན་གནས། །སྦྱིན་སྲེག་སྣ་ཚོགས་སྤྱད་པར་བྱ། །སྔགས་དང་དཀྱིལ་འཁོར་ལྡན་པ་ཡིས། །རིགས་དང་ལས་རྣམས་བསྐྱེད་བྱ་སྟེ། །ཨོཾ་གྱི་སྔགས་ཀྱི་དབྱེ་བ་ཡིས། །བསྒོམས་ན་དངོས་གྲུབ་འཐོབ་པར་འགྱུར། །ཞི་བའི་དཀྱིལ་འཁོར་ཟླུམ་
པོ་སྟེ། །རྒྱས་པ་ལ་ནི་གྲུ་བཞིའོ། །དབང་དུ་བྱས་ལ་གཞུ་ཡི་དབྱིབས། །མངོན་སྤྱོད་ལ་ནི་གྲུ་གསུམ་མོ། །དེ་ཉིད་དུ་ནི་ལྷ་ཡི་སྐུ། །རང་གི་གཟུགས་སུ་རབ་ཏུ་བསྒོམ། །མེ་ཡི་དབུས་གནས་ཞི་བ་ལ། །བདུད་རྩི་སྟེར་བར་བསམ་པར་བྱ། །བདག་ཉིད་བདག་པོའི་གཟུགས་སུ་སྟེ། །
འདི་ནི་རྡོ་རྗེའི་ཚུལ་གྱི་མཆོག །འོད་འཕྲོའི་ཚོགས་རྣམས་འཁྲུག་པ་དང་། །ཞལ་ནི་རབ་ཏུ་གདངས་པར་བསྒོམ། །ཡི་གེ་ཧཱུྃ་ནི་སྔགས་པ་དེའི། །ལྕེ་ཡི་དབུས་ན་གནས་པར་བསམ། །ཆོ་ག་ཤེས་པས་ཞི་བ་ལ། །འོ་མ་སྦྲང་རྩི་མར་སར་ཞོས། །མ་ཧཱ་དེ་ལ་ཁྱད་པར་དུ། །ཞེ་སྡང་
เล่ม ๔๖ · หน้า 71a
ཆེན་པོའི་རིགས་ལའོ། །དེ་བཞིན་དུ་གཞན་དག་ལ་ཡང་ཤེས་པར་བྱའོ། །བསྒྲུབ་པར་བྱ་བའི་སྙིང་ག་དང་བདག་ཉིད་ཀྱི་སྙིང་གར་དཀྱིལ་འཁོར་གྱི་བདག་པོ་རྣམ་པར་བསམས་ལ་སྦྱིན་པར་བྱའོ། །དབང་པོ་གཉིས་ཀྱི་དམ་ཚིག་གིས། །ཞེས་བྱ་བ་ལ་སོགས་
པ་ལ་རང་གི་ལྷ་ནི་རང་རྒྱུད་དུ་བཅུག་ནས་དེ་དང་གཅིག་ཏུ་གྱུར་པར་མོས་པ་ནི། དབང་པོ་གཉིས་ཀྱི་དམ་ཚིག་མཆོག །ཅེས་བྱའོ། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཨོཾ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱ་
བའི་ཕྱིར་སློབ་མ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་རྣམ་པར་བསམས་ལ། སྐུ་གསུང་ཐུགས་རྡོ་རྗེས་བྱིན་གྱིས་བརླབ་བོ། །དེ་ནས་དེའི་ལུས་ཐམས་ཅད་དང་ལྕེ་དང་སྙིང་གར་རྡོ་རྗེའི་ཡི་གེ་ཨཱཿམདོག་དམར་པོ་འོད་ཟེར་དམར་པོ་དང་ལྡན་པར་བསམས་ལ་དེ་ནས་གཞུག་པར་བྱའོ། །
དེ་བཞིན་དུ་ལྷག་མ་རྣམས་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་དང་། རང་གི་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་རང་གི་དཀྱིལ་འཁོར་གྱི་བདག་པོའི་སྙིང་པོས་སློབ་མ་བསྐྱེད་ལ། སྐུ་གསུང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་ནས་ཡི་གེ་ཨཱཿལུས་དང་ངག་དང་སེམས་ལ་བཀོད་ནས་
འོག་ནས་བཤད་པའི་ཆོ་གས་གཞུག་པར་བྱའོ། །དེ་ལ་དང་པོར་རེ་ཞིག་སློབ་དཔོན་ཉིད་སློབ་ཏུ་གཞུག་པའི་ཆོ་གས་ཞུགས་ལ་བདག་ཉིད་དབང་བསྐུར་བ་ལ་སོགས་བཅོམ་ལྡན་འདས་ཉིད་ལས་བླངས་ལ་འདི་སྐད་ཅེས། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་
ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བྱ། །ཞེས་བརྗོད་དོ། །དེ་ནས་རྒྱུད་ཀྱི་ནང་གི་ཆོ་གས་ལྷག་པར་གནས་པར་བྱས་པའི་སློབ་མ་ཇི་སྐད་གསུངས་པའི་ཕྱིར་བསྐྱེད་ལ་མེ་ཏོག་དང་དྲི་ལ་སོགས་པས་མཆོད་ནས་ཕྱི་སྒོར་བཞག་ནས་དཀྱིལ་འཁོར་
གྱི་བདག་པོས་ཡོངས་སུ་བཟླས་པའི་བུམ་པའི་ཆུས་གཏོར་ཏེ། འཇུག་པའི་སྔགས་ཡོངས་སུ་བཟླས་པའི་གོས་ཀྱིས་གདོང་གཡོགས་ཏེ་ཐལ་མོ་སྦྱར་བ་མེ་ཏོག་དང་བཅས་པས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་པས་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། མེ་ཏོག་ཕྲེང་བ་དེ་ཉིད་ཀྱིས་
เล่ม ๔๖ · หน้า 71b
དབང་བསྐུར་བ་སྦྱིན་ནོ། །དེ་ཉིད་ཀྱིས་གདོང་གཡོགས་ཀྱང་བཀྲོལ་ནས་དཀྱིལ་འཁོར་དེ་ཉིད་ཀྱིས་བསྟན་པར་བྱའོ། །དེ་བཞིན་དུ་གཞན་དག་ཀྱང་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །ནམ་མཁའི་ཁམས་ནི་ཞེས་བྱ་བ་ལ་སོགས་པ་ལ་དབང་བསྐུར་བའི་ཚེ་བདེ་བར་
གཤེགས་པ་ཐམས་ཅད་གདུགས་དང་རྒྱལ་མཚན་དང་བ་དན་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། མཆོད་པ་ཐམས་ཅད་ཐོགས་པས་ནམ་མཁའ་མ་ལུས་པར་གང་བར་བསམ་མོ། །དཀྱིལ་འཁོར་གྱི་བདག་པོའི་སྙིང་པོས་དབང་བསྐུར་བར་འོས་པ་དཀྱིལ་འཁོར་གྱི་
བདག་པོའི་ངོ་བོར་བསྐྱེད་ལ། སྐུ་གསུང་ཐུགས་རྡོ་རྗེར་སྤྱན་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། ཇི་སྐད་དུ་བཤད་པའི་རྟེན་ལ་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་གཞག་པར་བྱའོ། །དེ་ནས་དེའི་སྙིང་གར་རིགས་ཀྱི་བདག་པོ་བཀོད་ལ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་
བསྔགས་པའི་ཡུངས་ཀར་གྱིས་བརྡེག་པར་བྱ་ཞིང་བུམ་པའི་ཆུའི་དཀྱིལ་འཁོར་གྱི་བདག་པོའི་སྔགས་ཀྱིས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ལྷག་མ་རྣམས་ནི་རྒྱུད་གཞན་དག་གི་ནང་ནས་ཤེས་པར་བྱའོ། །དཀྱིལ་འཁོར་དག་ནི་བསྟན་པར་བྱ། །ཞེས་བྱ་བ་ནི་གདོང་གཡོགས་བཀྲོལ་
ནས་དེའི་འོག་ཏུ་འདི་ལྟར། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པ་དམ་ཚིག་བཞི་པོ་རིགས་བཞི་བསྒོམ་པའི་ངོ་བོ་ཉིད་དེ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །
ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། །འོད་འཕྲོ་མང་པོ་འབྱུང་བ་དང་། །འོད་ཟེར་སྣ་ལྔས་རབ་ཏུ་གང་། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །བསྒོམས་ནས་རྡོ་རྗེ་ཕྱེ་མར་རློག །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི། །རྡོ་རྗེ་ཕྱེར་བརླག་བྱེད་འགྱུར་བའི། །བསམ་གཏན་མཆོག་དེ་
བསྒོམས་ན་ནི། །ཐུགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར། །རྡོ་རྗེ་གསང་བ་འདི་ལྟ་བུས། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་བྱ་སྟེ་འདི་དག་ལ་སོགས་པ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་ནོ། །
เล่ม ๔๖ · หน้า 72a
སྔགས་ཇི་ལྟ་བ་བཞིན་དུ་སྦྱིན་པ་ནི་རྒྱུད་གཞན་གྱི་ཆོ་གས་བྱས་ལ་རང་གི་ལྷའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །ཆོ་ག་བཞིན་དུ་བསྔགས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ་ཇི་སྐད་གསུངས་པའི་རྫས་ཁམ་ཕོར་ཁ་སྦྱོར་གྱི་ནང་དུ་བཞག་ལ་མངོན་པར་བསྔགས་ཏེ། ཡི་གེ་ཨོཾ་
གྱིས་རབ་ཏུ་འབར་བར་བྱས་ལ་དེ་ལྟར་ཆོ་ག་འདིས་ཟ་རུ་གཞུག་ཤིང་རྡོ་རྗེ་བདག་པོ་དང་མི་གཉིས་པར་གྱུར་པར་ཐེ་ཚོམ་མེད་པའི་སེམས་ཀྱིས་བཟའ་བར་བྱ་སྟེ། གཞན་དུ་རབ་ཏུ་མེ་འབར་བ་ཟར་བཅུག་པར་འགྱུར་བ་གང་ཡིན་པས་ནི་དངོས་གྲུབ་ཏུ་མི་འགྱུར་ཞིང་དམ་ཚིག་ཉམས་པ་དང་འདྲ་
བས་གང་ཟོས་པ་དེའི་མངོན་པར་འདོད་པའི་དངོས་གྲུབ་འགྲུབ་པར་མི་འགྱུར་བས་སྤོང་བར་བྱེད་པས་དམྱལ་བར་འགྲོ་བར་འགྱུར་རོ། །རྣམ་པ་འདི་བཞི་གསང་ཆེན་ཏེ། །ཞེས་བྱ་བས་ནི་སྤྱན་ལ་སོགས་པ་སྟོན་ཏེ་དེ་ཉིད་རྣམ་པར་དབྱེ་བ་ནི། སྔགས་ཀྱི་འཁོར་ལོ་བུད་མེད་གཟུགས། །ཞེས་
བྱ་བའོ། །གླང་པོའི་ཤ་དང་ཞེས་བྱ་བ་ལ་སོགས་པ་ལ་དེ་ཟ་བ་ལ་དགའ་ཞིང་སྡོམ་པ་བཟུང་བ་རྣམས་ལ་འདི་བཤད་དོ། །ཉིན་རེ་རྡོ་རྗེ་སློབ་མ་ལ། །མཁས་པས་ཞེས་བྱ་བ་ལ་སོགས་པ་ལ་ཁམ་ཕོར་སྦྱར་བའི་ནང་དུ་བཞག་ནས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་མེའི་དཀྱིལ་འཁོར་དེའི་སྟེང་
དུ་ཡང་ཡི་གེ་ཨོཾ་བསྐལ་པ་སྲེག་པའི་མེ་ལྟ་བུར་རྣམ་པར་བསམས་ནས་དེའི་སྟེང་དུ་ཇི་སྐད་གསུངས་པའི་ཟས་བཞག་ལ་དེས་རབ་ཏུ་འབར་བར་བྱ་སྟེ་དེ་ལྟ་བུས་དེ་ལ་ཡིད་ཆེས་པར་བྱའོ། །དེ་བས་ནི་ཚིག་འདིས་ནི་ཡིད་ཆེས་པར་བྱ་བའི་ཕྱིར་གསུངས་པས་ན་མི་ནུས་པར་ནི་སྦྱིན་པར་མི་བྱ་སྟེ། །
བདག་ཉིད་ཀྱིས་ཀྱང་བཟའ་བར་མི་བྱའོ། །གལ་ཏེ་ཟ་བར་བྱེད་དམ་གཞན་ལ་སྟེར་བར་བྱེད་ན་མངོན་པར་ཞེན་པ་ཙམ་དུ་ཟད་ཀྱི་དེ་གཞུང་གི་དོན་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། །རྡོ་རྗེ་གསང་བའི་ཚིག་དག་གིས། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་རྡོ་རྗེར་
བསྒོམས་པས་རྫས་རབ་ཏུ་འབར་བ་ནི་རྡོ་རྗེ་གསང་བའི་གནས་ཞེས་བྱའོ། །གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་བསྟན་པས་དེའི་ཕྱིར་མི་ནུས་པས་ནི་འདི་ལྟ་བུ་མི་བྱའོ། །གལ་ཏེ་རྣལ་འབྱོར་པ་མངག་གཞུག་མ་བསྒྲུབ་པར་འདོད་པར་གྱུར་ན་ཁྲོ་བོ་གནོད་
เล่ม ๔๖ · หน้า 72b
མཛེས་སམ། ལག་ན་པདྨོའམ་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་བཟླས་པ་འབུམ་བྱས་ལ་རང་གི་སྦྱོར་བ་དེ་དག་གིས་རང་གི་དཀྱིལ་འཁོར་དུ་འདུག་ལ། ནམ་མཁའི་ཕྱོགས་སུ་ཡི་གེ་ཧྲཱིཿའབར་བ་དང་བཅས་པ་བསམས་ལ། དེའི་འོད་ལས་བསྐྱེད་པའི་འཇིག་རྟེན་གྱི་ཁམས་ཐམས་
ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་མ་ལུས་པར་གང་བར་རྣམ་པར་བསྒོམ་མོ། །དེ་ནས། དེར་ནི་སྔགས་ཀྱིས་དབབ་པར་བྱ། །ཞེས་བྱ་བ་ལ་ཡི་གེ་ཧྲཱིཿནི་འདི་ཉིད་ཀྱི་སྔགས་ཡིན་པས། ཡི་གེ་འདི་ལས་མངག་གཞུག་མི་གཟུགས་སུ་སྟེ།
ཨ་ཁཾ་ཁ་ཞེས་བྱ་བས་བྱིན་གྱིས་བརླབ་པོ། །དེ་ནས་ཡི་གེ་ཧྲཱིཿལས་དེ་བསྒྲུབ་པར་བྱ་བ་ནི་ཁྲོ་བོ་གནོད་མཛེས་སམ་ཕྱག་ན་པདྨོའམ། གཞན་གྱིས་མི་ཐུབ་པའམ། གཞན་གང་ཡང་རུང་བའི་སྦྱོར་བ་སྟེ། དེ་ཉིད་ཀྱི་ཕྱིར། ཕྱག་ན་རྡོ་རྗེ་གཟུགས་ཅན་མ། །ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། གང་གི་ཚེ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྦྱོར་བ་བསྒོམས་པས་མཚན་མ་ཐོབ་པར་གྱུར་པའི་རྣལ་འབྱོར་པས་བརྟུལ་ཞུགས་ཡང་དག་པར་སྤྱོད་པ་དེའི་ཚེ། སྐུ་རྡོ་རྗེ་ལ་སོགས་པས་ཉིན་རེ་ཞིང་ཇི་སྲིད་དུ་ཉི་མ་ལྔ་འདས་པ་དེ་སྲིད་ཀྱི་བར་དུ་བསྐུལ་ཏེ་རྫོགས་པ་དང་དེ་ནས་དཀྱིལ་
འཁོར་བྲི་བར་བྱ་སྟེ་རབ་ཏུ་བསྒྲུབ་པར་བྱའོ། །དེ་ལ་འདི་ནི་གསང་བའི་གནས་སོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་འདི་ནི་རྡོ་རྗེ་སྙིང་པོས་ཐམས་ཅད་བསྐུལ་བའོ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བ་བྱས་ལ། རང་གི་སྙིང་གར་སྐུ་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་
རང་རང་གི་སྙིང་པོས་བསྐྱེད་ལ། གནོད་མཛེས་ཀྱི་སྐུ་རྡོ་རྗེ་ལ་སོགས་པ་དེར་བཀུག་སྟེ་རབ་ཏུ་གཞུག་ལ་རང་གི་སྔགས་ཀྱིས་གནས་ཇི་ལྟ་བ་བཞིན་དུ་བཀོད་ནས་དངོས་གྲུབ་བདག་ལ་སྩོལ་ཅིག་ཅེས་པས། ཨོཾ་དང་གནོད་མཛེས་ཀྱི་སྦྱོར་བས་སྔ་མ་བཞིན་དུ་ལྕགས་ཀྱུས་སྙིང་ལ་གདབ་བོ། །ཨོཾ་
ཞེས་པ་ནི་ཆོ་ག་བཞིན་དུ་བསྐུལ་བའོ། །གང་གི་ཚེ་མངག་གཞུག་མ་བསྒོམས་ནས་མཚན་མ་ཐོབ་པར་གྱུར་པའི་རྣལ་འབྱོར་པས་དེའི་ཚེ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྦྱོར་བས་རང་གི་སྙིང་གར་མངག་གཞུག་མའི་དཀྱིལ་འཁོར་བཀོད་ལ། ཉི་མ་བཅོ་ལྔའི་བར་དུ་བསྐུལ་བར་བྱའོ་ཞེས་
เล่ม ๔๖ · หน้า 73a
གསུངས་པ་ནི་དེ་ལ་འདི་ནི་མངག་གཞུག་མ་ཐམས་ཅད་ཀྱི་གསང་བའོ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དམ་ཚིག་བཞིའི་ཚིག་གོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྦྱོར་བ་བྱ་སྟེ། རང་གི་སྙིང་གར་མངག་གཞུག་མའི་སྙིང་པོས་མངག་གཞུག་མའི་
དཀྱིལ་འཁོར་ཡོངས་སུ་བརྟགས་ལ་དེའི་དབུས་སུ་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཀྱིས་ཇི་ལྟ་བ་བཞིན་དུ་འདུག་ནས། ཤར་ཕྱོགས་ལ་སོགས་པར་མངག་གཞུག་མ་བཞི་དགོད་པ་འདི་ནི་དམ་ཚིག་བཞིའི་ཚིག་སྟེ། དེ་དག་གི་ལག་པ་གཡས་པར་ཡི་གེ་ཧྲཱིཿལས་ལྕགས་ཀྱུ་བསམས་
ལ་ལྕགས་ཀྱུ་དེས་སྙིང་ལ་བཏབ་ན་དམ་ཚིག་གིས་བསྐུལ་བར་འགྱུར་རོ། །དེ་ལའང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དྲངས་ནས་མངག་གཞུག་མ་བཞིའི་གནས་སུ་གོང་བུའི་ཚུལ་གྱིས་གཞག་པ་བྱ་སྟེ། དེ་ལྟ་བུས་ནི་དམ་
ཚིག་གཏོང་བར་འགྱུར་རོ། །དེ་ལ་མངག་གཞུག་མ་བཞི་པོའི་ཚིག་གིས་ཡང་དང་ཡང་དུ་བོས་པ་འདི་ནི་དེའི་དམ་ཚིག་གིས་བོས་པའོ། །དེ་ཡང་རང་གི་ལྷ་བསྒོམ་པ་ལ་གནས་པར་གྱུར་པ་ནི་དམ་ཚིག་གིས་བཅིངས་པའོ། །དེ་གྲུབ་ནས་མངག་གཞུག་མའི་སྦྱོར་བས་བསྒོ་བ་ཐམས་ཅད་བྱེད་དོ་
ཞེས་བསྟན་པའི་ཕྱིར། མཁའ་དབྱིངས་ཡངས་ཤིང་དག་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ནམ་མཁའི་དབྱིངས་ཀྱང་རྡོ་རྗེའི་གཟུགས་སུ་བྱེད་དོ་ཞེས་རྣལ་འབྱོར་པ་དག་ནུས་པ་ཕུལ་དུ་བྱུང་བ་ལ་ཡིད་རྟོན་པར་བྱ་བའི་ཕྱིར་གསུངས་སོ། །
སངས་རྒྱས་རྡོ་རྗེ་སེམས་དཔའ་འང་རུང་། །ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་ཐོབ་ཅིང་བརྟུལ་ཞུགས་ཡང་དག་པར་སྤྱོད་པའི་རྣལ་འབྱོར་པས་སངས་རྒྱས་ལ་སོགས་པར་རང་གི་དཀྱིལ་འཁོར་གྱི་གནས་ལྔར་བསམས་ལ། དེ་ནས་ཡི་གེ་མྃ་ལས་ནམ་མཁའ་ལ་འཇམ་པའི་དབྱངས་རྣམ་པར་
བསྒོམས་ཏེ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ལྟ་བུར་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྔགས་ཀྱིས་བསྐྱེད་ལ་དེས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ལྔ་པོ་དེ་རྣམས་རང་གི་དཀྱིལ་འཁོར་ལ་གནས་པ་ལ་དེས་དབུ་ལ་གཟིར་བས་གཟུགས་ལྔ་པོ་དེ་རྣམས་བརྒྱལ་བར་གྱུར་
เล่ม ๔๖ · หน้า 73b
པར་བསམ་མོ། །དེ་བཞིན་དུ་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་གཟིར་བས་དངོས་གྲུབ་ཏུ་སྩོལ་ཏེ། དེ་བཞིན་དུ་གནོད་མཛེས་ལ་སོགས་པ་དག་ཀྱང་བསྟན་པར་བྱ་བའི་ཕྱིར། ནམ་མཁའ་རྡོ་རྗེ་དབུས་བསམ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་སྔགས་ནི་ཧཱུཾ་
ལ་སོགས། །ཞེས་བྱ་བ་ནི་གནོད་མཛེས་ཀྱི་ཡི་གེ་ཧཱུྃ་ནི་རྡོ་རྗེའི་སྔགས་ཏེ། སོགས་པའི་སྒྲ་ནི་དེ་ལས་གཞན་པའོ། །ཨོཾ་ནི་མིག་ལ་བསམ་བྱས་ན། །ཞེས་བྱ་བ་ནི་ཡི་གེ་ཨོཾ་སྒྲོན་མ་ལྟ་བུ་བདག་དང་ཕ་རོལ་གྱི་མིག་གཉིས་ལ་བསམས་ན་ལྷ་ཐམས་ཅད་ཀྱི་གཟུགས་དེས་མཐོང་བར་འགྱུར་
རོ། །རྣམ་པར་སྣང་མཛད་གཟུགས་ཆེན་པོས། །ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་དུ་བསྒོམས་ལ་ཡི་གེ་ཨོཾ་མེ་ལྟར་འབར་བ་རང་གི་ལྕེ་ལ་བསྒོམ་མོ། །དེ་ནས་ཡི་གེ་པ་བུམ་པ་བཟང་པོ་ལྟར་དཀར་བ་ཁ་ལ་བསམ་མོ། །བཱི་ཞེས་བྱ་བ་ལ་སོགས་པ་ལ་ས་བོན་
འདི་ལས་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ཏེ། ནམ་མཁའི་ཕྱོགས་སུ་འདི་ཉིད་ལས་རང་གི་དཀྱིལ་འཁོར་དེ་གནས་ལྔར་གནས་ལ་གནས་ནས་བཱི་ཞེས་བརྗོད་ཅིང་བསྒོམ་མོ། །ཀུན་དབྱིངས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་
པའི་དེ་བཞིན་གཤེགས་པ་རྣམས་ཙུནྡའི་གཟུགས་འཛིན་ཏེ། ཕྱོགས་བཅུར་ཡི་གེ་ཙུཾ་སྒྲོགས་པས་ན་ཀུན་ནས་དབྱངས་སོ། །དེ་ལ་དམིགས་པས་ན་ཏིང་ངེ་འཛིན་དེའི་མིང་ཀུན་དབྱངས་རྡོ་རྗེ་ཞེས་བྱའོ། །རྡོ་རྗེ་ཆེན་པོ་བསྒོམ་པའི་ཚིག །ཅེས་བྱ་བ་ལ་ཙ་དང་བིན་དུ་གཉིས་ནི་སྤྱོད་པ་དང་བྲལ་
བ་དང་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཨུ་ཞེས་བྱ་བ་ནི་ཁམས་གསུམ་པོ་དག་ནི་བཏགས་པ་ཙམ་དུ་ཟད་དོ། །ཡི་གེ་ཨུས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པས་རྡོ་རྗེ་འཆང་ཆེན་པོ་བསྒོམ་པ་འདིས་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོར་གྱུར་པའི་ཚིག་གོ། །ཙུཾ་ཞེས་བྱ་བ་ལ་སོགས་པ་ལ་
ཡི་གེ་ཙུཾ་ལས་ཉི་མའི་དཀྱིལ་འཁོར་ལ་དེའི་སྟེང་དུ་ཡི་གེ་ཙུཾ་དེ་ཉིད་བཀོད་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཡི་གེ་ཙུཾ་གྱི་འོད་ཟེར་གྱི་སྒོ་རྣམས་ལ་ཙུནྡའི་གཟུགས་སུ་བསྒོམ་མོ། །དེ་ནས་ཙུནྡ་དེ་ལ་ཞུགས་པ་ལས་ཙུནྡའི་
เล่ม ๔๖ · หน้า 74a
གཟུགས་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ་ཁ་དོག་དཀར་མོར་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བ་བྱ་སྟེ། གནས་བཞིར་རྡོ་རྗེ་འཆང་ཆེན་པོའི་སྦྱོར་བས་འདུག་ལ་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་
ཡུམ་བསྒོམ་པར་བྱའོ། །བསམ་པ་ཐམས་ཅད་དུ་རྡོ་རྗེ་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྫས་སྣ་ཚོགས་ཐམས་ཅད་ཀྱི་སྲེད་པས་གདུངས་པ་ནི་བསམ་པ་ཐམས་ཅད་དོ། །དེ་ཉིད་བརྟན་པའི་ཕྱིར་རྡོ་རྗེའོ། །དེའི་ལོངས་སྤྱོད་ནི་གདུལ་བྱ་རྣམས་ལ་འཇིག་རྟེན་གྱི་ཁམས་ཐམས་
ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་ཛམྦྷ་ལར་སྣང་བར་བྱས་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ནི་བསམ་པ་ཐམས་ཅད་དུ་རྡོ་རྗེ་ལོངས་སྤྱོད་ཅེས་བྱའོ། །ཛཾ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ལ་ལེའུ་དང་པོར་གསུངས་པའི་ཏིང་ངེ་འཛིན་གྱི་
དཀྱིལ་འཁོར་རྣམ་པར་བསམས་ལ། ཤར་ཕྱོགས་སུ་མི་བསྐྱོད་པའི་སྦྱོར་བས་འདུག་པའི་རྣལ་འབྱོར་པས་དབུས་སུ་ཡི་གེ་ཛཾ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཛཾ་ལས་གསེར་གྱི་ཁ་དོག་ཅན་འོད་ཟེར་སེར་པོའི་ཚོགས་ཀྱིས་ནམ་མཁའ་གང་བའི་འོད་ཟེར་དེ་རྣམས་ཀྱི་སྒོ་ལ། འཇིག་
རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཛམྦྷ་ལའི་གཟུགས་འཛིན་པར་སྤྲུལ་ལ་ཛཾ་དེར་གཞུག་པར་བྱ་སྟེ། ཡི་གེ་དེ་ཉིད་ལས་རྨུགས་འཛིན་ཆུ་དབང་སྔོན་པོའམ་སེར་པོར་བསམ་མོ། །གནོད་སྦྱིན་གཟུགས་འཛིན་ཞེས་བྱ་བ་ལ་སོགས་པ་
ནི་གོ་སླའོ། །རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །ཞེས་བྱ་བ་ནི་ཡི་གེ་ཧཱུྃ་ལས་དེའི་ལག་པ་གཡས་པར་ཉི་མའི་དཀྱིལ་འཁོར། །དེའི་སྟེང་དུ་ཡི་གེ་ཛཾ་གསེར་གྱི་མདོག་ལྟ་བུ་བསྒོམས་ལ་དེ་ནས་ཕྱི་རོལ་ལམ་ཡིད་ཀྱིས་ཆུ་དབུལ་ལོ། །རྒྱུད་འདི་ལས་ལྷ་ཐམས་ཅད་ལས་གང་ལའང་ཁྱད་
པར་དུ་དགག་པ་ནི་མེད་དེ་དེ་དག་ནི་ཞལ་གསུམ་པ་ཡིན་ནོ། །དེ་ཡང་འདི་ཉིད་ཀྱི་ཕྱིར་ལེའུ་བཅུ་གསུམ་པ་ལས། ཞལ་གསུམ་འབར་བའི་འོད་འཕྲོ་བ། །བསམ་གཏན་འོད་བཟང་བསྒོམ་པར་བྱ། །རྒྱལ་བའི་གཙུག་ཏོར་གཟི་བརྗིད་ཕུང་། །གང་གཞན་སྔགས་ཀྱི་དཀྱིལ་འཁོར་ཅན། །ཞེས་
เล่ม ๔๖ · หน้า 74b
བྱ་བ་ལ་སོགས་པ་གསུངས་པའོ། །ཀྵིཾ་ཞེས་བྱ་བ་ནི་གནོད་སྦྱིན་མོ་སྤྱིའི་སྙིང་པོ་སྟེ། ནམ་མཁའ་འཕགས་པ་འཇམ་དཔལ་གྱི་སྦྱོར་བའི་དཀྱིལ་འཁོར་གྲུ་བཞི་པ་དེའི་གནས་བཞིར་འཕགས་པ་འཇམ་དཔལ་གྱི་སྦྱོར་བས། ཡི་གེ་མཾ་ལས་འཕགས་པ་འཇམ་དཔལ་གྱི་གཟུགས་ཀྱིས་འདུག་ལ།
རང་གི་མགོར་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྔགས་རང་གི་སྙིང་གར་བཀོད་ནས་དཀྱིལ་འཁོར་རིན་པོ་ཆེ་སྣ་བཞིའི་རང་བཞིན་ལ་མེ་ཏོག་དང་དྲིས་ཁྱབ་པའི་དབུས་སུ་ཡི་གེ་ཀྵིཾ་བསམས་ལ་དེའི་སྒྲས་ནམ་མཁའ་མ་ལུས་པར་བཀང་སྟེ། ནམ་མཁའི་ཁམས་ཐམས་ཅད་གནོད་སྦྱིན་
མ་རྣམས་ཀྱིས་ཡོངས་སུ་གང་བར་རྣམ་པར་བསྒོམས་ལ་ཡི་གེ་ཀྵིཾ་དེའི་ནང་དུ་ཞུགས་པས་ཡི་གེ་ཀྵིཾ་དེ་ཡོངས་སུ་གྱུར་པ་ལས་གང་འདོད་པའི་གནོད་སྦྱིན་མོའི་གཟུགས་སུ་རྣམ་པར་བསྒོམས་ལ། དེའི་སྙིང་གར་ཀྵིཾ་བཀོད་ལ་བསྒོམ་པར་བྱའོ། །རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམས་པས་མཚན་མ་ཐོབ་
པའི་རིག་པའི་བརྟུལ་ཞུགས་གསུངས་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་བྱ་བ་ལ་སོགས་པའོ། །འོན་ཀྱང་མྱུར་དུ་སངས་རྒྱས་འགྱུར། །ཞེས་བྱ་བ་ནི་གང་གི་ཚེ་རྣལ་འབྱོར་པ་མཚན་མ་ཐོབ་པས་རིག་པའི་བརྟུལ་ཞུགས་སྤྱད་ན། འདི་ལྟ་བུའི་སངས་རྒྱས་སུ་འགྱུར་གྱི། གང་
ཡང་མཚན་མ་མ་ཐོབ་པ་དེས་སྤྱད་ན་ནི། མནར་མེད་པར་ནི་ཉེ་བར་འཚོད། །ཅེས་སྔར་བསྟན་པ་ཡིན་ནོ། །དོན་ཐམས་ཅད་འགྲུབ་པའི་དཀྱིལ་འཁོར་ནི་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་རྡོ་རྗེ་སྟེ་དེའི་མངོན་པར་བྱང་ཆུབ་པ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡོངས་སུ་ཤེས་པའོ། །
ལེའུ་བཅུ་དྲུག་པའི་བཤད་པའོ།། །།དམ་ཚིག་ཡོངས་སུ་སྐྱོང་བར་བྱེད་པས་གྲུབ་པར་འགྱུར་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པ་གསུངས་པའོ། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ནི་མི་འཁྲུགས་པ་ཉིད་མི་བསྐྱོད་རྡོ་རྗེའོ། །དེའི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་
སྒོའི་ངེས་པ་ནི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབྱུང་བས་ན་རྡོ་རྗེ་དབྱིངས་སོ། །མཁས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མཁས་པ་ཆེ་བ་སྟེ་ཐམས་ཅད་མཁྱེན་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཆོག་ནི་རྡོ་རྗེ་གསུམ་མཆོག་སྟེ་རྡོ་རྗེ་
เล่ม ๔๖ · หน้า 75a
འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གང་ལ་མངའ་བ་དེ་ནི་དཀྱིལ་འཁོར་གསུམ་ཞེས་བྱ་སྟེ། འདིས་ནི་ཞེ་སྡང་གི་རིགས་ཀྱི་ངོ་བོ་ཉིད་དུ་གསུངས་པ་སྟེ། རྣམ་པར་སྣང་མཛད་ཅེས་བྱ་བ་ནི་མཚན་མ་ཉིད་ཀྱི་སྒོ་ནས་སོ། །དག་པ་ཆེ་ཞེས་བྱ་བ་ནི་ཉོན་
མོངས་པའི་བག་ཆགས་དང་བཅས་པ་སྤངས་པས་ཉོན་མོངས་པའི་ཀུན་ཏུ་སྤྱོད་པ་མི་འབྱུང་བའོ། །རྡོ་རྗེ་ཞི་བ་ཞེས་བྱ་བ་ནི་རྡོ་རྗེ་ལྟར་ཞི་བའོ། །དགའ་བ་ཆེན་པོ་ཞེས་བྱ་བ་ནི་བློ་ཆེ་བ་སྟེ་འདིས་ནི་གཏི་མུག་གི་རིགས་ཀྱི་ངོ་བོར་གསུངས་པའོ། །རིན་ཆེན་རྒྱལ་པོ་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་
བདག་པོའོ། །དེ་ཉིད་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ནི་ཤིན་ཏུ་ཟབ་ཅེས་བྱའོ། །དེ་ཉིད་ནམ་མཁའ་དང་འདྲ་ཞིང་མི་ཕྱེད་པས་ནི་རྡོ་རྗེ་ནམ་མཁའོ། །ཉོན་མོངས་པ་བག་ཆགས་དང་བཅས་པར་སྤངས་པས་དྲི་མ་མེད་པ་སྟེ། འདིས་ནི་ཡིད་བཞིན་གྱི་ནོར་བུའི་རིགས་སུ་གསུངས་པའོ། །
རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་འདོད་ཆགས་ཀྱི་རིགས་སོ། །དོན་ཡོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་གི་རིགས་ཀྱི་ངོ་བོ་གསུངས་པའོ། །སངས་རྒྱས་ཀུན་ནི་སྒྲུབ་པ་ལ་སྟེ་དེ་དག་ལ་རྗེས་སུ་ཐུགས་བརྩེ་བའོ། །ནམ་མཁའི་དབྱིངས་བཞིན་དྲི་མ་མེད། །ཅེས་བྱ་བ་ནི་དམ་
ཚིག་གང་བཤད་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ནམ་མཁའ་ལྟ་བུར་བལྟ་བར་བྱའོ། །སྐུ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་གོ། །དམ་ཚིག་བཞི་པོ་བསྲུང་བར་བྱ། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་བསྒོམས་པས་ཇི་སྐད་དུ་བཤད་པའི་སྲོག་གཅོད་པ་དང་།
མ་བྱིན་པར་ལེན་པ་དང་། བུད་མེད་བསྟེན་པ་དང་། བརྫུན་དུ་སྨྲ་བའི་མཚན་ཉིད་ཅན་གྱི་རིགས་བཞི་བསྒོམ་པའི་ངོ་བོ་ཉིད་ནི་དམ་ཚིག་བཞིའོ། །གསུང་གི་རྡོ་རྗེ་ཡི་གེ་ཆེ། །ཞེས་བྱ་བ་ནི་འདོད་ཆགས་ཀྱི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སོ། །རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེ། །ཞེས་བྱ་
བ་ནི་ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་པས་སོ། །ཇི་སྐད་དུ་གསུངས་པའི་བཟའ་བ་མ་ཡིན་པ་ཟ་བ་རྣམས་ལ་ངེས་པར་མ་བཟུང་བ་རྣམས་ཀྱི་དོན་བཤད་ཟིན་ཏོ། །རང་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཐེག་པ་ཐམས་ཅད་ཀྱི་མཆོག་འདིར་ཐེག་པ་ཐམས་ཅད་ལ་ལྷག་པར་མོས་པའི་སེམས་ཅན་
เล่ม ๔๖ · หน้า 75b
རྗེས་སུ་གཟུང་བར་བྱ་བའི་ཕྱིར་བསྟན་ཏེ་འདི་ནི་རྒྱུད་ཀྱི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེ་དག་ལུས་ཀྱིས་སྟོན་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ་རང་སངས་རྒྱས་རྣམས་ནི་ལུས་ཀྱིས་ཆོས་སྟོན་ཏེ། ཆོ་འཕྲུལ་གྱི་ཚུལ་རྣམས་ཀྱིས་སེམས་ཅན་དེ་དག་སྨིན་པར་བྱེད་པའི་ཕྱིར་རོ། །དེ་བས་ན་རང་སངས་
རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ནི་དབང་པོ་ཞི་བ་དང་དབེན་པ་ལ་མངོན་པར་དགའ་བས་ཆོས་ཐམས་ཅད་ནི་ངག་གི་ལམ་དང་བྲལ་བའོ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པའི་ངེས་པ་ཉིད་ཀྱིས་
གནས་པར་བྱ་བ་ནི་དམ་ཚིག་གོ། །གཏི་མུག་ལམ་གྱི་ཞེས་བྱ་བ་ནི་སྟོང་པ་ཉིད་ལྷག་པར་མོས་པའོ། །འཇིགས་ཤིང་མི་སྡུག་པ་ཞེས་བྱ་བ་ནི་བྱིས་པ་རྣམས་འཇིགས་པར་བྱེད་དོ། །ཁམས་གསུམ་གནས་པ་ཞེས་བྱ་བ་ལ་ཡང་དག་པར་བསྒོམ་པ་རིགས་ལྔ་ལས་བྱུང་བར་སྤྱད་པར་བྱའོ། །
བསམ་གཏན་རྡོ་རྗེ་གསད་པར་བྱ། །ཞེས་བྱ་བ་ནི་བདག་མེད་པ་ལ་མོས་པས་སྣང་ལ་མེད་པ་ནི་བསད་པ་སྟེ། བསྒོམ་པ་འདིས་གྲུབ་པར་གྱུར་ན་ཁྱབ་འཇུག་གི་གཟུགས་ཅན་གྱི་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ། །ཤ་དང་ཁྲག་གི་ཟས་ཀྱིས་ནི་ཆུང་མ་འདོད་པའི་ཕྱིར་གནོད་སྦྱིན་མོ་བསྒྲུབ་བོ། །
ཕྲ་མོ་ལ་མངོན་པར་དགའ་བ་དང་འོ་མའི་ཟས་ཀྱིས་ནི་ཆུང་མའི་དོན་དུ་ཀླུའི་བུ་མོ་བསྒྲུབ་པོ། །ཁྲོས་པ་དང་ང་རྒྱལ་དང་ལྡན་པ་དང་དྲི་དང་སྤོས་ཀྱི་ལོངས་སྤྱོད་དང་ལྡན་པས་ནི་ལྷ་མ་ཡིན་གྱི་བུ་མོ་བསྒྲུབ་པོ། །གནོད་སྦྱིན་མོ་ལ་ནི་ཐོད་པའི་རུས་པའི་སྤོས་དང་ཞག་ཆེན་པོ་སྦྱིན་པར་བྱའོ། །མཁའ་
འགྲོ་མའི་སྦྱོར་བ་བསྒྲུབ་ན་ནི་བཤང་གཅི་ལ་སོགས་བཟའ་བར་བྱའོ། །ལུས་ཀྱི་རྣམ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བདག་ཉིད་བྱིན་གྱིས་བརླབ་པ་བྱས་ནས་མངོན་པར་འདོད་པའི་དངོས་
གྲུབ་བསྒྲུབ་པར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་བསྒྲུབ་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སེམས་ཅན་ཐམས་ཅད་བསྒྲུབས་ཀྱང་སྐུ་རྡོ་རྗེ་ལ་སོགས་པས་བདག་ཉིད་བྱིན་གྱིས་བརླབ་པ་བྱས་ནས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །
เล่ม ๔๖ · หน้า 76a
སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རྣལ་འབྱོར་པས་ཕྱག་མི་བྱའོ། །གང་གིས་ཕྱག་མི་བྱ་ཞེ་ན། སྐུ་གསུང་ཐུགས་སུ་སྦྱོར་བ་ན། །ཞེས་བྱ་སྟེ་རྣལ་འབྱོར་པ་སྐུ་དང་གསུང་དང་ཐུགས་སུ་སྦྱོར་བ་ན་ཕྱག་མི་བྱའོ། །འདིས་ནི་རྣལ་འབྱོར་བསྒོམ་པ་ལ་
བར་མ་ཆད་པ་ཉིད་དུ་བྱ་སྟེ། གཙུབ་ཤིང་གཙུབས་པའི་ཚུལ་གྱིས་འགྲུབ་པར་འགྱུར་ལ། དེ་བས་ན་དམིགས་པ་ཡོངས་སུ་སྤངས་ནས་ཕྱག་མི་བྱའི། གང་ཞིག་གང་གི་ཚེ་རྣལ་འབྱོར་པ་རྟག་པར་སྦྱོར་བའི་ནུས་པ་མེད་པ་དེའི་ཚེ་ནི་ཕྱག་བྱ་བ་ཡིན་ནོ། །ཀུན་དུ་རྡོ་རྗེ་སེམས་དཔའ་ཡི། །ཞེས་བྱ་བ་ལ་སོགས་པ་ཞེ་སྡང་གི་རིགས་ཀྱི་
རྣལ་འབྱོར་པ་གང་ཡིན་པ་དེས་ནི་རང་གི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་བསམས་ཏེ་བསྒོམ་པར་བྱའོ། །མདོར་ན་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ཀྱི་རིགས་ཀྱི་རྣལ་འབྱོར་པས་ནི་སེམས་ཅན་གྱི་ཁམས་མ་ལུས་པ་འདོད་ཆགས་ཀྱི་རིགས་ཀྱི་ངོ་བོར་ཡང་དག་པར་སྦྱོར་བའི་
བསྒོམ་པས་རྣམ་པར་བསམས་ལ་བསྒོམ་པར་བྱའོ། །སྔར་བསྙེན་པ་ལ་སོགས་པའི་དུས་ན་ནུས་པ་ཐོབ་པའི་རྣལ་འབྱོར་པ་དང་། དེ་ལ་མངོན་པར་ཞེན་པས་ཀྱང་བཤང་གཅི་ལ་སོགས་པ་ལ་ཡིད་ཉིད་ཀྱིས་འདི་ལྟར་སྤྱད་པར་བྱའོ་ཞེས་བསྟན་པའི་ཕྱིར། །རྡོ་རྗེ་དྲི་ཆུས་ནམ་མཁའི་དབྱིངས། །ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །མི་སྣང་བ་གྲུབ་པར་འདོད་པའི་རྣལ་འབྱོར་པས་རང་གི་ལྷའི་ནམ་མཁའ་དང་མཉམ་པར་བསྒོམ་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར། དུས་བཞིར་ཇི་ལྟར་ཆོག་བཞིན་དུ། །ཞེས་གསུངས་སོ། །ཡང་ན་རྫས་ཀྱང་རྟག་ཏུ་དབྲོག །ཅེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཕྲོགས་པ་ནི་རྫས་ཕྲོགས་པ་སྟེ། ཁམས་
གསུམ་པོ་ནི་སེམས་སོ་ཞེས་བསྒོམ་པར་བྱའོ། །རིག་འཛིན་བསྒྲུབ་པས་ནི་རིགས་ཀྱི་དབྱེ་བ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་དབུ་རྒྱན་བསམ་པར་བྱའོ། །དེ་ལྟར་བྱས་པ་དེས་ཅིར་འགྱུར་ཞེ་ན། །ཁྲོས་པ་རྣམས་ཀྱིས་མི་ཐུབ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུ་ཡི་རྡོ་རྗེས་ཁ་ཟས་ལ། །ཞེས་བྱ་བ་ལ་སོགས་
པ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱིས་འདི་ལྟར་ཁ་ཟས་ཀྱི་དུས་སུ་ནི་སྐུ་རྡོ་རྗེའི་སྙིང་པོས་སྐུ་རྡོ་རྗེའི་ང་རྒྱལ་བྱའོ། །ཕྱི་རོལ་གྱི་ས་ལ་སོགས་པར་ནི་ཡི་གེ་ཧཱུྃ་ལས་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དུ་བྱའོ། །དམ་པའི་ཆོས་ཀློག་པའི་ཚེ་ན་ནི་ཡི་གེ་ཨཱཿལས་འཇིག་རྟེན་དབང་ཕྱུག་གི་ང་རྒྱལ་དུ་བྱའོ། །རྡོ་རྗེ་འཛིན་པ་ཐམས་ཅད་
เล่ม ๔๖ · หน้า 76b
ཀྱི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་ལ་རིགས་ལྔའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེ་སྟེ་དེ་དག་ནི་སྙིང་པོའོ། །རྡོ་རྗེ་ནི་དེ་ཁོ་ན་ཉིད་དོ། །དེ་ཉིད་ཀྱིས་མཉམ་པ་ཉིད་རྣམ་པར་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་གདུལ་བྱ་རྣམས་ལ་
བསྟན་པའི་ཕྱིར་ཏེ། དོན་དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དམིགས་སུ་མེད་པའི་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསུང་རྡོ་རྗེའི་ཚིག་ལ་ཕྱིན་ཅི་ལོག་ཀུན་འབྱུང་བས་མི་བརྟག་ཏུ་གསོལ་ཞེས་བྱ་བ་ནི་
སྐུ་རྡོ་རྗེ་ལ་སོགས་པ་སྟོན་པའི་གསུང་དེ་ནི་ཡང་དག་པ་མ་ཡིན་པས་ཡོངས་སུ་བརྟག་པ་ལས་བྱུང་བ་སྟེ། དེ་དོན་དམ་པར་ན་ཡོད་པ་མ་ཡིན་ནོ་ཞེས་དེ་ལ་འདི་ལྟར་ཡོངས་སུ་རྟོག་པར་མ་མཛད་ཅིག་ཅེས་པའོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་གསུང་ཡང་དག་པ་མ་ཡིན་པས་ཡོངས་སུ་རྟོག་པ་ལས་
བྱུང་བ་ཞེས་དེ་ལྟར་བརྟག་པར་མི་བྱ་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ནི་རྡོ་རྗེའི་དབྱིངས་ཏེ་དེ་དག་གི་ངོ་བོ་ཉིད་སྤྱོད་པར་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཟུགས་ཐམས་ཅད་སྟོན་པ་ཡིན་ལ།
དེ་དག་ཏུ་འགྲོ་ཞིང་རྗེས་སུ་འགྲོ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ལྟ་སྟེ། འགྲོ་ཞིང་ཞེས་པ་ནི་དང་པོར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་མཛད་པ་ཐུགས་སུ་ཆུད་པའོ། །རྗེས་སུ་འགྲོ་བ་ནི་གོང་ནས་གོང་དུ་སྦྱོར་བའི་ནུས་པ་དང་ལྡན་པའི་རྗེས་སུ་འགྲོ་བའོ། །འདི་སྐད་སྟོན་པར་
འགྱུར་ཏེ་གང་གི་ཕྱིར་རྡོ་རྗེ་འཆང་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་ཀྱིས་གཟུགས་ཐམས་ཅད་སྟོན་པར་སྤྱོད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བདག་མེད་པའི་གསང་བའི་ཡི་གེ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སྟོན་
པར་སྤྱོད་དོ། །དེའི་ཕྱིར་གསུང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལས་བྱུང་བའོ་ཞེས་མ་གསུང་ཤིག་ཅེས་སོ། །གལ་ཏེ་དེ་སྐད་སྨྲས་ན་ཉེས་པ་ཅི་ཡོད་ཅེ་ན། གང་གི་ཕྱིར་ཚངས་པ་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོ་ལ་བརྙས་པར་འགྱུར་ཏེ། ལོག་པར་ཡོངས་སུ་རྟོག་པ་ལས་བྱུང་བའམ། ལོག་པའི་ངོ་བོ་ཡིན་ལ་སྐུ་དང་གསུང་
เล่ม ๔๖ · หน้า 77a
དང་ཐུགས་བདག་མེད་པའི་མཚན་ཉིད་གསང་བའི་ཡི་གེ་སྟོན་པར་མི་སྤྱོད་དོ། །དེ་བས་ན་སྟོན་པར་སྤྱོད་པའི་ནུས་པ་མ་ཤེས་ནས་གསང་བའི་ཡི་གེ་འདི་ཚིག་དེས་དེ་ལྟར་སྟོན་པ་ཡིན་ནོ་ཞེས་དེ་ལྟར་བརྙས་པར་འགྱུར་ཏེ་དེའི་ཕྱིར་དངོས་པོ་རྣམས་ནི་མ་བརྟགས་ན་ཉམས་དགའ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་
བ་གསུངས་ཏེ། གཏན་ཚིགས་གང་གི་ཕྱིར་དེ་ཉིད་མི་གསུང་ཞེས་པའི་རྒྱུ་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ལྟ་ཅི་སྨོས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་ཕྱོགས་འཇོག་པར་བསྟན་ཏོ། །འདི་དག་ནི་འདི་སྐད་སྟོན་པར་འགྱུར་ཏེ་གང་གི་ཕྱིར་ཚངས་པ་ལ་སོགས་པ་འདི་ལྟར་
སེམས་བསྐྱེད་མོད་ཀྱི་འོན་ཀྱང་ཁོ་བོ་ཅག་ནི་ཆོས་ཉིད་ཇི་ལྟར་གནས་པ་དེ་ལྟར་སྟོན་གྱི་བསྟན་པར་བྱ་བས་འཇིག་རྟེན་རྣམས་སླུ་བར་ནི་མི་བྱེད་དོ། །གང་གི་ཕྱིར་ཁོ་བོ་ཅག་གིས་བྱང་ཆུབ་མངོན་དུ་བྱས་ལ་དེ་ནི་ཁོ་བོ་ཅག་གི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་རྡོ་རྗེ་འཆང་ཆེན་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ་རྟོག་
པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་དོ། །བསྟན་པ་ཇི་ལྟར་ནུས་པར་འགྱུར། དེའི་ཕྱིར་ཚངས་པ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་ལྟ་བུའི་སེམས་བསྐྱེད་པར་འགྱུར་མོད་ཀྱི་འོན་ཀྱང་དེ་དག་གི་ས་བོན་བསྐྱེད་པའི་ཕྱིར་གསུང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་འབྱུང་བའི་ཕྱིན་ཅི་ལོག་ཀུན་འབྱུང་བ་ཆོས་
བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཁྱེད་ཀྱིས་བྱང་ཆུབ་འདི་མི་ཤེས་ཞེས་གཏན་ཚིགས་གསུངས་པའོ། །སྐྱེ་བ་མེད་པའི་རྡོ་རྗེ་མངོན་པར་བྱང་ཆུབ་པ་ནི་ངོ་བོ་ཉིད་མི་འགྱུར་བ་ལས་བྱུང་བའོ་ཞེས་བྱ་བ་ནི་བདག་མེད་པ་བསྒོམས་པས་རྫོགས་པ་ནི་ངོ་བོ་ཉིད་མེད་པར་མི་འགྱུར་བའོ། །དེའི་ཕྱིར་ཡང་དག་པའི་
དོན་བསྒོམས་པས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་བྱུང་བ་ནི་རྣལ་འབྱོར་པ་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ངོ་བོ་སྟེ། གང་གི་ཕྱིར་ཚུལ་འདི་ཉིད་ཀྱིས་སྐུ་རྡོ་རྗེ་ལ་སོགས་པའང་འདིར་སྐྱེ་བ་མེད་པ་ཡིན་ལ་གང་ཡང་སྐུ་རྡོ་རྗེ་ལ་སོགས་པའི་ཆོས་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་དེ་ནི་སེམས་ཅན་ཐམས་
ཅད་ཀྱི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་པའི་དོན་ཏོ། །དེས་ན་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པ་ཡིན་ལ་རང་བཞིན་གྱིས་དག་པའི་ཆོས་ཀྱི་བདག་ཉིད་དུ་བརྟགས་པས་སྨྲ་བར་བྱེད་པ་སྨྲ་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོ་རང་བཞིན་གྱིས་དག་པའི་ཆོས་ཉིད་ཡིན་ལ། དེ་ཉིད་ཀྱི་རང་བཞིན་
เล่ม ๔๖ · หน้า 77b
ཅན་གྱི་རང་གི་ངོ་བོར་རྟོག་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་དག་པའི་ཆོས་ཀྱི་བདག་ཉིད་དུ་བརྟགས་པ་སྟེ་དོན་དམ་པར་སྐྱེ་བ་མེད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། ཆོས་ཀྱི་དབྱིངས་ན་གནས་མེད་པར། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དེ་དེ་ཉིད་གནས་མེད་པའོ། །
དེ་ལ་རྟོག་པ་ནི་ངོ་བོ་ཉིད་ཀྱིས་དག་པའི་ཆོས་ཀྱི་བདག་ཉིད་ཀྱི་ངོ་བོའོ། །རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་བྱུང་བ་སྟེ། ཇི་ལྟར་ནམ་མཁའ་ལས་དངོས་པོ་ཐམས་ཅད་འབྱུང་བ་ལྟར་དེ་བཞིན་དུ་དེ་བཞིན་ཉིད་ལས་རྟོག་པ་རྣམས་འབྱུང་བའོ། །སྨྲ་བར་བྱེད་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་འབྱུང་བར་འགྱུར་
རོ། །སྨྲ་བ་མ་ཡིན་ཞེས་པ་ནི་དོན་དམ་པར་རོ། །བཅོམ་ལྡན་འདས་ཇི་ལྟར་ཡང་དག་པར་འཇུག་ཅེས་བྱ་བ་ནི་གང་ནས་སྐྱེ་བའོ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་རྡོ་རྗེ་ལ་སོགས་པ་བསྒོམས་པས་མཚན་མ་ཐོབ་པའི་རྣལ་འབྱོར་པས་བརྟུལ་ཞུགས་ཡང་དག་པར་སྤྱད་
པས་ཉིན་ཞག་བདུན་རྣལ་འབྱོར་འདི་བསྒོམ་པར་བྱ་སྟེ། ནམ་མཁའ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སྦྱོར་བས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་དེ་གནས་ལྔར་རང་གི་ལྷའི་གཟུགས་ཀྱིས་བཞག་ལ་བདག་ཉིད་ཀྱི་སྤྱི་བོར་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ཡང་ཞུགས་པར་བསམས་
ལ་སྤྱན་ལ་སོགས་པ་རང་གི་རིགས་ཀྱི་ཡུམ་རྣམས་ཀྱིས་ཀྱང་བདུད་རྩིའི་ཆུས་བདག་ཉིད་ལ་དབང་བསྐུར་བར་གྱུར་པར་བསམ་མོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཕྱག་རྒྱ་ཆེན་པོའི་དོན་དུ་བརྟག །ཆོ་ག་བཞིན་དུ་ཀུན་བསྒོམས་ན། །ཞེས་བྱ་བ་ལ་སོགས་པ་ནི་སྐུའི་དམ་ཚིག་ནི་སྐུའི་རྡོ་རྗེའོ། །གསུང་གི་དམ་ཚིག་ནི་གསུང་
གི་རྡོ་རྗེའོ། །ཐུགས་ཀྱི་དམ་ཚིག་ནི་ཐུགས་ཀྱི་རྡོ་རྗེ་སྟེ་རང་ཉིད་ཀྱི་སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བར་བདག་ཉིད་ཀྱི་གཟུགས་རྣམ་པར་བསྒོམས་པ་ལས་བསྐྱེད་ཅིང་སྤྲོ་བ་དང་བསྡུ་བ་དང་གནས་པ་དང་བརྟན་པར་བྱ་བ་རྣམས་བསྒོམས་པ་ལས་སྐུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་ཆེན་པོར་བརྟག་པར་རང་གི་རྒྱུད་བྱས་པའི་བསྒོམ་
པར་བྱ་བ་ནི་རིགས་ཐམས་ཅད་ཀྱི་བསྒོམ་པ་གསུངས་པའོ། །ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་བཞིན་ཉིད་ལ་བསམ་པ་ཤིན་ཏུ་ངེས་པའི་སྡོམ་པ་ནི་འདི་ཡིན་ཏེ། དེ་ཡང་དངོས་པོ་ཐམས་ཅད་རྣམ་པར་རྟོག་པ་ལས་བྱུང་བར་བསམས་ལ། སེམས་ཙམ་གྱིས་འདི་དག་ཐམས་ཅད་རྫོགས་པར་བྱེད་
เล่ม ๔๖ · หน้า 78a
དོ། །སངས་རྒྱས་དམ་ཚིག་ཅེས་བྱ་བ་ནི་སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་པའོ། །རྡོ་རྗེ་གསུམ་གྱི་དམ་ཚིག་གིས། །མགུ་ཞིང་ཚིམ་པ་དག་ཏུ་བྱ། །ཞེས་བྱ་བ་ནི་ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཞེ་སྡང་གི་རིགས་ཀྱི་ངོ་བོར་བསམ་པར་བྱའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ལྔ་ལ་སོགས་པ་འདི་དག་ཐམས་ཅད་ནི་དོན་དམ་པར་ངོ་བོ་ཉིད་གཅིག་སྟེ་འདི་ལྟ་སྟེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་སྟོན་ཅིང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མཛད་དོ། །ཁྱེད་ཐམས་ཅད་ཀྱིས་ཀྱང་མངོན་སུམ་དུ་གྱིས་ཤིག །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་དཀྱིལ་འཁོར་ལ་གཟིགས་པས་སྟོན་པར་མཛད་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་ཕྱིས་འགྱུར་བའི་ཚུལ་ལ་དགོངས་པ་དང་། ཆོས་ཉིད་ལ་དགོངས་པའི་དབང་དུ་མཛད་ནས་འདི་སྐད་ཅེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དང་སློབ་དཔོན་ནི། །ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་སྟེ་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་བཅུ་མཐར་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་ན་འཚང་རྒྱ་བར་བྱ་བར་དམ་བཅས་ཏེ་གནས་པ་རྣམས་ནི་ངེས་པའི་ཕུང་པོ་ལ་གནས་པ་ཉིད་ཡིན་པས་ན་སངས་རྒྱས་ཞེས་བཤད་དེ། དེ་རྣམས་ཀྱི་སྨོན་ལམ་
གྱི་སྟོབས་ཀྱིས་ཀུན་ནས་སློང་བའི་ལུས་དང་ངག་དང་ཡིད་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་ཀུན་ནས་སློང་བ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལས་སྐྱེས་པའི་བསོད་ནམས་ཀྱི་ཕུང་པོ་ནི་སྔ་མ་བས་ཆེས་ལྷག་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ན་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གཞན་དུ་ན་མཉམ་པའི་དཔེ་ཉིད་ནམ་མཁའ་ལ་མེད་དེ་ཞེས་བྱ་བ་ལ་སོགས་པ་དང་འགལ་བར་འགྱུར་རོ། །དེའི་ཕྱིར་ལས་དང་པོ་པ་རྣམས་ལ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་སོ་སོ་སྐྱེ་བོ་ཉིད་ལ་འདིར་སངས་རྒྱས་ཀྱི་སྒྲར་གསུངས་སོ། །བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་
ལྡན་པའི་སློབ་དཔོན་ལ་བརྙས་པའི་སེམས་བསྐྱེད་པས་སོ་སོའི་སྐྱེ་བོ་རྣམས་དམྱལ་བ་ཆེན་པོར་འགྲོ་བར་མ་གྱུར་ཅིག་སྙམ་ནས་འདིར་འཇིགས་པར་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་སློབ་དཔོན་ནི་རྡོ་རྗེ་འཆང་ཆེན་པོ་དང་མཉམ་པའི་དབང་དུ་མཛད་ནས། སློབ་དཔོན་ལ་གུས་པ་བསྐྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཁྱེད་
เล่ม ๔๖ · หน้า 78b
རྣམས་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་རྡོ་རྗེ་འཆང་ཆེན་པོ་ལ་མཆོད་པས་མཆོད་པ་ཉིད་སློབ་དཔོན་ལ་མཆོད་པ་ཡིན་པར་སྟོན་ཏེ། རྡོ་རྗེ་འཆང་དང་སློབ་དཔོན་གཉིས་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས་ཞེས་བྱ་བ་ནི་བདག་མེད་པའི་ཏིང་ངེ་འཛིན་རྡོ་རྗེ་དང་མཉམ་
པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གང་གིས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་བསྐྱེད་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་ནི་བདག་གམ་གཞན་ཡིད་ཀྱིས་དབང་བསྐུར་བར་འདོད་པས་ནམ་མཁའ་ལ་དེ་བཞིན་གཤེགས་པ་ལྔ་གང་ཡང་རུང་
བའི་དཀྱིལ་འཁོར་གྲུ་བཞི་ལ་སོགས་པའི་གཟུགས་སུ་བསམས་ལ། དེ་ནས་དེ་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་དཀྱིལ་འཁོར་གྱི་བདག་པོ་རང་ངམ་གཞན་གྱི་སྙིང་གར་བསམས་ནས་ནམ་མཁའི་དབྱིངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བདུད་རྩིའི་ཆུས་ཡོངས་སུ་གང་
བའི་བུམ་པ་ཕྱག་ན་བསྣམས་པ་རྣམ་པར་བསམས་ཏེ། དེས་བདག་གམ་གཞན་ལ་དབང་བསྐུར་བར་བྱའོ། །རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ལ་མངོན་པར་དགའ་བ་རྣམས་ལ་རྡོ་རྗེ་མཁའ་འགྲོའི་སྦྱོར་བ་གསུངས་པ་ནི། ཤ་རུས་ལ་སོགས་དཀྱིལ་འཁོར་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུྃ་ཧྲི་ཁཾ་ཞེས་བྱ་བའི་སྔགས་འདི་ལས་དྲག་
པོ་མི་སྡུག་པ་མཆེ་བ་གཙིགས་ནས་བཞིན་ཁྲོས་པ། ཨུཏྤ་ལའི་འདབ་མ་ལྟ་བུའི་མདོག་ཅན་རྩེ་གསུམ་དང་ལྕགས་ཀྱུ་དང་རྡོ་རྗེ་དང་ཐོད་པ་འཛིན་པ་ཕྱག་བཞི་པ་རྡོ་རྗེ་སེམས་དཔའི་བདག་ཉིད་རྣམ་པར་བསམས་ལ། རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་ནམ་མཁའ་ལ་རུས་པ་དང་ཁྲག་ལ་སོགས་པའི་དཀྱིལ་
འཁོར་བསྒོམས་ཏེ་ལྕེ་ལ་རང་གི་སྔགས་བཀོད་ནས་ཁ་དོག་སྔོན་པོ་དང་སེར་པོ་དང་དཀར་པོ་དང་དམར་པོ་དང་ལྗང་གུའི་འོད་ཟེར་རྣམས་ལྕེ་ལས་བྱུང་བས་ཇི་སྐད་དུ་བཤད་པའི་ནམ་མཁའི་ཁྲག་དྲངས་ལ་རང་གི་ཁར་གདབ་པོ། །ཡང་གང་ཞིག་སེམས་ཅན་གཟིར་བར་བྱེད་པར་འདོད་ན་དེའི་ཚེ་རྩེ་གསུམ་པའི་རྡོ་རྗེ་ཕུར་བུ་དེའི་
སྟེང་དུའམ་དེའི་སྙིང་གར་བསམ་མོ། །རྣལ་འབྱོར་པས་ཁ་ཟས་རྣམས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོར་བསམ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། བཟའ་བའམ་ཡང་ན་བཏུང་བའང་རུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པ་ལྔ་དང་བདུད་རྩི་ལྔ་ཡིད་ཀྱིས་སམ་ཡང་ན་ཅིག་ཤོས་
เล่ม ๔๖ · หน้า 79a
རབ་ཏུ་འབར་བ་དག་གོ། །ཆོ་ག་བཞིན་དུ་ཞེས་པ་ནི་མཚན་མ་ཐོབ་ཅིང་ཇི་སྐད་བཤད་པའི་རྫས་རབ་ཏུ་འབར་བས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཁམས་ནི་མཐའ་ཡས་ཀྱི། །དམ་ཚིག་འཛིན་པའི་མི་རྣམས་ནི། །ཞེས་བྱ་བ་ནི་སྤྱན་ལ་སོགས་པ་བཞི་པོའི་ངོ་བོ་དེ་ཡང་དག་པར་སྦྱོར་བ་བསྒོམ་པས་བཤད་པར་
བྱའོ། །ལུས་དང་ངག་སེམས་ལོངས་སྤྱོད་ཀྱི། །གསང་བ་གསུམ་ནས་རྡོ་རྗེ་སྐྱེས། །བཟང་པོ་དག་གིས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་སེམས་བསྐྱེད་ལ་བསྒོམ་པར་བྱའོ། །མཐོ་གང་ཙམ་དུ་སྦགས་ནས་ནི། །སྤྱི་བོར་དཀྱིལ་འཁོར་བརྟག་པར་བྱ། །ཞེས་བྱ་བ་ནི་གང་གི་ཚེ་རྣལ་འབྱོར་པ་བསྒོམ་པས་དུབ་པར་གྱུར་པ་དེའི་ཚེ་རང་གི་
སྤྱི་བོའི་སྟེང་དུ་མཐོ་གང་ཙམ་དུ་སྤགས་པར་བདུད་རྩི་ལྔའི་དཀྱིལ་འཁོར་བསྒོམས་ལ་དེའི་དཀྱིལ་དུ་ཡི་གེ་ཨོཾ་མེ་འབར་བ་ལྟ་བུ་བསམས་ལ་དེས་བདུད་རྩི་ལྔ་ཞུ་བར་གྱུར་པ་དང་རང་གི་ལུས་ལ་བབ་པར་གྱུར་པར་བསམ་མོ། །མཆོད་རྟེན་ལ་སོགས་པའི་ལས་མི་བྱ་བ་ནི་གང་མཉམ་པར་གཞག་པའི་སྦྱོར་བ་དང་ལྡན་ཞིང་དེ་ཁོ་ན་ཉིད་ཀྱི་
བསམ་པ་དང་རབ་ཏུ་ལྡན་པ་དེས་འདི་ལྟ་བུའི་སྦྱོར་བ་བོར་ནས་མི་བྱའོ། །རྣལ་འབྱོར་པ་གང་མཉམ་པར་མི་འཇོག་པ་དང་དེ་ཁོ་ན་ཉིད་ཀྱི་བསམ་པ་དང་མི་ལྡན་པ་དེ་ལ་བཀག་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཁས་མི་ལེན་ཚེ་ན། །རྒྱལ་པོ་དང་བུད་མེད་ལ་བརྟེན་པ་དང་ནོར་ལ་སོགས་པ་ལ་ཞུགས་པ་རྣམས་ལ་ཡང་མཆོད་རྟེན་གྱི་ལས་
ལ་སོགས་པ་བཀག་ན་ནི་ཐབས་ཕྲ་མོའི་བསོད་ནམས་ལ་བར་ཆད་དུ་གྱུར་པས་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་རྟག་ཏུ་དེ་ཁོ་ན་ཉིད་ལ་ཤིན་ཏུ་ངེས་པའི་བསམ་པ་དང་ལྡན་པ་དེ་ལྟ་བུའི་སྦྱོར་བ་ཡོངས་སུ་བཏང་ནས་མཆོད་རྟེན་གྱི་ལས་མི་བྱའོ། །དེས་ཀྱང་རྣལ་འབྱོར་ལས་ལྡང་བའི་ཚེ་ན་འདི་དག་བྱ་བ་
ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ནི་བསོད་ནམས་ཀྱི་བར་ཆད་མི་མཛད་དོ་ཞེས་བཤད་པས་ན་གང་ཞིག་བར་ཆད་བྱེད་པ་དེ་ནི་བཅོམ་ལྡན་འདས་མ་ཡིན་པར་འགྱུར་རོ། །འོད་ཟེར་དཀར་པོའི་ཕྲེང་བ་ཅན། །འཁོར་ལོའི་དབུས་སུ་ཆུད་པར་གཞག །ཅེས་བྱ་བ་ལ་སོགས་པ་ཡི་ཧཱུྃ་ལས་ལག་པ་གཡས་པར་འཁོར་ལོ་
རྩིབས་བརྒྱད་པ་དཀར་པོ་ལྟེ་བར་བྷྲཱུྃ་དཀར་པོ་འོད་ཟེར་དཀར་པོས་དུག་མེད་པར་བྱེད་པ་སྟེ་སྡུད་པའི་ཚེ་ན་ཐམས་ཅད་ནག་པོར་རོ། །རེངས་པ་ལ་ནི་འཁོར་ལོ་ལ་སོགས་པ་སེར་པོ་སྟེ། དུག་གི་སྟེང་དུ་བསམས་ལ་དུག་གི་སྟེང་དུ་སོང་བའི་ཚེ་ན་འོག་ཏུ་སོང་བར་བསམ་མོ། །འགྲོ་བ་དག་ལ་འཁོར་ལོ་ནི། །ཞེས་བྱ་བ་ལ་སོགས་པ་
เล่ม ๔๖ · หน้า 79b
ནི་འགྲོ་བའམ་གཞན་དག་གུར་གུམ་གྱིས་སྣ་ཚོགས་རྡོ་རྗེ་རྩེ་བཅུ་གཉིས་པ་བྲིས་ལ་དེའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པ་སྟེ། འཁོར་ལོའི་སྟེང་དུ་ལྟེ་བ་ལ་བསྲུང་བར་བྱ་བའི་མིང་དང་སྔགས་ཡི་གེ་ཧཾ་གི་དབུས་སུ་ཆུད་པར་བྱས་ལ་འཁོར་ལོའི་ཕྱོགས་བཞིར་ནི་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་།
དོན་ཡོད་གྲུབ་པའི་སྙིང་པོའོ། །འཁོར་ལོའི་རྩིབས་ཀྱི་མཚམས་བཞིར་ནི་སྤྱན་ལ་སོགས་པའི་སྙིང་པོའོ། །ཡང་ཤར་ལ་སོགས་པའི་ཕྱོགས་སུ་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ལ་སོགས་པའི་སྙིང་པོ་བྲི་བར་བྱའོ། །འཁོར་ལོ་དེའི་མུ་ཁྱུད་ལ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ།
ཨ་མྲི་ཏེ་ཧཱུཾ་ཕཊ་ཅེས་བྱ་བ་ཀུན་དུ་བྲིའོ། །དེ་ནས་ཧཱུཾ་བྷྲཱུཾ་ཞེས་བྱ་བ་དག་ལས་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་བསྐྱེད་ལ་རང་གི་མིང་དང་སྔགས་ཀྱིས་བསྒྲུབ་པར་བྱ་བ་ཧཾ་གི་གོ་ཆའི་ནང་ན་གནས་པ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་རང་གི་གནས་སུ་རང་གི་སྙིང་པོ་ལས་རྣམ་པར་བསམས་ནས་མཆོད་པ་ཐམས་ཅད་ཀྱིས་ཡང་
དག་པར་མཆོད་ལ། དེ་དག་གི་རྡོ་རྗེའི་འོད་ཟེར་གྱི་དྲ་བས་ཡང་བསྒྲུབ་པར་བྱ་བ་ཡང་དག་པར་བསྲུང་བ་བྱས་ལ་གྲོ་ག་ལ་སོགས་པ་དེ་དཔུང་པའམ་མགུལ་པར་གདགས་པའམ་མཆོད་རྟེན་གྱི་ནང་དུ་བཞག་ན་ལྷ་དེ་ལྟ་བུས་སྲུང་བ་མཛད་པར་འགྱུར་རོ། །རྡོ་རྗེ་ཨཉྫ་ནའི་ཚིག་འདི། །ཞེས་བྱ་བ་ལ་སོགས་པ་འཕགས་པ་བདུད་
རྩི་འཁྱིལ་པའི་སྦྱོར་བས་སྔགས་འདིའི་བཟླས་པ་འབུམ་བྱས་ནས། མར་ངོའི་ཚེས་བཅུ་བཞི་ལ་ལམ་གྱི་བཞི་མདོའམ་ཤིང་གཅིག་གི་དྲུང་ལ་སོགས་པར་ཡིད་ཀྱིས་འཕགས་པ་བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་བསྐྱེད་ལ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ཨཉྫ་ནའི་དབབ་པར་བྱའོ། །སྐལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེའི་ཚེ་
སེམས་ཅན་རྣམས་ཉོན་མོངས་པ་ཆུང་ཞིང་རང་བཞིན་བཟང་བ་ཡིན་ཏེ། དེས་ན་དེ་དག་ལ་འདོད་ཆགས་ལ་སོགས་པས་འདོད་ཆགས་སྤོང་བ་མི་རིགས་ཏེ། དེ་བས་ན་འདི་མི་སྟོན་པས་ན་དེ་རྣམས་སྐལ་བ་མེད་པ་ཞེས་བྱའོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས། སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དེ་ཞེས་བྱ་བ་རབ་ཀྱི་མཐར་
ཐུག་པ་ལས་སྐྱེས་པའི་ཁྱད་པར་དུ་འཕགས་པའི་སྐད་ཅིག་མ་ལ་སོགས་པ་གསུངས་པའམ། ས་བོན་བསྐྱེད་པ་ཙམ་ལ་བྱ་སྟེ། འདི་དག་ཀྱང་རྒྱུད་འདི་ལ་མོས་པའི་སེམས་ཅན་རྣམས་ཀྱིས་གུས་པ་བསྐྱེད་པར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །གསུང་རྡོ་རྗེའི་ཡི་གེའི་དམ་ཚིག་འདི་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་
เล่ม ๔๖ · หน้า 80a
གསུང་དང་ཐུགས་བདག་མེད་པའི་སྦྱོར་བ་བསྒོམ་པའི་ཚུལ་གྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་འཐོབ་བོ་ཞེས་ཐོས་པས་རབ་ཏུ་བསྡུས་པར་གྱུར་པ་སྟེ། འདི་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་ལྟར་སྟོན་པ་ནི་ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གོང་དུ་མིང་
ཙམ་གྱིས་ཐོས་པའི་སྐལ་བ་མེད་པར་འགྱུར་ལ་བདག་ཅག་ནི་དེ་བས་ཆེས་མཆོག་ཏུ་བྱུང་བ་ཡིན་ནོ་ཞེས་གསང་བ་གསུམ་འདུས་པ་ཆེན་པོ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ལ་སྤྲོ་བ་སྟོན་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །སྡུག་བསྔལ་གསུམ་ལ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་བ་དང་། འགྱུར་བའི་སྡུག་བསྔལ་བ་དང་།
སྡུག་བསྔལ་གྱི་སྡུག་བསྔལ་ལོ། །གསང་བའི་ཡི་གེ་གསུམ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་གསང་བ་གསུམ་སྟེ། དེ་དག་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ཡི་གེའོ། །བཅོམ་ལྡན་འདས་ཆུང་ངུ་ན་མིང་ཙམ་ཐོས་པའི་སྐལ་བ་ཡང་མ་མཆིས་སོ་ཞེས་བྱ་བ་ནི་རེ་ཞིག་བསམ་པ་དང་བསྒོམ་པ་དག་
གིས་གསང་བའི་ཡི་གེ་མངོན་སུམ་དུ་བྱ་བར་སྐལ་བ་མེད་ན་ཐོས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་སྟེ། གང་གི་ཕྱིར་བདག་ཅག་ནི་གསང་བའི་ཡི་གེའི་རང་བཞིན་ཡིན་ལ་དེས་ན་རང་ལ་རང་བྱེད་པ་ནི་འགལ་བའི་ཕྱིར་དང་། ཐོས་པ་དང་བསམ་པ་དང་བསྒོམ་པ་དང་ཐོས་པ་པོ་དང་། བསམ་པ་པོ་དང་། སྒོམ་པ་པོ་མ་བསྐྱེད་པ་ཡིན་
པའི་ཕྱིར་རོ། །དེ་ལྟར་མ་བརྟགས་པའི་ཚུལ་གྱིས་ཀྱང་སོ་སོའི་སྐྱེ་བོ་རྣམས་འདི་སྙམ་དུ། བདག་ཅག་ནི་གསང་བའི་ཡི་གེ་འདི་ཐོས་པ་ལ་སོགས་པའི་སྐལ་བ་ཡོད་ཀྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་རོ། །ཡི་གེ་ནི་ཐུན་མོང་སྟེ་ཞེས་བྱ་བ་འདིས་ནི་གང་བྱང་ཆུབ་སེམས་
དཔའ་གསང་བའི་ཡི་གེ་མཉན་པར་མི་ནུས་པར་སྨོད་པར་བྱེད་པ་དག་ལ་དེ་ཉིད་བསལ་བའི་ཕྱིར་ཏེ་དེ་བས་ན་གསང་བའི་ཡི་གེ་གསུམ་རྣམ་པར་དག་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་གསང་བའི་ཡི་གེ་རྣམ་པར་དག་པ་བསྟན་ནས། དེ་བཞིན་གཤེགས་པ་བཙུན་མོའི་བྷ་ག་ལ་བཞུགས་པ་ནི་ཆོས་ཐམས་ཅད་
ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། འདི་ལ་འདོད་པ་སྐྱེད་ཅིག་ཅེས་གདུལ་བྱ་རྣམས་ལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། གསང་བའི་ཡི་གེ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་ནི་འདིར་རྒྱུ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ནི། སེམས་
เล่ม ๔๖ · หน้า 80b
ཅན་རྣམས་ཀྱི་སེམས་གང་ནི། །བརྟན་པའི་ཕྱིར་ན་སེམས་དཔར་བརྗོད། །མཉམ་པར་བཞག་པས་ཏིང་འཛིན་ཏེ། །ངེས་པའི་ཕྱིར་ན་རྡོ་རྗེའོ། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །གནས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་ཁམས་གསུམ་གྱི་དབང་ཕྱུག་ཏུ་གྱུར་པའི་ཕྱིར་རོ། །དེ་ཡང་གང་གི་ཐུགས་ཤེ་ན། རྡོ་རྗེའི་
ཐུགས་ཞེས་བྱ་བ་གསུངས་ཏེ་རྡོ་རྗེའི་ཐུགས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་སོ། །ཐབས་དང་ཤེས་རབ་མངོན་དུ་བྱས་པ་ནི་འདིར་འདོད་པ་ཡིན་པས་བདག་ལ་བསྐྱབ་ཏུ་གསོལ་ཞེས་བྱ་བ་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བར་བསྒོམས་པས་
སོ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཞེས་བྱ་བ་ནི་གལ་ཏེ་བདག་འདོད་ཆགས་ལ་སྤྱོད་པའི་རྣལ་འབྱོར་པའི་རྒྱུད་ལ་འདོད་ཆགས་ཀྱིས་འདོད་ཆགས་སྤོང་བའི་ཕྱིར་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་བསྐྱེད་པ་ནི་གསོན་པ་སྟེ། དེ་བཞིན་དུ་གཞན་
དག་ལ་ཡང་ཤེས་པར་བྱའོ། །འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་བཞི་དང་། ཐབས་དང་ཤེས་རབ་ཏུ་སྦྱོར་བས་སེམས་ཅན་གྱི་ཁམས་ཐམས་ཅད་ཀུན་དུ་བཟང་པོའི་ངོ་བོར་བསྐྱེད་པ་
ནི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའོ། །དེ་ཉིད་ཀྱིས་མཛེས་པས་ན་དཔལ་ཏེ། དེ་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་དེ་ལ་སྙོམས་པར་ཞུགས་པའོ། །དམ་ཚིག་འཁོར་ལོས་འདོད་པའི་
ལོངས་སྤྱོད་ཅིང་། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་ཀྱི་དཀྱིལ་འཁོར་ལ་བཞུགས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་དག་པ་ཞེས་བྱ་བ་ནི་སྦྱོར་བ་དང་ལྡན་པའི་ཆེ་བའི་བདག་ཉིད་དང་མི་ཕྱེད་པར་མངོན་དུ་མཛད་ཅེས་བྱ་བའི་དོན་ཏོ། །མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ནི་བདག་དང་
གཞན་དམིགས་སུ་མེད་པས་གསུང་གི་སྤྲོས་པ་མི་མངའ་བའོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་གནས་པས་བཞུགས་ནས་བཅོམ་ལྡན་འདས་ཀྱིས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། སྔོན་གྱི་འཕེན་པའི་སྟོབས་ཀྱིས་གདུལ་བྱ་རྣམས་ལ་
เล่ม ๔๖ · หน้า 81a
སྦྱོར་བ་ལས་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་ངོ་བོའི་ཁུ་བས་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་མིག་ཡོར་ལྟ་བུར་བསྐྱེད་པར་གྱུར་ཏེ། དེ་དག་གིས་ཀྱང་སྐུ་དང་། གསུང་དང་།
ཐུགས་རྡོ་རྗེ་དེ་ཉིད་རྟོགས་པས་ན་ཀུན་དུ་བཟང་པོའི་ངོ་བོར་གྱུར་པའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རྡོ་རྗེ་འཆང་ཆེན་པོ་དང་པོའི་སྦྱོར་བའི་ངོ་བོ་ཉིད་དུ་བདག་ཉིད་ངེས་པར་མཛད་ནས། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་
རྒྱལ་པོ་མཆོག་ཀྱང་རྣམ་པར་བསྒོམས་ཏེ། དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་གྱིས་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་མོས་པ་བྱས་པ་ལ། སྤྱན་ལ་སོགས་པས་གསོལ་བ་བཏབ་པས་མིག་ཡོར་ལྟ་བུའི་ཚུལ་དུ་ཡང་དག་པར་སྦྱོར་བ་བསྒོམ་པ་ནི། འདོད་
ཆགས་ཀྱིས་འདོད་ཆགས་སྤོང་བའི་སྤྱོད་པས་སེམས་ཅན་གྱི་སྤྱོད་པས་ལྷག་པར་མོས་པར་བྱའོ། །དེ་ནས་དུས་བཞིར་བསྒོམས་པས་ངལ་བར་འགྱུར་ན་རྡོ་རྗེ་སེམས་དཔའི་ཡི་གེ་གསུམ་ལ་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཅུག་སྟེ། རྣམ་པར་སྣང་མཛད་ནི་ཁམས་གསུམ་
པ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལའོ། །འོད་དཔག་ཏུ་མེད་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་ངག་རྡོ་རྗེ་ལའོ། །རྡོ་རྗེ་འཆང་ཆེན་པོ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་སེམས་རྡོ་རྗེ་དེ་ལ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་མཉམ་པ་ཉིད་
ཀྱི་སྦྱོར་བས་ཡང་དག་པར་བསམ་པར་བྱའོ། །ཀུན་དགའ་སྙིང་པོས་རྡོ་རྗེ་མཆོག །གུས་པས་དཀའ་འགྲེལ་འདི་བྱས་པའི། །བདག་གིས་དགེ་བ་འདི་བསགས་དེས། །འཇིག་རྟེན་རྡོ་རྗེ་འཛིན་པར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་
འདུས་པ་ཞེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཛ་ཡ་ཤྲཱི་བྷ་དྲ་དང་། ཞུ་ཆེན་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཏེ། སླད་ནས་ཨཱ་ཙཱ་རྱ་ཤྲདྔྷ་ཀ་ར་ཝར་མས་ཞུས་ཏེ་གཏན་ལ་ཕབ་པ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด