དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན

ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๕๖ · หน้า 1b

༄༅༅། །དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་བརྙེས་པ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བླ་ན་མེད་པ་མཛད་པར་

བསྟན་ནས། རྣམ་པར་རྒྱལ་བ་རྣམས་ཀྱི་གནས་རྣམ་པར་དགོད་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །རྣམ་པར་རྒྱལ་བར་མཛད་

པའི་ས་གསུམ་གྱི་སྐྱེ་བོ་རྣམ་པར་གཞག་པའི་ནང་ན། ལྷ་ཆེན་པོ་ནི་མཆོག་ཡིན་ལ་དེ་ཡང་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ནས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱི་འོག་ནས་སྲོག་གི་དབང་པོ་དང་བྲལ་བར་གནས་ཏེ། དེ་བས་

ན་དེ་ལས་ཐར་བར་བྱ་བའི་ཕྱིར་ཡང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་གསོལ་བ་གདབ་པའི་ཕྱིར། སྔར་འདུས་

པ་མཛད་པ་ཡིན་ལ་དེ་ལ་ལྟོས་པས་ན་ཡང་ཞེས་གསུངས་སོ། །མཁྱེན་བཞིན་དུ་ཞེས་བྱ་བ་ནི་འདི་ནི་མ་ཤི་བ་དང་། བདག་ཅག་གིས་བསྐུལ་ན། གདོན་མི་ཟ་བར་གཏོང་ངོ་ཞེས་དེ་ལྟར་མཁྱེན་བཞིན་དུ། བྱང་ཆུབ་

เล่ม ๕๖ · หน้า 2a

སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཉོན་ཅིག་ཅེས་གསུངས་སོ། །མཉན་པར་བྱ་བའི་བཀའ་དེ་ཡང་གང་ཡིན་ཞེ་ན་དབང་ཕྱུག་ཆེན་པོའི་ལུས་

འདི་ཁྱོད་ཀྱི་རྐང་པའི་འོག་ནས་གཏང་བར་བྱོས་ཞེས་བྱ་བ་འདི་ནི་མཉན་པར་བྱ་བའི་བཀའ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་བཅོམ་

ལྡན་འདས་ཀྱིས་མ་རུངས་པ་ཐམས་ཅད་གདུལ་བའི་ཁྲོ་བོར་དབང་བསྐུར་ནས། དེ་བདག་གིས་བཀུམ་ལགས་ན། ཇི་ལྟར་བདག་གིས་དེ་གཏང་བར་བགྱི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་

ཐམས་ཅད་ཀྱིས་དབང་ཕྱུག་ཆེན་པོའི་ལུས་དེ་གསོ་བའི་ཕྱིར། ཤི་བའི་རྣམ་པར་ཤེས་པ་དགུག་པའི་སྙིང་པོ་འདི་བཀའ་སྩལ་ཏོ། །ཤི་བ་ཞེས་བྱ་བ་ནི་བརྒྱལ་བ་ལ་བྱ་སྟེ། དེའི་རྣམ་པར་ཤེས་པ་གཉིད་ཀྱིས་ལོག་པའི་འདུ་ཤེས་ཀྱིས་ཡུལ་གཞན་

དང་། འགྲོ་བ་གཞན་དང་། ཕྱོགས་གཞན་དུ་རྨི་ལམ་ཞེས་བྱ་བའི་སྣང་བ་བསྐྱེད་དོ། །གཉིད་ལོག་པ་དེ་རྨི་ལམ་དུ་སད་པར་བྱེད་པའི་རྐྱེན་མཐོང་བ་གང་ཡིན་པ་དེ་རྣམ་པར་ཤེས་པ་དེའི་སྔོན་གྱི་གཞི་ལས་སྐྱེས་པའི་རྒྱུ་བྱེད་པ་ལ་ནི་སད་པར་བྱེད་པ་ཞེས་

เล่ม ๕๖ · หน้า 2b

བྱ་སྟེ། དཔེར་ན་སྐྱེས་བུ་དུག་གིས་ཟིན་པའི་ལུས་ནི་གཡོ་བ་མེད་ཅིང་གཉིད་སྟུག་པོས་ནོན་པ་དང་འདྲ་བར་གནས་སོ། །དེའི་རྣམ་པར་ཤེས་པ་དེ་ཡང་བརྒྱལ་བར་གྱུར་ཅིང་། མུན་ནག་ཐིབས་པོས་བཀབ་པ་བཞིན་དུ་འདུ་ཤེས་མེད་པར་གནས་སོ། །མུན་ནག་གི་གནས་ལྟ་བུ་དུག་གིས་མྱོས་པ་དེ་སྔགས་པ་

འགའ་ཞིག་གིས་བསལ་བར་བྱས་པ་དང་། དེས་དེའི་བརྒྱལ་བ་བསལ་བས་རྣམ་པར་ཤེས་པ་དེའི་མུན་ནག་སེལ་བར་བྱེད་པ་ཞེས་བྱའོ། །ལུས་དེར་འདུ་ཤེས་གསལ་བ་བསྐྱེད་པའི་ཕྱིར་རྣམ་པར་ཤེས་པ་འཇུག་པའོ་ཞེས་ཀྱང་བྱའོ། །དེ་བཞིན་དུ་འདིར་ཡང་དབང་ཕྱུག་ཆེན་པོའི་ལུས་དུག་དང་གཉིད་ཀྱིས་ནོན་པ་

བཞིན་དུ་བརྒྱལ་བར་གནས་ལ་དེའི་རྣམ་པར་ཤེས་པ་དེ་ཡང་རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་ལ་མཉམ་པར་གཞག་པའི་མཐུས། འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པ་ཞེས་བྱ་བར་རྨི་ལམ་གྱི་རྣམ་པར་ཤེས་པ་ལྟར་འགྲོ་བ་གཞན་དང་། ཡུལ་གཞན་དུ་བདག་གི་ལུས་ཕྱིན་པ་སྙམ་དུ་སེམས་

སོ། །དེ་བཞིན་དུ་ཐལ་བས་ཁེབས་པའི་འཇིག་རྟེན་གྱི་ཁམས་དེར་བདག་ཉིད་སངས་རྒྱས་པར་སྣང་བར་རྨི་ལམ་ལྟར་སེམས་སོ། །དེ་ནས་སྙིང་པོ་འདིས་རྨི་ལམ་ལྟ་བུའི་རྣམ་པར་ཤེས་པ་ཞེས་གང་བཤད་པ་རྣལ་འབྱོར་བསྒོམས་པས་འཕངས་ཏེ་ཤི་བར་བཏགས་པ་གཉིད་ཀྱིས་ལོག་པ་དང་འདྲ་བའི་རྣམ་

པར་ཤེས་པ་གང་ཡིན་པ་དེ། དེ་བཞིན་གཤེགས་པ་སྙམ་དུ་སྣང་བ་སྐྱེ་བ་ལས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱི་འོག་ནས་ཕྱུང་ཞིང་། རྣལ་འབྱོར་པའི་བྱིན་གྱི་རླབས་བསྡུས་པ་དང་། གཉིད་ལོག་པ་ལས་སད་པ་དང་འདྲ་བར། སླར་ཡང་དབང་ཕྱུག་ཆེན་པོའི་ལུས་རྣམ་པར་སྨིན་པ་ལས་སྐྱེས་པའི་

གཟུགས་བདག་ཉིད་ཡིན་ནོ་སྙམ་པའི་སོ་སོར་སྣང་བ་སྐྱེས་ཏེ། དེ་ལྟ་བུ་འདི་ལ་ནི་ཤི་བའི་རྣམ་པར་ཤེས་པ་འགུགས་པ་ཞེས་བྱའོ། །དེ་ནས་འདིའི་ཕྱག་རྒྱ་བཅིངས་པ་བཤད་དེ། གསང་བའི་ལྕགས་ཀྱུ་བསྡམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། གསང་བའི་ལྕགས་ཀྱུ་ནི་རྡོ་རྗེ་བསྡམས་པ་ནང་དུ་

བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་གཟུང་ངོ་། །དེ་ལྟར་བཅིངས་ནས། མཐའ་མ་མཉམ་དུ་བརྐྱངས་ནས་ནི། །ཞེས་བྱ་བ་ལ་མཐེའུ་ཆུང་གཉིས་མཉམ་དུ་བརྐྱང་བར་བྱའོ། །ཤི་བའི་མགོ་བོར་བཞག་ན་ནི། །ཞེས་བྱ་བ་ནི་བརྒྱལ་བའི་སྤྱི་བོར་བཞག་ལ། སྔགས་པས་ཡིད་ཀྱིས་སེམས་ཅན་

เล่ม ๕๖ · หน้า 3a

རྐྱེན་གང་གིས་བརྒྱལ་བར་འགྱུར་བ་དེ་དང་རྗེས་སུ་མཐུན་པའི་གཉེན་པོ་བསལ་བར་བྱ་སྟེ། ཞབས་ཀྱི་མཐིལ་གཉིས་ཀྱི་ཟླ་བའི་བླ་མའི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་ལས་བྱུང་བའི་བདུད་རྩིའི་ཆུས་དབང་བསྐུར་ཞིང་། སེམས་ཅན་དེའི་ཆ་བྱད་ཇི་ལྟ་བུ་ཡིན་པ་དེ་ལྟ་བུའི་ཆ་བྱད་དུ་གཤིན་རྗེའི་

ཡུལ་ནས་ཕྱག་རྒྱ་འདིས་དྲངས་ཏེ་སྤྱི་བོར་བཞག་ལ་སྤྱི་བོ་ནས་ལུས་ཀྱི་ཡན་ལག་ཐམས་ཅད་དུ་གཞུག་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱང་སོར་ཆུད་པས་རྩོལ་བ་དང་བཅས་པ་དང་། གཡོ་བ་དང་བཅས་པར་གྱུར་པའམ། དེའི་ལུས་ཀྱི་ནང་དུ་བཅུག་མ་ཐག་ཏུ་ལངས་ཏེ་འདུག་གམ། བགྲེང་བར་བསམས་ལ་ལྕེ་

ལ་རྡོ་རྗེ་བསམས་ན་ལངས་པའམ་སྨྲ་བར་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་མན་ངག་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྔགས་དང་། ཕྱག་རྒྱ་མཛད་པ་དང་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཇིག་རྟེན་གྱི་ཁམས་དེ་དག་ནས་བྱོན་ཏེ། དེའི་ལུས་ཀྱི་ནང་དུ་ཞུགས་པར་གྱུར་ནས་ཆེད་དུ་བརྗོད་པ་

འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་ཡིན་ཞེ་ན། སངས་རྒྱས་ཡེ་ཤེས་བླ་ན་མེད། །ཅེས་བྱ་བ་སྟེ། ཤིན་ཏུ་ཁྱད་པར་དུ་འཕགས་པའོ། །སངས་རྒྱས་ཀྱི་ཡེ་ཤེས་འདིར་ཅིའི་ཕྱིར་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཤི་བའི་ལུས་འདི་ཡང་། །འཚོ་བའི་ཁམས་སུ་གྱུར་པ་

ཡིན། །ཞེས་བྱ་བའོ། །དེ་ལྟར་འཚོ་བར་མཛད་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྐང་པ་འདེགས་པ་ཞེས་བྱ་བའི་སྙིང་པོ་འདི་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པས་ལུས་དེ་ལ་འཚོ་བའི་ཁམས་དང་ལྡན་པར་མཛད་ཅིང་། དབང་པོ་ཉམས་པ་མེད་པ། རྣམ་པར་ཤེས་པ་སྐྱེ་བར་འོས་པར་མཛད་ནས་རྐང་པ་བཏེག་

པ་ཞེས་བྱ་བའི་སྙིང་པོ་གསུངས་པ་ཡིན་ནོ། །འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་ཁྲོ་བོའི་མཛུབ་ལེགས་པར། ཟུར་སྤྲད་བསྡམས་ཏེ་བཞག་ན་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོ་གཉིས་ཀྱི་མཛུབ་མོ་གཉིས་གཅིག་ལ་གཅིག་ཟུར་སྤྲད་ལ་བརྟན་པོར་བྱས་ལ་བཟློག་སྟེ། དེ་ནས་རྡོ་རྗེ་ཞེས་བྱ་བ་ལ་ལྟུང་བ་བཟློག་པའི་

རྡོ་རྗེ་འོག་ཏུ་སོང་བས་དབྱུང་བར་བྱ་བའི་དངོས་པོ་བཟུང་ལ། སྙིང་པོ་འདིས་སླར་གདེག་ཅིང་། ཕྱག་རྒྱ་གྱེན་ལ་བསྟན་ཏེ་དགྲོལ་བར་བྱའོ། །འདི་གསུངས་མ་ཐག་ཏུ་ཞེས་བྱ་བ་ནི་རྐང་པ་འདེགས་པའི་ཕྱག་རྒྱའི་སྦྱོར་བས་རྡོ་རྗེ་འཛིན་པ་ཆེན་པོའི་ཞབས་ཀྱི་འོག་ནས་ལྷ་ཆེན་པོ་ཐར་པར་རང་གིས་ཤེས་པར་གྱུར་ཏོ། །དེ་ནས་

เล่ม ๕๖ · หน้า 3b

ཞེས་བྱ་བ་ནི་གནས་སྐབས་སོ། །དབང་ཕྱུག་ཆེན་པོའི་ལུས་དེ་དེ་བཞིན་གཤེགས་པ་དེས་ཞེས་བྱ་བ་ནི་ཐལ་བའི་དབང་པོའི་དབྱངས་ཀྱིས་སོ། །སོས་པར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་ཚེ་དང་དྲོད་དང་རྣམ་པར་ཤེས་པ་དང་ལྡན་པར་བྱས་པའོ། །འདི་སྐད་སྟོན་ཏེ། རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་

གྱི་མཐུས་གང་ཐལ་བས་ཁེབས་པའི་འཇིག་རྟེན་གྱི་ཁམས་སུ་ཐལ་བའི་དབང་པོའི་དབྱངས་ཡིན་ནོ་སྙམ་དུ་སྣང་བ་སྐྱེས་པ་མྱོང་བའི་རྣམ་པར་ཤེས་པ་དེ་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྣལ་འབྱོར་བསྒོམས་པས་འཕངས་པའི་ཞབས་བཏེག་པ་དེས། རྣམ་པར་སྨིན་པའི་ལུས་ཀྱི་དབང་པོ་རྣམ་པར་ཤེས་པ་དང་ལྡན་

པར་མཛད་པའོ། །འཇིག་རྟེན་གྱི་ཁམས་འདིར་ནི་ཞེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་རྒྱལ་ཚབ་ཏུ་བཞག་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དང་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་རོ། །མ་རུངས་པ་ཐམས་ཅད་གདུལ་བའི་ཕྱིར་ཞེས་བྱ་བ་ནི་མ་

རུངས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར་དྲག་པོ་ཞེས་ཀྱང་བཤད་དོ། །ཉིད་ཀྱི་རྒྱལ་ཚབ་ཏུ་བཅུག་གོ་ཞེས་བྱ་བ་ལ། རྒྱལ་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྟེ། ལྷ་ཆེན་པོ་ནི་དེའི་རྒྱལ་ཚབ་པོ། །གཞན་ཡང་རང་གི་རིགས་ཀྱི་མཚན་མ་དེ་སྤྱི་བོར་གཞག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་

ཉིད་ཀྱི་ཞབས་ཀྱི་མཐིལ་ནས་ཟླ་བའི་བླ་མ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་བྱང་ཆུབ་སེམས་ཀྱི་ཕྱག་རྒྱ་བྱུང་ངོ་། །དེ་ནས་འདིའི་ཕྱག་རྒྱ་བཅིངས་པ་བཤད་དེ། ལྷ་ཆེན་པོའི་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་པ་དེ་བརླན་པ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་མནན་པའི་ཕྱོགས་གང་

དུ་ཕྱག་རྒྱ་དང་རིག་པར་བཅས་ཏེ་བཞག་པ་གང་ཡིན་པའོ། །ཕྱག་རྒྱ་འདིའི་མཚན་ཉིད་ནི་གསལ་བ་ཉིད་ཡིན་ནོ། །དེ་ནས་འདི་བྱུང་མ་ཐག་ཏུ་ཞེས་པ་ནི་རིག་པའོ། །ཞབས་ཀྱི་མཐིལ་དེ་ལས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་ལས་སོ། །ཟླ་བའི་བླ་མ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གང་གིས་བྱང་ཆུབ་

ཀྱི་སེམས་བསྒོམ་པའི་སྒོ་ཉིད་ནས་ཡོན་ཏན་ཐམས་ཅད་བསྡུས་པ་འདི་ནི་ཟླ་བའི་བླ་མ་དེ་བཞིན་གཤེགས་པ་དེ། ཟླ་བའི་དཀྱིལ་འཁོར་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་གཙོ་བོར་གྱུར་པའི་ཕྱིར་རོ། །ཕྱག་ན་རྡོ་རྗེ་ཡང་སེམས་ཅན་རྣམས་གདུལ་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་

เล่ม ๕๖ · หน้า 4a

ཧཱུཾ་མཛད་ཀྱི་སྐུར་བཞུགས་ཏེ། སྐུ་དེ་ཡང་སངས་རྒྱས་རྣམས་ཀྱི་རྡུལ་ཕྲ་རབ་བསགས་པའི་ངོ་བོ་ཉིད་དོ། །དེ་བས་ན་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་ནས། དེ་བཞིན་གཤེགས་པ་ཇི་ལྟར་བྱུང་ཞེས་རྣམ་པར་རྟོག་པ་མི་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་

བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཇི་སྐད་དུ་བཤད་པའི་ཚུལ་གྱིས། ལྷ་ཆེན་པོའི་ལུས་ལ་འཚོ་བའི་དབང་པོ་བྱིན་ཞིང་ཞབས་ཀྱི་འོག་ནས་ཀྱང་བཏང་སྟེ། ཟླ་བའི་བླ་མ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱས་ཀྱང་དབང་བསྐུར་རོ། །སྔར་ནི་སྟོབས་ཀྱིས་གཅེར་བུར་ཕྱུང་སྟེ་དཀྱིལ་འཁོར་དུ་བཅུག་པ་ཡིན་གྱི། ད་ལྟར་ནི་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེའི་གྲོགས་སུ་དབང་བསྐུར་བ་ཡིན་ནོ། །ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་ལ་རེག་པས་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པས་ན་བྱང་ཆུབ་སེམས་དཔའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་བྱེད་པར་བསྐོས་པས་ན་སེམས་དཔའ་ཆེན་པོའོ། །མདུང་རྩེ་དེས་ཞེས་བྱ་

བ་ནི་རྡོ་རྗེས་མཚན་པའི་མདུང་རྩེས་སོ། །ང་རྒྱལ་དང་ཁེངས་པ་དང་དྲེགས་པ་དང་བྲལ་ཞིང་ཡང་དག་པའི་ལམ་རྙེད་པར་དཀའ་བར་འགྱུར་བའི་ཕྱིར་མགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་ཞེས་བྱ་བ་མདུང་གི་ཡུ་བ་བསྐོར་བའི་ཚུལ་གྱིས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་དེ་བཞིན་གཤེགས་པ་ཐམས་ཅད་ལ་གར་གྱི་མཆོད་

པས་མཆོད་པ་བྱས་ནས་འོག་ནས་བཤད་པའི་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སུ་ཞིག་གི་ངོ་མཚར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། བྱང་ཆུབ་སེམས་ནི་བླ་ན་མེད། །ཅེས་བྱ་བའོ། །ཇི་ལྟར་ངོ་མཚར་དུ་གྱུར་

པ་ཡིན་ཞེ་ན། གང་གི་ཕྱིར། ཞབས་མཆོག་གིས་ནི་གང་རེག་པའམ། །སངས་རྒྱས་ཉིད་དུ་གྲུབ་པ་འཐོབ། །ཅེས་བྱ་བའོ། །འདི་སྐད་སྟོན་ཏེ་དཔལ་རྡོ་རྗེ་འཛིན་པའི་ཞབས་ཀྱི་མཐིལ་གྱིས་རེག་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་རྣམས་སྐྱེས་ཤིང་། ཐལ་བའི་དབང་པོའི་དབྱིངས་ཀྱི་སངས་རྒྱས་སུ་

འགྱུར་ཏེ། རང་གི་སངས་རྒྱས་ཀྱི་ཞིང་རང་ལ་སྣང་བའི་གནས་སྐབས་ཆེད་དུ་བརྗོད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་ལྕང་ལོ་ཅན་ན་གནས་པའོ། །རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་དེ་ལས་ལངས་ནས་ཞེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གནས་པའོ། །གང་གི་

เล่ม ๕๖ · หน้า 4b

ཞེ་ན། དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་ཏེ། དེའི་ནང་དུ་ཞུགས་ཤིང་དེ་ལ་བབས་ནས་དེས་འདི་དག་ཐམས་ཅད་མཛད་དོ། །ད་ནི་ཁྲོ་བོའི་ཏིང་ངེ་འཛིན་ལས་ལྡང་བའི་ཚེ། བཅོམ་ལྡན་འདས་དེ་ནས་བྱུང་ཞིང་དེའི་བབས་པ་དང་ཡང་བྲལ་བར་གྱུར་ཏོ། །བབས་པ་དང་བྲལ་

ནས། བཅོམ་ལྡན་འདས་ཀྱི་ཐད་དུ་བཀའ་ནོད་ཅིང་གནས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གི་སུག་པར་རྡོ་རྗེ་སྩལ་ཏེ། ཕྱག་ན་རྡོ་རྗེ་ཉིད་དུ་དབང་བསྐུར་བས་ཞེས་བྱ་བ་སྟེ་དཀྱིལ་འཁོར་བརྟག་པ་ལ་ངེས་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ལྷ་ལ་སོགས་པའི་ཕྱི་

རོལ་གྱི་རྡོ་རྗེའི་རིགས་དེ་རྣམས་ཞེས་བྱ་བ་ནི་ལྷ་ཆེན་པོ་ལ་སོགས་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདི་ལ་ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་གཙོ་བོ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོགས་པའི་རྗེས་ལ་ཞེས་བྱ་བའི་དོན་

ཏོ། །གནས་པའི་རིམ་པ་བགྱིས་ནས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་རྣམ་པར་དགོད་པར་བགྱིའོ་ཞེས་བྱ་བའི་དོན་ཏོ། །གང་གིས་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལ་འཇུག་པའོ། །སེམས་ཅན་དེ་རྣམས་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱིས་ཡང་དག་པར་བསྡུས་པ་རྣམས་སོ། །ཕྱིར་མི་

ལྡོག་པར་བགྱིའོ་ཞེས་བྱ་བ་ནི་ལྡོག་པ་མེད་པར་བགྱིའོ་ཞེས་པའོ། །གང་ལས་ཤེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སྐྱེས་སོ། །དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གནང་བར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གནང་བའི་ཚུལ་དུ་སེམས་དཔའ་གཙུག་ཏོར་

གསུངས་པ་ཡིན་ནོ། །དེ་ནས་འདི་གསུངས་མ་ཐག་ཏུ་ཞེས་བྱ་བ་ནི་བཀའ་སྩལ་མ་ཐག་ཏུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམས་ལས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་འོད་ཟེར་རྣམ་པ་སྣ་ཚོགས་སུ་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ལས་བྱུང་ཞིང་

འཇིག་རྟེན་གྱི་ཁམས་དུ་མ་སྣང་བར་བྱས་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་རང་གི་སྤྱི་བོ་ཉིད་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་ཚུལ་དུ་འཕུངས་ནས་འཁོད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ལྟ་བུ་ཕུང་པོར་གྱུར་ནས་གནས་པའོ། །དེ་ནས་

เล่ม ๕๖ · หน้า 5a

གཟི་བརྗིད་ཕུང་པོ་དེ་ལས་ཞེས་བྱ་བ་ནི་གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་སྟེ། རྡོ་རྗེ་འཛིན་པའི་སྤྱི་བོར་གནས་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གནང་བའི་ཚུལ་ལྟ་བུ་ནི་སྔགས་གཉིས་པའོ། །སྔགས་དེ་གཉིས་ཀ་ཡང་རྣམ་པར་སྣང་མཛད་ཀྱི་

གནས་ཀྱི་ཡིན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་ནི་ངེས་པར་གནོད་མཛེས་རྡོ་རྗེ་སྟེ་དེའི་ཐུགས་ཀར་རོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་རྡོ་རྗེ་སྙིང་པོ་འཁོར་ལོ་ལ་བརྟེན་ཏེ་བཞུགས་པའོ། །བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནི་རྡོ་རྗེ་སྤྱན་པདྨ་ལ་བརྟེན་ཏེ་བཞུགས་པའོ། །བཅོམ་ལྡན་

འདས་ཀྱི་གཡོན་ལོགས་སུ་ནི་རྡོ་རྗེ་སྣ་ཚོགས་པདྨ་ལ་བརྟེན་ཏེ་བཞུགས་པའོ། །ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་ན་རྡོ་རྗེ་རིག་པ་མཆོག་ཞབས་ལ་ཕྱག་འཚལ་བའི་ཚུལ་དུ་གནས་པའོ། །དེ་ལྟར་བྱས་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དུ་གསུམ་འཇོག་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དང་། དེའི་ཐུགས་ཀར་འདོད་པའི་

རྒྱལ་པོ་དང་། ཞབས་ཀྱི་དྲུང་ན་རྡོ་རྗེ་རིག་པ་མཆོག་གོ། །དད་པའི་སེམས་ཀྱིས་རྡོ་རྗེ་འཛིན་པའི་ཞབས་ལ་འདུད་པའི་ཕྱིར་རྡོ་རྗེ་རིག་པ་མཆོག་ཅེས་བཤད་དོ། །རང་གི་མཐུ་སྟོན་པའི་ཕྱིར་རྡོ་རྗེ་ཁྲོ་བོ་ཞེས་ཀྱང་བཤད་དོ། །བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་ཞབས་ལ་ཕྱག་འབུལ་བའོ། །

ཡང་རང་གི་རང་བཞིན་བསྟན་པའི་ཕྱིར་སྙིང་པོ་འདི་གསུངས་པ་ཡིན་ནོ། །རིམ་པ་གཉིས་པའི་ཤར་ཕྱོགས་ཀྱི་དཀྱིལ་འཁོར་གང་ཡིན་པ་དེའི་དབུས་སུ་རྡོ་རྗེ་བཞག་ལ། རྒྱལ་པོ་བཞིའི་དཀྱིལ་འཁོར་བྱ་སྟེ། དགོད་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་སྒོའི་ཐད་ཀའི་དཀྱིལ་འཁོར་གང་ཡིན་པ་དེའི་དབུས་སུ་བྲི་བའི་རྡོ་རྗེ་

བཞག་ལ་རྡོ་རྗེ་འཁྱིལ་པ་ལ་སོགས་པ་ཁྲོ་བོ་བཞི་དང་། ཚོགས་ཀྱི་བདག་པོ་རྣམས་གཉིས་པ་ཉིད་དུ་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་སྒོའི་ཐད་ཀའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཉིད་བཞག་ལ། རྡོ་རྗེ་གཏུམ་པོ་ལ་སོགས་པ་ཕོ་ཉ་བཞི་རིམ་བཞིན་བྲི་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་ཀྱི་སྒོའི་ཐད་ཀའི་དཀྱིལ་འཁོར་གྱི་དབུས་སུ་

རྡོ་རྗེ་བཞག་ལ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བྲན་བཞི་རིམ་བཞིན་དུ་བྲི་བར་བྱའོ། །ཤར་གྱི་སྒོ་ནས་བརྩམས་ཏེ་སྒོ་བཞིར་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་རིམ་བཞིན་དུ་དགོད་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་པས་ན་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ།

เล่ม ๕๖ · หน้า 5b

འཇིག་རྟེན་གསུམ་གྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བཤད་དོ་ཞེས་བྱ་བ་ནི་གསུངས་པའོ། །ཇི་ལྟ་བུ་ཞེ་ན། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །ཞེས་བྱ་བའོ། །ཇི་ལྟར་ཐིག་གདབ་པར་བྱ་ཞེ་ན། དེའི་ཕྱིར། ཆོས་ཀྱི་དཀྱིལ་འཁོར་འདྲ་བ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་

བྱ་བ་སྟེ། ཆོས་ཀྱི་འཁོར་ལོ་འདྲ་བ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་དང་མཚུངས་པའོ། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་ཕྱི་དང་ནང་དུ་བཅས་པར་ཞེས་བྱ་བའི་དོན་ཏོ། །ད་ནི་ཐིག་གདབ་པའི་ཆོ་ག་བསྟན་པའི་ཕྱིར། དཀྱིལ་འཁོར་གྱི་ནི་དབུས་སུ་ཡང་། །སེང་ལྡེང་ཕུར་པ་བཏབ་ནས་ནི། །ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། བགེགས་དང་ལོག་འདྲེན་ཐམས་ཅད་འདོད་པའི་རྒྱལ་པོས་བཀུག་ལ། དཀྱིལ་འཁོར་གྱི་དབུས་སུ་སེང་ལྡེང་གི་ཕུར་པ་གདབ་པར་བྱའོ། །སེང་ལྡེང་ཕུར་པ་བཏབ་ནས་ནི། །ཞེས་བྱ་བ་ཉིད་ནི་བགེགས་ཐམས་ཅད་གཞིག་པའི་ཕྱིར་དང་། དཀྱིལ་འཁོར་ཡང་དག་པར་གནས་ཤིང་

རྣམ་པར་དག་པར་བྱ་བའི་ཕྱིར་གཟུགས་པ་ཡིན་ནོ། །སྲད་བུ་ཉིས་རིམ་དུ་བྱས་ནས་ཞེས་བྱ་བ་ནི་དབྱིབས་རྣམ་པར་དག་པར་བྱ་བའི་ཕྱིར་སྲད་བུ་ཕུར་བུ་ལ་དཀྲིས་ཏེ་ནང་གི་དཀྱིལ་འཁོར་སྦྱོང་བར་བྱའོ། །སྲད་བུ་བཞི་དང་ལྡན་པ་དང་། །ཞེས་བྱ་བ་ནི་ཟླུམ་པོར་བྱས་ནས་ཕྱོགས་དང་མཚམས་རྣམས་སུ་སྲད་བུ་བྲེ་བར་བྱའོ། །

དེ་ཡི་ཕྱི་རོལ་བྱུང་ནས་ནི། །ཞེས་བྱ་བ་ནི་རིམ་པ་གཉིས་པར་རོ། །ཉིས་འགྱུར་དུ་ཞེས་བྱ་བ་ནི་སྲད་བུའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་རིམ་པ་དང་པོའི་ཚད་ཇི་ཙམ་ཡིན་པ། རིམ་པ་གཉིས་པའི་ཚད་ཀྱང་དེ་ཙམ་དུ་བྱའོ་ཞེས་པའོ། །རིམ་པ་དང་པོའི་རི་མོ་བྲིས་པ་ནས་བསྡོགས་ཏེ་ཕུར་པ་ལ་ཐུག་གི་བར་དེ་ལྟ་བུས་ནི་སྲད་བུ་ཉིས་འགྱུར་

དུ་འགྱུར་རོ། །དེ་ཡང་རིམ་པ་གསུམ་དུའོ། །ཞེས་བྱ་བ་ནི་རིམ་པ་གསུམ་པ་ཡང་རིམ་པ་དང་པོའི་ཚད་ཙམ་ཁོ་ནར་བྱའོ། །རིམ་པ་དེ་གསུམ་གྱིས་ནི་དང་པོའི་སྲད་བུ་སུམ་བལྟབ་ཏུ་བྱས་པ་ཡིན་ནོ། །རིམ་པ་གསུམ་པར་བྲི་བ་མ་སྨོས་མོད་ཀྱི་དེ་ཡང་ཕྱིས་བཤད་པར་བྱའོ། །སྲད་བུ་བཞི་དང་ལྡན་པ་དང་། །ཞེས་གོང་དུ་

སྨོས་སུ་ཟིན་ཀྱང་། ཕྱོགས་མཚམས་ཀྱི་རི་མོ་གང་ཡིན་པ་དེ་ཆོས་ཀྱི་འཁོར་ལོ་རྩིབས་ཀྱི་དབྱིབས་སུ་བྱ་སྟེ། འདི་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཆེན་པོའི་ཐིག་གདབ་པའི་ཆོ་གའོ། །དེ་ནས་སྲད་བུ་བྲེས་པ་དེར། །དག་པའི་ཚོན་གྱིས་དགང་བར་བྱ། །ཞེས་བྱ་བ་ལ། དག་པ་ནི་ཡོངས་སུ་བཟླས་པ་དང་། ཤིན་ཏུ་

เล่ม ๕๖ · หน้า 6a

ལེགས་པར་བརྟགས་པའོ། །ཚོན་ནི་དཀར་པོ་དང་སེར་པོ་ལ་སོགས་པའོ། །ཚོན་དགྱེ་བ་བརྩམ་པ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གཡོན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ལག་མཐིལ་གཡོན་པ་ན་རྡོ་རྗེ་ཡོད་པ་ནི་གཡོན་པའི་རྡོ་རྗེའོ། །དེས་བྱིན་གྱིས་བརླབས་པའི་ཁུ་ཚུར་ཉིད་ནི་ཁུ་ཚུར་ཆེན་པོ་སྟེ། དེས་

དང་པོར་ཚོན་དགྱེ་བར་བྱའོ། །དེ་ནས་ཕྱིས་ཅི་བདེ་ཞེས་བྱ་བ་ནི། གཡས་དང་གཡོན་གང་རུང་བའོ། །དེ་ལྟར་ཐིག་ཇི་ལྟར་བཏབ་པ་རྣམས་ཚོན་གྱིས་བཀང་ལ་ཕྱག་རྒྱ་རྣམས་ཀྱང་བྲིས་ཏེ་དེ་ནས་དབུས་སུ་འདུག་པར་བྱའོ། །སུ་ཞིག་ཅེ་ན་རྡོ་རྗེ་སློབ་དཔོན་ནོ། །མཉམ་པར་གཞག་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ།

ཡིད་ཀྱིས་ཁང་པ་བརྩེགས་མ་མངོན་སུམ་དུ་དམིགས་ལ་དེའི་ཡང་རྡོ་རྗེའི་སྒོ་བཞི་དབྱེ་བར་བྱའོ། །དེ་ནས་འོག་ནས་འབྱུང་བའི་སྙིང་པོས་དམ་ཚིག་རྣམས་དགོད་པར་བྱའོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་འདི་ལ་ནི་བདག་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་པས་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས།

དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དེས་སྟོབས་ཀྱིས་བཀུག་སྟེ། གཟི་བརྗིད་ཕུང་པོའི་གཟུགས་ཀྱི་རང་བཞིན་གྱི་སྤྱི་བོར་དབང་བསྐུར་རོ། །དེ་རྣམས་ཀྱང་གཞན་དབང་ཡིན་པར་བསྟན་པའི་ཕྱིར། གདན་ཕ་གུ་ཞེས་གསུངས་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སེང་གེའི་གདན་གསུངས་པ་བཞིན་དུ། དེ་དག་ཀྱང་ངོ་བོ་

ཉིད་ཀྱི་རྫུ་འཕྲུལ་ཆེ་བ་ཡིན་པའི་ཕྱིར། གསེར་རམ་ཡང་ན་དངུལ་ཞེས་གསུངས་པ་ཡིན་ནོ། །དེ་ནི་ཇི་ལྟར་བྲིས་པའི་ལྷ་རྣམས་བཞག་པ་དེ་དག་གིས་དགོད་པའི་སྙིང་པོ་སྟོན་ཏེ། སྔ་མ་ནི་བཟླས་པའི་སྔགས་སུ་གསུངས་པ་ཡིན་ནོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོད་པའི་སྙིང་པོ་གསུངས་ནས་དེ་ཉིད་ཀྱི་

ཕྱོགས་བཞིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་མཛད་ཅིང་བཞུགས་སོ། །དེ་བས་ན་དེའི་སྤྱན་སྔ་ནས་བརྩམས་ཏེ། སྙིང་པོ་བཞི་རིམ་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །རྡོ་རྗེ་ཤུགས་ནི་ཤིན་ཏུ་གྲགས་པར་ཟད་དོ། །དཀྱིལ་འཁོར་གཉིས་པ་རྒལ་ནས་ཞེས་བྱ་བ་ནི་བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔའི་དཀྱིལ་འཁོར་གང་ཡིན་པ་སྟེ། དེར་དབུས་སུ་རྡོ་རྗེ་བཞག་ལ་རྡོ་རྗེ་སྒྱུ་མ་ལ་སོགས་པ་བཞི་བྲི་བར་བྱའོ། །བྲི་ཞེས་སྨོས་སུ་ཟིན་གྱིས་ཀྱང་བཞག་པ་ཉིད་དུ་རིག་པར་བྱ་སྟེ་གང་གི་ཕྱིར་དཀྱིལ་འཁོར་འདི་ཉིད་སྔར་བྲིས་ཟིན་ཀྱང་། བྲི་བར་བྱ་ཞེས་བྱ་བའི་ཚིག་དེ་སྔར་མ་གསུངས་པའི་

เล่ม ๕๖ · หน้า 6b

ཕྱིར་རོ། །ཡང་ན་སྔ་མའི་ཐིག་གི་རྗེས་ཚོན་གྱིས་དགང་ཞེས་གསུངས་པས་འཁོར་ལོའི་དབྱིབས་སུ་ཁང་པ་བརྩེགས་མ་བྲིས་ཏེ། རིམ་པ་གསུམ་དུ་རེ་རེ་ཞིང་སྒོ་བཞི་བྱ་ལ། དེར་སྒོ་དབྱེ་བ་བྱས་ནས་ཕྱག་རྒྱ་བྲི་བ་དང་ལྷ་བྲི་བ་ལ་བྱའོ། རིམ་པ་འདི་ཉིད་དུ་ལྷོ་སྒོའི་ཐད་ཀའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་བཞག་ལ། རྡོ་རྗེ་

འཁྱིལ་པ་ལ་སོགས་པ་རྡོ་རྗེ་ཁྲོ་བོ་གཞག་པར་བྱའོ། །དེ་ནས་རིམ་པ་གཉིས་པ་དེ་ཉིད་ཀྱི་ཤར་ནས་བརྩམས་ཏེ་སྒོ་བཞིར་རྡོ་རྗེ་གླང་སྣ་ལ་སོགས་པ་ཐམས་ཅད་རིམ་པ་ཇི་ལྟ་བ་བཞིན་བྲིའོ། །རིམ་པ་དེ་ཉིད་ཀྱི་ནུབ་སྒོའི་ཐད་ཀའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་བཞག་ལ། རྡོ་རྗེ་གཏུམ་པོ་ལ་སོགས་པ་བཞི་རིམ་པ་ཇི་ལྟ་བ་

བཞིན་དུ་བྲིའོ། །རིམ་པ་དེ་ཉིད་ཀྱི་བྱང་སྒོའི་ཐད་ཀའི་དཀྱིལ་འཁོར་དུ་སྔ་མ་བཞིན་དུ་དབུས་སུ་རྡོ་རྗེ་བཞག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བྲན་བཞི་ལྟག་འོག་གི་རིམ་པ་ཇི་ལྟ་བ་བཞིན་དུ་བྲིའོ། །ད་ནི་རིམ་པ་གསུམ་པར་གང་ཞིག་བྲི་བ་དེ་བསྟན་པར་བྱ་བའི་ཕྱིར་ཕྱི་རོལ་གྱི་དཀྱིལ་འཁོར་བཞག་པ་ནི་ཞེས་བྱ་བ་སྟེ། དཀྱིལ་འཁོར་གྱི་ཕྱི་

རོལ་གྱི་གནས་སུའོ། །ཇི་བཞིན་ཞེས་བྱ་བ་ནི་ལྷ་ཆེན་པོ་ལ་སོགས་པ་རང་རང་གི་ཆུང་མ་རྣམས་ཁ་དོག་དང་། དབྱིབས་དང་། མཚན་མ་དང་། རྒྱན་ཅི་དང་ཅི་འདྲ་བ་དེ་དང་དེ་ལྟ་བུར་བྲི་བར་བྱའོ། །ལྟག་འོག་གོ་རིམས་ཞེས་བྱ་བ་ནི་ལྷ་ཆེན་པོ་ལ་སོགས་པ་ལྷ་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་མ་མོ་ཐམས་ཅད་བྲི་བར་

བྱ་སྟེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྩ་བའི་དཀྱིལ་འཁོར་དུ་བསྟན་པའི་སྔགས་དང་ཕྱག་རྒྱ་དང་ལྡན་པར་རིམ་པ་གསུམ་པར་བསྐོར་ཏེ། བཀོད་པའི་རིམ་པ་བཞིན་དུ་བྲི་བར་བྱའོ། །རྡོ་རྗེ་སྒོ་ནི་ཐམས་ཅད་དུ། །ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་གྱི་སྒོ་རྣམས་སུའོ། །སྒོ་སྲུང་རྣམས་ཀྱང་དེ་ཉིད་དོ། །ཞེས་བྱ་

བ་ནི་འཇིག་རྟེན་ལས་འདས་པ་དེ་དག་ཉིད་དེའི་ཕྱིའི་དཀྱིལ་འཁོར་གྱི་སྒོ་རྣམས་སུ་ཡང་དེ་ཉིད་ཡིན་པར་ཤེས་པར་བྱའོ། །ཆོ་ག་རྒྱས་པ་ཇི་བཞིན་པའོ། །ཞེས་བྱ་བ་ནི་འདིར་སློབ་དཔོན་གྱི་ལས་དང་། བཀའ་ནོད་པ་ལ་སོགས་པ་རྣམས་ཇི་སྐད་སྨོས་པ་བསྡུས་པ་ཡིན་ནོ། །དགུག་པ་ལ་སོགས་པའི་ལས་ཀུན་བྱས་ཏེ་

ཞེས་བྱ་བ་ནི། དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ཕྱག་རྒྱ་རྣམ་པ་གསུམ་བཅིང་བ་དང་། མཆོད་པ་དང་། བཤོས་དང་། གཏོར་མ་དབུལ་བ་ལ་སོགས་པ་ཐམས་ཅད་བསྡུའོ། །རྡོ་རྗེ་རྣམས་ཀྱི་དམ་ཚིག་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་སྟེ། དེ་དག་གི་ཡེ་ཤེས་ཡིན་པས་ན་

เล่ม ๕๖ · หน้า 7a

རྡོ་རྗེ་དམ་ཚིག་གི་ཡེ་ཤེས་སོ། །བསྐྱེད་པར་བྱས། དེ་ཁྱོད་ཀྱིས་སུ་ལ་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་སྔགས་སྒྲུབ་པའི་ཕྱིར་དམ་ཚིག་བསྲུང་བ་ལ་གུས་པར་བྱ་བ་སྟོན་ཏོ། །མ་བསྲུངས་ན་སྔགས་མི་འགྲུབ་པ་འབའ་ཞིག་དུ་མ་ཟད་ཀྱི། མཐོང་བའི་ཆོས་ཀྱི་ཉེས་པ་དང་། འཇིག་རྟེན་ཕྱི་མའི་

ཉེས་པར་ཡང་འགྱུར་རོ། །དེ་ལ་མཐོང་བའི་ཆོས་ཀྱི་ཉེས་པ་ནི་དུས་མ་ཡིན་པར་འཆི་བའོ། །འཇིག་རྟེན་ཕྱི་མའི་ཉེས་པ་ནི་ངན་སོང་དུ་འགྲོ་བའོ། །དེ་ལྟར་དམ་བཅས་པ་ལ་བཀོད་ཅིང་ཉེས་དམིགས་བསྟན་ནས་མནའི་སྙིང་པོ་སྦྱིན་པར་བྱའོ། །དམ་ཚིག་བསྲུང་བ་བརྟན་པར་བྱ་བ་ཉིད་ཀྱི་ཕྱིར། ཁྲོ་བོ་ཏི་རིན་ཏི་རིའི་

ཕྱག་རྒྱ་ཡང་བསྟན་པར་བྱའོ། །མནའི་སྙིང་པོ་ལས་འདས་པར་གྱུར་ན་ཡང་མཐོང་བའི་ཆོས་ཀྱི་ཉེས་དམིགས་རིགས་རྣམས་ཟད་པ་དང་། ལུས་འཇིག་པ་རྣམས་བསྟན་པར་བྱ་བ་སྟེ། རྡོ་རྗེ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་མནའི་སྙིང་པོ་སྟོན་ཏོ། །དམ་ཚིག་བཅིངས་པའོ་ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོ་ཏི་རིན་ཏི་རིའི་ཕྱག་རྒྱ་

བཅིང་བའི་སྙིང་པོའོ། །དེ་ལྟར་དམ་ཚིག་བསྲུང་བའི་ཕྱིར་མནའ་བསྒགས་ནས། དེ་ནི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་བསྟན་པར་བྱ་བའི་ཕྱིར་དེ་ནས་རྡོ་རྗེ་འཆང་བའི་ཕྱག་རྒྱ་སྙིང་པོ་འདིས་བཅིང་ངོ་ཞེས་བྱ་བ་གསུངས་སོ། །དེ་བཅིང་བའི་སྙིང་པོ་བསྟན་ནས་མཚན་ཉིད་བསྟན་པ་ནི་མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་སྟེ། ལག་

པ་གཡོན་པ་མདུན་དུ་ཁ་སྦུབས་ཏེ། ཐད་དཀར་བརྐྱང་ལ་དེའི་སྟེང་དུ་ལག་པ་གཡས་པ་བཀན་ཏེ་བརྐྱང་ནས་བཞག་སྟེ་ལག་པ་གཡོན་པའི་མཐེའུ་ཆུང་གིས་གཡས་པའི་མཐེ་བོང་བཟུང་། གཡོན་པའི་མཐེ་བོས་ཀྱང་གཡས་པའི་མཐེའུ་ཆུང་བཟུང་ལ། དེ་ལྟར་མཐེའུ་ཆུང་དང་། མཐེ་བོང་སྦྲེལ་བའི་ལག་པ་

གཉིས་ནི་བླ་འོག་ཏུ་འགྱུར་ཏེ། འདི་ནི་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཡིན་ནོ། །དེ་ནས་རྡོ་རྗེས་བྱིན་གྱིས་བརླབས་པའི་རྡོ་རྗེ་ཆུས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་འདི་ནི་བསང་གཏོར་བྱ་བ་ལྟ་བུ་ཡིན་ཏེ་གང་གི་ཕྱིར་དཀྱིལ་འཁོར་འདི་ནི་ཕལ་ཆེན་འཇིག་རྟེན་གྱི་ལྷས་བྱིན་གྱིས་བརླབས་པ་ཡིན་ལ། གང་ཕྱི་རོལ་གྱི་གཙང་སྦྲ་

ལ་དགའ་བ་དེ་དག་གི་ཕྱིར། དབང་བསྐུར་བ་འདིས་དག་པར་བྱས་ལ་གཟོད་གཞུག་པར་བྱ་བ་ཡིན་ནོ། །འདི་ནི་མགོ་སྨོས་པ་ཙམ་དུ་ཟད་ཀྱི་དེ་རྣམས་ཀྱི་གཟུང་བའི་ཆོ་ག་ལྷག་མ་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོ་ག་བཞིན་དུ་ཤེས་པར་བྱའོ། །དེ་ནས་གདོང་གཡོགས་པ་བཀྲོལ་ནས་ཞེས་བྱ་བ་ནི་གོ་སླའོ། །དཀྱིལ་

เล่ม ๕๖ · หน้า 7b

འཁོར་བསྟན་ནས་ཀྱང་འདི་མི་བསྟན་ཏོ་ཞེས་བྱ་བ་ལ་དེ་ལྟར་ཞུགས་པའི་སློབ་མ་དེ་ལ་ཡང་བསྟན་པར་མི་བྱའོ། །གང་ཡིན་པ་ཞེས་བྱ་བ་ནི་འདྲི་བ་སྟེ་སུ་ཞིག་ཡིན་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ་གལ་ཏེ་ལྷ་དེ་རྣམས་གང་ཡིན་ཞེས་འདྲི་ན། དེའི་ཚེ་དེ་ལ་རྣམ་པར་གསེས་ནས་བསྟན་པར་མི་བྱ་སྟེ། འདི་ལྟར་དཀྱིལ་

འཁོར་གཞན་དག་ཏུ་ཇི་ལྟར་བྲིས་པའི་ལྷ་རྣམས་སོ་སོར་ཕྱེ་སྟེ་བསྟན་པ་བཞིན་དུ་འདིར་བསྟན་པར་མི་བྱའོ། །དེ་ཡང་དཀྱིལ་འཁོར་འདིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཐོག་མ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ལས་བདག་གིས་འདིར་གནས་པར་དགོད་པར་བགྱིའོ་ཞེས་བདག་པོར་གསོལ་བ་བཏབ་

སྟེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གན་དུ་གནས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། རང་གི་སྤྱི་བོར་གཟི་བརྗིད་ཕུང་པོའི་གཟུགས་སུ་གཞུག་ནས། དབང་བསྐུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་དང་། ལྷའི་ཁྱད་པར་ལྷག་མ་རྣམས་ཀྱང་གནས་སྐབས་ཇི་ལྟ་བ་བཞིན་དུ་

བཀོད་ནས། དཀྱིལ་འཁོར་དུ་དབང་བསྐུར་བ་དེ་དག་ཀྱང་དེ་ལ་མི་བསྟན་ཏེ། འདི་རྣམ་པར་ཕྱེ་སྟེ་སྨྲ་བར་མ་བྱེད་ཅིག་ཅེས་གསུངས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེའི་རྒྱུ་དྲིས་པ་སྟེ། ཕལ་པ་རྣམས་ཀྱི་རང་གི་གསང་བ་བསྟན་པ་ནི། སེམས་ཅན་ལོག་པར་ལྟ་བ་དག་ཀྱང་ཡོད་དེ་ཞེས་བྱ་བ་ལ་སོགས་

པ་གསུངས་པ་ཡིན་ཏེ། སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་སངས་རྒྱས་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གཟུགས་སུ་བཞུགས་སོ་ཞེས་བྱ་བ་ལྟ་མི་སྲིད་དོ་ཞེས་མ་དད་པ་སྐྱེ་བར་འགྱུར་རོ། །དེ་འདི་སྐད་སྟོན་ཏེ། ཅི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་གདོན་མི་ཟ་བ་མ་ཡིན་

ནམ། གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་དུ་བཙུད་ཅིང་དབང་བསྐུར་དུ་ཟིན་ན་ནི། ཕྱག་ན་རྡོ་རྗེ་བས་དེ་བཞིན་གཤེགས་པ་རྣམས་ཡེ་ཤེས་ཆུང་བར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་གདོན་མི་ཟ་བར་འདོད་པ་ཡང་། གདོན་མི་ཟ་བའི་ཡེ་ཤེས་སུ་མི་འགྱུར་

ན། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་དེ་ལྟ་བུ་ཡིན་པར་དེ་བཞིན་གཤེགས་པ་རྣམས་བཞེད་དོ། །དེ་བས་ན་ཕྱག་ན་རྡོ་རྗེས་དབང་བསྐུར་བ་མི་རིགས་སོ་སྙམ་པ་དེ་ལྟ་བུའི་ཉེས་པ་འདི་སྤང་བར་བྱ་བའི་ཕྱིར་དཀྱིལ་འཁོར་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱག་ན་རྡོ་རྗེས་དབང་བསྐུར་ཏོ་ཞེས་སྨྲ་བར་

เล่ม ๕๖ · หน้า 8a

མི་བྱ་སྟེ། འདི་ནི་དམ་ཚིག་ཡིན་ནོ། །གཞན་དུ་ན་གང་ལྷ་ཆེན་པོ་ལ་སོགས་པ་ལ་དད་པ་དེ་རྣམས་ལ་མནའི་སྙིང་པོ་བྱིན་ནས་གདོད་བསྟན་པར་བྱའོ། །མནའི་སྙིང་པོ་འདི་ནི་རྡོ་རྗེ་ཁྲོ་བོ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་སྔར་སྨྲས་པ་ཉིད་ཡིན་ནོ། །དེ་ལྟར་མནའི་སྙིང་པོ་

བྱིན་ནས་དཀྱིལ་འཁོར་གྱི་ལྷའི་ཚོགས་རྣམས་སོ་སོར་ཕྱེ་སྟེ་བསྟན་པར་བྱ་ལ། དེའི་འོག་ཏུ་དབང་བསྐུར་བར་བྱའོ། །ཆུའི་དབང་བསྐུར་བ་ནི་འདིར་མ་སྨོས་སུ་ཟིན་གྱིས་ཀྱང་། རྡོ་རྗེ་བྱིན་གྱིས་བརླབས་པའི་བུམ་པ་ལས་རྡོ་རྗེའི་ཆུས་དང་པོར་དབང་བསྐུར་བར་བྱ་དགོས་སོ། །དེ་ནས་རྡོ་རྗེ་རིན་པོ་ཆེས་མཚན་པའི་

ཕྲེང་བས་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེས་མཚན་ཅིང་། རྟགས་སུ་བྱས་པའི་ཕྲེང་བ་ནི་རྡོ་རྗེ་རིན་པོ་ཆེས་མཚན་པའི་ཕྲེང་བ་སྟེ་དེས་དབང་བསྐུར་བར་བྱའོ། །གང་གི་ཕྱིར་མངོན་པར་མཐོ་བ་དོན་དུ་མི་གཉེར་ཞིང་ཕྱི་རོལ་གྱི་ལྷའི་གོ་འཕང་སྒྲུབ་པ་རྣམས་དང་། སངས་རྒྱས་རྣམས་ལ་སངས་རྒྱས་ལྔའི་དབུ་བརྒྱན་གྱི་དབང་

བསྐུར་བར་མི་རིགས་ཏེ། དེ་བས་ན་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའི་དབང་ཕྱུག་སྟོན་པར་བྱེད་པའི་རིན་པོ་ཆེའི་དབང་བསྐུར་བ་འདི་ཉིད་བྱའོ། །དེ་བས་ན་མངོན་པར་མཐོ་བའི་དོན་སྤྱིར་སྟོན་པས་སྤྱིའི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་རྡོ་རྗེའི་དབང་བསྐུར་བ་སྦྱིན་པར་བྱའོ། །

དེ་ནས་མིང་གི་དབང་བསྐུར་བ་སྦྱིན་པར་བྱའོ། །ཇི་ལྟར་སྦྱིན་པར་བྱ་ཞེ་ན། ཇི་ལྟར་རྡོ་རྗེ་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྱའོ་ཞེས་བྱ་བ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་གཞན་ཡང་ངོ་། །ཕྱག་རྒྱ་བཅིང་བ་དམ་བཅས་ཏེ། །ཞེས་བྱ་བ་ནི་དམ་ཚིག་གི་

ཕྱག་རྒྱ་ཉིད་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་སྒྲར་གསུངས་ཏེ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི་བསྒྲུབ་པའི་ཚུལ་གྱིས་བར་མི་བཅད་པ་ཡིན་ནོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ཏེའོ། །ཇི་ལྟ་བུར་ཞེ་ན། མཐེ་བོ་ནང་དུ་སྦྱར་ནས་ནི། །ཞེས་བྱ་བ་ནི་མཐེ་བོང་གཉིས་ཀ་ནང་དུ་གཞུག་པའོ། །མཛུབ་

མོ་བཀུག་སྟེ་གཉིས་ཀ་བཀན། །ཞེས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཚུལ་དུ་མཛུབ་མོ་གཉིས་བཀུག་ནས་མཛུབ་མོ་གཉིས་ཀའི་ཟུར་གྱིས་དགབ་པ་ཡིན་ཏེ། འདི་ནི་སེམས་དཔའི་གཙུག་ཏོར་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་དེ་ཉིད་ལས་མཐེ་བོང་དང་། མཐེའུ་ཆུང་དང་། གུང་མོ་རྣམས་གཤིབས་ཏེ་རྩེ་མོར་

เล่ม ๕๖ · หน้า 8b

བྱས་པ་རྡོ་རྗེ་རྩེ་གསུམ་པ་ལྟ་བུ་འདི་ནི་གཟི་བརྗིད་ཕུང་པོ་ཞེས་བྱ་བའི་ཕྱག་རྒྱ་ཡིན་ནོ། །ཕྱག་རྒྱ་དེ་གཉིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུ་བྱའོ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ་ཞེས་བྱ་བ་ནི་རྡོ་རྗེའི་ཁུ་ཚུར་གཉིས་བཅིངས་ལ་མཐེ་བོང་དང་། མཐེའུ་ཆུང་གཉིས་རྒྱབ་ལོགས་ནས་གཅིག་ལ་གཅིག་

འཁྱུད་པ་ནི་རིག་པ་ཆེན་པོ་དམ་པའི་ཕྱག་རྒྱ་ཡིན་ནོ། །ཕྱག་རྒྱ་འདི་ཉིད་ལས་མཐེ་བོང་གཉིས་ཀྱི་ངོས་སྤྲད་དེ་སྙིང་གར་གཏད་པ་ནི་སྙིང་པོའི་ཕྱག་རྒྱ་ཡིན་ནོ། །ཕྱག་རྒྱ་དེ་གཉིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་རིག་པར་བྱའོ། །དེ་ཉིད་ལས་ཞེས་བྱ་བ་ནི་རིག་པ་ཆེན་པོའི་དམ་པའི་ཕྱག་རྒྱ་དེ་ལས་གུང་

མོ་དང་། སྲིན་ལག་གི་སོར་མོ་རབ་ཏུ་བསྡམས་ནས་ནི་ཞེས་བྱ་བ་ཤིན་ཏུ་མཉམ་པར་གཞག་པའོ། །ཇི་ལྟ་ཞེ་ན། །རྡོ་རྗེ་རིན་ཆེན་ཚུལ་དུ་ནི། །བསྒྱུར་ནས་གདོང་དུ་གཞག་པར་བྱ། །ཞེས་བྱ་བ་སྟེ། མཐེ་བོ་འོག་ཏུ་བཞག་ལ་གུང་མོ་དང་སྲིན་ལག་གི་རིན་པོ་ཆེ་དབང་བསྐུར་བའི་གནས་སུ་གཏུགས་པར་བྱའོ། །རིག་པ་ཆེན་པོ་

དམ་པའི་ཕྱག་རྒྱ་དེ་ཉིད་སྙིང་གའི་ཐད་ཀར་བཞག་ལ། མཐེ་བོང་སྦྲེལ་བ་གཉིས་བཀྲོལ་ཞིང་མཐེའུ་ཆུང་ལྕགས་སྒྲོག་གི་ཚུལ་དུ་སྦྲེལ་བ་བསྐོར་ཏེ་ལག་པ་གཉིས་བཀན་པར་བྱའོ། །དེ་ནས་མཛུབ་མོ་གཉིས་ལྕགས་སྒྲོག་གི་ཚུལ་དུ་གཅིག་ལ་གཅིག་སྦྲེལ་ལ། ལག་པ་གཉིས་ཀའི་གུང་མོ་དང་སྲིན་ལག་གཤིབས་ཏེ་

གྱེན་དུ་བསྒྲེང་ལ་ཀ་བ་བཞིའི་ཚུལ་དུ་གཞག་པར་བྱའོ། །མཐེ་བོང་གཉིས་གུང་མོ་དང་སྲིན་ལག་གི་ཚིགས་གསུམ་པའི་དྲུང་དུ་བཞག་པ་འདི་ནི་མེ་ཏོག་བཞི་པ་ཞེས་བྱ་སྟེ་པདྨའི་རིག་པ་དམ་པའི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་རིག་པ་མཆོག་གི་ཕྱག་རྒྱ་ཉིད་དོ། །ལུས་ཀྱི་དཀྱིལ་འཁོར་བསྐོར་བར་བྱ། །ཞེས་བྱ་བ་

ནི་སྤྱི་བོ་ནས་བརྩམས་ཏེ་གཡོན་ལོགས་སུ་ཕབ་ལ། འོག་ཏུ་རྐང་པ་ལ་ཐུག་གི་བར་དུ་ཁྱེར་ཏེ་གཡས་ལོགས་ནས་སླར་གྱེན་དུ་དཀྲི་ཞིང་སླར་སྤྱི་བོའི་བར་དུ་དྲང་བ་འདི་ནི་ལུས་ཀྱི་དཀྱིལ་འཁོར་མཆོག་བསྐོར་བ་སྟེ་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱའོ། །ད་ནི་རྣམ་པར་སྣང་མཛད་ཀྱི་གནས་དེ་ཉིད་ཀྱིས་སརྦ་བིད་ཅེས་བྱ་བའི་སྙིང་པོའི་ཕྱག་རྒྱ་

གསུམ་པ་ནི། སེམས་མ་རྡོ་རྗེ་དམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྡོ་རྗེ་བཅིངས་པའི་གུང་མོ་གཉིས་སྦྱར་ནས་རྩེ་མོར་བྱས་པ་ནི་སེམས་མ་རྡོ་རྗེའི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ཀྱི་མཐེའུ་ཆུང་གཉིས་བསྒྲེང་བ་ནི་སརྦ་བིད་ཀྱི་སྙིང་པོའི་ཕྱག་རྒྱ་ཡིན་ནོ། །མཐེ་བོ་མཐེའུ་ཆུང་བཅིངས་ནས་ནི། །ཞེས་བྱ་

เล่ม ๕๖ · หน้า 9a

བ་ནི་རིག་པ་མཆོག་གི་རང་བཞིན་གྱི་ཕྱག་རྒྱ་སྟོན་ཏེ། དེ་ཉིད་ལས་གཡོན་པའི་སོར་མོ་གསུམ་ཆར་བརྐྱང་བའི་རྩེ་གསུམ་པའི་དབུས་མ་ལ་མཛུབ་མོ་གཡས་པའི་རྡོ་རྗེ་བཞག་པ་ནི་རྩེ་གསུམ་པའི་དབུ་མ་རྩེ་ཞེས་བྱ་སྟེ། དབུས་ན་རྩེ་མོ་ཡོད་པས་ན་དབུ་མ་རྩེའོ། །རྡོ་རྗེའི་ཕྱག་རྒྱ་བཟུང་བ་དེ། །

ཞེས་བྱ་བ་ནི་ལག་པ་གཡས་པ་ན་རྡོ་རྗེ་འཛིན་པ་སྟེ། དེ་ལྟར་ན། རྡོ་རྗེའི་ཕྱག་རྒྱ་བཟུང་བ་དེ། །ཞེས་བྱ་བ་ཡིན་ནོ། །འདི་ནི་སྙིང་པོ་གཉི་གའི་སྤྱིའི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བཅིངས་ལ། མཛུབ་མོ་གཡོན་པ་བཏག་སྟེ། མཐེ་བོང་གི་དྲུང་དུ་བཞག་ལ་མཐེ་བོང་ཡང་དེའི་སྟེང་དུ་བཀུག་

སྟེ་བཞག་ནས། དེ་གཉིས་ཀ་གཡས་པའི་མཐེ་བོང་དང་མཛུབ་མོས་བཅིང་བ་འདི་ནི་གཡོན་པ་རྡོ་རྗེར་བཅིང་བ་ཞེས་བྱ་སྟེ། ཕྱིའི་རྡོ་རྗེ་རིགས་ཀྱི་རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ། །རྡོ་རྗེ་དེ་ནི་གཉིས་བྱས་ཏེ། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ན་རང་བཞིན་གྱི་ཁུ་ཚུར་དུ་འགྱུར་རོ། །མཚན་མ་ཀུན་ནི་ངེས་བཞག་

གོ། །ཞེས་བྱ་བ་ནི་རྒྱལ་མཚན་དང་ཁ་ཊྭཾ་ག་ལ་སོགས་པ་དགོད་པའོ། །ཕྱག་རྒྱ་རྣམས་ཀྱང་འབྱུང་བ་སྟེ། །ཞེས་བྱ་བ་ནི་རྩེ་གསུམ་པ་ལ་སོགས་པའོ། །མདུན་བརྐྱང་སྟེང་དུ་བཞག་པ་དང་། །ཞེས་བྱ་བ་ནི་མདུན་དུ་ལག་པ་གཡོན་པ་ཁ་སྦུབས་ཏེ་བརྐྱང་ལ་དེའི་སྟེང་དུ་ལག་པ་གཡས་པ་བརྐྱང་ནས་བཞག་པ་འདི་ནི་

མདུན་བརྐྱང་སྟེང་དུ་བཞག་ཅེས་གསུངས་པ་སྟེ། རྡོ་རྗེ་སྒྱུ་མའི་འཁོར་ལོའི་ཕྱག་རྒྱའོ། །མཛུབ་མོས་མཐེབ་བརྟན་བཅང་བ་དང་། །ཞེས་བྱ་བ་ནི་མཛུབ་མོ་དང་མཐེ་བོས་ལག་པ་གཡོན་པ་བཟུང་ལ་དྲིལ་བུ་དཀྲོལ་བའི་ཚུལ་དུ་ཁ་ཐུར་དུ་བསྟན་ནས་བཞག་པ་འདི་ནི་རྡོ་རྗེ་གཞོན་ནུའི་དྲིལ་བུའི་ཕྱག་རྒྱའོ། །ཨོཾ་ཞེས་བྱ་བ་སྤྱིར་

བཞག་སྟེ། །ཞེས་བྱ་བ་ནི་མཛུབ་མོ་གཡོན་པ་བཀུག་ལ་མཐེ་བོའི་རྩེ་མོར་གཏུགས་ཏེ། སོར་མོའི་ལྷག་མ་གསུམ་བརྐྱང་ལ་དབང་བསྐུར་བའི་གནས་སུ་བཀན་ཏེ་བརྐྱང་བ་དེ་ལྟ་བུ་ནི་ཨོཾ་ཞེས་བྱ་བ་སྤྱི་བོར་བཞག་པ་ཡིན་ནོ། །རྡོ་རྗེ་སྟེང་དུ་བཞག་པའོ་ཞེས་བྱ་བ་ནི་ལག་པ་གཡས་པ་བརྐྱང་སྟེ་གཡོན་པའི་ཁུ་ཚུར་གྱི་མཐེ་བོའི་

སྟེང་དུ་ཁ་སྦུབས་པ་སྟེ། འདི་ནི་བརྒྱ་བྱིན་གྱི་གདུགས་ཀྱི་ཕྱག་རྒྱའོ། །རབ་ཏུ་བརྐྱང་ནས་ལག་གནས་པ། །ཞེས་བྱ་བ་ནི་ལག་པ་གཡོན་པ་མདུན་དུ་བཀན་ལ་དེའི་སྟེང་དུ་ལག་པ་གཡས་པ་བརྐྱང་སྟེ། ཁ་སྦུབས་ནས་བཞག་པ་འདི་ནི་རྡོ་རྗེ་འཁྱིལ་བའི་ཕྱག་རྒྱའོ། །ལག་པའི་རྒྱབ་ཏུ་དེ་བཞིན་ཏེ། །ཞེས་བྱ་བ་ནི་ལག་པ་

เล่ม ๕๖ · หน้า 9b

གཡས་པ་མདུན་དུ་ཁ་སྦུབས་ནས་བཞག་པ་དེའི་སྟེང་དུ་གཡོན་པ་ཁ་སྦུབས་ནས་བཞག་པ་འདི་ནི་རྡོ་རྗེ་འོད་ཀྱི་ཕྱག་རྒྱའོ། །གཡོན་པ་རྡོ་རྗེ་ཁུ་ཚུར་བཅངས་ལ་དབྱུག་པ་འཛིན་པའི་ཚུལ་དུ་མཆན་ཁུང་གཡོན་པར་བསྟན་ནས་བཞག་པ་འདི་ནི་རྡོ་རྗེ་དབྱུག་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་དེ་ཉིད་ཁའི་ཐད་ཀར་སྒེག་པ་དང་བཅས་པར་

བསྐོར་བ་འདི་ནི་རྡོ་རྗེ་སེར་སྨུག་གི་གདོང་བསྙེར་བར་བྱེད་པའི་ཕྱག་རྒྱའོ། །གཡོན་པའི་མཐེ་བོའི་སྟེང་དུ་བཞག །ཅེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་གྱི་མཐེ་བོའི་སྟེང་དུ་གཡས་པའི་རྡོ་རྗེ་ཁུ་ཚུར་བཞག་པ་འདི་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་གླང་པོའི་སྣའི་གདུགས་ཀྱི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་མགལ་མེ་

བསྐོར་བའི་ཚུལ་དུ་མགོ་ལ་བསྐོར་བ་འདི་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱའོ། །ཁུ་ཚུར་གཡས་པ་བརྐྱང་ལ་སྦྱིན་པ་བྱེད་པའི་ཚུལ་དུ་སྟོན་པ་འདི་ནི་རྡོ་རྗེ་དབང་གི་ཕྱག་རྒྱའོ། །རལ་གྲིའི་ཕྱག་རྒྱ་ཁུ་ཚུར་མཆོག །ཅེས་བྱ་བ་ལ་ཁུ་ཚུར་མཆོག་ནི་འདིར་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ཁུ་ཚུར་ལ་བྱ་སྟེ། ལག་པ་གཡོན་པ་དང་དེས་རལ་གྲི་

འཛིན་པའི་ཚུལ་དུ་སྟོན་པ། རལ་གྲིའི་ཕྱག་རྒྱ་ཁུ་ཚུར་མཆོག །ཅེས་བྱ་སྟེ། རྣམ་པར་རྒྱལ་བའི་རྡོ་རྗེའི་ཕྱག་རྒྱའོ། །གཡས་པ་མདུན་དུ་གཏུན་རིངས་འཛིན། །ཅེས་བྱ་བ་ནི་ཁུ་ཚུར་གཡས་པས་སྙིང་ཁར་གཏུན་རིངས་འཛིན་པའི་ཚུལ་དུ་སྟོན་པ་ནི་རྡོ་རྗེ་གཏུམ་པོའི་གཏུན་རིངས་ཀྱི་ཕྱག་རྒྱའོ། །ལག་པ་བརྐྱང་

བའང་དེ་བཞིན་ཏེ། །ཞེས་བྱ་བ་ནི་དཔུང་པ་གཉིས་གྱེན་དུ་བརྐྱང་སྟེ། བ་དན་འཕྱར་བའི་ཚུལ་དུ་བྱེད་པ་འདི་ནི་རྡོ་རྗེ་རླུང་གི་བ་དན་གྱི་ཕྱག་རྒྱའོ། །གཡས་པས་འོད་ནི་འབར་བར་བསྟན། །ཞེས་བྱ་བ་ནི་ལག་པ་གཡས་པ་བརྐྱང་ལ་འབར་བ་འཕྲོ་བའི་ཚུལ་དུ་སྟོན་པ་འདི་ནི་རྡོ་རྗེ་མེ་འབར་བའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་

གཡོན་བསྐྱོད་པའོ། །ཞེས་བྱ་བ་ནི་རྡོ་རྗེ་འཇིགས་པའི་ཕྱག་རྒྱའོ། །འགྱིང་བཅས་མཛུབ་མོ་ཁར་མཆེ་བ། །ཞེས་བྱ་བ་ནི་འགྱིང་བག་དང་བཅས་པས་གནས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བཀུག་སྟེ། ཁའི་ཕྱོགས་སུ་ཕག་གི་མཆེ་བའི་ཚུལ་དུ་བཞག་པ་འདི་ནི་རྡོ་རྗེ་ལྕགས་ཀྱུའི་མཆེ་བའི་ཕྱག་རྒྱའོ། །དབྱུག་

པ་བསྣུན་ཅིང་མནན་པ་དང་། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཡས་པས་བསྣུན་པ་ལྟར་བྱ་ཞིང་ཐུར་དུ་དྲེད་པ་ལྟར་གཏང་བ་འདི་ནི་རྡོ་རྗེ་དུས་ཀྱི་དབྱུག་པའི་ཕྱག་རྒྱའོ། །དཔུང་པ་བསྐུམ་ཞིང་དཔྱང་བ་དང་། །ཞེས་བྱ་བ་ནི་དཔུང་པ་གཡོན་པ་བསྐུམ་ལ་དཔྱང་བ་ལྟར་བྱ་བ་འདི་ནི་རྡོ་རྗེ་བགེགས་ཀྱི་གཙོ་

เล่ม ๕๖ · หน้า 10a

བོ་རྡོ་རྗེ་སྣའི་ཕྱག་རྒྱའོ། །ལག་པ་གཡོན་པས་ལག་པ་གཡས་པའི་མཁྲིག་མ་ནས་བཟུང་སྟེ་ཞགས་པ་འདྲེན་པའི་ཚུལ་དུ་དྲང་བ་འདི་ནི་ཆུ་ལྷའི་ཞགས་པའི་ཕྱག་རྒྱའོ། །གང་སྔར་དཀྱིལ་འཁོར་ལ་དགོས་པ་རྣམས་ཤུགས་ཀྱིས་སྦྱར་བ་དེ་བསྟན་པའི་ཕྱིར། །དཀྱིལ་འཁོར་ཀུན་དུ་བརྟག་པ་ནི། །ཞེས་

བྱ་བ་ལ་སོགས་པ་གསུངས་ཏེ། བརྟག་པ་ནི་བྱ་བའོ། །གང་དུ་ཞེ་ན་དཀྱིལ་འཁོར་དུའོ། །ཅི་ཕྱོགས་ཅིག་ཏུ་བྱའམ་ཞེ་ན། མ་ཡིན་ཏེ་ཀུན་དུའོ། །ཇི་ལྟར་བྱ་བ་ཞེ་ན། གཡོན་པས་རྡོ་རྗེ་བཟུང་ནས་སོ། །ཞེས་བྱ་བ་སྟེ་ལག་པ་གཡོན་པས་ལས་ཀྱི་རྡོ་རྗེ་བཟུང་ལ། ཐིག་གདབ་པ་ལ་སོགས་པའི་ལས་ཐམས་ཅད་

སློབ་དཔོན་གྱིས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རབ་ཏུ་བཤད་བྱ་བ། །བསྒྲུབ་པ་དང་ནི་ལས་ཉིད་དོ། །ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ཀྱི་བསྒྲུབ་པ་དང་། དེ་དག་ཉིད་ཀྱི་གྲུབ་པའི་ལས་གང་ཡིན་པ་དེ་བསྟན་པར་བྱའོ་ཞེས་གསུངས་པའོ། །བསྒྲུབ་པ་དེ་གང་ཡིན་ཞེ་ན། སེམས་དཔའ་གང་གི་ཕྱག་རྒྱ་

གང་། །ཞེས་བྱ་བ་གསུངས་ཏེ། སེམས་དཔའ་གང་གི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལྷའི་ཁྱད་པར་གང་གིའོ། །ཕྱག་རྒྱ་གང་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །དེར་ནི་བདག་རང་ཉིད་གྱུར་ཏེ། །ཞེས་བྱ་བ་ནི་དེར་ནི་ཞེས་བྱ་བ་ཕྱག་རྒྱ་ཆེན་པོའི་གཟུགས་གང་ཡིན་པ་དེའི་གཟུགས་སུ་བདག་རང་ཉིད་ཅེས་

བྱ་བ་བསྔགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་དེར་ནི་བསྒོམ་གྱུར་པ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་ལ་སོགས་པའི་ཚུལ་གྱིས་དེའི་གཟུགས་སུ་བསྒྲུབས་ཤིང་དེ་ལྟར་བསྒོམས་ནས་བདག་ཉིད་དེ་བཞིན་དུ་ཕྱག་རྒྱ་བསྒྲུབ་པའི་དམ་

པར་འགྱུར་རོ། །དེ་ལྟར་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་བསྒྲུབ་པ་བསྟན་ནས། །སོ་སོའི་ལས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། གཙུག་ཏོར་ཆེན་པོ་སྲུང་བ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙུག་ཏོར་ཆེན་པོ་ནི་སེམས་དཔའ་གཙུག་ཏོར་རོ། །སྲུང་བ་ཆེ་ཞེས་བྱ་བ་ནི་སྲུང་བ་ཐམས་

ཅད་ལས་ལྷག་པ་ཞེས་བྱ་བའི་དོན་ཏོ། །གཟི་བརྗིད་ཕུང་པོ་རབ་གྲུབ་སྟེར། །ཅེས་བྱ་བ་ནི་གཟི་བརྗིད་ཕུང་པོ་ནི་དངོས་གྲུབ་བཟང་པོ་སྦྱིན་པར་བྱེད་པ་ཡིན་པས་ན་རབ་གྲུབ་སྟེར་ཅེས་བྱ་བ་སྟེ། སྔགས་པས་སྒྲུབ་པའི་ཚེ་སྦྱར་བར་བྱའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་ཀུན་བྱེད། །ཅེས་བྱ་བ་ནི་ལས་ཐམས་ཅད་མཛད་པས་

เล่ม ๕๖ · หน้า 10b

ན་ཀུན་བྱེད་དེ། གནས་བཞི་ཆར་དུ་ཡང་རྡོ་རྗེ་ཧཱུཾ་ཞེས་བྱ་བ་དེ་ཉིད་དུ་ཟད་པས་ནི་བྱེ་བྲག་མེད་པར་སྤྱིའི་ལས་སུ་བསྟན་ཏོ། །བཅོམ་ལྡན་འདས་དེའི་ཐུགས་ཀར་ཐམས་ཅད་འགུགས་པའི་ཕྱིར་ཐམས་ཅད་འགུགས་ཞེས་བཤད་དོ། །རྣམ་པར་སྣང་མཛད་ཀྱི་གནས་ཀྱི་གསུམ་པ་ཐམས་ཅད་རིག་པའི་སྙིང་པོའི་ལས་

བསྟན་པ་ནི་ཐམས་ཅད་གྲུབ་ཅེས་བྱ་སྟེ། རྡོ་རྗེ་རིག་པ་དམ་པའི་ཕྱག་རྒྱ་ནི་དངོས་གྲུབ་དམ་པ་སྦྱིན་པར་བྱེད་པས་ན་རྡོ་རྗེའི་རིག་པ་དམ་པའོ། །དེ་ནས་ནི་རྡོ་རྗེ་མདུང་གི་ཕྱག་རྒྱ་སྟེ། དངོས་གྲུབ་ཆེན་པོ་སྦྱིན་པར་བྱེད་པས་ན། གྲུབ་པ་ཆེན་པོ་སྦྱིན་པར་བྱེད། །ཅེས་གསུངས་སོ། །གང་གི་ཕྱིར་ལྷ་ཆེན་པོའི་སྙིང་

པོ་གཉིས་བསྟན་པས་དེའི་ཕྱག་རྒྱ་གཉིས་སྟེང་དང་འོག་ཏུ་གནས་པའི་ལས་རྣམ་པ་གཉིས་རྣམ་པར་ཕྱེ་སྟེ་བསྟན་ནོ། །སྒྱུ་མའི་རྡོ་རྗེ་ནི་མཐུ་བོ་ཆེའི་ཕྱག་རྒྱ་སྟེ། དེས་དངོས་གྲུབ་བཟང་པོ་སྦྱིན་པར་བྱེད་པས་ན་རབ་གྲུབ་སྟེར་ཅེས་བྱའོ། །དྲིལ་བུ་ནི་གཞོན་ནུའི་ཕྱག་རྒྱ་སྟེ་དེས་ནི་འབེབས་པའི་ལས་བྱེད་དོ། །

དབྱུག་པའི་ཤིང་ནི་ཚངས་པའི་ཕྱག་རྒྱ་སྟེ་དེས་ནི་མྱ་ངན་ལས་འདས་པ་སྟེར་བར་བྱེད་དོ། །རྡོ་རྗེ་ནི་བརྒྱ་བྱིན་གྱི་ཕྱག་རྒྱ་སྟེ། དེས་ནི་ཐོག་འབེབས་པས་གདུག་ཅིང་གཏུམ་པ་རྣམས་གསོད་པར་བྱེད་དོ། །འབར་བའི་མཆོག་ནི་རྡོ་རྗེ་འཁྱིལ་བའི་ཕྱག་རྒྱ་སྟེ། དེ་ནི་མ་རུངས་པ་རྣམས་འདུལ་བར་བྱེད་དོ། །ཞི་བའི་མཆོག་

ནི་རྡོ་རྗེ་འོད་ཀྱི་ཕྱག་རྒྱ་སྟེ། དེས་ནི་གདུག་ཅིང་གཏུམ་པ་རྣམས་གསོད་པར་བྱེད་དོ། །དབྱུག་པ་མཆོག་ནི་རྡོ་རྗེ་དབྱུག་པའི་ཕྱག་རྒྱ་སྟེ་དེ་ཡང་གདུག་ཅིང་གཏུམ་པ་རྣམས་གསོད་པར་བྱེད་དོ། །འཇིགས་པའི་མིག་ནི་རྡོ་རྗེ་སེར་སྨུག་གི་ཕྱག་རྒྱ་སྟེ་དེ་ནི་གདུག་ཅིང་གཏུམ་པ་ཐམས་ཅད་གསོད་པར་བྱེད་དོ། །མྱོས་པ་

ནི་རྡོ་རྗེ་གླང་པོ་སྣའི་ཕྱག་རྒྱ་སྟེ་དེ་ནི་མྱོས་པའི་ལས་བྱེད་དོ། །ཕྲེང་བ་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་སྟེ་དེ་ནི་ཐམས་ཅད་དབང་དུ་བྱེད་པ་ལ་སོགས་པའི་ལས་བྱེད་དོ། །འདོད་བྱེད་ནི་རྡོ་རྗེ་དབང་གི་ཕྱག་རྒྱ་སྟེ་དེ་ནི་དགའ་བར་བྱེད་པའི་ལས་བྱེད་དོ། །གསོད་པ་ནི་རྡོ་རྗེ་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྟེ། དེ་ནི་གདུག་

ཅིང་གཏུམ་པ་ཐམས་ཅད་གསོད་པར་བྱེད་དོ། །ཐོ་བ་ནི་རྡོ་རྗེ་གཏུམ་པོའི་ཕྱག་རྒྱ་སྟེ་དེ་ཡང་གདུག་ཅིང་གཏུམ་པ་རྣམས་ངེས་པར་འཇོམས་པར་བྱེད་དོ། །རས་ནི་རླུང་གི་ཕྱག་རྒྱའོ། །རས་རྒྱུས་དེ་བཞིན་ཏེ་ཞེས་བྱ་བ་ནི་རས་ཀྱི་དངོས་གྲུབ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འབར་བའི་མཆོག་ནི་རྡོ་རྗེ་མེའི་

เล่ม ๕๖ · หน้า 11a

ཕྱག་རྒྱ་སྟེ་དེ་ཡང་གདུག་པ་རྣམས་འདུལ་བར་བྱེད་དོ། །གནོད་སྦྱིན་མ་ནི་རྡོ་རྗེ་འཇིགས་པའི་ཕྱག་རྒྱ་སྟེ་དེ་ནི་གནོད་སྦྱིན་རྣམས་ཀྱིས་འཛིན་པར་བྱེད་དེ། རྡོ་རྗེ་མཆེ་བ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་སྟེ། དེ་ནི་གདུག་ཅིང་གཏུམ་པ་རྣམས་ཟ་བར་བྱེད་དོ། །གསོད་པ་ནི་རྡོ་རྗེ་ལུས་ཀྱི་ཕྱག་

རྒྱ་སྟེ། དེ་ནི་གདུག་ཅིང་གཏུམ་པ་ཐམས་ཅད་གསོད་པར་བྱེད་དོ། །བགེགས་བྱེད་མ་ནི་རྡོ་རྗེ་བགེགས་བྱེད་ཀྱི་གཙོ་བོའི་ཕྱག་རྒྱ་སྟེ་དེ་ནི་ཡིད་དུ་མི་འོང་བ་ཐམས་ཅད་ཀྱི་བགེགས་བྱེད་དོ། །འཕྲོག་མ་ནི་ཀླུའི་རྡོ་རྗེའི་ཕྱག་རྒྱ་སྟེ་དེ་ནི་ཐམས་ཅད་འཕྲོག་པར་བྱེད་ཅིང་ནོར་དང་འབྲུ་ལ་སོགས་པ་ཐམས་ཅད་འགུགས་པའི་

ལས་བྱེད་དེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གོ། །རྟོག་པའི་རྒྱལ་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རྟོག་པའི་རྒྱལ་པོ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་

ལས་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་གསུམ་གྱི་འཁོར་ལོའི་འགྲེལ་པའོ།། །།ད་ནི་དེ་ནས་གཞན་ཡང་འཇིག་རྟེན་པའི་ཕྱག་རྒྱའི་དཀྱིལ་འཁོར་དུ་གཏོགས་པའི་དགོས་པ་གྲུབ་པར་བྱ་བའི་དོན་དུ་ཕྱག་

རྒྱའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ཡང་

ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུངས་ནི་སྔགས་ཀྱི་གཟུངས་སོ། །དེ་རྣམས་ཀྱང་ཕལ་ཆེར་འཇིག་རྟེན་པའི་སྐབས་འདིར་གཙོ་བོར་གྱུར་པ་ཡིན་པས་ན་འདིར་དེ་སྐད་གསུངས་པ་ཡིན་ཏེ། དེ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུངས་ཀྱི་དམ་ཚིག་གོ། །དེའི་ཐུགས་རྡོ་རྗེའི་གང་ལས་བྱུང་བ་དེ་བྱིན་གྱིས་བརླབས་པའི་ཕྱིར། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་

เล่ม ๕๖ · หน้า 11b

ཆེན་པོ་ཕྱག་ན་རྡོ་རྗེ་རང་གི་རིག་པ་དམ་པ་འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གོ་སླའོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །ཡང་ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་ལ་ལྟོས་པའོ། །ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །

རྡོ་རྗེ་རིགས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །རྡོ་རྗེ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེ་དཀྱིལ་འཁོར་ཏེ། རྡོ་རྗེ་ཧཱུཾ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་རྩ་བའི་

དཀྱིལ་འཁོར་གྱི་རྗེས་ཐོག་ལའོ། །གཟུངས་ཀྱི་དཀྱིལ་འཁོར་མེད་པར་དེ་དང་འབྲེལ་པའི་དགོས་པ་མི་འགྲུབ་པས་ན། དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་སྟེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་པའོ། །རྡོ་རྗེའི་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་ལ་དམ་པ་ནི་འོག་

ནས་བཤད་པའི་རང་གི་རིགས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །དེའི་ནང་དུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྟེ། ནང་རིམ་དུའོ། །དེ་བཞིན་སྒོ་ནི་ཤར་ཕྱོགས་གདོད། །ཅེས་བྱ་བ་ལ་དེ་བཞིན་ཞེས་སྨོས་པས་ནི། དེ་ཇི་ལྟར་ཕྱིའི་དཀྱིལ་འཁོར་གྲུ་བཞི་པ་ལ་སྒོ་གཅིག་པ་ལྟར་ནང་གི་དཀྱིལ་འཁོར་ཡང་དེ་

བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་དབུས་སུ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ནང་གི་དཀྱིལ་འཁོར་གྱིའོ། །ཅི་རིགས་པར་ཞེས་བྱ་བ་ནི། །སྲད་བུ་བྲེས་པར་ཚོན་གྱིས་དགང་། །ཞེས་པ་དང་། གསེར་རམ་དངུལ་ལས་བྱས་པའམ། །ཞེས་བྱ་བ་ལ་སོགས་པས། སངས་རྒྱས་གཟུགས་ནི་

གཞག་པར་བྱ། །ཞེས་བྱའོ། །འཇིག་རྟེན་གསུམ་རྒྱལ་ལ་སོགས་པ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྐུ་གཟུགས་ཐོག་མར་བྱས་ནས་རིན་ཆེན་ཧཱུཾ་མཛད་ལ་སོགས་པ་ཡོངས་སུ་གཟུང་ངོ་། །དེའི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་ཀྱིའོ། །ཀུན་ཞེས་བྱ་

བ་ནི་མདུན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བཞག་ལ། གཡས་ཕྱོགས་ནས་བསྐོར་ཞིང་ཕྱོགས་བཞིར་རིན་ཆེན་ཧཱུཾ་མཛད་ལ་སོགས་པ་བཞག་པའོ། །དཀྱིལ་འཁོར་དེ་བཞིན་མཆོག་རྣམས་སུ། །ཞེས་བྱ་བ་ནི་འཇིག་རྟེན་པའི་དཀྱིལ་འཁོར་བཞིའི་མཆོག་སྟེ་དབུས་མའི་གནས་ཀྱི་དབུས་སུ་བྲིས་

เล่ม ๕๖ · หน้า 12a

ལ། རྡོ་རྗེའི་ཕྱག་རྒྱ་དབུས་སུ་བྲིས་པ་དེའི་ཕྱོགས་བཞིར། །རིགས་ཀྱི་ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བ་སྟེ་རྡོ་རྗེ་སྒྱུ་མ་ལ་སོགས་པའི་ཕྱག་རྒྱ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ནང་གི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་འཁོར་དང་བཅས་པ་བཀོད་ལ། དེ་ཉིད་ཀྱི་ཕྱོགས་བཞིར་རྡོ་རྗེ་

སྒྱུ་མ་ལ་སོགས་པའི་དཀྱིལ་འཁོར་རྣམས་བྲི་བར་བྱའོ། །རྡོ་རྗེ་གླང་སྣ་ལ་སོགས་པ། །བཞི་པོ་རྣམས་ནི་སྒོ་སྲུང་ངོ་། །ཞེས་བྱ་བ་ལ་སྔར་སྨོས་པ་གཉིས་གཟུགས་གཅིག་པའི་ཚུལ་གྱིས་ཤར་ཕྱོགས་ཀྱི་སྒོ་སྲུང་དུ་བཀོད་ལ། ཕྱིས་སྨོས་པ་གཉིས་ནི་བྱང་གི་སྒོར་དགོད་པར་བྱའོ། །འཇིགས་མ་དཔལ་དང་སྒྲ་དབང་

དང་། །ཞེས་བྱ་བ་ནི་གཟུགས་སུ་བྱས་ལ། །མེའི་མཚམས་སུ་འཇིགས་མ། བདེན་བྲལ་གྱི་ཕྱོགས་སུ་དཔལ་མོ། །རླུང་གི་ཕྱོགས་སུ་སྒྲ་དབང་མོ། །དབང་ལྡན་གྱི་ཕྱོགས་སུ་དུར་དགའ་དགོད་པར་བྱའོ། །ཕྱི་ཡི་དཀྱིལ་འཁོར་གྲྭ་རྣམས་སུ། །ཞེས་བྱ་བ་ནི་མེ་ལ་སོགས་པར་དེ་དག་ཉིད་དགོད་པའོ། །དེ་རྣམས་ཉིད་ཅེས་བྱ་བ་ནི་

འཇིགས་མ་ལ་སོགས་པ་སྟེ་འཇིགས་མའི་དུང་ངོ་། །དཔལ་མོའི་ནི་པད་མའོ། །སྒྲ་དབང་མའི་ནི་པི་བང་ངོ་། །དུར་དགའི་ནི་པ་ཏི་སའོ། །དེ་ནས་ཆོ་ག་རྒྱས་པ་རྣམས། །ཇི་བཞིན་པར་ནི་བཤད་པར་བྱ། །ཞེས་བྱ་བ་ལ། །དེ་ནས་ཞེས་བྱ་བ་ནི་བྲི་བའི་ཆོ་གའོ། །ཆོ་ག་རྒྱས་པ་ཞེས་པ་ནི་སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་པ་ལ་སོགས་

པའི་ཆོ་ག་རྒྱས་པའོ། །བཤད་པར་བྱ་ཞེས་པ་ནི་རྣམ་པར་ཕྱེ་སྟེ་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །འདིར་ཞེས་བྱ་བ་ནི་གཟུགས་ཀྱི་དཀྱིལ་འཁོར་དུའོ། །ཇི་ལྟར་འདོད་པ་བཞིན་བྱ་སྟེ། །ཞེས་བྱ་བ་ནི་ཅི་དགའ་བར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དམ་ཚིག་གི་ལས་བྱས་ནས་ཞེས་བྱ་བ་ནི་འཇུག་

པ་ལ་སོགས་པའི་ལས་བྱས་ནས་སོ། །རྡོ་རྗེ་འཆང་བའི་ཕྱག་རྒྱ་ཆོ་ག་བཞིན་དུ་བཅིངས་ལ་ཞེས་བྱ་བ་ནི་སློབ་མ་རྡོ་རྗེ་འཛིན་དུ་བཅུག་ནས་སོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་མཚན་ཉིད་ཇི་བཞིན་དུའོ། །དེ་ནས་སློབ་མ་ལ་བསྒོ་བར་བྱ་སྟེ། ཇི་ཞིག་བསྒོ་བར་བྱ་ཞེ་ན། སུའི་མདུན་དུ་ཡང་དམ་ཚིག་གི་ཕྱག་རྒྱ་དེ་རྣམས་མ་སྨྲ་

ཤིག །སུ་ལ་མི་སྨྲ་ཞེ་ན། དེའི་ཕྱིར་དམ་ཚིག་མ་མཐོང་བ་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་མ་མཐོང་བ་ལ་ཞེས་བྱ་བའི་དོན་ཏོ། །གསང་བ་སྤེལ་བར་ཡང་མ་བྱེད་ཅིག །ཅེས་བྱ་བ་ནི་གང་འདིར་གསང་བ་བཤད་པ་དེ་ཡང་སུ་ལ་ཡང་བརྗོད་པར་མི་བྱའོ་ཞེས་པའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་གང་སློབ་དཔོན་གྱི་

เล่ม ๕๖ · หน้า 12b

ལག་ན་འདུག་པའི་ལས་ཀྱི་རྡོ་རྗེའོ། །རྡོ་རྗེ་འཆང་བའི་ཕྱག་རྒྱའི་སྟེང་དུ་བཞག་སྟེ། ཆོ་ག་བཞིན་དུ་ཆུག་ཤིག་ཅེས་བྱ་བ་ནི་གདོང་གཡོགས་ལ་སོགས་པ་བྱས་ནས་སོ། །རྡོ་རྗེ་དེ་དེ་བཞིན་དུ་འོར་ཅིག་ཅེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་ཆོ་གས་སོ། །གང་ལ་བབ་པའི་དམ་ཚིག་གི་ཕྱག་རྒྱ་དེ་དེའི་དབང་དུ་འགྱུར་

ཏེ་ཞེས་བྱ་བ་ནི་དེས་འདིའི་ལས་ཐམས་ཅད་རབ་ཏུ་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །གདོང་གཡོགས་བཀྲོལ་ནས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོ་གས་སོ། །རིམ་པ་བཞིན་དུ་བསྟན་སྟེ་ཞེས་བྱ་བ་ནི་སྒོ་སྲུང་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཐུག་གི་བར་དུའོ། །དེ་ནས་

དམ་ཚིག་གི་ཕྱག་རྒྱའི་གསང་བ་སྨྲ་བར་བྱ་སྟེ་གསང་བ་དེ་དག་ཀྱང་གང་ཞེ་ན། དམ་ཚིག་གི་ཕྱག་རྒྱ་འདི་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་ལ་གནས་པ་རྣམས་ལ་དགོས་པ་འདི་དག་བྱེད་པས་ན་དམ་ཚིག་གི་ཕྱག་རྒྱའོ། །འདི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའོ། །དགོས་

པ་གང་གི་ཚེ་བྱེད་ཅེ་ན། རྟག་ཏུ་ཞེས་བྱ་བ་གསུངས་སོ། །གང་ཞིག་བྱེད་ཅེ་ན། ལས་ཀུན་བྱེད་པ་སྟེ་ཞེས་བྱ་བ་གསུངས་སོ། །ཕྱག་རྒྱ་འདི་དག་ནི་འཇིག་རྟེན་པའི་སྟེ། འདོད་ཆགས་དང་བྲལ་བ་མ་ཡིན་པས་བསམ་པ་ཇི་ལྟ་བུས་བསྒྲུབ་པའི་དགོས་པ་དེ་བྱེད་དོ་ཞེས་བསྟན་པའི་ཕྱིར། མ་དང་སྲིང་མོ་རྣམས་དང་

ནི། །ཆུང་མ་བུ་མོ་རྣམས་རྗེས་འབྲང་། །ཞེས་བྱ་བ་གསུངས་ཏེ། འབྲང་ཞེས་བྱ་བ་ནི་རང་དབང་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། སྔོན་དུ་བསྙེན་པ་ནས་གྲུབ་པའི་བར་དུ་འབྲེལ་པ་གཅིག་ལ་སེམས་བརྟན་པར་བྱའི་བར་མ་དོར་གཞན་དུ་མི་བྱ་སྟེ། གཞན་དུ་བྱས་པར་གྱུར་ན་གནོད་སྦྱིན་མོ་བཞིན་དུ་

ཕུང་ཁྲོལ་བྱེད་པར་འགྱུར་རོ། །དེ་ལ་ཞེས་བྱ་བ་ནི་དམ་ཚིག་གི་དགོས་པའོ། །དེའི་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའི་ཕྱག་རྒྱའི་སྙིང་པོ་བཤད་པའོ། །འདི་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའི་ཕྱག་རྒྱས་སོ། །ལན་ཅིག་བཟླས་པས་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའི་དུས་སུ་ལན་ཅིག་བཟླས་པས་སོ། །བུད་མེད་ཐམས་ཅད་དབང་དུ་བྱས་

ཏེ་སྤྱད་ན་ཞེས་བྱ་བ་ལ་བུད་མེད་ཐམས་ཅད་ཅེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་དོ། །དབང་དུ་བྱས་ཏེ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་དང་། དམ་ཚིག་གི་རིག་པ་བརྗོད་པའོ། །སྤྱད་ན་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་རང་གི་ལས་ལ་སྦྱར་བའོ། །ཆོས་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟ་བུས་བསོད་ནམས་མ་

เล่ม ๕๖ · หน้า 13a

།ཡིན་པར་མི་འགྱུར་བ་སྟེ། དམ་ཚིག་གི་ཕྱག་རྒྱ་མ་བཅིངས་ཤིང་དམ་ཚིག་གི་རིག་པ་མ་བརྗོད་པར་གལ་ཏེ་ཕྱག་རྒྱ་འཆིང་བར་བྱེད་ན་དེ་ལ། ཆོས་མ་ཡིན་པར་འགྱུར་ཏེ། དེས་ན་ཕྱག་རྒྱ་མི་འགྲུབ་ཅིང་དམ་ཚིག་ཀྱང་ཉམས་པར་འགྱུར་རོ། །ཅི་དགའ་བར་ཐམས་ཅད་སྤྱད་ནས་བསྒྲུབ་

པར་བྱ་སྟེ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། འདིར་རིག་སྔགས་ཀྱིས་འདུལ་བ་མི་བསྲུང་དུ་མི་རུང་བ་མ་ཡིན་གྱི་གཞན་དུ་ན་གང་གིས་རང་གི་སེམས་ཇི་ལྟར་དགའ་བར་སྤྱད་པས་རྩེ་གཅིག་པར་འགྱུར་བ་དེ་ཐམས་ཅད་སྤྱད་ལ་བསྒྲུབ་པར་བྱའོ། །དེ་ནས་ཐམས་ཅད་དག་པར་སེམས་ཀྱིས་རིག་ན་ཞེས་བྱ་བ་ནི་

རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ལ་འཇུག་པས་རྩེ་གཅིག་པ་ཐོབ་པར་གྱུར་ན་ཡིད་ཀྱིས་ཀྱང་ཕྱག་རྒྱ་ཐམས་ཅད་ཀྱིས་ལས་དམ་པ་ཐམས་ཅད་བྱེད་དོ་ཞེས་པ་སྟེ། དངོས་གྲུབ་ཀྱི་མཆོག་ཀྱང་སྦྱིན་པར་བྱེད་དོ། །དེ་སྐད་སུ་ཞིག་གསུང་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསུངས་སོ་ཞེས་བྱ་བ་སྟེ།

བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཀྱི་བརྒྱ་བྱིན་དང་རིག་པ་དམ་པས་ནི་མ་ཡིན་ནོ་ཞེས་པའོ། །དམ་ཚིག་ཁྲོ་བོའི་མཛུབ་ཅེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གཙུག་དང་ཞེས་བྱ་བ་ནི་སྤྱི་བོར་བཞག་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱར་འགྱུར་རོ། །སྙིང་གར་

བཞག་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་སྨིན་མཚམས་སུ་གཞག་ན་རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱར་འགྱུར་རོ། །ཁ་ནས་དྲངས་ན་པད་མ་ཧཱུཾ་མཛད་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྤྱི་

བོར་བཞག་ནས་མཐེའུ་ཆུང་སྦྲེལ་བ་བཀྲོལ་ན་གཉིས་སུ་བྱས་པར་འགྱུར་ཏེ། དེ་ལྟ་བུ་ནི་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱར་འགྱུར་རོ། །གཡོན་པ་རྡོ་རྗེ་མཛུབ་མོ་བཅིང་བ་ཡིན་པས་ན་གཡོན་པའི་རྡོ་རྗེ་མཛུབ་མོ་བཅིང་བས་ཞེས་བྱ་སྟེ། གཡས་པའི་མཐེ་བོ་དང་མཐེའུ་ཆུང་གཉིས་བཅིངས་ཏེ་སྦྲེལ་ལ་རྩེ་གསུམ་གྱི་

མཚན་མ་གང་ལ་ཡོད་པ་དེ་ནི་རྩེ་གསུམ་གྱི་མཚན་མ་སྟེ། དེ་མནན་པར་བྱའོ། །འདི་སྐད་སྟོན་ཏེ་གཡོན་པའི་རྡོ་རྗེའི་སོར་མོ་ལྷག་མ་གསུམ་བརྐྱང་ལ་གཡས་པའི་མཛུབ་མོའི་རྡོ་རྗེས་གཡོན་པའི་རྩེ་གསུམ་གྱི་སྟེང་དུ་མནན་ནས་གཞག་པར་བྱའོ། །ད་ནི་ཕྱག་རྒྱ་ལྷག་མ་རྣམས་འབྱུང་བའི་སྤྱིའི་ཕྱག་རྒྱ་བསྟན་

เล่ม ๕๖ · หน้า 13b

པའི་ཕྱིར། རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་གཙོ་བོར་འདུས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །ཞེས་བྱ་སྟེ། རྡོ་རྗེ་རྒྱལ་པོ་ལ་སོགས་པ་རིགས་ལྔའོ། །རྡོ་རྗེ་རིགས་དེ་དག་ཐམས་ཅད་ཀྱི་གཡོན་པ་

རྡོ་རྗེ་གཙོ་བོར་འདུས་པ་ནི་གཡོན་པ་ཡང་ཡིན་ལ། རྡོ་རྗེ་ཡང་ཡིན་པས་ན་གཡོན་པ་རྡོ་རྗེ་སྟེ། དེ་ཉིད་ནི་ཕྱག་རྒྱ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་ན་གཙོ་བོའོ། །དེ་འདུས་པ་ཡིན་པས་ན། །གཡོན་པ་རྡོ་རྗེ་གཙོ་བོར་འདུས། །ཞེས་བྱ་སྟེ། དེའི་ཕྱག་རྒྱ་བཅིང་བ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སུ་

ཞིག་གི་ཞེ་ན། དམ་ཚིག་ཅེས་བྱ་བ་སྟེ། དམ་ཚིག་གི་ལྷ་མོའི་ཁྱད་པར་རྣམས་ཀྱིའོ། །ཕྱག་རྒྱ་བཅིང་བ་དེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ཆོ་ག་ཇི་བཞིན་པར་ཞེས་བྱ་བ་གསུངས་ཏེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་འཁོར་ལོ་སོར་རྩེ་བཅུམ། །ཞེས་བྱ་བ་ནི་རྡོ་རྗེ་སྒྱུ་མའི་

འཁོར་ལོའི་ཕྱག་རྒྱ་སྟེ། ལག་པ་གཡོན་པའི་སོར་མོ་རྣམས་བརྐྱང་ལ་ཐམས་ཅད་ཀྱི་རྩེ་མོ་བཅུམ་པར་བྱ་སྟེ། འདི་ལྟ་བུ་ནི། །ཐམས་ཅད་འཁོར་ལོའི་སོར་རྩེ་བཅུམ། །ཞེས་བྱའོ། །དྲིལ་བུའི་ཕྱག་རྒྱའང་དེ་བཞིན་ནོ། །ཞེས་བྱ་བ་འཇིག་རྟེན་གསུམ་གྱི་འཁོར་ལོ་ལས། མཛུབ་མོས་མཐེབ་བརྟེན་སྤྱད་པ་

དང་། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་བཞིན་ཨོཾ་ནི་ཕྱག་རྒྱ་དང་། །ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་ལས་ཇི་སྐད་བཤད་པ་ལྟ་བུའོ། །སེང་གེའི་རྣ་བར་ཡོངས་སུ་བཟུང་། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོའི་ཚིགས་གཉིས་པ་བཅག་པ་དེའི་རྩེ་མོ་མཐེ་བོའི་རྩེར་བཟུང་བ་འདི་ནི། སེང་གེའི་

རྣ་བར་ཡོངས་སུ་བཟུང་། །ཞེས་བྱའོ། །འབར་བ་ཀུན་དུ་འཛིན་པ་དང་། །ཞེས་བྱ་བ་ནི་ལག་པ་གཡོན་པ་བརྐྱང་ལ་འོད་འཕྲོ་བ་ལྟ་བུར་བསྟན་པར་བྱའོ། །འོད་ནི་ཡང་དག་འདུས་པ་ཉིད། །ཅེས་བྱ་བ་ནི་ལག་པ་གཡོན་པའི་མཛུབ་མོས་གཡས་པའི་སྟ་ཟུར་ནས་བརྩམས་སྟེ་སྤྱི་བོ་ལ་ཐུག་གི་བར་དུ་དཀྲི་ཞིང་།

གཡོན་པའི་སྟ་ཟུར་གྱི་བར་དུ་ཕབ་ལ་འོད་ཀྱི་དཀྱིལ་འཁོར་བསྟན་པའི་ཚུལ་དུ་བྱ་བ་འདི་ནི། འོད་ཀྱི་ཡང་དག་འདུས་པ་ཉིད། །ཅེས་བྱའོ། །དབྱིག་པའི་ཁུ་ཚུར་འཛིན་པ་དང་། །ཞེས་བྱ་བ་ནི་ཁུ་ཚུར་གཡོན་པ་དབྱིག་པ་འཛིན་པའི་ཚུལ་དུ་ཕྲག་པའི་ཕྱོགས་སུ་ཁ་ནང་དུ་བསྟན་ནས་གཞག་པར་བྱའོ། གདོང་

เล่ม ๕๖ · หน้า 14a

དུ་ཕྱག་རྒྱ་བསྐོར་བའོ། །ཞེས་པ་ནི་ཁུ་ཚུར་དེ་ཉིད་ཁའི་འགྲམ་དུ་བསྐོར་བར་བྱའོ། །མཐེ་བོ་དང་མཛུབ་མོ་དང་གུང་མོ་གསུམ་མདོ་རིས་ཀྱི་ཚུལ་དུ་གྲུ་གསུམ་པར་བྱས་ལ་ཁའི་ཕྱོགས་སུ་བརྐྱང་བ་འདི་ནི་བཏུང་བའི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ཕྲེང་བའི་ཚུལ་དུ་མགོ་ལ་

བསྐོར་བ་འདི་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱའོ། །རྡོ་རྗེས་མནན་ནས་བཏུད་པ་སྟེ། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡས་པའི་རྡོ་རྗེ་ཁུ་ཚུར་མནན་ཏེ། ཐུར་དུ་བཏུད་པ་འདི་ནི་རྡོ་རྗེས་མནན་ནས་བཏུད་པའོ། །སྤྱི་བོར་བཞག་པ་ཚོགས་ཀྱི་སྟེ། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་

མཚོག་མར་བཞག་པ་འདི་ནི་སྤྱི་བོར་བཞག་པའོ། །འདི་དག་ནི་དཀྱིལ་འཁོར་གྱི་སྒོ་སྲུང་རྣམས་ཡིན་ཏེ། རང་རང་གི་བདག་པོའི་དྲུང་དུ་ཕྱག་རྒྱའི་ཚུལ་གྱིས་གཞག་པར་བྱའོ། །ལག་པ་བསྐུམ་པ་ཁར་བཞག་སྟེ། །ཞེས་བྱ་བ་ནི་གཡོན་པའི་ཁུ་ཚུར་བཅངས་ལ་གྲུ་མོ་བཀུག་སྟེ་དཔུང་མགོ་

གཡོན་པའི་ཐད་ཀར་བཞག་པ་འདི་ནི་ལག་པ་བསྐུམ་པ་ཁར་བཞག་པའོ། །རྒྱབ་ཏུ་ཡང་ནི་བསྐོར་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་དེ་ཉིད་བསྐོར་ལ་རྒྱབ་ཀྱི་དབུས་སུ་བཟུང་བ་སྟེ། འདི་ནི། རྒྱབ་ཏུ་ཡང་ནི་བསྐོར་བར་བྱ། །ཞེས་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སོར་མོ་བསྐུམ་པ་མདུན་དུ་དྲག་

དུ་བརྐྱང་བ་ནི། བར་མའི་མེ་སྟག་གཏོང་བ་སྟེ། །ཞེས་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་དེ་ཉིད་ཁར་བརྐྱང་ལ་ཅུང་ཟད་ནང་དུ་གཞུག་པ་ལྟར་བསྟན་པ་ནི་ཕྱེ་ནས་ཁར་ཡང་གནས་པའོ། །ཕོ་ཉ་མོའི་དམ་ཚིག་རྣམས་སོ། །མཐའ་མ་གཉིས་ནི་ཁར་བཅུག་དང་། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་

དེ་ཉིད་ཀྱི་མཐེའུ་ཆུང་གི་ཕྱེད་ཁར་བཅུག་པ་འདི་ནི་མཐའ་མ་གཉིས་ཁར་བཅུག་པའོ། །རྡོ་རྗེ་ཁུ་ཚུར་དེ་ཉིད་མདུན་དུ་བཏེག་ལ་ཐུར་དུ་དབབ་པ་འདི་ནི་བཙིར་ཞིང་རབ་ཏུ་གནོན་པའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་བཅངས་པའི་དཔུང་པས་དཔུང་པ་གཡས་པ་ལ་བསྣོལ་བ་འདི་ནི་དཔུང་པ་བསྣོལ་བས་བསྣོལ་

བའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡས་པའི་མཁྲིག་མ་ནས་བརྩམས་ཏེ། གདུ་བུ་འབྱིན་པའི་ཚུལ་དུ་བྱ་བ་སྟོན་པ་འདི་ནི་མྱུར་དུ་འཕྲོག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་སྟེ། དེ་བཞིན་གཤེགས་པ་ཐམས་

เล่ม ๕๖ · หน้า 14b

ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་ལས་སོ། །རྡོ་རྗེའི་རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་རྡོ་རྗེ་རིགས་ཐམས་ཅད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །རྡོ་རྗེའི་རིགས་གནས་པའི་དཀྱིལ་འཁོར་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་སྟེ། དེའི་ཆོ་ག་རྒྱས་པ་ནི་རྣམ་

པ་ནི་རྣམ་པ་རྒྱས་པ་སྟེ་དེ་རྫོགས་པའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།འཇིག་རྟེན་པའི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཆོས་ཉིད་ཡོངས་སུ་ཤེས་པར་མ་གྱུར་ན་དེའི་སྔགས་དང་ཕྱག་རྒྱ་འགྲུབ་པར་

མི་འགྱུར་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་ཕྱག་རྒྱའི་དཀྱིལ་འཁོར་ལ་ལྟོས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་

པའི་ཆོས་ཀྱི་དཀྱིལ་འཁོར་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་རོ། །གང་དེའི་དམ་ཚིག་ནི་སྔགས་དང་ཕྱག་རྒྱའོ། །འདི་དག་གང་ལས་སྐྱེས་པ་ནི་འབྱུང་བ་སྟེ། །བསམ་པའི་ཁྱད་པར་འདི་ལས་བྱུང་བས་ན་བྱུང་བའོ། །དེ་ཉིད་ནི་མི་ཕྱེད་པའི་རྡོ་རྗེ་སྟེ་དེ་བྱིན་གྱིས་

བརླབས་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རིག་པ་རྣམས་ཀྱི་དམ་པ་ཡིན་པས་ན་རིག་པ་དམ་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །གསུངས་ཞེས་བྱ་བ་ནི་བཀའ་སྩལ་པའོ། །ལྷག་མ་རྣམས་ནི་གོ་སླའོ། །

དེ་ནས་ཡང་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ་སྔགས་བསྟན་པའི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་ཕྱག་རྒྱའི་དཀྱིལ་འཁོར་ལ་ལྟོས་པའོ། །རྡོ་རྗེ་རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྡོ་རྗེའི་རིགས་ཐམས་ཅད་དེ་དེའི་ཆོས་ཡིན་

པས་ན་རྡོ་རྗེ་རིགས་ཐམས་ཅད་ཀྱི་ཆོས་ཏེ། གང་གི་ཏིང་ངེ་འཛིན་གང་ཡིན་པ་དེ་དེའི་ཆོས་ཏེ་དེའི་དམ་ཚིག་གི་དཀྱིལ་འཁོར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་

เล่ม ๕๖ · หน้า 15a

ཆོས་ཉིད་མ་བསྟན་པར་ནི་འཇིག་རྟེན་པའི་སྔགས་ཀྱི་དོན་གྲུབ་པར་མི་འགྱུར་ཏེ། དེ་བས་ན་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་སྟེ། ཡང་དག་པར་ཕྱེ་སྟེ་བཤད་པ་ན་རབ་ཏུ་བཤད་པར་བྱའོ། །དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ། འཇིག་རྟེན་དང་འཇིག་རྟེན་

ལས་འདས་པའི་དམ་ཚིག་རྣམས་བསྡུས་པའོ། །དེའི་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། འཇིག་རྟེན་གསུམ་གྱི་འཁོར་ལོ་བཞིན། །ཞེས་གསུངས་པ་སྟེ། འཇིག་རྟེན་གསུམ་གྱི་འཁོར་ལོ་དང་འདྲ་བའོ། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །ཞེས་བྱ་བ་ནི་ལེགས་

པར་བྲི་བར་བྱའོ། །དེར་སུ་ཞིག་གི་ཕྱག་རྒྱ་བྲི་བར་བྱ་ཞེ་ན། སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །རྡོ་རྗེ་འཛིན་པ་ནི་རིག་པ་དམ་པ་སྟེ། ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་སྙོམས་པར་ཞུགས་པར་བྲིའོ། །སོགས་ཞེས་སྨོས་པ་

ནི་རྡོ་རྗེ་སྒྱུ་མ་ལ་སོགས་པ་བསྡུའོ། །ཇི་ལྟར་བྲི་བར་བྱ་ཞེ་ན། ཐམས་ཅད་སྙོམས་པར་ཞུགས་པའོ་ཞེས་བྱ་བ་གསུངས་ཏེ། མཉམ་པར་བཞག་པ་དང་རྗེས་སུ་མཐུན་པའི་སྦྱོད་ལམ་གྱིས་གནས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་ལྟ་བུ། །ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་དུ་བཞུགས་

པར་སྟོན་ཏོ། །སྙིང་གར་མཚན་མ་ཡང་དག་གཞག །ཅེས་བྱ་བ་ནི་འདི་དག་གི་སྙིང་ག་ནས་མཚན་མ་ཡོད་པའི་ཕྱིར་སྙིང་གའི་མཚན་མ་སྟེ། མཚན་མ་ནི་རང་རང་གི་ཕྱག་རྒྱ་ལ་བྱའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་ཏེ། བྲིས་པའི་རྗེས་ལའོ། །དམ་ཚིག་གི་དོན་གྱི་དཀྱིལ་འཁོར་ནི་དམ་ཚིག་གི་

དཀྱིལ་འཁོར་རོ། །འདིར་ཞེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་དུའོ། །ཆོ་ག་བཞིན་དུ་ལས་བྱས་ནས། །ཞེས་བྱ་བ་ནི་སློབ་དཔོན་གྱི་ལས་ཏེ། བདག་ཉིད་འཇུག་པ་དང་། རང་གི་མིང་བརྗོད་པ་དང་། བཀའ་ནོད་པ་ལ་སོགས་པའོ། །རྡོ་རྗེ་འཆང་གི་ཕྱག་རྒྱ་ནི་སློབ་མ་འཆིང་དུ་བཞུག་པའོ། །ཇི་ལྟ་བུ་

ཞེ་ན་རྡོ་རྗེ་དྲིལ་བུར་བཅས་པ་སྟེ་རྡོ་རྗེས་མཚན་པའི་དྲིལ་བུ་ནི་རྡོ་རྗེ་དྲིལ་བུའོ། །རྡོ་རྗེ་དྲིལ་བུ་དང་བཅས་པར་གནས་པས་ན་རྡོ་རྗེ་དྲིལ་བུར་བཅས་པ་སྟེ། དེ་འཆིང་དུ་བཅུག་ལ་རྡོ་རྗེ་དབྱིངས་ལས་གསུངས་པའི་ཚོགས་དཀྱིལ་འཁོར་དུ་བཅུག་སྟེ། འདི་སྐད་དུ་བསྒོ་བར་བྱའོ། །དམ་ཚིག་མ་མཐོང་

เล่ม ๕๖ · หน้า 15b

བ་དང་ཞེས་བྱ་བ་ལ་གང་གིས་དམ་ཚིག་མ་མཐོང་བ་འདི་ནི་དམ་ཚིག་མ་མཐོང་བའོ། །གལ་ཏེ་དམ་ཚིག་མཐོང་ཞིང་དམ་ཚིག་གི་ཕྱག་རྒྱ་དང་སྔགས་དང་དཀྱིལ་འཁོར་བསྟན་པ་ཡིན་དུ་ཟིན་ཀྱང་། ལྷ་དེ་དག་གི་སོ་སོའི་དབྱེ་བ་མ་བསྟན་པ་ཡང་ཡིན་སྲིད་པས། ལྷའི་རིགས་མ་མཐོང་བ་སུ་ལ་ཡང་

ཞེས་གསུངས་པ་ཡིན་ནོ། །མནའི་སྙིང་པོ་བྱིན་ལ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་གསུངས་པའོ། །ཇི་ལྟར་དྲིལ་བུ་འདི་དཀྲོལ་བ། །ཞེས་བྱ་བ་ནི་ཇི་ལྟར་རྣམ་པ་གང་གིས་དྲིལ་བུ་འདི་དཀྲོལ་ཞིང་སྒྲ་སྒྲོགས་པ་དེའི་སྒྲ་ཇི་ལྟར་མི་རྟག་པ་དེ་བཞིན་དུ། ལས་ཀྱི་རྡོ་རྗེ་འདི་

ཁྱོད་མི་རྟག་པ་སྟེ། རྟག་པ་ནི་མི་འཇིག་པ་སྟེ་དུས་སུ་འཆི་བའོ། །མི་རྟག་པ་ནི་འཇིག་པ་སྟེ་དུས་མ་ཡིན་པར་འཆི་བ་སྟེ། འོག་ནས་བཤད་པའི་དམ་ཚིག་ལས་འདས་ན་ཁྱོད་དུས་མ་ཡིན་པར་འཆི་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །མ་རུངས་པར་བྱེད་པ་ནི་རླག་པར་བྱེད་པའོ། །དམ་ཚིག་

གང་ཞིག་བསྲུང་བར་བྱ་ཞེ་ན། དེ་བསྟན་པའི་ཕྱིར། རྡོ་རྗེ་སློབ་དཔོན་བསྟི་སྟང་མེད། །ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སློབ་དཔོན་ནི་གང་གིས་དབང་བསྐུར་བའོ། །དེ་ལ་བསྟི་སྟང་མེད་པ་ནི་དྲོད་འཛིན་ཅིང་བརྙས་ཐབས་བྱེད་པའོ། །རྡོ་རྗེ་སྤུན་ལ་མི་མཛའ་དང་། །ཞེས་བྱ་བ་ནི་སློབ་དཔོན་གཅིག་ལས་དཀྱིལ་

འཁོར་དུ་ཞུགས་པ་སྟེ། །དེ་དང་མི་མཛའ་བ་ནི་དེ་དང་ཡང་དེར་ཞེ་འགྲས་པའོ། །གདུག་པ་ནི་དཀོན་མཆོག་གསུམ་ལ་འཁུ་བ་དང་། སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །དེ་རྣམས་ལ་བྱམས་པ་ནི་ཕན་འདོགས་པར་སེམས་པའོ། །ཆགས་པ་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བའོ། །འདི་

ཡང་མི་བྱ་སྟེ་ཉོན་མོངས་པ་མེད་ཅིང་སྐྱེ་བ་ཟད་པས་བྱང་ཆུབ་མཆོག་ཐོབ་པར་མི་འགྱུར་རོ། །དེ་དག་ནི་དམ་ཚིག་ཡིན་པས་དངོས་གྲུབ་འདོད་པས་འདའ་བར་མི་བྱའོ། །གལ་ཏེ་ཁྱོད་ཀྱིས་བྱས་ནའོ། །ཞེས་བྱ་བ་ནི་གལ་ཏེ་ཁྱོད་ཀྱིས་འདའ་བར་བྱས་ན་དུས་མ་ཡིན་པར་འཆི་བ་ལ་སོགས་པ་ཇི་སྐད་བསྟན་

པ་རྣམས་སུ་འགྱུར་རོ་ཞེས་བྱ་བའོ། །ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་རླབ་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཡིན་པས་ཆོས་ཀྱི་དམ་ཚིག་སྟེ། དེའི་ཕྱག་རྒྱ་ཡིན་པས་ན་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེའི་ཡེ་ཤེས་རླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་

เล่ม ๕๖ · หน้า 16a

སངས་རྒྱས་དང་། རྡོ་རྗེ་འཛིན་པ་ལ་སོགས་པ་ཐོག་མར་སྟོན་ཏེ། དེ་བས་ན་དེ་རྣམས་དང་པོ་ཁོ་ནར་སྨོས་དགོས་པས་དེའི་ཕྱིར། སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཆོས་ཀྱི་དཀྱིལ་འཁོར་ཇི་བཞིན་ནོ། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཐེག་པ་ཆེན་པོ་མངོན་

པར་རྟོགས་པའི་དཀྱིལ་འཁོར་དུ་རྡོ་རྗེ་ཕྲ་མོ་ལ་སོགས་པའི་ཏིང་ངེ་འཛིན་ཇི་སྐད་གསུངས་པ་དེ་བཞིན་དུ་བྱ་བ་ནི་འདིར་དམ་ཚིག་ཡིན་པར་བལྟ་བར་བྱའོ་ཞེས། སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །རྡོ་རྗེ་རིག་པ་དམ་པའི་དམ་ཚིག་གི་ཏིང་ངེ་འཛིན་གྱི་ཆོས་ཉིད་གང་ཡིན་

ཞེ་ན། ཐམས་ཅད་མཉམ་པ་ཉིད་བསམ་པ། །ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྒྱུ་མའི་ཏིང་ངེ་འཛིན་གྱི་ཆོས་ཉིད་གང་ཞིག་ཡིན་ཞེ་ན། འགྲོ་བ་འདི་དག་སྒྱུ་མ་བཞིན། །ཞེས་བྱ་བས་བསྟན་ཏེ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་འདི་ལྟ་བུ་

ཡིན་ནོ་ཞེས་པའོ། །གཞོན་ནུའི་ཏིང་ངེ་འཛིན་གྱི་ཆོས་ཉིད་གང་ཞིག་ཡིན་ཞེ་ན། དེ་བཞིན་སྡུག་བསྔལ་དྲིལ་བུ་འདྲ། །ཞེས་བྱ་བས་བསྟན་ཏེ། །སྡུག་བསྔལ་ནི་འབྲས་བུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བཟུང་ངོ་། །དྲིལ་བུ་འདྲ་ཞེས་བྱ་བ་ནི་དྲིལ་བུ་སྨོས་སུ་ཟིན་ཀྱང་འདིར་དྲིལ་བུའི་སྒྲ་གཟུང་

དགོས་ཏེ་དེ་ཡང་མི་གནས་པ་ཡིན་ནོ། །མི་གནས་པ་ཡིན་པའི་ཕྱིར་འདུ་བྱེད་ཐམས་ཅད་མི་རྟག་པའོ་ཞེས་གསུངས་པ་ཡིན་ནོ། །སྡུག་བསྔལ་ཐམས་ཅད་མྱ་ངན་འདས། །ཞེས་བྱ་བ་ནི་ཚངས་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། སྡུག་བསྔལ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སྡུག་

བསྔལ་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་མཆོག་སྟེ་སྡུག་བསྔལ་ཐམས་ཅད་ཀྱི་མྱ་ངན་མེད་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཇོམས་པ་བླ་ན་མེད། །ཅེས་བྱ་བ་འདི་ནི་བརྒྱ་བྱིན་གྱི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཇོམས་པའི་ངང་ཚུལ་ཡོད་པས་ན་འཇོམས་པ་ཡིན་ལ། འཇོམས་པ་རྣམས་

ཀྱི་ནང་ན་བླ་ན་མེད་པ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་གང་ཞིག་ཡིན་ཞེ་ན་རྡོ་རྗེའོ། །སེམས་ཅན་གདུལ་ཕྱིར་ཁྲོ་བོ་མཆོག །ཅེས་བྱ་བ་འདི་ནི་རྡོ་རྗེ་འཁྱིལ་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། ཁྲོ་བོ་ནི་ཁྲོས་པའོ། །མཆོག་ནི་དམ་པའོ། །ཡུལ་གང་ཞེ་ན། སེམས་ཅན་

เล่ม ๕๖ · หน้า 16b

གདུལ་ཕྱིར་ཞེས་བྱ་བ་གསུངས་ཏེ་གདུལ་བར་དཀའ་བའི་སེམས་ཅན་རྣམས་འདུལ་བའོ་ཞེས་བྱ་བའི་དོན་ཏོ། །ཞི་བ་ཡིས་ནི་ངེས་པར་གསོད། །ཅེས་བྱ་བ་འདི་ནི་རྡོ་རྗེ་འོད་ཀྱི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། ཞི་བ་ནི་གལ་ཏེ་ལ་ལར་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡང་སྲིད་པས་འདིས་དེ་ངེས་པར་གསོད་པར་བྱེད་དེ།

བརྟན་ཞིང་འཇམ་ལ་སྨྲ་ཉུང་གང་ཡིན་པ། །དེ་ཉིད་ལ་ནི་འབད་པས་བག་བྱ་སྟེ། །ཉི་མ་སྤྲིན་རུམ་དག་ནས་བྱུང་བ་ཡི། །འོད་ཟེར་ཤིན་ཏུ་རྣོ་བར་གྱུར་པ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །དབྱིག་པ་འདྲ་བར་འཚོག་པ་མེད། །ཅེས་བྱ་བ་འདི་ནི་རྡོ་རྗེ་དབྱུག་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ་ཉེས་པ་དང་མཐུན་པར་

ཆད་པས་གཅོད་པ་ནི་འཚོག་པ་སྟེ། དབྱིག་པས་བརྡེགས་པ་ལས་ལྷག་པའི་འཚོག་པ་ཡོད་པ་མ་ཡིན་ནོ། །ལོག་པར་ལྟ་བས་འཇིགས་པར་བྱེད། །ཅེས་བྱ་བ་འདི་ནི་རྡོ་རྗེ་སེར་སྨུག་གི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། ལྟ་བ་ནི་མཐོང་བ་སྟེ་ཤེས་རབ་བོ། །ལོག་པར་ཞུགས་པའི་ལྟ་བ་ཡིན་པས་ན་ལོག་པར་

ལྟ་བའོ། །འཇིགས་པར་བྱེད་པས་འཇིགས་པར་བྱེད་པ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ལ་ལོག་པར་ལྟ་བ་ཞེས་བྱའོ། །དེ་ནི་འཇིགས་པར་བྱེད་པ་ཡིན་ཏེ། ངན་སོང་ལ་སོགས་པའི་སྡུག་

བསྔལ་མི་བཟད་པར་གཏོང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ར་རོ་འདྲ་བར་འཇིགས་པ་མེད། །ཅེས་བྱ་བ་འདི་ནི་རྡོ་རྗེ་གླང་པོའི་སྣའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ་གང་གི་ཕྱིར་སྐྱེས་བུ་ར་རོ་བས་ནི་གླང་པོ་ཆེའི་དབང་པོ་ལ་ཡང་རྩྭ་ཙམ་དུ་སེམས་པའི་ཕྱིར་རོ། །ཕྲེང་བ་འདྲ་བར་འཆིང་བ་མེད། །ཅེས་བྱ་

འདི་ནི་རྡོ་རྗེ་ཕྲེང་བའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཆིང་བ་ཞེས་བྱ་བ་ནི་རྒྱན་ལ་བྱ་ལ་གང་གི་ཕྱིར་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་ཀྱང་སྟེང་ཁོ་ནར་མེ་ཏོག་གི་ཕྲེང་བ་འཆིང་བར་བྱེད་དེ། དེ་བས་ན། ཕྲེང་བ་ལྟ་བུར་འཆིང་བ་མེད། །ཅེས་གསུངས་སོ། །འདི་སྐད་སྟོན་ཏེ། ཕྲེང་བ་དང་འདྲ་བ་

འདི་རྒྱན་གྱི་ནང་ན་ཡོད་པའི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བུད་མེད་འདོད་པས་འགྲོ་དབང་བྱེད། །ཅེས་བྱ་བ་འདི་ནི་རྡོ་རྗེ་དབང་གི་ཆོ་གའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། བུད་མེད་འདོད་པས་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རྒྱུ་ཡིན་པས་འདོད་པ་ཞེས་བྱའོ། །དེ་བས་ན་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་ཐམས་ཅད་

เล่ม ๕๖ · หน้า 17a

དབང་དུ་བྱེད་པའི་ཕྱག་རྒྱའོ། །བརྟན་པ་ཙམ་གྱིས་གཞན་འཕམ་མོ། །ཞེས་བྱ་བ་འདི་ནི་རྡོ་རྗེ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། དོན་ཐམས་ཅད་ལ་གནོད་པ་ཉེ་བར་གནས་སུ་ཟིན་ཀྱང་གང་བག་ཚ་བ་མེད་པ་དེ་ནི་བསྟན་པ་ཞེས་བྱའོ། །བསྟན་

པ་དེས་དོན་ཐམས་ཅད་སྒྲུབ་པར་བྱེད་དེ། དགོས་པ་སྒྲུབ་ལ་མཁས་རྣམས་སྲན་ཐུབ་པས། །དཀའ་བ་རྣམས་ཀྱང་དཀའ་བ་མེད་པར་རྒལ། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །འཚོག་པ་ཆད་པའི་མཆོག་ཡིན་ཏེ། །ཞེས་བྱ་བ་འདི་ནི་རྡོ་རྗེ་གཏུམ་པོའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། ཉེས་པ་ཅན་རྣམས་ལ་

འཚོག་པ་ནི་མཚོན་དང་དབྱུག་པ་ལ་སོགས་པས་ལུས་ལ་བསྣུན་པར་བྱེད་པ་སྟེ་འདི་ལས་འདའ་བའི་ཆད་པ་མེད་པས་ན་འཚོག་པ་ཆད་པའི་མཆོག་ཡིན་ཞེས་གསུངས་སོ། །རེག་པ་རྣམས་ནི་རླུང་གིའོ། །ཞེས་བྱ་བ་འདི་ནི་རྡོ་རྗེ་རླུང་གི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། བཀྲུ་བ་དང་། མཉེ་བ་དང་།

བསྐུ་བ་ལ་སོགས་པའི་རེག་པའི་རྒྱུའི་བྱེ་བྲག་གང་ཡང་རུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ནང་ན་རེག་པ་ནི་རྒྱུའི་མཆོག་ཡིན་ནོ། །དེ་གང་ཡིན་ཞེ་ན། རླུང་གིའོ་ཞེས་བྱ་བ་སྟེ་རླུང་ཉིད་དོ། །དེ་བས་ན་ལུས་ལ་རླུང་ལྔ་གནས་ཏེ། གྱེན་དུ་རྒྱུ་བ་དང་། ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་

གནས་པ་དང་། ཁྱབ་བྱེད་དང་། སྲོག་ཅེས་བྱ་བའོ། །དེ་རྣམས་ཀྱི་རེག་པའི་ཁྱད་པར་གྱིས་ལུས་འདི་བཟུང་བས་ན་འཆིང་བར་མི་འགྱུར་ཞིང་། རུལ་བར་ཡང་མི་འགྱུར་ལ་རེག་པའི་ཁྱད་པར་གཞན་ཡང་མྱོང་བར་བྱེད་དེ། དེ་ལྟ་བས་ན་རེག་པ་རྣམས་ནི་རླུང་གིའོ་ཞེས་གསུངས་ཏེ།

མཆོག་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །གཟི་བརྗིད་ཅན་ནི་བྱིན་པའི་མཆོག །ཅེས་བྱ་བ་འདི་ནི་རྡོ་རྗེ་མེའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཇིག་རྟེན་གཟི་བརྗིད་ཅན་དུ་མཐོང་བའམ། ཐོས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ནང་ན་བྱིན་ཟ་ནི་མཆོག་སྟེ། བྱིན་ཟ་ཞེས་བྱ་བ་ནི་མེ་ལ་བྱའོ། །

ཇི་ལྟར་མཆོག་ཡིན་ཞེ་ན། གང་གི་ཕྱིར་བསྐལ་པ་ཐམས་ཅད་སྲེག་པ་ལ་འཇུག་པ་ལ་ནི་འཇིག་རྟེན་ཐམས་ཅད་མེས་ཁྱབ་པར་བྱེད་པའི་ཕྱིར་དེ་ལས་གཞན་པའི་གཟི་ཅན་གང་ཡང་མི་དམིགས་ཏེ། དེ་བས་ན། གཟི་བརྗིད་ཅན་ནི་བྱིན་ཟའི་མཆོག །ཅེས་གསུངས་སོ། །ཟས་རྣམས་

เล่ม ๕๖ · หน้า 17b

ཀྱི་ནང་ན་ཁྲག་དམ་པ་ཞེས་བྱ་བ་འདི་ནི་རྡོ་རྗེ་འཇིགས་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཇིག་རྟེན་འདི་ན་ཁམ་གྱི་ཟས་སུ་གཏོགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཁྲག་ཏུ་རེད་པ་འགྱུར་ན། ལུས་ལ་ཕན་པར་འགྱུར་ཏེ། གནས་སྐབས་ལྔ་ཡང་ཐོབ་པར་བྱེད་དོ། །གང་ཡང་ཁྲག་ཉིད་ཟོས་པ་དེ་

ལ་གནས་སྐབས་དེ་བཞིན་དུ་འགྱུར་རོ་ཞེས་མདོ་ལས་བཤད་དེ། དེ་བས་ན་ཟས་རྣམས་ཀྱི་ནང་ན་ཁྲག་དམ་པ་ཞེས་བྱ་བར་སྦྱར་རོ། །མཆེ་བ་དག་པར་ཞུགས་པ་སྟེ། །ཞེས་བྱ་བ་འདི་ནི་རྡོ་རྗེ་ཕག་གི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ་མཆེ་བ་དག་པ་ནི་རྣོ་བ་དང་སྲ་བའོ། །གང་ལ་འདི་གཉིས་

ཡོད་པར་གྱུར་བ་དེ་ནི་དབུག་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་གདོན་མི་ཟ་བར་ཕུག་སྟེ་འཇུག་པས་དེའི་ཕྱིར། མཆེ་བ་དག་པས་ཞུགས་པ་སྟེ། །ཞེས་གསུངས་སོ། །འཆི་བདག་ཐམས་ཅད་གནས་ན་འདུག །ཅེས་བྱ་བ་འདི་ནི་རྡོ་རྗེ་དུས་ཀྱི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ་གང་གི་ཕྱིར། འདུ་

བྱེད་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་གང་ལ་ཡོད། །འདི་དག་འབྱུང་བ་དེ་ཉིད་ནི། །བྱ་བ་ཐམས་ཅད་བྱེད་པོར་བརྗོད། །ཅེས་བྱ་བ་སྟེ། དེ་བས་ན་འཆི་བདག་ཐམས་ཅད་གནས་ན་འདུག་ཅེས་གསུངས་སོ། །འདི་སྐད་སྟོན་ཏེ། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་སྐད་ཅིག་

མ་རེ་རེ་ཞིང་ཡང་སྐྱེ་བ་དང་འཆི་བ་ཡིན་ནོ། །འཇིགས་ལས་ལྷག་པའི་བགེགས་གཞན་མེད། །ཅེས་བྱ་བ་འདི་ནི་རྡོ་རྗེ་བགེགས་ཀྱི་གཙོ་བོའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། འཇིག་རྟེན་ན་བསམ་པའི་དོན་བསྒྲུབ་པ་ལ་བར་དུ་གཅོད་པར་འགྱུར་བ་གང་ཇི་སྙེད་ཡོད་པ་དེ་རྣམས་ལ་བགེགས་སུ་

གྱུར་པ་ལ་ནི་བགེགས་ཞེས་གྲགས་ལ། ལྷ་དང་མིའི་བགེགས་སུ་ཉེ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ནང་ན་སྒྲུབ་པ་པོའི་སྙིང་སྟོབས་ཉམས་པ་གང་ཡིན་པ་དེ་ལ་ནི་འཇིགས་པ་ཞེས་བྱའོ། །དེ་བས་ན། འཇིགས་ལས་ལྷག་པའི་བགེགས་གཞན་མེད། །ཅེས་གསུངས་ཏེ། གང་གི་

ཕྱིར་སྙིང་སྟོབས་དང་ལྡན་པའི་སྐྱེས་བུས་ནི་བགེགས་སྟོང་ཕྲག་ཡོད་ན་ཡང་དེ་ཕམ་པར་བྱས་ནས་བསམ་པའི་དོན་སྒྲུབ་པར་བྱེད་དེ། དཔེར་ན་བཅོམ་ལྡན་འདས་ཀྱིས་བདུད་སྟོབས་དང་བཅས་པ་རྣམས་ཕམ་པར་མཛད་ནས་བྱང་ཆུབ་ཐུགས་སུ་ཆུད་པར་མཛད་པ་ལྟ་བུའོ། །ཆུ་ལས་ལྷག་

เล่ม ๕๖ · หน้า 18a

པའི་རོ་གཞན་མེད། །ཅེས་བྱ་བ་འདི་ནི་རྡོ་རྗེ་གླུའི་ཏིང་ངེ་འཛིན་གྱི་ཆོས་ཉིད་དེ། རོའི་ཁྱད་པར་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་རང་གི་མཐུ་ཡུལ་དང་དུས་ཀྱིས་གནས་པ་རྣམས་རང་རང་གི་སྙིང་སྟོབས་ཀྱིས་གནས་སུ་ཟིན་ཀྱང་གནས་སྐབས་ཐམས་ཅད་དུ་ཆུས་འཚོ་བ་

འཛིན་པ་ལྟར་དེ་དག་གི་སྲོག་འཛིན་པར་ནུས་ཏེ་དེའི་ཕྱིར་སྲོག་འཛིན་ཅིང་ངོམས་པར་བྱེད་པའི་སྒོ་ནས། ཆུ་ལས་ལྷག་པའི་རོ་གཞན་མེད། །ཅེས་གསུངས་སོ། །དེ་ལྟ་བུ་དེ་དག་ཐམས་ཅད་ལ་འགའ་ཞིག་སློབ་པར་བྱེད་པ་གང་བཟློས་ཀྱང་རུང་སྟེ་རྣལ་འབྱོར་པ་དེ་དག་ལ་གནས་པར་བྱས་ནས་དེའི་

སྔགས་ཟློས་ཤིང་ཆོས་ཉིད་འདི་དག་བསྒོམ་པར་བྱའོ། །བསྒོམས་ནས་ཀྱང་རང་རང་གི་ཡུལ་ལ་སྔགས་དང་ཕྱག་རྒྱར་བཅས་པར་སྦྱར་བ་བྱས་ན་དེ་ལས་མངོན་པར་བསམ་པའི་དོན་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་

རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྡོ་རྗེ་རིག་པ་དམ་པ་བཏུལ་ཞིང་བྱང་ཆུབ་ཀྱི་ལམ་ལ་བཞག་པས་དེས་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གར་གྱི་ཚོགས་མཆོད་པར་

བྱེད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། ཆོས་ཀྱི་དཀྱིལ་འཁོར་གྱི་རྗེས་ཐོགས་ལ་ལས་ཀྱི་དཀྱིལ་འཁོར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །

དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་གི་ལས་ནི་གདུལ་བྱའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་ཕྱིར། མཐོང་བ་དང་མཆོད་པའི་ལས་ལྟར་ཡོད་པ་རྣམས་སོ། །དེའི་དམ་ཚིག་ནི་ཕྱག་རྒྱ་ལ་སོགས་པ་རྣམས་སོ། །འདི་འབྱུང་

བ་ནི་བསམ་པའི་ཁྱད་པར་གང་ལས་སྐྱེ་བ་སྟེ། དེ་བྱིན་གྱིས་བརླབ་པའི་ཕྱིར་མི་ཕྱེད་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རིག་པ་དམ་པ་ཐུགས་ལ་གནས་པ་འདི་གསུངས་པའོ། །ལྷག་མ་རྣམས་

เล่ม ๕๖ · หน้า 18b

ནི་གོ་སླའོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། སྔགས་བསྟན་པའི་རྗེས་ཐོགས་ལ་དཀྱིལ་འཁོར་བྲི་བའི་ལས་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལ་ལྟོས་པའོ། །རྡོ་རྗེ་རིགས་ཐམས་ཅད་ཅེས་བྱ་བ་ནི་འཇིག་རྟེན་

དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དེ། རྡོ་རྗེའི་རིགས་དེ་དག་ཐམས་ཅད་ཀྱི་དཀྱིལ་འཁོར་ཐུགས་ལ་གནས་པ་འདི་གསུངས་སོ་ཞེས་པ་སྟེ་དེ་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དཀྱིལ་འཁོར་ཚུལ་གྱིས་ནི། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལྟ་བུར་

རོ། །དཀྱིལ་འཁོར་ཐམས་ཅད་ཅེས་ཇི་སྐད་སྨོས་སུ་ཟིན་ཀྱང་། འདིར་ཕྱི་རོལ་གྱི་དཀྱིལ་འཁོར་ཉིད་ཡིན་པར་བལྟ་བར་བྱའོ། །དཀྱིལ་འཁོར་མཆོག་ནི་ཐམས་ཅད་དུ། །ཞེས་བྱ་བ་ལ་དཀྱིལ་འཁོར་གྱི་མཆོག་ནི་དཀྱིལ་འཁོར་གྱི་གཙོ་བོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཞི་ན་གནས་པ་གང་

ཡིན་པ་རྣམས་སོ། །དེ་ཇི་ལྟ་བུར་ཞེ་ན། དེའི་ཕྱིར། སངས་རྒྱས་དབུས་ན་བཞུགས་པར་བྱ། །ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་མི་འཁྲུགས་པ་ལ་སོགས་པ་བཞི་པོ་དེ་དག་གི་ཁོངས་སུ་འདུས་པ་ཉིད་དེ། དེ་རྣམས་ཀྱི་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཡིན་པས་ན་

དོན་དམ་པར་དེ་དག་ལས་ཐ་མི་དད་པའི་ཕྱིར། དེ་དག་ཀྱང་དེའི་ཁོངས་སུ་གཏོགས་པ་ཡིན་ནོ། །གནས་བཞི་པོ་དག་ཏུ་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་སྔགས་གཅིག་འབྱུང་བ་དེས་འདི་ན་དེ་བཞིན་གཤེགས་པ་འབྱུང་བ་རྣམས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་དགོད་པར་བྱའི། གར་སྟོན་པའི་

ཚུལ་དང་མི་མཐུན་པས་དེ་བཞིན་གཤེགས་པའི་ཚུལ་གྱིས་ནི་མ་ཡིན་ནོ། །དེ་དག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་བཞི་པོ་རྣམས་ཀྱིའོ། །ཇི་ལྟ་ཞེ་ན། ཕྱོགས་ནི་རིམ་པར་ཡང་། སེམས་དཔའ་ཆེན་པོ་རྣམས་གཞག་གོ། །ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པ་རེ་

རེའི་ཕྱོགས་རེ་རེར་ཡང་བྱང་ཆུབ་སེམས་དཔའ་གཉིས་གཉིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པའི་སྔགས་ཀྱིས་བྲི་བར་བྱའོ། །དེའི་དབུས་སུ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་ལྟ་བུའི་དབུས་ཏེ། དབུས་

เล่ม ๕๖ · หน้า 19a

མའི་དཀྱིལ་འཁོར་རྣམ་པར་སྣང་མཛད་ཀྱི་གནས་སུ་རྡོ་རྗེ་རིག་པ་དམ་པ་ཉིད་ཆུང་མ་དང་བཅས་པ་གཞག་པར་བྱའོ། །འདི་སྐད་སྟོན་ཏེ། དབུས་ཀྱི་དཀྱིལ་འཁོར་དེ་ཡང་རྣམ་པ་གཉིས་སུ་ཕྱེ་ལ། ནང་གི་དཀྱིལ་འཁོར་དུ་རྡོ་རྗེ་རིག་པ་དམ་པ་ཆུང་མ་དང་བཅས་པར་གཞག་

ཅིང་། རྡོ་རྗེ་རིག་པ་དམ་པ་དེ་ཉིད་ལ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དཀྱིལ་འཁོར་དབུས་མ་འདི་ཉིད་ཀྱི་མཚམས་བཞིར་སྒེག་མོ་ལ་སོགས་པ་བཞི་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཀྱང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྔགས་འདི་ནས་སྨོས་པ་དེ་

དག་ཉིད་ཀྱིས་དགོད་པར་བྱའོ། །དེའི་ཞེས་བྱ་བ་ནང་གི་དཀྱིལ་འཁོར་དེའི་ཕྱི་རོལ་རིམ་པ་གཉིས་པར་ལྷ་མོ་རྣམས་བྲི་བར་བྱའོ། །ཇི་ལྟར་བྲི་བར་བྱ་ཞེ་ན། དེའི་ཕྱིར་གོ་རིམས་བཞིན། འཁོར་ལོ་དཀྱིལ་འཁོར་ཚུལ་བཞིན་དུ། །ཞེས་བྱ་བ་གསུངས་ཏེ། གོ་རིམས་ནི་འདིར་བཤད་པའི་རིམ་པའི་གོ་རིམས་ཀྱིས་

གང་ཐོག་མར་སྨོས་པ་རྣམས་ཀྱང་དེའི་རིམ་བཞིན་དུ་བྱ་བ་སྟེ། གོ་རིམས་ཀྱི་ཚུལ་འདིས་འཁོར་ལོའི་དཀྱིལ་འཁོར་ཚུལ་བཞིན་དུ་ཞེས་བྱ་བ་སྟེ། འཁོར་ལོ་ནི་ཆོས་ཀྱི་འཁོར་ལོའོ། །དེའི་ཚུལ་དང་མཐུན་པར་བྱས་པའི་དཀྱིལ་འཁོར་ཡིན་པས་འཁོར་ལོའི་དཀྱིལ་འཁོར་རོ། །དེ་ཡང་འཇིག་རྟེན་གསུམ་གྱི་

འཁོར་ལོ་ཀུན་ནས་ཟླུམ་པོར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རིག་པ་དམ་པ་ཀུན་ནས་བསྐོར་ཞིང་གར་བྱེད་པར་བྲི་བར་བྱའོ། །ཇི་ལྟར་གར་བྱེད་པ་ཞེ་ན། རང་གི་ཕྱག་རྒྱ་ཕྱག་རྒྱའི་ལན། །གར་བྱེད་པར་ནི་བྲི་བར་བྱ། །ཞེས་བྱ་བ་སྟེ། གཟུགས་ཀྱི་དཀྱིལ་འཁོར་དུ་རང་གི་ཕྱག་རྒྱར་གང་བཤད་པ་དེ་

ནི་དེའི་རང་གི་ཕྱག་རྒྱའོ། །གང་དང་གང་བཅིངས་པ་དེ་དང་དེ་ལ་གཉེན་པོར་གྱུར་པ་དེ་ནི་ལན་གྱི་ཕྱག་རྒྱ་སྟེ། དཔེར་ན་མེའི་ཕྱག་རྒྱ་འབར་བ་ལ་ཆུའི་ཕྱག་རྒྱ་གཉེན་པོར་གྱུར་པ་དེ་ནི་དེའི་ལན་གྱི་ཕྱག་རྒྱ་ཡིན་པ་ལྟ་བུ་དང་། དཔེར་ན་རྡོ་རྗེ་བདུད་རྩི་ཁྲོ་བོའི་ཕྱག་རྒྱ་ཀུན་ནས་གཏུབ་པར་བྱེད་པ་དེ་ལ་

བརྒྱ་བྱིན་གྱི་གདུགས་ཀྱི་ཕྱག་རྒྱ་དེའི་གཉེན་པོར་གྱུར་པ་ལྟ་བུ་དེ་ནི་ལན་གྱི་ཕྱག་རྒྱ་སྟེ་དེ་ལྟ་བུ་ལ་སོགས་པའི་ཚུལ་དུ་རིག་པར་བྱའོ། །དེ་ལྟར་བྱ་བ་དེ་ཅིའི་ཕྱིར་ཞེ་ན། མཆོད་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ནོ། །སུ་ཞིག་ལ་ཞེ་ན། སངས་རྒྱས་རྡོ་རྗེ་ཅན་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་

เล่ม ๕๖ · หน้า 19b

ནི་བཅོམ་ལྡན་འདས་སོ། །རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་ཏེ། གང་གི་ཕྱིར་རྡོ་རྗེ་འཛིན་པ་ཉིད་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་སུ་བཞུགས་ཏེ། དེ་བས་ན་སངས་རྒྱས་རྡོ་རྗེ་ཅན་ཞེས་གསུངས་སོ། །དེ་དག་གི་སྦྱོར་བས་ཤེ་ན། རྡོ་རྗེ་གར་གྱི་ཚུལ་གྱིས་སོ་ཞེས་བྱ་བ་ནི་

བསྟན་ཟིན་ཏེ། ལག་པ་གཉིས་མཛེས་པར་བསྒྱུར་བའོ། །གྲྭ་རྣམས་སུ་ནི་བདུག་པ་ལ་སོགས་པའོ། །སྒོའི་ཕྱོགས་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་བྲིས་པའི་རྗེས་ཐོགས་ལའོ། །དགུག་པ་ལ་སོགས་པའི་ལས་བྱས་ནས་ཞེས་བྱ་བ་ནི་དགུག་པ་ཞེས་

སྨོས་སུ་ཟིན་གྱིས་ཀྱང་འདི་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་བལྟ་བར་བྱ་སྟེ། འཇུག་པ་དང་བཀའ་ནོད་པ་ལ་སོགས་པ་སློབ་དཔོན་གྱི་ལས་རྣམས་ཀྱང་འདིར་བྱ་དགོས་པ་ཡིན་ནོ། །དགུག་པ་ལ་སོགས་པ་ཞེས་སྨོས་པ་ནི་གཞུག་པ་ལ་སོགས་པ་གཟུང་ངོ་། །རྡོ་རྗེ་འཆང་བའི་ལས་ཀྱི་དམ་ཚིག་གི་ཕྱག་

རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ་ཞེས་བྱ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱིས་ལྷའི་རིགས་མ་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་འོག་ཏུ་དམ་ཚིག་སྦྱིན་པར་བྱ་བ་སྟེ། ལྷའི་རིགས་མ་མཐོང་བ་ནི་དཀྱིལ་འཁོར་དམ་པ་མ་མཐོང་བའོ། །གལ་ཏེ་དཀྱིལ་འཁོར་དམ་པ་

མཐོང་བ་ཡིན་དུ་ཟིན་ཀྱང་། ཅི་ཞིག་ལྟར་ཚོན་རྩི་ཉི་ཚེ་ཙམ་ལས་མ་མཐོང་བ་ཡང་སྲིད་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ལས་མི་ཤེས་པ་སུ་ལ་ཡང་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་འདིར་ཇི་སྐད་བསྟན་པའི་ལས་རྣམས་གང་གིས་མི་ཤེས་པ་དེ་ནི་ལས་མི་ཤེས་པ་སྟེ།

དེ་ལྟ་བུའི་ལས་མི་ཤེས་པ་དེ་ལ་ཁྱོད་ཀྱིས་བསྟན་པར་མི་བྱའོ་ཞེས་པའི་དོན་ཏོ། །གསང་བར་བྱ་བའི་ལས་ནི་གསང་བའི་ལས་ཏེ། རིག་པ་དམ་པ་རྣམ་པར་སྣང་མཛད་ཀྱི་གནས་ན་འདུག་པ་དང་། འཁོར་དང་བཅས་པ་གར་བྱེད་པར་སྟོན་པ་དང་། དེ་ལ་ཡང་གསང་བའི་མཆོད་པ་འབུལ་བ་

དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རོལ་མོ་པར་སྟོན་པ་འདི་དག་ནི་གསང་བའི་ལས་ཡིན་ཏེ། གལ་ཏེ་བསྟན་པར་གྱུར་པས། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བ་སྟེ། དམ་ཚིག་ནི་དམ་ཚིག་ལས་འདས་པའོ། །ཉམས་པར་གྱུར་པ་ནི་གཟིར་བར་

เล่ม ๕๖ · หน้า 20a

བྱེད་པ་སྟེ་དུས་མ་ཡིན་པར་འཆི་བ་ལ་སོགས་པའོ། །སྨོས་ལ་ཞེས་བྱ་བ་ནི་དམ་ཚིག་འདི་བསྟན་པ་སྟེ། ལས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་འཛིན་གྱི་ཕྱག་རྒྱ་བཅིངས་ནས་བྱའོ། །འདི་སྐད་སྟོན་ཏེ། སློབ་དཔོན་བདག་ཉིད་རྡོ་རྗེ་འཛིན་གྱི་ཕྱག་རྒྱ་བཅིངས་ཏེ། སློབ་མ་ལ་

དེ་དབབ་པའི་ཕྱིར་རང་གི་ལས་ཀྱི་རྡོ་རྗེ་འཛིན་གྱི་ཕྱག་རྒྱ་དེ་ལྟར་བསྟན་ཅིང་ཁྲོ་བོའི་ལྟ་བས་ཀྱང་བལྟས་ལ་སློབ་མ་ལ་འདི་སྐད་དུ་བརྗོད་པར་བྱའོ། །དེ་ལྟར་ཕྱག་རྒྱ་བཅིངས་ལ་ལྟ་བའི་ཕྱག་རྒྱ་ཡང་གཏོད་ཅིང་སྔགས་ཀྱང་བརྗོད་ན། སློབ་མ་དེ་ལ་བབས་ཏེ་བདག་ཉིད་ཀྱིས་འཇུག་སྟེ་ཞེས་བྱ་བར་སྦྱར་

རོ། །ཞུགས་ནས་ཅི་ཞིག་བྱེད་ཅེ་ན། ཕྱག་རྒྱ་དང་ལན་གྱི་ཕྱག་རྒྱ་རྣམས་ཀྱི་གར་གྱི་མཆོད་པས་མཆོད་པར་བྱའོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་བབས་ཏེ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་དང་། གར་གྱི་མཆོད་པ་བྱེད་པ་ལ་ཕན་ཡོན་ཅི་ཞིག་ཡོད་ཅེ་ན། དེ་ཕྱིན་ཆད་ཅེས་བྱ་བ་ལ་

སོགས་པ་གསུངས་ཏེ། དེ་ཕྱིན་ཆད་ཅེས་བྱ་བ་ནི་དཀྱིལ་འཁོར་དུ་ཞུགས་པ་ནས་བརྩམས་ཏེའོ། །ལས་ཐམས་ཅད་ཅེས་བྱ་བ་ནི་ལས་ཕྲན་ཚེགས་རྣམས་སོ། །གང་གིས་ལས་ཐམས་ཅད་བྱེད་ཅེ་ན། ལུས་དང་ངག་དང་ལྟ་བ་དང་། །ཡིད་དང་རྡོ་རྗེའི་ཕྱག་རྒྱ་རྣམས། །ཞེས་བྱ་བ་གསུངས་

སོ། །དེ་ལ་རྡོ་རྗེའི་སྒྲ་ནི་རེ་རེ་ཞིང་སྦྱར་དགོས་ཏེ། ལུས་རྡོ་རྗེའི་ཕྱག་རྒྱ་དང་། ངག་རྡོ་རྗེའི་ཕྱག་རྒྱ་དང་། ལྟ་བ་རྡོ་རྗེའི་ཕྱག་རྒྱ་དང་། ཡིད་རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱིས་སོ། །འདོད་པ་བཞིན་དུ་ཞེས་བྱ་བ་ནི་བསམས་པ་ཙམ་གྱིས་བྱེད་པ་སྟེ། ལས་འདི་ལ་ཕྱི་བཤོལ་མེད་པར་འགྱུར་རོ་ཞེས་བྱ་

བའི་དོན་ཏོ། །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱི། །དམ་ཚིག་མཆོག་ནི་གཉིས་བྱ་སྟེ། ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཇི་སྐད་གསུངས་པ་

དེ་དག་ཉིད་རྡོ་རྗེ་གར་བྱས་ནས་བཅིངས་ཏེ། གཉིས་སུ་བྱས་ལ་ཡང་གར་བྱེད་པའི་ཚུལ་གྱིས་མཆོད་པར་བྱ་བའི་ཕྱིར་དེ་ལ་དབུལ་ཞིང་བསྟབས་པར་བྱའོ། །རྡོ་རྗེ་ལཱ་སྱ་སོགས་མཆོད་པ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་འདི་ཉིད་དུ་རྡོ་རྗེ་སྒེག་མོ་ལ་

เล่ม ๕๖ · หน้า 20b

སོགས་པ་ཕྱག་རྒྱར་བསྟན་པ་གང་ཡིན་པ་དེ་དག་ཉིད་གར་གྱི་ཆོ་གས་བཅིངས་ལ་རྡོ་རྗེ་རིག་པ་དམ་པ་ལ་དབུལ་བར་བྱའོ། །རིག་པ་འདི་རྣམས་ཐམས་ཅད་ཀྱང་། །ཞེས་བྱ་བ་ནི་གང་འདིར་བདུག་པ་ལ་སོགས་པའི་མཆོད་པ་རྣམས་དང་། འཇིག་རྟེན་པའི་ལྷ་མོ་གང་ཡིན་པ་དེ་རྣམས་ནི་རིག་

པ་ཞེས་སྨོས་པ་འདིས་གཟུང་བར་བྱའོ། །རིག་པ་དེ་དག་ཐམས་ཅད་ཀྱང་ལྟག་འོག་གོ་རིམས་ཇི་བཞིན་དུ་ཞེས་བྱ་བ་དེར་བཤད་པའི་གོ་རིམས་ཀྱིས་སོ། །ཇི་བཞིན་དུ་ཞེས་བྱ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །གར་གྱི་མཆོད་པའི་ཕྱག་རྒྱ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་གར་བྱས་ནས། འདི་དག་གི་

ཕྱག་རྒྱ་བཅིང་བ་བྱས་ལ་ཕྱག་རྒྱ་བཅིངས་པ་དེ་ཕུལ་བ་འདིས་ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱས་པ་ཡིན་ནོ། །བདུག་པ་ལ་སོགས་པའི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པ་དང་། འཇིག་རྟེན་པའི་རིག་པ་རྣམས་ཀྱིས་ནི་འཇིག་རྟེན་གསུམ་གྱི་

འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པ་རྣམས་ཡིན་པར་བལྟ་བར་བྱའོ། །དེ་ལྟར་རིམ་པ་དེ་དག་ཐམས་ཅད་ཀྱི་གར་གྱི་མཆོད་པས་ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱའོ། །ལྷ་མོ་དེ་དག་ཐམས་ཅད་ཉིད་ཀྱི་རྡོ་རྗེ་གར་གྱི་ཚུལ་གྱིས་ནི་ཕྱག་རྒྱ་ཆེན་པོ་མདོར་བསྡུས་སོ་ཞེས་བྱ་བ་ནི་འདི་

སྐད་སྟོན་ཏེ། རྡོ་རྗེ་གར་བྱས་ལ་འདི་དག་ཐམས་ཅད་ཀྱི་རང་རང་གི་ཕྱག་རྒྱ་ཆེན་པོ་མདོར་བསྡུས་ནས་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་མཆོག་ནི་གཉིས་བྱས་ཏེ། །ལན་གྱི་ཕྱག་རྒྱས་དགྲོལ་བར་བྱ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་རྩ་བའི་དཀྱིལ་འཁོར་

ལས། རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གཡོན་པ་རྡོ་རྗེ་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་ཞེས་བཤད་དེ། །འདི་ནི་རྡོ་རྗེ་རིགས་ཀུན་གྱིའོ། །རྡོ་རྗེ་དེ་ནི་གཉིས་བྱས་ཏེ། །མཚན་མ་ཀུན་ཀྱང་དེས་གཞག་གོ། །ཞེས་ཇི་སྐད་བཤད་པ་གང་ཡིན་པ་དང་། གཟུངས་ཀྱི་དཀྱིལ་འཁོར་ལས་ཀྱང་།

རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་གཙོ་བོར་འདུས། །ཕྱག་རྒྱ་བཅིང་བ་བཤད་པར་བྱ། །ཞེས་བཤད་པ་དེ་ལས་གཉིས་སུ་བྱས་པའི་གཡོན་པའི་རྡོ་རྗེ་ལས། མ་མོ་འདི་དག་ཐམས་ཅད་ཀྱི་ཕྱག་རྒྱ་འབྱུང་བས་དམ་ཚིག་མཆོག་གི་ཕྱག་རྒྱ་འདི་དག་ཐམས་ཅད་བཅིང་བར་བྱའོ། །

เล่ม ๕๖ · หน้า 21a

།ཇི་ལྟ་བུ་ཞེ་ན་དམ་ཚིག་མཆོག་ཅེས་བྱ་བ་སྟེ། གཡོན་པའི་རྡོ་རྗེ་མཆོག་བསྡུས་པའོ། །ཇི་ལྟར་བཅིང་ཞེ་ན་གཉིས་བྱས་ཏེ་ཞེས་བྱ་བ་སྟེ་རྡོ་རྗེ་བཅིང་བ་གཉིས་སུ་བྱ་བའོ། །དེ་རྣམས་ཇི་ལྟར་དགྲོལ་བར་བྱ་ཞེ་ན། དེའི་ཕྱིར་ལན་གྱི་ཕྱག་རྒྱས་དགྲོལ་བར་བྱ་ཞེས་བྱ་བའོ། །

འདི་སྐད་སྟོན་ཏེ། རྡོ་རྗེ་གར་བྱས་ནས་རྡོ་རྗེ་བཅིང་བས་བཅིངས་ལ་རྡོ་རྗེ་གཡོན་པ་དེ་བཙིར་བར་བྱའོ། །དེ་ནས་གཉིས་སུ་བྱས་པའི་རྡོ་རྗེ་དེ་ལས་ཕྱག་རྒྱ་ཐམས་ཅད་ལས་རེ་རེ་ཞིང་། གཡོན་པ་རྡོ་རྗེ་མཆོག་གིས་བསྡུས་ཏེ་བཅིང་བར་བྱ་ཞིང་། ལན་གྱི་ཕྱག་རྒྱ་མཐོང་ནས་ཀྱང་དགྲོལ་བར་བྱའོ། །

འདི་སྐད་སྟོན་ཏེ། རྡོ་རྗེ་གར་བྱས་ནས་རྡོ་རྗེ་བཅིང་བ་བཅིངས་ཏེ། དེ་ལྟར་ཕྱག་རྒྱ་འདི་རྣམས་ཀྱིས་སློབ་དཔོན་དང་སློབ་མ་ལ་དབབ་ནས་མཆོད་པར་བྱའོ། །སུ་ཞིག་ལ་ཞེ་ན། གཙོ་བོ་ཐམས་ཅད་ཅེས་བྱ་བ་སྟེ། གཙོ་བོ་ཐམས་ཅད་ནི་སངས་རྒྱས་དང་། རྡོ་རྗེ་འཛིན་པ་ལ་སོགས་པ་དང་།

རྡོ་རྗེ་ཧཱུཾ་མཛད་དོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། ལས་གྲུབ་པར་ཡང་ངེས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་འགྲུབ་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་རིགས་ཐམས་ཅད་ཀྱི་ལས་ཀྱི་

དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ལྟར་གདུལ་དཀའ་བ་རྣམས་བཏུལ་ཞིང་བྱང་ཆུབ་ཀྱི་སེམས་ལ་ཡང་བཀོད་དེ། སེམས་ཅན་རྣམས་ཀྱི་དོན་ལ་ངེས་པར་སྦྱར་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྡོ་རྗེའི་རིགས་དེ་དག་ཐམས་ཅད་གསང་བའི་དོན་ཤེས་ནས། སེམས་ཅན་གྱི་

དོན་བྱེད་པའི་ཕྱིར་མན་ངག་ལ་སྦྱར་བ་དང་། གསང་བའི་དོན་རྣམ་པར་སྤྱད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་འདིར་ཕྱག་ན་རྡོ་རྗེས་སོ། །རྡོ་རྗེའི་རིགས་ཐམས་ཅད་ཅེས་བྱ་བ་ནི་ཕྱིའི་རྡོ་རྗེའི་རིགས་རྣམས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་

དུ་བསྐོས་ནས་ཞེས་བྱ་བ་ནི་བྱེད་དུ་བཅུག་པའོ། །ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་བཞག་སྟེ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་ནས་སོ། །མཁྱེན་བཞིན་དུ་ཞེས་བྱ་བ་ལ་ཅི་ཞིག་མཁྱེན་ཅེ་ན། གསང་བའི་དོན་ཏེ་སེམས་ཅན་རྣམས་ཡིད་ཆེས་པ་བསྐྱེད་པའི་ཕྱིར། བཅོམ་

เล่ม ๕๖ · หน้า 21b

ལྡན་འདས་ཀྱི་ཞལ་ནས་གསང་བའི་དོན་མངོན་སུམ་དུ་ཐོས་ཏེ། དེ་ཡོངས་སུ་ཤེས་པས་སེམས་ཅན་རྣམས་ཀྱི་དོན་ལ་ཞུགས་ཀྱང་ཅི་མ་རུང་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གསང་བ་ཐམས་ཅད་འཛིན་པར་དབང་བསྐུར་ན་ཞེས་བྱ་བ་ནི་བསྒོ་བའོ། །

གང་ཞིག་ཅེ་ན་གསང་བ་སྟེ་གང་བདག་གིས་གཟུང་བར་བགྱི་བའོ། །དེ་གང་ལགས་བཀའ་སྩོལ་ཅིག་ཅེས་བྱ་བ་ནི་དེ་བཀའ་སྩོལ་ཞིང་གསུངས་ཤིག་ཅེས་པའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་དྲིས་པའི་རྗེས་ཐོགས་ལའོ། །སྐལ་བ་ཕུན་སུམ་ཚོགས་པས་ན་བཅོམ་ལྡན་འདས་

སོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། འདི་དག་གི་གསང་བ་ནི་སྦ་བ་སྟེ། ཐམས་ཅད་དུ་བསྟན་པར་མི་བྱ་བའོ། །གང་གིས་གསང་བ་དེ་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

གསང་བའོ། །དེ་གཞན་གྱིས་མི་ཕྱེད་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་གང་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་

བ་ཞེས་བྱ་བའོ། །ཅི་ཞིག་མཛད་ཅེ་ན་གསུངས་སོ་ཞེས་བྱ་བ་སྟེ། བཀའ་སྩལ་ཏོ་ཞེས་པའོ། །སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་རང་བཞིན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པའི་སེམས་ཅན་རྣམས་ལ། རང་བཞིན་ཞེས་བྱ་བ་འདོད་

ཆགས་ལ་སོགས་པ་སྤྱོད་པའི་རང་བཞིན་གྱིས་སོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་དང་གང་གིས་སོ། །འདུལ་བར་འགྱུར་ཞེས་བྱ་བ་ནི་ཕན་པར་འགྱུར་བ་སྟེ། དེ་ལྟ་དེ་ལྟར་སེམས་ཅན་རྣམས་ཀྱི་དོན་བྱོས་ཤིག་ཅེས་པའི་དོན་ཏོ། །དེའི་སྤྱོད་པ་བསྟན་པའི་སྤྱོད་པ་དེ་གང་ཞིག་ཡིན་ཞེ་ན།

འདོད་ཆགས་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པ་ལ་སྤྱོད་པར་བསྟན་པས་སོ། །ཅི་ཉོན་མོངས་པ་དང་བཅས་པས་སམ་ཞེ་ན། །མ་ཡིན་ཏེ་གཙང་བས་བྱ་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀུན་དུ་བཟང་པོ་འདོད་ཆགས་ལ་

เล่ม ๕๖ · หน้า 22a

སོགས་པའི་སྤྱོད་པ་རྣམས་ལ་འདོད་ཆགས་སྤྱོད་པར་སྟོན་ཀྱང་ཆགས་པར་མི་མཛད་པ་དང་། ཞེ་སྡང་ལ་སྤྱོད་པ་རྣམས་ལ་ཞེ་སྡང་སྤྱོད་པར་སྟོན་ཀྱང་ཞེ་སྡང་མི་མངའ་བ་དང་། གཏི་མུག་ལ་སྤྱོད་པ་རྣམས་རྨོངས་པ་ཉིད་དུ་སྟོན་ཀྱང་རྨོངས་པ་མི་མངའ་འོ། །

དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པར་སྟོན་ཅིང་སེམས་ཅན་རྣམས་ཀྱི་དོན་བྱ་བའོ། །གཞན་སུ་ཡང་རུང་བས་ཀྱང་ཀུན་དུ་བཟང་པོ་བཞིན་དུ་ཅི་ནས་ཀྱང་མ་ཆགས་པ་དང་མི་སྡང་བ་དང་། མ་རྨོངས་པས་སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་གཙང་

བས་ཀྱང་བྱ་ཞེས་པའི་སྒྲས་སྟོན་ཏོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་གདུག་ཅིང་གཏུམ་པ་རྣམས་ལས་བསྐྱབ་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར། །ཞེས་བྱ་བ་ནི་དཀོན་མཆོག་གསུམ་ཡང་དག་པར་བསྲུང་བའི་ཕྱིར། སེམས་ཅན་

ཐམས་ཅད་བསད་ཀྱང་ནི། །ཞེས་བྱ་བ་ནི། ང་རྒྱལ་ཅན་ཚར་གཅད་པར་བྱ་བའི་ཕྱིར། རྒྱུད་འདི་ཉིད་ལས་ལྷ་ཆེན་པོ་བསད་པ་ཇི་ལྟ་བ་བཞིན་དུ། རྣལ་འབྱོར་བསྒོམ་པ་ལ་དབང་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སླར་གསོ་བར་ནུས་ན་གལ་ཏེ་སེམས་ཅན་ཐམས་ཅད་བསད་དུ་ཟིན་ཀྱང་། སྡིག་

གིས་གོས་པར་མི་འགྱུར་རོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་ལ། གང་ལ་ལ་ལོངས་སྤྱོད་ཀྱི་དྲེགས་པས་མྱོས་ཏེ། སྤྱོད་པ་ངན་པས་སེམས་ཅན་རྣམས་ལ་འཁུ་བར་བྱེད་ན་དེ་ལས་སེམས་ཅན་རྣམས་བསྲུང་བ་ཉིད་ནི་སེམས་ཅན་ཀུན་ལ་ཕན་ཕྱིར་ཞེས་བྱ་བ་ཡིན་ནོ། །

སངས་རྒྱས་དོན་དུ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སངས་རྒྱས་རྣམས་ཀྱི་དོན་ནི་བསྟན་པ་བསྲུང་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བྱ་བ་འདི་ནི་དོན་ཏེ། དགོས་པ་ཡིན་ལ་དེའི་དོན་དུ་སྦྱོར་བས་ན་སངས་རྒྱས་དོན་དུ་སྦྱོར་བའོ། །འདི་སྐད་སྟོན་ཏེ། གང་ལ་ལ་གདུག་ཅིང་

གཏུམ་པ་རྣམས་ལོངས་སྤྱོད་ཀྱིས་དྲེགས་པས་མྱོས་ཏེ། བསྟན་པ་རྣམ་པར་འཇིག་པར་བྱེད་པ་ན་དེ་གདུལ་བར་བྱ་བའི་ཕྱིར་བརྒྱ་བྱིན་གྱིས་ཚོང་དཔོན་གྱི་ནོར་སྦས་པ་བཞིན་དུ། དེའི་ནོར་རེ་ཞིག་དབྲོག་པར་བྱའོ། །ཕ་རོལ་ནོར་རྣམས་ཕྲོག་ཀྱང་ནི། །ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་

เล่ม ๕๖ · หน้า 22b

ཕ་རོལ་གྱི་ནོར་ཕྲོག་ན་ཡང་དེའི་སྡིག་པས་གོས་པར་མི་འགྱུར་རོ། །འདོད་ཆགས་འདྲ་བའི་བདེ་བ་མེད། །ཅེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཏེ། སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་འདོད་ཆགས་ཡིན་ལ། དེ་དང་འདྲ་བའི་བདེ་བ་མེད། །ཅེས་པ་ནི་གང་གི་

ཕྱིར་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཡང་དེ་ལས་འཐོབ་སྟེ། དེ་བས་ན་དེ་དང་འདྲ་བའི་བདེ་བ་ཡོད་པ་མ་ཡིན་ནོ། །རྒྱལ་བ་ལ་ནི་དེ་ཕུལ་ལ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཉིན་རེ་ཞིང་དུས་གསུམ་དུ་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ནས་

མངོན་སུམ་དུ་བླང་བར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བླངས་ནས་བྱང་ཆུབ་ཀྱི་སེམས་བླངས་པའི་འོག་ཏུ་སེམས་བསྐྱེད་པ་དེས་སེམས་ཅན་རྣམས་ཀྱི་དོན་བྱ་དགོས་སོ། །དེ་ལྟར་སེམས་ཅན་རྣམས་ཀྱི་དོན་བྱ་དགོས་པ་ན། གཞན་གྱི་ཆུང་མ་སེམས་ཅན་ཕྱིར། །བསྟེན་པས་བསོད་

ནམས་ཐོབ་པར་འགྱུར། །ཞེས་བྱ་བ་སྟེ་གཞན་པར་ཏེ་མཆོག་གོ། །ཆུང་མ་ནི་ཕྱག་རྒྱ་ཆེན་པོའོ། །དེ་བསྟེན་པ་ནི་བསྒོམ་པ་སྟེ་ཐུན་བཞིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་། ཕྱག་རྒྱ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་རྣལ་འབྱོར་པ་དེ་བསོད་ནམས་

ཤིན་ཏུ་མང་པོ་འཐོབ་པར་འགྱུར་རོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་ལ་མ་འོངས་པ་ན་བདེ་བར་འགྱུར་བའི་ལས་ལ་ནི་ཕན་པ་ཞེས་བྱ་སྟེ། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའོ། །དེ་ལྟ་བུའི་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་།

ཕྱིར་ཞེས་པ་ནི་ཚེ་འདིའི་དོན་རྫོགས་པར་བྱ་བ་སྟེ། །ཚེ་འདིའི་དོན་ནི་ནད་དང་། དབུལ་བ་ལ་སོགས་པའི་སྡུག་བསྔལ་བསལ་བ་སྟེ། དེ་ལྟ་བུའི་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། སངས་རྒྱས་རྣམས་ཀྱི་བསྟན་པའི་ཕྱིར། །ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་བསྟན་པ་བསྲུང་བའི་ཕྱིར་རོ། །

ལས་རྣམས་ཐམས་ཅད་བྱས་པ་ཡིས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ལ་འདོད་ཆགས་ལ་སོགས་པ་གཙང་མས་སེམས་ཅན་རྣམས་ཀྱི་དོན་བྱ་བ་ཉིད་ལས་ཏེ་དང་པོ་ཡིན་ནོ། །རྡོ་རྗེའི་རིགས་ལ་ང་རྒྱལ་ཅན་རྣམས་ཚར་གཅད་པའི་ཕྱིར་དུས་ཅུང་ཞིག་སྲོག་དང་དབྲལ་བ་ནི་ལས་གཉིས་པ་

เล่ม ๕๖ · หน้า 23a

ཡིན་ནོ། །རིན་པོ་ཆེའི་རིགས་ལ་གདུལ་བའི་ཕྱིར་དུས་ཅུང་ཞིག་ནོར་འཕྲོག་པ་ནི་གསུམ་པ་ཡིན་ནོ། །པད་མའི་རིགས་ལ་དེ་བཞིན་གཤེགས་པ་རྣམས་ལས་བྱང་ཆུབ་ཀྱི་སེམས་ཡང་དག་པར་བླང་བ་དང་དཀྱིལ་འཁོར་བསྒོམ་པ་ནི་ལས་བཞི་པ་ཡིན་ནོ། །ལས་ཀྱི་རིགས་

ལ་མཆོད་པའི་ལས་རྣམས་དང་སེམས་ཅན་རྣམས་ཀྱི་དོན་བྱ་བ་ནི་ལྔ་པ་ཡིན་ནོ། །དེ་ལྟར་ལས་ཐམས་ཅད་བྱས་ན་དེས་བསོད་ནམས་ཤིན་ཏུ་མང་པོ་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ། ཀོ་ས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་མངོན་པར་རྟོགས་པའི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་རིགས་ཀྱི་རྟོག་པའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྣམ་པར་དབྱེ་བ་མཛད་ནས། འཇིག་རྟེན་གསུམ་གྱི་འཁོར་ལོ་དེ་དག་སྐྱབས་གསུམ་

ལེན་པ་ལ་བཙུད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསྟན་པ་ལ་ཞུགས་པ་དེ་རྣམས་ལམ་ལ་གཟུད་པའི་ཕྱིར་ཆོས་བཤད་པ་གཙོར་བྱ་དགོས་པས་ན་དེ་གཙོར་གྱུར་པའི་འགྲོ་བ་འདུལ་བ་ཞེས་བྱ་བའི་བརྟག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་

ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་རྟོག་པ་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །གཅིག་ཏུ་འདུས་ཏེ་ཞེས་བྱ་བ་ནི་འདུ་བ་མཛད་པའོ། །

བཅོམ་ལྡན་འདས་ཞེས་བྱ་བ་ནི་བསྐལ་པ་ཕུན་སུམ་ཚོགས་པའི་ཕྱིར་བཅོམ་ལྡན་འདས་སོ། །ཕྱག་ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ནི་སྔར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་ཀྱིས་བཞུགས་པ་གང་ཡིན་པ་དེ་ཉིད་དོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་

དོ། །དེའི་བདག་པོ་ནི་གཙོ་བོར་གྱུར་པ་སྟེ། དབང་དུ་གྱུར་ཅིང་མཁས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་དང་། སྤྱོད་པ་ལ་གཟིགས་པ་དང་། འཇིགས་པ་ཆེན་པོ་བརྒྱད་ལ་གཟིགས་པའི་དབང་པོ་ཡིན་པས་

เล่ม ๕๖ · หน้า 23b

ན་སྤྱན་རས་གཟིགས་ཀྱི་དབང་པོ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བརྒྱ་རྩ་བརྒྱད་མངའ་བས་ནི་མཚན་བརྒྱ་རྩ་བརྒྱད་པ་དེས་གསོལ་བ་བཏབ་པའོ། །འདིས་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །གསོལ་བ་བཏབ་པ་ཞེས་བྱ་བ་ནི་མཆོད་པ་སྔོན་དུ་འགྲོ་བས་གསོལ་

བ་འདེབས་པ་སྟེ། དེ་མཛད་པའོ། །དེ་ལ་འདིར་རེ་ཞིག་དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས་དང་པོ་བསྟོད་པའི་ཕྱིར། པདྨོའི་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དེ་ཉིད་པདྨའི་རིགས་ཀྱི་སྒོ་ནས་པདྨོའི་སེམས་དཔའ་ཞེས་གསུངས་པ་ཡིན་ནོ། །

དེ་རྣམས་ཀྱི་བདག་པོར་གྱུར་པས་ན་པདྨ་ཆེའོ། །འཇིག་རྟེན་གསུམ་གྱི་དབང་ཕྱུག་ཡིན་པས་ན་འཇིག་རྟེན་གསུམ་གྱི་དབང་པོ་སྟེ། བདག་པོ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་དོན་མཛད་པས་ན་དབང་ཕྱུག་ཆེན་པོའོ། །འཇིགས་པ་

ཆེན་པོ་བརྒྱད་ལ་གཟིགས་པ་ལ་མངའ་བརྙེས་པའི་ཕྱིར་རམ། པདྨའི་ཕྱག་རྒྱའི་ཆགས་པ་ལ་གཟིགས་པའི་ཕྱིར་སྤྱན་རས་གཟིགས་དབང་ངོ་། །བརྟན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དེ་དག་གི་ནང་ན་བརྟན་པས་ན་མཆོག་ཏུ་གྱུར་པ་སྟེ། ངན་སོང་བ་རྣམས་ཀྱང་པདྨ་ལྟ་བུར་

བྱའོ་ཞེས་འཁོར་བར་སྐྲག་པ་མི་མངའ་བའི་ཕྱིར་བརྟན་པའི་མཆོག་གོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་པོས་ཆོས་གང་རང་བཞིན་གྱིས་རྣམ་པར་དག་པར་གཟིགས་པ་དེ་ལ་སུས་ཀྱང་གཞན་དུ་བསྒྱུར་བར་མི་ནུས་པའི་ཕྱིར་མི་ཕྱེད་པའི་ཆོས་ཉིད་དང་ལྡན་པས་ན་རྡོ་རྗེ་ཆོས་སོ། །ཚིགས་

སུ་བཅད་པ་འདིས་ནི་མཚན་བདུན་ཡང་དག་པར་བསྡུས་པ་ཡིན་ནོ། །ཚིགས་སུ་བཅད་པ་གཉིས་པས་ནི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་བདག་པོར་གྱུར་པའི་སྒོ་ནས་བསྟོད་པ་ཡིན་ཏེ། ཆོས་རྣམས་ལ་བདག་པོར་གྱུར་པས་ན་ཆོས་ཀྱི་རྒྱལ་པོའོ། །ཐུན་མོང་མ་ཡིན་པའི་མཁྱེན་པ་ལ་

མངའ་བརྙེས་པ་ན་དག་པ་ཆེ་སྟེ། མི་ཤེས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སེམས་པའི་རྒྱལ་པོ་སྟེ། ཐུན་མོང་མ་ཡིན་ཞིང་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཉེ་བར་སྟོན་པར་མཛད་པའི་ཕྱིར་རོ། །དབང་པོ་ཡོངས་སུ་མ་སྨིན་པ་རྣམས་དབང་པོ་ཡོངས་སུ་སྨིན་པར་

เล่ม ๕๖ · หน้า 24a

བྱ་བའི་ཕྱིར། ཉིད་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕན་འདོགས་པ་དང་། ཚར་གཅོད་པ་སྤྱོད་པས་ན་བློ་གྲོས་ཆེན་པོའོ། །ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཐུགས་སུ་ཆུད་པས་ན་བློ་གྲོས་ཆེན་པོའོ། །པདྨོའི་ཆོས་དང་རྗེས་སུ་མཐུན་པའི་

ཕྱིར་པདྨོའི་བདག་ཉིད་དོ། །ཁམས་གསུམ་མ་ལུས་པར་ཁྱབ་པར་མཛད་པས་ན་པདྨ་ཆེའོ། །པདྨའི་མགོན་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་མགོན་པོར་གྱུར་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་འདི་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །འདི་ནི་པདྨོ་ལས་བྱུང་བ་ཡིན་པའི་

ཕྱིར་པདྨོ་ལས་བྱུང་བ་སྟེ། བསྒོམས་པའི་སྟོབས་ཀྱིས་པདྨོའི་ཕྱག་རྒྱ་ལས་ཡང་དག་པར་བྱུང་བ་ཡིན་པའི་ཕྱིར་རོ། །པདྨ་བཟང་པོ་ནི་པད་བཟང་སྟེ། གང་དེ་ཏིང་ངེ་འཛིན་གྱི་སྟོབས་ལས་བྱུང་བའོ། །དེ་ཉིད་ཀྱི་སྣང་བ་མངའ་བས་ན་པད་བཟང་འོད་དེ། འོད་ནི་སྐུའི་མདངས་ཀྱི་འོད་དོ། །པདྨ་ལྟར་

དག་པའི་རང་བཞིན་མངའ་བས་ན་པདྨོ་དག་པའོ། །འདི་སྐད་སྟོན་ཏེ། ཇི་ལྟར་པདྨ་ཆུ་ལས་སྐྱེས་ཀྱང་རང་བཞིན་གྱིས་དག་པའི་ཕྱིར་ཆུའི་ཉེས་པས་མི་གོས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཀྱང་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་མཛད་པའི་ཕྱིར། འཁོར་བར་

ཞུགས་ཀྱང་འཁོར་བ་རྣམས་ཀྱི་ཉེས་པས་མི་གོས་སོ། །སེམས་ཅན་རྣམས་ཤིན་ཏུ་དག་པར་མཛད་པས་ན་རབ་དག་བྱེད་དེ་པདྨ་དང་འདྲ་བ་ཉིད་དོ། །དཔེར་ན་པདྨ་ནི་བཀྲ་ཤིས་པའི་གནས་སུ་གྱུར་པས་ཕྱོགས་གོང་དུ་སྐྱེ་བའི་ས་ཕྱོགས་དེ་གཙང་མར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་

འཇིག་རྟེན་དབང་ཕྱུག་ཀྱང་གང་དུ་བལྟམས་པའི་སེམས་ཅན་གྱི་འཇིག་རྟེན་དེར་སྐྱེ་བ་ཞེས་པ་ཙམ་གྱིས་དག་བྱེད་དུ་གྱུར་པར་མཛད་དོ། །དེ་ཡང་། ཡོན་ཏན་ཡང་དག་རྒྱན་ལྡན་དམ་པ་ནི། །གང་དང་གང་དུ་གནས་པར་གྱུར་པ་དག །དེ་དང་དེར་ནི་བཀྲ་ཤིས་ལྡན་བཤད་དེ། །འབབ་སྟེགས་དེ་ཡིན་

དཀའ་ཐུབ་ནགས་དེ་ཡིན། །ཞེས་ཚིགས་སུ་བཅད་པས་ཇི་སྐད་བཤད་པ་ལྟ་བུ་དང་། གནས་པ་དག་ཏུ་འགྲོ་བ་ཡི། །མིག་གིས་རྟག་ཏུ་ཁྱོད་མཐོང་ཞིང་། །གང་ཞིག་ཁྱོད་ཀྱི་ཞལ་བལྟ་བ། །འཇིག་རྟེན་དེ་ཉིད་བསོད་ནམས་ལྡན། །ཞེས་བཤད་པ་ལྟ་བུ་སྟེ། དེ་ལྟ་བས་ན་རབ་

เล่ม ๕๖ · หน้า 24b

དག་བྱེད། །ཅེས་བྱ་བའོ། །རྡོ་རྗེས་མཚན་པའི་པདྨ་མངའ་བས་ན་རྡོ་རྗེ་པདྨའོ། །ཡང་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་པདྨའི་གཟུགས་སུ་བཞུགས་པས་ན་རྡོ་རྗེ་པདྨའོ། །པདྨ་བཟང་པོ་ནི་པདྨ་མཆོག་སྟེ། ཏིང་ངེ་འཛིན་གྱི་པདྨའོ། །དེ་འདབ་མ་ལྟར་ཤིན་ཏུ་འཇམ་པའི་སྐུ་མངའ་བས་

ན་པདྨ་མཆོག་སྐུའོ། །སྔ་མ་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་སྒོ་ནས་བསྟན་པ་ཡིན་ལ། ད་ལྟར་གྱི་ནི་རེག་བྱའི་སྐྱེ་མཆེད་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ། །ཁྱད་པར་ནི་དེ་ཡིན་ནོ། །པདྨོའི་སྟེང་གི་པདྨོ་ཡིན་པས་ན་པདྨ་པདྨོ་སྟེ། འོག་གི་པདྨ་ནི་ཚངས་པའི་པདྨ་ཡིན་ལ། དེའི་སྟེང་དུ་བཅོམ་ལྡན་

འདས་ཀྱི་ཕྱག་རྒྱའི་པདྨ་གནས་པས་ན་དེ་སྐད་ཅེས་བྱའོ། །ཚིགས་སུ་བཅད་པ་འདི་ནི་པདྨའི་རིགས་ཀྱི་སྒོ་ནས་བསྟན་པ་སྟེ། འདི་ལ་ཡང་མཚན་བདུན་ཡོད་དོ། །དེ་ནི་ལས་ཀྱི་རིགས་ཀྱི་སྒོ་ནས་བསྟོད་པར་བྱ་བའི་ཕྱིར། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣ་ཚོགས་ཀྱང་

ཡིན་ལ། ཆེན་པོ་ཡང་ཡིན་པས་ན་སྣ་ཚོགས་ཆེན་པོ་སྟེ། སྣ་ཚོགས་པའི་དགོས་པ་མཛད་པའི་ཕྱིར། །ཁྱབ་པར་མཛད་པས་ན་སྣ་ཚོགས་ཆེན་པོའོ། །སྣང་བ་ཆེན་པོ་མངའ་བས་ན་སྣང་བ་ཆེན་པོ་སྟེ། སྣང་བ་ནི་སེམས་ཅན་གྱི་དོན་མཛད་པ་ལ་སྒྲིབ་པ་མི་མངའ་བའི་ཡེ་ཤེས་སོ། །དགོས་

པ་ཆེན་པོ་མངའ་བས་ན་དགོས་པ་ཆེན་པོ་སྟེ། སེམས་ཅན་མ་ལུས་པའི་བྱ་བ་རྫོགས་པར་མཛད་པའི་ཕྱིར་ཏེ་གདོན་མི་ཟ་བར་གྲུབ་པའོ། །ཆེན་པོ་དང་མཚུངས་པ་མངའ་བས་ན་ཚེ་དང་མཚུངས་ཏེ། ཆེ་བ་ནི་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་

པ་ཤཱཀྱ་ཐུབ་པ་ཡང་དེ་དང་མཚུངས་པར་གྱུར་པས་ན་ཆེ་དང་མཚུངས་སོ། །བརྟན་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བརྟན་པ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་བསྲུང་བ་ལ་ཞུགས་པའི་ཕྱིར་རོ། །གདུག་ཅིང་གཏུམ་པ་རྣམས་ཀུན་དུ་སྐྲག་པར་མཛད་པས་ན་དཔའ་བ་

ཆེན་པོ་སྟེ། དཔའ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དཔའ་བ་ཆེན་པོ་སྟེ། གཟི་མདངས་ཆེན་པོ་དང་ལྡན་པ་ལ་དཔའ་བ་ཆེན་པོ་ཞེས་བཤད་དོ། །འདི་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་བསྟོད་པར་བསྟན་པའི་ཕྱིར་

เล่ม ๕๖ · หน้า 25a

།སེམས་ཅན་བསམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་ནི་སེམས་ཅན་བསམ་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་གང་ཡིན་པ་དེ་ལ་བསམ་པའི་སྒྲར་གསུངས་སོ། །དེ་ཉིད་ཤེས་རབ་དང་ཡེ་ཤེས་སུ་ཡང་དག་པར་ལྡན་

པ་ནི་རྟོགས་པའི་ཆོས་ཀྱི་རང་བཞིན་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དབྱེ་བས་གནས་པ་ལ་ནི་ཐེག་པ་ཆེ་ཞེས་བཤད་དོ། །སེམས་དེ་ཉིད་སྟོང་པ་ཉིད་ལ་དམིགས་པའམ། ཆོས་ཐམས་ཅད་ལ་དམིགས་པས་ན་རྣམ་པར་མི་གཡེང་བ་ནི་རྣལ་འབྱོར་ཆེན་པོ་ཞེས་བཤད་དོ། །སེམས་དེ་ཉིད་ཚངས་

པའི་གཟུགས་སུ་སྤྲུལ་ཏེ། གནས་པ་ལ་ནི་མེས་པོ་ཆེ་ཞེས་བཤད་དོ། །སེམས་ཅན་རྣམས་ཀྱི་གདུལ་བྱའི་དོན་གྱི་ཕྱིར་བདེ་ཟའི་གཟུགས་སུ་སྤྲུལ་པས་ན་བདེ་ཟའོ། །ཤཾ་ནི་བདེ་བ་ལ་བྱ་བ་དེ་བྱེད་པའི་ངང་ཚུལ་མངའ་བས་ན་བདེ་བྱེད་དེ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་མཛད་པའི་ཕྱིར་རོ། །

དག་པའི་སྒྲ་ནི་སེམས་དེ་ཉིད་ལ་བྱ་བར་བཤད་དེ་དག་པའི་སྒྲའི་དོན་ཡིན་པས་ན་དག་པའི་དོན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །པདྨོ་རྒྱས་པ་ཞེས་བྱ་བ་ནི་པདྨ་ཁ་བྱེ་བ་ཞེས་བྱ་བའི་དོན་ཏོ། །སེམས་དེ་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉིད་

གཉིས་དང་བྲལ་བས་ན་པདྨ་རྒྱས་པ་ལྟ་བུ་ཡིན་པས་ན་སངས་རྒྱས་པདྨ་ཞེས་བྱའོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདིས་ནི་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་ཡིན་ནོ། །ད་ནི་བཤད་པའི་ཆོས་རྣམས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར་ཆོས་དེ་ཉིད་དོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་

གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ། གཟུགས་ལ་སོགས་པ་སྟེ་ཆོས་དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་དེ་ཉིད་དོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་མངའ་བས་ན་ཆོས་དེ་ཉིད་དོན་ཏོ། །དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་སོ། །ཡང་ན་ཆོས་བཟང་པོ་ཡིན་པས་ན་དམ་པའི་

ཆོས་སོ། །དག་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ན་དག་པའི་ཆོས་ཏེ་ཐོག་མ་དང་བར་དང་ཐ་མར་དགེ་བའི་ཕྱིར་རོ། །ཆོས་བཟང་པོ་མཛད་པས་ན་ཆོས་རབ་བྱེད་དེ་རྟོགས་པའི་ཆོས་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཆོས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཆོས་ཆེན་པོ་སྟེ། ཐེག་

เล่ม ๕๖ · หน้า 25b

པ་ཆེན་པོའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཆོས་བཟང་པོ་ཡིན་པས་ན་ཆོས་བཟང་པོ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་བསྡུས་པའི་ཟག་པ་མེད་པའོ། །དེ་ལས་ཀྱང་ཐེག་པ་ཆེན་པོའི་ཆོས་ནི་མཆོག་ཏུ་གྱུར་པ་ཡིན་པས་ན། ཆོས་བཟང་མཆོག་གོ། །གདུལ་བྱ་རྣམས་ཀྱི་

རྒྱུད་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་འཇུག་པར་མཛད་པས་ན་ཆོས་ཀྱི་འཁོར་ལོའོ། །འདི་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་འོད་དཔག་ཏུ་མེད་པའི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སེམས་དཔའ་ཡིན་པས་ན་སངས་རྒྱས་སེམས་དཔའོ། །སེམས་དཔའ་བཟང་པོ་ཡིན་པས་ན་སེམས་བཟང་སྟེ། བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་པས་ན་སེམས་བཟང་མཆོག་གོ། །འོད་དཔག་ཏུ་མེད་པས་

ཡོངས་སུ་བཟུང་བ་ཉིད་ཀྱིས་ན་ཆོས་ཉིད་རབ་ཏུ་རྟོགས་པའི་ཕྱིར་ཆོས་ཀྱི་སེམས་དཔའོ། །སེམས་དཔའ་བཟང་པོ་ཡིན་པས་ན་སེམས་མཆོག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་རྟོགས་པའི་ཕྱིར་རོ། །སེམས་དཔའ་ཞེས་བྱ་བའི་སྒྲ་ནི་བསམ་པ་ལ་བྱ་བར་བཤད་ལ།

དེ་ལྟ་བུའི་བསམ་པ་འཛིན་པར་མཛད་པས་ན་སེམས་མཆོག་འཛིན་ཅེས་བཤད་དོ། །སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་སེམས་དཔའ་དམ་པ་སྟེ། རང་གི་ངོ་བོ་ཉིད་ཀྱིས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །ཤིན་ཏུ་ཡང་སེམས་ཅན་རྣམས་མཁྱེན་པས་ན་སེམས་

མཆོག་ཤེས་སོ། །ཡང་ན་སེམས་དཔའ་མཆོག་རྣམས་མཁྱེན་པས་ན་སེམས་དཔའ་མཆོག་ཤེས་སོ། །འཁོར་བར་ཆགས་པས་ན་སེམས་ཅན་ཏེ། སྡུག་བསྔལ་ཅན་རྣམས་སོ། །དེ་རྣམས་ལ་རྗེས་སུ་ཐུགས་བརྩེ་བས་འཇིགས་པ་ཆེན་པོ་བརྒྱད་ལས་བསྐྱབ་པར་བྱ་བའི་ཕྱིར་ཆགས་

པར་མཛད་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ན་སེམས་ཅན་སེམས་དཔའ་ཞེས་བཤད་དོ། །ཚིགས་སུ་བཅད་པ་འདི་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།

เล่ม ๕๖ · หน้า 26a

སྤྱན་རས་གཟིགས་ཀྱིས་འཚོ་བས་ན་སྤྱན་རས་གཟིགས་སོ། །སྤྱན་རས་གཟིགས་པ་ལ་མངའ་བརྙེས་པས་ན་སྤྱན་རས་གཟིགས་དབང་སྟེ། རང་བཞིན་གྱིས་དག་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་མངའ་བརྙེས་པའི་ཕྱིར་རོ། །མགོན་པོ་ནི་དེ་

བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་སྲས་ཀྱི་མཆོག་ཡིན་པས་ན་མགོན་པོ་མཆོག་གོ། །ཡང་ན་མགོན་པོ་ནི་ཕོངས་པ་རྣམས་ལས་སྐྱོབ་པར་བྱེད་པ་སྟེ། འཇིགས་པ་ཆེན་པོ་བརྒྱད་ཀྱིས་ཟིན་པ་རྣམས་ལས་ཡོངས་སུ་སྐྱོབ་པར་མཛད་པས་ན་མགོན་པོ་རྣམས་ཀྱི་མཆོག་ཏུ་

གྱུར་པས་ན་མགོན་པོའི་མཆོག་གོ། །མགོན་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མགོན་པོ་ཆེན་པོ་སྟེ། གདུལ་བྱའི་དོན་གྱི་བྱ་བ་ཆེན་པོ་ལ་བརྩོན་པར་མཛད་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཁྱད་པར་དུ་རྣམ་པར་གཟིགས་པས་ན་རྣམ་གཟིགས་པའོ། །ཡེ་ཤེས་

ཀྱི་སྣང་བ་ཤིན་ཏུ་ཡང་འཕེལ་བར་གྱུར་པས་ན་སྣང་བའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བདག་ཉིད་ཅན་ཡིན་པས་ན་འཇིག་རྟེན་ནོ། །འཇིག་རྟེན་རྣམས་ཀྱི་དོན་མཛད་པས་ན་འཇིག་རྟེན་དོན་ཏོ། །འཇིག་རྟེན་མགོན་ཁྱོད་ཅེས་བྱ་བ་ནི་མཚན་ཏེ། དེ་བས་ན་མཚན་དེས་

མཚོན་པར་བྱས་ཏེ་བསྟོད་པ་ཡིན་ནོ། །ཚིགས་སུ་བཅད་པ་འདི་ནི་མཚན་བརྒྱད་ཀྱིས་བསྟོད་པ་ཡིན་ནོ། །ད་ནི་ཆོས་ཀྱི་ཕྱག་རྒྱའི་སྒོ་ནས་བསྟོད་པའི་ཕྱིར་འཇིག་རྟེན་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དུ་མི་འགྱུར་བས་ན་ཡི་གེ་སྟེ། རྟག་པ་ཞེས་བྱ་བའི་དོན་ཏོ། །

ཡང་ན་མི་འགྱུར་བས་ན་ཡི་གེ་སྟེ། གང་ཆོས་རྣམས་ཀྱི་ཆོས་ཉིད་ནི་ངོ་བོ་ཉིད་ལས་མི་འགྱུར་བ་ཡིན་པའི་ཕྱིར་རོ། །ཡི་གེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཡི་གེ་ཆེན་པོ་སྟེ། ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །འཇིག་རྟེན་ན་ཡི་གེ་སྟེ་མི་འགྱུར་བར་འདོད་པ་གང་ཅི་ཡང་

རུང་བ་རྟག་པར་འདོད་པ་དེ་རྣམས་ཀྱི་མཆོག་སྟེ་དམ་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཉིད་ཀྱི་མཆོག་ཡིན་པའི་མི་འགྱུར་བ་གང་གིས་མཚུངས་པར་གྱུར་པས་ཡི་གེ་ནི་དེ་བཞིན་གཤེགས་པ་སྟེ་དེ་དང་མཚུངས་པ་གང་ཡིན་པ་དེ་ནི་ཡི་གེ་འདྲའོ། །མི་འགྱུར་བ་རྣམས་ཀྱི་ཡང་མི་འགྱུར་བ་

เล่ม ๕๖ · หน้า 26b

ཡིན་པས་ཡི་གེའི་ཡི་གེ་སྟེ། མི་འགྱུར་བ་ནི་དེ་བཞིན་གཤེགས་པ་སྟེ། ཡེ་ཤེས་ལས་སྤྲུལ་པའི་སྐུའི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་ཆོས་ཀྱི་སྐུ་ལ་ལྷག་པའི་སྤྱོད་པར་མཛད་པས་མི་འགྱུར་བའི་ཡང་མི་འགྱུར་བ་ནི་ཡི་གེའི་ཡི་གེའོ། །སྤྱན་ལྔ་དང་ལྡན་པས་ན་ཐམས་ཅད་སྤྱན་ཏེ། ཤའི་སྤྱན་

དང་། ལྷ་དང་། ཆོས་དང་། ཤེས་རབ་དང་སངས་རྒྱས་ཀྱི་སྤྱན་དང་ལྡན་པའི་ཕྱིར་ཐམས་ཅད་སྤྱན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའི་ཡི་གེའི་འཁོར་ལོའི་གཟུགས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། འཁོར་ལོའི་ཡི་གེ་ཁྱོད་ཕྱག་འཚལ། །ཞེས་བྱ་བ་སྟེ། འདིར་

ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་ཚིགས་སུ་བཅད་པ་འདིས་བསྟོད་པའི་ཕྱིར་ཕྱག་ན་པདྨོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་ན་མཚན་པར་གྱུར་པའི་པདྨ་མངའ་བས་ན་ཕྱག་ན་པདྨོའོ། །ཕྱག་ཆེན་པོ་མངའ་བས་ན་ཕྱག་ཆེན་པོ་སྟེ་

གདུལ་བྱ་རྣམས་ཀྱི་དགོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཁྱབ་བདག་ཉིད་དུ་གྱུར་པར་སྟོན་པའི་ཚེ། ཕྱག་གི་མཐིལ་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འགེབས་པར་མཛད་པའི་ཕྱིར་ཕྱག་ཆེན་པོའོ། །འཇིགས་པ་ཆེན་པོ་བརྒྱད་ཀྱིས་སྐྲག་པར་གྱུར་པ་རྣམས་ལ་མི་

འཇིགས་པ་སྦྱིན་པའི་ཕྱག་གིས་དབུགས་འབྱིན་པར་མཛད་པས་ན་དབུགས་འབྱིན་པའོ། །མཆོག་སྦྱིན་པའི་ཕྱག་གིས་ཡི་དགས་རྣམས་ཀྱི་ཁར་བདུན་རྩི་ལ་སོགས་པ་སྩོལ་བར་མཛད་པས་ན་སྦྱིན་པ་པོའོ། །སངས་རྒྱས་རྣམས་ཀྱི་ཆོས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་

པ་མདོ་སྡེ་རྣམས་ཡང་དག་པར་བསྡུས་པ་ལ་འཇུག་པར་མཛད་པས་ན་སངས་རྒྱས་ཆོས་སོ། །འདི་ལ་སངས་རྒྱས་ཆེན་པོ་མངའ་བས་ན་སངས་རྒྱས་ཆེན་པོ་སྟེ། དབུ་ལ་སངས་རྒྱས་འོད་དཔག་ཏུ་མེད་པ་འཇོག་པར་མཛད་པ་དང་། སངས་རྒྱས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པ་ཡིན་པས་ན་

སངས་རྒྱས་ཆེའོ། །རྡོ་རྗེ་སེམས་དཔའི་གནས་སུ་སངས་རྒྱས་ཀྱི་སྐུར་བཞུགས་པས་ན་སངས་རྒྱས་བདག་ཉིད་དོ། །འདིར་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་གཟུགས་ཀྱི་སྐུའི་སྒོ་ནས་བསྟོད་པའི་ཕྱིར་སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་

เล่ม ๕๖ · หน้า 27a

རྣམས་ཀྱི་གཟུགས་ནི་སངས་རྒྱས་གཟུགས་ཏེ། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། སངས་རྒྱས་རྣམས་ཀྱི་སྤྲུལ་པས་བཞུགས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པའི་ཕྱིར་ན་གཟུགས་ཆེན་པོའོ། །

ཕྱག་ན་རྡོ་རྗེའི་གཟུགས་ཀྱིས་བཞུགས་པས་ན་རྡོ་རྗེའི་གཟུགས་སོ། །གཟུགས་བཟང་པོ་འཛིན་པར་མཛད་པས་ན་གཟུགས་བཟང་འཆང་ངོ་། །ཆོས་རྣམས་ཀྱི་སྣང་བ་མཛད་པས་ན་ཆོས་ཀྱི་སྣང་བ་སྟེ་སྣང་བ་ནི་ཡེ་ཤེས་ལ་བྱའོ། །གང་ལ་གཟི་བརྗིད་བཟང་པོ་མངའ་བ་དེ་ནི་གཟི་བརྗིད་དོ། །

དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་ཉི་མ་ཡིན་ལ། །ཏིང་ངེ་འཛིན་གྱིས་བཞུགས་པའི་ཕྱིར་རོ། །འཇིག་རྟེན་རྣམས་ལ་ཕྱིན་ཅི་མ་ལོག་པའི་ཆོས་སྟོན་པས་སྣང་བར་མཛད་པའི་ཕྱིར་འཇིག་རྟེན་སྣང་བའོ། །འདིར་ཡང་མཚན་བདུན་པོ་ཉིད་ཀྱིས་བསྟོད་པ་ཡིན་ནོ། །ད་ནི་རིགས་ཀྱི་སྒོ་ནས་བསྟོད་པའི་ཕྱིར་པདྨོའི་

དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨོའི་རིགས་ཀྱི་དཔལ་ཡིན་པས་ན་པདྨོའི་དཔལ་ཏེ། ཆུའི་དཔལ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེའི་མགོན་པོ་ཡིན་པས་ན་པདྨོའི་དཔལ་གྱི་མགོན་པོའོ། །མགོན་པོ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་མགོན་པོ་མཆོག་སྟེ། རིགས་པའི་རྒྱལ་

པོ་གཞན་རྣམས་ཀྱི་ནང་ན་མཆོག་ཡིན་པའི་ཕྱིར་མགོན་པོ་མཆོག་གོ། །ཆོས་རྣམས་ཀྱི་དཔལ་ཡིན་པས་ན་ཆོས་དཔལ་སྟེ་ལྷ་མོ་དབྱངས་ཅན་ནོ། །དེའི་མགོན་པོ་ནི་བདག་པོར་གྱུར་པ་སྟེ་དེས་ན་ཆོས་དཔལ་མགོན་པོའོ། །འདི་ལ་མགོན་པོ་མངའ་བས་ན་མགོན་ལྡན་ཏེ། འོད་དཔག་ཏུ་མེད་པ་དང་ལྡན་པ་

ཞེས་བྱ་བའི་དོན་ཏོ། །ཚངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏེ་འདིའི་མགོན་པོ་མངའ་བས་ན་ཚངས་པའི་མགོན་པོའོ། །ཚངས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཚངས་པ་ཆེན་པོ་སྟེ། གདུལ་བྱ་རྣམས་ཀྱི་དབང་གིས་ཚངས་པའི་གཟུགས་སུ་སྤྲུལ་པ་མཛད་པས་ན་

ཚངས་པ་ཆེན་པོའོ། །ཚངས་པའི་སྲས་ཡིན་པས་ན་ཚངས་སྲས་ཏེ་སངས་རྒྱས་ཀྱི་སྲས་ཞེས་བྱ་བའི་དོན་ཏོ། །འདིར་ཡང་མཚན་བདུན་གྱིས་བསྟོད་པ་ཡིན་ནོ། །ད་ནི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་ཕྱིར་སྣང་བའི་སྣང་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མར་མེ་དང་འདྲ་བས་ན་སྣང་བ་སྟེ།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด