དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན

ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๕๖ · หน้า 27b

ཕྱི་དང་ནང་དུ་བཅས་པའི་མུན་པ་སེལ་བར་མཛད་པའི་ཕྱིར་རོ། །འཇིག་རྟེན་ན་ནོར་བུ་ལ་སོགས་པ་སྣང་བ་གང་ཡིན་པ་དེ་རྣམས་ནི་ཕྱི་རོལ་གྱི་མུན་པ་སེལ་བར་བྱེད་པ་ཡིན་པར་གྲགས་པ་ཙམ་དུ་ཟད་ཀྱི། འདིས་ནི་ཕྱི་དང་ནང་གི་མུན་པ་ཐམས་ཅད་སེལ་བས་ན་སྣང་མཆོག་གོ། །སྣང་བ་ཡང་ཡིན་ལ་

གཙོ་བོ་ཡང་ཡིན་པས་ན་སྣང་གཙོ་སྟེ། ཉོན་མོངས་པའི་སྒྲ་རྣམས་འཇོམས་པས་སོ། །དེ་ཡང་ཡེ་ཤེས་ཀྱི་སྣང་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེར་པོར་གྱུར་པ་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འཇིག་རྟེན་དབང་ཕྱུག་གོ། །མར་མེ་ལྟར་སྣང་བ་མངའ་བས་ན་སྣང་གསལ་ཏེ། འོད་ཟེར་

འགྱེད་པས་ཕྱིའི་མུན་པ་སེལ་བར་ཆོས་མཐུན་པའི་ཕྱིར་རོ། །རབ་ཏུ་སྣང་བ་ཡིན་པས་ན་ཤིན་ཏུ་སྣང་བ་པོ་སྟེ་ཡང་དག་པའི་དོན་སྟོན་པའི་ཕྱིར་རོ། །སྣང་བ་ནི་པདྨའི་རིགས་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའ་དེ་ལས་གཞན་པ་རྣམས་ཏེ། དེ་རྣམས་ཀྱི་མགོན་པོ་ཡིན་པས་ན་སྣང་བའི་མགོན་

པོའོ། །སྣང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྣང་བ་ཆེན་པོ་སྟེ། ཁམས་གསུམ་པོ་སྣང་བར་མཛད་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་སྣང་བ་ཡིན་པས་ན་སངས་རྒྱས་སྣང་བ་སྟེ། དེས་འདུལ་བའི་སེམས་ཅན་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་རབ་ཏུ་སྦྱར་བའི་ཕྱིར་རོ། །

འདིས་ནི་མཚན་བརྒྱད་ཀྱིས་བསྟོད་པ་ཡིན་ནོ། །ད་ནི་དབང་བསྐུར་བའི་སྒོ་ནས་བསྟོད་པའི་ཕྱིར་སངས་རྒྱས་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་བྱ་བའི་ཕྱིར་སངས་རྒྱས་རྣམས་ཀྱི་དབང་བསྐུར་བས་ན་སངས་རྒྱས་དབང་བསྐུར་རོ། །བྱང་ཆུབ་

ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཏུ་གྱུར་པས་ན་སངས་རྒྱས་མཆོག་གོ། །སངས་རྒྱས་རྣམས་ཀྱི་སྲས་ཡིན་པས་ན་སངས་རྒྱས་སྲས་པོ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མཁས་པ་ཡང་ཡིན་

ལ་ཆེན་པོ་ཡང་ཡིན་པས་ན་མཁས་པ་ཆེན་པོ་སྟེ། །དེ་ཁོ་ན་ཉིད་ཀྱི་དོན་ཐམས་ཅད་ལ་ཤིན་ཏུ་ཞུགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་དབང་བསྐུར་བ་མངའ་བས་ན་སངས་རྒྱས་དབང་བསྐུར་ཏེ། འོད་དཔག་ཏུ་མེད་པའི་དབང་བསྐུར་བ་འཆད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དབུལ་ཏེ། དེ་

เล่ม ๕๖ · หน้า 28a

བཞིན་གཤེགས་པ་འཇོག་པས་ན་གཙུག་སྟེ། གཞན་རྣམས་ཀྱི་ནང་ན་མཆོག་ཡིན་པས་ན་གཙུག་གི་མཆོག་གོ། །བདག་ཉིད་སངས་རྒྱས་ཀྱི་གཟུགས་འཛིན་པར་མཛད་པའི་ཕྱིར་དང་། སྤྱི་གཙུག་ལ་འོད་དཔག་ཏུ་མེད་པ་འཇོག་པའི་ཕྱིར་སངས་རྒྱས་སངས་རྒྱས་

ཞེས་བཤད་པ་ཡིན་ནོ། །ཚིགས་སུ་བཅད་པ་འདིས་ཀྱང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་སྤྱན་གྱི་སྒོ་ནས་བསྟོད་པའི་ཕྱིར་སངས་རྒྱས་སྤྱན་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྤྱན་ཡིན་པས་ན་སངས་རྒྱས་སྤྱན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཡང་ན་སངས་

རྒྱས་དང་འདྲ་བའི་སྤྱན་མངའ་བས་ན་སངས་རྒྱས་སྤྱན་ནོ། །སྤྱན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྤྱན་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པས་བར་དུ་གཅོད་པ་རྣམས་ཀྱང་གཟིགས་པའི་ཕྱིར་རོ། །ཆོས་ཀྱི་ཡུལ་དང་ལྡན་པའི་སྤྱན་མངའ་བས་ན་ཆོས་སྤྱན་ཏེ། བཤད་

པའི་ཆོས་རྣམས་ཀྱི་ཐོག་མ་དང་། བར་དང་ཐ་མའི་རྣམ་པར་དག་པ་ཐུགས་སུ་ཆུད་པའི་ཕྱིར་རོ། །གཟིགས་པ་ཆེན་པོ་མངའ་བས་ན། གཟིགས་པ་ཆེན་པོ་སྟེ་སྤྱན་གྱི་ཕྱག་རྒྱས་ཁམས་གསུམ་ཁྱབ་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ་ཆོས་ཐམས་ཅད་རང་

བཞིན་གྱིས་རྣམ་པར་དག་པར་མཁྱེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་ཐམས་ཅད་པའོ། །རྡོ་རྗེའི་བལྟ་བས་སེམས་ཅན་ཐམས་ཅད་དབང་དུ་མཛད་པས་ན། རྡོ་རྗེ་སྤྱན་ཁྱོད་ཕྱག་འཚལ་ལོ། །ཞེས་བྱ་བའོ། །

འདིར་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །དེ་ལྟར་ན་འདི་ནི་མཚན་བརྒྱ་རྩ་བརྒྱད་དུ་འགྱུར་ཏེ། ཚིགས་སུ་བཅད་པ་བཅུ་གཉིས་ལ་ནི་མཚན་བདུན་བདུན་ཡོད་ལ། ཚིགས་སུ་བཅད་པ་གསུམ་ལ་ནི་མཚན་བརྒྱ་རྩ་བརྒྱད་ཡོད་པའི་ཕྱིར་རོ། །བདག་ཉིད་ཀུན་གྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཐམས་ཅད་

ཀྱིས་སོ། །ཡོན་ཏན་གྱི་རྒྱུར་གྱུར་པས་ན་ཡོན་ཏན་ནོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །མཚན་བརྒྱ་རྩ་བརྒྱད་ཅེས་བྱ་བ་ནི་ཁྱོད་ཀྱིས་མཚན་བརྒྱ་རྩ་བརྒྱད་དུ་གྱུར་པའོ། །བསྟོད་དམ་ཞེས་བྱ་བ་ནི་བསྟོད་པའི་བསམ་པས་སྟོད་པར་བྱེད་ཅིང་རྗོད་པར་བྱེད་པའོ། །སྒོམ་པར་བྱེད་པ་ཞེས་བྱ་

เล่ม ๕๖ · หน้า 28b

བ་ནི་དོན་མངོན་སུམ་དུ་བྱས་པའོ། །གང་ཞེས་བྱ་བ་ནི་སུ་ལ་སྟེ། དེ་ཡང་། འཇིག་རྟེན་དབང་པོ་ཐོབ་པར་འགྱུར། །ཞེས་བྱ་བའོ། །མཆོད་པ་སྔོན་དུ་འགྲོ་བའི་ཞུ་བ་ནི་གསོལ་བ་སྟེ། དེ་ལྟར་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པའི་གསོལ་བ་བྱས་ནས། ད་ནི་མཆོད་པ་སྔོན་དུ་འགྲོ་བའི་གསོལ་བ་འདེབས་པ་

ཉིད་སྟོན་པ་ནི། དཔའ་བོ་ཁྱོད་ལ་ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་ན་དཔའ་བོའོ། །ཅིའི་ཕྱིར་གསོལ་བ་འདེབས་ཤེ་ན། ཆོས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར་རོ། །རང་གི་རིགས་རྣམས་བསྐྱེད་ནས་ཀྱང་། །ཞེས་བྱ་བ་ནི་པདྨོའི་རིགས་བསྐྱེད་ནས་

སོ། །ཆོས་ཀྱི་དཀྱིལ་འཁོར་ནི་ཉིད་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་རོ། །དམ་པ་ནི་མཆོག་ཏུ་གྱུར་ཅིང་ཡོངས་སུ་དག་པ་སྟེ། དེ་ཤོད་ཅིག་ཅེས་བྱ་བར་སྦྱར་རོ། །ཐུབ་པ་ཆེན་པོ་ཞེས་བྱ་བ་ལ་ཐུབ་པ་ནི་ལུས་དང་ངག་དང་ཡིད་ཐུབ་པའོ། །ཆེན་པོ་ནི་ཐུབ་པ་རྣམས་ཀྱི་ནང་ན་ཡང་ཆེན་པོར་གྱུར་པས་

ན་ཐུབ་པ་ཆེན་པོའོ། །དེ་ལ་ལུས་ཐུབ་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་གསུམ་ལས་ལྡོག་པའོ། །ངག་ཐུབ་པ་ནི་བརྫུན་དུ་སྨྲ་བ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་བཞི་ལས་ལྡོག་པའོ། །ཡིད་ཐུབ་པ་ནི་ལོག་པར་ལྟ་བ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་གསུམ་

ལས་ལྡོག་པའོ། །བཤད་པར་གསོལ་ཞེས་བྱ་བ་ནི་བསྟན་པར་གསོལ་ཞེས་བྱ་བའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་ལྷན་ཅིག་བཞུགས་པ་སྟེ། བཅོམ་ལྡན་འདས་

ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ག་ལ་བ་དེར་མངོན་སུམ་དུ་ཕྱོགས་པར་འདུག་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ཏུ་ཟིན་ཀྱང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འབའ་ཞིག་ལ་མངོན་སུམ་དུ་ཕྱོགས་ནས་འདུག་པ་ནི་ཡང་དག་པར་བྱང་ཆུབ་པ་དང་། ཉེ་བ་དང་།

དེའི་བསྟན་པ་ལ་ཞུགས་པ་ཡིན་པའི་ཕྱིར་དེ་ལ་མངོན་དུ་ཕྱོགས་ནས་འདུག་པ་ཡིན་ནོ། །རྡོ་རྗེ་པདྨོ་དེ་ཞེས་བྱ་བ་ནི་རང་གི་དམ་ཚིག་གི་ཕྱག་རྒྱ་བསྟན་པ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་སྤྲུལ་པའི་ཚེ་ན་ལག་ཏུ་བྱིན་པ་གང་ཡིན་པ་སྟེ། རྡོ་རྗེས་མཚན་པའི་པདྨོ་ཡིན་པས་ན་རྡོ་རྗེ་པདྨོའོ། །རང་གི་ཐུགས་ཀར་བཞག་སྟེ།

เล่ม ๕๖ · หน้า 29a

ཞེས་བྱ་བ་ནི་དཀྱིལ་འཁོར་སྤྲུལ་པའི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་ཉིད་ཀྱི་ཐུགས་ཀར་བཞག་པའོ། །ཆེད་དུ་བརྗོད་པ་ནི་མ་དྲིས་པར་ལུང་སྟོན་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །རབ་ཏུ་དག་པ་ནི་ཤིན་ཏུ་དག་པ་སྟེ་

ཡིད་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དག་པ་དེ་གང་ཡིན་ཞེ་ན། རྡོ་རྗེ་པདྨོ་འདི་དག་གི། །ཞེས་བྱ་བ་སྟེ། རྡོ་རྗེས་མཚན་པའི་པདྨོ་ནི་རྡོ་རྗེ་པདྨོའོ། །བདག་གི་ཕ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་པདྨོ་དེ་ལས་བདག་སྐྱེས་པའི་ཕྱིར། བདག་གི་བུ་ཡང་ཡིན་ཞེས་བྱ་བ་ནི་བདག་གི་སེམས་གཟུགས་མེད་པ་ལས་རྡོ་རྗེ་

པདྨོ་འབྱུང་བའི་ཕྱིར་རོ། །དེ་བས་ན་བདག་གི་རིགས་འོག་ནས་འབྱུང་བ་འདི་བྱིན་གྱིས་བརླབས་པར་མཛོད་ཅིག་པའོ། །དེ་ལྟར་གང་གི་མཐུ་བསྐྱེད་པའི་ཕྱིར་ཆེད་དུ་བརྗོད་པ་བསྟན་པས་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བསྐུལ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་

ཅེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །སེམས་ཅན་གྱི་ཁམས་མ་ལུས་པ་ཉིད་ཀྱི་གཟི་བརྗིད་ཀྱིས་ཟིལ་གྱིས་མནན་ནས་རྣམ་པར་སྣང་མཛད་དོ། །དངོས་པོ་རྣམས་ཇི་ལྟར་གནས་པ་

དེ་བཞིན་དུ་ཐུགས་སུ་ཆུད་ཅིང་སངས་རྒྱས་པས་ན་དེ་བཞིན་གཤེགས་པ་སྟེ། འགྲོ་བའི་དོན་ཐམས་ཅད་ནི་ཤེས་པའི་དོན་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣམས་དང་འབྲེལ་བའི་རྡོ་རྗེའི་ཆོས་སོ། །དེའི་དམ་

ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། པདྨ་ལྟར་གོས་པ་མེད་པའི་ཏིང་ངེ་འཛིན་དེ་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་ནི་འོག་ནས་བཤད་པའི་སྙིང་པོ་སྟེ། ཆོས་ཀྱི་དམ་ཚིག་ལ་ངེས་པར་འཇུག་པར་ནུས་པས་ན་ཆོས་ཀྱི་དམ་ཚིག་ཅེས་བཤད་དེ་དེ་ཕྱུང་བའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། རྡོ་རྗེ་པདྨོའི་ཕྱག་རྒྱ་དཀྱིལ་འཁོར་སྤྲུལ་པའི་མཐུ་བསྐྱེད་པའི་ཕྱིར་

เล่ม ๕๖ · หน้า 29b

འཇིག་རྟེན་དབང་ཕྱུག་གི་ཐུགས་ལ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་ཐུགས་ལས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་དག་ཀྱང་འགྲོ་བ་འདུལ་བའི་གཟུགས་སུ་གཞུག་པའི་ཕྱིར་རོ། །ཁ་དོག་ནི་སེར་པོ་དང་དམར་པོ་ལ་སོགས་

པའོ། །གཟུགས་ནི་དབྱིབས་ཏེ་རིང་པོ་དང་། ཐུང་དུ་དང་། གྲུ་བཞི་དང་། ཟླུམ་པོ་ལ་སོགས་པའོ། །རྟགས་ནི་མཚན་མ་སྟེ་ནོར་བུ་ལ་སོགས་པའོ། །སྤྱོད་ལམ་ནི་གཡོ་བ་དང་། འགུལ་བ་དང་། གནས་པ་དང་། འགྲོ་བ་ལ་སོགས་པའོ། །དེ་ལྟ་བུའི་འོད་ཟེར་རྣམས་བྱུང་ནས་འདོད་ཆགས་

ལ་སོགས་པ་རྣམ་པར་དག་པ་དང་། ཆོས་ཉིད་ཀྱི་ཡེ་ཤེས་ཡང་དག་པར་སྦྱངས་ནས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཡུལ་སྨིན་པ་དང་གྲོལ་བའི་ཆགས་པར་ཆོས་ཉིད་རྣམ་པར་དག་པའི་ཡེ་ཤེས་རབ་ཏུ་སྦྱངས་པའོ། །སོགས་པ་སྨོས་པ་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཡང་རྣམ་

པར་རྟོག་པས་ཀུན་ནས་བསླང་ཞིང་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དོན་དམ་པར་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཡང་དག་པར་སྦྱངས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཡང་སླར་ལོག་སྟེ། དཀྱིལ་འཁོར་སྤྲུལ་པའི་

མཐུ་བསྐྱེད་པའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ཀར་ཞུགས་སོ་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་གཟུགས་ཀྱིའོ། །ད་ནི་གཙོ་བོ་ལྔའི་རང་གི་རིགས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་སྔགས་ལྔ་བསྟན་པ་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་

ཡིན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་པ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་སྔགས་ནི་ཆོས་ཀྱི་དམ་ཚིག་གོ། །ལྷག་མ་ནི་གོ་སླའོ། །ད་ནི་བཅོམ་ལྡན་འདས་

འཇིག་རྟེན་དབང་ཕྱུག་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཉིད་ཀྱི་ཐུགས་ཀར་སྤྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཤད་པར་བྱ་བའི་ཕྱིར། ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གསུངས་

เล่ม ๕๖ · หน้า 30a

པ་ཡིན་ནོ། །དེ་ནས་དེ་སྨྲས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་ལས་སྟོན་པ་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཐུགས་ལས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །འཕགས་པ་སྤྱན་རས་གཟིགས་

དབང་པོའི་གཟུགས་འཛིན་པ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གཟུགས་འཆང་བའོ། །ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་དང་། སེར་པོ་ལ་སོགས་པའོ། །གཟུགས་ནི་དབྱིབས་རྣམས་སོ། །ཆ་ལུགས་ནི་གོས་དང་རྒྱན་ལ་སོགས་པ་ཡོངས་སུ་གཟུང་ངོ་། །རྒྱན་ནི་གདུ་བུ་དང་དཔུང་རྒྱན་ལ་

སོགས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་དཔའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་གཟུགས་འཛིན་པར་མཛད་པས་ན་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་དཔའ་ཐམས་ཅད་ཀྱི་སྐུ་འཛིན་པའོ། །དེ་བཞིན་གཤེགས་

པ་ལ་སོགས་པ་སེམས་དཔའ་ཐམས་ཅད་ཀྱི་སྐུ་བཟུང་ནས་ཅིར་འགྱུར་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་གྱུར་ནས་ཞེས་བྱ་བ་སྟེ། འཇིག་རྟེན་དབང་ཕྱུག་གི་ཐུགས་ལས་བྱུང་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཇི་ལྟར་འདུལ་བར་ཞེས་བྱ་བ་ནི་སེམས་

ཅན་གང་དང་གང་དག་གཟུགས་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེ་ལ་དེ་དང་དེའི་གཟུགས་སུ་བསྟན་པས་འདུལ་བར་མཛད་པའོ། །གདུལ་བ་བྱས་ཏེ་ཞེས་བྱ་བ་ནི་བསྟན་པ་ལ་བཙུད་པའོ། །རིམ་པ་འདིས་སེམས་ཅན་གྱི་ཁམས་མ་ལུས་པར་གདུལ་བར་བྱ་སྟེ། ཡང་སླར་ལོག་ནས་རྡོ་རྗེ་

དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྣམ་པར་བཀོད་པའི་ཚུལ་དུ་གནས་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པར་སྣང་མཛད་ཀྱི་གནས་ན་བཞུགས་པ་དེའི་ཕྱོགས་ཐམས་ཅད་དེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཟླ་བའི་དཀྱིལ་

འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། ཐབས་སོ། །སུ་ཞིག་གི་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ། །ཇི་ལྟ་བུ་ཞིག་གི་ཞེ་ན། སྙིང་རྗེའི་བདག་ཉིད་དོ། །མངོན་པར་འདོད་པའི་དོན་མྱུར་དུ་དཀའ་བ་མེད་པར་ཐོབ་པར་

เล่ม ๕๖ · หน้า 30b

པར་བྱེད་པས་ན་ཐབས་ཏེ། ཡེ་ཤེས་ཉིད་ཀྱི་ཁྱད་པར་འགའ་ཞིག་གོ། །དེ་ལྟ་བུའི་ཐབས་ཀྱིས་འདུལ་བའི་ཕྱིར་གཟུགས་གཞན་དག་ཏུ་ཡང་སྟོན་ཏེ། གང་གི་ཕྱིར་གང་དུ་ཐབས་ཀྱིས་འདུལ་བར་མཛད་ན། ལྷ་རྣམས་སུ་ཡང་འགྱུར་བ་ཡིན་ཞེས་བྱ་བ་སྟེ། འཇིག་རྟེན་པའི་ལྷ་རྣམས་ཀྱི་གཟུགས་སུ་ཡང་སྟོན་པར་

མཛད་པའོ། །དེ་ཡང་གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམ་པར་འདུལ་འགྱུར་བ། །ཐུགས་རྗེས་ནོན་པ་དེ་དང་དེར། །བརྩེ་བའི་བདག་ཉིད་སྟོན་པར་མཛད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །རྒྱུད་འདིར་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་དཀྱིལ་འཁོར་བྲི་བའི་ཆོ་གར་བསྡུས་པ་གང་

ཡིན་པ་དེས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ། སངས་རྒྱས་ཐམས་ཅད་བསྡུ་བར་བྱའོ། །དེ་བཞིན་གཤེགས་པའི་རིགས་སུ་ནི་དཔལ་རྡོ་རྗེ་སེམས་དཔའོ། །རྡོ་རྗེའི་རིགས་སུ་ནི་ཧཱུཾ་མཛད་དོ། །འགྲོ་བ་འདུལ་བ་ལ་ནི་སྤྱན་རས་གཟིགས་དབང་ཕྱུག་གོ། །དོན་ཐམས་ཅད་གྲུབ་པ་ལ་ནི་

ནམ་མཁའི་སྙིང་པོ་སྟེ། རང་གི་སྙིང་པོ་ཐུགས་ཀ་ན་གནས་པ་ལ་རང་གི་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་གདབ་པར་བྱའོ། །གསོལ་བ་བཏབ་ནས་དཀྱིལ་འཁོར་གང་དུ་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་སྔགས་དེས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །སྔགས་གང་དཀྱིལ་འཁོར་

མཐུ་བསྐྱེད་པའི་སྔགས་དེས་ནི་དཀྱིལ་འཁོར་མཐུ་བསྐྱེད་པར་བྱའོ། །སྔགས་གང་དཀྱིལ་འཁོར་གདོན་པའི་སྔགས་དེས་དཀྱིལ་འཁོར་དབྱུང་བར་བྱའོ། །སྔགས་གང་ཕྱག་རྒྱ་རྣམས་དགོད་པར་གསུངས་པ་དེས་ཕྱག་རྒྱ་རྣམས་དགོད་པར་བྱའོ། །དཀྱིལ་འཁོར་ཆེན་པོ་འདིར་ནི་བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱིས་འཇིག་རྟེན་དབང་ཕྱུག་གི་མཐུ་བསྐྱེད་པའི་ཕྱིར་ཐོག་མའི་སྔགས་གསུངས་སོ། །དེ་ནས་གཙོ་བོ་ལྔས་རང་རང་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་སྔགས་ལྔ་གསུངས་སོ། །དེའི་འོག་ཏུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་གདོན་པའི་

ཕྱིར་སྔགས་གཞན་གསུངས་སོ། །དེ་ནས་སེམས་དཔའ་ཐམས་ཅད་ཀྱི་དགོད་པའི་སྔགས་གསུངས་སོ། །དེ་ལྟར་བྱས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་དང་འགྲོ་བ་འདུལ་བའི་གནས་སུ་སྔགས་གསུམ་གསུམ་དུ་འགྱུར་ལ། རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་གདོན་མི་ཟ་

เล่ม ๕๖ · หน้า 31a

བར་གྲུབ་པའི་གནས་སུ་གཉིས་གཉིས་སོ། །ལྷག་མ་རྣམས་སུ་ནི་དགོད་པའི་སྔགས་རེ་རེར་ཟད་དེ་འདི་དག་ནི་བསྡུས་པའི་དོན་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །བྱང་ཆུབ་སེམས་དཔས་ན་བྱང་ཆུབ་སེམས་དཔའོ། །དམྱལ་བའི་གནས་སུ་ཡང་པདྨ་བསྐྱེད་པར་

བྱའོ་ཞེས་དགོངས་པས་ན་སེམས་དཔའ་ཆེན་པོའོ། །སྤྱན་རས་ཀྱིས་གཟིགས་པས་ན་སྤྱན་རས་གཟིགས་ཏེ་སངས་རྒྱས་ཐམས་ཅད་ཀྱིས་གཟིགས་པའི་ཕྱིར་སྤྱན་རས་གཟིགས་ཀྱང་ཡིན་ལ་དབང་པོ་ཡང་ཡིན་པས་ན་སྤྱན་རས་གཟིགས་དབང་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་

མཛད་པའི་ཕྱིར་རོ། །རང་གི་རིགས་བསྐྱེད་ནས་ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱི་དགོས་པའི་དོན་ཇི་ལྟ་བ་བཞིན་དུ་རྫོགས་པར་ནུས་པའི་པདྨོའི་རིགས་ཉིད་ཀྱི་ཐུགས་ཀ་ནས་སྤྲུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་ཞེས་བྱ་བ་དང་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་

འཇིགས་པ་ཆེན་པོ་བརྒྱད་ལས་མི་འཇིགས་པ་ཐོབ་པར་བྱ་བའི་ཕྱིར་དང་། དོན་ཐོབ་པར་བྱ་བའི་ཕྱིར་དང་། གྲུབ་པ་དམ་པ་ནི་རྡོ་རྗེ་ཆོས་ཉིད་དང་། ཡེ་ཤེས་དང་མངོན་པར་ཤེས་པ་སྟེ། རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་ཆོས་ཉིད་ནི་སངས་རྒྱས་ཉིད་དང་

བྱང་ཆུབ་སེམས་དཔའ་ཉིད་དོ། །ཡེ་ཤེས་ནི་དོན་གྱི་ཡུལ་ཐམས་ཅད་ལ་སྒྲིབ་པ་མེད་པའོ། །མངོན་པར་ཤེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ཚེ་རབས་ཐམས་ཅད་དུ་འབྱུང་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་ཤེས་པ་དྲུག་པོ་རྣམས་སོ། །

དེ་ལྟར་ན་རྡོ་རྗེ་ཆོས་ཉིད་དང་། ཡེ་ཤེས་དང་མངོན་པར་ཤེས་པ་ནི་རྡོ་རྗེ་ཆོས་ཉིད་དང་། ཡེ་ཤེས་དང་མངོན་པར་ཤེས་པའོ། །དེ་ཉིད་ནི་འབྲས་བུ་སྟེ། དེའི་རྒྱུ་དེ་རྙེད་པའི་ཕྱིར་ཏེ་དེ་བློ་ལ་ཉེ་བར་གནས་པར་སྟོན་ཏོ། །མིང་ཇི་སྐད་དུ་བྱ་བ་ཞིག་ཅེ་ན། དེའི་ཕྱིར་འགྲོ་བ་འདུལ་བ་ཞེས་བྱ་བ་གསུངས་ཏེ། འགྲོ་

བ་ཐམས་ཅད་འདིས་འདུལ་བར་བྱེད་པས་ན་དེའི་ཕྱིར་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བཤད་དོ། །དཀྱིལ་འཁོར་ནི་སྙིང་པོ་ལ་བྱ་སྟེ་ཕྱིར་མི་ལྡོག་པའི་འཁོར་ལོའི་དོན་ཡིན་ལ། དེ་ལེན་པས་ན་དཀྱིལ་འཁོར་རོ། །ཆེན་པོ་འདིས་འགྲོ་བ་ཐམས་ཅད་འདུལ་བའི་དབང་དུ་བྱས་པས་སོ། །དེ་བཤད་པར་བྱ་བ་ནི་དེ་

เล่ม ๕๖ · หน้า 31b

བསྟན་ཏོ་ཞེས་བྱ་བའོ། །ཇི་ལྟར་བཤད་པར་བྱ་ཞེ་ན། དེ་ནས་རབ་ཏུ་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། འཇིག་རྟེན་གསུམ་གྱི་འཁོར་ལོའི་རྗེས་ཐོགས་ལའོ། །འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ་འཁོར་གྱི་ཆོ་ག་མེད་པར་དེ་དང་འབྲེལ་

པའི་དགོས་པ་མི་འགྲུབ་པས་དེའི་ཕྱིར་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་པའོ། །དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་

གྱི་དཀྱིལ་འཁོར་བགྲང་བ་ལས་འདས་པས་ན་དཀྱིལ་འཁོར་ཆེན་པོའོ། །འགྲོ་བ་འདུལ་བ་ལ་གཙོ་བོར་གྱུར་པས་ན་དམ་པའོ། །རྡོ་རྗེ་དབྱིངས་དང་འདྲ་བ་ཞེས་བྱ་བ་རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་བྱ་ཞེ་ན། འགྲོ་བ་འདུལ་བ་ཞེས་བྱ་སྟེ་ཞེས་བྱ་བ་སྟེ། འགྲོ་བ་ཐམས་ཅད་འདིས་འདུལ་

བས་ན་མིང་འགྲོ་བ་འདུལ་བ་ཞེས་བྱའོ། །ཇི་ལྟ་བུ་ཞེ་ན། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་གསུངས་ཏེ། ཐིག་བཞི་བཏབ་པའི་ཐིག་ནི་དྲང་བར་བྱ་བའི་ཕྱིར། སྒོ་དང་མཚམས་རྣམས་སུ་ཐིག་གདབ་པ་སྟེ་བྱ་བ་གཞན་གྱི་ཕྱིར་ནི་མ་ཡིན་ནོ། །དར་དང་ཕྲེང་བས་བརྒྱན་པ་དང་། །ཞེས་བྱ་བ་ལ་དར་ནི་ཁྲུ་

ཉི་ཤུ་རྩ་ལྔ་པའི་ཚད་ལ་ཞེང་དུ་ཁྲུ་གང་པའི་དར་འདི་ནི་དར་ཞེས་བཤད་དེ། དེ་ལྟ་བུ་སེར་པོ་དང་སྔོན་པོ་དང་དམར་པོ་དང་། དཀར་པོའི་དར་ལྕེ་དག་གིས་བརྒྱན་པའོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བ་དང་། དར་གྱི་ཕྲེང་བའོ། །བརྒྱན་པ་ནི་སྤུད་པའོ། །དཀྱིལ་འཁོར་གྱི་གྲྭ་ཐམས་ཅད་དང་སྒོ་ཁྱུད་ཀྱི་ནང་གི་

མཚམས་སུ་རྡོ་རྗེ་དང་རིན་པོ་ཆེ་རྣམས་ཀྱིས་སྤྲས་པའོ། །ཇི་ལྟར་གསུངས་པའི་དབྱིབས་དེ་དག་བརྒྱན་པའི་ཚུལ་དེ་ལྟར་བྱས་ནས་ཕྱིའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དེ་ལྟ་བུའི་ཕྱིའི་དཀྱིལ་འཁོར་དེའི་ནང་དུ་ཞེས་བྱ་བ་སྟེ་ནང་རོལ་དུ་ཐིག་གྲུ་བཞིར་གདབ་པར་བྱའོ་ཞེས་པའོ། །དེ་ཡང་

ཐིག་དང་པོ་དང་གཉིས་པ་ནི་གྲུ་བཞི་པ་ཉིད་དེ་དེའི་དབུས་སུ་གདབ་བོ། །གཉིས་པ་དེའི་གྲྭ་གང་དུ་གདོད་ཅེ་ན། གྲྭ་ནི་སྒོར་ཞེས་བྱ་བ་གསུངས་ཏེ། གྲྭ་སྒོ་ལ་མངོན་པར་ཕྱོགས་པ་ལ་ནི་གྲྭ་ནི་སྒོར་ཞེས་བྱ་བ་སྟེ། ཐིག་དང་པོའི་གྲྭ་སྒོའི་ཐད་ཀར་འབྱུང་བས་ན་གྲྭའོ། །དེ་ནས་ཅིར་འགྱུར་ཞེ་ན། པདྨོ་འདབ་མ་

เล่ม ๕๖ · หน้า 32a

བརྒྱད་པར་འགྱུར་བ་ཡིན་ཏེ། ཀ་བ་བརྒྱད་ཀྱི་ཚུལ་དུ་ནི། །པདྨོ་འདབ་མ་བརྒྱད་པ་བྲི། །ཞེས་བྱ་བ་སྒོ་རེ་རེའི་ཐད་ཀར་ཡང་ཀ་བ་གཉིས་གཉིས་ཏེ་དེའི་འདབ་མར་བྱའོ། །པདྨའི་གེ་སར་དབུས་སུ་ནི། །ཞེས་བྱ་བ་ལྟེ་བའི་དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་གཞག་པར་བྱའོ། །སངས་རྒྱས་

བཅོམ་ལྡན་འདས་ཀྱི་ཕྱོགས་བཞི་པོའི་ཕྱོགས་ཐམས་ཅད་དུ་རིགས་ཀྱི་ཕྱག་རྒྱ་བཞི་བྲི་བར་བྱའོ། །ཇི་ལྟ་བུ་ཞེ་ན། པདྨོའི་དབུས་སུ་གནས་པ་ཡི། །ཞེས་བྱ་བ་གསུངས་པའོ། །མིང་ཇི་སྐད་དུ་བྱ་བ་ཞིག་ཅེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་ནི་རིན་པོ་ཆེ་ཉིད་དོ། །སྣ་ཚོགས་

པདྨོ་ཞེས་བྱ་བ་ནི་པདྨོ་ཁ་བཞི་པའོ། །རྡོ་རྗེ་ཤུགས་ཀྱིས་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །དེར་ནི་སྤྱན་རས་གཟིགས་དབང་བྲི། །གཟུགས་རྣམས་ཐམས་ཅད་འབྱིན་པ་སྟེ། །ཞེས་བྱ་བ་ནི་བ་སྤུའི་བུ་ག་ཐམས་ཅད་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་གཟུགས་རྣམས་འབྱུང་བར་

བྱའོ། །རྡོ་རྗེ་སེམས་དཔའི་གནས་སུ་ནི་སངས་རྒྱས་ཀྱི་སྐུ་རྡོ་རྗེ་འགྱིང་བའི་སྦྱོར་བས་བཞུགས་པར་བྱའོ། །རྡོ་རྗེ་རྒྱལ་པོའི་གནས་སུ་འཇིག་རྟེན་དབང་ཕྱུག་ཕྱག་བཞི་པ་རྡོ་རྗེ་རྒྱལ་པོའི་གཟུགས་ཅན་ཏེ། ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང་རལ་གྲི། ཕྱག་གཡོན་པ་གཉིས་ན་པདྨ་དང་ལྕགས་ཀྱུ་བསྣམས་

པར་བྱའོ། །རྡོ་རྗེ་ཆགས་པའི་གནས་སུ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆགས་པའི་གཟུགས་སུ་བྱའོ། །རྡོ་རྗེ་ལེགས་པའི་གནས་སུ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ལེགས་པའི་གཟུགས་སུ་བྱའོ། །དཀྱིལ་འཁོར་གཉིས་པའི་དབུས་སུ་འཇིག་རྟེན་དབང་ཕྱུག་རལ་པ་དང་། ཐོར་ཚུགས་སུ་ལྡན་པ་བྲིས་

ལ་དེའི་དབུས་སུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་རལ་པ་དང་ཐོར་ཚུགས་ཀྱི་ཕུག་ན་བཞུགས་པར་བྱའོ། །རྡོ་རྗེ་རིན་ཆེན་གྱི་གནས་སུ་པདྨོའི་ཁྲོ་གཉེར་གྱི་གཟུགས་བྲིས་ལ། ཕྱག་གཅིག་པ་ལ་ནི་པདྨ་བསྣམས་པ། གཞན་རྣམས་ལ་ནི་བགྲང་ཕྲེང་དང་། དབྱིག་པ་དང་། གུནྡྷེ་ཐོགས་པ་

བྲིའོ། །རྡོ་རྗེ་གཟི་བརྗིད་ཀྱི་གནས་སུ་འཇིག་རྟེན་དབང་ཕྱུག་ཉི་མའི་གཟུགས་ཅན་དུ་བྲིའོ། །རྡོ་རྗེ་དཔལ་གྱི་གནས་སུ་འཇིག་རྟེན་དབང་ཕྱུག་ཟླ་བའི་གཟུགས་ཅན་པདྨའི་ནོར་བུའི་རྒྱལ་མཚན་བསྣམས་པ་བྲི་བར་བྱའོ། །རྡོ་རྗེ་བཞད་པའི་གནས་སུ་འཇིག་རྟེན་དབང་ཕྱུག་ཞལ་བཅུ་གཅིག་པ་སྟེ། གོ་

เล่ม ๕๖ · หน้า 32b

རིམས་ནི་ལྔ་དང་གསུམ་དང་གཉིས་དང་གཅིག་ཏུ་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་པའི་དབུས་སུ་འཇིག་རྟེན་དབང་ཕྱུག་སྙོམས་པར་ཞུགས་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་གནས་སུ་ནི་སྒྲོལ་མ་པདྨའི་ཕྱག་རྒྱ་ལ་རྟོགས་པར་བྲིའོ། །རྡོ་རྗེ་རྣོན་པོའི་གནས་སུ་ནི་འཇིག་རྟེན་དབང་ཕྱུག་

གཞོན་ནུ་གདོང་དྲུག་པའི་གཟུགས་ཅན་པདྨ་དང་མདུང་དང་། རལ་གྲི་ཐོགས་པ་བྲི་བར་བྱའོ། །རྡོ་རྗེ་རྒྱུའི་གནས་སུ་ནི་འཇིག་རྟེན་དབང་ཕྱུག་བདེ་བྱེད་ཁྱབ་འཇུག་གི་གཟུགས་ཅན་ཕྱག་བཞི་པ་གཡས་གཉིས་ན་འཁོར་ལོ་དང་དབྱིག་པ་ཐོགས་པ། གཡོན་གཉིས་ན་པདྨ་དང་མདུང་ཐོགས་པ་བྲི་བར་བྱའོ། །

རྡོ་རྗེ་སྨྲ་བའི་གནས་སུ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཚངས་པའི་གཟུགས་ཅན་དུ་བྱའོ། །དཀྱིལ་འཁོར་བཞིན་འཁོར་བཞི་གདོན་མི་ཟ་བར་གྲུབ་པའི་གནས་སུ་དེར་ནི་པདྨ་ཞལ་བཞི་པ་ཞེས་བྱ་བའི་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཞི་པར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་གཡས་

ན་མདུང་བསྣམས་པ། གཡོན་པ་པདྨ་བསྣམས་པ་བྲི་བར་བྱའོ། །རྡོ་རྗེ་ལས་ཀྱི་གནས་སུ་ནི་སྤྱན་རས་གཟིགས་དབང་ཕྱུག་གར་གྱི་དབང་ཕྱུག་གི་གཟུགས་སུ་བྲི་བར་བྱའོ། །རྡོ་རྗེ་བསྲུང་བའི་གནས་སུ་ནི་སྤྱན་རས་གཟིགས་དབང་ཕྱུག་རྡོ་རྗེ་བསྲུང་བའི་གཟུགས་སུ་བྲི་བར་བྱའོ། རྡོ་རྗེ་གནོད་སྦྱིན་

གྱི་གནས་སུ་སྤྱན་རས་གཟིགས་དབང་ཕྱུག་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་སུ་བྲི་བར་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་གནས་སུ་ནི་སྤྱན་རས་གཟིགས་དབང་ཕྱུག་རྡོ་རྗེ་ཁུ་ཚུར་འཆང་བ་བྲི་བར་བྱའོ། །ཕྱི་དང་ནང་གི་གྲྭ་རྣམས་སུ་རྡོ་རྗེ་སྒེག་མོ་ལ་སོགས་པའི་ལྷ་མོ་རྣམས་རང་གི་ཕྱག་རྒྱ་པདྨས་མཚན་པ་ཐོགས་པ་བྲི་བར་བྱའོ། །

དེ་ནས་སྒོ་བཞི་པོ་རྣམས་སུ་སྒོ་སྲུང་བཞི་བྲི་བར་བྱ། དེ་ལ་འཇུག་པའི་སྒོར་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྟ་མགྲིན་གྱི་གཟུགས་སུ་བྲི་བར་བྱའོ། །ཇི་ལྟ་བུ་ཞེ་ན། སྤྱན་རས་གཟིགས་དབང་པོའི་སྤྱི་གཙུག་ཏུ་རྟ་མགོ་ཁ་གདངས་པ་མིག་གཉིས་བྱིན་པའི་ཕྱི་རོལ་དུ་བྱུང་བ་འཁོར་ལོ་ལ་མངོན་

པར་བལྟ་བ་ཉིད་ཀྱི་ཕྱག་ན་པདྨ་ལྕགས་ཀྱུ་བསྣམས་པ་འདི་ནི་བཅོམ་ལྡན་འདས་འཕགས་པ་རྟ་མགྲིན་གྱི་གཟུགས་སོ། །ལྷོ་ཕྱོགས་ཀྱི་སྒོར་སྤྱན་རས་གཟིགས་དབང་ཕྱུག་ཚངས་པ་ལ་སོགས་པ་གང་ཡང་རུང་བའི་གཟུགས་ཅན་ལ་ཕྱག་ན་པདྨོའི་ཞགས་པ་བསྣམས་པ་གཞག་པར་བྱའོ། །ནུབ་ཕྱོགས་

เล่ม ๕๖ · หน้า 33a

ཀྱི་སྒོར་སྤྱན་རས་གཟིགས་དབང་ཕྱུག་ཕྱག་ན་པདྨོའི་ལྕགས་སྒྲོག་བསྣམས་པ་བྲི་བར་བྱའོ། །ལས་ཀྱི་སྒོར་སྤྱན་རས་གཟིགས་དབང་ཕྱུག་གཞོན་ནུ་གདོང་དྲུག་པ་སྐེམ་བྱེད་ཀྱི་གཟུགས་འཛིན་པ་ལ། པདྨ་དང་དྲིལ་བུ་བསྣམས་པ་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་

སོགས་པས་ནི་སློབ་དཔོན་གྱི་ལས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །འདིར་ཞེས་བྱ་བ་རྟོགས་པ་འདིར་རོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་པདྨོའི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི་བྱ་བའི་ལས་རྒྱས་པའོ། །དེ་གང་ཡིན་པ་བསྟན་པའི་ཕྱིར་དེ་ལ་ཐོག་མ་

ཁོ་ནར་པདྨོའི་སློབ་དཔོན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ཐོག་མ་ཉིད་དུའོ། །པདྨོའི་རིགས་ཀྱི་སློབ་དཔོན་ཡིན་པས་ན་པདྨོའི་སློབ་དཔོན་ནོ། །པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་པདྨོའི་དམ་ཚིག་གིས་ཕྱག་རྒྱ་སྟེ། མཚན་ཉིད་ནི་འོག་ནས་བཤད་དེ་སེམས་

དཔའ་རྡོ་རྗེ་མའི་ཚུལ་དུ་བལྟ་བར་བྱའོ། །ཇི་ལྟ་བ་བཞིན་དུ་བཞུགས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་ཀྱི་ཕྲེང་བ་བླངས་ལ་དམ་ཚིག་གི་སྔགས་བརྗོད་དེ། ཕྲེང་བ་དེ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འགྲོ་བ་འདུལ་བ་ལ་ཕུལ་ལ།

བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་ཀྱིས་བདག་གི་དགོས་པ་ཐམས་ཅད་མཛད་པ་ཉིད་དུ་བསམ་པར་བྱའོ། །སྙིང་པོ་འདིས་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་གསུངས་པ་སྟེ། དབབ་པའི་སྙིང་པོ་འདི་ནི་མཚོན་པ་ཙམ་དུ་ཟད་དོ། །ལས་རྣམས་བྱའོ་

ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའོ། །པདྨོ་སྥོ་ཊ་ཞེས་བྱ་བ་ནི་པདྨ་བརྡབས་པ་ལ་བྱ་བ་བཤད་དོ། །ཨ་དྷི་ཏིཥྛ་ཞེས་བྱ་བ་འདིས་ནི་དབབ་པ་སྟོན་ཏོ། །དེ་ཡང་ཨ་ཞེས་བྱ་བ་ནི་གསལ་པོ་ཁོ་ནར་དབབ་པའི་སྙིང་པོ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་གནས་འདི་གཉིས་

ཀར་ཡང་། སྥོ་ཊའི་ཕྱག་རྒྱས་དབབ་པར་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་བས་ན་ཅི་ཞིག་སྟོན་ཅེ་ན། པདྨོའི་ཕྱག་རྒྱ་བརྡབ་པ་བྱས་ལ་བདག་ཉིད་ལ་དབབ་ཅིང་ཨ་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །དེ་བཞིན་དུ་བཀའ་མནོས་ནས་ཞེས་བྱ་

เล่ม ๕๖ · หน้า 33b

བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་བདག་པདྨོ་ཆེ་གེ་མོ་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་དོན་བགྱིད་ཀྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་གནང་བ་སྩལ་དུ་གསོལ་ཞེས་བྱ་བ་ལ་སོགས་པའོ། །དམ་ཚིག་གི་ཕྱག་རྒྱས་བདག་དབང་

བསྐུར་ཏེ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དེ་བཞིན་དུ་བྱ་བའོ། །ཆོས་ཀྱི་ཕྱག་རྒྱ་འདི་དག་ཉིད་ཀྱིས་ཞེས་བྱ་བ་ནི་དགོད་པར་བྱ་བའི་སྔགས་ཉིད་ཀྱིས་སོ། །སེམས་དཔའ་ཆེན་པོ་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བ་དགོད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཡང་ན་ཆོས་ཀྱི་དཀྱིལ་

འཁོར་དུ་གསུངས་པའི་ཆོས་ཀྱི་ཕྱག་རྒྱ་བཞིས་སེམས་དཔའ་ཆེན་པོ་རྣམས་དགོད་པར་བྱའོ། །དེ་ནས། དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ལ་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་ཀྱི་དཀྱིལ་འཁོར་བསྒྲུབས་པ་དེ་བཞིན་དུའོ། །དེ་ལྟར་སློབ་དཔོན་གྱི་ལས་རྫོགས་པར་

བྱས་ནས་སློབ་མ་གཞུག་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། པདྨོའི་སློབ་མ་རྣམས་གཞུག་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། པདྨོའི་རིགས་ཀྱི་སློབ་མ་ཡིན་པས་ན་པདྨོའི་སློབ་མ་སྟེ། ཡོངས་སུ་བཟུང་ནས་ཕྱིས་འགྱུར་བའི་ཚུལ་ལ་བརྟེན་ཏེ་པདྨའི་སློབ་མ་ཞེས་གསུངས་པ་ཡིན་ནོ། །པདྨོའི་

སློབ་མ་རྣམས་ལ་མནའི་སྙིང་པོ་བྱིན་ལ་ཞེས་བྱ་བ་ལ་ཇི་ལྟར་སྦྱིན་པར་བྱ་ཞེ་ན། དེང་ནི་ཁྱོད་ཀྱི་སྙིང་ག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཇི་སྐད་གསུངས་པ་བཞིན་དུའོ། །ཅིའི་ཕྱིར་སྦྱིན་པར་བྱ་ཞེ་ན། དེ་བསྟན་པའི་ཕྱིར་གསང་བའི་ཆོ་ག་རྒྱས་པ་འདི་

ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་གི་ཕྱིར་སྔགས་རྣམས་ཀྱི་གྲུབ་པའི་རྒྱུའི་མཆོག་ནི་འདི་ལྟ་སྟེ། གཞན་ལ་མི་སྟོན་པའོ། །དེ་ལ་གསང་བ་སྨྲས་པའི་ཉེས་དམིགས་མཐོང་བ་དང་། མ་མཐོང་བ་དག་སྟོན་ཏེ། མཐོང་བ་ནི་དུས་མ་ཡིན་པར་འཆི་བའོ། །མ་མཐོང་བ་ནི་དམྱལ་བར་ལྟུང་བ་སྟེ།

དེ་ནི་ཁྱོད་ཀྱིས་མི་བདེ་བ་མ་སྤངས་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲིས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ནི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་བཅུག་སྟེ། མནའི་སྙིང་པོ་བྱིན་པ་ཡིན་ན། འདིར་གོ་མ་བཅུག་པ་ཉིད་དུ་བྱིན་ན་འདི་ལ་དགོས་པ་ཅི་ཞིག་ཡོད་

เล่ม ๕๖ · หน้า 34a

ཅེ་ན། དེ་ནི་འདིར་ཇི་ལྟ་བ་དེར་ཡང་དེ་བཞིན་དུ་བྱ་ལ་དེར་ཇི་ལྟ་བ་འདིར་ཡང་དེ་གཞིན་དུ་བྱའོ་ཞེས་སྒོ་གཉི་གར་དྲང་བ་བསྟན་པའི་ཕྱིར་ཡིན་ནོ། །དེ་ནས་སྙིང་པོ་འདིས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་བ་ནི་ཕྱག་རྒྱ་གང་བཅིངས་པས་ཕྱག་རྒྱ་གཞན་རྣམས་བཅིངས་

ན་དམ་ཚིག་ཉམས་པར་མི་འགྱུར་བ་དེ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། ཆོས་རྡོ་རྗེ་མ་ལ་བྱ་བས་དེ་འཆིང་དུ་གཞུག་པའོ། །དེ་ནས་གོས་དཀར་པོ་བགོས་ལ་དར་དཀར་པོས་གདོང་གཡོགས་ནས་གཞུག་པར་བྱ་སྟེ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་སྔགས་ཀྱིས་སོ། །ལས་རྣམས་ཇི་ལྟ་བ་བཞིན་དུ་བྱས་ནས་

ཞེས་བྱ་བ་ནི་དབབ་པ་ལ་སོགས་པའོ། །པདྨོའི་དབྱིབས་ལག་ཏུ་སྦྱིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ལ་ལས་ཀྱི་རྡོ་རྗེ་ལག་པ་གཉིས་སུ་བྱིན་ནས། འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་གནས། །ཞེས་བྱ་བ་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་འདིར་

ཡང་བྱའོ། །འདིར་པདྨོའི་རིགས་དང་འབྲེལ་པ་འདི་ཙམ་ཞིག་ལྷག་པར་བརྗོད་པར་བྱ་སྟེ། ཨོཾ་པདྨ་ཧསྟ་བཛྲ་དྷརྨཱ་ཏཱཾ་པཱ་ལ་ཡ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཆོས་ཉིད་ཀྱི་དོན་དེ་མི་ཤེས་པས་ན་དེའི་ཕྱིར་རྡོ་རྗེ་ཆོས་ཉིད་ཇི་ལྟ་བུ་ལགས་ཞེས་སྨོས་པ་ཡིན་ནོ། །དེ་ལ་ཡང་འདི་སྐད་དུ་བརྗོད་པར་བྱ་སྟེ་

ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཆོས་ཉིད་ཀྱི་དོན་རྣམ་པར་འབྱེད་པའོ། །ཇི་ལྟར་པདྨ་དམར་པོ་འདི་ཞེས་བྱ་བ་ལ་སོགས་པ་ལ་པདྨོའི་རིགས་ནི་ཆུ་ལ་སོགས་པ་སྟེ། །དེ་ལས་ཆགས་པ་དང་རྗེས་སུ་མཐུན་པར་སྐྱེའོ། །རིགས་ཀྱི་ཉེས་པ་ནི་ཉ་ལྕིབས་དང་། ཆུ་ཞག་དང་། དྲི་ང་བ་ལ་སོགས་པ་ཡིན་ཏེ། པདྨ་དམར་

དུ་ཟིན་ཀྱང་ཉེས་པ་དེ་དག་གིས་གོས་པར་མི་འགྱུར་རོ། །དེ་བས་ན་ཆགས་པའི་ཉེས་པ་ནི་གོས་པའི་ཉེས་པར་མི་འགྱུར་བར་ཤེས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྔགས་པ་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་ལ་ཆགས་སུ་ཟིན་ཀྱང་ངོ་། །ཐམས་ཅད་དག་པར་བསྒོམ་ན་ནི། །ཞེས་

བྱ་བ་ལ་ཐམས་ཅད་དག་པ་ནི་དངོས་པོའི་ཚོགས་ཐམས་ཅད་དག་པ་སྟེ་སྟོང་པ་ཉིད་དོ། །དེ་བསྒོམས་ཤིང་གོམས་པར་བྱས་ན། དེ་བཞིན་སྡིག་པས་གོས་མི་འགྱུར། །ཞེས་བྱ་བ་སྟེ་སྡིག་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་ལ། དེས་གོས་པར་མི་འགྱུར་ཞིང་སྦགས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཡང་

เล่ม ๕๖ · หน้า 34b

མི་དགེ་བ་བཅུའི་ལས་ཀྱི་ལམ་བྱེད་པས་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་དེ་རྣམས་ཀྱི་གཞི་ཡང་དག་པར་མི་མཐོང་བའོ། །དེ་བས་ན་དེ་སྡིག་པས་གོས་པར་མི་འགྱུར་ཞེས་བྱ་སྟེ་སྡིག་པ་བྱེད་པ་ཉིད་མེད་པའི་ཕྱིར་རོ། །གྲོལ་བའི་ཕྱིར་སྡིག་པ་ཉིན་མཚན་དུ་སྤྱད་ཀྱང་གོས་པར་མི་འགྱུར་རོ་ཞེས་ཞི་བ་པ་ལྟར་བྱེད་

པ་ནི་མ་ཡིན་ཏེ། དེ་ནི་གྲོལ་ནས་སྡིག་པ་བྱེད་པར་འདོད་པས་ན་ཧ་ཅང་མི་རིགས་པར་སྨྲ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་ལས་གཞན་པའི་དོན་ཏོ། །པདྨོའི་རིགས་ཀྱི་ཕྱག་རྒྱ་ཡིན་པས་ན་པདྨོའི་རིགས་ཀྱི་ཕྱག་རྒྱའོ། །དེའི་ཡེ་ཤེས་ཡིན་པས་ན་པདྨོའི་རིགས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་བསླབ་

པར་བྱ་སྟེ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་པའོ། །དེ་ལ་རེ་ཞིག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་དེ་སྟོན་པ་ནི། སྙིང་ལ་པདྨོ་བྲིས་ནས་ཀྱང་། །ཞེས་བྱ་བ་སྟེ། རང་གི་སྙིང་གར་པདྨོ་ཡིད་ཀྱིས་བསམས་ལ། པདྨོ་བསྒོམས་ནས་སྙིང་ག་རུ། །ཞེས་བྱ་བ་འཇིག་རྟེན་དབང་ཕྱུག་གི་གཟུགས་

སྙིང་གར་བསྒོམས་པས་སོ། །པདྨོ་དཔལ་ཡང་དབང་འགྱུར་ན། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་དཔལ་སྔགས་པས་སྙིང་གར་བཀུག་ལ་དབང་དུ་བྱས་པས་སོ། །བུད་མེད་ཕལ་བ་སྨོས་ཅི་དགོས། །ཞེས་བྱ་བ་ལ་བུད་མེད་ནི་པདྨའི་རིགས་ཀྱི་ཕྱག་རྒྱའི་ཚོགས་སོ། །ཕལ་པ་ནི་

མཆོག་མ་ཡིན་པ་སྟེ་ཐ་མལ་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གིས་འཇིག་རྟེན་དབང་ཕྱུག་དབང་དུ་བྱེད་པ་དེས་ནི་ཕྱག་རྒྱ་གཞན་པ་རྣམས་འབད་པ་མེད་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཔྲལ་བར་སངས་རྒྱས་སྐུ་གཟུགས་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་སྟོན་ཏེ།

བདག་ཉིད་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྐྱེད་ལ་དཔྲལ་བར་འོད་དཔག་ཏུ་མེད་པའི་སྐུ་བསྒོམ་པ། རྟག་ཏུ་ཞེས་བྱ་བ་རྒྱུན་མི་འཆད་པར་བསྒོམས་ན་བསྒོམ་པ་དེས་ནི་མྱུར་ཞིང་མགྱོགས་པ་ཉིད་དུ། དབང་བསྐུར་བ་ནི་ཐོབ་པར་འགྱུར། །ཞེས་བྱ་བ་སྟེ་སངས་རྒྱས་ཀྱི་ཕྱག་གི་དབང་གིས་དེ་

ལ་དབང་བསྐུར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁའི་ནང་དུ་ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་བསྐྱེད་ལ་ཁར་བཅུག་སྟེ་བསྒོམ་པར་བྱའོ། །གནས་གང་དུ་ཞེ་ན། ལྕེའི་སྟེང་དུ་ཞེས་བྱ་བ་གསུངས་སོ། །དེས་ཅིར་འགྱུར་ཞེ་ན། སྒྲ་དབང་ལྷ་མོ་བདག་

เล่ม ๕๖ · หน้า 35a

ཉིད་ནི། །རྟག་ཏུ་ཁ་ན་གནས་པར་འགྱུར། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། གང་དབྱངས་ཅན་སྒྲུབ་པར་འདོད་ན་དེའི་སྦྱོར་བ་ནི་འདི་ཡིན་ཏེ། གཙུག་ཏོར་དབུས་སུ་པདྨོ་ནི། །ཞེས་བྱ་བ་ལ་སོགས་པ་ནི་གཙུག་ཏོར་གྱི་དབུས་སུ་ཡིད་ཀྱིས་པདྨོ་བསམ་པའོ། །སྙོམས་

པར་ཞུགས་ཏེ་ཞེས་བྱ་བ་ནི་རྩེ་གཅིག་པའི་ཡིད་ཀྱིས་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཞི་པའི་གཟུགས་སུ་བསྐྱེད་ལ། སྔར་བསམས་པའི་པདྨོ་གང་ཡིན་པ་དེ་ཉིད་གཙུག་ཏོར་གྱི་དབུས་སུ་རྒྱུན་དུ་བསྒོམ་ཞིང་པདྨ་འཛིན་པ་ལ་བསྟན་པར་བྱའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། མཁའ་

འགྲོ་ཐམས་ཅད་དབང་དུ་འགྱུར། །ཞེས་བྱ་བ་སྟེ། ལྷ་ལ་སོགས་པ་ནམ་མཁའ་ལ་རྒྱུ་བ་གང་ཡང་རུང་བ་དེ་ཐམས་ཅད་ལྟུང་བར་བྱེད་པའོ། །རྩིག་པ་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་སྟོན་ཏེ། གང་ཡང་རུང་བ་པདྨ་བསྒོམ་པ་གོམས་པར་བྱའོ། །པདྨོ་དམ་པ་ཞེས་བྱ་བ་ནི་གསལ་བ་སྟེ། པདྨོ་དེ་

གང་གི་སྙིང་གར་བསམས་པ་དེ་དེའི་དབང་དུ་འགྱུར་རོ། །དེ་བས་ན་འདིས་སེམས་ཅན་ཐམས་ཅད་ཀྱང་དབང་དུ་བྱེད་པ་དམ་པའོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་ཞེས་བྱ་བ་ནི་པདྨོ་བསྒོམ་པས་སོ། །དབང་དུ་བྱེད་པ་དམ་པའོ། །ཞེས་བྱ་བ་ནི་ཕྱིའི་དངོས་པོ་ལ་ལྟོས་པ་མེད་པར་ཡིད་ཀྱི་བྱ་བ་ལ་རག་ལས་པའི་ཕྱིར་

ན་དམ་པའོ། །མཁའ་འམ་ཡང་ན་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་ལ་གང་ཡང་རུང་བར་པདྨོ་བསྒོམ་པ་ལ་གོམས་པར་བྱས་ལ་མཐོང་བའི་ཚེ་དེ་བླངས་ན། ཅི་དགའ་བར་ནི་མི་སྣང་འགྱུར། །ཞེས་བྱ་བ་སྟེ། ཉིན་མོ་འམ་མཚན་མོ་རྣམས་སུའོ། །འདིར་ཡང་རང་གི་ལྷའི་རྣལ་འབྱོར་གོམས་

པར་བྱས་ལ་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་གོམས་པར་བྱའོ། །དེ་ནས་སྒྲུབ་པ་ལ་ཞུགས་ཏེ་གྲུབ་པར་གྱུར་པ་དང་། ནམ་སྦྱོར་བའི་ཚེ་རང་གི་ལྷའི་རྣལ་འབྱོར་དུ་བྱས་ན་ཉིན་ཐོག་ཐག་གམ། ཉི་མ་ཕྱེད་དམ། གང་དུ་རྫོགས་པའི་དུས་ན་མི་སྣང་བར་གྱུར་ཅིག་ཅེས་སེམས་

བསྐྱེད་དེ། སྙིང་པོ་སྟོང་རྩ་བརྒྱད་བཟླས་ལ་བསྒོམ་པ་མངོན་སུམ་དུ་བྱའོ། །དེ་ནས་དེ་གྲུབ་པ་དང་། པདྨ་དེ་མངོན་སུམ་དུ་འགྱུར་ཏེ། དེ་བླངས་ན་མི་སྣང་བར་འགྱུར་རོ། །ནམ་རང་གི་ལྷའི་རྣལ་འབྱོར་བཏང་ཞིང་ཕྱག་རྒྱ་བཀྲོལ་བ་དེའི་ཆོ་ག་དོད་སྣང་བར་འགྱུར་རོ། །དངོས་གྲུབ་འདི་ནི་རིན་པོ་ཆེའི་

เล่ม ๕๖ · หน้า 35b

རིགས་ཀྱི་སྒོ་ནས་གསུངས་པ་ཡིན་ནོ། །རྩིག་པའམ་ཡང་ན་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་ལ་གཞི་ཅན་ནམ་གཞི་མེད་པར་པདྨོ་རྒྱ་གྲམ་ཁ་བཞི་པ་བྲིས་ནས་ནི་ཞེས་བྱ་བ་ནི་ཡིད་ཀྱིས་སྒོམས་ཤིག་ཅེས་བྱ་བའི་དོན་ཏོ། །བསྒོམ་པ་མཐར་ཕྱིན་པ་དང་། གང་གི་ཚེ་མཐོང་བ་དེའི་ཚེ་གྲུབ་པ་

ལ་ཞུགས་ན་འགྲུབ་པར་འགྱུར་རོ། །དེ་ཡང་སྦྱོར་བའི་དུས་སུ་རང་གི་ལྷའི་རྣལ་འབྱོར་དུ་བྱས་ནས་སྙིང་པོ་སྟོང་རྩ་བརྒྱད་བཟླས་ཏེ་གང་གི་གཟུགས་སུ་སྟོན་པར་འདོད་ན་དེའི་བདག་ཉིད་དུ་མངོན་སུམ་དུ་བྱ་ཞིང་སྣ་ཚོགས་པདྨའི་ཏིང་ངེ་འཛིན་ཀྱང་མངོན་སུམ་དུ་བྱས་ལ་ནམ་སྣ་ཚོགས་པདྨ་མཐོང་བ་དེའི་ཚེ།

དེ་བླངས་པ་ཙམ་གྱིས་ཅི་འདོད་པའི་གཟུགས་སུ་སྟོན་པར་འགྱུར་རོ། །ཏིང་ངེ་འཛིན་འདི་ནི་ལས་ཀྱི་རིགས་ཀྱི་སྒོ་ནས་གསུངས་པ་ཡིན་ནོ། །ནམ་མཁའ་འམ་ཡང་ན་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་ལ་འདི་ཡང་གཞི་ཡོད་པ་འམ་གཞི་མེད་པ་ལ་རྡོ་རྗེ་པདྨོ་བསྒོམ་པ་གོམས་པར་བྱས་

ལ། གང་གི་ཚེ་པདྨོ་དེ་དབང་པོའི་སྤྱོད་ཡུལ་དུ་སྣང་བར་གྱུར་པ་དེའི་ཚེ། སྒྲུབ་པ་ལ་ཞུགས་ཏེ་མཚན་ཐོག་ཐག་ཏུ་བཟླ་བར་བྱའོ། །དེ་ནས་ནམ་པདྨོ་མཐོང་བར་གྱུར་པ་དེ་དེའི་ཚེ་དེ་བླངས་ལ། དེ་ནས་སྐད་ཅིག་མ་དེ་ཁོ་ན་ཉིད་ཀྱི་ཚེ་པདྨོའི་རིག་པ་འཛིན་པར་འགྱུར་ཏེ། འདི་ནི་ཆོས་ཀྱི་རིགས་ཀྱི་དངོས་གྲུབ་ཡིན་

ནོ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་རམ་རྩིག་པའམ། རས་རིས་སམ། གཞན་གང་ཡང་རུང་བར་སྔགས་པ་གང་གིས་དགུག་པ་དང་། དབང་དུ་བྱ་བ་དང་། བཅིང་བ་དང་། དབབ་པ་ལ་སོགས་པའི་ལས་ཁྱད་པར་དུ་བྱེད་པར་འདོད་ན། དེས་དཀྱིལ་

འཁོར་ལ་སོགས་པ་བྲི་བར་བྱ་སྟེ་འཇིག་རྟེན་དབང་ཕྱུག་བྲིས་ན་དེའི་མདུན་དུ་རྟ་མགྲིན་གྱི་ཕྱག་རྒྱ་ཞེས་བྱ་བ་ནི་རྟ་མགྲིན་གྱི་ཕྱག་རྒྱ་ཆེན་པོ་ལས་འདི་དག་བྱས་ནས་གདོད་དེས་དངོས་གྲུབ་ཏུ་འགྱུར་རོ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་ལ་དོན་ཡོད་ཞགས་པའི་ཕྱག་རྒྱ་

ཆེན་པོས་དབང་དུ་བྱ་བར་རིག་པར་བྱ་སྟེ། བཅིང་བ་དང་། སྒྲུབ་པའི་རྫས་དང་། ཞིང་སྲུང་བ་དང་། གཏེར་དང་། བཅུད་ཀྱིས་ལེན་དང་། སྲིན་པོ་དང་། ཤ་ཟ་ལ་སོགས་པ་དང་། ལྷའི་སྨན་ལ་སོགས་པ་བསྲུང་བར་རིག་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །པདྨོ་ཞལ་བཞི་

เล่ม ๕๖ · หน้า 36a

སེམས་དཔའ་ཡང་། །ཞེས་བྱ་བ་ནི་པདྨོ་འདྲ་བའི་ཞལ་མངའ་བས་ན་པདྨོའི་ཞལ་ཏེ། པདྨའི་ཞལ་བཞིའི་སེམས་དཔའ་ནི་འཇིག་རྟེན་དབང་ཕྱུག་གོ། །བསྒོམས་ཏེ་ཞེས་བྱ་བ་ནི་གོམས་པར་བྱ་བའོ། །བདག་ཉིད་ཅེས་བྱ་བ་ནི་རང་གི་ལས་སྟོན་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི་འདི་

སྐད་སྟོན་ཏེ། གཞན་གྱིས་བྱིན་གྱིས་བརླབས་པ་མ་ཡིན་གྱི། འོ་ན་ཅི་ཞིག་ཅེ་ན། བདག་ཉིད་ཉིད་ཀྱིས་སོ། །དེ་ནས་ཏིང་ངེ་འཛིན་གྲུབ་ན། །ཞེས་བྱ་བ་ནི་ཞི་གནས་ཡོངས་སུ་རྫོགས་ན་སྐད་ཅིག་གིས་ནི་གཟུགས་མང་པོར་འགྱུར་རོ། །འདི་ནི་གདོན་མི་ཟ་བར་གྲུབ་པའི་སྒོ་ནས་གྲུབ་པ་ཡིན་ནོ། །པདྨོའི་

པདྨ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། བདག་ཉིད་དང་བསྒོམས་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །པདྨོའི་པདྨོ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་གནས་ཞེས་བྱ་བ་སྟེ། ཇི་ལྟར་པདྨ་དམར་པོ་འདི་ཞེས་བྱ་བ་ལ་སོགས་པ་པདྨོ་ལ་ལྟ་བའི་

ཏིང་ངེ་འཛིན་ལ་གནས་པའོ། །ཇི་ལྟར་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ན་ཟད་མི་ཤེས་པའི་གོ་འཕང་འཐོབ་ཅེས་བྱ་བ་སྟེ། ལས་དང་པོ་པའི་རྣལ་འབྱོར་པ་ཞིག་ཡིན་ན། ཟད་མི་ཤེས་པ་ཞེས་བྱ་བ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། ས་དང་པོ་རབ་ཏུ་དགའ་བ་འཐོབ་པར་འགྱུར་རོ་

ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྣལ་འབྱོར་པས་བདུན་པའི་བར་ལ་ཞུགས་པ་ཞིག་ཡིན་ན་དེས་ཏིང་ངེ་འཛིན་འདིས་བསྒོམས་པས་ཟད་མི་ཤེས་པའི་གོ་འཕང་འཐོབ་པ་སྟེ། ས་བརྒྱད་པ་འཐོབ་པར་འགྱུར་བའོ། །རྣམ་པར་མི་རྟོག་པ་ཡོངས་སུ་དག་ཅིང་མངོན་པར་འདུ་བྱེད་པ་མེད་པས་ས་དགུ་པ་ལ་

ཞུགས་པས་ཏིང་ངེ་འཛིན་འདི་བསྒོམས་ན་ཟད་མི་ཤེས་པའི་གོ་འཕང་འཐོབ་པ་ཞེས་བྱ་བ་ཀུན་དུ་བཟང་པོའི་ས་འཐོབ་པ་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་ཐམས་ཅད་དུ་དག་པ་མི་ཟད་པ་ཡིན་པའི་ཕྱིར་རོ། །སྤྱན་རས་གཟིགས་དབང་ཞེས་བྱ་བ་ལ་སོགས་པ་ལ། སྤྱན་རས་གཟིགས་དབང་ཕྱུག་གི་རལ་

པའི་དབུས་སུ་སངས་རྒྱས་ཀྱི་གཟུགས་ཏེ་སྣང་བ་མཐའ་ཡས་སུ་བདག་ཉིད་བསྒོམས་ན་དེ་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་གྲུབ་པ་ཡིན་ནོ། །སྣ་ཚོགས་གཟུགས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྣ་ཚོགས་པའི་

เล่ม ๕๖ · หน้า 36b

གཟུགས་ཅན་མི་བསྐྱོད་པའི་གནས་ན་གནས་པ་སྟེ། དེའི་ཏིང་ངེ་འཛིན་ལ་གནས་པར་བདག་ཉིད་བསྒོམས་ན་སྣ་ཚོགས་གཟུགས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་ཁྱད་པར་རྣམས་འབྱིན་པའི་ཏིང་ངེ་འཛིན་གྱིས་འདི་དང་མཉམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

དེ་ལྟར་དངོས་གྲུབ་རྣམས་རིགས་ཀྱི་གོ་རིམས་ཀྱིས་བཤད་ནས། ད་ནི་ཕྱག་རྒྱའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕྱག་རྒྱ་དེ་དག་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། དེ་བས་ན་དེ་དང་པོར་སྟོན་ཏོ། །དེ་ལ་དང་པོ་ནི་ཐམས་ཅད་ཀྱི་མཚན་

ཉིད་སྤྱིར་མཐུན་པས་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པ་འགྲེས་གཅིག་གིས་ཐུན་མོང་དུ་སྟོན་པ་ནི། ཇི་ལྟར་རི་མོའི་ཚུལ་དུ་ནི། །ཞེས་བྱ་བ་ལ་སོགས་པའོ། །ཟླ་བའི་དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་དབུས་ན་གནས་པས་ན། ཟླ་བའི་དཀྱིལ་འཁོར་དབུས་

གནས་ཤིང་། །ཞེས་བྱའོ། །སེམས་དཔའ་རྣམས་བྲི་བའི་ཕྱིར་རྒྱུད་འདིའམ་རྒྱུད་གཞན་དུ་གཟུགས་ཇི་ལྟ་བུ་བསྟན་པ་དེའི་རྗེས་སུ་མཐུན་པར་བྱའོ། །པདྨོ་ལ་གནས་ཞེས་བྱ་བ་པདྨོའི་གདན་ནོ། །བདག་ཉིད་ཅེས་བྱ་བ་ནི་བདག་རང་ཉིད་བསྒོམ་པའོ། །འདིའི་འབྲས་བུ་གང་ཡིན་པ་དེ་ནི་འདིའི་ལས་ཡིན་

པར་བཤད་པས་ན། ད་ནི་དེ་བསྟན་པའི་ཕྱིར་སངས་རྒྱས་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །པདྨོའི་རིགས་སུ་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་ན་ཚེ་དཔག་མེད་དང་མཉམ་པར་འགྱུར་ཞེས་བྱ་བ་སྟེ། ཚེ་དཔག་ཏུ་མེད་པ་དང་མཚུངས་པར་འགྱུར་ཞེས་པའོ། །རྡོ་རྗེ་པདྨོ་ནི་རྡོ་རྗེ་

ཆོས་མའི་གནས་སུ་དེ་བཅིངས་ཤིང་བསྒོམས་ན་འཇིག་རྟེན་དབང་ཕྱུག་དང་མཉམ་པར་འགྱུར་པའོ། །སངས་རྒྱས་དབང་གིས་བཅིངས་ནས་ནི། །ཞེས་བྱ་བ་ནི་རིན་ཆེན་རྡོ་རྗེ་མའི་གནས་སུ་སངས་རྒྱས་དབང་བསྐུར་བ་ཉིད་དེ། དེ་བཅིངས་ཤིང་བསྒོམས་ན་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བར་འགྱུར་རོ། །

པདྨོས་པདྨོ་ནི་རྡོ་རྗེ་ཆོས་མའི་གནས་སུ་ཏིང་ངེ་འཛིན་སྦྱིན་པར་བྱེད་པའོ། །སྣ་ཚོགས་མཆོག་ནི་གཟུགས་སྣ་ཚོགས་སྦྱིན་པའོ། །སྣ་ཚོགས་གཟུགས་ནི་གཟུགས་ཐམས་ཅད་སྟོན་པའི་ཏིང་ངེ་འཛིན་གྱིས་སོ།།འདུལ་བའོ་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་སློབ་མར་བྱའོ། །སངས་རྒྱས་རིན་ཆེན་

เล่ม ๕๖ · หน้า 37a

ནི་རིན་ཆེན་འབྱུང་ལྡན་གྱི་གནས་སུའོ། །དབང་བསྐུར་སྟེར་ཞེས་བྱ་བ་ནི་རྒྱལ་པོར་དབང་བསྐུར་བ་ལ་སོགས་པ་སྦྱིན་པའོ། །པདྨོ་སེམས་དཔའ་ནི་འོད་དཔག་ཏུ་མེད་པའི་གནས་སུ་སྟེ་དེ་བཅིངས་ན་འདོད་དགུའི་ཏིང་ངེ་འཛིན་སྦྱིན་པར་འགྱུར་བའོ། །པདྨོ་ཁྲོ་བོ་དབང་ཕྱུག་

དཔལ་ནི། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། །དེའི་དཔལ་གང་ཡིན་པ་དེ་ཡང་སྦྱིན་པར་བྱེད་པའོ། །རྡོ་རྗེའི་འཇིག་རྟེན་དབང་ཕྱུག་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་གང་ཡིན་པ་སྟེ། དེའི་དངོས་གྲུབ་ནི་གང་ཡིན་པ་དེ་ཡང་མཆོག་སྟེ་དེ་ཡང་སྦྱིན་

པའོ། །དེའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ལ་པདྨོ་འདོད་པ་ཞེས་བཤད་དེ་ལས་སྣ་ཚོགས་པས་སེམས་ཅན་ཐམས་ཅད་མགུ་བར་བྱེད་པའི་ཕྱིར་རོ། །སངས་རྒྱས་དབང་ནི་རྡོ་རྗེ་སེམས་དཔའི་གནས་སུ་སངས་རྒྱས་ཀྱི་ཕྱག་རྒྱར་སྤྲུལ་པ་སྟེ། དེ་བཅིངས་ཤིང་བསྒོམས་ན་སངས་རྒྱས་པ་ཉིད་སྦྱིན་

པར་བྱེད་དེ་རྡོ་རྗེ་པདྨོ་ནི་རྡོ་རྗེ་རྒྱལ་པོའི་གནས་སུ་སྟེ་དེས་དངོས་གྲུབ་མཆོག་སྦྱིན་པར་བྱེད་དོ། །འདོད་པའི་དབང་པོ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། རྡོ་རྗེ་ཆགས་པའི་གཟུགས་སུ་བཞུགས་པའོ། །དེའི་ཕྱག་རྒྱ་བཅིངས་ན་རབ་འདོད་ལྡན་ཞེས་བྱ་སྟེ། ཆགས་པ་བཟང་པོ་ལ་ལྡན་པས་ན་རབ་

འདོད་ལྡན་ནོ། །དེ་ཡང་སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་ཆགས་པ་སྟེ་ཆགས་པ་དེས་ཆགས་པའི་ཕྱིར་རབ་འདོད་དོ། །དེའི་ངོ་བོ་ཉིད་ཡིན་པས་ན་རབ་འདོད་ལྡན་ནོ། །འདི་སྐད་སྟོན་ཏེ། འཁོར་བ་ན་འཁོར་ཞིང་སྲོག་གི་མཐར་གཏུགས་པའི་སྡུག་བསྔལ་གྱིས་ཀྱང་སེམས་ཅན་

རྣམས་ཀྱི་དོན་བྱ་བ་མི་གཏོང་བའོ། །དེ་ཡང་ཇི་སྐད་དུ། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་ལམ་དུའང་འདོར་བར་མི་བྱེད་དོ། །ཞེས་བཤད་པ་ལྟ་བུའོ། །དགའ་བ་ཡིས་ནི་ལེགས་པར་སྦྱིན། །

ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའི་གནས་ཀྱི་ཕྱག་རྒྱའོ། །ཁྲོ་གཉེར་གྱི་ནི་ཁྲོ་ཞི་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་འཇིག་རྟེན་དབང་ཕྱུག་ཁྲོ་གཉེར་ཅན་ལྟ་བུར་སྤྲུལ་པས་ན་ཁྲོ་གཉེར་ཞེས་གསུངས་སོ། །དེ་ནི་ཁྲོ་ཞིང་འགྱུར་ཞེས་བྱ་སྟེ། གང་གི་ཕྱིར་ཁྲོ་བོ་ཐམས་ཅད་བཟློག་པའི་ཕྱིར།

เล่ม ๕๖ · หน้า 37b

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་དེ་སྤྲུལ་པ་ཡིན་ནོ། །དེ་བས་ན་དེ་བསྒོམས་ན་ཁྲོ་བོ་ཐམས་ཅད་ཞི་ཞིང་སེལ་བར་འགྱུར་རོ། །པདྨོའི་ཉི་མ་ནི་རྡོ་རྗེ་ཉི་མའི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གིས་སྤྲུལ་པའི་ངོ་བོ་ཉིད་གང་ཡིན་པ་སྟེ་དེ་བསྒོམས་ན་གཟི་བརྗིད་མཆོག་སྦྱིན་པ་སྟེ། གཟི་བརྗིད་ཉི་མ་སྟོང་

བས་ལྷག །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །པདྨོའི་ཟླ་བ་ནི་རྡོ་རྗེ་དཔལ་གྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཟླ་བའི་གཟུགས་སུ་སྤྲུལ་པ་གང་ཡིན་པ་སྟེ། དེ་བཅིངས་ཤིང་བསྒོམས་ན་མདངས་ཆེན་པོ་སྦྱིན་པར་འགྱུར་རོ། །བཞད་པ་ནི་རྡོ་རྗེ་བཞད་མོའི་གནས་ཀྱི་འཇིག་རྟེན་དབང་

ཕྱུག་གི་ཕྱག་རྒྱ་སྟེ། དེས་རབ་ཏུ་བཞད་པ་ཉིད་འཐོབ་པར་བྱེད་དེ། ཆོས་རབ་ཏུ་ཟབ་མོ་རྟོགས་པར་གྱུར་པ་དེས་རབ་ཏུ་དགའ་བར་གྱུར་པ་དང་། དེས་འཛུམ་པའི་ཁྱད་པར་སྟོན་པ་འདི་ནི་བཞད་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན་བཞད་པ་ཉིད་དེ་དེ་ཐོབ་པར་བྱེད་པའོ། །སྒྲོལ་མ་འཇིག་རྟེན་དབང་

ཕྱུག་གི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་སྤྱན་གྱི་འབྲས་བུ་ལས་བྱུང་ནས་གནས་པ་དེ་ནི་སྒྲོལ་བ་སྟེ་དེས་ནི་དངོས་གྲུབ་ཀྱི་མཆོག་སྦྱིན་པར་བྱེད་དོ། །པདྨོའི་རལ་གྲི་ནི་འཇམ་དཔལ་གྱི་གཟུགས་ཀྱིས་དེའི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་གང་ཡིན་པའོ། །དེ་བཅིངས་ཤིང་བསྒོམས་

ན་སྐལ་བཟང་འཐོབ་པར་བྱེད་དེ། འདི་ནི་འདིའི་ལམ་གྱི་གཙོ་བོ་ཡིན་ནོ། །མགྲིན་སྔོན་གྱིས་ནི་འགུགས་པ་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་རྒྱུའི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཁྱབ་འཇུག་གི་གཟུགས་སུ་སྤྲུལ་པ་གང་ཡིན་པ་དེ་ལ་མགྲིན་སྔོན་ཞེས་བྱའོ། །དེ་བཅིངས་ན་གཙོ་ཆེར་འགུགས་

པའི་ལས་བྱེད་པ་ཡིན་ནོ། །གོས་དཀར་གྱིས་ནི་དངོས་གྲུབ་པོ། །ཞེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་གོས་དཀར་མོའི་གཟུགས་སུ་སྤྲུལ་པ་གང་ཡིན་པ་སྟེ། གོས་དཀར་མོ་དེས་སྤྱིར་དངོས་གྲུབ་ཡིད་དུ་འོང་བ་གང་ཡང་རུང་བ་སྦྱིན་པར་བྱེད་དོ། །པདྨོ་གར་གྱི་

དབང་ཕྱུག་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་གཟུགས་པདྨ་གར་གྱི་དབང་ཕྱུག་གི་ཕྱག་རྒྱ་འཛིན་པར་སྤྲུལ་ཅིང་གནས་པ་གང་ཡིན་པ་སྟེ། དེ་བཅིངས་ན་འདོད་པའི་དངོས་གྲུབ་སྦྱིན་པར་བྱེད་དོ། །མི་འཇིགས་པ་ནི་རྡོ་རྗེ་བསྲུང་བའི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་གཟུགས་མི་

เล่ม ๕๖ · หน้า 38a

འཇིགས་པའི་ཕྱག་གི་གོ་ཆའི་ཕྱག་རྒྱ་རྣམ་པར་སྤྲུལ་པ་གང་ཡིན་པའོ། །དེ་བཅིངས་ན་མི་འཇིགས་པ་སྦྱིན་པར་བྱེད་དེ། འཇིགས་པའི་རྣམ་པ་ཐམས་ཅད་སེལ་བར་བྱེད་དོ། །རབ་གཏུམ་མ་ནི་རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་གཟུགས་གདུག་

པ་ཐམས་ཅད་སྐྲག་པར་མཛད་པའི་གཟུགས་སུ་གནས་པ་གང་ཡིན་པ་སྟེ། དེ་ནི་གདུག་པ་ཐམས་ཅད་འདུལ་བར་བྱེད་པས་ན་མ་རུངས་པ་འདུལ་ཞེས་བཤད་དོ། །པདྨོ་ཁུ་ཚུར་རབ་སྒྲུབ་བྱེད། །ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་པདྨོའི་ཁུ་ཚུར་

བཅིངས་ཏེ་བཞུགས་པས་ན་པདྨོའི་ཁུ་ཚུར་ཞེས་བྱ་སྟེ། དེ་བཅིངས་ན་ལྷ་ཐམས་ཅད་ཀྱིས་དགོངས་པར་འགྱུར་ལ། ལྷ་རྣམས་ཀྱིས་དགོངས་ན་འདོད་པའི་དོན་འགྲུབ་པར་འགྱུར་ཏེ། དེ་བས་ན། པདྨོའི་ཁུ་ཚུར་རབ་སྒྲུབ་བྱེད། །ཅེས་གསུངས་སོ། །ལཱ་སྱས་དགའ་ཞིང་ཞེས་བྱ་བ་ལ་

སོགས་པ་ལ་སྒེག་མོའི་ཕྱག་རྒྱ་བཅིངས་ཤིང་བསྒོམས་ན་དགའ་བ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་ཕྲེང་བ་ནི་རིན་པོ་ཆེའི་ཕྲེང་བ་སྟེ། དེ་རང་གི་ལྷའི་རྣལ་འབྱོར་གྱིས་བཅིངས་ཤིང་བསྒོམས་ལ། རང་ངམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ལ་མཆོད་ན་དེས་ནོར་སྦྱིན་པར་བྱེད་དོ། །གླུ་

མའི་ཕྱག་རྒྱ་ཆེན་པོ་དབྱངས་སྒྲོགས་པའི་ཚུལ་དུ་སྟོན་པ་དེ་བཅིངས་ཤིང་བསྒོམས་ན་ཚངས་པའི་དབྱངས་ཀྱི་བར་དུ་དབྱངས་རིམ་གྱིས་སྦྱིན་པར་བྱེད་དོ། །གར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་བསྒོམས་ན་མྱ་ངན་ལས་འདས་པའི་བདེ་བ་བླ་ན་མེད་པ་ལ་ཐུག་གི་བར་གྱི་བདེ་བ་རྣམས་རིམ་གྱིས་སྦྱིན་པར་བྱེད་དོ། །

བདུག་པའི་ལྷ་མོ་ཆེན་མོའི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་བསྒོམས་ན་ཚིམ་པར་སྦྱིན་པར་འགྱུར་རོ། །འདི་སྐད་སྟོན་ཏེ་ཏིང་ངེ་འཛིན་མངོན་དུ་གྱུར་པ་དང་། རྗེས་སུ་མཐུན་པའི་ཤིན་ཏུ་སྦྱངས་པའི་བདེ་བ་སྦྱིན་པར་འགྱུར་ཏེ། ཚིམ་པར་འགྱུར་ན་ལུས་དང་སེམས་རྩུབ་པ་དང་བྲལ་བས་ལུས་དང་སེམས་ཤིན་

ཏུ་སྤངས་པར་འགྱུར་ལ། དེས་ནི་དངོས་པོ་གང་བརྩམས་པ་ལ་ལྡང་བ་ཡང་བར་འགྱུར་རོ། །མར་མེའི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་བསྒོམས་ན་མར་མེའི་སྣང་བའི་ཚུལ་དུ་རིང་ཞིང་ཕྲ་བ་ལ་གནས་པའི་དོན་རྣམས་ལ་ཡང་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་ཡེ་ཤེས་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །

เล่ม ๕๖ · หน้า 38b

དྲིའི་ལྷ་མོའི་ཕྱག་རྒྱ་ཆེན་པོ་བཅིངས་ཤིང་བསྒོམས་ན་ལུས་ལ་ཙནྡན་དང་ཨུཏྤལ་ལ་སོགས་པའི་དྲི་སྦྱིན་པར་འགྱུར་རོ། །རྟ་མགྲིན་གྱི་ཕྱག་རྒྱ་ཆེན་པོ་བསྒོམས་ན་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་དཔའ་ཐམས་ཅད་འགུགས་པའི་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ། །གདོན་མི་ཟ་བ་ནི་

དོན་ཡོད་པ་སྟེ། དབང་དུ་བྱ་བའི་ལས་ལ་བྱམས་པའི་ཞགས་པས་དབང་དུ་མཛད་པས་ན་དབང་དུ་བྱེད་ཅེས་བཤད་དོ། །ལྕགས་སྒྲོག་འཆིང་བ་ཡིན་པའི་དོན་ནི་བཤད་ཟིན་ཏོ། །པདྨའི་རིགས་ཀྱི་ལྕགས་སྒྲོག་ཡིན་པས་ན་པདྨོའི་ལྕགས་སྒྲོག་གོ། །འདི་བཅིངས་ན་མངོན་པར་འདོད་པའི་དོན་ཐམས་

ཅད་འཆིང་བར་བྱེད་དོ། །དྲིལ་བུའི་ཕྱག་རྒྱས་ནི་སེམས་དཔའ་ཐམས་ཅད་འབེབས་པར་བྱེད་དེ། སྔགས་དང་སྦྱོར་བ་དང་ལྡན་ན་ཐམས་ཅད་འབེབས་པར་བཤད་དོ། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཐེ་བོ་མཐེའུ་ཆུང་མཉམ་པར་

བསྒྲེང་། །ཞེས་བྱ་བ་ལ་མཐེ་བོ་དང་། མཐེའུ་ཆུང་གཤིབས་ལ་བསྒྲེང་བའོ། །ཆོས་དམ་ཚིག་ཅེས་བྱ་བ་ནི་འགྲོ་བ་འདུལ་བ་ཞེས་བྱ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་ནི་བསྐུལ་བའི་སྔགས་དང་པོ་ཡིན་ནོ། །འབྲས་བུ་ནི། སངས་རྒྱས་

ཆོས་ནི་རབ་ཐོབ་བྱེད། །ཅེས་བྱ་སྟེ་གང་གིས་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་འདི་བཅིངས་ལ་འཇིག་རྟེན་དབང་ཕྱུག་བསྐུལ་ན་དེས་དཀྱིལ་འཁོར་དུ་གཏོགས་པའི་ཆོས་རྣམས་སྐྱེད་པར་འགྱུར་ཏེ། དེ་བས་ན། སངས་རྒྱས་ཆོས་ནི་རབ་ཐོབ་བྱེད། །ཅེས་བཤད་དོ། །གང་གི་ཕྱིར་

སྔགས་པ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ། ཕྱག་རྒྱ་འདི་བཅིངས་ན་རྡོ་རྗེ་སེམས་དཔའ་འགྲོ་བ་འདུལ་བའི་གཟུགས་སུ་བཞུགས་པ་ལ་རྟག་ཏུ་བསྐུལ་བ་བྱས་ན་དེས་དཀྱིལ་འཁོར་དང་། སྔགས་དང་ཕྱག་རྒྱ་དང་། སྙིང་པོ་རྣམས་བསྐྱེད་པར་འགྱུར་རོ། །རྡོ་རྗེ་བསྡམས་པ་བཅིངས་

ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ། ལག་པ་གཉིས་ཀྱི་མཐེ་བོ་དང་། མཐེའུ་ཆུང་བཏང་ལ་སོར་མོ་གསུམ་ཆར་གཤིབས་ཏེ་བརྐྱང་བར་བྱའོ། །སངས་རྒྱས་རིགས་མཆོག་ཕྱག་རྒྱ་དེ། །ཞེས་བྱ་བ་ནི་འདི་ཡང་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་དཀྱིལ་འཁོར་བྱིན་གྱིས་

เล่ม ๕๖ · หน้า 39a

རློབ་པའི་སྔགས་གཉིས་པའི་ཕྱག་རྒྱ་ཡིན་ནོ། །སངས་རྒྱས་ཉིད་དུ་གྲུབ་པར་བྱེད། །ཅེས་བྱ་བ་ནི་འདི་སྐད་སྟོན་ཏེ། མངོན་པར་བྱང་ཆུབ་པའི་ཕྱག་རྒྱས་རྣམ་པར་སྣང་མཛད་དུ་བསྐྱེད་དེ། རང་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་དེའི་འོག་ཏུ་ཕྱག་རྒྱ་འདི་

བཅིངས་ལ། སྔགས་པས་འགྲོ་བ་འདུལ་བའི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལྟར་བྱས་ན་རིམ་གྱིས་སངས་རྒྱས་ཉིད་ཀྱང་གྲུབ་པར་བྱེད་དོ། །ད་ནི་མི་བསྐྱོད་པའི་གནས་ཀྱི་འགྲོ་བ་འདུལ་བའི་གཟུགས་ཀྱི་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པའི་ཕྱག་རྒྱ་སྟོན་ཏེ།

འགྲོ་བ་འདུལ་བའི་ལྷའི་རྣལ་འབྱོར་དུ་བྱས་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །གུང་མོ་རྡོ་རྗེ་རབ་བསྡམས་པས། །ཞེས་བྱ་བ་སྔགས་པས་གུང་མོ་གཉིས་གཤིབས་ལ་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །རྡོ་རྗེ་རིགས་པ་དམ་པ་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་

བ་སྟེ། རྡོ་རྗེ་བསྡམས་པས་དཀྱིལ་འཁོར་བསྟན་པར་བྱིན་གྱིས་བརླབ་ན་རིམ་གྱིས་རྡོ་རྗེ་སེམས་དཔར་ཡང་འགྲུབ་པར་འགྱུར་རོ། །དེ་ལས་གུང་མོ་རིན་ཆེན་འདྲ། །ཞེས་བྱ་བ་ནི་རྡོ་རྗེ་ཆོས་མ་ལྟ་བུ་ལས་རིན་པོ་ཆེ་ལྟ་བུར་བྱས་ན་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པར་འགྱུར་ཏེ། རིམ་གྱིས་རྡོ་རྗེ་རིན་ཆེན་ཡང་

འཐོབ་པར་འགྱུར་རོ། །གུང་མོ་པདྨོའི་ཚུལ་དུ་བྱས། །ཞེས་བྱ་བ་འདི་ནི་རྡོ་རྗེ་རིན་ཆེན་མ་དེ་ཉིད་པདྨའི་འདབ་མ་ལྟ་བུར་བཞག་ན་གུང་མོ་པདྨ་འདྲ་བར་འགྱུར་ཏེ། འདིས་ནི་སྔགས་པས་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །པདྨའི་དངོས་གྲུབ་རབ་འཐོབ་བྱེད། །ཅེས་བྱ་

བ་ལ་པདྨོ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། དེའི་དངོས་གྲུབ་རབ་ཏུ་ཐོབ་པ་ནི་ཕྱག་རྒྱ་འདི་བཅིངས་ན་རིམ་གྱིས་དེའི་དངོས་གྲུབ་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཐལ་མོ་བསྡམས་ནས་ནི། །ཞེས་བྱ་བ་ནི་དེ་བཅིངས་པ་སྟེ། དེ་ཡང་གྲགས་པ་ཁོ་ནར་ཟད་ལ་སྔགས་

པས་དེ་བཅིངས་ནས་གདོན་མི་ཟ་བར་གྲུབ་པའི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །དེ་བྱིན་གྱིས་བརླབ་པར་བྱ་བ་ནི། །དེ་ནི་གཅིག་མིན་དུ་མ་མིན། །ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སའི་དཀྱིལ་འཁོར་བསྒོམས་ལ། འདི་དག་ཐམས་ཅད་ནི་རྣམ་པར་རྟོག་པས་བསྐྱེད་པ་ཙམ་

เล่ม ๕๖ · หน้า 39b

དུ་ཟད་དོ་ཞེས་ཁོང་དུ་ཆུད་པར་བྱས་ནས། ལྷ་གང་དང་གང་གི་གཟུགས་ཀྱིས་ཕྱག་རྒྱ་གང་དང་གང་བཅིངས་ན་བྱིན་གྱིས་རློབ་པར་བཤད་པ་དེ་དང་དེ་ལྟ་བུར་གྱུར་ནས་ཕྱག་རྒྱ་དེ་དང་དེ་བཅིངས་ཏེ་ཐམས་ཅད་དུ་པདྨོའི་སེམས་པ་ནི་བདག་གོ་ཞེས་ལྷག་པར་མོས་པར་བྱས་ལ། དཀྱིལ་འཁོར་བྱིན་གྱིས་

རློབ་པའི་སྔགས་བརྗོད་དེ། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ་རི་རབ་ཀྱི་རྩེ་མོ་ལ་ཐུག་གི་བར་དུ་གཅིག་དང་དུ་མ་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བར་དུ་བསམ་པར་བྱའོ། །གནས་གང་དུ་དཀྱིལ་འཁོར་བྲི་བར་བྱ་བ་དེར་ཡང་རྡོ་རྗེའི་རང་བཞིན་དུ་བསམ་པར་བྱ་སྟེ།

འདི་ནི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཡིན་ནོ། །བྱིན་གྱིས་རློབ་པར་བྱེད་པའི་ཕྱག་རྒྱ་ལྔ་པོ་འདི་དག་ནི་བྱིན་གྱིས་རློབ་པའི་སྔགས་ལྔ་པོ་ཡིན་པར་བལྟ་བར་བྱའོ། །རྡོ་རྗེ་ཆོས་མ་ལ་སོགས་པ་བཞིའི་ཕྱག་རྒྱ་ནི་བདག་པོའི་ཕྱག་རྒྱ་ཡིན་དུ་ཟིན་ཀྱང་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་

གནས་ཉིད་དུ་བྲི་བར་བྱ་དགོས་ཏེ། གང་གི་ཕྱིར་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རང་གི་རིགས་ཀྱི་ཕྱག་རྒྱ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཁོར་དུ་ཕུལ་བའི་ཕྱིར་རོ། །ད་ནི་འགྲོ་བ་འདུལ་བར་གཏོགས་པའི་དཀྱིལ་འཁོར་རྣམས་གདོན་པའི་སྔགས་ཀྱི་ཕྱག་རྒྱ་སྟེ།

ཕྱག་རྒྱ་གང་ཞིག་བཅིངས་ན་དཀྱིལ་འཁོར་མ་ལུས་པར་སྐྱེད་པར་བྱེད་པ་དེ་བཤད་པར་བྱའོ། །དེ་ཡང་དམ་ཚིག་གི་ཕྱག་རྒྱ་ཡིན་ཏེ། དེ་མ་བཤད་པར་འདིར་དམ་ཚིག་ཇི་ལྟར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཆོས་ཀྱི་རྡོ་རྗེ་བཅིངས་ནས་ནི། སྐད་ཅིག་གིས་ནི་དམ་ཚིག་འགྲུབ། །ཅེས་བྱ་བ་གསུངས་

པ་ཡིན་ནོ། །འདི་སྐད་ཅེས་སྟོན་ཏོ། །འདི་ཕྱག་རྒྱ་གཞན་བཤད་དགོས་པ་ནི་མ་ཡིན་གྱི་ཕྱག་རྒྱ་གང་གིས་མི་བསྐྱོད་པའི་རིགས་སུ་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པ་དེ་བཞིན་དུ་ཕྱག་རྒྱ་དེ་ཉིད་ཀྱི་དཀྱིལ་འཁོར་གདོན་པར་བྱ་སྟེ། གང་གི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་ནི་ཐམས་

ཅད་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །དེ་ཡང་བསོད་ནམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ཡིན་ལ། ཡེ་ཤེས་ཀྱི་རང་བཞིན་ནི་རྡོ་རྗེ་ཡིན་ནོ། །སེམས་དཔའ་རྡོ་རྗེ་མ་དེ་ལས་ནི་འཚང་རྒྱ་བར་འགྱུར་ལ། དེ་ནས་སེམས་དཔའ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱ་དང་། དཀྱིལ་འཁོར་དང་།

เล่ม ๕๖ · หน้า 40a

རིག་པ་དང་། སྙིང་པོ་རྣམས་འབྱུང་སྟེ། དེ་བས་ན་ཆོས་ཀྱི་རིགས་ལ་གཞན་ལྟར་བྱ་བ་མེད་དེ། སེམས་དཔའ་རྡོ་རྗེ་མ་དེ་ཉིད་ལ་ཆོས་རྡོ་རྗེ་མ་ཞེས་བཤད་པས། ཆོས་ཀྱི་རྡོ་རྗེ་བཅིངས་ནས་ནི། །སྐད་ཅིག་གིས་ནི་དམ་ཚིག་འགྲུབ། །ཅེས་བྱ་སྟེ། ཆོས་ཀྱི་རིགས་ལ་རྡོ་རྗེ་མ་ཡིན་པས་ན་ཆོས་

ཀྱི་རྡོ་རྗེ་ཞེས་བྱའོ། །ད་ནི་སྔགས་བཀོད་ཟིན་པ་རྣམས་ཀྱི་ཕྱག་རྒྱ་རྣམས་སྟོན་ཏེ། དེ་ལ་འདིར་ཐོག་མར་རེ་ཞིག་རྣམ་པར་སྣང་མཛད་དགོད་པའི་ཕྱག་རྒྱ་བསྟན་པ་ནི་རྡོ་རྗེ་བསྡམས་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མཛུབ་སྙོམས་པས་ཞེས་བྱ་བ་ནི་མཛུབ་མོ་གཉིས་རྩེ་མོའི་ཚུལ་དུ་སྦྱར་བར་སྟོན་པའོ། །སངས་རྒྱས་

དངོས་གྲུབ་རབ་ཐོབ་བྱེད། །ཅེས་བྱ་བ་ནི་འདི་བཅིངས་པའི་འབྲས་བུ་དང་ལས་སྟོན་པའོ། །གང་དུ་རྡོ་རྗེ་དབྱིངས་ལས་ཕྱག་རྒྱ་བཅིང་བ་དང་། དངོས་གྲུབ་དང་ལས་སུ་བཤད་པ་གང་ཡིན་པའི་ཕྱག་རྒྱ་དེ་དག་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་པ་དང་། ལས་རྣམས་འགྲེས་གཅིག་གིས་སྟོན་པ་ནི། དེ་ནས་རབ་ཏུ་

བཤད་བྱ་བ། །འདིར་ཡོངས་སུ་གཟུང་ངོ་། །དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་པ་ལ་གང་ཞིག་ཅེ་ན། འགྲོ་བ་འདུལ་བའི་ཕྱག་རྒྱའི་སེམས་དཔའ་ཐམས་ཅད་ཟློས་པའི་སྤྱི་སྟེ། དེ་ནས་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ཁྱད་པར་དུ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་ཐལ་མོ་བསྡམས་

ནས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་བཅིངས་པའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གུང་མོ་མཉམ་བསྙམས་ཞེས་བྱ་བ་ནི་གང་གི་གུང་མོ་མཉམ་ཞིང་མངོན་དུ་ཕྱོགས་པར་བྱས་པ་དེ་ནི་གུང་མོ་མཉམ་པར་བསྙམས་པའི་རྡོ་རྗེ་ཐལ་མོ་སྟེ་དེ་བཅིངས་པའོ། །དེ་བཞིན་དུ་ཞེས་བྱ་བ་འདིས་སོར་མོ་ལྷག་མ་རྣམས་

རྡོ་རྗེ་ལྟ་བུར་བྱའོ་ཞེས་སྟོན་ཏོ། །ཅི་སོར་མོ་ལྷག་མ་རྣམས་དེ་བཞིན་དུ་བཞག་གམ་ཞེ་ན་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། མཐེའུ་ཆུང་མཐེ་བོ་ཕྱེ་བ་ནི། །ཞེས་བྱ་བ་གསུངས་ཏེ། གང་གི་མཐེ་བོ་དང་མཐེའུ་ཆུང་སོ་སོར་ཕྲལ་ཏེ་འདབ་མ་བཞི་པའི་ཚུལ་དུ་ཕྱི་རོལ་དུ་བྱུང་བར་བྱས་པ་དེ་ནི་མཐེའུ་ཆུང་མཐེ་

བོ་ཕྱེ་བ་ནི་ཞེས་བྱ་བ་སྟེ། འདི་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་བ་དགོད་པའི་ཕྱག་རྒྱའོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའོ། །མཐེ་བོ་གཉིས་བསྣོལ་ཏེ་ཞེས་བྱ་བ་ནི་གང་གི་མཐེ་བོ་གཉིས་རྡོ་རྗེ་བསྡོམས་པ་དང་འདྲ་བར་སྐྱིལ་མོ་ཀྲུང་གི་ཚུལ་དུ་བྱས་པ་དེ་ནི་མཐེ་བོ་

เล่ม ๕๖ · หน้า 40b

གཉིས་བསྣོལ་བའོ། །མཛུབ་མོ་གཉིས་རྩེ་སྤྲད་བཀུག་པའི་གཟུགས་ཞེས་བྱ་བ་ནི་གང་གི་མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་ལ་བཀུག་པའི་དབྱིབས་དེ་ནི་མཛུབ་མོ་བཀུག་པའི་གཟུགས་སོ། །དབུས་ཀྱི་རྡོ་རྗེ་སྤྱི་གཙུག་ཕུད། །ཅེས་བྱ་བ་ནི་གུང་མོའི་སོར་མོ་གཉིས་རྡོ་རྗེའི་ཚུལ་དུ་བྱས་པ་ནི་

གཙུག་ཕུད་དུ་འགྱུར་ཏེ། དེ་ནས་སྤྱི་གཙུག་ཏུ་བཞག་ན། གཙུག་ཕུད་སངས་རྒྱས་ཡིན་པར་བཤད། །ཅེས་བྱ་སྟེ་གཙུག་ཕུད་སངས་རྒྱས་ཞེས་བྱ་བའི་ཕྱག་རྒྱར་འགྱུར་བ་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་ཕྱག་རྒྱ་དེ་བཅིངས་ན་སངས་རྒྱས་ཞེས་བྱའོ་ཞེས་བྱའི་དབང་དུ་བྱས་པའོ། །རྡོ་རྗེ་བསྡམས་

པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་དམ་དུ་བཅིངས་ལ་རྡོ་རྗེ་བསྡམས་པའི་མཐེ་བོ་གཉིས་ཐད་ཀར་བཞག་པ་དེ་ལས་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་མཐེ་བོ་བསྙམས་ཏེ་ཞེས་བྱ་བ་སྨོས་སོ། །བསྙམས་ནས་ཇི་ལྟར་གཞག་པར་བྱ་ཞེ་ན། བཏུད་ནས་ནི་ཞེས་བྱ་བ་སྨོས་ཏེ། མཐེ་བོ་གཉིས་

ཀྱི་རྩེར་མཛུབ་མོ་བཀུག་པ་དང་རྩེ་སྤྲད་པར་བྱའོ། །དེ་ལྟར་བཅིངས་ནས་ཕྱག་རྒྱ་དེ་ཇི་ལྟར་གཞག་པར་བྱ་ཞེ་ན། བཀན་ནས་ཞེས་བྱ་བ་གསུངས་སོ། །ཅི་བྱེ་བྲག་དེ་ཙམ་དུ་ཟད་དམ། འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་ཏིང་ངེ་འཛིན་དུ་གཞག་ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་

དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་གྱི་སྐྱིལ་མོ་ཀྲུང་གི་སྟེང་དུ་བཀན་ལ་བརྐྱང་སྟེ་བཞག་པས་ཇི་ལྟར་གསུངས་པ་དེ་བཞིན་དུ་འདིར་ཡང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །ཏིང་ངེ་འཛིན་དུ་གཞག་ཅེས་བྱ་བ་འདིས་ནི་འོད་དཔག་ཏུ་མེད་པའི་གནས་སུ་དགོད་པའི་ཕྱག་རྒྱའོ། །ཐལ་མོ་པདྨོར་

མཉམ་སྦྱར་ལ། །ཞེས་བྱ་བ་ལ་སོགས་པ་ལ་ཐལ་མོ་མཉམ་པ་ཞེས་བྱ་བ་འདིས་ནི་རྡོ་རྗེ་ཐལ་མོ་ལྟ་བུར་བྱ་བ་འགོག་པ་ཡིན་ནོ། །མཉམ་སྦྱར་ལ་ཞེས་བྱ་བ་ནི་བཅིང་བའོ། །མཛུབ་མོ་རྡོ་རྗེར་བསྙམས་ནས་ནི། །ཞེས་བྱ་བ་འདིས་ནི་མཛུབ་མོ་གཉིས་རྡོ་རྗེ་ལྟ་བུར་སྤྲོད་ལ་བཙིར་བར་སྟོན་པ་ཡིན་ཏེ། དེ་བས་

ན་ཚིག་འདིས་ནི་ཐལ་མོ་ཅུང་ཟད་ཁོང་སྟོང་དུ་བྱ་བ་ཡིན་པར་ཤེས་སོ། །མཐེ་བོ་གཉིས་ཀྱི་ངོས་ཀྱང་ཕྲལ་ཞིང་ཕྱེ་སྟེ་གཞག་གོ། །དེ་ལྟ་བུའི་ཕྱག་རྒྱ་འདི་སུ་ཞིག་གི་ཡིན་ཞེ་ན། དེས་པའི་དབང་ཕྱུག་ཅེས་བྱ་བ་སྟེ། གདོན་མི་ཟ་བར་གྲུབ་པའི་གནས་སུ་དབང་ཕྱུག་ཏུ་གྱུར་པའི་འཇིག་རྟེན་དབང་ཕྱུག་

เล่ม ๕๖ · หน้า 41a

གིའོ། །འདི་སྐད་སྟོན་ཏེ། གང་གདོན་མི་ཟ་བར་གྲུབ་པའི་གནས་ན་བཞུགས་པའི་འཇིག་རྟེན་དབང་ཕྱུག་དེའི་དགོད་པའི་ཕྱག་རྒྱ་ནི་འདི་ཡིན་ནོ་ཞེས་པའོ། །ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་སུ་སངས་རྒྱས་ལ་སོགས་པ་དགོད་པའི་ཕྱག་རྒྱ་ནི། རྡོ་རྗེ་

བསྡམས་པ་བསྡམས་ནས་ནི། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ལེགས་པར་བཀན་ཏེ་ཞེས་བྱ་བ་ནི། སྐྱིལ་མོ་ཀྲུང་གི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རྡོ་རྗེ་བསྡམས་པ་བཀན་པ་དེ་ལས་མཐེ་བོ་གཉིས་བསྒྲེང་བ་ཕན་ཚུན་གཉིས་སྤྲད་དེ་གཞག་པར་

བྱ་ཞིང་དེ་ལས་པདྨོའི་འདབ་མ་ལྟ་བུར་བྱ་བ་འདི་ནི་རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱའོ། །འདིའི་མིང་ཇི་སྐད་དུ་བྱ་བ་ཡིན་ཞེ་ན། སངས་རྒྱས་པདྨོ་ཡིན་པར་བཤད། །ཅེས་བྱ་བ་གསུངས་ཏེ། པདྨས་ཉེ་བར་མཚན་པའི་རྡོ་རྗེ་སེམས་དཔའི་གཟུགས་ཡིན་པའི་ཕྱིར་རོ། །མཐེ་བོ་གཉིས་ནི་རྡོ་རྗེར་

མཉམ། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱ་སྟོན་ཏེ། རང་གི་སྔགས་ལས་ཇི་ལྟར་འབྱུང་བའི་ཚུལ་གྱིས་ཕྱག་རྒྱ་བཞི་ཆར་རྡོ་རྗེ་བསྡམས་པ་གཅིག་པུས་སྟོན་ཏོ། །ཇི་ལྟ་ཞེ་ན། མཐེ་བོ་གཉིས་ནི་རྡོ་རྗེ་ཞེས་བྱ་བ་སྟེ། རྡོ་རྗེ་མཐེ་བོ་གཉིས་གཅིག་ལ་གཅིག་སྤྲད་ནས་རྩེ་

མོའི་ཚུལ་དུ་བྱས་པའི་རྡོ་རྗེ་ནི་མཐེ་བོ་རྡོ་རྗེར་འགྱུར་ཏེ་འདི་ནི་དང་པོའོ། །དེ་ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་ཀྱུར་འགྱུར་ཏེ། འདི་ནི་ལྕགས་ཀྱུའི་ཕྱག་རྒྱ་སྟེ་གཉིས་པའོ། །མཛུབ་མོ་གཡོན་པ་བརྐྱང་ན་རལ་གྲིའི་ཕྱག་རྒྱ་སྟེ་འདི་ནི་གསུམ་པའོ། །དེ་ལྟར་ན་འདིས་ནི། མཛུབ་མོ་ལྕགས་ཀྱུ་

རལ་གྲིར་བྱ། །ཞེས་པ་སྟོན་པ་ཡིན་ནོ། །མཐེའུ་ཆུང་གཉིས་ནི་སོ་སོར་དབྱེ། །ཞེས་བྱ་བ་འདིས་ནི་ཅུང་ཟད་ཙམ་ཞིག་དཔྲལ་བར་འོག་ནས་སྟོན་ཏོ། །གུང་མོ་སྲིན་ལག་པདྨོར་བྱ་བ་ནི་གུང་མོ་དང་སྲིན་ལག་གི་རྩེ་མོ་པདྨ་ཁ་མ་བྱེ་བའི་ཚུལ་དུ་བྱས་པའི་པདྨོའི་ཕྱག་རྒྱ་གང་ཡིན་པ་དེ་ནི། གུང་མོ་

སྲིན་ལག་པདྨོར་བྱ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཕྱག་རྒྱ་བཞི་བསྟན་པ་ཡིན་ཏེ། དེ་དག་ནི་རྡོ་རྗེ་དང་ལྕགས་ཀྱུ་དང་རལ་གྲི་དང་པདྨོ་ཞེས་བྱ་བ་རྣམས་སོ། །ཐལ་མོ་མཉམ་པར་རབ་སྦྱར་ལ། །ཞེས་བྱ་བ་ལ་རབ་སྦྱར་ཞེས་བྱ་བ་ནི་བཅིང་བའོ། །གཅུས་ཏེ་ཞེས་བྱ་བ་ནི་ཐལ་མོ་གཡོན་

เล่ม ๕๖ · หน้า 41b

ཕྱོགས་སུ་དྲང་བ་ནི་བཅུ་པའོ། །མཐེ་བོ་བཀུག་ནས་ནི་ཞེས་བྱ་བ་ནི་མཐེ་བོ་བཀུག་ནས་སོ། །དེས་ཅི་ཞིག་བྱ་ཞེ་ན། མཛུབ་མོས་མཛུབ་མོ་བཟུང་ནས་སུ། །འདྲེན་པར་བྱེད་པ་ཞེས་བྱ་བ་སྟེ། གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོ་བཟུང་ལ་མདའ་གཞུ་འདྲེན་པའི་ཚུལ་དུ་དྲང་བར་གྱིས་

ཤིག་ཅེས་བྱ་བའི་དོན་ཏོ། །ཕྱག་རྒྱ་འདི་མིང་ཅི་སྐད་ཅེས་བྱ་ཞེ་ན། །པདྨོ་མདའ་ཞེས་བྱ་བ་འདིས་སྟོན་ཏེ། མངའ་གང་ལ་པདྨས་ཉེ་བར་མཚོན་པར་བྱས་པ་དེའིའོ། །འདི་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཡིན་ནོ། །ཐལ་མོ་སྦྱར་ནས་མཉམ་པར་བཀན། །ཞེས་པ་ལ་སོགས་པ་ལ་ཡང་ཐལ་མོ་མཉམ་པར་

བྱ་བ་སྟེ། དེ་ཡང་བཀན་ཏེ་བཞག་པ་བཅིང་ངོ་། །ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། ལེགས་པའི་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་སྟེ། རྡོ་རྗེ་ལེགས་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ལེགས་པའི་ཕྱག་རྒྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ།

སེ་གོལ་བརྡེབ་པའི་ཚུལ་དུ་བྱེད་པའི་ཕྱག་རྒྱ་གང་ཡིན་པ་དེ་དང་ཕྱག་རྒྱ་འདི་འདྲ་བར་བྱ་བའོ། །འདི་སྐད་སྟོན་ཏེ། ཐལ་མོ་སྦྱར་བ་བཀན་ལ་མཛུབ་མོ་གཉིས་བཀུག་པ་མཐེ་བོས་མནན་ཏེ། སེ་གོལ་གཏོགས་པའི་ཚུལ་དུ་བྱ་བའོ། །འདིའི་མིང་ཇི་སྐད་དུ་བྱ་བ་ཡིན་ཞེ་ན། པདྨོ་ལེགས་པ་ཡིན་པར་

གྲགས། །ཞེས་བྱ་སྟེ་ལེགས་སོ་ཞེས་བྱ་བས་ཉེ་བར་མཚོན་པའི་པདྨ་གང་ཡིན་པ་དེ་ནི་པདྨོ་ལེགས་པ་ཡིན་པར་གྲགས་ཤིང་བཤད་དེ། འདི་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱའོ། །ཐལ་མོ་མཉམ་པར་སྦྱར་ལ་མཛུབ་མོ་གཅིག་ལ་གཅིག་རྩེ་སྤྲད་དེ་པདྨའི་འདབ་མ་འདྲ་བར་བཀུག་ལ། དེ་ནས་མཛོད་པུའི་

གནས་སུ་གཞག་ན་གདོང་དུ་གནས་པ་ཡིན་ནོ། །མཐེའུ་ཆུང་ཕྱལ་ཏེ་ཞེས་བྱ་བ་ནི་མཐེའུ་ཆུང་གཉིས་གཅིག་ལ་གཅིག་མི་སྦྱར་བར་ཕྱེ་སྟེ་ཤིན་ཏུ་བརྐྱང་བ་ནི་ཕྲལ་བ་ཡིན་ནོ། །འདིའི་མིང་ཇི་སྐད་དུ་བྱ་བ་ཡིན་ཞེ་ན། པདྨོ་ཁྲོ་གཉེར་ཞེས་གསུངས་པ་ཡིན་ནོ། །སོར་མོ་ཐམས་ཅད་དཀྱིལ་འཁོར་

དུ། །ཞེས་བྱ་བ་ནི་ཤིན་ཏུ་བརྐྱང་བའི་དོན་ཏེ། པདྨའི་ཉི་མའི་ཕྱག་རྒྱའོ། །དཔུང་པ་སྤྱི་བོར་རབ་བརྐྱང་བ། །ཞེས་བྱ་བ་ལ་དཔུང་པ་གཉིས་སྤྱི་བོའི་ཐད་ཀར་གྱེན་དུ་བརྐྱང་ན་དེ་ལྟ་བུ་ནི་པདྨོའི་རྒྱལ་མཚན་གྱི་རྩེར་གྱུར་པ་ཡིན་ནོ། །པདྨོའི་རིན་ཆེན་རྒྱལ་མཚན་རྩེ། །ཞེས་བྱ་བ་ནི་ཕྱག་རྒྱའི་མིང་

เล่ม ๕๖ · หน้า 42a

སྟོན་པ་ཡིན་ནོ། །རྡོ་རྗེ་བསྡམས་པ་སྤྱི་བོར་བཞག །ཅེས་བྱ་བ་ལ་སོགས་པ་ལ་སྤྱི་བོ་སྟེ་མཚོག་མའི་གནས་གཙུག་ཏོར་གྱི་སར་བརྐྱང་སྟེ། རྡོ་རྗེ་བསྡམས་པའི་སོར་མོ་བཅུ་ཆར་གྱེན་དུ་བསྟན་ཏེ་བརྐྱང་ལ་སོར་མོའི་རྩེ་མོ་གང་དང་གང་ཡིན་པ་དེ་དང་དེ་རྣམས་མགོ་བོ་ཤེ་དག་ཏུ་

བསམས་ལ། ཉིད་ཀྱི་རང་བཞིན་གྱིས་གནས་པའི་རང་གི་མགོ་བོས་བགད་ཅིང་ཧཧ་ཞེས་ཤས་ཆེར་བགད་ན་ཉིད་ཀྱི་ཁ་དགོད་པ་དང་བཅས་ན་རྡོ་རྗེ་བཞད་པའི་ཕྱག་རྒྱ་ཁ་བཅུ་གཅིག་པ་ཞེས་བྱ་བར་འགྱུར་རོ། ཏིང་འཛིན་པད་མོ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་པདྨོ་ནི་འོད་

དཔག་ཏུ་མེད་པའི་གནས་སུའོ། །མཐེ་བོ་གཉིས་ནི་སོ་སོར་གྱེད། །ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མཐེ་བོ་དེ་གཉིས་གཅིག་ལ་གཅིག་ལྟོ་སྤྲད་པར་བྱ་སྟེ། དེ་ལྟར་ན་པདྨོ་སྒྲོལ་བའི་ཕྱག་རྒྱར་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་ནི་ཁོ་བོ་ཅག་གིས་མཐོང་བའི་གླེགས་བམ་

རྣམས་ལས་མ་རྙེད་དོ། །མཐེའུ་ཆུང་པདྨོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པའི་མཐེའུ་ཆུང་གཉིས་པདྨ་ཁ་མ་བྱེ་བའི་ཚུལ་དུ་བྱས་པ་ཞེས་བྱ་བ་འདི་ནི་པདྨ་ཆེན་པོ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དེ་ཉིད་ཀྱི་མཐེ་བོ་གཉིས་གཤིབས་ནས་རྩེ་མོ་གྱེན་དུ་བསྟན་ལ་རྩེ་མོར་བྱས་པ་

ནི་གཉིས་པ་སྟེ། དབྱིག་པའི་ཕྱག་རྒྱའོ། །མཛུབ་མོའི་རྩེ་མོ་བཀུག་སྟེ་ཕན་ཚུན་རྩེ་སྤྲད་པ་བྱས་ལ། ཀུན་ནས་འཁྱིལ་པའི་ཚུལ་དུ་ཟླུམ་པོར་བྱས་པ་འདི་ནི་གསུམ་པ་སྟེ། དུང་ཆེན་གྱི་ཕྱག་རྒྱའོ། །གུང་མོ་སྲིན་ལག་འཁོར་ལོར་སྦྱར་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བྱས་ལ་ལྷག་མ་གུང་

མོ་དང་སྲིན་ལག་གཉིས་རྡོ་རྗེ་འཁོར་ལོའི་ཚུལ་དུ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏེ། འདི་ནི་རྡོ་རྗེ་རྒྱུའི་སྔགས་ལས་ཇི་སྐད་བཤད་པའི་ཕྱག་རྒྱ་བཞི་པོ་ཡིན་ནོ། །རྡོ་རྗེ་ཐལ་མོ་ཞེས་བྱ་བ་ལ་སོགས་པ་ལ། གཡས་པའི་ཨོཾ་གྱི་ནང་དུ་གཞུག །ཅེས་བྱ་བ་ནི་མཐེ་བོ་གཡོན་པ་ནང་དུ་བཅུག་ལ་

མཛུབ་མོ་གཡས་པ་བཀུག་ནས་རང་གི་མཐེ་བོ་དང་གདོང་སྤྲད་པ་ནི་ཨོཾ་གྱི་ནང་དུ་གཞུག་པ་ཞེས་བྱའོ། །གཡོན་པའི་མཐེ་བོ་དང་མཛུབ་མོ་ཡང་དེ་བཞིན་དུ་བཞག་ལ་བཟླས་པ་བྱེད་པའི་ཚུལ་བྱའོ། །སོར་མོ་ལྷག་མ་རྣམས་གཅིག་ལ་གཅིག་མ་འབྱར་བར་ཕྲལ་ཏེ་རྩེ་མོ་ཅུང་ཟད་བརྐྱང་ལ་རྡོ་རྗེ་

เล่ม ๕๖ · หน้า 42b

ཐལ་མོ་ཉིད་མ་ཕྱེ་བ་འདི་ནི་ཆུ་སྐྱེས་ཞེས་བྱ་སྟེ། འདི་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཐལ་མོ་བཅིངས་པའོ། །གཡོན་དང་གཡས་ནས་ཞེས་བྱ་བ་ནི་གཡས་གཡོན་གྱི་ངོས་གཉིས་སུ་རྡོ་རྗེ་ཐལ་མོ་དེ་ཉིད་འགྱིང་བ་དང་བཅས་

པར་བསྐོར་བའི་ཚུལ་དུ་བྱས་ལ་སྤྱི་བོར་གཞག་གོ། །དེ་ནས་ཡང་བསྐོར་ཞིང་དྲངས་ལ་ངོས་གང་ཡང་རུང་བ་ནས་རྡོ་རྗེ་ཐལ་མོ་དེ་དབབ་པར་བྱའོ། །དེ་ནས་ཡང་ངོས་གཞན་ནས་སླར་བཏེག་ལ་ངོས་གཅིག་ཏུ་དབབ་པར་བྱ་ཞིང་དེ་བཞིན་དུ་སྤྱི་བོའི་བར་དུ་དྲང་བར་བྱའོ། །འགྱིང་བཅས་ནི་སྒེག་

པ་དང་བཅས་པའོ། །འདི་ནི་གར་ཐབས་པདྨོ་ཅན་ཞེས་བྱ་བ་སྟེ། རྡོ་རྗེ་ལས་ཀྱི་གནས་ཀྱི་ཕྱག་རྒྱའོ། །དེ་བཞིན་ཞེས་བྱ་བ་འདིས་ནི་རྡོ་རྗེ་ཐལ་མོ་མ་བཀྲོལ་བར་སྟོན་ཏོ། །རྩེ་མོ་ཁ་བྱེ་བ་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་མ་བཀྲོལ་བ་ཉིད་དུ་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ཕྲལ་ན་སོར་མོ་ཐམས་ཅད་ཁ་བྱེ་བ་ཡིན་ནོ། །དེ་ལྟ་

བུའི་རྡོ་རྗེ་ཐལ་མོ་དེ་བསྐོར་བ་ནི་ལག་པའི་མཐིལ་གཉིས་རྒྱབ་སྤྲད་པའོ། །དེ་ནས་སྙིང་གར་བཞག་ན་པདྨོས་བརྟན་པར་བྱེད་པ་སྟེ་གོ་ཆའི་ཕྱག་རྒྱར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསང་བའི་གནོད་སྦྱིན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྡོ་རྗེ་གནོད་སྦྱིན་གྱི་

གནས་སུ་རྡོ་རྗེ་ཐལ་མོའི་རྣམ་པས་ཕྱག་རྒྱའི་སྦྱོར་བ་བྱས་པ་གང་ཡིན་པ་དེ་ནི་གསང་བའི་གནོད་སྦྱིན་གྱི་ཚུལ་དུ་ཞེས་བྱ་བ་དེ་བཞིན་དུ་བྱས་ལ་བརྐྱང་ནས་རྡོ་རྗེ་ཐལ་མོ་སྙིམ་པའི་ཚུལ་དུ་བྱས་པ་ཁར་བཞག་ན་པདྨོ་གནོད་སྦྱིན་མའི་ཕྱག་རྒྱར་འགྱུར་རོ། །གསང་བའི་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཡང་རྡོ་རྗེ་

ཐལ་མོའི་མཛུབ་མོ་གཉིས་བཀུག་སྟེ་རང་གི་མཐེ་བོའི་དྲུང་དུ་བཞག་ལ་མཐེ་བོ་གཉིས་ཀྱང་དབྲལ་བར་བྱ་སྟེ། འདི་ནི་གསང་བའི་གནོད་སྦྱིན་གྱི་ཚུལ་དེ་འདི་ཡིན་ནོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཇི་ལྟར་གནས་པ་གུང་མོ་གཉིས་ཀྱང་

དེ་བཞིན་དུ་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །འདི་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་པདྨོའི་ཁུ་ཚུར་གྱི་ཕྱག་རྒྱའོ། །རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སྒེག་མོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བསྡམས་པའི་མཐེ་བོ་གཉིས་

เล่ม ๕๖ · หน้า 43a

དྲང་པོར་སྦྱར་བར་བྱ་སྟེ། འདི་ནི་རྡོ་རྗེ་དབྱིངས་ཀྱི་ཚུལ་དེ་ལས་འདིར་རྡོ་རྗེ་ཐལ་མོ་ལས་མཐེ་བོ་གཉིས་བསྙམས་ལ། རྡོ་རྗེ་སྒེག་མོ་ལ་སོགས་པའི་ཕྱག་རྒྱར་སྦྱར་བར་བྱའོ། །དེ་ལྟར་ན་རྡོ་རྗེ་སྒེག་མོ་ལ་སོགས་པ་བཞི་པོ་རྣམས་ཀྱི་ནི་རྡོ་རྗེ་བསྡམས་པའི་མཐེ་བོ་བརྐྱང་བ་ལས་ཕྱག་རྒྱར་འགྱུར་གྱི།

བདུག་པ་ལ་སོགས་པ་རྣམས་ཀྱི་ནི་རྡོ་རྗེ་བསྡམས་པ་ཁོ་ན་ལས་ཏེ། རྡོ་རྗེ་བསྡམས་པ་ཐུར་དུ་གཏུགས། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་སྐད་གསུངས་པ་ལས་ནི་འདི་ལྟར་ཤེས་པར་བྱ་སྟེ། སྒེག་མོ་ལ་སོགས་པའི་ཕྱག་རྒྱ་བཞི་ཆར་ཡང་དེར་རྡོ་རྗེ་བསྡམས་པའི་མཐེ་བོ་བརྐྱང་བ་

ལས་འབྱུང་བ་ཡིན་ནོ། །དེ་བཞིན་དུ་འདིར་སྒེག་མོ་ལ་སོགས་པ་བཞི་ཆར་གྱི་ཡང་རྡོ་རྗེ་ཐལ་མོའི་མཐེ་བོ་བསྙམས་པ་ལས་དམ་ཚིག་གི་ཕྱག་རྒྱ་རྣམས་སུ་སྦྱར་བར་བྱའོ། །བདུག་པ་ལ་སོགས་པ་ནི་རྡོ་རྗེ་ཐལ་མོ་ཕྱེ་བ་ལས་ཡིན་པར་ཤེས་པར་བྱ་སྟེ། འདི་དག་ནི་རྡོ་རྗེ་དབྱིངས་ཀྱི་ཚུལ་ཏེ། མཆོད་

པའི་མཆོག་ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱིས་མཆོད་པའོ། །དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དམ་ཚིག་ཀྱང་དེ་ཡིན་ལ་མཆོག་ཀྱང་དེ་ཡིན་པའི་ཕྱིར་རོ། །ད་ནི་སྒོ་བ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ལ་རེ་ཞིག་སྒོ་དང་པོར་ནི་བཅོམ་ལྡན་འདས་རྟ་མགྲིན་པདྨ་ལྕགས་ཀྱུ་ཡིན་ལ།

དེའི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་དམ་བྱས་ལ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྡོ་རྗེ་བསྡམས་པ་དམ་དུ་བཅིངས་ལ། མཛུབ་མོ་གཉིས་ནི་མཉམ་སྦྱར་ནས། །ཞེས་བྱ་བ་ལ་མཉམ་པར་སྦྱར་བས་ན་མཉམ་པར་སྦྱར་ཏེ་མཛུབ་མོ་གཉིས་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བཀུག་

པ་ཞེས་བྱ་བ་ལ་བཀུག་པ་ནི་ཚིགས་པར་མ་བཅག་པའོ། །རྩེ་མོ་སྦྱར་བའི་ཞེས་བྱ་བ་ནི་རྩེ་མོ་དགུག་པའོ། །འདི་ནི་རྟ་གདོང་ལྟ་བུ་ཡིན་ཏེ། དེ་ལ་མཐེ་བོ་གཉིས་ནི་རྣ་བར་འགྱུར་ལ། མཐེའུ་ཆུང་ཟུར་དུ་བརྐྱང་བ་གཉིས་ནི་རྗེ་ངར་དུ་གྱུར་པའི་ཕྱིར་རོ། །གང་གིས་ཕྱག་རྒྱ་འདིའི་སྦྱོར་བ་དང་།

བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་བསྐྱེད་ལ་མ་རུངས་པ་ཐམས་ཅད་གདུལ་བའི་ཕྱིར་སྤྱི་བོར་རྟ་གདོང་གི་ཕྱག་རྒྱ་རྨིག་པ་གཉིས་འཕགས་ཏེ་བྱུང་བ་བཞག་ཅིང་། ཞལ་རྣམ་པར་འགྱུར་བ་མཆེ་བ་གཙིགས་པ། ཞལ་གདངས་ཤིང་བསྐལ་པའི་མེ་ལྕེ་འབར་བའི་ཕྲེང་བ་ཀུན་དུ་

เล่ม ๕๖ · หน้า 43b

འཁྲུགས་པ། འཇིག་རྟེན་གསུམ་པོ་རི་བོ་རྣམས་དང་བཅས་པ་དང་རྒྱ་མཚོར་བཅས་པ་ཟ་བཞིན་པ་ལྟ་བུར་བདག་ཉིད་བསམ་པར་བྱའོ། །པདྨོ་ཐལ་མོ་མཉམ་སྦྱར་ལ། །ཞེས་བྱ་བ་ནི་པདྨ་ཁ་མ་བྱེ་བ་ལྟ་བུའི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་མདུད་པར་མདུད་པ་ནི་ཞེས་བྱ་བ་མཛུབ་མོ་གཉིས་ཀྱི་གདོང་ཕན་

ཚུན་དུ་སྤྲད་དེ་མདུད་པའི་ཚུལ་གྱིས་པདྨོ་ཁ་མ་བྱེ་བ་ལྟ་བུར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་དོན་ཡོད་ཞགས་པའི་ཕྱག་རྒྱའོ། །ད་ནི་པདྨོའི་ལྕགས་སྒྲོག་གི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་མཐེབ་མཛུབ་ལྕགས་སྒྲོག་ཅེས་བྱ་བ་གསུངས་ཏེ། པདྨོ་ཁ་མ་བྱེ་བའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་

གཉིས་དང་མཛུབ་མོ་གཉིས་གཅིག་ལ་གཅིག་འཁྱུད་པར་སྦྲེལ་ལ་ལྕགས་སྒྲོག་ཏུ་བྱ་བ་འདི་ནི་པདྨོའི་ལྕགས་སྒྲོག་གི་ཕྱག་རྒྱ་སྟེ། མ་རུངས་པ་ཐམས་ཅད་བཅིང་བ་ལ་སྦྱར་བར་བྱའོ། །པདྨོའི་ཐལ་མོ་མཉམ་བྱས་ལ། །ཞེས་བྱ་བ་ནི་པདྨོ་ཁ་མ་བྱེ་བའི་ཐལ་མོ་བྱ་བའོ། །མཐེ་བོ་གཉིས་

བཅུག་དམ་དུ་བཙིར། །ཞེས་བྱ་བ་ནི་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་བར་དུ་མཐེ་བོའི་ལྟོ་བཙིར་བར་བྱ་བའི་དོན་ཏེ། འདི་ནི་པདྨ་དབབ་པའི་ཕྱག་རྒྱའོ། །པདྨོའི་ཁུ་ཚུར་འདི་བཤད་ཟིན་ཏེ། དེ་གཉིས་སུ་བྱས་ལ་རྡོ་རྗེ་དབྱིངས་ལས་བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱི་

ཕྱག་རྒྱ་རྣམས་བསྟན་པར་བྱའོ། །བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་བཅིང་བར་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རིགས་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་སྟེ། དམ་ཚིག་ལ་སོགས་པའི་ཆོ་གར་ཡོངས་སུ་བརྟགས་པ་ཡིན་པས་ན་

རྟོག་པའོ། །རྟོག་པ་གཞན་རྣམས་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རྒྱལ་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པའི་རྒྱལ་པོ་ཆེན་པོ་སྟེ། དེ་ལས་འགྲོ་བ་ཐམས་ཅད་འདུལ་བ་ལ་དབང་དུ་བྱེད་པའི་དཀྱིལ་འཁོར་ཆེན་པོའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་

ཀོ་ས་ལའི་རྒྱན་ལས་འགྲོ་བ་ཐམས་ཅད་འདུལ་བའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི་རྗེས་ཐོགས་ལ་ཕྱག་

เล่ม ๕๖ · หน้า 44a

རྒྱའི་དཀྱིལ་འཁོར་སྟོན་པའོ། །ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་སུ་རྡོ་རྗེ་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་པའི་སངས་རྒྱས་

དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཉིད་དེར་བྱང་ཆུབ་སེམས་དཔའི་གཟུགས་སུ་སྤྲུལ་པར་མཛད་པས་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རིགས་ཀྱི་གཟུངས་མ་ཡིན་པས་ན་ཆོས་ཀྱི་གཟུངས་ཏེ།

གཟུངས་ཞེས་བྱ་བ་ནི་སྔགས་ཀྱི་གཟུངས་ཡིན་པར་གཟུང་ལ། དེ་དག་གི་དམ་ཚིག་ནི་ཕྱག་རྒྱ་དང་ལྷ་དང་སྔགས་དང་། རིགས་པ་དང་སྙིང་པོ་རྣམས་ནི་དམ་ཚིག་ཅེས་བྱ་བར་གཟུང་བར་བྱའོ། །དེ་ལྟ་བུའི་ཁྱད་པར་གྱི་དམ་ཚིག་འདི། བསམ་པའི་ཁྱད་པར་གང་ལས་བྱུང་། །ཞེས་པདྨའི་

བསྒོམ་པ་ལས་ངེས་པར་སྐྱེས་པའི་བསམ་པའི་ཁྱད་པར་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གང་པདྨོ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ལ་ནི་དོན་དང་མཐུན་པའི་མིང་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་གཟུངས་ཀྱི་དམ་ཚིག་འབྱུང་བའི་བྱིན་གྱི་རླབས་པདྨ་

ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་བས་ན་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་རིག་པ་དམ་པ་འོག་ནས་བཤད་པ་འདི་གསུངས་སོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་

པའི་རིག་པ་དམ་པ་གསུངས་པ་དེ་བཞིན་དུ། མི་བསྐྱོད་པ་ལ་སོགས་པའི་གནས་ན་གནས་པའི་ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་ལོས་སྒྱུར་བ་བཞིས་ཀྱང་རང་རང་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། དཀྱིལ་འཁོར་བྱིན་གྱིས་རློབ་པའི་རིག་པ་རྣམས་གསུངས་པ་ཡིན་ནོ། །འདིར་

འཁོར་ལོས་སྒྱུར་བ་གཞན་ལའང་ཕྱག་ན་རྡོ་རྗེའི་སྒྲར་གསུངས་མོད་ཀྱི། འོན་ཀྱང་འགྲོ་བ་འདུལ་བ་དེ་ཉིད་ཀྱི་གཟུགས་ཡིན་པར་བལྟའོ། །ད་ནི་ཕྱག་ན་རྡོ་རྗེའི་སྒྲར་གསུངས་པ་དེ་ཉིད་འཇིག་རྟེན་དབང་ཕྱུག་ཡིན་པར་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོས་ཞེས་བྱ་བ་གསུངས་

เล่ม ๕๖ · หน้า 44b

པ་ཡིན་ནོ། །རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་རང་གི་རིགས་ནི་པདྨའི་རིགས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་དམ་ཚིག་འཛིན་དུ་འཇུག་པའི་ཕྱག་རྒྱ་ཡིན་པས་དམ་ཚིག་གི་ཕྱག་རྒྱའོ། །དེའི་དཀྱིལ་འཁོར་ཡིན་པས་ན་རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་

དཀྱིལ་འཁོར་ཏེ་དཀྱིལ་འཁོར་ནི་སྙིང་པོ་ལ་བྱ་སྟེ། མར་གྱི་སྙིང་པོ་བཞིན་ནོ། །དེ་འཛིན་པར་བྱེད་པས་ན་དཀྱིལ་འཁོར་ཏེ་མཎྜ་ནི་སྙིང་པོ་ལ་ནི་ཨཱ་ད་ན་སྟེ་ལེན་པར་བྱེད་པའོ། །སེམས་ཅན་རྣམས་ཀྱི་སྙིང་པོ་ནི་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསོད་

ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་སྙིང་པོ་ཡིན་ཏེ། སྙིང་པོ་དེ་ལེན་པ་ལ་འཛུད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དཀྱིལ་འཁོར་དེ་གསུངས་པ་ནི་བཤད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གསུངས་ཤེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ཏེ་དཀྱིལ་

འཁོར་ཆེན་པོའི་རྗེས་ཐོགས་ལའོ། །པདྨའི་རིགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་དུ་གཏོགས་པའི་དོན་གྱི་བྱ་བ་དེ་མ་བསྟན་ན་འབྱུང་བར་མི་འགྱུར་ན། དེའི་ཕྱིར་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་སྟེ། ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་རབ་ཏུ་ཕྱེ་ཞིང་སོ་སོར་གསེས་ཏེ། བསྟན་པར་བྱ་ཞིང་

བཤད་པར་བྱ་བ་ཡིན་པས་ན་རབ་ཏུ་བཤད་བྱ་བའོ། །ཅི་ཞིག་བཤད་ཅེ་ན། ཕྱག་རྒྱའི་དཀྱིལ་འཁོར་ཞེས་གསུངས་པའོ། །ཇི་ལྟ་བུ་ཞེ་ན་དམ་པ་ཞེས་བྱ་བ་སྟེ་དོན་གྱི་མཆོག་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ལ་སྟེ་རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་

ཅེས་བྱ་ཞེ་ན། པདྨོའི་གསང་བ་ཞེས་བཤད་དོ་ཞེས་བྱ་བ་སྟེ། པདྨའི་རིགས་ཀྱི་གསང་བ་ཡིན་པས་ན་པདྨོའི་གསང་བ་སྟེ། གསང་བར་གྲགས་པའོ། །དཀྱིལ་འཁོར་དེ་ཇི་ལྟར་ཐིག་གདབ་པར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ནི་

འདིར་འགྲོ་བ་འདུལ་བའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཆེན་པོ་དེ་སྦྱོར་བ་གང་དང་། ཏིང་ངེ་འཛིན་གང་དང་དབྱིབས་གང་གིས་ཐིག་འདེབས་པར་བྱེད་པའི་སྦྱོར་བ་དེ་ཉིད་དང་། ཏིང་ངེ་འཛིན་དེ་ཉིད་དང་དབྱིབས་དེ་ཉིད་ཀྱིས་འདིར་ཡང་ཐིག་གདབ་པར་བྱའོ། །དེ་ཞེས་བྱ་བ་ནི་དཀྱིལ་འཁོར་

เล่ม ๕๖ · หน้า 45a

ཆེན་པོའིའོ། །དབུས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུའོ། །པདྨོ་བཟང་པོ་ནི་པདྨ་མཆོག་སྟེ་པདྨོའི་གཙོ་བོའོ། །རྡོ་རྗེ་དབྱིངས་ཀྱི་དབང་མོ་བྲི། །ཞེས་བྱ་བ་ནི་མཆོད་རྟེན་ཁྲི་ལ་ལེགས་པར་ཞུགས་པར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མཆོད་རྟེན་

ཁྲི་ལ་ལེགས་འདུག་པ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་མོའི་འོ། །ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞི་ཆར་དུའོ། །དམ་ཚིག་རྣམས་ནི་ཕྱག་རྒྱ་ཐམས་ཅད་དོ། །དེ་རྣམས་ཀྱི་མཆོག་ནི་སེམས་

དཔའ་རྡོ་རྗེ་མ་ལ་སོགས་པའི་རིགས་ཀྱི་ཡུམ་རྣམས་སོ། །ལྷག་མ་བཞིན་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་བཞིན་དུའོ། །རང་གི་རིག་པ་རྣམས་ལྡན་པར། །ཞེས་བྱ་བ་ནི་རང་གི་རིག་པ་རྣམས་ཀྱིས་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་རྡོ་རྗེ་ལ་སོགས་པ། །ཞེས་བྱ་བ་ལ་ཆོས་ཀྱི་རྡོ་རྗེ་མ་

ཞེས་སྨོས་པས། སེམས་དཔའ་རྡོ་རྗེ་མ་ཉིད་ཡིན་པར་སྟོན་པར་ཤེས་པར་བྱ་སྟེ། འདི་ཉིད་དཀྱིལ་འཁོར་འདིར་དམ་ཚིག་གི་ཕྱག་རྒྱ་ཡིན་པར་བལྟ་བར་བྱའོ། །དེ་ལ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དེར་རོ། །དེ་དག་ཅེས་བྱ་བ་ནི་གསང་བའི་ཕྱག་རྒྱ་དེ་རྣམས་ཀྱིའོ། །ཕྱག་རྒྱ་ནི་འདི་རྣམས་

ཡིན་ནོ་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ཀྱི་དགོད་པའི་སྙིང་པོ་ལ་ཕྱག་རྒྱའི་སྒྲར་གསུངས་ཏེ། རིག་པ་དེ་དག་ཉིད་ལས་ཕྱག་རྒྱ་རྣམས་འབྱུང་བས་ཐ་མི་དད་པ་ཡིན་པའི་ཕྱིར་རོ། །སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་རིག་པ་བསྟན་ཟིན་ནས། སྣ་ཚོགས་གཟུགས་ཞེས་བྱ་བ་ལ་སོགས་པ་ནི་

མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་རིག་པ་སྟོན་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ཤུགས་ནི་དམ་ཚིག་ལས་མི་འདའ་བའི་སྔགས་ཏེ། སྲད་བུ་ལ་སོགས་པ་ལས་རྒལ་ཀྱང་རི་མོའམ་ཐིག་ཡིད་ཀྱིས་གྱེན་དུ་བཏེགས་ལ་སྔགས་པ་འོག་ནས་འཛུལ་ན་ཉེས་པར་མི་འགྱུར་བ་ནི་ཡིད་ཀྱི་ཕྱག་རྒྱ་དང་

བཅས་པར་བཤད་ཟིན་ཏོ། །དེས། རྡོ་རྗེ་ཤུགས་ཀྱིས་རྒལ་ན་ནི། །ཞེས་བྱ་བ་སྟེ། སྔགས་དང་ཕྱག་རྒྱའི་ཆོ་གས་བརྒལ་ནས་མི་བསྐྱོད་པའི་དཀྱིལ་འཁོར་དུ་འགྲོ་བ་སྟེ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་འགྲོ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་ནི་གཟུགས་ཐམས་ཅད་ཡང་

เล่ม ๕๖ · หน้า 45b

དག་པར་སྟོན་པའི་ཏིང་ངེ་འཛིན་ལ་བཞུགས་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གོ། །དེའི་མཆོག་དཀྱིལ་འཁོར་ནི་དཀྱིལ་འཁོར་དབུས་མའོ། །དེའི་དབུས་སུ་ཞེས་བྱ་བ་ནི་དབུས་མའི་གནས་སུའོ། །པདྨོས་བསྐོར་བའི་པདྨོ་བྲི་བར་བྱ། །ཞེས་བྱ་བ་འདི་ནི་འདི་སྐད་སྟོན་ཏེ།

དཀྱིལ་འཁོར་དབུས་མའི་དབུས་སུ་པདྨ་གཙོ་བོ་བྲིས་ལ། ཡང་པདྨ་ཆུང་ངུ་རྣམས་ཀྱིས་ཡོངས་སུ་བསྐོར་ལ་ཀུན་ནས་ཟླུམ་པོའི་ཚུལ་དུ་གནས་པར་བྲིའོ། །དེའི་ཞེས་བྱ་བ་ནི་པདྨའི་དཀྱིལ་འཁོར་གྱི་ལོགས་རྣམས་སུའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞི་ཆར་དུའོ། །པདྨའི་ཕྱག་རྒྱ་

ཉིད་གནས་པ་ཞེས་བྱ་བ་ནི་པདྨོའི་གདན་ནོ། །པདྨོའི་མཚན་མ་བྲི་བར་བྱ། །ཞེས་བྱ་བ་ནི་པདྨོའི་མཚན་མ་གང་ལ་ཡོད་པ་དེ་དག་ནི་པདྨའི་མཚན་མ་སྟེ། རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་པདྨ་ལ་གནས་པར་སྔར་མ་བཤད་དུ་ཟིན་ཀྱང་། དོན་གྱིས་ན་མཚན་མ་ཐམས་ཅད་ཀྱང་པདྨའི་སྟེང་དུ་གྱིས་ཤིག་ཅེས་བྱ་

བའི་དོན་ཏོ། །དེ་ལྟར་གང་ཞིག་བྲི་བར་བྱ་ཞེ་ན། ཕྱག་རྒྱ་རྣམས་སོ། །སུ་ཞིག་གི་ཞེ་ན། བདེ་གཤེགས་ཉིད་ཀྱི་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་བདེ་བར་གཤེགས་པའི་བདག་ཉིད་ཡིན་པས་ན་བདེ་གཤེགས་ཉིད་ཀྱི་ཞེས་བྱ་སྟེ། དེའི་ཐུགས་ཀྱི་ངོ་བོ་

ཉིད་ཡིན་པའམ། ཡང་ན་དེའི་སྲས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ཡང་། ཡན་ལག་ཡན་ལག་ལས་བྱུང་ཞིང་། །སྙིང་ལས་ཀྱང་ནི་ཁྱོད་སྐྱེས་པས། །བུ་ཡི་མིང་ནི་བདག་ཉིད་དེ། །ཁྱོད་ནི་སྟོན་བརྒྱར་འཚོ་བར་ཤོག །ཅེས་རིག་ལས་ཇི་སྐད་བཤད་པ་ལྟ་བུ་སྟེ། །དེ་བས་ན་བདེ་གཤེགས་ཉིད་

ཅེས་བཤད་པ་ཡིན་ནོ། །དེ་བཞིན་ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་དུ་གཙོ་བའི་ཕྱག་རྒྱ་ཇི་ལྟར་བྲིས་པ་དེ་བཞིན་དུ་འདིར་ཡང་བྱ་བར་སྟོན་པའོ། །དཀྱིལ་འཁོར་གཉིས་བར་ཡང་ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ལ་ལྟོས་ན། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གཉིས་པར་

འགྱུར་བས་ན་དཀྱིལ་འཁོར་གཉིས་པ་དེར་རོ། །ཕྱག་རྒྱ་དེ་རྣམས་ཀྱི་མིང་ཇི་སྐད་དུ་བྱ་བ་ཡིན་ཞེ་ན།སངས་རྒྱས་དབང་བསྐུར་བྲི་བར་བྱ། །ཞེས་བྱ་བ་སྟེ། སངས་རྒྱས་ནི་འོད་དཔག་ཏུ་མེད་པ་དབང་བསྐུར་བའི་གནས་ནི་གནས་གང་ཡིན་པ་དེ་ལ་ནི་སངས་རྒྱས་དབང་བསྐུར་བ་ཞེས་བཤད་དོ།

เล่ม ๕๖ · หน้า 46a

དེ་མེད་ན་ཡང་དེ་ཇི་ལྟ་བུ་ཞེ་ན། གཙུག་ཕུད་དབུས་སུ་ཆུ་སྐྱེས་ཆེ། །ཞེས་བྱ་བ་གསུངས་ཏེ། སྤྱན་རས་གཟིགས་དབང་ཕྱུག་གི་རལ་པའི་ཐོར་ཚུགས་བྲིས་ལ། དེའི་དབུས་སུ་འོད་དཔག་ཏུ་མེད་པའི་གདན་པདྨ་བྲིའོ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་ཆུ་སྐྱེས་ཆེན་

པོའི་སྟེ་ཕྱིའི་དཀྱིལ་འཁོར་གཉིས་པའིའོ། །ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞི་ཆར་དུ་ཡང་ངོ་། །ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་ལ་ལྟག་འོག་ཅེས་སྨོས་པས་ནི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་ཏོ། །གོ་རིམས་ཇི་བཞིན་དུ་ཞེས་བྱ་བ་ནི་རིམ་བཞིན་པའི་

རྣམ་པ་སྟེ། གོ་རིམས་གང་དང་གང་གིས་དཀྱིལ་འཁོར་གདོན་པར་མཛད་པ་དེ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱ་བའོ། །པདྨོའི་མཚན་མ་དང་བཅས་པས་ན་པདྨོའི་མཚན་མ་དང་ལྡན་པའོ། །དམ་ཚིག་མཆོག་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། མཆོག་ནི་དབང་བསྐུར་བའི་

དཀྱིལ་འཁོར་གྱི་ནང་དུ་ཆུད་པ་ཉིད་དུ་དགོད་ཅིང་བྲི་བར་བྱ་བའོ། །འདིར་ཡང་རིག་པ་དང་པོ་ནི་བདག་པོའི་གནས་ཀྱི་ཡིན་ཏེ། ལྷག་མ་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་གསུམ་པ་སྟེ། དེའི་དབུས་སུ་ཞེས་བྱ་བ་ནི་དེའི་

དབུས་མའི་དཀྱིལ་འཁོར་དུའོ། །པདྨོ་བཟང་མོ་ཡིན་པས་ན་པདྨོ་མཛེས་པ་པདྨོ་མཛེས་པའི་གདན་དེ་ལ་ཅི་ཞིག་བྲི་བར་བྱ་ཞེ་ན། པདྨ་ཞེས་བྱ་བ་གསུངས་ཏེ་འཇིག་རྟེན་དབང་ཕྱུག་གི་གནས་སུ་སྤྱན་བྲི་བར་བྱའོ། །འཇམ་དཔལ་གྱི་གནས་སུ་རལ་གྲི། །རྡོ་རྗེ་རྒྱུའི་གནས་སུ་ཕྱག་རྒྱ་བཞི།

རིག་པ་ལས་ཇི་སྐད་བཤད་པ་བཞིན་དུ་བྲི་བར་བྱ་སྟེ་པདྨ་གཅིག་བྲིས་ལ། དེའི་འདབ་མ་བཞི་ལ་པདྨ་དང་། དུང་དང་། འཁོར་ལོ་དང་། དབྱིག་པ་ཞེས་བྱ་བ་དགོད་པར་བྱའོ། །རྡོ་རྗེ་རྒྱལ་པོའི་གནས་སུ་ཡང་སྣ་ཚོགས་པའི་རིག་པ་ལས་འབྱུང་བའི་ཕྱག་རྒྱ་བཞི་འདི་བཞིན་དུ་བྲི་བར་བྱའོ། །

རྡོ་རྗེ་སྨྲ་བའི་གནས་སུ་ནི་ལྕེའོ། །པདྨོའི་དབུས་སུ་པདྨོ་བྲི། །ཞེས་བྱ་བ་ལ། གདོན་མི་ཟ་བར་གྲུབ་པའི་གནས་སུ་པདྨ་བྲིས་ལ་དེའི་དབུས་སུ་འབར་བའི་ཕྲེང་བ་ཀུན་དུ་འཁྲིགས་པས་བསྐོར་བའི་པདྨ་བྲིའོ། །གར་གྱི་དབང་ཕྱུག་གི་གནས་སུ་ལག་པ་གཉིས་གར་བྱེད་པར་བྲིའོ། །དེ་

เล่ม ๕๖ · หน้า 46b

ནས་གོ་ཆ་དང་མཆེ་བ་དང་ཁུ་ཚུར་བྲི་བར་བྱའོ། །སྒེག་མོ་ལ་སོགས་པ་ཡང་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་གར་གྱི་ལག་པ་གཉིས་བྲི་བར་བྱའོ། །བདུག་པ་ལ་སོགས་པ་རྣམས་ཀྱི་སྤོས་སྣོད་དང་། མེ་ཏོག་གི་ཟ་མ་ཏོག་དང་། མར་མེའི་སྡོང་བུ་

དང་། དྲིའི་སྣོད་རྣམས་བྲི་བར་བྱའོ། །སངས་རྒྱས་མཆོད་པ་ཞེས་གཙོ་བོར་སྨོས་སུ་ཟིན་ཀྱང་། སྒེག་མོ་ལ་སོགས་པ་ནི་འདིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་མཆོད་པ་བྱེད་པར་བལྟ་བར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཐམས་ཅད་ཀྱང་པདྨ་ལ་གནས་ཤིང་པདྨས་མཚན་

པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །བཙུད་དེ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོ་ག་འགྲོ་བ་འདུལ་བ་ལས་རས་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རས་རྐྱང་པས་གདོང་གཡོགས་ནས་དཀྱིལ་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱིས་གསང་བ་འདི་སུ་ལ་ཡང་མ་

སྨྲ་ཤིག་ཅེས་བྱ་བ་ནི་གསང་བ་སྤེལ་བར་མི་བྱའོ་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་སྔགས་ཀྱི་རྒྱུད་རྣམས་གསང་བ་ཉིད་སྟོབས་ཅན་ཡིན་པའི་ཕྱིར་རོ། །ཁྱོད་སེམས་ཅན་དམྱལ་བར་ལྟུང་ད་རེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསང་བ་སྤེལ་བ་དགག་པ་མཛད་པ་སྟེ་དེ་ལས་འདས་པར་གྱུར་

ན། འདི་ནས་ཤི་འཕོས་ནས་དམྱལ་བར་ལྟུང་བ་དང་། ཚེ་འདི་ཉིད་ལ་ཡང་ཁམས་མི་མཉམ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་མྱང་བར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །དང་པོར་མནའི་སྙིང་པོ་བྱིན་ལ་དེའི་འོག་ཏུ་བཅུག་སྟེ། ཁྱོད་ཀྱི་མིག་ལམ་དུ་ཅི་ཞིག་སྣང་ཞེས་དྲི་བར་བྱའོ། །

བརླབ་པོ་ཞེས་བྱ་བ་ནི་སྣང་བ་དང་རྗེས་སུ་མཐུན་པར་དེ་ལ་དངོས་གྲུབ་ཀྱི་ལུང་སྦྱིན་པར་བྱ་སྟེ། ཁྱོད་ཀྱི་ཆེ་གེ་མོ་ཞེས་བྱ་བ་འགྲུབ་པར་སྣང་གི་འདི་ལ་ཁྱོད་ཀྱིས་མངོན་པར་བརྩོན་པར་བྱའི། །གཞན་དུ་མ་ཡིན་ནོ་ཞེས་འདི་ཙམ་གྱི་ཚིག་ལ་བསྒོ་བ་ནི་བསླབ་པ་ཡིན་ནོ། །དེ་ལྟར་དེའི་དངོས་

གྲུབ་ཤེས་པར་བྱས་ནས་ཇི་ལྟ་བ་བཞིན་དུ་གདོང་གཡོགས་པ་བཀྲོལ་ཏེ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །ཞེས་བྱ་བ་ལ་སོགས་པས་སོ། །སྣོད་ཇི་ལྟ་བ་བཞིན་དུ་ཡེ་ཤེས་བསྐྱེད་དེ་ཞེས་བྱ་བ་ནི་དངོས་གྲུབ་དང་རྗེས་སུ་མཐུན་པའི་རྣལ་འབྱོར་གྱི་གནས་རྣམས་ཏེ། རྡོ་རྗེ་དབྱིངས་ལས་

เล่ม ๕๖ · หน้า 47a

དོན་གྲུབ་པ་དང་། རྫུ་འཕྲུལ་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ལ་སོགས་ཇི་སྐད་བཤད་པ་རྣམས་སོ། །ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ། །ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱིངས་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་

དུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་ལས་ཇི་སྐད་བཤད་པ་དང་། འོག་ནས་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ལ་ཡང་སྣོད་ཇི་ལྟ་བ་བཞིན་དུ་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་སྟེ། ཁྱོད་ཀྱི་མིག་ལམ་དུ་ཇི་ལྟར་སྣང་ཞེས་བྱ་བ་ལ་སོགས་པ་སྔ་མ་

བཞིན་དུ་དྲིས་ལ། གང་གིས་ཇི་ལྟར་མཐོང་བ་དེ་དེ་ལྟ་བུའི་དངོས་གྲུབ་ཀྱི་སྣོད་ཡིན་ནོ། །ཕྱག་རྒྱའི་ཡེ་ཤེས་བསླབ་པ་ཞེས་བྱ་བ་ལ་ཕྱག་རྒྱ་སྟེ། ཕལ་ཆེར་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་ལ་བྱའོ། །ལ་ལར་ནི་མིག་གི་

ཕྱག་རྒྱ་དང་། སོ་དང་མཆུའི་ཕྱག་རྒྱ་རྣམས་ཀྱང་གཟུང་བར་བྱ་སྟེ། དེ་རྣམས་ཀྱི་ཡེ་ཤེས་བསླབ་པར་བྱ་ཞིང་། ཡང་དག་པར་ལུང་སྦྱིན་པར་བྱའོ། །བརྟག་པར་བྱའོ་ཞེས་བྱ་བ་ནི་མིག་ལམ་དུ་སྣང་བའི་མཚན་ཉིད་ལས་སྐལ་བ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ། སྣོད་ཇི་ལྟ་བ་བཞིན་དུ་ཡེ་

ཤེས་བསྐྱེད་པར་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ད་ནི། སྤྱན་རས་གཟིགས་དབང་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། །སྤྱན་རས་གཟིགས་དབང་ཞེས་བྱ་བ་ནི་སྤྱིའོ། །སེམས་དཔའ་ཆེ་ནི་འཁོར་ལོས་སྒྱུར་བའོ། །ཇི་ལྟ་བུ་ཞེ་ན། སྣ་ཚོགས་གཟུགས་སུ་

ཞེས་བྱ་བ་སྟེ། གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ལ་གནས་པའོ། །བདག་ཅེས་བྱ་བ་ནི་བདག་ཉིད་དོ། །བདག་ཀྱང་གལ་ཏེ་གཞན་ལ་ཕན་པར་འདོད་པས་དེ་ལྟར་བསྒོམ་མོ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་ཞེ་ན། རང་ཉིད་བསྒོམས་ནས་ཕྱག་རྒྱ་ཆེན་པོ་ཡི། །ཞེས་

བྱ་བའོ། །ཕྱག་རྒྱ་ཆེན་པོ་དེ་ལྟར་བསྒོམས་པས་ཅི་ཞིག་འཐོབ་ཅེ་ན། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་སྟེ། མཆོག་གི་དངོས་གྲུབ་ནི་འཇིག་རྟེན་ལས་འདས་པ་ཐོབ་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཕྱག་རྒྱ་ཆེན་པོ་སྨོས་པས་ནི་ཕྱག་རྒྱ་བཞི་ཆར་ཡང་ཡིན་མོད་ཀྱི། ཕྱག་རྒྱ་

เล่ม ๕๖ · หน้า 47b

ཆེན་པོ་གཙོ་བོར་བསྟན་པའི་ཕྱིར་ཏེ། རིགས་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་ན། ཕྱག་རྒྱ་ཆེན་པོ་དེ་གཙོ་བོར་གྱུར་པས་འདིར་གནས་པར་བྱ་དགོས་པའི་ཕྱིར་རོ། །ད་ནི། སངས་རྒྱས་དབང་གི་དམ་ཚིག་ནི། །ཞེས་བྱ་བ་ལ་སོགས་སངས་རྒྱས་དབང་གི་གནས་ཀྱི་དངོས་གྲུབ་སྟོན་ཏེ།

སངས་རྒྱས་དེ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་བ་གང་ཡིན་པ་དེ་ནི་སངས་རྒྱས་དབང་གིའོ། །དམ་ཚིག་ཅེས་སྨོས་པ་ནི་ཕྱག་རྒྱ་བཞིའི་རྣལ་འབྱོར་ཡང་ཡིན་མོད་ཀྱི། རིན་པོ་ཆེའི་རིགས་ནི་དབང་བསྐུར་བའི་དམ་ཚིག་དང་འབྲེལ་བས་ན་གཙོར་བསྟན་པའི་ཕྱིར་དམ་ཚིག་ཅེས་སྨོས་

པ་ཡིན་ནོ། །མཉམ་པར་གཞག་པས་ཞེས་བྱ་བ་འདི་ནི་འདི་སྐད་སྟོན་ཏེ། མཉམ་པར་འཇོག་པ་ལ་གནས་པ་ཉིད་འགྲུབ་པར་འགྱུར་གྱི། གཡེངས་པ་ནི་མ་ཡིན་ནོ་ཞེས་པའོ། །བརྟན་བྱས་ཏེ་ཞེས་བྱ་བ་ནི་ཤིན་ཏུ་བསྒོམས་པ་བྱས་པའོ། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི། །དེ་ལྟར་ཏིང་

ངེ་འཛིན་ལ་གནས་པ་ཡང་བདག་རང་ཉིད་ཀྱིས་མངོན་པར་འདོད་པའི་ལྷའི་གཟུགས་སུ་བསྒོམས་པས་སོ། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཚན་ཉིད་ཅན་གྱི་དངོས་གྲུབ་འཐོབ་པར་འགྱུར་བའོ། །ད་ནི། པདྨོ་པདྨོ་སེམས་

དཔའ་ཆེར། །ཞེས་བྱ་བ་ལ་སོགས་པས་འོད་དཔག་ཏུ་མེད་པའི་གནས་ཀྱི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་དངོས་གྲུབ་སྟོན་ཏེ། པདྨོ་ལ་པདྨོ་ཡོད་པས་པདྨོའི་པདྨོ་སྟེ། ཚངས་པའི་པདྨོ་ལ་འཇིག་རྟེན་དབང་ཕྱུག་གི་གདན་གྱི་པདྨོ་ནི་པདྨོའི་པདྨོའོ། །སེམས་དཔའ་ཆེ་ནི་འཇིག་རྟེན་དབང་

ཕྱུག་གོ། །བདག་རང་ཉིད་ཅེས་བྱ་བ་ནི་འཇིག་རྟེན་པའི་སྤྱིའི་ཚིག་གིས་བདག་ཅེས་བྱ་བ་ནི་བྱེད་པ་པོའི་ཚུལ་ལ་ཟེར་ལ་རང་ཉིད་ཅེས་བྱ་བ་འདིས་ནི་བདག་ཉིད་ཅེས་བྱ་བའི་ཚུལ་དུ་བསྟན་པ་ཡིན་ནོ། །བསྒོམས་པ་ནི་གོམས་པར་བྱ་བའོ། །ཅི་ལྟར་རུང་བ་བསྒོམས་པས་ཀྱང་ཐོབ་པར་

འགྱུར་རམ་ཞེ་ན། སྨྲས་པ་མ་ཡིན་ཏེ། མཉམ་པར་གཞག་ཅེས་གསུངས་སོ། །དེ་ལྟར་བསྒོམས་པས་ཅི་ཞིག་ཐོབ་ཅེ་ན། དམ་པའི་དངོས་གྲུབ་ཅེས་བྱ་བ་གསུངས་སོ། །འོག་ནས་བཤད་པའི་སྙིང་པོས་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་སྟོན་ལ། ཆོས་ཀྱི་ཏིང་ངེ་འཛིན་ཅེས་བྱ་བ་

เล่ม ๕๖ · หน้า 48a

འདིས་ནི་དངོས་གྲུབ་ནི་ཆོས་བསྒོམས་པ་ལ་རག་ལུས་པར་སྟོན་ཏོ། །ད་ནི་རང་བྱུང་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་རིགས་ཀྱི་དངོས་གྲུབ་སྟོན་ཏེ། རང་བྱུང་ཞེས་བྱ་བ་འདི་ཕྱག་རྒྱ་བཞི་ཆར་དུ་ཡོད་དུ་ཟིན་ཀྱང་། རང་བྱུང་ཞེས་པ་འདིས་དབུས་ན་བཞུགས་

པའི་ལྷ་དེ་དང་འབྲེལ་པའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །གདོན་མི་ཟ་བར་གྲུབ་པ་སྟོན་པ་ཡང་ཡིན་ལ། འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་ཡང་བཞུགས་པས་ན་གདོན་མི་ཟ་བའི་དབང་ཕྱུག་ཅེས་བྱ་སྟེ། གདོན་མི་ཟ་བའི་དབང་ཕྱུག་ཅེས་བྱ་བ་ནི་བར་གྱི་ཚིག་མི་མངོན་པར་

བྱས་པ་ཡིན་ནོ། །དེའི་རང་བཞིན་ནི་དེའི་ངོ་བོ་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་རིགས་དང་འབྲེལ་པས་ན་ལས་ཀྱི་ཕྱག་རྒྱ་གཙོ་བོར་བསྟན་པ་ཡིན་ཏེ། གདོན་མི་ཟ་བའི་དབང་ཕྱུག་དེའི་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱའོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཆོ་ག་བཞིན་དུའོ། །འདིར་ཆོ་ག་གང་ཞིག་ཡིན་ཞེ་

ན། རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་དམ་ཚིག་ལ་སོགས་པ་ཐོབ་ནས་ཕྲ་མོ་བསྒོམ་པ་གོམས་པར་བྱ་ཞིང་། སྔོན་དུ་བསྙེན་པ་ཟླ་བའམ། ཟླ་བ་བཞིའམ། ལོ་གཅིག་གི་བར་དུ་དུས་བཞིར་བྱས་ནས། མཐར་མཚན་ཐོག་ཐག་བསྒོམ་པར་བྱ་བ་འདི་ནི་ཆོ་གའོ། །དེ་ལྟར་ན་ཆོ་ག་འདིས་བསྒྲུབས་

ན། དངོས་གྲུབ་ཐོབ་པར་འགྱུར་རོ། །དུས་ཇི་སྲིད་གཅིག་གིས་ཤེ་ན། མྱུར་དུ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དངོས་གྲུབ་དམ་པ་ཡང་ལོ་གཅིག་གིས་འཐོབ་པའི་ཕྱིར་རོ། །ཇི་ལྟ་བུའི་དངོས་གྲུབ་འཐོབ་ཅེ་ན། མཆོག་ཅེས་བྱ་བ་གསུངས་ཏེ་དམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དངོས་

གྲུབ་མཆོག་བསྟན་ནས། ད་ནི། ཁའི་ནང་དུ་དབྱིག་བཅུག་སྟེ། །ཞེས་བྱ་བ་ལ་སོགས་པ་དོན་གྱི་དངོས་གྲུབ་སྟོན་ཏེ། དབྱིག་ནི་པ་ནེ་ལ་སོགས་པ་དཔེ་ལས་བླུགས་པ་སྟེ། དེ་ཁར་བཅུག་ནས་བསྒོམ་པར་བྱའོ། །སྣ་ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི་སྣ་ཚོགས་དབང་ཕྱུག་ནི་གཟུགས་

ཐམས་ཅད་པའི་ཏིང་ངེ་འཛིན་ལ་གནས་པའི་འཇིག་རྟེན་དབང་ཕྱུག་སྟེ། དེའི་ཕྱག་རྒྱ་ཆེན་པོའོ། །བདག་ཉིད་ཉིད་ཀྱིས་ཞེས་བྱ་བ་འདི་ནི་འཇིག་རྟེན་པའི་ཚིག་ཡིན་ཏེ། དཔེར་ན་འགའ་ཞིག་ཁྱོད་བདག་རང་ཉིད་འོངས་སམ་ཞེས་ཟེར་བ་ལྟ་བུའོ། །བསྒོམས་ན་ཞེས་བྱ་བ་ནི་གོམས་པར་བྱ་བའོ། །

เล่ม ๕๖ · หน้า 48b

གཅིག་ཏུ་གྱུར་པས་སྟོང་དུ་འགྱུར། །ཞེས་བྱ་བ་ནི་དབྱིག་གཅིག་ལས་ཀྱང་སྟོང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི། གསེར་སྲང་བརྒྱད་ཆ་བླངས་ནས་ནི། །ཞེས་བྱ་བ་ལ་སོགས་པས་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་དངོས་གྲུབ་སྟོན་ཏེ། གསེར་སྲང་གཅིག་ནི་འོལ་མ་སེ་སུམ་ཅུ་རྩ་གཉིས་

སོ། །ད་ནི། དམ་ཚིག་མཆོག་ནི་རབ་བརྟན་པར། །ཞེས་བྱ་བ་སྟེ། དམ་ཚིག་མཆོག་ནི་ཕྱག་རྒྱའི་བར་དུ་མི་འཆོར་བར་བརྟན་པར་བཟུང་སྟེ་བསྒོམ་པར་བྱའོ། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྒོམ་པའོ། །གཅིག་ཏུ་གྱུར་ལས་སྟོང་དུ་འགྱུར། །

ཞེས་བྱ་བ་ནི་སྟོང་འགྱུར་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི། མུ་ཏིག་འབྲས་བུ་ཁར་བཅུག་ལ། །ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་རིགས་ཀྱི་སྒོ་ནས་དངོས་གྲུབ་སྟོན་ཏེ། འདི་ནི་གོ་སླའོ། །དེ་ནས་གཞན་ཡང་། ལས་ཀྱི་ཕྱག་རྒྱ་ལག་གཉིས་ཀྱིས། །ཞེས་བྱ་བ་ལ་སོགས་པས་

ལས་ཀྱི་རིགས་ཀྱི་སྒོ་ནས་སྟོན་ཏེ། ལས་ཀྱི་རིགས་ནི་རིགས་ཐམས་ཅད་ལ་དབང་བྱེད་པས་རིན་ཆེན་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། རིན་ཆེན་ཐམས་ཅད་ཅེས་བྱ་བ་ནི་གང་སྙེད་པ་གཟུང་ངོ་། །ཇི་ལྟར་གཟུང་ཞེ་ན། ལས་ཀྱི་ཕྱག་རྒྱ་རྣམས། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་གཞན་ཡང་། སྣ་

ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ་སོགས་པས་རྗེས་སུ་དགའ་བར་བྱ་བའི་ཡེ་ཤེས་སྟོན་ཏེ། སྣ་ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི། །ཞེས་བྱ་བ་ལ་སྣ་ཚོགས་གཟུགས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་འཇིག་རྟེན་དབང་ཕྱུག་གི་སྐུའི་ཕྱག་རྒྱར་བདག་

ཉིད་བསྒོམ་པའོ། །པདྨོ་བླངས་ཏེ་མདུན་གནས་པ། །ཞེས་བྱ་བ་ནི་འདི་དགའ་བར་བྱེད་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་པདྨ་དམར་པོ་ལ་བྱའི་པདྨ་དཀར་པོ་ནི་མ་ཡིན་ནོ། །གང་ཡིན་དེས་ནི་དེ་མགུར་བྱེད། །ཅེས་བྱ་བ་ནི་དེ་རྗེས་སུ་ཆགས་པར་འགྱུར་བའོ། །ད་ནི། དམ་ཚིག་ཆེན་པོའི་

ཕྱག་རྒྱ་ཡིས། །ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེའི་རིགས་ཀྱི་དབང་དུ་བྱས་ནས་སྟོན་ཏེ། དེ་གང་གིས་གཟུང་ཞེ་ན། དམ་ཚིག་ཆེན་པོའི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱར་

เล่ม ๕๖ · หน้า 49a

གསུངས་སོ། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི། །ཞེས་བྱ་བ་ནི།རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་འཇིག་རྟེན་དབང་ཕྱུག་གི་གཟུགས་གང་ཡིན་པ་དེ་བསྒོམས་ན་ཞེས་བྱ་བའོ། །བུད་མེད་ཐམས་ཅད་དགའ་བར་འགྱུར། །ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་ནི་བུད་མེད་དོ། །

བདག་ཉིད་ཉིད་ཀྱིས་བསྒོམས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་རིགས་ཀྱི་ཉེ་བར་བསྟན་པར་མཛད་པའོ། །ཇི་ལྟ་བ་དེ་ལྟར་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའམ། གཞན་དུ་བདག་གིས་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བདག་རང་ཉིད་བསྒོམ་ཞིང་རྡོ་རྗེ་བལྟ་བས་ལྟ་བའོ། །རྡོ་རྗེ་ལྟ་བས་

བལྟས་ཞེས་བྱ་བ་ནི་ཀུན་དུ་ཆགས་པའི་དགའ་བས་མིག་རབ་ཏུ་གདངས་པ་དེས་བལྟས་ན་འཇིག་རྟེན་ཐམས་ཅད་ཆགས་པར་འགྱུར་རོ། །གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེའི་ཡང་ཚུལ་གྱིས་ཞེས་བྱ་བ་ལག་པ་མི་འཇིགས་པའི་རྣམ་པས་སོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་བྱིན་

གྱིས་བརླབ་པ་དང་དབང་བསྐུར་བ་དང་། རྡོ་རྗེ་ཕྲ་མོ་བསྒོམ་པ་ལ་སོགས་པའོ། །ལག་པ་གཉིས་ཀྱིས་བསྐོར་ན་ནི། །ཞེས་བྱ་བ་ནི་རྡོ་རྗེ་གར་གྱི་ཚུལ་གྱིས་བསྐོར་བ་སྟེ། དང་པོ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བཞག་ལ། དེའི་འོག་ཏུ་བསྐོར་བ་སྟེ། འདིས་ཀྱང་ཕྱག་རྒྱའི་བུད་མེད་ཐམས་ཅད་དགའ་

བར་བྱའོ། །དེ་ལྟར་དགའ་བར་བྱ་བའི་དངོས་གྲུབ་བསྟན་ནས། ད་ནི་མ་ལུས་དབང་པོའི་ཞེས་བྱ་བ་ལ་སོགས་པས་མངོན་སྤྱོད་ཀྱི་དངོས་གྲུབ་སྟོན་ཏེ་གང་གི་མདུན་དུ་ཞེས་བྱ་བ་ནི་གང་ལ་དམིགས་ཏེ་ལས་དེ་བྱ་བའི་འོ། །པདྨ་བཅད་ན་ཞེས་བྱ་བ་ནི་སྡོང་བུ་ལས་དཔོག་པ་ནི་བཅད་པའོ། །སྡོང་བུ་མེད་པ་ཞིག་

ཡིན་ན་ནི་གཏུབ་པའོ། །འཆི་འགྱུར་སྐད་ཅིག་གིས་ཞེས་བྱ་བ་ནི་དྲན་པ་མེད་པར་བརྒྱལ་བར་བྱས་པའོ། །པདྨ་བརྟན་བཟུང་ཡང་དག་པར། །ཞེས་བྱ་བ་ནི་མི་འཁྲུལ་པར་བྱ་བའི་ཕྱིར་བརྟན་པར་གཟུང་བའོ། །ཡང་དག་པར་ཞེས་བྱ་བ་ནི་ཆོ་ག་སྟེ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཡང་

དག་པར་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་མཆོག་ནི་དེ་ཉིད་ཀྱིས། །ཞེས་བྱ་བ་ནི་གང་གིས་པདྨ་དེ་འཛིན་པ་དེ་ཉིད་ཀྱིས་བཏོགས་པར་བྱ་བའི་དོན་ཏེ། བཏོགས་པ་ནི་བརྡབ་པ་སྟེ་ཟེགས་པར་བྱའོ། །རབ་ཏུ་བརྟན་པ་ནི་ཤིན་ཏུ་ཕྱེ་མར་བརླག་པའོ། །གང་གི་མིང་ཞེས་

เล่ม ๕๖ · หน้า 49b

བྱ་བ་ནི་གང་ལ་དམིགས་ནས་འདི་བྱ་བ་དེའི་མིང་ནས་སྨོས་པའོ། །དེའི་འཇིག་པར་འགྱུར་ཞེས་བྱ་བ་ནི་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཏིང་འཛིན་ཕྱག་རྒྱ་བཅིངས་པ་ལ། །ཞེས་བྱ་བ་ནི་བཅིང་བའོ། །པདྨོ་བཟུང་བ་ཇི་བཞིན་དུ། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། འདིར་ནི་ཡང་ཆོས་ཀྱི་ཕྱག་རྒྱ་

གཙོ་བོར་གཟུང་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱའམ་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་ལ་ནི་འདིར་འབད་དགོས་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །གང་ལ་ཁྲོས་པས་བཏོགས་བྱ་བས། །ཞེས་བྱ་བ་ནི་གང་གི་མིང་ནས་སྨོས་ཏེ་ཁྲོས་ནས་བརྡབ་ཅིང་ཟེགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་

ཡི་སྲོག་ནི་འཇིག་པར་འགྱུར། །ཞེས་བྱ་བ་ནི་སྲོག་དང་འབྲལ་བ་ཞེས་བྱ་བའི་དོན་ཏེ་འཆི་བར་འགྱུར་ཞེས་བྱ་བའི་བར་དུའོ། །འདིར་འཆི་བའི་དབང་དུ་བྱས་པས་ཡིན་མོད་ཀྱི་བརྒྱལ་བར་བྱས་པ་སྟེ་ང་རྒྱལ་ཅན་ཚར་གཅད་པར་བྱ་བའི་ཕྱིར་ལྷ་ཆེན་པོ་དང་འདྲ་བར་འདོད་ན་སླར་ཡང་སྲོག་སྦྱིན་པར་

བྱའོ། །དམ་ཚིག་གི་ཕྱག་རྒྱར་གཏོགས་པའི་ཕྱག་རྒྱ་ཆེན་པོར་བདག་ཉིད་བསྒོམས་པའི་དངོས་གྲུབ་རྣམས་བཤད་ཟིན་ཏོ། །ད་ནི་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་བདག་ཉིད་བསྒོམས་པས་འགྲུབ་པར་འགྱུར་བ་བསྟན་པའི་ཕྱིར་དེ་ནས་ཆོས་ཀྱི་དམ་ཚིག་གི་གསང་བའི་ཕྱག་

རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་བདག་ཉིད་ཕྱག་རྒྱ་ཆེན་པོར་བསྒོམས་པའི་དངོས་གྲུབ་ཀྱི་རྗེས་ཐོགས་ལའོ། །ཆོས་ཞེས་བྱ་བ་ནི་ཆོས་ཀྱི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་གསང་བའི་ཡེ་ཤེས་བཤད་

པའོ། །གསང་བ་ཞེས་བྱ་བ་ནི་གནས་གསང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་གསང་བ་སྟེ་སྦས་པ་གང་ཡིན་པའོ། །དེ་ཡང་སྦས་པ་ནི་ཚིག་གང་། ཚིག་གཞན་པ་ལ་དོན་གཞན་པ་དེ་ལ་འཇིག་རྟེན་ན་སྦས་པ་ཞེས་ཟེར་ཏེ། གསང་བ་དེ་ཉིད་ཀྱི་ཡེ་ཤེས་ཡིན་པས་ན་ཆོས་ཀྱི་དམ་ཚིག་གི་གསང་

བའི་ཕྱག་རྒྱའི་ཡེ་ཤེས་སོ། །པདྨོ་ལ་ནི་བུད་མེད་བསམ། །ཞེས་བྱ་བ་ལ་སོགས་པ་ལ་པདྨ་ནི་སྟན་དུ་གྱུར་པའོ། །བུད་མེད་ནི་ཕྱག་རྒྱ་རྣམས་ཀྱིའོ། །བསམ་ཞེས་བྱ་བ་ནི་སེམས་ཀྱིས་བསྒོམ་པ་སྟེ། ཕྱག་རྒྱའི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་ཡིན་པས་ན་བུད་མེད་ཅེས་བྱ་བ་ནི་འདིར་

เล่ม ๕๖ · หน้า 50a

ཕྱག་རྒྱ་ཡིན་པར་གཟུང་ངོ་། །དེའི་སྟེང་བདག་ཉིད་རྡོ་རྗེར་བསྒྱུར། །ཞེས་བྱ་བ་ནི་སྟན་དུ་གྱུར་པའི་པདྨ་དེའི་སྟེང་དུ་བདག་ཉིད་རྡོ་རྗེ་པདྨར་བསམ་པའོ། །པདྨོ་པད་མཆོག་ཅེས་བྱ་བ་ནི་འགྲོ་བ་འདུལ་བའི་འཇིག་རྟེན་དབང་ཕྱུག་གི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་

གཙོ་བོ་ཡིན་པའི་ཕྱིར་པདྨོ་པད་མཆོག་ཅེས་བྱའོ། །ཡང་ན་རང་གི་དཀྱིལ་འཁོར་གྱི་པདྨས་བསྐོར་བའི་དབུས་ན་གནས་པའི་པདྨོ་ནི་པདྨོ་མཆོག་སྟེ་དེ་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །རྩེ་བྱེད་ཅིང་ཅེས་བྱ་བ་ནི་བསྒོམ་པ་བརྟན་པར་བྱེད་པའོ། །མཉམ་པར་གཞག་ན་དངོས་གྲུབ་འཐོབ། །ཅེས་

བྱ་བ་ནི་ཕྱག་རྒྱ་བསྒོམ་པ་ཡོངས་སུ་རྫོགས་པས་དངོས་གྲུབ་འཐོབ་པར་འགྱུར་བའོ། །པདྨོ་ལ་ནི་བུད་མེད་བསམ། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་རལ་པ་དང་། ཐོར་ཚུགས་ཀྱི་ཕྱག་རྒྱ་ལ་གདན་གྱི་པདྨོ་བསམས་ལ། དེའི་སྟེང་བདག་ཉིད་སངས་རྒྱས་བསྒྱུར། །ཞེས་བྱ་བ་སྟེ། རལ་པའི་ཐོར་

ཚུགས་ཀྱི་དབུ་རྒྱན་གྱི་དབུས་ན་བཞུགས་པའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པར་བདག་ཉིད་རྣམ་པར་བསམ་པའོ། །རྩེ་ཞིང་དབུ་རྒྱན་སངས་རྒྱས་ནི། །ཞེས་བྱ་བ་ནི་བརྟན་པར་བྱ་བ་སྟེ། འདི་ནི་དབུ་རྒྱན་སངས་རྒྱས་ཡིན་པའི་ཕྱིར་དབུ་རྒྱན་སངས་རྒྱས་སོ། །རྣམ་པ་གང་གིས་བརྟན་

པར་བྱ་ཞེ་ན་བསྒོམས་ན་ཞེས་བྱ་བ་གསུངས་སོ། །དེ་ནས་ཅིར་འགྱུར་ཞེ་ན་དེའི་ཕྱིར་དེས་ནི་དེ་འགྲུབ་པོ་ཞེས་བྱ་བས་བསྟན་ཏོ། །པདྨོ་ལ་ནི་བུད་མེད་བསམ། །ཞེས་བྱ་བ་ནི་སྟན་གྱི་པདྨོ་ལ་པདྨོའི་ཕྱག་རྒྱའི་པདྨོའོ། །དེ་སྟེང་པདྨོར་བདག་བསྒྱུར་ཏེ། །ཞེས་བྱ་བ་ནི་སྟན་གྱི་པདྨ་སྐྱེས་པའི་སྟེང་དུ་བདག་

ཉིད་པདྨོའི་ཕྱག་རྒྱའི་གཟུགས་སུ་བསམ་པའོ། །རྩེ་ཞིང་ཞེས་བྱ་བ་ནི་བསྒོམ་པས་བརྟན་པར་བྱ་བའོ། །པདྨོ་པད་མཆོག་ནི་སྔ་མ་དང་འདྲའོ། །དག་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་ལ་དག་པ་སྟེ་བསྒོམ་པ་ཡོངས་སུ་རྫོགས་པས་ཡིད་ལ་འདོད་པའི་དོན་འཐོབ་པར་འགྱུར་རོ་

ཞེས་བྱ་བའི་དོན་ཏོ། །པདྨོ་ལ་ནི་བུད་མེད་བསམ། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་སྟེང་སྣ་ཚོགས་བདག་བསྒྱུར་ཏེ། །ཞེས་བྱ་བ་ནི་འབར་བའི་ཕྲེང་བས་ཀུན་ནས་འཁྲིགས་པའི་པདྨར་བདག་ཉིད་བསམ་པའོ། །རྩེ་ཞིང་ཞེས་བྱ་བ་ནི་བརྟན་པར་བྱ་བའོ། །སྣ་ཚོགས་པདྨ་མཆོག་ཅེས་བྱ་བ་ནི་

เล่ม ๕๖ · หน้า 50b

དཀྱིལ་འཁོར་བཞི་པའི་དབུས་སུ་བྲིས་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་སྣ་ཚོགས་པདྨ་མཆོག་གོ། །སྣ་ཚོགས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་དངོས་གྲུབ་རྣམ་པ་སྣ་ཚོགས་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྣ་ཚོགས་པའི་གཟུགས་ཉིད་ཐོབ་པ་སྟེ། བསྒོམ་པ་ལ་དབང་དུ་གྱུར་

པ་འཐོབ་པས་བདག་ཉིད་གང་གི་གཟུགས་སུ་སྟོན་པར་འདོད་པ་དེའི་གཟུགས་སུ་བདག་དང་འཇིག་རྟེན་པ་རྣམས་ཀྱིས་མཐོང་བར་འགྱུར་བའོ། །དེའི་འོག་ཏུ་གཞན་ཡང་དེ་ནས་པདྨོ་རིགས་ཀྱི་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱའི་མཚན་ཉིད་གསུངས་པ་ཡིན་ཏེ།པདྨོའི་རིགས་ཀྱི་གསང་བའི་

དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་བསླབ་ཅིང་བསྟན་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དཀྱིལ་འཁོར་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་འདིར་ཕྱག་རྒྱ་ཆེན་པོ་ཡིན་ཏེ། དཀྱིལ་འཁོར་འདི་ནི་དེ་རྣམས་ཉིད་

ཀྱི་ཡིན་པའི་ཕྱིར་རོ། །སོར་མོའི་རྩེ་སྤྲད་པདྨོར་བྱ། །ཞེས་བྱ་བ་ལ་ལག་པ་གཉིས་ཀའི་ཐལ་མོའི་སོར་མོ་བར་མ་གསུམ་ཆར་གྱི་རྩེ་གཅིག་ལ་གཅིག་སྤྲད་ལ་ཅུང་ཟད་སྒུར་བར་བྱས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སོར་མོའི་རྩེ་སྤྲད་པའི་པདྨོའི་ཐལ་མོ་ཡིན་པར་ཤེས་

པར་བྱའོ། །རྡོ་རྗེ་ཁྲོ་བོའི་མཛུབ་གཉིས་སྤྲད། །ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྩེ་མོ་གཉིས་སྦྱར་བ་འདི་ནི་རྡོ་རྗེ་སྟེ། ཁྲོ་བོའི་མཛུབ་མོ་སྨོས་པ་ནི་མཛུབ་མོ་ཉེ་བར་མཚོན་པའི་དོན་ཏོ། །ད་ནི་འགྲོ་བ་འདུལ་བའི་གནས་སུ་དཀྱིལ་འཁོར་དང་པོའི་བྱིན་གྱིས་རློབ་པའི་སྔགས་ཀྱི་ཕྱག་རྒྱ་ཡིན་ནོ། །རིན་

ཆེན་འབྱུང་ལྡན་གྱི་གནས་སུ་དེ་དག་ཉིད་ནོར་བུར་བྱའོ། །འོད་དཔག་ཏུ་མེད་པའི་གནས་སུ་ནི་དེ་ཉིད་པདྨར་བྱའོ། །གདོན་མི་ཟ་བར་གྲུབ་པའི་གནས་སུ་དེ་དག་ཉིད་རྡོ་རྗེ་བསྡམས་པའི་ཚུལ་དུ་བྱའོ། །དེ་ལྟར་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་དང་པོ་ལ་ལྔའི་ཕྱག་རྒྱ་བསྟན་ནས། ད་ནི་དགོང་

པར་བྱ་བའི་སྔགས་རྣམས་ཀྱི་ཕྱག་རྒྱ་ནི་སླར་བཟློག་སྟེ་རྣམ་པར་སྣང་མཛད་ཀྱི་གནས་ནས་བརྩམས་ནས་སྟོན་ཏོ། །རྡོ་རྗེ་བཅིངས་པ་བསྡམས་ནས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིང་བའོ། །གུང་མོ་གཉིས་ནི་མྱུ་གུར་བསྒྲེང་། །ཞེས་བྱ་བ་ནི་གུང་མོ་གཉིས་གཤིབས་པར་བྱའོ་

เล่ม ๕๖ · หน้า 51a

ཞེས་བྱ་བའི་དོན་ཏོ། །མཛུབ་མོ་སྲིན་ལག་གཉིས་བཀུག་པའི། །ཞེས་བྱ་བའི་ལག་པ་གཉིས་ཀའི་མཛུབ་མོ་དང་སྲིན་ལག་གཉིས་བཀུག་ལ་ཟླུམ་པོར་བྱ་སྟེ། གུང་མོ་གཉིས་བསྒྲེང་བའི་ངོས་གཉིས་སུ་མཆོད་རྟེན་ལྟ་བུར་བྱ་བ་འདི་ནི་ཤཱཀྱ་ཐུབ་པའི་ཕྱག་རྒྱ་ཡིན་ཏེ་

རྣམ་པར་སྣང་མཛད་ཀྱི་གནས་ཀྱིའོ། །ཆོས་ཀྱི་རྡོ་རྗེ་སྙིང་གར་གཞག །ཅེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མ་ཉིད་ཆོས་ཀྱི་རྡོ་རྗེ་མ་སྟེ། སྙིང་གའི་གནས་སུ་བཅིངས་ན་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ཁ་ཐུར་དུ་བསྟན་ལ་དཔྲལ་བའི་གནས་སུ་བཞག་ན་རིན་ཆེན་རྡོ་རྗེ་མའི་

གནས་ཀྱི་ཕྱག་རྒྱ་ཡིན་ཏེ་བསྒྱུར་ཏེ་དཔྲལ་བར་བཞག་པ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ལས་མཛུབ་མོ་གཉིས་ཐུར་དུ་བཀུག་པ་མཐེ་བོ་གཉིས་དང་རྩེ་སྤྲད་པར་བཞག་ན་ཏིང་ངེ་འཛིན་གྱི་ཚུལ་དུ་འགྱུར་རོ། །དེ་ཉིད་བཀན་ཏེ་སྤྱི་བོར་བཞག་ན་ནི་ཆོས་ཀྱི་རྡོ་རྗེ་མའི་སྟེ་བསྒྱུར་ནས་སྤྱི་བོར་གཞག་པ་ཞེས་བྱའོ། །

ཕྱག་རྒྱ་བཞི་པོ་འདི་དག་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །འདི་དག་ཉིད་ནི་བདག་པོ་བཞིར་འགྱུར་ཏེ། དེ་བས་ན་དེ་རྣམས་ཀྱི་དགོད་པའི་སྔགས་རྣམས་ཀྱི་ཕྱག་རྒྱ་ལོགས་ཤིག་ཏུ་མ་བཤད་དོ། །དེ་ནས་གཞན་ཡང་། རྡོ་རྗེ་དབྱིངས་ཀྱི་དབང་བཅིངས་ལ། །ཞེས་

བྱ་བ་ལ་སོགས་པས་སེམས་དཔའ་ཆེན་པོ་བཅུ་དྲུག་གི་ཕྱག་རྒྱ་སྟོན་ཏེ། མཆོད་རྟེན་པདྨོའི་ཚུལ་དུ་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ་གུང་མོ་གཉིས་པདྨ་ཁ་ཕྱེ་བ་ལྟ་བུར་བྱས་ན་མཆོད་རྟེན་པདྨའི་ཚུལ་དུ་འགྱུར་ཏེ། རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱའོ། །དེ་ལས་

མཐེ་བོ་རྡོ་རྗེ་དང་། །ཞེས་བྱ་བ་ལ་དེ་ལས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་པདྨ་ལྟ་བུའོ། །མཐེ་བོ་རྡོ་རྗེ་དང་ཞེས་བྱ་བ་ནི་མཐེ་བོ་དང་བཅས་པར་བསྒྲེང་ལ་གཞག་པའོ། །མཛུབ་མོའི་སོར་མོ་གཉིས་ལས་ལྕགས་ཀྱུ་དང་རལ་གྲིར་བྱ་སྟེ། གཡས་པས་ནི་ལྕགས་ཀྱུའོ། །

གཡོན་པས་ནི་རལ་གྲིའོ། །གུང་མོ་ནི་སྔ་མ་བཞིན་དུ་པདྨོར་བྱ་བ་སྟེ། འདི་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱའོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ། །མཐེ་བོ་བསྣོལ་ནས་ཀྱང་ཞེས་བྱ་བ་ནི་མཐེ་བོ་གཉིས་སྔ་མ་བཞིན་དུ་གཞག་པའོ། །མཛུབ་མོས་མཛུབ་མོ་རབ་བཟུང་ལ། །ཞེས་བྱ་བ་ནི་

เล่ม ๕๖ · หน้า 51b

མཛུབ་མོ་གཡས་པས་མཛུབ་མོ་གཡོན་པ་བཟུང་ལ་གཞུ་རྒྱུད་འཛིན་པའི་ཚུལ་དུ་བླང་བར་བྱའོ། །དྲངས་ནས་ཞེས་བྱ་བ་ནི་གཡོན་ལོགས་སུ་བསྐོར་བའོ། །རབ་དགའ་ཡིན་པར་བཤད་ཅེས་བྱ་བ་ནི། རྡོ་རྗེ་ཆགས་པའི་ཕྱག་རྒྱའོ། །ཞེས་བྱ་བའི་དོན་ཏོ། །ལེགས་སོ་ཞེས་པའང་དེ་བཞིན་ཏེ། །ཞེས་པ་ནི་ཕྱག་རྒྱ་འདི་

ཉིད་ལས་མཐེ་བོ་དང་མཛུབ་མོ་གཉིས་ཀྱིས་སེ་གོལ་གདབ་པ་གཉིས་བྱས་ན་པདྨ་ལེགས་པའི་ཕྱག་རྒྱར་འགྱུར་རོ། །མཐེ་བོ་གཉིས་བསྙམས་ཏེ། བཅུག་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པར་མཐེ་བོ་གཉིས་བཅུག་པའོ། །མཛུབ་གཉིས་རྩེ་བཀུབ་རྩེ་མོ་ནི། །ཞེས་བྱ་བ་ནི་མཛུབ་གཉིས་གཤིབས་

ཏེ་བཀུག་ལ་མིག་གི་ཚུལ་དུ་བྱས་ནས་དེ་མིག་གསུམ་པའི་གནས་སུ་བཞག་ན་ཁྲོ་གཉེར་ཅན་གྱིར་འགྱུར་རོ། །གུང་མོ་གཉིས་ཀྱང་པདྨའི་འདབ་མ་འདྲ་བར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་སྟེ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་ན་ཉི་མའི་ཕྱག་རྒྱར་འགྱུར་

རོ། །དེ་ཉིད་ལས་ནི་རྒྱལ་མཚན་བཅིང་། །ཞེས་བྱ་བ་ནི་པདྨོའི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་དེ་ལས་དཔུང་པ་གྱེན་དུ་བརྐྱང་ན་རྒྱལ་མཚན་གྱི་ཕྱག་རྒྱར་འགྱུར་རོ། །ལྟག་པར་རབ་ཏུ་བརྐྱང་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་མི་དགྲོལ་བར་སོར་མོ་ཐམས་ཅད་བརྐྱང་ལ་ལྟག་པར་བཞག་ན་མགོ་

བཅུ་གཅིག་པར་འགྱུར་ཏེ། རྡོ་རྗེ་བཞད་མོའི་གནས་ཀྱི་རང་གི་མགོ་དགོད་པ་དང་བཅུ་གཅིག་ཏུ་འགྱུར་རོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཛུབ་གཉིས་རྩེ་མོ་པདྨོར་དགུག །ཅེས་བྱ་བ་ལ་རྡོ་རྗེ་བསྡམས་པའི་མཛུབ་མོའི་རྩེ་མོ་གཉིས་བཤིབས་ལ་ཚིགས་དང་པོ་བཀུག་ནས་པདྨོ་སྒྲོལ་བའི་

ཕྱག་རྒྱར་འགྱུར་རོ། །དེ་བཞིན་པདྨོའི་རལ་གྲི་སྟེ། །ཞེས་བྱ་བ་ནི་པདྨོ་སྒྲོལ་བའི་ཕྱག་རྒྱའོ། །མཛུབ་མོ་པདྨོར་བྱས་པ་སྦྱར། །ཞེས་བྱ་བ་ནི་མཛུབ་མོ་པདྨོ་འདྲ་བར་བྱས་པ་གཤིབས་པ་ཉི་ཚེའི་རལ་གྲིའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །ཞེས་བྱ་བ་དེ་བཅིངས་ལ་མཐེ་བོ་གཡོན་

པ་ནང་དུ་བཅུག་ན་དུང་གི་ཕྱག་རྒྱར་འགྱུར་བའོ། །མཐེ་བོ་མཐོ་བར་བསྒྲེང་ཞེས་བྱ་བ་ནི་གཡས་པའི་མཐེ་བོ་བསྒྲེང་ནས་བཞག་ན་དབྱིག་པའི་ཕྱག་རྒྱར་འགྱུར་རོ། །སོར་མོ་ཀུན་བརྐྱང་པད་མཐེའུ་ཆུང་། །ཞེས་བྱ་བ་ནི་སོར་མོ་ལྷག་མ་རྣམས་རྡོ་རྗེ་བསྡམས་པ་མ་བཀྲོལ་བར་བརྐྱང་བ་ནི་འཁོར་ལོའི་ཕྱག་

เล่ม ๕๖ · หน้า 52a

རྒྱར་འགྱུར་རོ། །མཐེའུ་ཆུང་ནི་པདྨོའི་ཕྱག་རྒྱར་འགྱུར་རོ། །ཕྱག་རྒྱ་འདི་བཞི་ཆར་ཡང་རྡོ་རྗེ་འཁོར་ལོ་གཅིག་པུའི་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱའོ། །ཐམས་ཅད་བཀུག་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་ཚུལ་དུ་བཞག་པ་ཞེས་བྱ་བའི་དོན་ཏོ། །མཐེའུ་

ཆུང་པདྨ་ལྟ་བུར་བྱ། །ཞེས་བྱ་བ་ནི་མཐེའུ་ཆུང་གཉིས་པདྨའི་འདབ་མ་ལྟ་བུར་བྱ་བའོ། །མཛུབ་མོས་ནོར་བུ་བགྲང་བར་བྱ། །ཞེས་བྱ་བ་ནི་མཛུབ་མོའི་རྩེ་མོས་སྔགས་ཀྱི་ནོར་བུ་བགྲང་བའོ། །མཛུབ་མོས་ཇི་ལྟར་བགྲང་ཞེ་ན། མཐེ་བོ་གཡས་དང་སྦྱོར་བ་ཡི། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་

རྡོ་རྗེ་བསྡམས་པའི་མཐེའུ་ཆུང་གཉིས་པདྨའི་འདབ་མའི་ཚུལ་དུ་བཞག་ལ་གཡོན་པའི་མཐེ་བོ་བསྐྱེད་ནས་གཡས་པའི་མཐེ་བོ་དང་མཛུབ་མོ་གཉིས་ཀྱི་སྔགས་ཀྱི་ནོར་བུ་བགྲང་བའི་ཚུལ་དུ་བསྟན་པར་བྱ་སྟེ་འདི་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེའུ་

ཆུང་པདྨ་ལྟ་བུར་བྱ། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །མཛུབ་མོ་བསྙམས་པ་པདྨའི་སྤྱན། །ཞེས་བྱ་བ་ནི་མཛུབ་མོ་གཉིས་སྦྱར་ལ་སྤྱན་གྱི་ཚུལ་དུ་ཅུང་ཟད་བཀུག་པའོ། །རབ་ཏུ་གར་བྱེད་ཅེས་བྱ་བ་ནི་གཡས་དང་གཡོན་ནས་སྒེག་པ་དང་བཅས་པར་དབབ་པའོ། །བཟློག་པར་བྱ་ཞེས་བྱ་བ་ནི་བཟློག་པ་

སྟེ་ཁ་ཐུར་དུ་བསྟན་ནས་སྤྱན་གསུམ་པའི་གནས་སུ་གཏད་ན་པདྨ་གར་གྱི་དབང་ཕྱུག་གི་སྤྱན་གསུམ་པའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །མཛུབ་མོ་གཉིས་བཀུག་སྟེ་ཞེས་བྱ་བ་ནི་མཛུབ་མོ་གཉིས་བཀུག་ལ་མཐེ་བོ་བརྐྱང་པའི་རྩེ་མོ་གཉིས་མཛུབ་

མོ་བཀུག་པས་བཙིར་བའོ། །གོ་ཆར་བྱ་ཞེས་བྱ་བ་ནི་གོ་ཆའི་ཕྱག་རྒྱར་བྱས་པར་གྱུར་པའོ། །དེ་ལས་ཞེས་པ་ནི་བཤད་མ་ཐག་པ་སྟེ་མཐེ་བོ་གཉིས་མཆེ་བའི་ཚུལ་དུ་ངོས་གཉིས་ཀ་ནས་བརྐྱང་ན་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱར་འགྱུར་རོ། །མཐེ་བོ་གཉིས་ནང་གཞུག་པར་བྱ། །ཞེས་བྱ་བ་ནི་རྡོ་

རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཉིད་ཀྱི་མཐེ་བོ་གཉིས་ནང་དུ་བཅུག་ན་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱར་འགྱུར་རོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་བྱ་ནི་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་བྱ་བའོ། །དམ་ཚིག་མཆོག་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །བླ་ན་མེད་ཅེས་བྱ་བ་ནི་ཁྱད་པར་དུ་

เล่ม ๕๖ · หน้า 52b

འཕགས་པའོ། །རྡོ་རྗེ་ནང་དུ་བསྡམས་ནས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའོ། །མཛུབ་གཉིས་པདྨོ་འདྲ་བྱས་ལ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་པདྨའི་འདབ་མ་ལྟ་བུར་བྱས་པའོ། །མཐེ་བོ་ཕན་ཚུན་བསྣོལ་བ་ནི། །ཞེས་བྱ་བ་ནི་མཐེ་བོ་གཉིས་སྐྱིལ་མོ་ཀྲུང་གི་

ཚུལ་དུ་བཞག་པའོ། །གསང་བའི་སྣ་ཚོགས་དབང་དུ་བཤད། །ཅེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་སྣ་ཚོགས་གཟུགས་ཅན་དུ་གསང་བའི་དཀྱིལ་འཁོར་ན་བཞུགས་པའི་ཕྱག་རྒྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྡོ་རྗེ་བསྡམས་པ་ལས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་

པ་ལས་མཐེའུ་ཆུང་གཉིས་དང་གུང་མོ་གཉིས་སྦྱར་བ་པདྨའི་འདབ་མ་ལྟར་བྱས་པའོ། །མཐེབ་ངོས་རྡོ་རྗེར་སྦྱར་བ་ནི། །ཞེས་བྱ་བ་ནི་མཐེ་བོ་གཉིས་བསྒྲེང་སྟེ་བཞག་ན་གཙུག་ཕུད་ཀྱི་དབུས་ཀྱི་དེ་བཞིན་གཤེགས་པར་འགྱུར་ཏེ་སྔ་མ་ནི་གཙུག་ཕུད་ལ་མཐེ་བོ་ནི་དེ་བཞིན་གཤེགས་པའོ། །

དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་དེ་ཉིད་ལས་མཐེ་བོ་གཉིས་པདྨའི་འདབ་མའི་ཚུལ་དུ་བཅིང་བར་བྱའོ། །ཁ་ནས་དབྱུང་ལྟར་བྱས་ནས་ཀྱང་། །ཞེས་བྱ་བ་ནི་ཁའི་ཕྱོགས་ནས་གྱེན་དུ་དྲང་བའོ། །དེ་ནས་ཇི་ལྟར་བྱ་ཞེ་ན། པང་དུ་ཏིང་ངེ་འཛིན་ལྟར་གཞག །ཅེས་བྱ་

བ་གསུངས་ཏེ། པང་པར་སྐྱིལ་མོ་ཀྲུང་བཅས་པའི་སྐེད་དུ་ཏིང་ངེ་འཛིན་གྱི་ཚུལ་གྱིས་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ཉིད་དོ། །སོར་མོ་ཀུན་གྱི་ངོས་རྣམས་ནི། །མཉམ་པར་དམ་དུ་བསྙམས་ནས་ཀྱང་། །ཞེས་བྱ་བ་ནི་

སོར་མོ་ཐམས་ཅད་ཀྱི་ལྟོ་རྡོ་རྗེ་བསྡམས་པའི་ནང་དུ་གཅིག་ལ་གཅིག་འབྱར་བར་བྱ་བའོ། །མཛུབ་གཉིས་རྡོ་རྗེར་བསྙམས་པའོ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་སྦྱར་ནས་རྡོ་རྗེར་བྱ་བ་སྟེ། འདི་དག་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་བཞི་པོ་འདི་དག་ནི་བདག་པོ་བཞིའི་

གནས་སུ་ཤེས་པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །མཛུབ་གཉིས་པདྨོ་འདྲ་བྱས་ལ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་པདྨའི་འདབ་མ་ལྟར་སྦྱར་བའོ། །མཐེ་བོ་གཉིས་ཀྱང་བསྣོལ་ནས་ནི། །ཞེས་བྱ་བ་ནི་མཐེ་བོ་སྐྱིལ་མོ་ཀྲུང་གི་ཚུལ་དུ་གཞག་པའོ། །གུང་མོ་གཉིས་ནི་རྩེ་སྤྲད་

เล่ม ๕๖ · หน้า 53a

དགུག །ཅེས་བྱ་བ་ནི་གུང་མོ་གཉིས་པདྨའི་འདབ་མ་ལྟ་བུར་སྦྱར་བ་ནི། གུང་མོ་གཉིས་ནི་རྩེ་སྤྲད་དགུག །ཅེས་བྱ་སྟེ། རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བྱས་པའོ། །

མཐེབ་གཉིས་རྡོ་རྗེར་རབ་སྦྱར་ལ། །ཞེས་བྱ་བ་འདི་ནི་མཐེ་བོ་གཉིས་ཀ་བསྒྲེང་བ་དང་བཅས་པའོ། །མཛུབ་མོ་རལ་གྲི་ལྕགས་ཀྱུར་བྱ། །ཞེས་བྱ་བ་ནི་གཡས་པས་རལ་གྲི་གཡོན་གྱི་ལྕགས་ཀྱུའོ། །མཐེའུ་ཆུང་པདྨོ་འདྲར་བྱས་ཏེ། །ཞེས་བྱ་བ་ནི་མཐེའུ་ཆུང་གཉིས་པདྨའི་འདབ་མ་འདྲ་

བར་བྱ་བ་སྟེ། འདི་ནི་རྡོ་རྗེ་རྒྱལ་པོའི་གནས་སུའོ། །དེ་བཞིན་དུ་ནི་བསྒྱུར་ནས་ཀྱང་། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་གཡོན་ལོགས་སུ་བསྒྱུར་བར་བྱ་བའོ། །མཛུབ་མོ་གཡོན་པ་ཞེས་བྱ་བ་ལ་སོགས་པ་ལ་མཛུབ་མོ་དང་། མཐེ་བོ་བཟུང་བ་ནི་མཛུབ་མོ་གཡས་པ་བསྒྲེང་

བས་གཡོན་པའི་མཐེ་བོ་དང་མཛུབ་མོ་དམ་དུ་བཟུང་ལ་དྲང་བ་འདི་ནི་རྡོ་རྗེ་ཆགས་པ་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱའོ། །མཉམ་བྱས་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་སྦྱོར་བ་བཏང་བའོ། །མཛུབ་མོ་གཉིས་བཀུག་ལ་མཐེ་བོ་མནན་པ་ནི་ཞེས་བྱ་བ་ནི།

མཛུབ་མོ་དང་མཐེ་བོ་གཉིས་སེ་གོལ་གཏོགས་ན་ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར་ཏེ་པདྨོ་དགྱེས་པའི་ཕྱག་རྒྱའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའོ། །སོར་མོ་ཀུན་གྱི་ངོས་སྦྱར་ལ། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པའི་ནང་དུ་སོར་

མོ་ཐམས་ཅད་ཀྱི་རྩེ་མོ་གཅིག་ཏུ་སྦྱར་བའོ། །མཐེ་བོ་གཉིས་ཀྱིས་མནན་ནས་ནི། །ཞེས་བྱ་བ་ནི། མཐེ་བོ་གཉིས་ཀྱི་ལྟོས་སོར་མོ་ལྷག་མ་རྣམས་ཀྱི་རྩེ་མོ་ངོས་གཉི་གར་མནན་པའོ། །མཛུབ་མོ་མཉམ་པར་སྦྱར་བའོ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་གཤིབས་ལ་དབང་བསྐུར་

བའི་གནས་སུ་བཞག་པ་ནི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྟེ། སྙིང་གར་གཡས་ནས་བསྐོར་ན་རྡོ་རྗེ་ཉི་མའི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ལས་སྤྱི་བོར་ལག་ངར་བརྐྱང་ན་རྡོ་རྗེ་དཔལ་གྱི་གནས་ཀྱི་པདྨོའི་རྒྱལ་མཚན་གྱི་ཕྱག་རྒྱར་འགྱུར་རོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด