དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๖ · หน้า 53b
དེ་ཉིད་བཟློག་སྟེ། འགྲམ་པ་གཡས་ལོགས་སུ་དགོད་པའི་ཚུལ་དུ་བསྒྱུར་ཏེ་བཞག་ན་པདྨོ་ཆེར་དགོད་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་ནང་དུ་བསྡམས་བྱས་ལ། །ཞེས་བྱ་བ་ལ་སོགས་པ་ལ་གུང་མོ་གཉིས་རྩེ་སྦྱར་ལ། མཐེ་བོ་དང་མཐེའུ་ཆུང་གཉིས་སྦྱར་བ་ན་རྡོ་རྗེ་ཆོས་ཀྱི་གནས་ཀྱི་སྒྲོལ་བའི་ཨུཏྤ་ལའི་ཕྱག་
རྒྱའོ། །དེ་བཞིན་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིང་བར་བྱའོ། །མཛུབ་གུང་པདྨོ་རལ་གྲིར་བྱ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་བཀུག་ལ་པདྨོར་བྱ་གུང་མོ་གཉིས་རལ་གྲིར་བྱ་བ་འདི་ནི་རྡོ་རྗེ་རྣོན་པའི་གནས་ཀྱི་ཕྱག་རྒྱའོ། །དེ་བཞིན་ནང་དུ་འཁོར་ལོར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་
ནང་དུ་བཅིངས་ལ་འཁོར་ལོ་ལྟ་བུར་ཅུང་ཟད་བརྐྱང་ནས་བཞག་པ་འདིས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱར་འགྱུར་རོ། །ཟློས་པ་སྦྱིན་པ་དེ་བཞིན་ནོ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ལས་གཡས་པའི་མཐེ་བོ་དང་། མཛུབ་མོ་རྩེ་མོ་ཕྱིར་ཕྱུང་ལ་སྔགས་ཀྱི་ནོར་བུ་བགྲང་བའི་ཚུལ་དུ་སྟོན་པ་ནི་
རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་སྟེ། དེ་བཀྲོལ་ལ་མཐེབ་མཛུབ་སྤྲད་པ་གཉིས་སུ་བྱའོ། །དེ་ནས་མཐེ་བོ་གཉིས་ལ་མཛུབ་མོ་གཉིས་བཀུག་སྟེ་རང་གི་མཐེ་མོའི་རྩེར་ཁ་ཐུར་དུ་བསྟན་ཏེ་གཞག་པའོ། །དེ་ནས་གུང་མོ་གཉིས་བཀུག་
ལ་རྩེ་མོ་ཐུར་དུ་བསྟན་ནས་མཐེའུ་ཆུང་གཉིས་བསྒྲེངས་ཏེ་གཞག་གོ། །དེ་ལྟར་རང་གི་ལག་པ་གཉིས་ཀྱི་སོར་མོ་རྣམས་བཞག་ལ་ལག་པ་གཉི་ག་ངོས་གཡས་གཡོན་གྱི་མིག་གཉིས་དང་མཉམ་པར་གཞག་ན། དེ་ལྟ་བུ་ནི་མཐེབ་མཛུབ་སྤྲད་པ་གཉིས་སུ་བྱས་པ་ཡིན་ཏེ། འདི་ནི་རྡོ་རྗེ་ལས་
ཀྱི་གནས་ཀྱི་ཕྱག་རྒྱའོ། །དེ་ནས་སྙིང་གར་སྦྱར་བ་ནི། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་མཐེབ་མཛུབ་གཉིས་སྦྱར་བ་ཡང་སྙིང་གའི་གནས་སུ་བཅིངས་ན་གསང་བ་བསྲུང་བའི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་ཞེས་བྱ་བ་ནི་བཤད་ཟིན་ཏོ། །མཐེའུ་ཆུང་པདྨ་འདྲར་བྱས་ལ། །
ཞེས་བྱ་བ་ནི། མཐེའུ་ཆུང་གཉིས་པདྨོའི་འདབ་མའི་ཚུལ་དུ་སྦྱར་བའོ། །མཛུབ་གཉིས་ཤིན་ཏུ་བཀུག་ནས་ཀྱང་། །ཞེས་བྱ་བ་ནི་མཛུབ་མོ་གཉིས་ཕྱིར་ཕྱུང་ལ་མཆེ་བ་ལྟ་བུར་གཞག་གོ། །མཐེབ་གཉིས་ཕྱིར་བསྐྱེད་ཅེས་བྱ་བ་ནི་མཐེ་བོ་གཉིས་བརྐྱང་ལ་ཁའི་གནས་སུ་གཞག་ན་མཆེ་བ་
เล่ม ๕๖ · หน้า 54a
ཅན་ཏེ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱར་འགྱུར་རོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །ཁུ་ཚུར་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་དང་འདྲ་བའོ། །མཐེབ་གཉིས་ངོས་ཀྱིས་བཙིར་བ་ཡིས། །ཞེས་བྱ་བ་ནི་མཐེ་བོ་གཉིས་ཀྱིས་མཛུབ་མོ་བཀུག་པའི་རྩེ་མོ་
བཙིར་ན་པདྨོའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་གྱི་ཁུ་ཚུར་ཆེན་པོར་འགྱུར་རོ། །དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱའོ། །རབ་བརྟགས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གྱི་གནས་སུ་བཅིང་བའོ། །པདྨོ་ལཱ་སྱེ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་འདྲ་བ་ནི་བཅིང་བར་བྱ། །ཞེས་བྱ་
བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལས་ཀྱི་ཕྱག་རྒྱ་མདོར་བསྡུ་ན། །ཞེས་བྱ་བ་ནི་མདོར་བྱས་པའོ། །གསང་བའི་ཁུ་ཚུར་གཉིས་བྱས་པའོ། །ཞེས་བྱ་བ་ནི། བཤད་མ་ཐག་པའི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཁུ་ཚུར་གང་ཡིན་པ་དེ་
གཉིས་སུ་བྱས་ལ་རྡོ་རྗེ་དབྱིངས་ལས་གསུངས་པའི་མཚན་ཉིད་ཀྱིས་སྦྱར་བར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་པདྨོ་རིགས་ཀྱི་གསང་བའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་དཀྱིལ་འཁོར་སྟོན་ཏེ། ཡང་
ཞེས་བྱ་བ་ནི་དཀྱིལ་འཁོར་སྔ་མ་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་དམ་ཚིག་ཅེས་བྱ་བ་ནི་པདྨའི་རིགས་ཀྱི་རྟོག་པ་བཟུང་སྟེ། ཡེ་ཤེས་ཀྱི་དམ་ཚིག་ཅེས་བྱ་བས་ནི་པདྨོའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གཟུང་ངོ་། །དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་བྱིན་
གྱིས་བརླབ་པའི་ཕྱིར། །འདི་ཉིད་ནི་པདྨ་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །རང་གི་རིག་པ་དམ་པ་གསུངས་པ་ནི་འདི་ལ་སོགས་པ་སྔགས་ལྔ་ནི་གཙོ་བོ་
ལྔའི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་སྔགས་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་པར་ནི་རྣལ་འབྱོར་པ་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་རབ་ཏུ་བཤད་བྱ་བ་གསུངས་
เล่ม ๕๖ · หน้า 54b
ཏེ། རབ་ཏུ་ཞེས་བྱ་བ་ནི་ཡང་དག་པར་ཞེས་བྱ་བའི་དོན་ཏོ། །བཤད་བྱ་བ་ཞེས་བྱ་བ་ནི་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ་ཞེས་པའོ། །ཅི་ཞིག་བཤད་ཅེ་ན། ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་གསུངས་སོ། །ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་བྱ་བ་གསུངས་སོ། །ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་དབྱིངས་དང་འདྲ་བར་
ནི། །ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་འདི་སྐད་ཅེས་བྱ་ཞེ་ན། ཆོས་ཀྱི་ཡེ་ཤེས་ཞེས་བརྗོད་དེ། །ཞེས་བྱ་བའོ། །ཐིག་ཇི་ལྟར་གདབ་པར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་
ཞེས་བྱ་བ་ནི་འདིར་འགྲོ་བ་འདུལ་བའི་རྩ་བའི་དཀྱིལ་འཁོར་ཡིན་པར་གཟུང་ངོ་། །དེ་ཇི་ལྟ་བུར་བྲི་ཞེ་ན་དེའི་དབུས་སུ་བྲི་བ་ནི། ཡེ་ཤེས་རྡོ་རྗེ་དེ་བཞིན་གཤེགས། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་རྡོ་རྗེ་ནི་འདིར་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་གཟུང་སྟེ། དེའི་ལྟེ་བའི་དབུས་སུ་སངས་རྒྱས་
བཅོམ་ལྡན་འདས་བྲི་བར་བྱའོ། །དེ་ནས་ཅི་ཞིག་བྲི་ཞེ་ན། དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །སེམས་དཔའ་ཆེ་རྣམས་ཆོ་ག་བཞིན། །ཞེས་བྱ་བ་གསུངས་སོ། །དེ་རྣམས་ཀྱང་སུ་ཞིག་ཡིན་ཞེ་ན། སྣ་ཚོགས་དབང་ཕྱུག་ལ་སོགས་པ། །ཞེས་བྱ་བ་གསུངས་ཏེ། སྣ་ཚོགས་དབང་ཕྱུག་ནི་སྣ་ཚོགས་པའི་
གཟུགས་ཅན་གྱི་ཏིང་ངེ་འཛིན་ལ་བཞུགས་པའི་འཇིག་རྟེན་དབང་ཕྱུག་གོ། །དེ་ཇི་ལྟར་བྲི་བར་བྱ་ཞེ་ན། ཏིང་ངེ་འཛིན་ལ་སྙོམས་ཞུགས་བྲི། །ཞེས་བྱ་བ་གསུངས་སོ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ་ཞེས་བྱ་བ་ལ་སོགས་པས་ནི་དགོད་པའི་སྔགས་གསུངས་པ་ཡིན་ནོ། །དེ་ནས་ཆོས་ཀྱི་
དཀྱིལ་འཁོར་འདིར། །ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་བྲིས་པའི་འོག་ཏུའོ། །འདིར་ཞེས་བྱ་བ་ནི་པདྨོའི་ཆོས་ཀྱི་དཀྱིལ་འཁོར་དུའོ། །དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ནི་དགུག་པ་ལ་
སོགས་པའི་ཆོ་ག་རྒྱས་པ་སྟེ། འདིས་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་རྡོ་རྗེ་སློབ་དཔོན་གྱི་ལས་ཐམས་ཅད་སྟོན་ཏོ། །ཇི་ལྟ་བ་བཞིན་དུ་བཅུག་སྟེ་ཞེས་བྱ་བ་འདིས་ཀྱང་དེ་ཉིད་ཀྱི་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྣམས་ཀྱང་དེ་བཞིན་དུ་འདིར་ཡང་བྱའོ་ཞེས་སྟོན་ཏོ། །ད་ནི་འདི་སྐད་དུ་ཁྱོད་ཀྱིས་གཞན་སུ་ལ་
เล่ม ๕๖ · หน้า 55a
ཡང་ཞེས་བྱ་བ་ལ་སོགས་པ་ནི། ཞུགས་པ་རྣམས་ཀྱིས་དམ་ཚིག་མ་བསྲུངས་པའི་ཉེས་དམིགས་སྟོན་ཏོ། །ད་ནི་དེའི་འོག་ཏུ་དེ་ནས། དེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་ལ་གནས་པ་རྣམས་ཀྱིས་དོན་གང་ཞིག་བྱ་བ་དེ་སྟོན་ཏོ། །འཇིག་རྟེན་དབང་པོར་
སྙོམས་པར་ཞུགས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཡེ་ཤེས་དེ་གང་ཞིག་ཡིན་པ་དེ་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་གྱིས་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྐྱེད་པའོ། །སྙིང་གར་པདྨོ་བསྒོམས་ནས་ཀྱང་། །ཞེས་བྱ་བ་ནི་སྙིང་གར་ཡིད་ཀྱིས་པདྨའི་གཟུགས་བསམ་པ་དུས་བཞིར་གོམས་
པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། པདྨའི་ཏིང་འཛིན་ཐོབ་ན་ནི། །དེ་མ་ཐག་ཏུ་མྱུར་བར་ལྡིང་། །ཞེས་བྱ་བ་གསུངས་སོ། །དེ་ནི་འདི་སྐད་སྟོན་ཏེ། འཇིག་རྟེན་དབང་ཕྱུག་གི་གཟུགས་དང་། པདྨ་དེ་བརྟན་པར་གྱུར་པ་ན་ནམ་འདོད་པ་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་
ལྟ་མ་ཡིན་ན་མཚན་མ་ཐོབ་ནས་རྒྱུད་ཕྱི་མ་ལས་གསུངས་པའི་ཆོ་གས་སྒྲུབ་པ་ལ་འཇུག་པར་བྱའོ། །ལྷག་མ་གསུམ་པོ་ལ་ཡང་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྒོམ་པ་བརྟན་པར་གྱུར་ན་ནམ་མཁའ་ལ་འགྲོ་བར་འགྱུར་ལ་འོན་ཏེ་མ་གྱུར་ན་སྒྲུབ་པ་ལ་འཇུག་པར་བྱ་བར་
ཤེས་པར་བྱའོ། །ད་ནི་ནམ་མཁའ་འམ་ནི་ཞེས་བྱ་བ་ལ་སོགས་པས་མི་སྣང་བའི་དངོས་གྲུབ་སྟོན་ཏོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་འདི་ནི་འདི་སྐད་སྟོན་ཏེ། གང་དུ་འདི་སེམས་རྩེ་གཅིག་པར་འགྱུར་བའི་གནས་དེར་ཡིད་གཏད་ལ་སྒྲུབ་པས་གོམས་པར་བྱ་སྟེ།
འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་གནས་ནས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། དེ་ནས་པདྨ་དེ་བརྟན་པར་གྱུར་པ་དང་དེ་ཉིད་དམ་གཞན་དུ་འདུག་ནས་གལ་ཏེ་མི་སྣང་བར་འདོད་པ་དེས་བདག་གི་ལུས་རྡུལ་ཕྲ་རབ་ཏུ་གཞིག་པར་བྱའོ། །རྡུལ་ཕྲ་རབ་ཀྱང་ཡིད་ཀྱིས་ཆ་དྲུག་གི་རྣམ་
པར་ཕྱེ་ནས་བདག་ནི་ནམ་མཁའ་འོ་ཞེས་ཡིད་ཀྱིས་བསམ་པར་བྱའོ། །དེ་ལྟར་པདྨོ་ལ་འདུག་པའམ་ཐོགས་པའམ། ཟོས་ནས་བསྒོམ་ན་ཇི་སྲིད་བསྒོམས་པ་དེ་སྲིད་ཀྱི་བར་དུ་འདོད་ན་མི་སྣང་བར་འགྱུར་རོ། །གལ་ཏེ་མི་སྣང་བར་བྱ་བར་མི་འདོད་པ་ཞིག་ཡིན་ན་མཐོང་བ་དང་
เล่ม ๕๖ · หน้า 55b
པདྨོའི་ཤིང་རྟ་དེ་ལ་ཞོན་ན་པདྨོའི་རིག་པ་འཛིན་པར་འགྱུར་རོ། །གསུམ་པར་ནི་གལ་ཏེ་མི་སྣང་བར་མི་འདོད་ན་དེ་ཐོགས་པས་དེའི་ཚེ་ཡེ་ཤེས་ཅན་དུ་འགྱུར་ཏེ། ནམ་རྩེ་གཅིག་པ་ཐོབ་ན་ཡེ་ཤེས་དུས་གསུམ་ལ་འཇུག་པར་འགྱུར་རོ། །བཞི་པར་གལ་ཏེ་མི་སྣང་བར་འདོད་ན་ནམ་དེ་ཟོས་པ་དེའི་ཚེ་
བཅུད་ཀྱིས་ལེན་དུ་འགྱུར་རོ། །ད་ནི། ཕྱག་རྒྱ་ཆེ་བཅིངས་པདྨོ་ནི། །ཞེས་བྱ་བ་ལ་སོགས་པས་སྣ་ཚོགས་པའི་གཟུགས་སུ་འགྱུར་བའི་དངོས་གྲུབ་སྟོན་ཏེ། ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་ལ་སོགས་པའོ། །དབྱིབས་སྣ་ཚོགས་པ་ནི་ཀུན་ནས་ཟླུམ་པོ་ལ་སོགས་པའོ། །བྲིས་པ་འམ་བླུགས་པའི་
པདྨོ་སྣ་ཚོགས་པ་དེ་ལག་པས་བཟུང་ནས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བསྒོམས་ཏེ། ཏིང་ངེ་འཛིན་བརྟན་པར་གྱུར་ན་ཅི་འདོད་པའི་གཟུགས་སྟོན་པར་འགྱུར་རོ། །འོན་ཏེ་མ་གྱུར་ན་མཚན་མ་ཐོབ་ནས་རྒྱུད་ཕྱི་མ་ལས་གསུངས་པའི་ཆོ་གས་དེ་བཞིན་དུ་བསྒྲུབ་པར་བྱའོ། །ཏིང་ངེ་འཛིན་
གཉིས་པ་ནི་རས་ལ་སོགས་པ་ལ་པདྨའི་གཟུགས་སྔ་མ་ལྟ་བུར་བྲིས་ལ་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ཏེ་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །བསྒོམས་པའི་ཏིང་ངེ་འཛིན་བརྟན་པར་གྱུར་ན་ཅི་འདོད་པའི་གཟུགས་སྟོན་པར་འགྱུར་རོ། །འོན་ཏེ་མ་གྱུར་ན་མཚན་མ་ཐོབ་ནས་དེ་
བཞིན་དུ་བསྒྲུབ་པར་བྱའོ། །ཏིང་ངེ་འཛིན་གསུམ་པ་ནི་ནམ་མཁའ་འམ་ཕྱོགས་གཞན་དུ་དེ་ལྟ་བུའི་པདྨ་སྣ་ཚོགས་བསྒོམ་པར་བྱ་སྟེ། དེ་བརྟན་པར་གྱུར་ན་ཅི་འདོད་པའི་གཟུགས་སྟོན་པར་འགྱུར་རོ། །བཞི་པར་ནི་པདྨའི་གཟུགས་དེ་ལྟ་བུ་ཤིང་བུ་ལ་སོགས་པ་ལས་བྱེད་དུ་བཅུག་ལ་དེའི་སྟེང་དུ་
ཞོན་ནས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་བརྟན་པར་གྱུར་ན་ནམ་མཁའ་ལ་འགྲོ་བ་དང་ཅི་འདོད་པའི་གཟུགས་སུ་འགྱུར་རོ། །འོན་ཏེ་མ་གྱུར་ན་མཚན་མ་ཐོབ་ནས། དེ་བཞིན་དུ་བསྒྲུབ་པར་བྱའོ། །ད་ནི། གང་ཡང་རུང་བའི་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ་
སོགས་པས་དབང་དུ་བྱ་བའི་དངོས་གྲུབ་སྟོན་ཏོ། །ཕྱག་རྒྱ་གང་ཡང་རུང་བ་གཅིག་བཅིང་བ་ནི་སྣ་ཚོགས་གཟུགས་ཅན་གྱི་དཀྱིལ་འཁོར་ལས་འབྱུང་བའི་ཕྱག་རྒྱ་ཆེན་པོ་སྟེ། དཀྱིལ་འཁོར་འདི་ལ་ཕྱག་རྒྱ་ཆེན་པོ་གཙོ་བོ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་མི་གཡེང་བའོ། །ལེགས་
เล่ม ๕๖ · หน้า 56a
བཅིངས་ལ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །པདྨོ་བླངས་ལ་རབ་བྱིན་ནས། །ཞེས་བྱ་བ་ནི་བསྒོམ་པ་བརྟན་པར་བྱས་ནས་ཕྱི་རོལ་གྱི་པདྨོ་དངོས་སུ་བླངས་ཏེ་གང་ལ་བྱིན་པ་དེས་དབང་དུ་འགྱུར་རོ། །ཏིང་ངེ་འཛིན་གཉིས་པ་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གྱིས་ཏེ། གང་
ཡང་རུང་བའི་ཕྱག་རྒྱ་ཕྱིན་ཅི་མ་ལོག་པར་ལེགས་པར་བཅིང་བར་བྱའོ། །ཇི་ལྟ་བུ་ཞེ་ན། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་སྟེ། འདི་ནི་ཕྱག་རྒྱ་ཆེན་པོ་ཡང་ཡོད་ན་ཅིའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་སྨོས་ཤེ་ན། འདིར་གཙོ་བོ་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱ་སྨོས་སོ། །པདྨོ་ནི་སྔར་བསྒོམ་པ་གོམས་
པར་བྱས་པའི་སྦྱོར་བ་འདི་ལྟ་བུ་ཡོད་ན་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྦྱིན་པར་བྱའོ། །འོན་ཏེ་མེད་ན་ལེན་པའི་ཚེ་ནི་དམ་ཚིག་གི་ཕྱག་རྒྱས་བླངས་ལ་སྦྱིན་པའི་ཚེ་སྦྱོར་བ་ཇི་ལྟ་བས་སྦྱིན་པར་བྱའོ། །ཏིང་ངེ་འཛིན་གསུམ་པ་ལ་ཡང་ཆོས་ཀྱི་དཀྱིལ་འཁོར་གྱི་སེམས་དཔའ་སུ་ཡང་རུང་བའི་ཕྱག་རྒྱ་གང་ཡང་རུང་
བ་བླང་བར་བྱའོ། །ཇི་ལྟ་བུ་ཞེ་ན། ཏིང་ངེ་འཛིན་སྐྱེས་དགེ་བ་ཡི། །ཞེས་བྱ་བ་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དགེ་བ་ནི་གསལ་བ་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །འདི་སྐད་སྟོན་ཏེ། འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་
གནས་ནས་ཡིད་ཀྱིས་པདྨ་དམར་པོ་སུའི་སྙིང་གར་དགོད་ཅིང་བསམས་པ་དེ་དེའི་དབང་དུ་འགྱུར་རོ། །ཏིང་ངེ་འཛིན་བཞི་པ་ལ་ཡང་ལས་ཀྱི་དཀྱིལ་འཁོར་གྱི་སེམས་དཔའ་སུ་ཡང་རུང་བའི་ཕྱག་རྒྱ་གང་ཡང་རུང་བ་བཅིང་བར་བྱའོ། །ལྡན་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་དང་ཡང་དག་པར་ལྡན་པའི་དོན་ཏོ། །གང་
གིས་ཤེ་ན། ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། གང་གིས་ལས་ཀྱི་ཕྱག་རྒྱས་པདྨ་བཟུང་ནས་བྱིན་པ་དེ་དབང་དུ་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་བསླབ་པ་སྟོན་ཏོ། །ཇི་ལྟར་ཞེ་ན། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །ཕྱག་
རྒྱ་ཆེན་པོ་བསྒྲུབ་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ནི་འདིར་རྡོ་རྗེ་དབྱིངས་དང་འབྲེལ་པ་ཡིན་པར་བལྟ་བར་བྱ་སྟེ། དེར་ཕྱག་རྒྱ་ཆེན་པོ་ནི། །དེ་བཞིན་ཐུགས་ཀར་ཉིད་ཕྱག་རྒྱ། ཏིང་ངེ་འཛིན་དུ་བཞུགས་པ་དང་། །ཕྱག་གཉིས་རྡོ་རྗེ་བཅིང་བར་བཅིངས། །ཞེས་ཇི་སྐད་བཤད་
เล่ม ๕๖ · หน้า 56b
པ་དེ་འདིར་ཡང་ཕྱག་རྒྱ་ཆེན་པོ་ཡིན་པར་བལྟ་བར་བྱའོ། །དེ་ལྟ་མོད་ཀྱི་སྐྱིལ་མོ་ཀྲུང་ལ་གནས་པའི་དམ་ཚིག་གི་ཕྱག་རྒྱ་ནི་པདྨོའི་པདྨོ་ཞེས་བྱ་བའི་མིང་གིས་གཞག་གི་ཕྱག་གཉིས་རྡོ་རྗེ་བསྡམས་པས་བཞག་པ་ནི་མ་ཡིན་ཏེ། ཁྱད་པར་ནི་དེ་ཙམ་དུ་ཟད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །དམ་ཚིག་
མཆོག་ནི་བསྒྲུབ་བྱ་སྟེ། །ཞེས་བྱ་ལ། དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་རྩེ་གཅིག་པའི་ཕྱིར་ཏིང་ངེ་འཛིན་གྱི་དོན་སྟོན་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །ཞེས་བྱ་བས་སྟོན་ཏེ། རྡོ་རྗེ་དབྱིངས་སུ་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་ཏེ། སྐྱིལ་མོ་ཀྲུང་
འདུག་གན་རྐྱལ་དུ། །གཡས་གཅུས་དེ་བཞིན་སླར་གཅུས་པ། །ཞེས་བྱ་བ་ལ་སོགས་པ་དེར་ཇི་སྐད་གསུངས་པའོ། །རྡོ་རྗེ་བསྡམས་པ་བཞག་པའི་གནས་དེ་དང་དེ་རྣམས་སུ་འདིར་ཕྱག་རྒྱ་གང་ཡང་རུང་བ་ཅིག་གཞག་པར་བྱའོ་ཞེས་དེ་སྟོན་པའི་ཕྱིར། །པདྨོའི་པདྨོ་གཞག་པར་བྱ། །ཞེས་བྱ་བར་
གསུངས་ཏེ། པདྨོའི་པདྨོ་ནི་འགྲོ་བ་འདུལ་བའི་རྩ་བའོ། །དཀྱིལ་འཁོར་འདི་ཉིད་ཀྱི་འོད་དཔག་ཏུ་མེད་པའི་གནས་ཀྱི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་སྟེ། མཐེ་བོ་མཉམ་སྟེ་བཏུད་ནས་ནི། །མཛུབ་མོ་གཉིས་ནི་རྩེ་སྤྲད་དགུག །ཅེས་པ་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེ་བསྡམས་པའི་ཚུལ་དུ་གཞག་
པ་འདི་ནི་པདྨོའི་པདྨོའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་རྣམས་བསྟན་ནས། ད་ནི་ཆོས་ཀྱི་ཁུ་ཚུར་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་སྟོན་ཏེ། ལས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཁུ་ཚུར་གང་ཡིན་པ་དེ་ནི་ཆོས་ཀྱི་ཁུ་ཚུར་ཡིན་ལ་དེ་གཉིས་སུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ཏེ་གནས་
ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །བསྟན་བྱས་ལ་ཞེས་བྱ་བ་ནི་བཅིངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་ནི་རྩ་བའི་དཀྱིལ་འཁོར་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་པདྨོའི་རིགས་ཀྱི་ཡེ་
ཤེས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ད་ནི་ཆོས་ཀྱི་དཀྱིལ་འཁོར་གྱི་རྗེས་ལ་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་སྔར་བཤད་པའི་ལས་ཀྱི་དཀྱིལ་འཁོར་ལ་ལྟོས་པ་ཡིན་ནོ། །བསྐལ་
เล่ม ๕๖ · หน้า 57a
པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རིགས་སུ་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་ལྡན་པའི་
མིང་པདྨོ་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །རང་གི་རིག་པ་དམ་པ་གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པ་སྟེ། འདི་ལ་སོགས་པའི་རིག་པ་ལྔ་ནི་བདག་པོ་ལྔའི་རང་གི་
དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཡིན་པར་ཤེས་པར་བྱའོ། །ད་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སངས་རྒྱས་ཕྱོགས་ཀུན་ཞེས་བྱ་བ་ནི་
དཀྱིལ་འཁོར་ཐམས་ཅད་སྡུད་པའོ། །པདྨོའི་མཚན་མ་འཛིན་པར་ཐམས་ཅད་བྲི། །ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་ལ་སོགས་པ་ཐམས་ཅད་རང་རང་གི་ཕྱག་རྒྱ་ལག་པའི་སྙིམ་པར་གནས་པ་ལ་པདྨོའི་ཕྲེང་བས་མཚན་པ་བྲི་བར་བྱའོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་དག་
ཐམས་ཅད་ཀྱི་དགོད་པའི་རིག་པ་སྟོན་ཏེ། དེ་ལ་བདག་པོ་བཞིའི་ནི་རྡོ་རྗེ་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་ཡང་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དགོད་པའི་རིག་པ་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་དབྱིངས་ལས་གསུངས་པའི་སློབ་དཔོན་
གྱི་ལས་དང་། སློབ་མ་གཞུག་པའི་ལས་དང་དེ་བཞིན་དུ་མནའི་སྙིང་པོ་སྦྱིན་པ་ནི་དགུག་པ་ལ་སོགས་པ་སྟོན་ཏོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་མན་ངག་སྦྱིན་པ་སྟོན་ཏེ། དེ་ལ་རེ་ཞིག་དང་པོར་དེ་ནས་ཞེས་བྱ་བ་ལ་སོགས་པས་སྡིག་པ་བཤགས་པའི་ལས་ཀྱི་མན་
ངག་བསྟན་པ་སྟོན་ཏེ། དེ་ཡང་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ནས་སྡིག་པ་བཤགས་པ་བྱའོ། །དེ་ལྟར་སྡིག་པ་ཡང་དག་པར་སྦྱང་བ་བྱ་སྟེ། འདིར་ནི་ཕྱག་རྒྱ་ཆེན་པོ་གཙོ་བོ་ཡིན་པར་བལྟའོ། །ཏིང་ངེ་འཛིན་གཉིས་པ་ལ་ནི་རིན་པོ་ཆེའི་རིགས་ཡང་དག་པར་
เล่ม ๕๖ · หน้า 57b
བཟུང་སྟེ། དམ་ཚིག་གི་ནི་མཆོག་བཅིངས་ཏེ། །ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་སུ་གཏོགས་པའི་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་གནས་ཤིང་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སྡིག་པ་ཐམས་ཅད་བཤགས་ན་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཤིན་ཏུ་ལྕི་བ་རྣམས་ཀྱང་འབྱང་བར་འགྱུར་
ཏེ། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་དག །བདག་ལ་རྣམ་པར་སྨད་པས་བསྲབས་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པ་བྱས་པ་ནི། །དེ་དག་རྩ་ནས་འདོན་པར་ངས་བཤད་དོ། །ཞེས་གསུངས་པ་ལྟ་བུ་དང་། རྒྱལ་པོ་མ་སྐྱེས་དགྲ་བསྐལ་པའི་བར་དུ་གནས་པར་བྱ་དགོས་པ་ཡང་ཕོ་ལོང་
བརྡབས་པ་ཙམ་ཞིག་ལས་མ་ཐོགས་སོ་ཞེས་གྲགས་པ་ལྟ་བུའོ། །དེ་བས་ན་བཤགས་པའི་དབང་གིས་དེའི་དེ་ཟད་པར་འགྱུར་བར་ཤེས་སོ། །ལྷག་མ་རྣམས་ནི་གོ་སླའོ། །འདིར་བཤགས་པ་འདི་ལྟར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་ཡིད་ཀྱིས་བསམས་ནས་འཇིག་རྟེན་
དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ཏེ། འཇིག་རྟེན་དབང་ཕྱུག་ཀྱང་མདུན་དུ་བསམས་ལ་གང་བདག་གིས་ཚེ་འདི་འམ་ཚེ་རབས་གཞན་དུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པའི་ལས་གང་ཅི་བགྱིས་པ་དེ་དག་
ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་པར་བགྱིའོ། །སླན་ཆད་ཀྱང་འདི་ལྟ་བུ་མི་བགྱིད་དོ་ཞེས་བརྗོད་ལ། དེ་ནས་སྙིང་པོ་བརྗོད་པར་བྱའོ། །ད་ནི་འཇིག་རྟེན་དབང་ཞེས་བྱ་བ་ལ་སོགས་པས་སྡིག་པ་ཐམས་ཅད་ཟད་པར་བྱ་བའི་ཐབས་སྟོན་ཏོ། །རང་གི་ཡེ་ཤེས་ལ་སྒྲིབ་པ་དེ་ཡང་རྣམ་
པ་གསུམ་དུ་ཤེས་པར་བྱ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་ཉོན་མོངས་པའི་དྲག་པ་རྣམས་ཏེ་གང་གཉེན་པོས་ཀྱང་མི་བཟློག་པའོ། །རྣམ་པར་སྨིན་པའི་སྒྲིབ་པ་ནི་མི་ཁོམ་པ་བརྒྱད་དུ་སྐྱེས་པའོ། །ལས་ཀྱི་
སྒྲིབ་པ་ནི་གང་གདོན་མི་ཟ་བར་མྱོང་བར་འགྱུར་བའི་སྡིག་པའི་ལས་རྣམས་ཏེ་མཚམས་མེད་པ་ལྔ་ལ་སོགས་པའོ། །དེ་དག་ནི་མངོན་པར་རྟོགས་པ་ལ་བར་དུ་གཅོད་པར་བྱེད་པས་ན་སྒྲིབ་པ་རྣམས་སུ་གསུངས་སོ། །འདིར་བཤགས་པའི་དབང་དུ་བྱས་པ་ཡིན་པས་ན་ལས་ཀྱི་སྒྲིབ་པ་ཉི་ཚེ་གཟུང་ངོ་། །དེ་
เล่ม ๕๖ · หน้า 58a
དག་ཀྱང་སྙིང་པོ་རྣམས་ལས་རྣམ་པ་བཞིར་སྟོན་ཏེ། སྡིག་པ་དང་། སྒྲིབ་པ་དང་། གགས་དང་། ལས་ཀྱི་སྒྲར་གསུངས་སོ། །ད་ནི་འཇིག་རྟེན་དབང་ཞེས་བྱ་བ་ལ་སོགས་པས་མཆོད་པའི་ཡེ་ཤེས་སྟོན་ཏེ། འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ནས་
རབ་ཏུ་མཉམ་པར་གཞག་པའི་ཡིད་ཀྱིས་ཨོཾ་ཞེས་བྱ་བ་ལན་མང་དུ་བརྗོད་ན་མཆོད་པ་ཐམས་ཅད་བྱས་པར་འགྱུར་རོ། །ཏིང་ངེ་འཛིན་གཉིས་པ་ལ་ཡང་རིན་པོ་ཆེའི་རིགས་དང་འབྲེལ་པས་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་ཡིན་ཏེ། བྷྲཱུཾ་ཞེས་བྱ་བ་ཙམ་ཞིག་ལྷག་པར་ཟད་དོ། །གསུམ་པ་ལ་
ཡང་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ཡིན་ཏེ། པདྨོའི་ཕྱག་རྒྱ་བསྒོམ་པ་ཉི་ཚེ་དང་ཧེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །བཞི་པ་ལ་ཡང་ལས་ཀྱི་རིགས་ལ་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ཡིན་ཏེ། དྷེ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ན་སངས་རྒྱས་ཐམས་ཅད་མཆོད་པར་འགྱུར་ཏེ་ཐམས་ཅད་དུ་
སྙིང་པོ་དང་སྦྱར་ཞིང་པདྨོ་ཅི་ནུས་སུ་བསྒོམས་པས་ནམ་མཁའི་ངོས་ཐམས་ཅད་བཀང་སྟེ་ཡིད་ཀྱིས་དབུལ་བར་བྱའོ། །ད་ནི་མཆོད་པའི་རྗེས་ལ་དངོས་གྲུབ་སྟོན་ཏེ། རིགས་བཞི་དང་འབྲེལ་པས་གང་གི་དོན་དུ་སྡིག་པ་བཤགས་པ་དང་། སྒྲིབ་པ་ཡོངས་སུ་ཟད་པར་བྱས་པ་དང་། སངས་རྒྱས་
ལ་མཆོད་པ་བྱས་པས་རིགས་དང་པོ་ལ་ནི་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པས་དངོས་གྲུབ་ཀྱི་མཆོག་ཅི་འདོད་པར་འགྱུར་བར་བལྟའོ། །གཉིས་པ་ལ་ནི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པས་ན་དོན་གྱི་དངོས་གྲུབ་དང་། རྒྱལ་སྲིད་ལ་སོགས་པའི་དངོས་གྲུབ་ཡིན་ནོ། །གསུམ་པ་ལ་ནི་
ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་ཁྲོ་བོའི་དངོས་གྲུབ་གསུངས་སུ་ཟིན་ཀྱང་གཙོར་ཡེ་ཤེས་འགྲུབ་པ་ཉིད་ཡིན་པར་ཤེས་པར་བྱའོ། །བཞི་པ་ལ་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ལས་ཕྲན་ཚེགས་འགྲུབ་པར་ཤེས་པར་བྱའོ། །གཙོར་ནི་གཞུང་ཉིད་གསལ་བས་ན་མ་བཤད་དོ། །ད་ནི་དེའི་འོག་
ཏུ་གཞན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་གྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་སྟོན་ཏོ། །གསང་བར་གྱུར་པས་གསང་བ་སྟེ། གང་ཕྱི་རོལ་གྱི་ཚུལ་གྱིས་མིང་སྟོན་གྱི། སེམས་ཉིད་ཀྱིས་བྱེད་པ་དེ་ནི་གསང་བ་ཞེས་བཤད་པ་ཡིན་ཏེ། གསང་ཞིང་སྦ་བར་བྱ་བ་ཡིན་པའི་ཕྱིར་རོ། །
เล่ม ๕๖ · หน้า 58b
དེ་ལ་གསང་བ་དེ་བཞི་ཆར་ཡང་སྤྱིར་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་བསྒྲུབ་པའི་ཚེ་ན་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རམ། དཀྱིལ་འཁོར་ཆེན་པོར་ཕྱག་རྒྱ་རྣམས་གཡེང་བ་མེད་པའི་སེམས་ཀྱིས་ཡང་དག་པར་གཟུང་བ་ནི་སེམས་དགའ་བར་བྱེད་པ་ཡིན་པས་ན། བུད་
མེད་དང་རྩེ་བ་ཞེས་གསུངས་ཏེ། སྐྱེས་པ་འགའ་ཞིག་བུད་མེད་ལ་ཆགས་ན་དགའ་བ་སྐྱེ་བ་དང་འདྲ་བར་མི་གཡེང་བའི་སེམས་ཀྱིས་ཡིད་ལ་ཡང་དག་པར་འཛིན་པ་ནི་རྩེ་བ་ཞེས་བྱའོ། །དེ་ལྟར་འཛིན་པས་དེ་ལ་ཐོག་མ་ཉིད་དུ་སྡུག་པར་ལྟ་བར་འགྱུར་རོ། །ཡང་ནས་ཡང་དུ་མངོན་སུམ་དུ་བྱས་ན་སྐད་
ཅིག་མ་གཉིས་པ་ལ་སོགས་པར་དགའ་བས་དེ་བཞིན་དུ་ལུས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་རོ། །དེ་ནས་ཞེ་སྡང་བ་དང་བྲལ་བས་ལུས་ཀྱི་བདེ་བ་སྐྱེ་བར་འགྱུར་རོ། །དེ་ནས་ལུས་བདེ་བ་གྱུར་ན་སེམས་རྩེ་གཅིག་པར་འགྱུར་རོ། །རྩེ་གཅིག་པའི་སེམས་ཀྱིས་ནི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་
རྣམས་འཐོབ་པར་འགྱུར་བ་ཡིན་ནོ། །འདི་ནི་འདིར་སྦས་པ་ཡིན་ཏེ་ཕྱག་རྒྱ་བཞིའི་གསང་བའི་ཡེ་ཤེས་སུ་གསུངས་སོ། །འདིར་ཡང་སྔགས་པས་དང་པོར་སྔགས་སྔར་སྤྱད་པ་བྱ་སྟེ། མཚན་མ་ཐོབ་པ་དང་། བསྒྲུབ་པའི་དཀྱིལ་འཁོར་བྲིས་པ་དེར་བཤོས་དང་གཏོར་མ་དང་། རོལ་མོ་ལ་སོགས་
པས་མཆོད་པའི་ལས་བྱས་ནས་དེར་ཞུགས་ལ་སྐུ་གཟུགས་སྟོན་ཏེ་དབུས་སུ་འདུག་ལ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་དུ་བྱས་ལ་ཇི་སྐད་གསུངས་པའི་སྙིང་པོས་སྡིག་པ་བཤགས་པ་བྱའོ། །དེ་ནས་སྙིང་པོ་དེ་ཉིད་ཀྱིས་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ། །དེ་ནས་མཆོད་པའི་སྙིང་པོ་རྣམས་ཀྱིས་
ཡིད་ཀྱིས་མཆོད་པ་བྱའོ། །དེ་ནས་དཀྱིལ་འཁོར་ལ་དམིགས་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དེ་ནས་དམིགས་པ་དེ་ལ་སྡུག་པ་དང་། དགའ་བ་དང་། བདེ་བས་སེམས་རྩེ་གཅིག་པར་འགྱུར་རོ། །དེ་ནས་ནི་ཡིད་ལ་འདོད་པའི་དངོས་གྲུབ་མངོན་པར་ཐོབ་པར་འགྱུར་ཏེ་འདི་ནི་མན་ངག་ཡིན་ནོ། །
ད་ནི་དེའི་འོག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་སྟོན་ཏོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། འོག་ནས་བཤད་པའི་པདྨོའི་ཐལ་མོ་དང་ལྡན་པས་རང་གི་གནས་ན་བཞུགས་པའི་རྣམས་ཉིད་ཀྱི་ཕྱག་རྒྱ་ཕྱག་གཉི་གས་འཛིན་པ་ནི་ཕྱག་རྒྱ་ཆེན་
เล่ม ๕๖ · หน้า 59a
པོར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་སྟོན་ཏེ། འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །སོར་མོ་རྩེ་སྤྲད་པདྨོར་བྱ། །ཞེས་བསྟན་པ་གང་ཡིན་པ་དེ་ཉིད་འདིར་མཆོད་
པའི་ལྷ་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེའི་དགོས། ལས་ཀྱི་དཀྱིལ་འཁོར་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ནི་ལས་ཀྱི་དཀྱིལ་འཁོར་གཟུང་སྟེ། དེར་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་གནས་གང་དང་གང་དུ་བཞག་པ་ཇི་ལྟ་བ་བཞིན་དུ་འདིར་ཡང་པདྨོའི་ཐལ་མོ་
སྙིང་ག་དང་། རྩིབ་ལོགས་དང་། རྒྱབ་ལ་སོགས་པར་སྦྱར་བའི་ཚུལ་གྱིས་གནས་ཐམས་ཅད་དུ་བཞག་ན་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །ད་ནི་དེའི་འོག་ཏུ་ཆོས་ཀྱི་ཕྱག་རྒྱ་བཤད་དེ། འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་ཕྱག་རྒྱ་བསྟན་པ་གང་ཡིན་པ་དེ་འདིར་ཏྲ་ཞེས་བྱ་བ་
དང་པོར་སྦྱར་ལ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ལྷ་མོ་དེ་རྣམས་ཉིད་ཡིན་པའི་ཕྱིར་རོ། །ད་ནི་ལས་ཀྱི་ཕྱག་རྒྱ་སྟོན་ཏེ། ལས་ཀྱི་དམ་ཚིག་གཉིས་བྱས་ལ། །ཞེས་བྱ་བ་ནི་དཀྱིལ་འཁོར་འདིའི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་པདྨོའི་ཐལ་མོ་གང་ཡིན་པ་དེ་གཉིས་སུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །ཡང་དག་སྦྱར་
ཞེས་བྱ་བ་ནི་བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་ལས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།
ད་ནི་དེའི་འོག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་རིགས་ཀྱི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། ལས་ཀྱི་དཀྱིལ་འཁོར་གྱི་རྗེས་ལའོ། །ཡང་ཞེས་བྱ་བ་ནི་སྔར་བཤད་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་ལྟོས་པའོ། །བཅོམ་ལྡན་འདས་
ཞེས་བྱ་བ་ནི་སྔ་མ་དང་འདྲ་བའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ལ་རྡོ་རྗེ་ཆོས་སྨོས་པ་ཆོས་ཉིད་བཟུང་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་སྐུའི་དམ་ཚིག་གི་ཕྱག་རྒྱའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་དོན་ཏིང་ངེ་འཛིན་
เล่ม ๕๖ · หน้า 59b
དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ་ཕྱག་རྒྱའི་སྙིང་པོ་གསུངས་པའོ། །འདི་ལ་སོགས་པ་གནས་ལྔ་པོའི་སྙིང་པོ་ལྔ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མཆོག་
ཅེས་བྱ་བས་ནི་འདིར་སླ་བས་འགྲུབ་པར་སྟོན་པའི་ཕྱིར་རོ། །རྡོ་རྗེ་དབྱིངས་དང་འདྲ་བ་དང་། །ཞེས་བྱ་བ་ནི་མཚུངས་པའོ། །དཀྱིལ་འཁོར་ཆེན་པོ་འདྲ་བར་བྱ། །ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་འགྲོ་བ་འདུལ་བའི་དཀྱིལ་འཁོར་དང་འདྲ་བར་པདྨོ་འདབ་མ་བརྒྱད་པའི་ཚུལ་དུ་བྱ་བའོ། །ཕྱག་རྒྱའི་དཀྱིལ་
འཁོར་དབུས་སུ་ནི། །སངས་རྒྱས་གཟུགས་ནི་གཞག་པར་བྱ། །ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་དུ་གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྱས་པའམ་བླུགས་པའམ་བྲིས་པ་བཞག་ལ་དང་པོར་མཆོད་པ་ལ་སོགས་པ་བྱ་བ་རྫོགས་ནས། དེ་གསལ་ལ་སྔགས་པ་དེར་
འདུག་ནས་བསྒྲུབ་པར་བྱའོ། །དེ་ཡི་ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་གྱིའོ། །ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ངོས་བཞི་ཆར་དེ་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་གནས་སུའི། །རྡོ་རྗེ་པདྨོ་ལ་སོགས་བྲི། །ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་པདྨོ་ནི་རྡོ་རྗེ་པདྨོའོ། །དེ་བཞིན་དུ་རིན་པོ་ཆེ་དང་།
པདྨོ་དང་། ལས་ཀྱི་རྡོ་རྗེས་མཚན་པའི་པདྨོ་བྲི་བར་བྱའོ། །དེ་ནས་གཞན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་པའི་ཆོ་ག་བསྒྲེ་བ་དང་། མནའི་སྙིང་པོ་སྦྱིན་པ་ཡང་སྟོན་པ་ཡིན་ཞིང་དམ་ཚིག་ལས་འདས་པའི་ཉེས་དམིགས་སྟོན་པས་གང་གི་
ཕྱིར་ཤིན་ཏུ་གསང་བ་ལས་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ནས་དེའི་ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་སྟོན་ཏེ། ལག་པས་པདྨོ་བཟུང་ནས་ཀྱང་། །བསྒྲིབས་ནས་ལེགས་པར་བསྣམས་པར་བྱ། །ཞེས་བྱ་བ་ནི་བྱས་པའམ། བླུགས་པའི་པདྨོ་ལག་ཏུ་ཐོགས་པའོ། །
བསྒྲིབས་ཏེ་ལེགས་པར་བསྣམས་པར་བྱ། །ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། ཇི་ལྟར་པདྨོ་དེ་ཉིད་ལས་མཚུངས་པ་མེད་པའི་དྲི་འབྱུང་ལ་དྲི་དེས་ཀྱང་ནམ་མཁའི་ལྟོས་ཐམས་ཅད་བཀང་སྟེ། སངས་རྒྱས་རྣམས་ལ་མཆོད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་བྱའོ། །མཉམ་པར་གཞག་
เล่ม ๕๖ · หน้า 60a
པ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་པའོ། །གཙུག་ཕུད་དབུས། སངས་རྒྱས་གཟུགས་ནི་རབ་བཞག་ལ། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གཙུག་ཕུད་ཀྱི་དབུས་སུ་འོད་དཔག་ཏུ་མེད་པའི་གཟུགས་བཞག་ལ་འཇིག་རྟེན་ཐམས་ཅད་དབང་དུ་
བྱའོ། །ཇི་ལྟ་ཞེ་ན། འགྲོ་ཞིང་བསྒྱིངས་པ་བསྟན་ནས་ནི། །ཞེས་བྱ་བ་གསུངས་ཏེ། བསྒྱིངས་པ་ནི་ལག་པ་སྟ་ཟུར་དུ་འཇོག་པ་ཡིན་པར་ཤེས་པར་བྱའོ། །པདྨོའི་པདྨོ་གཟུགས་ཆེན་པོར། །ཞེས་བྱ་བ་ནི་པདྨས་མཚན་པའི་པདྨ་ནི་པདྨོའི་པདྨོའོ། །གང་གིས་ཤེ་ན་ཏིང་ངེ་འཛིན་གྱིས་སོ། །ཅི་ཞིག་བྱས་
ནས་ཤེ་ན། བྱས་ནས་ནི་ཞེས་པའོ། །ཇི་བཞིན་ཚུལ་དུ་འདུག་ནས་སུ། །ཞེས་བྱ་བ་ནི་ཕྱག་རྒྱ་བཞི་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་དུ་བྱ་བའོ། །ཡིད་ཀྱིས་དེ་ནི་གསད་པར་བྱ། །ཞེས་བྱ་བ་ནི་པདྨ་དེ་གང་ལ་ལྟུང་བར་བྱས་པ་དེ་གདུལ་བར་བྱ་བའི་ཕྱིར་རྒྱལ་བ་ལ་སོགས་པའི་མཚན་ཉིད་དུ་གསོད་
པར་བྱེད་པའོ། །པདྨའི་རྒྱ་གྲམ་ཉིད་དུ་ནི། །བྱས་ཏེ་ཞེས་བྱ་བ་ནི་བྱས་པའམ་བླུགས་པའོ། །ལག་པ་གཡོན་པ་ཡིས། བཟུང་ནས་ཀྱང་ནི་ཞེས་བྱ་བ་ནི་ལག་པ་གཡོན་པ་དང་ལས་ཀྱི་ཕྱག་རྒྱས་ལེགས་པར་བཟུང་བའོ། །དབང་ལ་སོགས་པ་ལ། བསྐོར་བ་དེ་ནི་རབ་ཏུ་བྱེད། །ཅེས་བྱ་བ་འདིས་ནི་འབྲས་བུ་བསྟན་
པ་ཡིན་ནོ། །དེའི་འོག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་གསང་བ་སྟོན་ཏེ། ཆགས་ནས་དགོས་པ་ཐམས་ཅད་ནི། །ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ལ་མཆོག་ཏུ་ཆགས་ཤིང་དད་པས་ནི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། འདི་ནི་དམ་ཚིག་ཡིན་ནོ། །དེ་ཉིད་བསྒྲུབ་པར་དཀའ་བ་ཞེས་བྱ་བ་
ལ་སོགས་པས་གསལ་བར་སྟོན་ཏེ། བསྒྲུབ་པར་དཀའ་བའི་ཕྱག་རྒྱ་ཡང་སྐད་ཅིག་གིས་འགྲུབ་པར་འགྱུར་བའོ། །རྣལ་འབྱོར་གྱིས་ནི་ཞེས་བྱ་བ་ནི་གང་གི་ཕྱིར་དེའི་རང་བཞིན་དུ་བསྒོམས་པས་ཐམས་ཅད་འགྲུབ་པར་འགྱུར་བའོ། །འབེབས་པའི་ཚིག་གིས་ནི་འདི་ཉིད་ཀྱི་དོན་ནི་སྙིང་པོས་སྟོན་པ་ཡིན་
ནོ། །ད་ནི་དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་བཞི་པོའི་ཕྱག་རྒྱ་བཅིང་བར་འབྲེལ་པ་སྟོན་པ་ཡིན་ཏེ། སོགས་པའི་སྒྲ་སྨོས་པས་ནི་སེམས་དཔའ་བཞི་པོའི་ཕྱག་རྒྱ་བཞི་པོ་ཡང་བསྟན་པར་བྱ་བའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་
เล่ม ๕๖ · หน้า 60b
ལས་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ལྟར་དམ་ཚིག་གི་དཀྱིལ་འཁོར་བསྟན་ཟིན་ནས། ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་དཀྱིལ་འཁོར་སྟོན་ཏོ། འགྲོ་བ་ཐམས་
ཅད་འདུལ་བ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་འདུལ་བའི་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ལ་བཞུགས་པའི་འཇིག་རྟེན་དབང་ཕྱུག་སྟེ་དེའི་སྙིང་པོ་ཡང་ཡིན་པར་གསུངས་པའོ། །ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྙིང་པོ་འདི་ཉིད་ཀྱི་དཀྱིལ་འཁོར་སྟོན་པ་ཡིན་ནོ། །དེ་ནས་ཞེས་
བྱ་བ་ནི་རྗེས་ཐོགས་ལ་སྟེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་རྗེས་ལའོ། །ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་མེད་ན་ཕྱག་རྒྱ་ཆེན་པོ་བསྒྲུབ་ཏུ་མི་རུང་བའི་ཕྱིར་རབ་ཏུ་བཤད་བྱ་བ་ཞེས་གསུངས་པ་ཡིན་ཏེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་པའོ། །ཅི་ཞིག་བཤད་ཅེ་ན། འགྲོ་བ་འདུལ་བའི་
དཀྱིལ་འཁོར་ཏེ། །ཞེས་བྱ་བ་གསུངས་ཏེ། འགྲོ་བ་འདུལ་བ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྲི་བར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་གསུངས་སོ། །ཅི་ལྟར་ནང་གི་དཀྱིལ་འཁོར་རམ་ཞེ་ན་མ་ཡིན་ཏེ།
ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་གསུངས་སོ། །ནང་གི་དཀྱིལ་འཁོར་ཇི་ལྟར་བྲི་བར་བྱ་ཞེ་ན། དེ་ཡི་ནང་དུ་པདྨོ་ཡང་། །དེ་བཞིན་དུ་ནི་བྲི་བར་བྱ། །ཞེས་གསུངས་སོ། །པདྨོ་དེ་ལ་ཅི་ཞིག་བྲི་བར་བྱ་ཞེ་ན། དེར་ནི་འདབ་མ་ཀུན་ཁྱབ་པའི། །སྣ་ཚོགས་གཟུགས་ནི་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ།
ལྟེ་བའི་དབུས་སུ་འཇིག་རྟེན་དབང་ཕྱུག་བྲིས་ལ་དེའི་ཕྱོགས་ཐམས་ཅད་ཀྱི་འདབ་མ་ཐམས་ཅད་དུ་སྐུའི་འོད་ཟེར་གྱི་སྒོ་ནས་བྱུང་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཟུགས་ཐམས་ཅད་བྲི་བར་བྱའོ། །དེ་ལྟར་བྲིས་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བྲིས་ནས། ད་ནི་དེ་ནས་ཞེས་
བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་པའི་ཆོ་ག་དང་དམ་ཚིག་སྦྱིན་པ་བསྒྲེ་བར་བྱའོ། །འགྲོ་བ་ཐམས་ཅད་འདུལ་བའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་འགྲོ་བ་འདུལ་བ་སྟེ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་དེའི་ཡེ་ཤེས་
เล่ม ๕๖ · หน้า 61a
དེ་བསླབ་པར་བྱ་ཞིང་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་བསྟན་པར་བྱ་ཞེ་ན། དེ་ནི་འགྲོ་བ་འདུལ་བ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདི་སྐད་སྟོན་ཏེ། ཇི་སྐད་གསུངས་པའི་དཀྱིལ་འཁོར་བྲིས་ནས་དེར་ཞུགས་ལ་དབུས་སུ་འདུག་སྟེ། སྡིག་པ་བཤགས་པ་
ལ་སོགས་པ་བྱས་ལ། བཅོམ་ལྡན་འདས་སྣ་ཚོགས་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི་སྣ་ཚོགས་འཆང་བ་དང་འདྲ་བར་འགྱུར་རོ། །དེ་ནས་འགྲོ་བ་འདུལ་བ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཇི་ལྟ་བུས་དེ་བསྒྲུབ་པ་སྟེ། དེ་
ནི་ཡི་གེས་ཇི་ལྟ་བ་བཞིན་དུ་མི་རྟོགས་པས་ན་གསང་བ་པའོ། །དེའི་ཡེ་ཤེས་ཡིན་པས་ན་གསང་བའི་ཕྱག་རྒྱའི་ཡེ་ཤེས་ཏེ་སྣ་ཚོགས་གཟུགས་ཀྱི་ཏིང་ངེ་འཛིན་དུ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྣ་ཚོགས་གཟུགས་ཅན་གྱི་ཕྱག་རྒྱ་
ཆེན་པོ་དེ་བྱིན་གྱིས་བརླབ་པ་ལ་སོགས་པ་བསྐྱེད་པར་བྱའོ་ཞེས་པའོ། །དབང་པོ་གཉིས་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ་དབང་པོ་གཉིས་ཏེ། བདག་གི་དབང་པོ་དང་། ལྷའི་དབང་པོ་གཉིས་རོ་གཅིག་པར་སྦྱར་ལ་དཀྱིལ་འཁོར་དུ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ནི་བདག་ཡིན་ནོ་ཞེས་ཐེ་ཚོམ་
མེད་པར་ངེས་པར་དེ་འགྲུབ་པར་འགྱུར་རོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཅིང་བ་རྣམས་བསླབ་པར་བྱའོ་ཞེས་བྱ་བ་འདིས་འདི་སྐད་སྟོན་ཏེ། ཇི་ལྟར་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་
གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་འདིར་ཡང་སྦྱར་རོ། །དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ནི་དེར་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་ཇི་ལྟར་བསྟན་པ་དེ་བཞིན་དུ་འདིར་ཡང་འགྲུབ་པར་འགྱུར་བ་ཡིན་ནོ་ཞེས་སྟོན་ཏོ། །དེ་བཞིན་དུ་རས་ལ་སོགས་པ་ལ་ཡང་བྱའོ་
ཞེས་བྱ་བ་འདིས་ཇི་ལྟར་དཀྱིལ་འཁོར་ཆེན་པོ་ཕྱག་རྒྱ་ཆེན་པོ་བྲིས་པ་དེ་བཞིན་དུ་གཞན་དག་ལ་ཡང་བྱའོ་ཞེས་སྟོན་པ་ཡིན་ནོ། །ཕྱག་རྒྱ་གཞན་རྣམས་ཀྱང་ཕྱག་རྒྱ་གཅིག་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་པས་ནི་ཇི་ལྟར་ཕྱག་རྒྱ་ཆེན་པོ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་བསྒྲུབ་པར་
เล่ม ๕๖ · หน้า 61b
བསྟན་པ་དེ་བཞིན་དུ། དམ་ཚིག་གི་ཕྱག་རྒྱ་ཡང་ཕྱག་རྒྱ་གཅིག་པའི་ཚུལ་དུ་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་གསུངས་པས་འདི་ཡང་བསྒྲུབ་པའི་ཁྱད་པར་མང་པོ་མེད་དོ་ཞེས་སྟོན་པ་ཡིན་ཏེ། ཇི་ལྟར་འདིར་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ཕྱག་རྒྱ་
གཅིག་པའི་དཀྱིལ་འཁོར་གྱི་ཚུལ་དུ་བྱ་བར་བསྟན་པ་དེ་བཞིན་དུ་རྟོག་པ་ཐམས་ཅད་ལ་ཡང་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་ཤེས་པར་བྱའོ། །ད་ནི་རྟོག་པ་འདི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་གསུངས་པ་དེ་ཡང་སངས་རྒྱས་དེ་རྣམས་
ཀྱིས་གནང་སྟེ་བཤད་དོ་ཞེས་སངས་རྒྱས་ཀྱི་གསུང་དུ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་པ་སྟོན་ཏོ། །འདི་དག་ནི་བཤད་ཟིན་ཏེ། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་ལས་ཀྱི་སྒོ་ནས་རྡོ་རྗེ་
སེམས་དཔའ་ལ་ལེགས་སོ་ཞེས་བྱ་བས་སྟོན་པའོ། །ཡོངས་སུ་དག་པའི་ཕྱིར། མདོ་འདི་ཡང་ནི་ལེགས་པར་བཤད། །ཅེས་གསུངས་སོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེའི་ཐེག་པ་བླ་ན་མེད། །ཅེས་བྱ་བས་སྟོན་ཏེ། རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཡེ་ཤེས་ནི་རྡོ་རྗེ་ལས་བྱུང་བའི་ཕྱིར་རོ། །
དེ་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡང་དེ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བླ་ན་མེད་ཅེས་བྱ་བ་གསུངས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཡིན་པར་སྟོན་ཏོ། །ཇི་ལྟར་ན་
འདི་གསང་བ་ཡིན་ཞེ་ན། གང་གི་ཕྱིར། ཐེག་པ་ཆེན་པོ་མངོན་འདུས་པའི། །ཞེས་བྱ་བ་གསུངས་པ་ཡིན་ཏེ། ཐེག་པ་ཆེན་པོ་འདིར་མངོན་དུ་ཕྱོགས་པས་བསྡུས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་འགྲེལ་པ་རྫོགས་སོ།། །།ད་ནི་འདི་མན་ཆད་དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་
เล่ม ๕๖ · หน้า 62a
པ་སྟོན་ཏོ། །དེ་ལ་རྟོག་པ་དེ་བསྟན་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་རིན་ཆེན་གྱི་གཟུགས་ཀྱིས་བཞུགས་པ་ལ་གསོལ་བ་གདབ་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་མཛད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་
ལ་སྟེ་ཆོས་ཀྱི་དམ་ཚིག་བསྟན་པའི་རྗེས་ལའོ། །ཡང་ཞེས་བྱ་བའི་སྒྲ་ནི་སྔར་འདུས་པ་མཛད་པ་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་དོ། །འདུས་ནས་ཞེས་བྱ་བ་ནི་ཚོགས་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་རིན་པོ་ཆེ་
ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ནོ། །རྡོ་རྗེ་འཛིན་པ་དེ་ཉིད་དེ། །ཞེས་བྱ་བ་རྡོ་རྗེ་འཛིན་པ་ཞེས་སྨོས་པ་ནི་འདིར་རྡོ་རྗེ་སེམས་དཔའ་གཟུང་སྟེ། གང་གི་ཕྱིར་འདི་ཉིད་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་
པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་དེ་ཉིད་ནམ་མཁའ་ཉིད་ཀྱི་སྐྱེ་གནས་མངའ་བས་ན་ནམ་མཁའི་སྙིང་པོ་ཞེས་བཤད་དེ། ནམ་མཁའི་འོད་ཟེར་གྱི་ནོར་བུ་རིན་པོ་ཆེ་ལས་བྱུང་བའི་ཕྱིར་རོ། །དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའོ། །མཚན་
བརྒྱ་རྩ་བརྒྱད་པ་འདིས་ཞེས་བྱ་བ་ནི་འོག་ནས་འབྱུང་བས་སོ། །གསོལ་བ་བཏབ་པོ་ཞེས་བྱ་བ་ནི་གསོལ་བ་འདེབས་པའི་རྒྱུ་ཡིན་པས་ན་གསོལ་བ་གདབ་པ་ཞེས་དེ་སྐད་གསུངས་ཀྱི་གཞན་དུ་ན་བསྟོད་དོ་ཞེས་པར་འགྱུར་རོ། །ནམ་མཁའི་སྙིང་པོ་སེམས་ཅན་དོན། །ཞེས་བྱ་བ་ལ་སོགས་པ་རབ་ཏུ་
བྱེད་པ་བཅོ་ལྔས་ནི་མཚན་བརྒྱ་རྩ་བརྒྱད་སྟོན་ཏེ། འདི་ལ་ནམ་མཁའ་ཉིད་ཀྱི་སྐྱེ་གནས་མངའ་བས་ན་ནམ་མཁའི་སྙིང་པོ་སྟེ་དེ་ལས་ཡང་དག་པར་བྱུང་བའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་དོན་མཛད་པས་ན་སེམས་ཅན་དོན་ཏོ། །འདི་ལ་སེམས་དཔའ་ཚད་མེད་པ་མངའ་བས་ན་
སེམས་དཔའ་ཆེན་པོའོ། །ཡང་ན་སེམས་ཅན་གྱི་ཁམས་ཆེན་པོའི་དོན་སྒྲུབ་པ་ལ་བརྩོན་པར་མཛད་པས་ན་སེམས་དཔའ་ཆེན་པོའོ། །མདངས་ཆེན་པོ་མངའ་བས་ན་གཟི་ཆེན་པོ་སྟེ་གཟི་ནི་མདངས་ལ་བྱའོ། །རིན་པོ་ཆེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རིན་ཆེན་ཆེ་བའོ། །རིན་པོ་ཆེ་བཟང་པོ་
เล่ม ๕๖ · หน้า 62b
རྣམས་ཀྱི་ནང་ན་མཆོག་ཡིན་པས་ན་རིན་ཆེན་མཆོག་གོ། །རྡོ་རྗེས་མཚན་པའི་རིན་པོ་ཆེ་ཡིན་པས་ན་རྡོ་རྗེ་རིན་ཆེན་ནོ། །རབ་ཏུ་བྱེད་པ་འདི་ལས་ནི་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །དབང་བསྐུར་སྩོལ་བས་ན་དབང་བསྐུར་སྦྱིན་ནོ། །ཚད་ཆེ་བས་ན་རིན་ཆེན་ཆེའོ། །ཤིན་ཏུ་རྣམ་པར་
དག་པས་ན་དག་པ་ཆེའོ། །དགེ་བ་རྒྱ་ཆེ་བའི་སེམས་ལས་ཡང་དག་པར་བྱུང་བས་ན་དགེ་བ་ཆེའོ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་བའི་དོན་དུ་གྱུར་པས་ན་སངས་རྒྱས་རིན་ཆེན་ནོ། །རིན་པོ་ཆེའི་སྐྱོན་དང་བྲལ་བས་ན་རྣམ་དག་སྐུའོ། །རིན་པོ་ཆེ་རྣམས་ཀྱི་ནང་ན་ཡོན་ཏན་གྱིས་འཕགས་པའི་ཕྱིར་
རིན་ཆེན་ནོ། །ནམ་མཁའི་ངོ་བོ་ཉིད་ཡིན་པས་ན་ནམ་མཁའོ། །དེ་ལས་ཡང་དག་པར་སྐྱེས་པས་ན་ནམ་མཁའ་ལས་བྱུང་བའོ། །སྤྲོ་བའི་དུས་སུ་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་པས་ན་ནམ་མཁའ་ཐམས་ཅད་དོ། །འདིས་འོད་ཆེན་པོ་མངའ་བས་དངོས་པོ་ཐམས་ཅད་གསལ་བར་
མཛད་པས་ན་འོད་ཆེ་བའོ། །ནམ་མཁའ་ཉིད་ཀྱི་རྒྱུ་མངའ་བས་ན་ནམ་མཁའི་དབྱིངས་ཀྱི་ནི་རྒྱུའི་དོན་ཡིན་ནོ། །དངོས་པོ་ཐམས་ཅད་ནམ་མཁའ་བསྒོམས་པས་ན་ནམ་མཁར་བྱེད་པའི་ཕྱིར་ནམ་མཁའ་ཀུན་ནོ། །རེ་བ་ཀུན་མཆོག་ཅེས་པ་ལ་རེ་བ་ནི་ཕྱོགས་ལ་བྱ་སྟེ་དེ་རྣམས་ཀྱི་མཆོག་ཡིན་པ་དེ་ལ་བརྟེན་
ནས་ཕྱོགས་ཀྱི་ཆ་རྣམ་པར་འཇོག་པའི་ཕྱིར་རོ། །སེམས་དཔའ་འདི་ལ་རིན་པོ་ཆེའི་རང་བཞིན་གྱི་མཛོད་སྤུ་མངའ་བས་ན་རིན་ཆེན་མཛོད་སྤུའོ། །རིན་པོ་ཆེ་ལྟ་བུའི་བསམ་པ་ལས་བྱུང་བས་ན་རིན་ཆེན་འབྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛོད་སྤུ་དང་ཉེ་བར་གནས་པས་ན་སངས་
རྒྱས་མཛོད་སྤུའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་བཟུང་བས་ན་བདེ་གཤེགས་རབ་བོ། །རིན་པོ་ཆེ་ཐམས་ཅད་འཛིན་པར་མཛད་པས་ན་རིན་ཆེན་ཐམས་ཅད་དོ། །རབ་ཀྱང་ཡིན་ལ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ཀྱང་ཡིན་པས་ན་རབ་ཏུ་ཀུན་མཆོག་གོ། །འདི་ལ་རིན་པོ་ཆེའི་དགོས་པ་
མངའ་བས་ན་རིན་ཆེན་དགོས་པའོ། །ཕྱིའི་འབྱུང་ཁུངས་ལས་བྱུང་བའི་རིན་པོ་ཆེ་རྣམས་དང་། དེ་ལས་གཞན་པ་ནང་གི་རིགས་ལ་སོགས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་རིགས་ཆེན་ནོ། །དེ་རྣམས་ལས་ཀྱང་མཆོག་ཏུ་གྱུར་པ་ཡིན་པས་ན་རིན་ཆེན་རིགས་མཆོག་གོ། །རིན་པོ་ཆེ་རྣམས་ཀྱི་
เล่ม ๕๖ · หน้า 63a
ནང་ན་དྲག་པོ་ཡིན་པས་ན་རིན་ཆེན་དྲག་སྟེ་རང་གི་གཟི་བརྗིད་ཀྱི་ཁྱད་པར་གྱིས་རིན་པོ་ཆེ་གཞན་རྣམས་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་སེམས་དཔའ་རྣམས་ཀྱི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ནོ། །རིན་ཆེན་ནི་དངོས་སུ་བཤད་པ་
འདི་ཉིད་དོ། །ཐུགས་རིན་པོ་ཆེ་ལས་བྱུང་བ་ཉིད་ཀྱིས་རིགས་རིན་པོ་ཆེ་རྣམས་ཤིན་ཏུ་ཁྱད་པར་དུ་འཕགས་པས་ན་རིན་ཆེན་དམ་པའོ། །ནམ་མཁའ་ཆེན་པོ་ལས་ཡང་དག་པར་འཁྲུངས་པས་ན་ནམ་མཁའ་ཆེའོ། །སྤྲོ་བའི་ཚེ་ནམ་མཁའ་དང་ལྷན་ཅིག་མཉམ་པར་མཛད་པས་ན་ནམ་མཁའ་མཉམ་མོ། །
རྒྱན་དུ་གྱུར་པར་མཛད་པས་ན་རྒྱན་ཏེ་ཨ་ལཾ་ནི་རྒྱན་གྱི་དོན་ལ་འཇུག་པ་ཡིན་པའི་ཕྱིར་རོ། །མཛེས་པ་ཆེན་པོར་མཛད་པས་ན་མཛེས་པ་ཆེའོ། །མཛེས་པ་རྣམས་སྐྱེ་བའི་གནས་སུ་གྱུར་པས་ན་མཛེས་པའི་འབྱུང་གནས་སོ། །མཛེས་པ་རྣམས་ཀྱི་ནང་ན་ཡང་མཛེས་པར་མཛད་པས་ན་རབ་མཛེས་མཛད་དོ། །དོན་
ཐམས་ཅད་སྦྱིན་པ་པོར་གྱུར་པས་ན་དོན་ཀུན་ནོ། །དྲི་མ་རྣམས་དང་བྲལ་བས་ན་དག་པའོ། །དག་པའི་དོན་རྣམས་རབ་ཏུ་སྩོལ་བར་མཛད་པས་ན་དག་པའི་དོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པས་ན་སྦྱིན་སྤྱོད་དོ། །བྱང་ཆུབ་ཀྱི་སེམས་ཀྱི་ཆོས་རིན་པོ་ཆེའི་ངོ་བོ་ཡིན་པས་ན་ཆོས་རིན་ཆེན་ནོ། །རྣམ་
པར་དག་པ་ནི་སངས་རྒྱས་རྣམས་ཏེ་དེ་རྣམས་ཀྱི་དཔྲལ་བར་བཞུགས་པས་ན་རྣམ་དག་མཆོག་གོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་སེམས་འདུས་པའི་ངོ་བོ་ཉིད་ཡིན་པས་ན་དགེ་འདུན་རིན་ཆེན་ནོ། །ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པའོ། །དེ་བཞིན་
གཤེགས་པ་རྣམས་དབང་བསྐུར་བས་ཆེན་པོ་རྣམས་དབང་བསྐུར་བར་བྱེད་པའི་ཕྱིར་དབང་བསྐུར་ཆེན་པོའོ། །གང་སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་དོན་རྫོགས་པར་མཛད་པས་ན་འཇིག་རྟེན་དོན་ཏོ། །དོན་རྣམས་སྩོལ་བས་རབ་ཏུ་དགའ་བ་སྐྱེད་པར་མཛད་པའི་ཕྱིར་དོན་སྦྱིན་ནོ། །སྦྱིན་པ་སྩོལ་བར་
མཛད་པས་ན་སྦྱིན་པའོ། །མཆོག་ཏུ་སྦྱིན་པ་སྩོལ་བར་མཛད་པས་ན་རབ་སྦྱིན་ནོ། །སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པས་ན་སྦྱིན་པའི་མཆོག་གོ། །འདིས་སྦྱིན་པར་མཛད་པས་ན་གཏོང་བ་སྟེ་སྦྱིན་པ་ཉིད་ཀྱི་རྣམ་གྲངས་ལ་གཏོང་བ་ཞེས་བྱའོ། །དགོངས་པ་ལ་དབང་བསྐུར་བས་ན་སྟོང་
เล่ม ๕๖ · หน้า 63b
མཆོག་ཅེས་བྱའོ། །བྱེད་པ་པོའི་སྒོ་ནས་སྦྱིན་མཛད་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་མཛད་པས་ན་སེམས་ཅན་དོན་ཏོ། །དངོས་པོ་ཐམས་ཅད་ལ་ཞུགས་པ་ཡིན་པའི་ཕྱིར་ཀུན་ནོ། །དངོས་པོ་ཐམས་ཅད་རྣམ་པར་རྟོག་པ་ལ་རག་ལས་པར་སྟོན་པས་ཕྱིན་ཅི་ལོག་ལས་
གྲོལ་བའི་ཕྱིར་དེ་ཉིད་དོན་ཏོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་མཛད་པས་ན་དོན་ཆེན་ནོ། །ཆེད་ཀར་དོན་དུ་གཉེར་བ་ཡིན་པས་ན་དོན་ཏོ། །རབ་ཏུ་བྱེད་པ་འདི་ལ་ནི་མཚན་བཅུ་གཅིག་ཡོད་དེ། དེ་ལ་སེམས་ཅན་རྣམས་ཀྱི་དོན་འབྱུང་བས་ན་བསམ་པའི་རྒྱལ་པོའོ། །ཚད་མེད་པའི་གཟི་བརྗིད་མངའ་
བས་ན་གཟི་བརྗིད་ཆེའོ། །འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཛད་པས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་ཚུལ་ལོ། །ཕྱིན་ཅི་མ་ལོག་པའི་དོན་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པའོ། །སེམས་དཔའ་དཔག་ཏུ་མེད་པས་ན་སེམས་དཔའ་
ཆེའོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲ་རབ་ལས་བྱུང་བས་ན་སངས་རྒྱས་ཀུན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བའི་དོན་དུ་བརྟགས་པས་ན་དེ་བཞིན་གཤེགས་པ་རིན་ཆེན་ཆེའོ། །རྡོ་རྗེ་གཟི་བརྗིད་ཀྱི་སྒོ་ནས་བསྟོད་པས་ན་དེ་བཞིན་གཤེགས་པ་འོད་ཆེ་སྟེ་ཞེས་
བྱའོ། །རྡོ་རྗེ་དཔལ་གྱི་སྒོ་ནས་བསྟོད་པས་ན་དེ་བཞིན་གཤེགས་པ་དཔལ་ཆེན་པོའོ། །རྡོ་རྗེ་བཞད་པའི་སྒོ་ནས་བསྟོད་པས་ན་བཞད་ཆེན་ནོ། །རབ་ཏུ་བྱེད་པ་འདི་ལ་ནི་མཚན་བཞི་ཡོད་དེ། གོང་གི་མཚན་བཅུ་གཅིག་པོ་དེ་ལས་གསུམ་འདིར་བསྡུ་བར་རིག་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་
བསྐུར་བའི་དོན་དུ་བརྟགས་པས་ན་དེ་བཞིན་གཤེགས་པའི་དབང་བསྐུར་རོ། །དབང་བསྐུར་བ་ཐམས་ཅད་ཀྱི་དམ་པར་གྱུར་པས་ན་མཆོག་གོ། །ཆེ་བ་རྣམས་ཀྱང་དབང་བསྐུར་བར་མཛད་པས་ན་དབང་ཆེན་ནོ། །ཐམས་ཅད་ཁྱབ་པས་ན་ཁྱབ་བདག་ཆེན་པོའོ། །འཇིག་རྟེན་རྣམས་སྲུང་བར་
མཛད་པས་ན་འཇིག་རྟེན་ནོ། །མགོན་མེད་པ་རྣམས་ཀྱི་དོན་ཡོངས་སུ་རྫོགས་པར་མཛད་པས་ན་མགོན་པོའོ། །འཇིག་རྟེན་རབ་མཆོག་ཅེས་བྱ་བ་ལ་འཇིག་རྟེན་གྱི་རབ་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱིས་དབང་བསྐུར་བ་ཡིན་པས་ན་འཇིག་རྟེན་རབ་མཆོག་གོ། །འཇིག་རྟེན་གྱི་བར་ན་གནས་
เล่ม ๕๖ · หน้า 64a
པ་རྣམས་ལ་ཡང་སྣང་བར་མཛད་པས་ན་འཇིག་རྟེན་ཉི་མའོ། །རབ་ཏུ་བྱེད་པ་འདི་ལ་ནི་མཚན་བརྒྱད་ཡོད་དོ། །རིན་པོ་ཆེ་ཐམས་ཅད་ལས་ཕུལ་དུ་བྱུང་བས་ན་རིན་ཆེན་ཕུལ་ལོ། །ཕུལ་དུ་བྱུང་བ་རྣམས་ལས་ཀྱང་ཕུལ་དུ་བྱུང་བས་ན་རབ་ཀྱི་མཆོག་གོ། །རིན་པོ་ཆེ་རྣམས་ཀྱི་རྒྱན་
མངའ་བས་ན་རིན་ཆེན་རྒྱན་ནོ། །རིན་པོ་ཆེ་རྣམས་མཛད་པས་ན་རིན་ཆེན་མཛད་དེ་རིན་པོ་ཆེའི་ཆར་རབ་ཏུ་འབེབས་པར་མཛད་པའི་ཕྱིར་རོ། །ཉིད་ཀྱི་སྣང་བ་རྗེས་སུ་འབྲང་བར་མཛད་པས་ན་རིན་ཆེན་སྣང་བའོ། །ཕྱོགས་སྐྱོང་བ་ཁྱབ་པར་མཛད་པས་ན་སྣང་བ་ཆེའོ། །འཇིག་རྟེན་ཐམས་ཅད་དུ་གྲགས་
པར་མཛད་པས་ན་རིན་ཆེན་གྲགས་པའོ། །རིན་པོ་ཆེའི་ཕུང་པོའི་ནང་ན་བཞུགས་པས་ན་རིན་ཆེན་ཕུང་པོ་སྟེ། རིན་པོ་ཆེའི་རང་བཞིན་ཅན་གྱི་ཕུང་པོ་མངའ་བའི་ཕྱིར་ཏེ་བྱི་བའི་བྲུན་ལྟ་བུའོ། །རིན་པོ་ཆེའི་བསམ་པ་བཟང་པོ་ལས་ཡང་དག་པར་འཁྲུངས་པས་ན་རིན་ཆེན་འབྱུང་ངོ་། །ནོར་བུའི་དོན་རྫོགས་
པར་མཛད་པས་ན་ནོར་བུའོ། །རྡོ་རྗེ་ནོར་བུས་མཚན་པས་ན་རྡོ་རྗེ་ནོར་བུའོ། །ཡོན་ཏན་རྣམས་ཀྱི་གཞིར་གྱུར་པས་ན་ཡོན་ཏན་ནོ། །རིན་པོ་ཆེ་ཐམས་ཅད་སྐྱེ་བའི་འབྱུང་གནས་སུ་གྱུར་པས་ན་རིན་ཆེན་འབྱུང་བའོ། །ཉིད་ཀྱི་འོད་ཀྱིས་ཡོངས་སུ་བསྐོར་བས་ན་སྐུ་རབ་འབར་རོ། །རིན་པོ་ཆེ་ཐམས་ཅད་
ཀྱི་རང་བཞིན་ཡིན་པས་ན་རིན་ཆེན་ཀུན་ནོ། །འདི་ལ་ནི་མཚན་བརྒྱད་ཡོད་དོ། །འདི་ལ་བདག་ཉིད་ཆེན་པོ་མངའ་ཞིང་བདག་ཉིད་ཆེ་བ་དང་ལྡན་པས་ན་ཆེ་ཉིད་དོ། །དབུལ་པོ་རྣམས་ཀྱིས་འཇུ་སར་གྱུར་པས་ན་ཤིང་ངོ་། །རིན་པོ་ཆེ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་རིན་ཆེན་དབང་ངོ་། །ཐམས་
ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པས་ན་རེ་བ་ཐམས་ཅད་སྐོང་མཛད་པའོ། །ཐམས་ཅད་ཀྱི་མངོན་པར་འདོད་པ་ཡང་དག་པར་སྒྲུབ་པར་མཛད་པས་ན་བསམ་པ་ཐམས་ཅད་ལེགས་པར་བརྙེས་པའོ། །དོན་གཅིག་དོན་དུ་གཉེར་ན་ཡང་བསམ་པའི་ཁྱད་པར་གྱིས་མང་པོ་རྙེད་
པར་འགྱུར་བས་ན་རིན་ཆེན་ཕུང་པོའོ། །འདི་ལ་ནི་མཚན་དྲུག་སྟེ་འདས་མ་ཐག་པའི་ལྷག་མ་རྣམས་བདུན་དུ་འགྱུར་རོ། །འོད་ཟེར་གསལ་བའི་མཆོག་མངའ་བས་ན་འོད་མཆོག་གོ། །ཐུགས་རིན་པོ་ཆེས་ཐམས་ཅད་དུ་ཁྱབ་པས་ན་ཁྱབ་པའོ། །དངོས་པོ་ཐམས་ཅད་ཐུགས་རིན་པོ་ཆེ་འདིར་འདུས་
เล่ม ๕๖ · หน้า 64b
པས་ན་བདག་ཉིད་ཀུན་ནོ། །མཆོག་སྩོལ་བར་མཛད་པས་ན་མཆོག་རབ་སྦྱིན་ནོ། །མཆོག་ཆེན་པོ་མངའ་བས་ན་མཆོག་ཆེ་བའོ། །འདི་ཡོད་པ་ལས་འབྲུ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་ན་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །འདི་ཡོད་པ་ལས་ཁྱད་པར་དུ་འབྱོར་བར་གྱུར་པས་ན་འབྱོར་
པའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྙིང་པོ་མངའ་བས་ན་རྡོ་རྗེའི་སྙིང་པོའོ། །འདི་ལ་ནི་མཚན་བརྒྱད་དེ་དེ་ལྟར་ན་མཚན་བརྒྱ་རྩ་བརྒྱད་དུ་ཤེས་པར་བྱའོ། །ད་ནི་མིང་བརྒྱ་རྩ་བརྒྱད་ཅེས་བྱ་བ་ལ་སོགས་པས་མཚན་བརྒྱ་རྩ་བརྒྱད་པའི་ཕན་ཡོན་ཏེ། ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུར་
གྱུར་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་དབང་བསྐུར་ཐོབ། །ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དབང་བསྐུར་བས་བསྟོད་ན་སངས་རྒྱས་ཐམས་ཅད་འདིར་དབང་བསྐུར་བ་ལ་མངོན་དུ་ཕྱོགས་པར་འགྱུར་བའོ། །སྡིག་མེད་ཅེས་པ་ནི་བསྟོད་པས་སྡིག་པ་དང་བྲལ་བའི་ཕྱིར་རོ། །རིན་ཆེན་ཁྱོད་
ཅེས་བྱ་བ་ནི་བོད་པའོ། །གསོལ་བ་ནི་ཞེས་བྱ་བ་ནི་བསྙེན་བཀུར་སྔོན་དུ་འགྲོ་བའི་བསྟོད་པས་མཆོད་པའོ། །ནོར་འདུས་པ་ནི་བཤད་པར་མཛོད། །ཅེས་བྱ་བ་ནི་ནོར་ཡང་དག་པར་བསགས་པའི་རྒྱུར་གྱུར་པས་ན་རིན་པོ་ཆེའི་རིགས་ཉིད་ལ་ནོར་འདུས་པའི་སྒྲར་གསུངས་སོ། །སངས་རྒྱས་ཀུན་གྱི་དབང་བསྐུར་
མཆོག །ཅེས་བྱ་བ་ལ་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བའི་མཆོག་ནི་རྡོ་རྗེ་རིན་ཆེན་ཏེ། དེ་རིགས་འདིར་གཙོ་བོ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །རང་གི་རིགས་ནི་སྐྱེད་པར་མཛོད། །ཅེས་བྱ་བ་ནི་རིན་པོ་ཆེའི་རིགས་ཤེས་པར་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །
དབང་བསྐུར་བའི་དམ་ཚིག་ཅེས་བྱ་བ་ནི་བདག་པོར་བསྐུར་བའི་དམ་ཚིག་གི་སྙིང་པོའོ། །ད་ནི་འདི་མན་ཆད་བདག་པོ་ལྔའི་རང་གི་དཀྱིལ་འཁོར་ལྔ་བྱིན་གྱིས་རློབ་པར་མཛད་པའི་རིག་པ་དམ་པ་ལྔ་ཡིན་པར་ཤེས་པར་བྱ་སྟེ། དང་པོའི་རིག་པ་དམ་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུའི་དམ་
ཚིག་ཅེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ནོར་བུའི་དམ་ཚིག་གོ། །གཉིས་པ་ལ་རང་གི་རིགས་འབྱུང་བ་ཞེས་གསུངས་པ་ནི་རང་གི་རིགས་ཏེ་རིན་པོ་ཆེའི་རིགས་འདི་ལས་འབྱུང་བའི་ཕྱིར་རོ། །གསུམ་པར་རང་གི་རིག་པ་དམ་པ་ཞེས་གསུངས་པ་ནི་རང་གི་དཀྱིལ་འཁོར་བྱིན་
เล่ม ๕๖ · หน้า 65a
གྱིས་རློབ་པར་བྱེད་པའི་རིག་པ་དམ་པ་ཡིན་པས་ན་རང་གི་རིག་པ་དམ་པའོ། །བཞི་པར་ཡང་རང་གི་རིགས་འབྱུང་བའི་རིག་པ་དམ་པ་ཞེས་གསུངས་པ་ནི་རང་གི་རིགས་འབྱུང་བ་ཡང་འདི་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ལྔ་པར་ཡང་རང་གི་རིག་པ་དམ་པ་ནི་ཞེས་གསུངས་
པ་ནི་རང་གི་རིགས་འབྱུང་བའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་རིན་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་དབང་བསྐུར་
བའི་རིན་པོ་ཆེ་ལ་དམིགས་པས་ན་ཏིང་ངེ་འཛིན་འདི་ལ་མིང་འདི་སྐད་ཅེས་བྱའོ། །དེ་ནས་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནོར་བུ་རིན་པོ་ཆེ་ལྟ་བུའི་འོད་ཟེར་རྣམས་བྱུང་ནས་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་ནོར་བུ་རིན་པོ་ཆེ་སྟེ་དེ་ལྟ་བུའི་འོད་ཟེར་རྣམས་
སོ། །དེ་དག་གིས་ཞེས་བྱ་བ་ནི་འོད་ཟེར་རྣམས་ཀྱིས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པའོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ནས་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ནི་འཇིག་རྟེན་པའི་
ལྷ་ལ་སོགས་པ་སྟེ། དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་སྟེ་དེས་དབང་བསྐུར་བའོ། །ཡང་གཅིག་ཏུ་གྱུར་ཏེ་ཞེས་བྱ་བ་ནི་སྤྲོས་པ་རྣམས་བསྡུ་བ་བྱས་པས་སླར་འདུས་ཏེ་གཅིག་ཏུ་གྱུར་པའོ། །བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་ཐུགས་སུ་ཞུགས་སོ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་སེམས་དཔའ་རྣམས་སྤྲུལ་པར་མཛད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་བྱ་སྟེ་འོད་ཟེར་ཞུགས་པའི་རྗེས་ལའོ། །ནམ་མཁའི་སྙིང་པོའི་ཐུགས་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་
ཉིད་ཅེས་བྱ་བ་ནི་གང་སྔར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་གདབ་པ་རྡོ་རྗེའི་སྙིང་པོའི་ཚུལ་གྱིས་བཞུགས་པ་དེའི་ཐུགས་ལས་སྤྲུལ་པའི་སྐུ་དེ་བཞག་སྟེ། དེར་ཕྱག་ན་རྡོ་རྗེ་ཉིད་དཀྱིལ་འཁོར་བའི་སེམས་དཔའ་ལྷག་མ་རྣམས་ཀྱི་གཟུགས་སུ་འབྱུང་བའོ། །མཚན་མ་ཇི་ལྟ་བུས་བྱུང་ཞེ་ན། ཀུན་
เล่ม ๕๖ · หน้า 65b
ནས་འོད་ཟེར་འབར་བའི་སྙིང་པོས་ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེའི་འོད་ཟེར་ཀུན་ནས་འབར་བ་དེས་སྙིང་པོར་བྱས་ཤིང་ནང་དུ་ཆུད་པར་བྱས་པས་ན་ཀུན་ནས་འོད་ཟེར་འབར་བའི་སྙིང་པོའོ། །རྡོ་རྗེ་དང་ནོར་བུ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་དཔལ་ལ་སོགས་པའི་བཀོད་པ་དང་། རྒྱན་གྱིས་བརྒྱན་པའི་སྐུ་ཞེས་བྱ་
བ་ནི་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་ཡང་ཡིན་ལ་སྣ་ཚོགས་པ་ཡང་ཡིན་པས་ན་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་སྣ་ཚོགས་སོ། །དེ་རྣམས་ཀྱིས་དབང་བསྐུར་བ་ནི་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་དབང་བསྐུར་བའོ། །དེ་ལ་དང་པོར་བྱས་པའི་རྒྱན་གང་ཡིན་པ་དེ་ནི་རྡོ་རྗེ་
དང་། ནོར་བུ་དང་། རིན་པོ་ཆེ་ལ་སོགས་པའི་རྒྱན་ནོ། །དེ་ཉིད་ནི་རྒྱན་ཏེ་དེས་བརྒྱན་པའི་སྐུ་གང་ཡིན་པ་དེ་ནི་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་དབང་བསྐུར་བ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའི་སྐུའོ། །རྡོ་རྗེའི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཕྱག་རྒྱའི་མཚན་མ་ཕྱག་ན་བསྣམས་པ་
ཞེས་བྱ་བ་ནི་རྡོ་རྗེའི་ནོར་བུ་དང་རིན་པོ་ཆེ་ཡང་ཡིན་པས་རྡོ་རྗེ་ནོར་བུ་རིན་པོ་ཆེ་ཆེན་པོའོ། །དེ་ཉིད་ནི་ཕྱག་རྒྱའི་མཚན་མ་ཡིན་པས་ན་རྡོ་རྗེའི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཕྱག་རྒྱའི་མཚན་མའོ། །དེའི་ཕྱག་ན་བསྣམས་པ་གང་ཡིན་པ་དེ་ནི་རྡོ་རྗེའི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཕྱག་རྒྱའི་མཚན་མ་ཕྱག་ན་
བསྣམས་པའོ། །དེ་རྣམས་ཅིར་འགྱུར་ཏེ་བྱུང་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུ་རྣམས་སུ་གྱུར་ཏེ་བྱུང་ཞེས་བྱ་བ་གསུངས་སོ། །བྱུང་ནས་གང་དུ་བཞུད་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་བྱ་བ་གསུངས་སོ། །དེ་རྣམས་ཀྱིས་དེར་ཅི་ཞིག་མཛད་ཅེ་ན། རིན་པོ་ཆེ་ཆེན་
པོའི་ཆར་ཕབ་པ་ལ་སོགས་པ་ནོར་བསྐྱེད་པ་རྣམས་ཀྱིས་སེམས་ཅན་རྣམས་མགུ་བར་བྱས་ནས་ཞེས་བྱ་བ་གསུངས་སོ། །མགུ་བར་བྱས་ནས་སླར་ཡང་ཅི་ཞིག་མཛད་ཅེ་ན། སླར་ཡང་བྱོན་ཏེ་ཞེས་བྱ་བ་གསུངས་སོ། །སླར་བྱོན་ནས་གང་དུ་བཞུགས་ཤེ་ན། བཅོམ་ལྡན་འདས་རྣམ་པར་སྣང་
མཛད་ཀྱི་ཕྱོགས་ཐམས་ཅད་དུ་ཞེས་བྱ་བ་གསུངས་སོ། །ཇི་ལྟར་བཞུགས་ཤེ་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་གསུངས་སོ། །གང་དུ་བཞུགས་ཤེ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ཞེས་བྱ་བ་གསུངས་སོ། །དེར་བཞུགས་ནས་ཅི་ཞིག་མཛད་ཅེ་ན། ཆེད་དུ་བརྗོད་པ་
เล่ม ๕๖ · หน้า 66a
འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་གསུངས་སོ། །ཆེད་དུ་བརྗོད་པ་གང་ཡིན་ཞེ་ན། དེ་ནི་ཨེ་མའོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་ཐམས་ཅད་བསྡུས་པ་ནི། །ཞེས་བྱ་བ་སྟེ།
སངས་རྒྱས་ཐམས་ཅད་དུ་གཏོགས་པའི་རིན་པོ་ཆེ་ཐམས་ཅད་བསྡུས་པ་འདི་ཡིན་པས་ན་རིན་ཆེན་ཐམས་ཅད་བསྡུས་པའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་རིན་ཆེན་རིགས་ཉིད་དུ། །ཞེས་བྱ་བ་སྟེ་རྡོ་རྗེས་མཚན་པའི་རིན་པོ་ཆེས་ཉེ་བར་མཚོན་པའི་རིགས་ཡིན་པས་ན་རྡོ་རྗེ་རིན་ཆེན་རིགས་ཉིད་དོ། །
ཅི་སྲིད་པའི་དྲ་བ་སྤངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་འདི་དགོས་སམ་ཞེ་ན། གང་གི་ཕྱིར་ཞེས་བྱ་བའི་སྒྲ་འདི་བར་འདིར་སྦྱར་བར་བལྟ་སྟེ། གང་ཕྱིར་འགྲོ་བའི་དོན་དུ་འདི་གྱུར་ཏོ། །ཞེས་བྱ་བ་གསུངས་སོ། །དེ་ནི་འདི་ལྟར་སྟོན་ཏེ་བག་ཆགས་དང་བཅས་པའི་ཉོན་
མོངས་པ་སྤངས་པའི་དེ་བཞིན་གཤེགས་པ་རྣམས་ལ་ནོར་བསགས་པ་དགོས་པ་མ་ཡིན་མོད་ཀྱི། །འོན་ཀྱང་དབང་པོ་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ལ་འདི་དགོས་པའི་ཕྱིར་རོ། །ད་ནི་ཇི་ལྟར་སྤྲུལ་པའི་ཕྱག་རྒྱའི་ཚོགས་འདི་རྣམས་བྲི་བར་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་
པའི་གཞུང་གསུངས་པ་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འདི་ཕུལ་ཏེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་སྟེ། སངས་
རྒྱས་ཀྱི་གསུང་ཉིད་དུ་བསྒྲགས་པ་དང་། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ། །ཕུལ་ནས་ཇི་ཞིག་མཛད་ཅེ་ན། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ་ཞེས་བྱ་བ་སྨོས་ཏེ། དོན་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པའམ་ཐམས་ཅད་ཀྱི་དོན་གྲུབ་པས་ན་དོན་ཐམས་
ཅད་གྲུབ་པ་སྟེ་མིང་འདི་སྐད་ཅེས་བྱ་བའི་དཀྱིལ་འཁོར་གང་ཡིན་པ་ཐུགས་ལ་གནས་པ་འདི་གསུངས་ཤིང་བཀའ་སྩལ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་དཀྱིལ་འཁོར་སྤྲུལ་པའི་རྗེས་ལའོ། །བྲི་བའི་དཀྱིལ་འཁོར་མེད་ན་སེམས་ཅན་
เล่ม ๕๖ · หน้า 66b
དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱི་དོན་དུ་མི་འགྱུར་ཏེ། དེ་བས་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། རབ་ཏུ་བཤད་པ་ཞེས་བྱ་བ་ནི། ཡང་དག་པར་རབ་ཏུ་ཕྱེ་ཞིང་བཤད་པས་ན་རབ་ཏུ་བཤད་བྱ་བའོ། །ཅི་ཞིག་བཤད་པར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའོ། །ཇི་ལྟ་བུ་ཞེ་ན་
དམ་པའོ། །ཅི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ལ་ཞེས་བྱ་བ་སྟེ་རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན་དོན་ཀུན་གྲུབ་པ་ཞེས་བཤད་པ་ཞེས་བྱ་བའོ། །དེའི་སྲད་བུ་ཇི་ལྟ་བུ་བྲེ་བར་བྱ་ཞེ་ན། གྲུ་བཞི་པ་ལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འདི་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་
ཉིད་དུ་བཤད་ཟིན་ཏོ། །དེའི་ནང་དུ་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་ཕྱིའི་དཀྱིལ་འཁོར་གྱིའོ། །ནང་དུ་ཞེས་བྱ་བ་ལ་ནང་རིམ་དུ་ཅི་ཞིག་བྱ་ཞེ་ན། རྡོ་རྗེའི་རིན་ཆེན་ལས་བྱུང་གནས་བྱ་ཞིང་། །ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། དེའི་ནང་དུ་རིན་པོ་ཆེ་ཟུར་ཆ་བརྒྱད་པར་བྱས་ཏེ།
རྡོ་རྗེའི་ཐིག་ཉིད་ཟུར་བརྒྱད་པར་གདབ་པར་བྱའོ། །དེའི་དབུས་སུ་ནི། ཀ་བ་བརྒྱད་ཀྱི་ཚུལ་དུ་ནི། །རིན་ཆེན་སྣ་ཚོགས་འོད་འབར་བའི། །དཀྱིལ་འཁོར་ལྔས་ནི་བརྒྱན་གྱུར་པར། །དེར་ནི་སྲད་བུ་བྲེ་བར་བྱ། །ཞེས་བྱའོ། །འདི་སྐད་སྟོན་ཏེ། ཕྱིའི་ཐིག་ཟུར་བརྒྱད་པར་བཏབ་པའི་ནང་དུ་རིགས་རེ་རེ་ཞིང་
ཡང་དཀྱིལ་འཁོར་ལྔ་ལྔས་མཛེས་པར་བྱས་ལ་དེའི་རིན་པོ་ཆེ་སྣ་ཚོགས་ཀྱང་འོད་འབར་བར་བྱས་ཏེ། སེམས་དཔའ་རེ་རེའི་ནང་གི་དཀྱིལ་འཁོར་རེ་རེ་ཞིང་ཡང་རིན་པོ་ཆེ་གཞན་དང་གཞན་དུ་བྱ་བ་དང་། རིན་པོ་ཆེ་དེ་དག་གི་འོད་ཟེར་ཡང་རྣམ་པ་སྣ་ཚོགས་སུ་འབར་བ་ཤ་སྟག་གིས་འབར་བར་བྱའོ། །དཀྱིལ་
འཁོར་ལྔ་པ་ལྔའི་དབུས་མའི་དཀྱིལ་འཁོར་ལྔ་ལ་ཅི་ཞིག་བྱ་ཞེ་ན། རང་གི་ཕྱག་རྒྱས་བསྐོར་ཏེ། དེར་ནི་སངས་རྒྱས་གཞག་པར་བྱ། །ཞེས་བྱ་བ་སྟེ། རང་གི་ཕྱག་རྒྱ་བཞི་པོའི་འཁོར་གྱིས་བསྐོར་བས་ན་རང་གི་ཕྱག་རྒྱས་བསྐོར་བའོ། །དེ་ལ་དེ་དག་གི་སྙིང་པོ་ནི་འདི་རྣམས་སོ་ཞེས་བྱ་བ་ནི། ཕྱག་
རྒྱ་བཞི་པོའི་དགོད་པར་བྱ་བའི་སྙིང་པོ་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ནི་དཀྱིལ་འཁོར་ཐོག་མ་བྱིན་གྱིས་རློབ་པ་དང་དགོད་པའི་རིགས་པ་དམ་པ་དེ་ཉིད་ཡིན་པར་ཤེས་པར་བྱའོ། །རེ་བ་ཀུན་གྲུབ་དཀྱིལ་འཁོར་དུ། །ཞེས་བྱ་བ་ལ་སོགས་པ་ལ། རེ་བ་ཀུན་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ནི་
เล่ม ๕๖ · หน้า 67a
འདིར་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་བས་ན་རེ་བ་ཀུན་གྲུབ་དཀྱིལ་འཁོར་ཏེ། རེ་བ་ཀུན་གྲུབ་པ་ནི་འདིར་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་གཟུང་བར་བྱའོ། །དེ་ཇི་ལྟར་བྲི་བར་བྱ་ཞེ་ན། དེའི་ཕྱིར་རིན་ཆེན་མཆོག་ནི་སྦྱིན་པར་བྲི། །ཞེས་བྱ་བ་སྟེ། རིན་པོ་ཆེ་དམ་
པ་སྩོལ་བས་ན་རིན་ཆེན་མཆོག་སྦྱིན་ནོ། །ཡང་ན་རིན་པོ་ཆེ་དང་རྒྱལ་སྲིད་ལ་སོགས་པའི་དམ་པ་སྩོལ་བས་ན་རིན་ཆེན་མཆོག་སྦྱིན་ཏེ། །ཕྱག་གཡས་པ་ན་མཆོག་སྦྱིན་རིན་པོ་ཆེ་དང་བཅས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ནི་ཕྱོགས་བཞི་ཆར་དུའོ། །
རིན་ཆེན་ཕྱག་རྒྱར་ལྡན་པ་ཡི། །ཞེས་བྱ་བ་ལ་རིན་ཆེན་ཕྱག་རྒྱ་ནི་མཚན་མ་སྟེ། རང་གི་ཕྱག་རྒྱ་ལག་ན་ཐོགས་པའོ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །སེམས་དཔའ་ཆེན་པོ་རྣམས་བྲིའོ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་གོ་རིམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་
དོན་ཏོ། །རིན་ཆེན་ཕྲེང་བའི་དཀྱིལ་འཁོར་དུ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཕྱག་གཉིས་ན་རིན་པོ་ཆེའི་ཕྲེང་བ་བསྣམས་པ་ནི་རིན་ཆེན་ཕྲེང་བ་ཡིན་པར་ཤེས་པར་བྱ་སྟེ། དེའི་དཀྱིལ་འཁོར་ཡིན་པས་ན་རིན་ཆེན་ཕྲེང་བའི་དཀྱིལ་འཁོར་རོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ཞེས་བྱ་བ་
ལ་སོགས་པ་ལ། དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ནི་རིན་ཆེན་ཕྲེང་བའིའོ། །ལྟག་འོག་གོ་རིམས་ཇི་བཞིན་པར། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སེམས་དཔའ་རྣམས་ཀྱི་གོ་རིམས་ཇི་ལྟ་བར་གནས་པ་དེ་དང་དེ་བཞིན་དུ་བྲི་བར་བྱ་སྟེ། འདི་དག་གི་ཕྱག་
མཚན་ལ་ནོར་བུས་མཚན་པ་ཕྱག་ན་ཐོགས་པའི་ཁྱད་པར་འབའ་ཞིག་ཏུ་ཟད་དོ། །འདིར་དབུས་ཀྱི་དཀྱིལ་འཁོར་དུ་ནི་རྡོ་རྗེ་སྙིང་པོ་བཞུགས་པར་ཤེས་པར་བྱ་ལ། རིན་ཆེན་ཕྲེང་བ་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་གཞག་པར་བྱའོ། །རིན་ཆེན་པདྨོའི་དཀྱིལ་འཁོར་དུ། །ཞེས་བྱ་བ་ནི་རིན་པོ་
ཆེས་མཚན་པའི་པདྨོ་མངའ་བས་ན་རིན་ཆེན་པདྨོ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་གནས་ཀྱི་རྡོ་རྗེ་སྙིང་པོའོ། །རིན་ཆེན་པདྨ་འཛིན་ཁྱབ་བདག །དེར་གནས་པར་ནི་བྲི་བར་བྱ། །ཞེས་བྱ་བ་ལ་དེར་བཞུགས་པས་ན་དེར་གནས་པའོ། །ནི་ཞེས་བྱ་བའི་སྒྲའི་དོན་ཉིད་ཅེས་བྱ་བའི་དོན་ཏེ་
เล่ม ๕๖ · หน้า 67b
གནས་དེ་ཉིད་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་བྲི་བར་བྱ་ཞེ་ན། རིན་ཆེན་པདྨ་འཛིན་པ་ཞེས་བྱ་བ་སྟེ་རིན་པོ་ཆེས་མཚན་པའི་པདྨ་བསྣམས་པའོ་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་རོ། །དེའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིན་ཆེན་ཆར་ཞེས་བྱ་བ་ལ་སོགས་པ་ལ་འདིར་རིན་
པོ་ཆེའི་ཆར་འབེབས་པར་བྱེད་པ་ཡིན་པས་ན་རིན་ཆེན་ཆར་འབེབས་སོ། །དེའི་དཀྱིལ་འཁོར་ཡིན་པས་རིན་ཆེན་ཆར་འབེབས་དཀྱིལ་འཁོར་རོ། །དེའི་དབུས་ཀྱི་དཀྱིལ་འཁོར་དུ་ཅི་ཞིག་བྲི་བར་བྱ་ཞེ་ན། སེམས་དཔའ་ཆེ་རྣམས་དེར་ཡང་བྲི། །ཞེས་བྱ་བ་གསུངས་ཏེ། སེམས་དཔའ་ཆེན་པོ་ནི་འདིར་
གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་རྡོ་རྗེ་སྙིང་པོ་གང་ཡིན་པའོ། །ཅི་ཞིག་མཛད་པར་བྲི་ཞེ་ན། །རིན་ཆེན་ཆར་ནི་རབ་འབེབས་པའི། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་འབེབས་ཤིང་གཏོང་བར་བྲི་བར་བྱའོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །
ཞེས་བྱ་བ་ནི་ཕྱོགས་ཀུན་དུའོ། །ཅི་འདྲ་བར་བྲི་ཞེ་ན། མདོར་ནི་ལག་ན་ཕྱག་རྒྱ་ཡང་། །རིན་ཆེན་མཚན་མར་ལྡན་པ་ཡི། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་རང་གི་མཚན་མ་རྣམས་རིན་པོ་ཆེས་མཚན་པ་ཕྱག་ན་བསྣམས་པར་བྲི་བར་བྱའོ། །ཅི་ཞིག་བྲི་ཞེ་ན། སེམས་དཔའ་ཆེ་
རྣམས་ཆོ་ག་བཞིན། །ཞེས་བྱ་བའོ། །དེ་ལ་དེ་དག་གི་སྙིང་པོ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་འདིར། །ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་བྲིས་པའི་རྗེས་ཐོགས་ལའོ། །དཀྱིལ་འཁོར་ཆེན་པོ་ནི་འདིར་དོན་
ཐམས་ཅད་གྲུབ་པའི་དཀྱིལ་འཁོར་རོ། །ནོར་བུ་རིན་པོ་ཆེའི་སློབ་དཔོན་ཉིད་ཇི་ལྟ་བ་བཞིན་དུ་བཞུགས་ཏེ་ཞེས་བྱ་བ་ལ་ནོར་བུ་རིན་པོ་ཆེ་ཐོགས་པའི་སློབ་དཔོན་ཡིན་པས་ན་ནོར་བུ་རིན་པོ་ཆེའི་སློབ་དཔོན་ཏེ་དཀྱིལ་འཁོར་འདིར་དབང་བསྐུར་བ་དང་། གཞུང་ཤེས་པ་དང་། ལས་ལ་མཁས་པའོ། །
ཇི་ལྟ་བ་བཞིན་དུ་ཞུགས་ཏེ་ཞེས་བྱ་བ་ནི་ཕྱག་བཞི་བྱས་ནས་རྡོ་རྗེ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་བུམ་པས་བདག་ཉིད་དབང་བསྐུར་ལ་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་དམ་ཚིག་གི་ཕྱག་རྒྱ་རང་གི་སྙིང་པོས་བཅིངས་ནས་དེས་ཕྲེང་བ་བཟུང་ལ་འཇུག་པའི་སྙིང་པོ་བརྗོད་ནས་ཞུགས་ཏེ་མི་བསྐྱོད་པའི་གནས་ན་
เล่ม ๕๖ · หน้า 68a
བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལ་ཕྲེང་བ་དེ་ཕུལ་ནས་སླར་ཡང་བླངས་ཏེ། བདག་གི་མགོ་ལ་དེ་བཅིང་ཞིང་སློབ་དཔོན་གྱི་ལས་ཐམས་ཅད་ཀྱང་བདག་ལ་དེས་མཛད་པར་ལྷག་པར་མོས་པར་བྱའོ། །དེ་ནས་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་བཀའ་ནོད་པ་ལ་
སོགས་པ་བྱའོ། །འདི་ནི་རང་གི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱ་བ་རྒྱས་པ་ཡིན་ནོ། །ད་ནི་སློབ་མ་གཞུག་པའི་ཆོ་ག་སྟོན་ཏེ། རིན་པོ་ཆེས་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་ནོར་བུའི་སློབ་མ་དབང་བསྐུར་ཏེ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་སྙིང་པོ་བཟླས་པའི་ཕྱི་རོལ་ན་གནས་པ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་
བྱིན་གྱིས་བརླབས་པས་དབང་བསྐུར་བའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་སྟེ། རྡོ་རྗེ་ནོར་བུ་ཡང་ཡིན་ལ་དམ་ཚིག་གི་ཕྱག་རྒྱ་ཡང་ཡིན་པས་ན་རྡོ་རྗེ་ནོར་བུའི་དམ་ཚིག་ཕྱག་རྒྱ་སྟེ། དེ་བཅིང་བར་བྱ་བའོ། །དེ་ཡང་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་ནི་
སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་རྡོ་རྗེ་རིན་ཆེན་གྱི་མྱུ་གུ་ཞེས་གྲགས་པ་གང་ཡིན་པ་སྟེ། དེ་སློབ་མ་འཆིང་དུ་གཞུག་གོ། །སྙིང་པོ་གང་གིས་ཕྱག་རྒྱ་དེ་འཆིང་དུ་གཞུག་ཅེ་ན། འདི་ཞེས་བྱ་བས་སྟོན་ཏེ། རྗེས་ཐོགས་ཉིད་ལ་སྙིང་པོ་སྟོན་པས་སོ། །དེའི་རྗེས་ལ་ཅི་ཞིག་བྱ་ཞེ་ན། ཁ་དོག་
ཇི་ལྟ་བུའི་རྙེད་པའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདི་སྐད་སྟོན་ཏེ། རིན་པོ་ཆེའི་རིགས་ལ་ནི་ནོར་བུའི་ཁ་དོག་སྣ་ཚོགས་པ་སྲིད་པས་གོས་ལ་ཁ་དོག་ནི་ངེས་པ་མེད་དེ་ཅི་རྙེད་པ་ལས་སྟོད་གཡོགས་བྱའོ། །གདོང་གཡོགས་ཇི་ལྟ་བུས་བྱ་ཞེ་ན། དེ་དང་འདྲ་བས་མིག་གཡོགས་ལ་སྙིང་པོ་
འདི་བརྗོད་དུ་བཅུག་སྟེ་གཞུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཞུགས་ནས་དམ་ཚིག་མ་བསྲུངས་པ་དེའི་ཉེས་དམིགས་ནི་འདི་ཁྱོད་ཀྱིས་སུ་ལ་ཡང་ཞེས་བྱ་བ་ལ་སོགས་པ་འདིས་སྟོན་ཏོ། །དམ་ཚིག་གཉིས་སུ་བྱས་ཏེ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ལག་པ་གཡས་པའི་སོར་མོའི་གུང་
མོ་ལ་གཡོན་པའི་ཁྲོ་བོའི་ལྕགས་ཀྱུས་གཏོག་ཅིང་རྡོ་རྗེ་དབབ་པའི་སྙིང་པོ་བརྗོད་པ་དེ་བཞིན་དུ་འདིར་ཡང་གཡས་པའི་མཛུབ་མོའི་ལྕགས་ཀྱུས་རྡོ་རྗེ་མྱུ་གུ་ལ་གཡོན་པའི་མཛུབ་མོའི་ལྕགས་ཀྱུས་བཏབ་ཅིང་རྡོ་རྗེ་དབབ་པའི་སྙིང་པོ་ཡང་བརྗོད་པར་བྱའོ། །དེ་ནས་ཐེག་པ་ཆེན་པོ་མངོན་པར་འདུས་
เล่ม ๕๖ · หน้า 68b
པ་ཡང་བརྗོད་པར་བྱའོ། །དེ་ནས་སློབ་མ་དེ་ལ་འབབ་པར་འགྱུར་རོ། །འདི་དག་ནི་གོ་སླ་བས་འདིར་མ་བཤད་དོ། །བབས་ནས་རྡོ་རྗེ་ཚིག་གིས་དྲི་བར་བྱའོ་ཞེས་བྱ་བ་ནི་འབྲས་བུ་སྟོན་ཏེ། རྡོ་རྗེ་ཚིག་གིས་ནི་སྒྲ་སྤངས་པའོ། །འདི་སྐད་སྟོན་ཏེ། བབས་པ་དེའི་ཁ་དང་བདག་ཉིད་ཀྱི་ཁར་ལྕེ་ལ་རྡོ་རྗེ་
བསམས་ཏེ་ཅི་ནས་ཀྱང་གཞན་སུས་ཀྱང་ཐོས་པར་མི་འགྱུར་བ་དེ་ལྟར་བརྗོད་པར་བྱའོ། །རྟོག་པ་འདི་ནི་དོན་གྱི་དངོས་གྲུབ་ཀྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར་ཐོག་མ་ཁོ་ནར་གཏེར་དྲི་བ་ཉེ་བར་བཀོད་པ་བྱས་པ་ཡིན་ནོ། །གདོང་གཡོགས་དཀྲོལ་ཏེ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ་ཞེས་གང་གསུངས་
པ་དེ་ཉིད་ཇི་ལྟར་བསྟན་པར་བྱ་བ་གཞུང་ཕྱི་མས་གསལ་བར་སྟོན་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་ནི་འདི་ཡིན་ཞིང་། རྟོག་པའི་རྒྱལ་པོ་དཀྱིལ་འཁོར་ཆེན་པོའི་གཙོ་བོ་ཡིན་ཏེ། དེ་བས་ན་ཉེ་བར་གདགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་
བསྐུར་བའི་དམ་ཚིག་ཀྱང་བསྟན་ཏེ་ཞེས་གསུངས་པ་ཡིན་ནོ། །ཇི་སྲིད་ཀྱི་བར་དུ་བསྟན་པར་བྱ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་ཞེས་བྱ་བ་གསུངས་སོ། །འདིས་ནི་རྒྱལ་པོའི་ཕོ་བྲང་གི་གཞུང་ལུགས་བསྟན་པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་
སྣང་མཛད་ཐ་མར་བསྟན་པར་བྱའོ་ཞེས་སྟོན་པ་ཡིན་ཏེ། འདིར་དང་པོ་མ་སྨོས་མོད་ཀྱི་འོན་ཀྱང་དོན་གྱི་དབང་གིས་ཤེས་པར་བྱ་སྟེ། །དཔེར་ན་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་འདོད་པས་དང་པོ་ཁོ་ནར་སྒོ་སྲུང་ལ་སོགས་པ་བལྟ་དགོས་པ་དང་འདྲའོ། །འདི་སྐད་སྟོན་ཏེ། དང་པོར་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་
ཏེ་སྒོ་སྲུང་བཞི་བསྟན་པར་བྱའོ། །དེ་ནས་རྡོ་རྗེ་བདུག་པ་ནས་བརྩམས་ཏེ་ཕྱིའི་མཆོད་པ་བཞིའོ། །དེ་ནས་རྡོ་རྗེ་སྒེག་མོ་ནས་བརྩམས་ཏེ་གསང་བའི་མཆོད་པ་རྣམས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། བཅོམ་ལྡན་འདས་མི་བསྐྱོད་པའི་བར་དུའོ། །དེ་ནས་བཅོམ་ལྡན་
འདས་རྡོ་རྗེ་རིན་ཆེན་ནས་བརྩམས་ཏེ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་བར་དུའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ནས་བརྩམས་ཏེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ལས་ནས་བརྩམས་ཏེ་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པའི་བར་དུའོ། །དེ་
เล่ม ๕๖ · หน้า 69a
ནས་སེམས་དཔའ་རྡོ་རྗེ་མ་ནས་བརྩམས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུའོ། །རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཡང་འདི་བཞིན་དུ་བལྟ་བར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་ཞེས་བྱ་བའི་ཚིག་འདིའི་དོན་ནི་བར་དུ་ཞེས་བྱ་
བའི་སྒྲས་བསྡུས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཅི་འབྱོར་པས་མཆོད་པ་བྱས་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བསྟན་པའི་འོག་ཏུ་སློབ་དཔོན་རང་ཉིད་དང་སློབ་མའི་གཙོ་བོ་དེ་ཉིད་ཀྱིས་ཡོ་བྱད་ཅི་འབྱོར་བས་མཆོད་པར་བྱའོ། །དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི་སློབ་དཔོན་གྱིས་སློབ་
མ་ལ་དབང་བསྐུར་བ་ལ་སོགས་པའི་ལས་ཐམས་ཅད་བྱ་བ་དང་། སློབ་མས་ཀྱང་བསྒྲུབ་པའི་ལུང་ནོད་པ་ལ་སོགས་པ་བྱའོ། །དེའི་འོག་ཏུ་གཞན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དོན་འབྱུང་བའི་ཡེ་ཤེས་སྟོན་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རང་གི་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞི་དང་ལྡན་པར་
བྱས་ནས་བསྒོམ་པའི་རང་བཞིན་གྱི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེ། །ཤིན་ཏུ་མཉམ་པར་གཞག་པས་བཅིངས། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་ཤིན་ཏུ་རྩེ་གཅིག་པས་མ་གཡེངས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྙིང་པོ་ནི་བདག་
ཡིན་ནོ་ཞེས་བསྒོམ་པའོ། །གཏེར་བརྐོས་ནས་ནི་གང་དག་ན། །གཏེར་ཡོད་པ་དེ་མཐོང་བར་འགྱུར། །ཞེས་བྱ་བ་ནི་གང་དུ་གཏེར་བརྐོ་བར་དྲི་དང་མེ་ཏོག་ལ་སོགས་པ་བྱིན་ལ། དང་པོ་ཁོ་ནར་རིན་ཆེན་བསྔགས་པའི་ཕྱག་རྒྱ་བཅིངས་ནས་གཏོར་མ་བྱིན་ལ། གང་དུ་གཏེར་དང་རྗེས་སུ་མཐུན་པར་
བརྐོས་ན་དེར་ངེས་པར་མཐོང་བར་གྱུར་ཏེ་འདི་ནི་མི་བསྐྱོད་པའི་རིགས་ཀྱི་ཆོ་གའོ། །ད་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་སྟོན་ཏེ། དམ་ཚིག་གི་ནི་མཆོག་བཅིངས་ལ། །ཞེས་བྱ་བ་ནི་འདིར་ཕྱག་རྒྱ་ཆེན་པོ་ཡང་སྦྱར་བར་བྱ་སྟེ། དམ་ཚིག་གི་མཆོག་ཉི་ཚེ་སྨོས་པ་ནི་གཙོ་བོར་བསྟན་པ་ཙམ་དུ་ཟད་དོ། །གང་ན་གཏེར་
རྣམས་ཡོད་འགྱུར་བ། །ཞེས་བྱ་བ་ནི་མཚན་མ་སྣང་བ་ལ་སོགས་པའི་རྣམ་པར་འགྱུར་བ་སྣང་བ་ལས་འཇིག་རྟེན་པ་རྣམས་གང་ན་གཏེར་ཡོད་པར་རེ་བའོ། །དེར་ནི་ཕྱག་རྒྱ་བཙིར་ན་ནི། །ཞེས་བྱ་བ་ནི་རང་དགོས་པའི་གནས་སུའོ། །ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །བཙིར་བ་ནི་ས་ལ་བཞག་ལ་
เล่ม ๕๖ · หน้า 69b
ས་དེ་རབ་ཏུ་སྙི་བར་བསམ་པར་བྱ་སྟེ། ཨ་མྲའི་འབྲས་བུ་ལ་སོགས་སྨིན་པ་ལག་པས་བཙིར་ན་ཚི་གུ་འབྱུང་བ་ལྟ་བུར་བསམས་ནས་བཙིར་བར་བྱའོ། །དེས་རང་ཉིད་འབྱུང་བར་འགྱུར་རོ། །ད་ནི་པདྨའི་རིགས་ལ་བརྟེན་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྡོ་རྗེ་སྙིང་པོའི་ཏིང་འཛིན་དུ། །ཤིན་
ཏུ་མཉམ་གཞག་བསྒོམས་ན་ནི། །ཞེས་བྱ་བ་ལ་རང་གི་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ལ་མི་གཡེང་བའི་ཡིད་ཀྱིས་བསྒོམས་ན་གཏེར་གང་ན་གནས་པ་ཤེས་པར་འགྱུར་ཏེ། འདིར་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་
པས་ནི་ལས་ཀྱི་རིགས་སུ་གཏོགས་པའི་སྦྱོར་བ་སྟོན་ཏེ། འདིར་ཡང་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་ཕྱག་རྒྱ་བཞི་དང་ལྡན་པ་དེ་བཞིན་དུ་བྱས་ལ་ཕྱོགས་གང་དུ་གཏེར་ཡོད་པར་རེ་བ་དེར་འཆག་ཅིང་འགྲོ་བར་བྱ་སྟེ། གནས་གང་དུ་དེ་འབེབས་པར་འགྱུར་བ་དེ་ན་གཏེར་ཡོད་དོ་ཞེས་ཤེས་པར་བྱའོ། །
འདིར་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་ཤེས་པར་བྱའོ། །སྦྱོར་བ་འདི་བཞི་ཆར་ལ་ཡང་ཟླ་བ་བཞིའི་བར་དུ་ཐུན་བཞིར་ཕྱག་རྒྱ་བསྒོམ་ཞིང་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱ་བའམ་ཐ་ན་ཟླ་བ་གཅིག་གི་བར་དུ་དང་པོར་སྔོན་དུ་བསྙེན་པ་བྱས་ལ་གང་ན་གཏེར་ཡོད་པར་རེ་བ་དེར་སོང་ནས་
ས་ཡོངས་སུ་སྦྱང་བ་བྱས་ཏེ་འབྱོར་པ་ཡོད་ན་དཀྱིལ་འཁོར་བྲི་བར་བྱའོ། །གལ་ཏེ་མ་འབྱོར་ན་དྲི་དང་མེ་ཏོག་དང་ཕྲེང་བ་ལ་སོགས་པ་བྱིན་ལ་སྦྱོར་བ་འདི་རྣམས་བསྒྲུབ་པར་བྱའོ། །འདི་དག་ནི་འོག་ནས་བཤད་པའི་སྦྱོར་བ་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོར་བསྒོམས་ན་ནི། །ཞེས་
བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། གང་ན་གཏེར་ཡོད་པར་རེ་བ་དེར་སེམས་མཉམ་པར་གཞག་པས་འཆག་པར་བྱའོ། །གང་དུ་ལུས་ནི་འཁོར་གྱུར་པ། །ཞེས་བྱ་བ་ནི་གནས་གང་དུ་ལུས་འཁོར་བར་གྱུར་པ་དེར་ནི་རིན་པོ་ཆེའི་རང་བཞིན་གྱི་གཏེར་ཡོད་པར་ཤེས་པར་བྱ་སྟེ་
ཁྱད་པར་ནི་འདིར་དེ་ཡིན་ནོ། །དམ་ཚིག་ཉིད་ཀྱིས་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། དམ་ཚིག་བསྲུངས་པས་ལས་རྣམས་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ་འདི་ནི་མི་བསྐྱོད་པའི་རིགས་ཀྱི་སྦྱོར་བའོ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །
เล่ม ๕๖ · หน้า 70a
གང་དུ་བསམས་ནས་གཉིས་གྱུར་པ། །ཞེས་བྱ་བ་ནི་གཏེར་གང་ན་ཡོད་དུ་རེ་བའི་གནས་དེར་འཆག་པ་དང་། དམ་ཚིག་གི་ཕྱག་རྒྱ་གང་དུ་རང་ཉིད་འབྱེ་ཞིང་དབང་མེད་པར་གཉིས་སུ་གྱུར་པ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །སྦྱོར་བ་གསུམ་པ་ལ་ཡང་ཆོས་ཀྱི་
ཕྱག་རྒྱ་གཙོ་བོར་གྱུར་པར་བསྒོམ་ཞིང་གཏེར་ཡོད་པར་རེ་བའི་གནས་གང་ཡིན་པ་དེར་རིན་པོ་ཆེའི་གཏེར་རང་ཉིད་སྨྲ་བར་འགྱུར་རོ། །སྦྱོར་བ་བཞི་པ་ལ་ཡང་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་རང་གི་ལྷའི་རྣལ་འབྱོར་བྱས་ཏེ་ཡོད་དུ་རེ་བའི་གནས་སུ་འཆག་པར་བྱས་ན་གང་དུ་ལག་པ་ལ་བབས་པས་ལས་ཀྱི་
ཕྱག་རྒྱ་རང་གྲོལ་ཞིང་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་གྱུར་པ་དེ་ན་ཡོད་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཤེས་པར་བྱ་བ་ནི་ཕྱག་རྒྱ་བཞི་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་
པས་གང་ན་ཡོད་པར་རེ་བ་དེར་བསྒོམས་ན་སྔར་བཤད་པའི་ཚུལ་བཞིན་དེར་དེའི་ཡེ་ཤེས་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཉིས་པར་ཡང་དམ་ཚིག་གི་ཕྱག་རྒྱ་གྲོལ་བས་གཏེར་ཁ་བྱེ་བར་འགྱུར་བར་ཤེས་པར་བྱའོ། །གསུམ་པར་ཡང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དགོས་པའི་གནས་སུ་
བསྒོམས་ན་ངེས་པར་འདི་ན་གཏེར་ཡོད་དོ་ཞེས་ཡེ་ཤེས་སྐྱེ་བར་འགྱུར་ཏེ་འདི་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་ཤེས་པར་བྱའོ། །སྦྱོར་བ་བཞི་པར་ཡང་ཡོད་པར་རེ་བའི་གནས་སུ་ལས་ཀྱི་ཕྱག་རྒྱ་གཙོ་ཆེར་བཅིངས་ནས་གང་དུ་བྱེ་བ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་
སོགས་པ་ནི་སྔ་མ་བཞིན་ཏེ། ཕྱག་རྒྱ་ཆེན་པོ་བསྒོམས་ནས་གང་དུ་བབས་པར་གྱུར་པ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །སྦྱོར་བ་གཉིས་པར་ཡང་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་བྱས་པས་དམ་ཚིག་གི་ཕྱག་རྒྱ་བསྟན་པར་གྱུར་ན་གཏེར་ཡོད་པར་ཤེས་པར་བྱའོ། །གསུམ་པར་ཡང་ཆོས་ཀྱི་
ཕྱག་རྒྱ་གཙོ་བོར་གྱུར་པས་གང་དུ་ཡེ་ཤེས་སྐྱེས་པ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །བཞི་པར་ཡང་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་གང་དུ་འཆག་པ་ན་ལས་ཀྱི་ཕྱག་རྒྱ་འཁོར་བར་གྱུར་པ་ཉེ་བར་སྐྱེ་བ་དེ་ན་གཏེར་ཡོད་པ་སྟོན་པ་ཡིན་ནོ། །རབ་ཏུ་བྱེད་པ་འདིར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་
เล่ม ๕๖ · หน้า 70b
པ་འཁོར་ལོས་སྒྱུར་བ་བཞི་ནི་དང་པོ་བཞི་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་གཉིས་པ་རྣམས་ཀྱི་ནི་གཉིས་པའོ། །གསུམ་པ་རྣམས་ཀྱི་ནི་གསུམ་པའོ། །བཞི་པ་རྣམས་ཀྱི་ནི་བཞི་པ་སྟེ། །དེ་ལྟར་ན་སྦྱོར་བ་བཅུ་དྲུག་ཏུ་འགྱུར་རོ། །འདིར་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་དབྱིངས་ལ་སོགས་པའི་
དཀྱིལ་འཁོར་རྣམས་དང་འོག་ནས་བཤད་པའི་དཀྱིལ་འཁོར་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསང་བ་ནི་སྦས་པ་ལ་བྱའོ། །དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་གསང་བའི་ཕྱག་རྒྱའོ། །དེའི་ཡེ་ཤེས་ཏེ་དེ་བསླབ་པ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ད་ནི། དབང་
པོ་གཉིས་ནི་མཉམ་སྦྱོར་ལ། །ཞེས་བྱ་བ་ལ་སོགས་པས་གསང་བ་དེ་སྟོན་ཏེ་བདག་ཉིད་ཕྱག་རྒྱ་ཆེན་པོའི་གཟུགས་སུ་ཡོངས་སུ་བསྐྱེད་ལ་ལྷ་གང་ཡིན་པ་ཡང་དེར་གཞུག་པར་བྱ་སྟེ་འདི་ནི་གཉིས་སོ། །གཉིས་པོ་འདིའི་དབང་པོ་གཉིས་ནི་དབང་པོ་གཉིས་ཏེ་དབང་པོ་ནི་མིག་ལ་སོགས་པའོ། །དེ་
རྣམས་མཉམ་པར་སྦྱོར་བ་ནི་རོ་གཅིག་པར་གྱུར་པ་སྟེ། ཕྱག་རྒྱ་ཆེན་པོ་བསྐྱེད་ལ་རང་གི་ལྷ་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱ་བས་བདག་གང་ཡིན་པ་དེ་ནི་བདག་གི་ལྷ་ཡིན་ལ་བདག་གི་ལྷ་གང་ཡིན་པ་དེ་ནི་བདག་གོ་ཞེས་དེ་ལྟར་རོ་གཅིག་པར་གྱུར་པའི་དབང་པོ་གཉིས་མཉམ་
པར་སྦྱོར་བས་ཕྱག་རྒྱ་ཆེན་པོ་བསྒོམས་ན་བབ་པར་གྱུར་ན་གཏེར་རྙེད་དོ་ཞེས་བྱ་བ་བབས་པ་ནི་མངོན་པར་ཞེན་པ་སྟེ་བརྟན་པོར་གཟུང་བའོ། །དེ་ལྟ་བུའི་མངོན་པར་ཞེན་པས་ངེས་པར་གཏེར་རྙེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་མཆོག་ཅེས་བྱ་བ་ལ་སོགས་པ་ལ་དམ་ཚིག་གི་ཕྱག་རྒྱ་བཅིང་བ་སྟེ་དེ་ཉིད་ནི་
བུད་མེད་དོ། །དེ་དང་རྩེ་བ་ནི་སེམས་བརྟན་པར་བྱེད་པ་དེ་ཡུལ་གཞན་ལ་བསྒྱུར་མི་སྟེར་བར་དེ་ཉིད་ལ་དགའ་བ་བསྐྱེད་པའོ། །གང་དུ་ཕྱག་རྒྱ་དམ་གྱུར་པ། །ཞེས་བྱ་བ་ནི་གང་དུ་དམ་ཚིག་གི་ཕྱག་རྒྱ་དེ་དགྲོལ་བར་འདོད་ཀྱང་དགྲོལ་བར་མི་ནུས་པ་དེ་ནི་བརྟན་པར་གྱུར་པ་ཡིན་ཏེ་འདི་གང་དུ་འབྱུང་བའི་གནས་དེ་ན་གཏེར་ཡོད་པ་
ཡིན་པར་སྟོན་ཏོ། །གསུམ་པར། དབང་པོ་གཉིས་ནི་མཉམ་སྦྱར་བ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཞི་པར་ཡང་ལས་ཀྱི་ཕྱག་རྒྱ་དེ་འཛིན་བཞིན་དུ་དབང་མེད་པར་བྱེད་པར་གྱུར་པ་དེ་ན་གཏེར་ཡོད་པར་སྟོན་པ་ཡིན་ནོ། །སྔར་ཕྱག་རྒྱ་བཞིའི་སྦྱོར་བ་བཅུ་དྲུག་བསྟན་པ་ལ་ཕྱག་རྒྱ་བཞིའི་སྦྱོར་བ་ལ་ཡང་
เล่ม ๕๖ · หน้า 71a
རང་གི་ལྷ་དགུག་པ་ལ་སོགས་པ་བྱས་མོད་ཀྱི་ཇི་སྲིད་ཐ་མི་དད་པ་ལ་སོགས་པར་ལྷག་པར་མོས་པར་མ་བྱས་པ་དེ་སྲིད་དུ་དགོས་པ་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་སྦྱོར་བ་འདི་བཞི་ཉེ་བར་དགོད་པར་མཛད་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་
གཞན་དག་ལ་ཡང་ཤེས་པར་བྱའོ། །དེ་ལྟར་ཕྱག་རྒྱ་བཞིའི་སྒྲུབ་པའི་ཆོ་ག་རྫོགས་པར་མཛད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཕྱག་རྒྱ་དེ་བཞིན་ནོར་བུའི་རིགས་ཡིན་པར་སྟོན་ཏོ། །དེ་ནས་ནོར་བུའི་རིགས་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་
ལ་སྟེ་ལས་བསྟན་པའི་རྗེས་ལའོ། །ནོར་བུའི་རིགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ནོར་བུའི་རིགས་ཆེན་པོའོ། །ནོར་བུའི་རིགས་ཆེན་པོ་དེའི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་རྣམ་པ་བཞི་སྟེ། དེའི་ཡེ་ཤེས་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་སོ། །དེ་བསླབ་པོ་ཞེས་བྱ་བ་ནི་དེ་ཉིད་ཉེ་བར་སྟོན་ཏོ་
ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་རྣམས་པ་བཞིའི་ནང་ན་ཡང་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་ཡིན་པས་ན་དེ་དང་པོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཕྱག་རྒྱ་ཆེན་པོ་ནི་འདི་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །དེ་ཇི་ལྟ་བུར་འབྱུང་བ་བསྟན་པར་བྱ་བའི་ཕྱིར། ཇི་ལྟ་བ་ཡི་རི་མོ་བཞིན། །ཕྱག་རྒྱ་ཆེན་པོ་བསྒོམས་
ནས་ནི། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་དུ་ཞུགས་ནས་སློབ་དཔོན་གྱིས་ལྷའི་སྐུ་ཇི་ལྟ་བུར་བསྟན་པ་དེ་ལྟ་བུའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །ཅིའི་ཕྱིར་གཟུགས་དེ་བསྒོམ་ཞེ་ན། དོན་གྱི་མཆོག་ཀུན་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ད་
ནི་ཕྱག་རྒྱ་ཆེན་པོའི་སྤྱིར་བསྟན་པ་རྣམས་ཀྱི་སོ་སོའི་འབྲས་བུ་བསྟན་པའི་ཕྱིར་དེ་ནས་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ལས་ནི་འདི་རྣམས་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རེ་ཞིག་ཐོག་མ་ཁོ་ནར་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་པའི་འབྲས་བུ་ནི། སངས་རྒྱས་ཕྱག་རྒྱ་སངས་རྒྱས་ཉིད། །ཅེས་གསུངས་
པ་ཡིན་ནོ། །རྡོ་རྗེ་སྙིང་པོས་གཉིས་རབ་གྲུབ། །ཅེས་བྱ་བ་ནི་མི་བསྐྱོད་པའི་གནས་དང་། རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པའི་ལྷ་དེ་ཉིད་བཟུང་སྟེ། གཉིས་རབ་གྲུབ་ཅེས་བྱ་བ་ནི་གྲུབ་པ་བཟང་པོ་ཡིན་པས་ན་རབ་གྲུབ་པ་སྟེ་དངོས་གྲུབ་ཀྱི་མཆོག་ཅེས་བྱ་བའི་དོན་ཏོ། །རིན་
เล่ม ๕๖ · หน้า 71b
ཆེན་ལྕགས་ཀྱུ་ལ་སོགས་པ་ཕྱག་རྒྱ་གསུམ་གྱི་འབྲས་བུ་ནི་གོ་སླའོ། །ནོར་བུ་ལྟ་བས་ནོར་འཕྲོག་པ། །ཞེས་བྱ་བ་ལ་འདིའི་འབྲས་བུ་ནོར་འགུགས་པ་ཉིད་ཡིན་པར་སྟོན་ཏེ། ཕྱག་རྒྱ་འདི་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱིའོ། །ལྷག་མ་རྣམས་ནི་གོ་སླའོ། །རིན་ཆེན་བཤད་པས་ནོར་འཕྲོག་འགྱུར། །
ཞེས་བྱ་བ་ལ་འདིའི་འབྲས་བུ་ཡང་ནོར་འདྲེས་པ་ཡིན་པར་སྟོན་ཏེ། དགོད་པའི་བཞིན་གྱིས་གང་ཡང་རུང་བ་ལ་བསྙེན་བཀུར་བྱས་པ་དེས་ནོར་སྦྱིན་པར་འགྱུར་བས་ན་འདིའི་འབྲས་བུ་ནོར་འགུགས་པ་ཡིན་པར་གསུངས་སོ། །རིན་ཆེན་ཆོས་ཀྱིས་ཆོས་ཀྱང་འཐོབ། །ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་གནས་
ཀྱི་ཕྱག་རྒྱ་གང་ཡིན་པ་དེ་བསྒོམས་ན་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སྐྱེ་བར་འགྱུར་བས་ན་དེའི་ཕྱིར་འདི་ཕྱིན་ཅི་མ་ལོག་པའི་ཆོས་སྟོན་པར་འགྱུར་ཏེ་འདི་ནི་འདིའི་འབྲས་བུ་ཡིན་ནོ། །གཏོང་བའི་མཆོག་གིས་དམ་པ་རྙེད། །ཅེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གནས་ཀྱི་ཕྱག་རྒྱ་ནི་གཏོང་བའི་མཆོག་
སྟེ་དེའི་རྙེད་པ་ནི་འབྲས་བུའི་མཆོག་ཉིད་འཐོབ་པར་འགྱུར་བའོ། །རིན་ཆེན་རལ་གྲིས་མཛོད་ཆེན་པོ། །ཞེས་བྱ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱ་ནི་རིན་ཆེན་རལ་གྲིའོ། །དེའི་འབྲས་བུ་ནི་མཛོད་ཆེན་པོ་སྟེ་ནོར་མཛོད་སྤེལ་བར་འགྱུར་རོ། །དེ་ཡང་གང་གི་ཕྱིར་ས་བདག་རལ་གྲི་འབྱིན་
པ་རྣམས་ཀྱི་ནོར་མཛོད་འཕེལ་བར་འགྱུར་བ་བཞིན་དུ་ཤེས་རབ་ཀྱི་རལ་གྲི་རང་བཞིན་ཅན་གྱི་བློ་དང་ལྡན་པ་རྣམས་ནི་ནོར་འཕེལ་བར་འགྱུར་ཏེ། དེ་བས་ན། རིན་ཆེན་རལ་གྲིས་མཛོད་ཆེན་པོ། །ཞེས་བྱའོ། །ནོར་བུའི་འཁོར་ལོས་བདག་པོར་འགྱུར། །ཞེས་བྱ་བ་ལ་རྡོ་རྗེའི་འཁོར་ལོའི་གནས་ཀྱི་ཕྱག་རྒྱ་ནི་ནོར་
བུའི་འཁོར་ལོ་སྟེ། དེའི་འབྲས་བུ་ནི་རྒྱལ་སྲིད་ལ་སོགས་པའི་བདག་པོར་འགྱུར་པའོ། །སྨྲས་པས་བཙལ་བའི་དངོས་གྲུབ་ཐོབ། །ཅེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱ་ནི་སྨྲ་བའོ། །དེའི་འབྲས་བུ་ནི་མངོན་པར་འདོད་པའི་དོན་ཐོབ་པར་འགྱུར་བ་སྟེ། དེས་རང་གི་ལྷའི་རྣལ་འབྱོར་བྱས་ལ་རྡོ་རྗེའི་ལྕེ་བདག་དང་
སྦྱིན་པ་པོ་གཉི་གའི་ཁར་བསམས་ནས་དྲི་དང་མེ་ཏོག་ལ་སོགས་པ་བྱིན་ཏེ། སྙིང་པོ་བརྒྱ་སྟོང་བཟླས་ལ་གཞན་དང་ལྷན་ཅིག་སྨྲ་བར་མི་བྱེད་པར་གང་ལ་བསླང་བར་བྱ་བ་དེ་ཉིད་ལ་དང་པོར་ཆེ་གེ་མོ་ང་ལ་བྱིན་ཅིག་ཅེས་སྨྲས་ན་ངེས་པར་སྟེར་བར་འགྱུར་རོ། །རིན་ཆེན་ཆར་གྱིས་ནོར་ཆེན་པོ། །ཞེས་བྱ་བ་ལ་འདི་ནི་གདོན་
เล่ม ๕๖ · หน้า 72a
མི་ཟ་བར་གྲུབ་པའི་གནས་ཀྱི་ཕྱག་རྒྱ་སྟེ། འདིར་ཡང་དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་དྲི་དང་མེ་ཏོག་ལ་སོགས་པ་ཕུལ་ཏེ། རང་གི་ཁྱིམ་གྱི་དབུས་སུ་འདུག་ལ་རིན་པོ་ཆེའི་ཆར་འབེབས་པའི་ཕྱག་རྒྱ་སྤྱི་བོར་བཞག་ལ་ནོར་གྱི་ཆར་པ་ཕོབ་ཤིག་ཅེས་ཐུན་བཞིར་སྦྱོར་བས་ནོར་ཐམས་
ཅད་ཀྱི་ཆར་འབེབས་པར་བསམ་པ་ཉིན་རེ་ཞིང་ཐུན་བཞི་བཞིར་བྱས་ན་དེའི་འོག་ཏུ་ནོར་ཆེ་བར་འགྱུར་རོ། །ནོར་བུའི་མཆོད་པས་རབ་མཆོད་ཉིད། །ཅེས་བྱ་བ་འདི་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་ཕྱག་རྒྱ་སྟེ། འདིས་ཀྱང་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ན་འཇིག་རྟེན་ཐམས་ཅད་ཀྱི་མཆོད་
པ་ཉིད་འཐོབ་པར་འགྱུར་རོ། །རིན་ཆེན་གོ་ཆས་བརྟན་པར་བྱེད། །ཅེས་བྱ་བ་འདི་ནི་རྡོ་རྗེ་སྲུང་བའི་གནས་ཀྱི་ཕྱག་རྒྱ་སྟེ་གོ་ཆ་བཅིངས་པས་རྡོ་རྗེའི་ལུས་སུ་བྱེད་པས་ན་དེའི་ཕྱིར་བརྟན་པར་བྱེད་ཅེས་གསུངས་སོ། །རིན་ཆེན་མཆེ་བས་ནོར་འཕྲོག་གོ། །ཞེས་བྱ་བ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་
ཕྱག་རྒྱ་སྟེ། འདི་བསྒོམས་པ་ཉིད་ཀྱིས་ལྷའི་འཇིག་རྟེན་གྱི་ནོར་སྦྱིན་པར་འགྱུར་རོ། །ཁུ་ཚུར་ནོར་བུས་དངོས་གྲུབ་འཐོབ། །ཅེས་བྱ་བ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཕྱག་རྒྱ་སྟེ། འདི་བསྒོམས་པས་དེ་ལ་བགེགས་ཀྱིས་ཚུགས་པར་མི་འགྱུར་བས་ན། ཁུ་ཚུར་ནོར་བུས་དངོས་
གྲུབ་འཐོབ། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རྫོགས་པར་བསྟན་ནས། དམ་ཚིག་གི་ཕྱག་རྒྱ་སྟོན་པར་བཞེང་པའི་ཕྱིར། །དེ་ནས་དཀྱིལ་འཁོར་ཆེན་པོ་འདིའི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ་ཞེས་
བྱ་བ་ལ། དམ་ཚིག་འཛིན་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་འདི་ཡིན་ནོ་ཞེས་བྱ་བ་ནི་ལུང་དབོག་པའི་དུས་ལ་བབས་པས་ན་དེ་འདི་ཡིན་ནོ་ཞེས་སྟོན་པའོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་
དུ་བསྟན་པའི་བཅོམ་ལྡན་འདས་ཏེ་དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །སངས་རྒྱས་ཀུན་གྱི་དབང་བསྐུར་འཐོབ། །ཅེས་བྱ་བ་འདིས་ནི་དེའི་ལས་སྟོན་པ་ཡིན་ཏེ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ནོར་བུར་བྱས་ནས་མཐེ་བོ་གཉིས་སྦྲེལ་ལ་གཞག་པ་སྟེ། འདི་
เล่ม ๕๖ · หน้า 72b
ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུ་ཤེས་པར་བྱའོ། །སེམས་དཔའ་རྡོ་རྗེ་མའི་གནས་སུ་ཡང་འདི་ཉིད་འབྱུང་ཞིང་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་ཡང་འདི་ཉིད་ཡིན་ན། །རྡོ་རྗེ་ནོར་བུ་ཆེ་བཅིངས་ན། །ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་ཀྱི་འབྲས་བུ་སྟོན་ཏོ། །རྡོ་རྗེ་གཉིས་ཞེས་
བྱ་བ་ལ་སོགས་པ་ལ་རྡོ་རྗེ་གཉིས་ནི་ཁྲོ་བོའི་ཁུ་ཚུར་བཅིངས་ཏེ། དེ་གཉིས་ཀྱི་མཛུབ་མོ་གཉིས་ནོར་བུར་བྱས་ལ་རྡོ་རྗེ་འཛིན་ལས་ནོར་འཐོབ་པོ་ཞེས་བྱ་བ་སྟེ། འདིས་ནི་དེའི་འབྲས་བུ་སྟོན་ཏོ། །ཕྱག་རྒྱ་འདི་ནི་མི་བསྐྱོད་པའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁྲོ་བོའི་ཁུ་
ཚུར་དེ་ཉིད་ལས་རྡོ་རྗེ་ནོར་བུའི་ཕྱག་རྒྱ་བསྒྲེངས་པ་མཐེ་བོ་གཉིས་ཀྱི་རྡོ་རྗེ་དང་བཅས་པ་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །སྦྱིན་ཏེ་ཞེས་བྱ་བ་འདིས་ནི་འབྲས་བུ་སྟོན་ཏོ། །མཛུབ་གཉིས་པདྨོའི་ནོར་བུ་བཅིངས། །ཞེས་བྱ་བ་འདི་ཁྲོ་བོའི་མཛུབ་མོ་གཉིས་པོ་ཉིད་ནོར་བུར་བཅིངས་པ་སྟེ།
ཚིགས་གསུམ་པ་ཅུང་ཟད་བཀུག་ལ་པདྨོ་ཁ་མ་བྱེ་བ་ལྟ་བུར་བྱ་བ་འདི་ནི་སྣང་བ་མཐའ་ཡས་ཀྱི་ཕྱག་རྒྱའོ། །འཇིག་རྟེན་དབང་གི་ནོར་སྦྱིན་འགྱུར། །ཞེས་བྱ་བ་ནི་འདིའི་འབྲས་བུའོ། །རྡོ་རྗེ་ལས་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཉིས་ཀྱི་གུང་མོའི་སོར་མོ་གཉིས་ནོར་བུར་བྱས་ལ་སོར་མོ་གཞན་རྣམས་བརྐྱང་
སྟེ་ཀུན་དུ་སྦྱིན་པར་བྱའོ། །ནོར་བུ་ཆེན་པོའི་རྒྱལ་མཚན་སྦྱིན། །ཞེས་བྱ་བ་ནི་འདིའི་འབྲས་བུ་སྟོན་པ་ཡིན་ནོ། །འདི་ཡང་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །བདག་པོ་ལྔའི་གནས་སུ་ཕྱག་རྒྱ་ལྔ་བསྟན་ནས། ད་ནི་ཡང་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་ཕྱག་རྒྱ་བསྟན་
པར་བྱ་བའི་ཕྱིར། །རྡོ་རྗེ་དབྱིངས་མཛུབ་ནོར་མཆོག་གིས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ནོར་བུའི་མཆོག་ནི་རིན་ཆེན་སེམས་མའོ། །དེ་ཉིད་ཀྱང་འདིར་ནི་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་ཕྱག་རྒྱ་གཉིས་པར་འགྱུར་ཏེ། ཕྱག་རྒྱ་སྔ་མ་ནི་དཀྱིལ་འཁོར་བྱིན་གྱིས་རློབ་པ་
ཡིན་ལ་གཉིས་པ་ནི་དམ་ཚིག་གི་ཕྱག་རྒྱ་དང་དགོད་པའི་ཕྱག་རྒྱའོ། །རིག་པ་དམ་པ་ནི་དེར་གཅིག་པུ་ཉིད་ལས་གཉིས་ལ་སྦྱར་བར་བྱའོ། །ཡང་བདག་པོ་ལྷག་མ་རྣམས་ཀྱི་རིག་པ་དམ་པ་གཅིག་ནི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཡིན་ལ། གཉིས་པ་དགོད་པའི་སྔགས་ཡིན་ནོ། །ལྷག་མ་རྣམས་ཀྱི་ནི་དགོད་
เล่ม ๕๖ · หน้า 73a
པར་བྱེད་པའི་སྔགས་འབའ་ཞིག་ཏུ་ཟད་དོ། །མཛུབ་མོ་བསྙམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་བསྙམས་པ་གཉིས་རྒྱབ་བཀུག་ལ་ཞེས་བྱ་བ་ཚིགས་དབུས་མ་གཉིས་བཅག་ན་རིན་པོ་ཆེར་འགྱུར་རོ། །ཅི་དེ་ཙམ་དུ་ཟད་དམ་ཞེ་ན། མཐེ་བོ་རྡོ་རྗེ་
བཅིངས་པ་ཡི། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་མཐེ་བོ་དང་བཅས་པར་བསྒྲེང་བར་བྱའོ། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ལས། །ཞེས་བྱ་བ་ནི་འབྱུང་བའི་རྒྱུ་སྟོན་པའོ། །འདི་ནི་རྡོ་རྗེ་ནོར་བུར་གསུངས། །ཞེས་བྱ་བ་ནི་བཀའ་སྩལ་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུར་གསུངས་
པ་ཡིན་ཏེ། འདི་ཡང་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱའོ། །མཛུབ་གཉིས་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ། མཛུབ་གཉིས་རིན་ཆེན་འདྲེན་བཅིངས་ལ། །ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱ་འདྲ་བར་བཅིངས་པའོ། །ཇི་ལྟ་བུར་ཞེ་ན། གུང་མོ་མྱུ་གུར་བསྒྲེང་བ་སྟེ། །ཞེས་བྱ་བ་སྟེ།
གུང་མོ་གཉིས་ཀྱི་རིན་པོ་ཆེ་བཀྲོལ་ལ་སྦྱར་བར་བྱའོ། །མཐེ་བོ་གཉིས་དེ་བཞིན་དུ་རིན་པོ་ཆེར་གཞག་པ་འདི་ནི་རྡོ་རྗེ་རིན་ཆེན་མའི་གནས་ཀྱི་ཕྱག་རྒྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་དབང་བསྐུར་བ་ཐོབ་པར་འགྱུར་བར་འབྲས་བུ་སྟོན་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་རིན་ཆེན་མའི་
ཕྱག་རྒྱ་ལས་གུང་མོ་དང་། སྲིན་ལག་དང་། མཐེའུ་ཆུང་པདྨོ་ཁ་མ་བྱེ་བ་ལྟ་བུར་བྱས་ན་རྡོ་རྗེ་ཆོས་མའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །འདིར་ཞེས་བྱ་བ་ལ་སོགས་པས་ནི་འདིའི་འབྲས་བུ་ནོར་རྙེད་པ་ལ་སོགས་པ་ཡིན་པར་སྟོན་ཏོ། །མཛུབ་མོ་མཐེའུ་ཆུང་རྣམས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་
བསྡམས་པ་ལས་མཛུབ་མོ་གཉིས་དང་མཐེ་བོ་གཉིས་དང་མཐེའུ་ཆུང་རྣམས་རྡོ་རྗེ་རིན་པོ་ཆེའི་ཚུལ་དུ་ནོར་བུར་བྱ་ཞིང་གུང་མོ་གཉིས་བསྒྲེང་བ་བཏུད་དེ་རྩེ་སྤྲད་ལ་སྲིན་ལག་གཉིས་གཤིབས་ནས་བསྒྲེང་བ་འདི་ནི་རྡོ་རྗེ་ལས་མའི་གནས་ཀྱི་ཕྱག་རྒྱའོ། །དེ་ལྟར་དཀྱིལ་འཁོར་དབུས་མ་འཁོར་དང་བཅས་པ་བསྟན་
ནས། ད་ནི་དཀྱིལ་འཁོར་བཞི་པོའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྡོ་རྗེ་བསྡམས་པ་དང་བཅས་ལ། །མཛུབ་གཉིས་ནོར་བུར་བྱས་ནས་ཀྱང་། །ཞེས་བྱ་བ་ནི་མཛུབ་མོ་གཉིས་ནོར་བུར་བཅིངས་ལ་མཐེ་བོ་གཉིས་བརྐྱང་ངོ་། །ངོས་ཞེས་བྱ་བ་དེ་
เล่ม ๕๖ · หน้า 73b
གཉིས་ཀྱི་ངོས་བརྐྱང་ནས་སྙིང་གར་གཞག་པར་བྱའོ། །དོན་ཀུན་གྲུབ་པ་སྦྱིན་པར་བྱེད། །ཅེས་བྱ་བ་ནི་འདིའི་འབྲས་བུ་སྟོན་ཏོ། །འདི་ནི་མི་བསྐྱོད་པའི་གནས་ཀྱི་ཕྱག་རྒྱ་གཉིས་པ་སྟེ། དང་པོ་ནི་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་དང་པོ་ཡིན་ལ། འདི་ནི་སྔགས་གཉིས་པ་དགོད་པར་བྱེད་པའི་དམ་
ཚིག་གི་ཕྱག་རྒྱ་ཡིན་ནོ། །ལྷག་མ་གསུམ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་བསྡམས་པས་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་སྟོན་ཏོ། །རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་ནོར་བུར་བྱས་ན་རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །ནོར་བུའི་མཚན་
མ་ནི་འདིར་འཁོར་ལོས་སྒྱུར་བའི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཉིད་དོ། །ནོར་བུ་རིན་ཆེན་རབ་སྦྱིན་ནོ། །ཞེས་བྱ་བས་ནི་འབྲས་བུ་སྟོན་ཏོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་དེ། ཕྱག་རྒྱ་འདས་མ་ཐག་པ་ལས་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་པ་དང་ལྡན་པས་ནི་དོན་ཐམས་ཅད་འགུགས་པ་སྟེ་
རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །འདི་ལ་མིང་ཇི་སྐད་ཅེས་བྱ་ཞེ་ན། ནོར་བུ་རིན་ཆེན་ལྕགས་ཀྱུར་བཤད། །ཅེས་བྱ་བ་གསུངས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པའོ། །བསྒྱུར་ནས་ཀྱང་ཞེས་བྱ་བ་ནི་གཡོན་ལོགས་སུ་དྲངས་པར་
པའོ། །མཛུབ་མོས་མཛུབ་མོ་བཟུང་ནས་ནི། །ཞེས་བྱ་བ་ནི་མཛུབ་མོ་གཡས་པས་མཛུབ་མོ་གཡོན་པ་བཟུང་བའོ། །ཇི་ལྟ་ཞེ་ན། མངའ་འཕངས་པ་ཡི་ཚུལ་བྱས་ལ། །ཞེས་བྱ་བ་གསུངས་སོ། །ཅི་ཞིག་བྱེད་ཅེ་ན། དྲངས་ནས་ཞེས་བྱ་བ་གསུངས་སོ། །དེའི་འབྲས་བུ་ཅི་ཞིག་ཡིན་ཅེ་ན། འགྲོ་བ་དགའ་བར་བྱེད་ཅེས་བྱ་
བ་གསུངས་ཏེ་འདི་ནི་རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པའོ། །མཛུབ་མཐེབ་གཉིས་སྦྱར་བ་ཞེས་བྱ་བ་ནི་མཛུབ་མོ་དང་མཐེ་བོ་གཉིས་ངོས་སྤྲད་པའོ། །མིང་ཇི་སྐད་ཅེས་བྱ་བའི་ཕྱག་རྒྱར་འགྱུར་ཞེ་ན་ལེགས་
སོ་ཞེས་གསུངས་སོ། །དེ་ལས་ཞེས་བྱ་བ་འདིས་ནི་རིན་པོ་ཆེའི་རིགས་སུ་གཏོགས་པའི་ཕྱག་རྒྱ་སྟོན་ཏེ། །དེ་ལ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པའོ། །མཐེ་བོ་གཉིས་སྦྱར་བ་ཡིས། མཛུབ་གཉིས་རྩེ་མོར་དགབ་ཅེས་བྱ་བ་ནི་མཛུབ་མོ་གཉིས་ཀྱི་རྩེ་མོ་མཐེ་བོ་གཉིས་ཀྱིས་མནན་པ་སྟེ་རྩེ་མོ་ཞེས་མ་
เล่ม ๕๖ · หน้า 74a
སྨོས་སུ་ཟིན་ཀྱང་དོན་གྱི་དབང་གིས་ཤེས་པར་བྱའོ། །ཇི་ལྟར་མནན་ཞེ་ན། དེ་བཞིན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཞེས་བྱ་བ་འདིས་ནི་འདས་མ་ཐག་པའི་ཕྱག་རྒྱའི་སྦྱོར་བ་སྟོན་ཏོ། །མཐེ་བོ་གཉིས་ནི་དབུས་སྦྱར་ལ། །མཛུབ་གཉིས་ངོས་དང་སྦྱོར་བ་ནི། །ཞེས་བྱ་བ་ནི་ཡང་ཁར་བཞག་ལ་ཇི་ལྟར་བཅས་
པའི་ཕྱག་རྒྱའི་མཐེ་བོ་དང་། མཛུབ་མོའི་བར་དུ་བལྟ་བར་བྱའོ། །མིང་ཇི་སྐད་ཅེས་བྱ་བའི་ཕྱག་རྒྱར་འགྱུར་ཞེ་ན། ནོར་བུའི་ལྟ་བར་བཤད་པ་སྟེ། །ཞེས་བྱ་བ་གསུངས་པ་ཡིན་ན། །འདིའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། ལྟ་བའི་དོན་རྣམས་འཕྲོག་བྱེད་པའོ། །ཞེས་བྱ་བ་གསུངས་སོ། །ཕྱག་རྒྱ་འདི་ནི་རིན་
ཆེན་འབྱུང་ལྡན་གྱི་གནས་ཀྱི་ཡིན་ཏེ། རབ་ཏུ་བྱེད་པའི་མཚམས་སྦྱར་བ་ནི་སྣྲེལ་ཞིར་ཡོད་པར་ཤེས་པར་བྱའོ། །དོན་ཀུན་འགྲུབ་པར་ཞེས་བྱ་བ་ལ་སོགས་པ་ལ་དོན་ཐམས་ཅད་འགྲུབ་པའི་ཕྲེང་བ་ནི་མི་བསྐྱོད་པའི་གནས་སུ་བསྟན་པའི་ཕྱག་རྒྱ་གང་ཡིན་པ་དེ་ལ་ཕྲེང་བ་ཞེས་བྱ་བའི་སྒྲར་གསུངས་ཏེ། རྡོ་རྗེ་
བསྡམས་པ་ལས་མཛུབ་མོ་གཉིས་ནོར་བུར་བྱས་ལ་མཐེ་བོ་བསྒྲེང་བའི་རྩེ་མོ་དབྲལ་ཞིང་གུང་མོ་གཉིས་ཀྱང་ནོར་བུར་བྱ་བ་དང་། མཐེ་བོ་གཉིས་ཀྱི་རྩེ་མོས་ནོར་བུར་འགྱུར་ཏེ། ཕྲེང་བ་དེ་རང་གི་དབང་བསྐུར་བའི་གནས་སུ་བཞག་ན་རིན་ཆེན་ཕྲེང་བ་ཞེས་བྱ་བ་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག་
རྒྱར་འགྱུར་རོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་སྙིང་གར་མཐེ་བོ་གཉིས་སྦྱར་བའི་རྩེ་མོ་སྦྱར་བའི་སྦྱོར་བ་བྱས་ན་ནོར་བུའི་ཉི་མ་ཞེས་བྱ་བའི་ཕྱག་རྒྱར་འགྱུར་རོ། །ནི་ཞེས་བྱ་བ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །རྩེ་མོ་སྦྱར་བའི་སྦྱོར་བ་ལས་འགྱུར་གྱི་གཞན་
དུ་ནི་མ་ཡིན་ནོ། །འདིའི་འབྲས་བུ་ཅི་ཞིག་ཡིན་ཅེ་ན། གཟི་བརྗིད་ཆེན་པོ་རབ་སྦྱིན་འགྱུར། །ཞེས་བྱ་བ་གསུངས་སོ། །སྲིན་ལག་བསྙམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་བཤད་མ་ཐག་པ་ཉིད་ལས་སྲིན་ལག་གཉིས་གཤིབས་ཏེ་སྤྱི་བོར་གཞག་ན་བ་དན་དུ་འགྱུར་རོ། །ཅི་དེ་ཁོ་ནར་ཟད་དམ་ཞེ་ན།
མ་ཡིན་ཏེ་ཕྱེ་སྟེ་ཞེས་བྱ་བ་གསུངས་ཏེ། སྲིན་ལག་གི་རྩེ་མོ་དབྱེ་བའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་ནོར་བུ་རིན་པོའི་གཙོ། །ཞེས་བྱ་བ་གསུངས་སོ། །འདིའི་འབྲས་བུ་གང་ཞིག་ཡིན་ཞེ་ན། རེ་བ་ཐམས་ཅད་རྫོགས་བྱེད་པའོ། །ཞེས་བྱ་བ་གསུངས་སོ། །འདི་ནི་རྡོ་རྗེ་དབལ་གྱི་གནས་ཀྱི་ཕྱག་རྒྱའོ། །དེ་
เล่ม ๕๖ · หน้า 74b
ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་སྟེ། དེ་ཁར་བཞག་ན་བཞད་པའི་ཚུལ་དུ་འགྱུར་ཏེ་དེ་དགོད་པ་ནི་ཁ་དང་འབྲེལ་པའི་ཕྱིར་རོ། །ཅི་ཁའི་གནས་སུ་བཞག་པ་འབའ་ཞིག་ཏུ་ཟད་དམ་ཞེ་ན་མ་ཡིན་ཏེ་འགྱིང་བྱེད་ཅིང་། བསྐོར་བ་ཞེས་བྱ་བ་གསུངས་ཏེ། འགྱིང་བས་
བསྐོར་བ་ནི་བཞད་མོ་སྟོན་པའི་ཚུལ་དུ་ཁ་འགྲམ་གཡས་གཡོན་གཉིས་སུ་ལག་པ་གཉིས་བསྐོར་བའོ། །ཕྱག་རྒྱ་འདིའི་མིང་ཇི་སྐད་ཅེས་བྱ་ཞེ་ན། རིན་ཆེན་ཆེར་དགོད་ཅེས་བྱ་བ། །ཞེས་གསུངས་སོ། །འདིའི་ལས་ནི་ཅི་ཞིག་བྱེད་ཞེ་ན། བཞད་པས་དོན་རྣམས་ཐམས་ཅད་འཐོབ། །ཅེས་
གསུངས་པ་ཡིན་ནོ། །ཀུན་རྩེ་ཞེས་བྱ་བ་ལ་སོགས་པ་ལ་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ནི་ཚིགས་གསུམ་པ་སྟེ། དེ་རྣམས་བཀུག་ནས་ནོར་བུར་བྱེད་པས་ན་ཀུན་རྩེ་ནོར་བུའོ། །ཀུན་རྩེ་ནོར་བུའི་ཕྱག་རྒྱ་དེ་ཉིད་སྣང་བ་མཐའ་ཡས་ཀྱི་གནས་སུ་རྟོགས་པས་ན། ཀུན་རྩེ་ནོར་བུ་པདྨོ་ནི། །ཞེས་བྱའོ། །
འདིའི་ལས་ཅི་ཞིག་ཡིན་ཞེ་ན། ནོར་འཕྲོག་པ་ཞེས་བྱ་བ་སྟེ་ནོར་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྐྱེད་ཅེ་ན། ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་ཀུན་རྩེ་ནོར་བུའི་པདྨོའོ། །མཐའ་ནས་དགྲོལ་བ་ཞེས་བྱ་བ་མཐེའུ་ཆུང་གི་སོར་མོའི་རིན་པོ་ཆེ་བཀྲོལ་ཏེ་སྦྱིན་
པ་གཏོང་བའི་ཚུལ་དུ་བསྟན་ན། །དེ་ལྟ་བུས་ནི་མཐེའུ་ཆུང་ལ་སོགས་པ་སྦྱིན་པའི་ཕྱག་རྒྱར་འགྱུར་རོ། །འདིའི་ལས་ཅི་ཞིག་ཡིན་ཞེ་ན། སྦྱིན་པ་ཆེན་པོ་རབ་སྦྱིན་བྱེད། །ཅེས་གསུངས་སོ། །འདི་ནི་རྡོ་རྗེ་ཆོས་ཀྱི་གནས་ཀྱི་ཕྱག་རྒྱའོ། །མཐེ་བོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ལ་ནོར་བུའི་པདྨའི་ཕྱག་རྒྱ་
དེ་ཉིད། མཐེ་བོ་གཉིས་ནི་ནང་དུ་དགུག །ཅེས་བྱ་བ་མཐེ་བོ་གཉིས་མཉམ་པོར་གཤིབས་ལ་ནང་དུ་གཞུག་པར་བྱའོ། །མཛུབ་གཉིས་ནོར་བུར་བྱས་པ་ནི། །ཞེས་བྱ་བ་ནི་མཛུབ་མོ་གཉིས་ནོར་བུའི་དབྱིབས་ལྟ་བུར་གཞག་པར་བྱའོ། །སོར་མོ་ལྷག་མ་རྣམས་ནི་དོན་གྱི་དབང་གིས་ན་རྡོ་རྗེ་བསྡམས་པའི་ཚུལ་དུ་
བཞག་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཕྱག་རྒྱ་དེ་མིང་ཇི་སྐད་ཅེས་བྱ་ཞེ་ན། ནོར་བུ་རལ་གྲི་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །འདིའི་ལས་ཅི་ཞིག་ཡིན་ཞེ་ན། ནོར་འཕྲོག་པའོ་ཞེས་བྱ་བ་གསུངས་སོ། །སུ་ཞིག་གི་ཡིན་ཞེ་ན། དེའི་ཕྱིར་འགྲོ་བ་རྣམས་ཀྱི་ཞེས་བྱ་བ་གསུངས་སོ། །ཇི་ལྟར་
เล่ม ๕๖ · หน้า 75a
ཞེ་ན། དེའི་ཕྱིར་མཐུས་ཞེས་བྱ་བ་གསུངས་སོ། །འདི་ནི་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་བཅིངས་པ་ལམ་བཀྲོལ་བ་ཉིད་དུ་སོར་མོ་རྣམས་ཕན་ཚུན་འཁོར་ལོ་ལྟ་བུར་བསྣོལ་བ་བསྟན་པ་འདི་ནི་རྡོ་རྗེ་བསྡམས་པའི་
རྩེ་མོ་འཁོར་ལོར་འགྱུར་རོ། །མཐེབ་གཉིས་ནང་དུ་བཅུག་ནས་ཀྱང་། །ཞེས་བྱ་བ་ནི་མཐེ་བོ་གཉིས་བསྙམས་ཏེ་ནང་དུ་གཞུག་པའོ། །འདིར་ནོར་བུ་ལྟ་བུ་གང་ཡིན་ཞེ་ན། མཛུབ་གཉིས་ནོར་བུ་འདྲ་བྱས་ལ། །ཞེས་བྱ་བ་གསུངས་སོ། །འདིའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། འཁོར་ལོས་སྒྱུར་བ་
འཐོབ་པར་བྱེད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། འདི་ནི་རྡོ་རྗེ་རྒྱུའི་གནས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱའོ། །ཐལ་མོའི་ཚུལ་དུ་བྱས་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་འདྲ་བར་བྱས་པའོ། །ཅི་ཞིག་བྱ་ཞེ་ན། ཁ་ནས་འདྲེན་པར་བྱས་
པ་ནི། །ཞེས་བྱ་བ་གསུངས་སོ། །དེ་ལྟར་བཅིངས་པ་དེའི་མིང་ཇི་སྐད་ཅེས་བྱ་ཞེ་ན། དེ་བཅིངས་པ་ནི་ངག་ཡིན་ཏེ། །ཞེས་བྱ་བ་གསུངས་སོ། །འདིའི་ལས་ཅི་ཞིག་ཡིན་ཞེ་ན། རང་གི་བཀས་ནི་ནོར་འཕྲོག་འགྱུར། །ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་
འབྱོར་བྱས་ལ་ཟླ་བ་གཅིག་གམ་ཟླ་བ་བཞིའི་བར་དུ་སྔོན་དུ་བསྙེན་པ་བྱས་ཏེ། མཚན་མ་ཐོབ་ནས་སྒྲུབ་པ་ལ་ཞུགས་ཏེ་གང་འདོད་པ་དེ་སྨྲ་ཞིང་བདག་ཉིད་ལ་འདི་ལྟར་གྱུར་ཅིག་ཅེས་བྱ་བ་ཡང་དེ་ལ་དེ་བཞིན་དུ་འགྱུར་རོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནོར་བུ་ཆེན་པོ་ནི་གུང་མོའི་
སོར་མོ་གཉིས་ནོར་བུར་བྱས་ལ་སོར་མོ་ཐམས་ཅད་ཀུན་དུ་བརྐྱང་བ་སྟེ་དེ་བཅིང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། རིན་ཆེན་ཆར་ནི་རབ་འབེབས་ཏེ། །ཞེས་བྱ་བ་གསུངས་སོ། །དེ་ནས་ཅི་ཞིག་བྱ་ཞེ་ན། སོར་མོ་ཐམས་ཅད་བསྒྲེངས་ནས་ནི། །ཕྱོགས་བཞི་ནས་ནི་ནོར་ཆར་འབེབས། །ཞེས་བྱ་བ་གསུངས་སོ། །
འདི་སྐད་སྟོན་ཏེ། གུང་མོའི་རིན་པོ་ཆེ་མ་བཀྲོལ་ལ་སོར་མོ་ལྷག་མ་རྣམས་ཀྱི་རྩེ་མོ་བསྒྲེངས་ནས་འདུད་ཅིང་བསྒྲེང་ལ་ཕྱོགས་བཞི་ཆར་ནས་ཀྱང་གསེར་ལ་སོགས་པའི་ཆར་འབེབས་པའི་ཚུལ་དུ་བསྟན་པར་བྱ་སྟེ། འདི་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་ཕྱག་རྒྱའོ། །ཡང་། རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་བྱ་བ་
เล่ม ๕๖ · หน้า 75b
ལ་སོགས་པ་ལ་རྡོ་རྗེ་ནོར་བུ་ཆེན་པོ་བཅིང་བ་ནི་བཤད་ཟིན་པ་སྟེ་དེ་བཅིང་བའོ། །ཇི་ལྟར་ཞེ་ན། གར་བྱས་ཞེས་བྱ་བ་སྟེ་གར་བྱ་བའི་ཚུལ་བསྟན་པས་སོ། །གང་དུ་བཅིང་ཞེ་ན། གཙུག་ཕུད་དབུས་བཞག་ནས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ལག་པའི་རྩེ་མོ་གར་བྱེད་པར་སྟོན་ཅིང་རྡོ་རྗེ་ནོར་
བུ་ཆེན་པོ་བཅིངས་ལ་གཙུག་ཏོར་གྱི་གནས་སུ་གཞག་པར་བྱའོ། །དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆོ་ག་བཞིན་དུ་ཡང་དག་པར་མཆོད་པར་འགྱུར་རོ། །དེ་ལྟར་ཡང་དག་པར་མཆོད་པས་ཅིར་འགྱུར་ཞེ་ན། རིན་ཆེན་ཀུན་གྱིས་དེ་མཆོད་འགྱུར། །ཞེས་བྱ་བ་གསུངས་པ་ཡིན་
ནོ། །དོན་ཀུན་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཀུན་གྲུབ་པའི་ཕྱག་རྒྱ་ནི། མགྲིན་པའི་ཕྱོགས་སུ་འཁྱུད་པར་བྱ། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ནི་བཤད་ཟིན་ཏོ། །དེ་མགྲིན་པའི་ཕྱོགས་སུ་འཁྱུད་པ་ནི་མཛུབ་མོ་གཉིས་ཀྱི་རྩེ་མོ་རེག་པར་བྱ་བ་སྟེ། འདི་ནི་གོ་ཆའི་ཕྱག་རྒྱའོ། །
འདིའི་མིང་ནི་ཇི་སྐད་ཅེས་བྱ་ཞེ་ན། ནོར་བུ་བཅིངས་པ་ཞེས་བྱ་བ་སྟེ་ཞེས་བྱ་བའོ། །འདིས་ཅི་ཞིག་བྱེད་ཅེ་ན། སྲུང་བ་ཡི་ནི་ཆོ་གར་གྲགས། །ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་གནས་སུ་བྱའོ། །ཅིའི་ཕྱིར་དེ་
དེར་བསྟན་ཞེ་ན། དོན་ཀུན་གྲུབ་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། འདིས་ནི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་ཚེ་ན་འདི་དགོས་སོ་ཞེས་སྟོན་ཏོ། །དངོས་གྲུབ་ཐམས་ཅད་སྒྲུབ་པའི་དུས་སུ་ཇི་ལྟར་དགོས་ཤེ་ན། གནོད་སྦྱིན་ཚུལ་དུ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། མཐེ་བོ་གཉིས་ཀྱི་རྩེ་མོ་ཕྱེ་
བ་འབའ་ཞིག་གིས་མཆེ་བར་འགྱུར་བར་མ་ཟད་ཀྱི། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་ཕྲལ་ལ་མཆེ་བར་བྱའོ། །དེ་ལྟར་བྱས་པ་དེ་གང་དུ་བཞག་ན་དངོས་གྲུབ་ཐམས་ཅད་བྱེད་པར་འགྱུར་ཞེ་ན། ཁར་བཞག་ན་ཞེས་བྱ་བ་གསུངས་སོ། །འདི་ལ་མིང་ཇི་སྐད་ཅེས་བྱ་ཞེ་ན། ནོར་བུའི་མཆེ་བ་ཞེས་བྱ་སྟེ། ཞེས་
བྱ་བ་གསུངས་ཏེ། དོན་ཐམས་ཅད་འགྲུབ་པ་ནི་འགྲུབ་པའི་ཚེ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིགས་པས་དོན་ཀུན་འཕྲོག་པའོ། །ཞེས་བྱ་བ་སྟེ་འཇིགས་པར་བྱེད་པས་དོན་ཐམས་ཅད་འཕྲོག་པར་འགྱུར་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་དམ་བྱས་ལ། །
เล่ม ๕๖ · หน้า 76a
ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ནས་ནོར་བུའི་ཁུ་ཚུར་དུ་བྱའོ། །ཇི་ལྟ་བུར་ཞེ་ན། མཛུབ་བཀུག་ཅེས་བྱ་བ་སྟེ་མཛུབ་མོ་གཉིས་བཀུག་པའོ། །ཅི་འདི་ཙམ་ཞིག་ཁོ་ནས་རིན་པོ་ཆེའི་ཁུ་ཚུར་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ་མཐེ་བོ་གཉིས་ཀྱིས་ནི་ལེགས་
པར་མནན་ཏེ་བཙིར་བ་ནི་ཞེས་བྱ་བ་སྟེ། མཐེ་བོ་གཉིས་ཀྱིས་ལེགས་པར་བཟུང་ལ་དམ་དུ་བཙིར་བར་བྱའོ། །འདི་སྐད་སྟོན་ཏེ། མཛུབ་མོ་གཉིས་བཀུག་པའི་རྩེ་མོ་གཉིས་མཐེ་བོའི་རྩེ་མོས་ལེགས་པར་བཟུང་ཞིང་བཙིར་བར་བྱའོ། །ནོར་བུའི་ཁུ་ཚུར་འདིས་ཅི་ཞིག་བྱེད་ཅེ་ན། ནོར་བུའི་ཁུ་ཚུར་དངོས་གྲུབ་
སྦྱིན། །ཞེས་བྱ་བ་གསུངས་སོ། །ད་ནི་མཆོད་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར། དམ་ཚིག་རྣམས་ཀྱི་མཆོད་མཆོག་རྣམས། །ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། མཆོད་པའི་དམ་ཚིག་ནི་མཆོད་པའི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་ཕྱག་རྒྱ་ཇི་ལྟར་འབྱུང་
ཞེ་ན། རྡོ་རྗེ་དབྱིངས་ཀྱི་ཚུལ་དུ་ནི། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སྒེག་མོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ཚུལ་གང་དང་གང་གིས་བསྟན་པ་དེ་བཞིན་དུ་འདིར་ཡང་བྱ་བའོ། །དེར་ནི་དེ་རྣམས་ཀྱི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས་འབྱུང་ན་
འདིར་གང་ལས་བྱ་ཞེ་ན། ཇི་བཞིན་ནོར་བུ་ལྡན་པ་སྟེ། །འདིར་ནི་དམ་ཚིག་མཆོག་ཏུ་བརྟག །ཅེས་བྱ་བ་གསུངས་ཏེ། ནོར་བུ་འདི་ནི་རྣམ་པར་སྣང་མཛད་ཀྱི་གནས་འདི་ཉིད་དང་། དང་པོར་སེམས་དཔའི་རྡོ་རྗེ་མའི་གནས་ཀྱི་གང་ཡིན་པ་སྟེ། རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་དེར་
བསྟན་པ་གང་ཡིན་པའོ། །ཡང་འདི་དག་ཉིད་ཀྱི་བཅིངས་པ་བཞག་པ་ནི། གུང་མོའི་ནོར་བུའི་ཚུལ་བྱ་བར། །ཞེས་བྱ་བས་སྟོན་ཏེ། རྡོ་རྗེ་བསྡམས་པ་དེ་ཉིད་ལས་ཕྱག་རྒྱ་འདི་རྣམས་བསྟན་པར་བྱ་བ་སྟེ། དེའི་ཕྱིར་དེ་དག་ཉིད་ལས་རྣམས་པར་བརྟག་ཅེས་བྱ་བ་གསུངས་པ་ཡིན་ནོ། །སྒོ་སྲུང་རྣམས་ཀྱི་
ཕྱག་རྒྱ་ཇི་ལྟར་འབྱུང་ཞེས་དྲིས་པ་དང་། ལྕགས་ཀྱུ་གཅིག་སོགས་ཚུལ་དུ་ནི། །ལས་རྣམས་ཐམས་ཅད་རབ་གྲུབ་བྱེད། །ཅེས་བྱ་བ་སྟེ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ནོར་བུར་བྱས་ལ། མཛུབ་མོ་གཉིས་དང་མཐེ་བོ་གཉིས་ཀྱི་ཚིགས་དག་ལས་གཅིག་ལྕགས་ཀྱུ་བྱ་བ་ལ་སོགས་པའི་ཚུལ་གྱིས།
เล่ม ๕๖ · หน้า 76b
ལས་རྣམས་ཐམས་ཅད་རབ་འགྲུབ་བྱེད། །ཅེས་བྱ་བ་སྟེ། སྒོ་སྲུང་ཐམས་ཅད་ཀྱི་ཕྱག་རྒྱར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གཡས་པའི་མཛུབ་མོས་ནི་ལྕགས་ཀྱུའོ། །མཛུབ་མོ་གཉི་གའི་རྩེ་སྤྲད་པ་ནི་ཞགས་པའོ། །གཡས་པའི་མཐེ་བོས་གཡོན་པའི་མཐེ་བོ་དཀྲིས་ལ་རང་གི་མཛུབ་མོའི་རྩེ་མོ་དང་
སྤྲད་པ་ནི་གདུ་བུ་སྟེ། གཡོན་པ་ཡང་དེ་བཞིན་དུ་བྱས་ན་ལྕགས་སྒྲོག་ཏུ་འགྱུར་རོ། །མཐེ་བོ་གཉིས་ནང་དུ་བཅུག་པ་ནི་དྲིལ་བུའི་ཕྱག་རྒྱར་འགྱུར་ཏེ། དེ་ལྟར་ན་ལྕགས་ཀྱུ་གཅིག་ལ་སོགས་པའི་ཚུལ་ཡིན་པར་བལྟ་བར་བྱའོ། །དེ་ནས་གཞན་ཡང་འདི་མན་ཆད་ཆོས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་རྣམས་ནི་གོ་སླའོ། །དེ་ནས་ལས་
ཀྱི་ཕྱག་རྒྱ་ཇི་ལྟར་འབྱུང་ཞེ་ན། རིན་ཆེན་ཕྱག་རྒྱར་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱར་བྲི་བར་བྱ། །ཞེས་བྱ་བས་སྟོན་ཏེ་བྲི་བར་བྱ་ཞེས་སྨོས་མོད་ཀྱི། འོན་ཀྱང་བཅིང་བར་བྱའོ་ཞེས་བྱ་བ་ནི་འདི་ཉིད་ཀྱི་དོན་ཡིན་ནོ། །འོ་ན་དེ་ཁོ་ན་ཇི་སྐད་དུ་ཅིའི་ཕྱིར་མ་སྨོས་ཤེ་ན། གཉི་ག་གཟུང་བར་བྱ་བ་ཡིན་ཏེ། བྲི་བ་ཡང་ཕྱག་རྒྱ་ཆེན་པོ་རྣམས་
ཀྱི་ལས་ཀྱི་ཕྱག་རྒྱ་བྲི་དགོས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་ལས་ཀྱི་དམ་ཚིག་ནི་སེམས་ཅན་གྱི་ཚོགས་ཐམས་ཅད་
ཀྱི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དབུལ་བ་ཡང་དག་པར་རྒྱུན་གཅད་པར་བྱ་བའི་ཕྱིར་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གོ། །དེ་ལས་འཇིག་རྟེན་པའི་དབུལ་བ་ཡང་དག་པར་རྒྱུན་གཅོད་པ་དེའི་དོན་ནི་སེམས་ཅན་རྣམས་
བྱ་བ་འདི་དང་། འདི་ལྟ་བུ་དག་ལ་ནན་ཏན་དུ་བསྒྲུབ་པར་བྱའོ་ཞེས་སློབ་དཔོན་དེས། འདི་དང་འདི་ལྟ་བུར་བྱོས་ཤིག་ཅེས་ལུང་དབོག་པ་དང་། འཇིག་རྟེན་ལས་འདས་པའི་དབུལ་བ་གཅོད་པ་ཡང་འདི་དང་འདི་ལྟ་བུས་བསྒྲུབ་པར་བྱོས་ཤིག་ཅེས་མན་ངག་སྦྱིན་པ་སྟེ། དེ་ལྟ་བུའི་སློབ་དཔོན་དང་སློབ་མས་
འདི་ལྟར་བྱའོ་ཞེས་པ་ལ་ནན་ཏན་དུ་བསྒྲུབ་པར་བརྟགས་པ་ཡིན་པས་ན་རྟོག་པ་སྟེ་དེའི་གཞུང་ལས་ཤིན་ཏུ་རྒྱས་པ་ཡིན་པས་ན་རྟོག་པ་ཆེན་པོའོ། །རྟོག་པ་གཞན་རྣམས་ལས་ཤིན་ཏུ་ཁྱད་དུ་འཕགས་པས་ན་རྟོག་པ་ཆེན་པོའི་རྒྱལ་པོ་སྟེ། རྟོག་པ་ཆེན་པོའི་རྒྱལ་པོ་དེ་ལས་དོན་ཐམས་ཅད་གྲུབ་པ་ཞེས་
เล่ม ๕๖ · หน้า 77a
བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སོ་ཞེས་བྱ་བ་སྟེ། གང་གི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ལུས་པ་མེད་པ་འདིར་གྲུབ་པ་དང་། འགྲུབ་པ་དང་འགྲུབ་པར་འགྱུར་བ་ཡིན་པའི་ཕྱིར་དཀྱིལ་འཁོར་འདིའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །དྲིས་པ་དཀྱིལ་
འཁོར་འདི་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་བསྟན་པ་ཡིན། ཅིའི་ཕྱིར་ལས་ཀྱི་དམ་ཚིག་གི་རྟོག་པ་ཞེས་གསུངས་ཤེ་ན། དེ་ནི་བདེན་མོད་ཀྱི། འདིར་འདི་གཉི་ག་ཅིག་ཅར་སྟོན་པར་འདོད་པ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་རིགས་ཐམས་ཅད་ཡང་དག་པར་སྡུད་པ་ལ་ཞུགས་པ་ཡིན་པའི་ཕྱིར། རིན་པོ་ཆེའི་
རིགས་འདི་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ཏེ། གཙོ་བོ་མ་ཡིན་པའི་རྟོག་པ་ཅིག་ཤོས་གཙོ་བོར་གྱུར་པ་ཡང་ཡོད་པས་ན་ལས་ཀྱི་རིགས་སུ་ཡང་དག་པར་བསྡུས་པ་ཞེས་བྱ་བ་སྟེ། རང་རང་གི་ལས་ལ་གཙོ་བོར་བསྟན་པའི་ཕྱིར་སོ་སོར་བསྟན་པ་ཡང་ཡོད་དོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་
ལ་ནི་མངོན་པར་བྱང་ཆུབ་པ་གཙོ་བོ་ཡིན་ཏེ། ཆོས་ཐམས་ཅད་བདག་མེད་པར་མངོན་པར་རྟོགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རྟོག་པའི་རྒྱལ་པོ་དེ་ལ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱའོ། །མངོན་པར་བྱང་ཆུབ་པའི་ལས་ནི་སེམས་ཅན་གདུལ་བ་ཡིན་ལ་དེ་ནི་འཇིག་རྟེན་
གསུམ་ལས་རྒྱལ་བ་མེད་པར་མི་འབྱུང་སྟེ། དེ་བས་ན་འདིར་དོན་ཏེ་གཙོ་བོ་ཡིན་པར་བསྟན་པར་བྱ་བའི་ཕྱིར་ལས་ཀྱི་རིགས་ཀྱི་ཁོངས་སུ་གཏོགས་ན་ཡང་ལོགས་ཤིག་ཏུ་བསྟན་པ་མཛད་དོ། །འཇིག་རྟེན་གསུམ་ལས་རྒྱལ་དུ་ཟིན་ཀྱང་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་མེད་ན་འཇིག་རྟེན་ལས་འདས་པའི་དབུལ་
བ་ཡང་དག་པར་གཅོད་པར་མི་འགྱུར་ཏེ། དེ་བས་ན་དོན་འདི་གཙོ་བོར་བསྟན་པར་བྱ་བའི་ཕྱིར་འགྲོ་བ་འདུལ་བའི་རྟོག་པ་ཡང་ལོགས་ཤིག་ཏུ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།
ད་ནི་གཟུངས་ཀྱི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། དཀྱིལ་འཁོར་ཆེན་པོའི་རྗེས་ལ་གཟུངས་ཀྱི་དཀྱིལ་འཁོར་འབྱུང་བར་སྟོན་ཏོ། །ཡང་ཞེས་བྱ་བ་ནི་སྔར་བཤད་པའི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །སྐལ་བ་ཕུན་སུམ་
เล่ม ๕๖ · หน้า 77b
ཚོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དབང་བསྐུར་བ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའོ། །དེའི་གཟུངས་ནི་དཀྱིལ་འཁོར་དེར་གཏོགས་པའི་ཕྱག་རྒྱ་རྣམས་སོ། །དེའི་དམ་ཚིག་ནི་ཕྱག་རྒྱ་དང་དཀྱིལ་
འཁོར་ལ་སོགས་པ་སྟེ། དེ་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བ་དེ་བྱིན་གྱིས་བརླབས་པའི་ཕྱིར་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །རང་གི་ཕྱག་རྒྱ་གསུངས་སོ་ཞེས་བྱ་བ་ནི་ཕྱག་རྒྱ་བསྐྱེད་པའི་
རྒྱུ་ཡིན་པའི་ཕྱིར་རིག་པ་ཉིད་ལ་ཕྱག་རྒྱའི་སྒྲར་གསུངས་སོ། །དེ་ནས་ཕྱག་ན་རྡོ་རྗེས་མི་བསྐྱོད་པའི་གནས་ཀྱི་རང་གི་ཕྱག་རྒྱ་གསུངས་སོ། །དེ་བཞིན་དུ་རྡོ་རྗེ་སྙིང་པོས་ཀྱང་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱིའོ། །དེ་བཞིན་དུ་རྡོ་རྗེ་སྤྱན་གྱིས་ཀྱང་སྣང་བ་མཐའ་ཡས་ཀྱི་གནས་ཀྱིའོ། །དེ་བཞིན་དུ་རྡོ་རྗེ་སྣ་ཚོགས་
པས་ཀྱང་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་རང་གི་རིག་པ་དམ་པ་གསུངས་ཏེ། རིག་པ་དེ་ལྔ་ནི་དཀྱིལ་འཁོར་ལྔ་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །རང་གི་རིགས་འབྱུང་བ་ཞེས་གསུངས་མོད་ཀྱི། འོད་ཀྱང་འདི་རྣམས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཉིད་བྱའོ། །ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་
བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གདོན་པ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་དཀྱིལ་འཁོར་གདོན་པའི་རྗེས་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་དེ་སུ་ཞིག་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་དེས་ཅི་ཞིག་མཛད་ཅེ་ན། རང་གི་
རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་གསུངས་སོ་ཞེས་པའོ། །རང་གི་ཡང་ཡིན་ལ་རིགས་ཀྱང་ཡིན་པས་རང་གི་རིགས་སོ། །དེའི་དམ་ཚིག་གི་ཕྱག་རྒྱ་ནི་དམ་ཚིག་རབ་ཏུ་གྲུབ་པར་བྱེད་པའི་ཕྱག་རྒྱ་ཡིན་པས། དམ་ཚིག་གི་ཕྱག་རྒྱ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་འགོད་པའི་ཁྱད་པར་རོ། །འདི་
ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །ཇི་ལྟར་གསུངས་ཤེ་ན། དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་བྱ་བའི་རྗེས་ཐོགས་ལའོ། །གང་གི་ཕྱིར་ཕྱག་རྒྱའི་དཀྱིལ་འཁོར་མེད་པར་ནི་དེ་དང་འབྲེལ་བའི་དགོས་པ་འགྲུབ་པར་མི་
เล่ม ๕๖ · หน้า 78a
འགྱུར་བས་དེའི་ཕྱིར་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་སྟེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པར་བྱ་ཞིང་བསྟན་པར་བྱའོ་ཞེས་པའོ། །གང་ཞིག་ཅེ་ན་ཕྱག་རྒྱའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན་དམ་པ་སྟེ་ཞེས་པའོ། །ཅི་འདྲ་བ་ཞེ་ན་རྡོ་རྗེ་དབྱིངས་དང་འདྲ་བ་ལ་ཞེས་པ་སྟེ་རྡོ་རྗེ་དབྱིངས་དང་མཚུངས་
པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། རིན་ཆེན་གསང་བ་ཞེས་བཤད་དེ། །ཞེས་བྱ་བའོ། །ཐིག་ཇི་ལྟར་གདབ་པར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་གསུངས་སོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེ་ཡི་དབུས་སུ་ཚུལ་བཞིན་དུ། །སངས་རྒྱས་
ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ། དེའི་ཞེས་བྱ་བ་ནི་ཐིག་བཏབ་མ་ཐག་པའི་དཀྱིལ་འཁོར་གྱིའོ། །དབུས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུའོ། །ཚུལ་བཞིན་དུ་ཞེས་བྱ་བ་ལ་ཚུལ་གང་ཞིག་ཡིན་ཞེ་ན། བདག་ཉིད་བྱིན་གྱིས་བརླབ་པ་ལ་སོགས་པ་དང་ས་སྦྱང་བའོ། །དེ་
ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། སངས་རྒྱས་ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ། ཡང་དག་པར་ཀུན་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས། ཁྲི་ལ་གནས་པའི་ནོར་བུའི་གཙོ། །ཞེས་བྱ་བ་ལ་གཙོ་ཞེས་པ་ནི་དང་པོར་རོ། །གང་དུ་བྲི་བར་བྱ་ཞེ་ན། རྡོ་རྗེ་དབྱིངས་ཀྱི་མདུན་དུ་བྲི། །ཞེས་
བྱ་བ་གསུངས་ཏེ། སེམས་དཔའ་རྡོ་རྗེ་མའི་གནས་སུ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱིངས་ཞེས་སྨོས་པ་ནི་འདིར་སངས་རྒྱས་ཀྱི་ཕྱག་རྒྱས་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས། རྡོ་རྗེ་རིན་ཆེན་མའི་གནས་སུ། ནོར་བུའི་ཕྲེང་བ་བྲི་བར་བྱའོ། །ཞེས་གསུངས་པ་སྟེ། ནོར་བུའི་ཕྲེང་བ་ནི་ནོར་བུ་གསུམ་
པ་སྟེ། དོན་ཐམས་ཅད་གྲུབ་པའི་ཕྲེང་བ་ཞེས་གང་བཤད་པའོ། །པདྨོའི་ནོར་བུ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་མའི་གནས་སུ་པདྨོའི་སྟེང་དུ་ནོར་བུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ནོར་བུས་བསྐོར་བའི་ནོར་བུ་རྣམས། །ཞེས་བྱ་བ་ནི་རྡོ་རྗེ་ལས་མའི་གནས་སུ་ནོར་བུ་ནོར་བུས་ཡོངས་སུ་བསྐོར་བ་བྲི་བར་བྱའོ་ཞེས་སྟོན་
ཏོ། །ལྷག་མ་རྣམས་ནི་གོ་སླའོ། །ཐམས་ཅད་གྲུབ་པའི་ཞེས་བྱ་ལ་སོགས་པ་ལ། རྡོ་རྗེ་ཤུགས་ཀྱིས་རྒལ་ནས་ཀྱང་། །ཞེས་བྱ་བ་ནི། ཐིག་དང་རི་མོ་ལས་རྒལ་བའི་སྔགས་དང་། ཡིད་ཀྱི་ཕྱག་རྒྱ་དང་བཅས་པར་མང་དུ་བསྟན་པ་སྟེ་དེ་རི་མོ་ལ་བསྒོམ་པར་བྱའོ། །ཐམས་ཅད་འགྲུབ་པའི་དཀྱིལ་འཁོར་
เล่ม ๕๖ · หน้า 78b
དུ། །ཞེས་བྱ་བ་ལ་ཐམས་ཅད་འགྲུབ་པ་ནི་དོན་ཐམས་ཅད་གྲུབ་པ་སྟེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའོ། །དེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེར་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་རིན་ཆེན་དབུས་སུ་ནི། །རྡོ་རྗེ་ནོར་བུ་ཆེན་པོ་བྲི། །ཞེས་བྱ་བ་སྟེ། རྡོ་རྗེ་རིན་ཆེན་ནི་ནོར་བུ་ཆ་བརྒྱད་པའམ། ཟུར་དྲུག་
པའམ་ཆ་བཅུ་གཉིས་པ་སྟེ་དེའི་དབུས་སུའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། དབུས་མ་ཉིད་དུ་རྡོ་རྗེ་ནོར་བུ་ཆེན་པོ་བྲི་བར་བྱ་བ་སྟེ། རྡོ་རྗེས་མཚན་པའི་ནོར་བུ་ཡིན་པས་ན་རྡོ་རྗེ་ནོར་བུ་སྟེ་དེ་བྲི་བའོ། །དབུས་ན་གནས་པའི་ནོར་བུར་དེའི་ཕྱོགས་བཞི་ཆར་དུ་ཡང་ངོ་། །ལྟག་འོག་ཅེས་བྱ་བ་ནི་རྡོ་རྗེ་དང་
ལྕགས་ཀྱུ་ལ་སོགས་པའི་གཟུགས་སོ། །གོ་རིམས་ཇི་བཞིན་པར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རིམ་པས་སོ། །རང་གི་ཕྱག་རྒྱ་ནོར་བུར་ལྡན། །ཞེས་བྱ་བ་ལ་རང་གི་ཕྱག་རྒྱ་ནི་རང་རང་གི་ཕྱག་རྒྱའོ། །ནོར་བུར་ལྡན་ཞེས་བྱ་བ་ནི་ནོར་བུ་དང་བཅས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རིན་པོ་ཆེའི་སློབ་
དཔོན་ཉིད་ཀྱིས་བྲི་བར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །རྡོ་རྗེ་ཤུགས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་གཉིས་པར། སྤྱན་གཉིས་དང་ནི་ལྡན་པ་ཡི། །ནོར་བུ་དེ་ཡི་དབུས་སུ་བྲི། །ཞེས་བྱ་བ་སྟེ། ནོར་བུ་བྲིས་ལ་དེའི་དབུས་སུ་མིག་གཉིས་བྱའོ། །དེའི་ཕྱོགས་རྣམས་ཐམས་
ཅད་དུ། །ཞེས་བྱ་བ་ནི་ནོར་བུའི་སྤྱན་གཉིས་དང་ལྡན་པ་དེའི་ཕྱོགས་བཞི་ཆར་དུའོ། །ལྟག་འོག་ཅེས་བྱ་བ་ནི་རྡོ་རྗེ་རིན་ཆེན་ལ་སོགས་པའི་ཕྱག་རྒྱ་ཕྱིན་ཅི་མ་ལོག་པར་བྲིས་ཤིག་ཅེས་སྟོན་ཏོ། །གོ་རིམས་ཇི་བཞིན་པར་ཞེས་བྱ་བ་ནི་རིམ་པ་མ་འཚོལ་བར་རོ། །ནོར་བུའི་མཚན་མར་ལྡན་པ་ཡི། །ཞེས་བྱ་ནི་ཐམས་
ཅད་ཀྱང་ནོར་བུ་དང་ཡང་དག་པར་ལྡན་པའོ། །རང་གི་ཕྱག་རྒྱ་རྣམས་བྲིའོ། །ཞེས་བྱ་བ་ནི་དེ་ལ་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་དབུས་སུ་རིན་པོ་ཆེའི་གཙོ་བོ་བྲིས་ལ་ངོས་གཉིས་སུ་འཁོར་དུ་གྱུར་པའི་ནོར་བུ་དག་བྲི་བ་འདི་ནི་རྡོ་རྗེ་ནོར་བུའི་ཕྲེང་བའོ། །གཉིས་པར་ཉི་མའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་ནོར་བུ་བྲི་བར་བྱའོ། །
གསུམ་པར་ནི་རྒྱལ་མཚན་བྲིས་ལ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བྲིས་པའི་དབུས་སུ་ནོར་བུ་བྲི་བར་བྱའོ། །བཞི་པར་ནི་རྡོ་རྗེ་གཉིས་ཀྱི་དབུས་སུ་ཆུད་པའི་སོའི་ཕྲེང་བ་བྲིས་ལ་དེའི་སྟེང་དུ་ནོར་བུ་བྲི་བར་བྱའོ། །རྡོ་རྗེ་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ནོར་བུའི་པདྨ་བྲི་བར་བྱ། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་གནས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด