དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๕ · หน้า 238a
ལ། དེ་གཉིས་ཀྱི་བཅུད་ཀྱིས་ལེན་ལ་སོགས་པའི་སྦྱོར་བ་ཉིད་མཛད་དེ། ཡུན་རིང་བར་གནས་པ་དང་། ནད་མེད་པ་དང་། སྟོབས་ཀྱིས་རྒྱས་པ་ལ་སོགས་པ་དང་ལྡན་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཚེ་འཕེལ་བར་འགྱུར་རོ། །ཀུ་ཤའི་མྱུ་གུ་འབྲུ་མར་དུ་བཏགས་
པའི་སྦྱིན་སྲེག་བྱས་ལ་འདི་ལྟར་བསམ་ལ། འཇིགས་པ་གང་གིས་གང་ཞིག་ཉེན་པར་གྱུར་པའི་འཇིགས་པའི་རྒྱུ་དེ་ཀུ་ཤའི་མྱུ་གུ་འབྲུ་མར་དང་བཅས་པ་འབར་བས་དེའི་མོད་ལ་ཐལ་བར་བརླག་པར་བསམས་ན་འཇིགས་པའི་རྒྱུ་སྲེག་པས་རྟག་ཏུ་བསྲུང་བར་འགྱུར་རོ། །ད་ནི་ཡམ་ཤིང་ཚ་བ་ཞེས་བྱ་བ་
ལ་སོགས་པས་ལས་གཞན་སྟོན་ཏེ། སྔགས་པས་ཡམ་ཤིང་ཚ་བ་ལས་མེ་སྦར་ཏེ། དང་པོར་ཞེས་བྱ་བ་ནི་ཐོག་མར་ཡམ་ཤིང་ཚ་བ་ལས་མེ་སྦར་ལ། སྦྱིན་སྲེག་བྱེད་བཞིན་པ་ཉིད་ཀྱི་ཚེ་ནི་ཚ་བའི་ཤིང་མེད་ན། ཕྱིས་ནི་གཞན་ལས་སྦར་ཡང་འགལ་བ་མེད་དོ་ཞེས་ཤེས་སོ། །སེ་བ་ཞེས་བྱ་བ་ནི་
སེ་བ་དང་། རྒྱ་ཤུག་ལ་སོགས་པ་ཤིང་ཚེར་མ་ཅན་གྱིས་སྦྱིན་སྲེག་བྱས་ལ། མེ་དང་རང་གི་ལྷ་ཁ་ལོ་བ་ལྟ་བུ་གཉིས་བསྒྲུབ་པར་བྱ་བ་གླང་པོ་ཆེ་ལྟ་བུའི་ཕྲག་པ་ལ་ཞོན་ཏེ། ཅི་དགའ་བར་ཁྲིད་དེ་བྱོན་པར་བསམ་སྟེ། དེ་ལྟར་སེ་བའི་ཚེར་མས་འགུགས་པར་འགྱུར་རོ། །དེ་དག་ཉིད་ཀྱིས་
ཞེས་བྱ་བ་ནི་ཚ་བ་ཉིད་དོ། །ཁྲོ་བ་དང་ལྡན་པར་ཞེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་ཏེ། མེ་ཏོག་དམར་པོ་དང་འབྲས་བུ་དམར་པོས་སྦྱིན་སྲེག་བྱ་ཞིང་གང་གི་ཕྱིར་བྱ་བ་དེ་དམར་པོར་བལྟས་ཏེ། མེ་ཏོག་དང་འབྲས་བུ་དམར་པོའི་ཁུ་བའམ། རྒྱ་སྐྱེགས་ཀྱི་ཁུ་བས་སྤྱི་བོ་ནས་བརྩམས་
ཏེ་རྐང་མཐིལ་གྱི་བར་དམར་བར་བསམས་ན། དེ་ལྟ་བུ་ནི་གཅིག་གམ་གཉིས་སམ། མང་པོ་ནས་ཇི་སྲིད་སྐྱེ་བོ་ཐམས་ཅད་ལ་ཐུག་གི་བར་དུ་དགའ་ཞིང་རངས་པར་འགྱུར་རོ་ཞེས་སྦྱོར་བའི་མཐུ་བསྟན་པ་ཡིན་ནོ། །རྣལ་འབྱོར་ཅན་ཞེས་བྱ་བ་མཉམ་པར་བཞག་པས་ཡམ་ཤིང་ཚ་བ་དེ་ཉིད་ཀྱིས་མེ་
སྦར་ལ། ལྕགས་ཀྱི་ཕྱེ་མའི་སྦྱིན་སྲེག་བྱས་ཏེ། དེ་རྡོ་རྗེ་ལྕགས་སྒྲོག་ཏུ་གྱུར་པས་བསྒྲུབ་པར་བྱ་བ་བཅིངས་པར་བསམས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་བཅིངས་པ་ཉིད་དུ་འགྱུར་རོ། །དེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་ཚ་བའོ། །མཉམ་པར་གཞག་སྟེ་ཞེས་བྱ་བ་ནི་བདག་དང་། རྫས་དང་། མེ་དང་།
เล่ม ๕๕ · หน้า 238b
ལྷ་དང་། བསྒྲུབ་པར་བྱ་བ་ལ་ཡིད་གཏོད་པ་དང་། འབྲས་བུ་ཁ་བའི་སྦྱིན་སྲེག་བྱེད་ཅིང་། དེ་དུག་ཧ་ལ་ཧ་ལ་དང་འདྲ་བར་རེག་ཏུ་མི་བཟོད་པས་ཤིན་ཏུ་གདུག་ཅིང་གཏུམ་པའི་སེམས་ཅན་དེ་རྣམས་ལ་སྡིག་པ་དེ་དང་དྲ་བྲལ་བ་དང་། དེས་ཉེ་བར་གཙེས་པའི་སེམས་ཅན་རྣམས་བསྲུང་བར་བྱ་
བའི་ཕྱིར། དེའི་ཟས་དང་། སྐོམ་ལ་སོགས་པ་དང་། ལུས་དང་སྟན་དང་། གོས་ལ་སོགས་པ་ལ་ཡང་གཏོར་ཞིང་དེ་རྣམས་ཀྱི་སྲོག་དང་འབྲལ་བར་བྱེད་པར་བསྒོམས་ཏེ་དེ་ལྟ་བུས་ནི་སྐད་ཅིག་གིས་གསོད་པ་སྐྱེད་པར་བྱེད་དོ། །མཁས་པས་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་དང་མེ་ཏོག་
སྐྱུར་བ་རྣམས་ཀྱིས་སྦྱིན་སྲེག་བྱས་ན་གང་ཡང་རུང་བ་དབང་དུ་བྱ་བའི་དམ་པ་ཡིན་ནོ། །འདི་སྐད་སྟོན་ཏེ། མེའི་ནང་ན་ཡོད་པའི་འབྲས་བུའམ། མེ་ཏོག་འདི་ལ་བསྒྲུབ་པར་བྱ་བ་དེ་ཤིན་ཏུ་དགའ་ཞིང་སྲེད་ལ། དགོས་པར་བསམས་ན་མགུ་སྟེ་དབང་དུ་འགྱུར་རོ། །དེ་དག་ཉིད་ཀྱིས་ཞེས་བྱ་བ་ཡམ་
ཤིང་སྐྱུར་བ་ཉིད་ཀྱིས་སྦྱིན་སྲེག་བྱེད་པའོ། །འདོད་པའི་འབྲས་བུ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་པོ་སོན་ཆ་ཡིན་ནོ་ཞེས་ཟེར་རོ། ལ་ལ་ནི་ཨ་ཤོ་ཀའི་འབྲས་བུ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ་བུའི་འདོད་པའི་འབྲས་བུ་བསྲེགས་ན་འདོད་པའི་འབྲས་བུ་དེས་མེ་ལྷ་དང་རང་གི་ལྷ་དགྱེས་པར་འགྱུར་རོ། །དགྱེས་པས་ནི་སྦྱིན་སྲེག་
བྱེད་པའི་སྔགས་པ་ལ་ཅི་འདོད་པའི་གཟུགས་སུ་མཛད་པར་འགྱུར་ཏེ། དེ་ལྟར་ན་འདོད་བཞིན་གྱི་གཟུགས་སུ་འགྱུར་རོ། །དེ་དང་འདྲ་བའི་ཡམ་ཤིང་གིས་ཞེས་བྱ་བ་ནི་སྐྱུར་བ་ཉིད་ཀྱིས་སོ། །མི་སྣང་མེ་ཏོག་སྡོང་བུ་ཡིས། །ཞེས་བྱ་བ་ལ་མི་སྣང་བའི་མེ་ཏོག་ནི། ཨུ་དུམྺཱ་ར་དང་། ནྱ་གྲོ་དྷ་དང་། འོ་མ་ཅན་ལ་སོགས་
པའོ། །སྡོང་བུ་ཞེས་བྱ་བ་ནི་ཡམ་ཤིང་ངོ་། །སྦྱིན་སྲེག་འདོད་ན་མི་སྣང་འགྱུར། །ཞེས་བྱ་བ་ནི་སྦྱིན་སྲེག་བྱས་ན་དགའ་ནས་མི་སྣང་བ་སྟེ། དུས་འདི་སྲིད་ཅིག་མི་སྣང་བར་གྱུར་ཅིག་ཅེས་གསོལ་བ་བཏབ་ན་དུས་དེ་སྲིད་དུ་མི་སྣང་བར་འགྱུར་རོ། །འདི་སྐད་སྟོན་ཏེ། ཐོག་མར་སྔོན་དུ་བསྙེན་པ་བྱ་ཞིང་། རྡོ་རྗེ་ཕྲ་
མོ་བསྒོམས་ནས་སྔོན་དུ་བསྙེན་པའི་ཚེ་ཟླ་བའམ་ཟླ་བ་བཞིར་དཀྱིལ་འཁོར་བྲིས་ལ། ལྷ་རྣམས་གཤེགས་སུ་མ་གསོལ་བ་ཉིད་དུ་ཐུན་མཚམས་བཞིར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །ཟླ་བ་གཅིག་གམ་ཟླ་བ་བཞིའི་མཐར་མཚན་མ་བྱུང་བ་དང་། འདོད་ན་མི་སྣང་བར་གྱུར་ཅིག་ཅེས་དགའ་བའི་དངོས་གྲུབ་གསོལ་
เล่ม ๕๕ · หน้า 239a
ཞིང་མཚན་ཐོག་ཐག་སྦྱིན་སྲེག་བྱས་པ་ལས་གྲུབ་པར་གྱུར་ན་གདོད་མི་སྣང་བར་འགྱུར་རོ། །ནམ་མཁའི་ལྕུག་མ་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་ལྕུག་མ་ནི་རྩ་བ་མེད་པའི་ལྕུག་མ་སྟེ། དེ་ཤིང་གི་སྟེང་དུ་འབྱུང་བ་ཡོད་དེ་ཡུལ་ཀོང་ཀ་ནེ་ན་མང་དུ་མཐོང་ངོ་། །དེའི་མེ་ཏོག་ཀྱང་དེ་བཞིན་ཏེ།
སྔོན་དུ་བསྙེན་པ་བྱ་ཞིང་རྡོ་རྗེ་ཕྲ་མོ་བསྒོམས་ལ། ཟླ་བའམ་ཟླ་བ་བཞིར་དཀྱིལ་འཁོར་བྲིས་ཏེ། ལྷ་རྣམས་གཤེགས་སུ་མ་གསོལ་བར་ཐུན་བཞིར་བྱས་ལ་མཐར་མཚན་ཐོག་ཐག་སྦྱིན་སྲེག་བྱས་ཏེ། གྲུབ་ན་གདོང་ནམ་མཁའ་ལ་དགའ་མགུར་འགྲོ་བར་འགྱུར་རོ། །ཁྲོ་བོར་མཉམ་གཞག་ཅེས་བྱ་བ་ལ་སོགས་
པ་ལ། བཛྲ་ནི་སྣུ་ཧ་སྟེ། དེའི་མེ་ཏོག་གི་སྦྱིན་སྲེག་བྱས་ན། རྡོ་རྗེ་བཀའ་བཞིན་བྱེད་པར་འགྱུར། །ཞེས་བྱ་བ་བསྒོ་བ་བཞིན་དུ་བྱེད་པ་ཉིད་དུ་འགྱུར་བ་སྟེ། འདོད་ན་ལྟུང་བར་འགྱུར་རོ། །ལྟུང་བའི་ཚེ་བཟློག་པར་འདོད་ན་སྡོད་པར་འགྱུར་རོ། །གང་དུ་དགའ་བ་དེར་སོང་སྟེ་ལྟུང་བར་འགྱུར་ཏེ། དེ་ལྟར་ན་བཀའ་
བཞིན་བྱེད་པ་ཡིན་ནོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཁྲོ་དང་ལྡན་པ་ཞེས་བྱ་བ་ནི་འཁྲུགས་པར་གྱུར་པའོ། །དཔའ་བོ་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་ལ་ཕུལ་བའི་ཕྲེང་བ་སྟེ། ཕུལ་ནས་བོར་བའི་ལྷག་མའོ། །དེ་ཡང་བཀའ་ནི་ཉན་པར་འགྱུར། །ཞེས་བྱ་བ་
ནི་འདོད་ན་འབབ་པ་དང་། སྤྱན་དྲང་ན་འོང་བ་དང་། བཏང་ན་འགྲོ་ཞིང་གང་འདོད་པ་ཐམས་ཅད་མཛད་དོ། །དེ་ལྟར་ལས་ཀྱི་མཐུ་བསྟན་དུ་ཟད་ཀྱི། དེ་ལྟ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དམན་པ་རྣམས་ལ་མི་སྦྱོར་ཞིང་གཙེ་བར་མི་བྱའོ། །དེ་རྣམས་ཀྱིས་
སེམས་ཅན་གྱི་དོན་དང་། སྔགས་སྤྱོད་པའི་མཐུ་བསྟན་པར་བྱ་བའི་ཕྱིར། སྦྱོར་བ་འདི་བསྟན་པ་ཡིན་ནོ། །དེ་བས་ན་མཆོག་ཏུ་ཕན་འདོགས་པར་མཛད་པ་རྣམས་ལ་བརྙས་པར་མི་བྱའོ། །དཔའ་བོ་ཞེས་བྱ་བ་སྤྱིར་སྨོས་པ་ལ་བྱ་བར་ཡང་སྙེགས་མོད་ཀྱི། ཕྱག་ན་རྡོ་རྗེ་ཡིན་པར་ཉེ་བར་བཟུང་སྟེ། མཐུ་ཆེ་ཞིང་
དྲག་པོ་ཡང་སྦྱོར་བ་འདིས་དབང་དུ་བྱེད་དོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱང་དབང་དུ་བྱེད་པར་འགྱུར་ཏེ། དཀྱིལ་འཁོར་ལ་སོགས་པར་དབབ་པ་དང་། ཞལ་བསྟན་པ་སྩལ་དུ་གསོལ་ཞེས་བྱ་བ་ལ་སོགས་པའི་ལས་རྣམས་མཛད་དོ། །དེ་ནས་ཞེས་བྱ་བ་ནི་དེ་ཕན་
เล่ม ๕๕ · หน้า 239b
ཆད་དོ། །གསང་བ་ནི་སྦས་པ་ལ་བྱ་སྟེ། ཡུལ་དེའི་ལས་ཀྱི་ཡེ་ཤེས་བསླབ་པར་བྱའོ། །ཡིད་འོང་བུད་མེད་ཅེས་བྱ་བ་ནི་གང་ཞིག་སེམས་དཔའ་གང་གི་བཟླས་བརྗོད་བྱེད་པ་དེའི་དམ་ཚིག་གི་ཕྱག་རྒྱའམ་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་དེའི་ཡིད་དུ་འོང་བའི་བུད་མེད་དོ། །ལྷན་ཅིག་ཏུ་གནས་ཤིང་ཞེས་བྱ་བ་
ནི་མཚན་ཐོག་ཐག་གནས་ཏེ། ཕྱག་རྒྱ་དེའི་བུ་གར་ཨཉྫ་ན་བཅུག་ལ། བཀན་ནས་མཚན་ཐོག་ཐག་ཏུ་སྔགས་སམ་སྙིང་པོ་བརྗོད་པས་བསྐུལ་བར་བྱའོ། །འདི་སྐད་སྟོན་ཏེ། སྔོན་དུ་བསྙེན་པ་དང་། རྡོ་རྗེ་ཕྲ་མོ་ཡང་བསྒོམས་ལ་གང་ཞིག་སེམས་དཔའ་གང་གི་བཟླས་བརྗོད་བྱེད་པ་དེའི་ཕྱག་རྒྱ་བཅིངས་ནས་
དེའི་ནང་དུ་ཨཉྫ་ན་བཅུག་སྟེ། མཚན་ཐོག་ཐག་ཕྱག་རྒྱ་མི་དགྲོལ་བར་སྙིང་པོ་བཟླས་བརྗོད་བྱས་ལ་ནང་པར་དེས་མིག་བསྐུས་ན་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །ལས་ཀྱི་དཀྱིལ་འཁོར་འདིར་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་ཁུ་ཚུར་ཡིན་པར་ཤེས་པར་བྱའོ། །ལྡོང་རོས་བུ་གར་
བཅུག་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། སུའི་བུ་གར་ཞེ་ན། རྡོ་རྗེ་བསྡམས་པའི་སྟེ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་ནང་དུ་གཞུག་གོ། །གལ་ཏེ་བུ་ག་དེ་གན་རྒྱལ་དུ་འཇོག་ཀྱང་སྲིད་པས་དེའི་ཕྱིར། རྡོ་རྗེ་བསྡམས་པས་དེ་གཡོགས་ཏེ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་སྔོན་དུ་བསྙེན་པ་ལ་
སོགས་པ་བྱས་ནས། ལས་ཀྱི་དཀྱིལ་འཁོར་རམ་གང་རིགས་གང་དུ་ཟློས་པ་དེས་རང་གི་ལྷའི་རྣལ་འབྱོར་དུ་བྱས་ལ། ཇི་སྲིད་མཚན་མ་རྣམ་པ་བཞིས་དངོས་གྲུབ་རྣམ་པ་བཞི་འབྱུང་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །མཚན་མ་བཞི་ནི་འགུལ་བ་དང་། དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བ་སྟེ། འགུལ་བས་ནི་
དབང་དུ་བྱེད་པའོ། །དྲོ་བས་ནི་རྐང་མགྱོགས་སུ་འགྱུར་རོ། །དུ་བ་འཐུལ་བས་ནི་མི་སྣང་བར་འགྱུར་རོ། །འབར་བས་ནི་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །གོ་རོ་ཙ་ན་བུ་གར་བཅུག །ཅེས་བྱ་བ་ལ། སུའི་བུ་གར་གཞུག་ཅེ་ན། གསང་བའི་ཁུ་ཚུར་དུའོ། །གསང་བའི་ཁུ་ཚུར་གྱིས་བཙིར་བར། །ཞེས་བྱ་བ་ནི་དེ་ཉིད་ཀྱིས་གོ་རོ་ཙ་
ན་དེ་གཡོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །གསང་བའི་ཁུ་ཚུར་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གསང་བའི་དཀྱིལ་འཁོར་གྱི་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་ལས་ཀྱི་ཕྱག་རྒྱའི་ནང་གི་ཁུ་ཚུར་གང་ཡིན་པ་དེ་ནི་གསང་བའི་ཁུ་ཚུར་རོ། །དེ་ནས་གོ་རོ་ཙ་ན་དེ་ནམ་འབར་བར་གྱུར་པ་དང་། དེའི་ཚེ་དེ་བསྲུང་བ་བྱས་ལ་
เล่ม ๕๕ · หน้า 240a
མནན་པར་བྱའོ། །བསྲུང་བའི་ཁུ་ཚུར་གང་ཡང་རུང་བར་ཡིད་ཀྱིས་བཅུག་སྟེ། རྡོ་རྗེ་གོ་ཆས་གོ་བསྐོན་ལ། དེའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐྱིལ་མོ་ཀྲུང་དུ་བཞུགས་པར་རྣམ་པར་དགོད་དེ། འདི་ནི་གནོན་པའོ། །དེ་ལྟར་བསྲུང་བ་དང་གནོན་པ་བྱས་ནས་དེས་ཐིག་ལེ་
བྱས་ན་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ། །རྫས་ཐམས་ཅད་ལ་ཡང་བསྲུང་བ་དང་མནན་པ་འདི་བཞིན་དུ་ཤེས་པར་བྱའོ། །གུར་ཀུམ་བུ་གར་བཅུག་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་མའི་ནང་དུ་གཞུག་པའོ། །བུ་གར་རྡོ་རྗེ་སེམས་དཔའ་ཡིས། །ཞེས་བྱ་བ་ནི་དེ་ཉིད་ཀྱིས་བུ་ག་དམ་དུ་བཀབ་ཅིང་བུ་ག་
མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཚན་མ་རྣམ་པ་བཞིས་ནི་དངོས་གྲུབ་རྣམ་པ་བཞིར་འགྱུར་བར་ནི་ཐམས་ཅད་དུ་ཤེས་པར་བྱ་སྟེ། ཐམས་ཅད་དུ་ཡང་མཚན་མ་གང་ཡང་རུང་བ་ཙམ་གྱིས་ལྡང་བར་མི་བྱའོ། །འོ་ན་ཇི་ལྟར་བྱ་ཞེ་ན། ནམ་ལངས་ཀྱི་བར་དུ་གནས་པར་བྱ་སྟེ། དེའི་ཚེ་མཚན་མ་ཇི་ལྟ་
བུ་བྱུང་བ་དེ་ལྟ་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཀྱི་ཡེ་ཤེས་དང་། གསང་བའི་དངོས་གྲུབ་བསྟན་ནས། ད་ནི་ཕྱག་རྒྱའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་པོ་ཞེས་གསུངས་ཏེ། བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །
རྡོ་རྗེ་དགོས་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་རྣམས་ཀྱི་སྦྱོར་བ་ཇི་ལྟ་བའི་སྦྱོར་བ་དེས་སྦྱོར་བས་ན་རྡོ་རྗེ་དགོས་པའི་ཚུལ་ལོ། །དེ་ལྟར་རྟོགས་པར་བྱ་བ་དེ་རྣམས་ཀྱང་གང་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །ཅི་རྒྱས་པར་རམ། འོན་ཏེ་མ་
ཡིན་ཞེ་ན། མདོར་བསྡུས་ན་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཅི་དེར་ནི་ལག་པ་གཉིས་ཐལ་མོ་སྦྱར་བའི་ཚུལ་དུ་འཇོག་ན། འདི་ཡང་དེ་ལྟར་བྱ་དགོས་སམ་ཞེ་ན་མ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་ཁུ་ཚུར་གྱིས་ནི་ཞེས་བྱ་བ་གསུངས་ཏེ། ཁྲོ་བོའི་རིགས་ཀྱི་རྡོ་རྗེ་ཁུ་ཚུར་གྱི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །
ཅི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཞི་བའི་གཟུགས་སུ་བྱའམ་ཞེ་ན། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཁྲོ་བོར་མཉམ་པར་གཞག །ཅེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་ནི་བསྟན་ན་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་ཧཱུྃ་ཞེས་མཛུབ་
เล่ม ๕๕ · หน้า 240b
མོའི་ཚུལ་གྱིས་ནི། །དམ་ཚིག་མཆོག་ནི་འདིར་དེ་བཞིན། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཇི་ལྟར་དེར་གནས་དེ་དང་དེ་དག་ཏུ་རྡོ་རྗེ་བཅིང་བ་གཞག་པས། དམ་ཚིག་གི་ཕྱག་རྒྱར་འགྱུར་བ་དེ་བཞིན་དུ་འདིར་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས་མཐེའུ་ཆུང་ལྕགས་ཀྱུར་
སྦྲེལ་བ་བཏང་ལ་གནས་དེ་དང་དེ་དག་ཏུ་བཞག་ན་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱ་ཇི་ལྟ་བུ་ཡིན་ཞེ་ན། ཆོས་ཀྱི་ཕྱག་རྒྱའང་འདིར་དེ་བཞིན། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ལས་ཀྱི་དཀྱིལ་འཁོར་དེར་ཆོས་ཀྱི་ཕྱག་རྒྱ་ནི་ཡི་གེའི་རང་བཞིན་ཡིན་པ་དེ་བཞིན་དུ་འདིར་ཡང་འདྲའོ། །ཡི་གེ་དེ་དག་
ཀྱང་གང་ཡིན་པ་མི་ཤེས་པས་ན་དེའི་ཕྱིར་ཕྱི་མོ་ལས་སྨོས་པའི་ཡི་གེ་རྣམས་ཡིན་པར་སྟོན་ཏེ་ཨ་ཨཱ་ཞེས་བྱ་བ་ནས་ཨཾ་ཨཿཞེས་བྱ་བའི་བར་གྱི་བཅུ་དྲུག་པོ་དེ་རྣམས་ལ་བྱ་སྟེ། དེ་རྣམས་སེམས་དཔའ་བཅུ་དྲུག་དང་རིམ་བཞིན་དུ་སྦྱར་རོ། །ཅི་དེ་རྣམས་འབའ་ཞིག་ཏུ་ཟད་དམ། འོན་ཏེ་མ་ཡིན་ཞེ་ན། ཨོཾ་ཞེས་དང་པོ་
ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཨ་ལ་སོགས་པའི་ཡི་གེ་བཅུ་དྲུག་ལ་རེ་རེ་ཞིང་ཡང་དང་པོ་ཨོཾ་ཞེས་བྱ་བ་དང་བཅས་པ་ནི་བཅུ་དྲུག་པོ་རྣམས་ཀྱི་སོ་སོའི་ཆོས་ཀྱི་ཕྱག་རྒྱར་འགྱུར་རོ། །ལས་ཀྱི་ཕྱག་རྒྱ་ཇི་ལྟ་བུ་ཡིན་ཞེ་ན། ལས་ཀྱི་ཕྱག་རྒྱ་མདོར་བསྡུ་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་
ན་ལས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་བསྟན་པའི་ཁུ་ཚུར་གང་ཡིན་པ་དེ། བསྒྱིངས་བཅས་གསོར་བ་གཉི་ག་ཡིས། །ཞེས་བྱ་བ་ལ་སོགས་པས་གཉིས་སུ་བྱས་ན་ལས་ཀྱི་ཕྱག་རྒྱར་འགྱུར་ཏེ། མདོར་བསྡུས་པ་ནི་འདི་ཡིན་ནོ། །ཐམས་ཅད་གྲུབ་ཅེས་བྱ་བས་ནི་ཕན་ཡོན་སྟོན་ཏོ། །དག་པ་སྟེ་ཞེས་བྱ་
བས་ནི་སྐྱོན་མེད་པའོ། །རྡོ་རྗེ་ལས་ཀྱི་ཚུལ་གྱིས་སོ། །ཞེས་བྱ་བ་ནི་ཐོགས་པ་མེད་པའི་ལས་ཀྱི་སྦྱོར་བས་སོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་འགྲེལ་པ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ལྟར་རྡོ་རྗེའི་རིགས་ཀྱི་ལས་ཀྱི་རྡོ་རྗེ་ལ་
འཁོར་དུ་གཏོགས་པའི་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །བཅོམ་ལྡན་འདས་
เล่ม ๕๕ · หน้า 241a
ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་
ཕྱག་རྒྱའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་གང་ཡིན་ཞེ་ན། རང་གི་རིག་པ་དམ་པ་ཞེས་བྱ་བ་གསུངས་ཏེ། མ་རིག་པ་གཞོམ་པར་བྱ་བའི་ཕྱིར་
ཡེ་ཤེས་བསྟན་པ་གང་ཡིན་པ་དེ་ནི་རིག་པའོ། །དེ་ཡང་རྣམ་པ་མང་བས་དེ་རྣམས་ཀྱི་མཆོག་གང་ཡིན་པ་དེ་ནི་རིག་པ་དམ་པའོ། །དེ་ཅི་ཞིག་མཛད་ཅེ་ན། གསུངས་སོ་ཞེས་བྱ་བ་སྟེ་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་རིག་པ་དམ་པ་གསུངས་
པ་དེ་བཞིན་དུ། ཕྱག་ན་རྡོ་རྗེ་ལ་སོགས་པ་རིག་པའི་རྒྱལ་པོ་བཞིས་ཀྱང་རང་རང་གི་རིག་པ་དམ་པ་གསུངས་པ་ཡིན་ནོ། །དེ་ལྟར་བསྟན་པའི་རིག་པ་དམ་པ་རྣམས་ཀྱི་ཕྱག་རྒྱ་བཞིའི་དཀྱིལ་འཁོར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟོན་པར་མཛད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། ཡང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་ལྟོས་ནས་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །ལས་ཀྱི་དཀྱིལ་འཁོར་གྱི་རྗེས་ཐོགས་ལའོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་མེད་པར་ཐབས་སླ་བས་ཕྱག་རྒྱ་འགྲུབ་པར་མི་འགྱུར་ཏེ། དེའི་
ཕྱིར་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་གསུངས་ཏེ། ཡང་དག་པར་བཤད་པར་བྱ་བའོ། །ཅི་ཞིག་བཤད་པར་བྱ་ཞེ་ན། དེའི་ཕྱིར། ཕྱག་རྒྱའི་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་གསུངས་སོ། །ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་གསུངས་སོ། །མིང་ཇི་སྐད་དུ་
བྱ་ཞེ་ན། རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ། །ཞེས་བྱ་བ་གསུངས་ཏེ། མིང་རྡོ་རྗེ་ཁྲོ་བོ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྲི་བར་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་གསུངས་སོ། །ཕྱག་རྒྱ་རྣམས་ཇི་ལྟར་དགོད་པར་བྱ་ཞེ་ན།
เล่ม ๕๕ · หน้า 241b
དེ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །འཇིག་རྟེན་གསུམ་རྒྱལ་ལ་སོགས་བྲི། །ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དགོད་ལ། མི་བསྐྱོད་པ་ལ་སོགས་པའི་གནས་སུ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་
ཕྱག་རྒྱ་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །དཀྱིལ་འཁོར་འདིར་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་པར་གཟུང་སྟེ།
དེའི་ཚུལ་དུ་ཞེས་བྱ་བ་ནི་དེའི་ཆོ་གས་སོ། །དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱ་སྟེ་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་བྱས་ནས་སོ། །འདི་སྐད་སྟོན་ཏེ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་།
ཆོས་ཀྱི་ཕྱག་རྒྱ་རྣམས་ཉེ་བར་བསྟན་ཅིང་། མཆོད་པ་དབུལ་བ་དང་། བཤོས་དང་གཏོར་མ་ལ་སོགས་པ་བྱ་བར་ཆོ་ག་རྒྱས་པ་ཞེས་བྱ་བ་ཐམས་ཅད་ཡོངས་སུ་གཟུང་ངོ་། །དཀྱིལ་འཁོར་གྱི་བྱ་བ་འདི་དག་ཐམས་ཅད་བྱས་ནས་སློབ་མ་བཅུག་སྟེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ནས་ཞེས་བྱ་བ་འདིས་ནི་ཕྱག་རྒྱ་བསྒྲུབ་པ་
ལ་གསང་བས་སྟོབས་ཅན་དུ་འགྱུར་བའི་ཕྱིར་ཐམས་ཅད་ནས་ཐམས་ཅད་དུ་མི་བསྒྲགས་པར་སྟོན་ཏོ། །ཆོས་ཉིད་དག་བརྗོད་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བརྗོད་ཅིང་། དེ་ལྟ་བུར་ལྷག་པའི་བསམ་པས་མོས་པར་བྱས་ལ། བུད་མེད་ལྷན་ཅིག་གནས་ན་ནི། །ཞེས་བྱ་བ་བུད་མེད་ནི་དམ་
ཚིག་གི་ཕྱག་རྒྱ་སྟེ། རིགས་གང་གི་བཟླས་བརྗོད་བྱེད་པ་དེའི་ཕྱག་རྒྱ་གང་བསྒྲུབ་པར་འདོད་པ་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཕྱག་རྒྱ་དེ་བཅིངས་པ་ཉིད་དང་། མཚན་ཐོག་ཐག་ལྷན་ཅིག་འདུག་པས་ན་གནས་པའོ། །རང་བཞིན་གྱིས་དག་པའི་དགོས་པ་ཡང་འདི་ཡིན་ཏེ། མཆིལ་མ་དང་སྣབས་དང་། བཤང་
བ་དང་གཅི་བ་ལ་སོགས་པ་བྱུང་ན་ཡང་ཆོས་ཉིད་རང་བཞིན་གྱིས་དག་པ་བརྗོད་ལ། ཕྱག་རྒྱ་མི་དགྲོལ་བར་ཇི་སྲིད་མཚན་མ་བཞིས་དངོས་གྲུབ་བཞིར་གསུངས་པ་ཐོབ་ཀྱི་བར་དུ་མཚན་ཐོག་ཐག་དེ་ཉིད་དང་ལྷན་ཅིག་གནས་པར་བྱའོ། །རང་གིས་བྲི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། ཕྱག་རྒྱ་
เล่ม ๕๕ · หน้า 242a
དེ་བཞིན་དུ་བཅིངས་ལ། དགོས་པ་ཐམས་ཅད་བྱས་ནས་ཆོས་ཉིད་དག་པ་བརྗོད་དེ། དེ་དང་ལྷན་ཅིག་གནས་ཤིང་ཆགས་པས་བལྟས་ན། །གྲུབ་པ་ཡང་ནི་འཐོབ་པར་འགྱུར། །ཞེས་བྱ་བ་མཆོག་ཏུ་དགའ་བས་བལྟ་ཞིང་ཡུན་རིང་པོ་ནས་བསམས་པའི་ཡིད་ལ་རེ་བ་དེ། དེང་བཅོམ་ལྡན་འདས་
ཀྱིས་བདག་ལ་ཡོངས་སུ་རྫོགས་པར་མཛད་དོ་ཞེས་དེ་ལྟར་བསམ་ཞིང་། མཆོག་ཏུ་དད་ཅིང་དགའ་བས་དེ་ལ་མིག་ཚུགས་སུ་བལྟ་བར་བྱ་སྟེ། གཞན་དུ་གཡེང་བར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །གཞན་དག་ལས་ཀྱང་། གཟུགས་དེ་ལ་ནི་ཞུགས་པ་བཞིན། །གུས་པས་ཞུ་བ་ལྟ་བུ་དང་། །དེ་མཐོང་མ་
ལུས་འཐུངས་ལྟ་བུས། །རིང་པོར་མི་ཐོགས་དངོས་གྲུབ་འཐོབ། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །འདིར་དགུག་པ་ལ་སྙིང་པོ་ནི་གཙོ་བོ་ཡིན་པར་བཤད་མོད་ཀྱི། འོན་ཀྱང་དེར་མཆོག་ཏུ་དད་པས་ལྟ་བར་བྱེད་པ་ན་འབར་བའི་ལྟ་བས་དགུག་པའི་དངོས་གྲུབ་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ། །སྙིང་པོ་
བཞི་ཆར་ལ་ཡང་ཕྱག་རྒྱ་ལ་ཆགས་པས་མིག་ཚུགས་སུ་ལྟ་དགོས་པར་ཤེས་པར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ཏེ། བྱ་བ་ཐམས་ཅད་བྱས་ལ་ཆོས་ཉིད་དག་པ་བརྗོད་དེ། བུད་མེད་མཛེས་པ་ལ་ཆགས་པས་མིག་ཚུགས་སུ་བལྟའོ། །དེ་ཡང་གང་ཡིན་ཞེ་ན། བསྒྲུབ་པར་བྱ་
བའི་ཕྱག་རྒྱ་སྟེ། དེ་ཡང་ཆོས་ཀྱི་ཕྱག་རྒྱ་ལ་བྱའོ། །དེ་དང་སྤྲད་པ་ནི་ཆོས་ཀྱི་སྒོ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱི་ཕན་ཚུན་བསྲེ་བར་བྱས་པ་སྟེ། རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱིས་ན་ཆོས་ཐམས་ཅད་ཀྱི་སྒོ་ཕན་ཚུན་འགལ་བ་མེད་པར་རྟོགས་པའོ། །འདི་ནི་དེ་དང་དང་པོར་སྤྲད་པ་སྟེ། ཆོས་ཀྱི་སྒོ་འདྲེས་
པར་བསྒྲུབས་པའི་ཕྱིར། ཆོས་ཀྱི་རིགས་སུ་ཕྱག་རྒྱ་བསྒྲུབ་ན་ཆོས་བསྒོམས་པས་དེས་ཀྱང་དངོས་གྲུབ་འཐོབ་པར་འགྱུར་རོ། །དེའི་ཕྱིར་བུད་མེད་མཛེས་མ་ལ་སྤྲད་པས་འགྲུབ་ཅེས་བཤད་པ་ཡིན་ནོ། །རང་གིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ནས་ཆོས་ཉིད་དག་པ་བརྗོད་ལ་ཞེས་པ་ཆོས་
ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བསྒོམ་བཞིན་དུ་ཆགས་པས་མིག་ཚུགས་སུ་བལྟ་སྟེ། ལྷན་ཅིག་འཁྱུད་ན་ཞེས་བྱ་བ་ཀུན་ནས་འཁྱུད་པ་སྟེ། འདི་ནི་བསྲུང་བའི་ཕྱག་རྒྱའོ། །དེ་ནས་བསྲུང་བའི་དངོས་པོ་དེ་རང་གི་ལུས་སུ་བཅུག་ལ། རྡོ་རྗེ་བསྲུང་བ་ལ་སོགས་པ་
เล่ม ๕๕ · หน้า 242b
བཅིང་བའམ་སྙིང་པོ་ལ་སོགས་པ་བཟླ་བར་བྱའོ། །གང་རང་གི་ལུས་ཀྱི་ནང་དུ་བཅུག་པ་ཀུན་ནས་འབྱར་བར་བྱེད་པ་དེ་ལ་ནི་ལྷན་ཅིག་འཁྱུད་པ་ཞེས་བྱ་བ། དེ་བས་ན་ལྷན་ཅིག་འཁྱུད་ན་དངོས་གྲུབ་ཀུན་འཐོབ་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཀུན་ཞེས་སྨོས་པས་ནི་དངོས་
གྲུབ་མ་ལུས་པ་ཡང་དག་པར་སྟོན་པའི་དོན་ཏོ། །བསམས་པའི་དོན་སྦས་པས་ནི་འཁྲུལ་པའི་རྒྱུ་བྱེད་དེ། དེ་ལྟ་བས་ན་འདི་ལ་གསང་བ་ཞེས་བྱའོ། །ད་ནི་གསང་ཞིང་སྦས་པའི་ཕྱག་རྒྱ་བཤད་དེ། དཀྱིལ་འཁོར་འདིར་ནི་ཞུགས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་
འཁོར་དུ་ཞུགས་པ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དེ་སྔགས་པ་རང་ཉིད་ཀྱིས་བྲིས་ནས་སྒྲུབ་པའི་ཚེ་བྱ་བ་ཐམས་ཅད་རྫོགས་པར་བྱས་ལ། ཆོས་ཉིད་རང་བཞིན་གྱིས་དག་པའོ་ཞེས་བརྗོད་ནས་མཆིལ་མ་དང་། སྣབས་དང་། བཤང་བ་དང་། གཅི་བ་བྱུང་བ་ལ་སོགས་པ་དག་པར་བྱའོ། །
ཆགས་པས་ལྟ་བ་ནི་མི་གཡེང་བའི་དོན་ཏོ། །སྤྲད་པ་ནི་དངོས་གྲུབ་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར་ཆོས་ཉིད་བསྒོམ་པའོ། །འཁྱུད་པ་ནི་གོ་ཆའི་ཕྱག་རྒྱས་བདུད་ཀྱི་ལས་ཐམས་ཅད་བསལ་བར་བྱས་སོ། །འདོད་པའི་ཡོན་ཏན་ལྔ་ཡིས་ནི། །ཞེས་བྱ་བ་ནི་ལྷ་དང་མི་རྣམས་ཀྱི་ཡིད་དུ་
འོང་བའི་གཟུགས་དང་། ཡིད་དུ་འོང་བའི་སྒྲ་དང་། ཡིད་དུ་འོང་བའི་དྲི་དང་། ཡིད་དུ་འོང་བའི་རོ་དང་། ཡིད་དུ་འོང་བའི་རེག་བྱ་རྣམས་ཀྱིས་མཉམ་པར་འཇོག་པའི་ཡིད་དགའ་བར་བྱ་ཞིང་མཆོད་པར་བྱའོ། །བུད་མེད་མཆོག་ཅེས་བྱ་བ་ལ་བུད་མེད་ནི་བསྒྲུབ་པར་བྱ་བའི་ཕྱག་རྒྱའོ། །
མཆོག་ནི་དམ་པ་སྟེ། དེ་རྣམས་རྣམ་པ་སྣ་ཚོགས་པའི་ཡིད་ཀྱི་མཆོད་པ་རྣམས་ཀྱིས་མགུ་བར་བྱས་ན་སྔགས་པ་དེ་ཤིན་ཏུ་གྲུབ་པ་འཐོབ་པར་འགྱུར་རོ་ཞེས་པའོ། །འདི་ནི་དངོས་གྲུབ་བཞི་ཆར་གྱི་ཡང་སྡུད་པར་བྱེད་པ་ཡིན་ཏེ། ཡི་གེ་གཞན་དུ་སྦས་པས་ན་གསང་བ་ཞེས་བྱའོ། །
སྙིང་པོ་འདི་བརྗོད་པས་ནི་ཡིད་ཀྱི་མཆོད་པ་དེ་དག་ཐམས་ཅད་ཕྱིན་ཅི་མ་ལོག་པར་གནས་པར་འགྱུར་རོ། །དེ་ལྟར་བསྒྲུབ་པ་དང་། དངོས་གྲུབ་དང་། སྒྲུབ་པའི་ཐབས་བསྟན་ནས། ད་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་མནན་པའི་རྩེ་གསུམ་
เล่ม ๕๕ · หน้า 243a
པའི་ཕྱག་རྒྱ་ལ་སོགས་པ་ཞེས་བྱ་བ་ནི་རྡོ་རྗེ་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་དང་པོར་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེས་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་ལ་སོགས་པའོ། །གང་ཞིག་ཅེ་ན། དམ་ཚིག་གི་ཕྱག་རྒྱ་ཞེས་གསུངས་པའོ། །ཇི་སྙེད་ཅིག་ཅེ་ན། གཞི་རྣམས་སོ། །གང་དུ་
ཞེ་ན། ཕྱག་རྒྱའི་དཀྱིལ་འཁོར་དུའོ། །ཆོ་ག་རྒྱས་པ་དང་ལྡན་པ་ཞེས་བྱ་བ་ནི་ཆོ་ག་རྒྱས་པའི་མཚན་ཉིད་ཅན་དང་ལྡན་པའི་ཆོ་ག་རྒྱས་པ་ཡིན་པས་ན་ཆོ་ག་རྒྱས་པ་དང་ལྡན་པར་རོ། །བསླབས་ཏེ་ཞེས་བྱ་བ་ནི་བསྟན་པའོ། །ཕྱག་རྒྱ་བཞིའི་ཚུལ་འདིས་ཞེས་བྱ་བ་ནི་འོག་ནས་བཤད་པ་རྣམས་ཀྱིས་སོ། །
རྡོ་རྗེ་སིལ་སྙན་དང་རྔ་དང་བརྡུང་བ་རྣམས་བརྡབས་ནས་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་རྡོ་རྗེ་སིལ་སྙན་དང་། རྔ་དང་བརྡབ་པ་ནང་གི་དཀྱིལ་འཁོར་དུ་བསྟན་པའི་སིལ་སྙན་གྱི་བྱེ་བྲག་དང་། ཕྱིའི་དཀྱིལ་འཁོར་གྱི་གྲར་བསྟན་པའི་སིལ་སྙན་གྱི་བྱེ་བྲག་དེ་དག་གི་ཕྱག་རྒྱ་བཅིང་བ་དག་
སྙིང་པོ་བརྗོད་པས་རྡོ་རྗེ་སིལ་སྙན་དང་། རྔ་དང་བརྡུང་བ་རྣམས་དབུལ་ལོ། །གཞན་ཡང་རྡོ་རྗེ་སེམས་དཔའ་བསྡུས་པའི་བསྟོད་པའི་གླུ་བླངས་ལ་ཕྱག་རྒྱ་དང་། ལན་གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱིས་གར་དང་དབུལ་བའི་མཆོད་པ་བྱའོ། །དེ་
ལྟ་བས་ན་གསང་བའི་དཀྱིལ་འཁོར་ལས་བསྟན་པའི་གར་དང་། ལན་གྱི་གར་དང་། ཉེ་བའི་གར་དང་། ཡེ་ཤེས་ཀྱི་གར་གྱི་ཕྱག་རྒྱ་དེ་དག་ཉིད་དངོས་སུ་བསྟན་པ་དག་གིས་ཀྱང་འདིར་མཆོད་པར་བྱ་བ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་
གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ལྟར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་གཏོགས་པའི་གསང་བའི་དངོས་གྲུབ་རྫོགས་པར་མཛད་ནས། ད་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་གཏོགས་པའི་དངོས་གྲུབ་བསྟན་པའི་ཕྱིར། དེ་
ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་ལྟོས་པའོ། །ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །རང་གི་རྡོ་རྗེ་དམ་ཚིག་ཅེས་བྱ་བ་ནི་རང་གི་རྡོ་རྗེའི་དམ་ཚིག་ཡིན་པས་ན་རང་གི་རྡོ་རྗེའི་དམ་
เล่ม ๕๕ · หน้า 243b
ཚིག་སྟེ། དམ་ཚིག་ནི་གཞུང་ལུགས་རྣམ་པར་གཞག་པའོ། །རང་གི་རྡོ་རྗེ་དམ་ཚིག་དེའི་ཁྲོ་བོ་རྣམས་ཀྱི་དམ་ཚིག་ཡིན་པས་ན་ཁྲོ་བོའི་དམ་ཚིག་གོ། །འདིར་དམ་ཚིག་གི་སྙིང་པོ་དང་། ཕྱག་རྒྱ་དང་། ལྷ་མོ་རྣམས་ལ་བྱའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་
འདས་མ་ཐག་པའོ། །འདི་ཞེས་བྱ་བ་ནི་སྔགས་ཀྱིའོ། །དཀྱིལ་འཁོར་བཤད་པ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱིར་རོ། །གསང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་བྱ་བའོ། །ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན། །
ཞེས་པ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་དུ་བྱ་ཞེ་ན། རྡོ་རྗེ་ཧཱུྃ་ཞེས་བྱ་བ་སྟེ། །ཞེས་གསུངས་ཏེ། མིང་རྡོ་རྗེ་ཧཱུྃ་མཛད་ཅེས་བྱ་བའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་དང་འདྲ་བ་སྟེ། དཀྱིལ་འཁོར་ཆེན་པོ་ནི་འཇིག་རྟེན་གསུམ་
ལས་རྣམ་པར་རྒྱལ་བའོ། །དེའི་དབུས་སུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུ་སྟེ། རྣམ་པར་སྣང་མཛད་ཀྱི་གནས་སུའོ། །དེར་ཅི་ཞིག་བྱ་ཞེ་ན། ལེགས་བྲི་བ་ཞེས་བྱ་བའོ། །སུ་ཞིག་བྲི་ཞེ་ན། རྡོ་རྗེ་འཛིན་ཏོ། །གང་དུ་ཞེ་ན། ཟླ་བའི་དཀྱིལ་འཁོར་དུའོ། །ཅི་འདྲ་བར་ཞེ་ན། རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་སྟེ། །
ལག་ན་འཛིན་པ་རྡོ་རྗེར་བཅས། །ཞེས་བྱ་བ་སྟེ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་པས་ན་རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་ཞེས་བྱའོ། །ཕྱག་གཉིས་ནི་རྡོ་རྗེ་གང་ཞིག་འཆང་བར་མཛད་པ་དེ་ནི་རྡོ་རྗེ་འཛིན་པའོ། །རྡོ་རྗེ་ལྡན་པར་གནས་པས་ན་རྡོ་རྗེར་བཅས་ཞེས་བྱ་སྟེ། དེ་ལྟར་ན། རྡོ་རྗེ་ཧཱུྃ་གི་ཕྱག་རྒྱ་ཆེ། །ལག་
ན་འཛིན་པ་རྡོ་རྗེར་བཅས། །ཞེས་བྱའོ། །འདི་སྐད་སྟོན་ཏེ། ཕྱག་གཉིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཤིང་། རྡོ་རྗེ་དང་བཅས་པར་རྡོ་རྗེ་ཧཱུྃ་མཛད་བྲི་བར་བྱའོ་ཞེས་སྟོན་ཏོ། །ད་ནི་ཡང་བྱེ་བྲག་ཏུ་བྱ་བ་བསྟན་པའི་ཕྱིར། བརྐྱང་བསྐུམ་ཚུལ་དུ་གནས་པ་དང་། །ཞེས་བྱ་བ་
གསུངས་ཏེ། བརྐྱང་བསྐུམ་ནི་བཤད་ཟིན་ཏོ། །ཁ་དོག་གཟུགས་ནི་ཇི་བཞིན་བྱ། །ཞེས་བྱ་བ་ནི། ཨུཏྤལ་སྔོན་པོའི་མདངས་འདྲ་བས། །ཞེས་བྱ་བ་ལ་སོགས་པས་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་ཏེ། བསྟན་མ་ཐག་པའོ། །གསང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་
เล่ม ๕๕ · หน้า 244a
ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་རོ། །ཆོ་ག་རྒྱས་པ་ཐམས་ཅད་བྱ་སྟེ་ཞེས་བྱ་བ་ནི་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། མཆོད་པ་དང་། བཤོས་དང་། གཏོར་མ་ལ་སོགས་པ་བྱ་བར་སྟོན་ཏོ། །རྡོ་རྗེ་ཧཱུྃ་ཞེས་བྱ་བའི་གསང་བའི་ཕྱག་རྒྱའི་
ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་འདིར་ནི་ཞུགས་ནས་ཀྱང་། །ཞེས་བྱ་བ་ནི་དཀྱིལ་འཁོར་འདི་བྲིས་ཏེ་ཞུགས་ནས་ཀྱང་ངོ་། །འཇིག་རྟེན་གསུམ་རྒྱལ་མཛུབ་མོ་ནི། བུ་གར་བཅུག་ནས་ཞེས་བྱ་བ་ནི་གལ་ཏེ་མཛུབ་མོ་གཡས་པ་བསྒྲུབ་པར་འདོད་ན། །གཡོན་པའི་རྡོ་རྗེ་ཁུ་ཚུར་
བཅིངས་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཛུབ་མོ་གཡས་པ་སྡིགས་མཛུབ་ཀྱི་ཚུལ་དུ་བྱས་པ་བཅུག་སྟེ། སྔགས་དང་སྦྱར་ཞིང་བསྒྲུབས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །གལ་ཏེ་གཡོན་པ་བསྒྲུབ་པར་འདོད་ན་གཡས་པ་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅིངས་ལ། གཡོན་པའི་མཛུབ་
མོ་བཅུག་སྟེ་བསྒྲུབས་ན་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་བསྟན་ནས། ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །རྡོ་རྗེ་ཧཱུྃ་ཞེས་བྱ་བའི་གསང་
བའི་ཕྱག་རྒྱ་ཞེས་བྱ་བ་ནི་གསང་སྟེ་བྱུང་བས་ན་གསང་བ་སྟེ། སྒྲུབ་པའི་དཀྱིལ་འཁོར་རེ་རེར་ཞུགས་པ་དང་། རྩེ་གཅིག་པར་གྱུར་ན་སྣང་བ་སྐྱེ་བ་གང་ཡིན་པ་དེ་ནི་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་གསང་བའི་ཕྱག་རྒྱ་སྟེ། དེའི་ཡེ་ཤེས་བསླབ་པར་བྱའོ། །ད་ནི། དཀྱིལ་འཁོར་ལེགས་པར་ཞུགས་ནས་ནི། །
ཞེས་བྱ་བ་ལ་སོགས་པས་དེ་སྟོན་པ་ཡིན་ཏེ། ལེགས་པར་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་བྱས་པ་དང་། རྡོ་རྗེ་ཕྲ་མོ་དགོད་པ་སྔོན་དུ་འགྲོ་བའི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་སྔར་ཡང་བསྒོམས་པ་དང་། དཀྱིལ་འཁོར་གྱི་ལས་ལ་མཁས་པ་དང་། ཡོ་བྱད་དང་ལྡན་པ་དང་། གྲོགས་བཟང་
པོ་ཡོད་པ་དང་། གྲུབ་པའི་མཚན་མ་ཐོབ་ན་ལེགས་པར་ཞུགས་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་མཆོག་གནས་པ། །ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ཞེས་སྨོས་པ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་གཟུང་ངོ་། །མཆོག་སྨོས་པ་ནི་བསྒོམ་པ་ཕུལ་དུ་བྱུང་བ་ལ་བྱ་སྟེ། དེ་ལ་གནས་པས་ན་མཆོག་
เล่ม ๕๕ · หน้า 244b
ཏུ་གྱུར་པའོ། །གནས་ན་རྡོ་རྗེ་ཧཱུྃ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་གནས་པའོ། །གང་དང་ལྷན་ཅིག་གནས་ཤེ་ན། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་དང་ངོ་། །འདི་སྐད་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་
ཕྱག་རྒྱ་བསྒོམ་ཞིང་མཚན་ཐོག་ཐག་ལྷན་ཅིག་ཏུ་གནས་པའོ། །དེ་ལྟར་གནས་པ་འདིས་ཅིར་འགྱུར་ཞེ་ན། དེའི་ཕྱིར་རྡོ་རྗེ་ཧཱུྃ་ཞེས་བྱ་བ་གསུངས་སོ། གལ་ཏེ་རྡོ་རྗེ་ཧཱུྃ་ཞེས་བྱ་བར་གྱུར་ན་དེ་ཅི་ཞིག་བྱེད་པར་འགྱུར་ཞེ་ན། དེའི་ཕྱིར། ལས་རྣམས་ཀུན་ནི་བྱེད་པར་འགྱུར། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ནས་
ཕྱག་རྒྱ་བཞི་བཅིང་བ་ཇི་ལྟ་བ་བཞིན་དུ་བསླབ་བོ་ཞེས་བྱ་བ་ནི་གལ་ཏེ་དེར་གཞན་དག་ཀྱང་ཞུགས་པར་གྱུར་ན། དེ་ནས་དེ་ལ་ཕྱག་རྒྱ་བཞི་བཅིང་བ་ཇི་ལྟ་བ་བཞིན་དུ་བསླབ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡང་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་གྱི་དངོས་གྲུབ་ཇི་ལྟར་གསུངས་པ་
དང་། ཕྱག་རྒྱ་གཅིག་པའི་དངོས་གྲུབ་ས་ལ་བྲིས་པའི་དཀྱིལ་འཁོར་ལ་ཇི་ལྟར་བསྟན་པ་དེ་བཞིན་དུ་རས་དང་རྩིག་པ་ལ་སོགས་པ་ལ་དཀྱིལ་འཁོར་བྲིས་པ་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །གཟུགས་ཐམས་ཅད་ལ་ཡང་ཞེས་བྱ་བ་ནི་གསེར་ལ་སོགས་པ་ལས་བྱས་པ་ཞིག་ཡིན་ན་ཡང་དངོས་
གྲུབ་ཏུ་འགྱུར་བར་རིག་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ལྟར་དཀྱིལ་འཁོར་དྲུག་ཡོངས་སུ་རྫོགས་པར་མཛད་ནས། ད་ནི་བཅོམ་ལྡན་འདས་ཕྱག་
ན་རྡོ་རྗེས་རྟོག་པ་ཆེན་པོའི་རྒྱལ་པོ་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གི་རིགས་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཇི་ལྟར་དགའ་བ་
བཞིན་དུ་བགྱིས་ཀྱང་དངོས་གྲུབ་ཐམས་ཅད་ཐོབ་པར་བགྱི་བའི་སླད་དུའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་གསོལ་བ་ཡིན་ཏེ། དཀའ་བ་མེད་པས་དངོས་གྲུབ་ཐམས་ཅད་ཐོབ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ་དང་། དེ་ནས་
เล่ม ๕๕ · หน้า 245a
དེའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པའི་རྒྱལ་པོའི་སྙོམས་པར་ཞུགས་པ་ལ་ལྟོས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་ལ་བྱིན་གྱིས་བརླབ་པའི་
ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་ཡིན་ཏེ། དེ་བས་ན་ལེགས་སོ་ཞེས་བྱ་བ་བཞི་དང་། ལེགས་པར་བཤད་པའི་ཚིག་གིས་བྱིན་གྱིས་བརླབ་ཅིང་བདག་གི་མཛད་པ་ཡོངས་སུ་གཟུང་བ་ཡིན་ནོ། །རྡོ་རྗེ་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེའི་ཐེག་པ་སྟེ། རྡོ་རྗེ་ནི་སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིན་ལ། དེ་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེའི་ཐེག་པ་སྟེ། དེ་བཞུད་པའི་ཕྱིར་རོ། །དེ་ཇི་ལྟ་བུ་ཞེ་ན། བླ་ན་མེད་པ་སྟེ། འདིའི་གོང་ན་གཞན་མེད་པའི་ཕྱིར་བླ་ན་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་
གཟུགས་སུ་སྟོན་པས་ན་གསང་བའོ། །ཅིའི་ཕྱིར་ཉིད་ཀྱི་སྐུ་སྦས་ཏེ་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་གཟུགས་ཀྱིས་བཞུགས་ཤེ་ན། དེ་ནི་ཐེག་པ་ཆེན་པོ་ལ་སེམས་ཅན་གདུལ་བའི་ཐབས་ཀྱི་རྣམ་པ་དཔག་ཏུ་མེད་པ་ཡོད་པའི་ནང་ན་གཙོ་བོ་ཡིན་པའི་ཕྱིར་ཐེག་པ་ཆེན་པོ་མངོན་དུ་འདུས་པའོ། །
འོ་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་འཇིག་
རྟེན་གསུམ་ལས་རྣམ་པར་རྒྱལ་བར་མཛད་དེ། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱའོ། །དེ་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་ཧཱུྃ་མཛད་དེ། དེའི་རྟོག་
པའི་ཆོ་ག་རྒྱས་པ་སྟེ། དེའི་རྟོག་པའི་རབ་ཏུ་བྱེད་པ་ཡོངས་སུ་རྫོགས་སོ།། །།དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་རྟོག་པའི་འགྲེལ་པའོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด