དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན

ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๕๕ · หน้า 212a

ཕྱག་རྒྱ་ཆེན་པོ་རྣམས་ཀྱིའོ། །ལས་བཤད་དེ་ཞེས་བྱ་བ་ནི་འབྲས་བུ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་ཁོ་ནར། སངས་རྒྱས་རྗེས་སུ་དྲན་གྲུབ་པས། །ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་འབྲས་བུ་སྟོན་ཏེ། སངས་རྒྱས་རྗེས་སུ་དྲན་གྲུབ་པས། །ཞེས་

བྱ་བ་ནི་རང་གི་ལུས་སངས་རྒྱས་ཀྱི་ཕྱག་རྒྱར་བསྒོམ་པ་གོམས་པར་བྱས་ན་རྣལ་འབྱོར་པ་མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་བའོ། །འཇིག་རྟེན་གསུམ་ལས་རྒྱལ་བཅིངས་ན། ཞེས་བྱ་བ་ནི་སངས་རྒྱས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བསྐྱེད་པའོ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་འགྱུར། །ཞེས་བྱ་བ་ནི་

རྡོ་རྗེ་ཧཱུྃ་མཛད་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཚེ་ཡིན་པས་ན་རྡོ་རྗེ་ཚེ་སྟེ། རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་དོ། །དེ་ལྟར་ན་དེ་དང་མཚུངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཚེ་ཡང་དེ་དང་མཚུངས་པར་འགྱུར་རོ། །ཀུན་དུ་འགྲོ་ཞེས་བྱ་བ་ནི་རྫུ་འཕྲུལ་ཡང་དེ་དང་མཚུངས་པར་འགྱུར་རོ་ཞེས་

བྱ་བའི་དོན་ཏོ། །དེ་ལྟར་ན་རྣམ་པ་ཐམས་ཅད་ཀྱིས་རྡོ་རྗེ་ཧཱུྃ་མཛད་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་རིན་ཆེན་ཧཱུྃ་མཛད་ཀྱི་ཕྱག་རྒྱའི་འབྲས་བུ་སྟོན་པ་ནི། རྡོ་རྗེ་དབང་གི་རྒྱལ་པོར་འགྱུར། །ཞེས་བྱའོ། །འདི་སྐད་སྟོན་ཏེ། རིན་ཆེན་ཧཱུྃ་མཛད་ཀྱི་ཕྱག་རྒྱར་བསྐྱེད་ན་རྒྱལ་པོར་འགྱུར་

བའོ། །ཆོས་བཟངས་ཞེས་བྱ་བ་ནི་ཆོས་ཀྱི་ཧཱུྃ་མཛད་ཀྱི་ཕྱག་རྒྱར་བསྐྱེད་ན་འཇིག་རྟེན་དབང་ཕྱུག་ཐོབ་པར་འགྱུར་རོ། །ལས་ཀྱི་ཁྲོ་བོ་རྡོ་རྗེ་ཆེ། །ཞེས་བྱ་བ་ནི་ལས་ཀྱི་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོར་བསྐྱེད་ན། རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་སྟེ། མི་ཕྱེད་པའི་ལས་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་

ཏོ། །སེམས་དཔའ་ཁྲོ་ནི་རྡོ་རྗེ་སེམས་དཔའི་ཁྲོ་བོ་སྟེ། དེའི་ཕྱག་རྒྱར་བསྐྱེད་ན་རབ་ཏུ་བསྟན་པའི་འབྲས་བུ་སྟེར་བར་འགྱུར་བ་སྟེ། ལུས་མི་ཕྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་ལེགས་པས་དགའ་བ་སྟེར། །ཞེས་བྱ་བ་ནི་ཁྲོ་བོ་ལེགས་པའི་ཕྱག་རྒྱར་བསྐྱེད་ན་རྟག་ཏུ་ཡིད་བདེ་བ་ཐོབ་པར་འགྱུར་རོ།

ཞེས་བྱ་བའི་དོན་ཏོ། །ཁྲོ་གཉེར་གྱིས་ཀུན་མ་རུངས་བྱེད། །ཅེས་བྱ་བ་ནི་ཁྲོ་གཉེར་ཅན་གྱི་ཁྲོ་བོའི་ཕྱག་རྒྱར་བསྐྱེད་ན་མ་རུངས་པ་ཐམས་ཅད་སྐྲག་པར་བྱེད་དོ། །དཔལ་གྱི་ཁྲོ་བོའི་ཕྱག་རྒྱར་བསྐྱེད་ན་དེས་དོན་ཐམས་ཅད་འགུགས་པར་བྱེད་དོ། །ཧ་ཧ་ཞེས་དགོད་པའི་ཕྱག་རྒྱར་བསྐྱེད་ན་བཞད་པས་མ་

เล่ม ๕๕ · หน้า 212b

རུངས་པ་ཐམས་ཅད་སྐྲག་པར་བྱས་ནས་འགྱལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་ཁྲོ་བོའི་ཕྱག་རྒྱར་བསྐྱེད་ན་ཕ་རོལ་རྒོལ་བ་ཐམས་ཅད་ཀྱི་བསམས་པའི་ཆོས་ཕྲོགས་ཏེ་དྲན་པ་ཉམས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རལ་གྲིས་གཅོད་པར་བྱེད། །ཅེས་བྱ་བ་ནི་རྡོ་རྗེ་རལ་གྲིའི་ཕྱག་རྒྱ་བཅིངས་ན་དེས་

སྡུག་བསྔལ་ཐམས་ཅད་གཅོད་པར་འགྱུར་རོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་འཕྲོག་གོ། །ཁྲོ་བོ་སྨྲ་བའི་ཕྱག་རྒྱར་བསྐྱེད་ན་ཚིག་འཕྲོག་གོ་ཞེས་བྱ་བ་སྟེ། ངག་གི་འཇུག་པ་འགོག་པ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ཁྲོ་བོའི་

ཕྱག་རྒྱར་བསྐྱེད་ན་ལས་རབ་སྟེ་མཆོད་པའི་ལས་བཟང་པོ་སྔགས་པ་བྱེད་པར་འགྱུར་རོ། །བསྲུང་བ་ཞེས་བྱ་བ་ནི་བསྲུང་བའི་ཕྱག་རྒྱས་སོ། །སྲུང་བར་བྱེད་ཅེས་བྱ་བ་ནི་བདག་གམ་གཞན་ནོ། །ཁྲོ་བོ་གནོད་སྦྱིན་གྱི་ཕྱག་རྒྱས་དགྲ་ཡང་ཟ་བ་སྟེ། དགྲ་རྣམས་རླག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་

ཁུ་ཚུར་གྱི་ཕྱག་རྒྱར་བསྐྱེད་ན། དངོས་གྲུབ་སྟེར་ཞེས་བྱ་བ་སྟེ། གང་གི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་གཅིག་ཏུ་བསྡུས་པ་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེའི་ལག་མཐིལ་ན་གནས་པ་ཡིན་པའི་ཕྱིར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །རྡོ་རྗེ་

ཞེས་བྱ་བ་ནི་རྡོ་རྗེའི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་བཅིང་བ་བཤད་པའོ། །རྡོ་རྗེ་གཉིས་ལས་བྱུང་བ་ནི། །ཞེས་བྱ་བ་ལ། རྡོ་རྗེ་གཉིས་ནི་རྡོ་རྗེ་ཁུ་ཚུར་གཉིས་སོ། །བྱུང་བ་ནི་དེ་ལས་བྱུང་བར་གྱུར་པའོ། །དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱའོ། །གྲགས་པ་ཡིན་ཞེས་བྱ་བ་ནི་བཤད་པའོ། །དེ་དག་

ཅེས་བྱ་བ་ནི་དམ་ཚིག་གི་མཆོག་དེ་རྣམས་ཀྱིའོ། །བཅིང་བ་བཤད་བྱ་བ་ཞེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ་བཤད་པས་ན་བཤད་པར་བྱ་བའོ། །བཅིང་བ་ཇི་ལྟ་བུ་ཞེ་ན། ཁྲོ་བོ་བཅིང་བ་ཞེས་བྱ་བ་སྟེ། ཁྲོ་བོའི་དཀྱིལ་འཁོར་གྱི་བཅིང་བའོ། །བླ་ན་མེད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཞེས་བྱ་བའི་

དོན་ཏོ། །ལག་ངར་རྡོ་རྗེར་བྱས་ནས་སུ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཉིས་སུ་ཕྲལ་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་སུ་བྱས་ལ། ཧཱུྃ་ཞེས་བྱ་བའི་སྔགས་བཞི་བརྗོད་དེ། རྡོ་རྗེ་ཁུ་ཚུར་གཡོན་པ་སྙིང་གར་གཡས་ལོགས་སུ་བཏུད་ལ་མདུན་དུ་བཟུང་། དེ་ནས་ཧཱུྃ་ཞེས་བྱ་བ་གཉིས་པ་

เล่ม ๕๕ · หน้า 213a

བརྗོད་ལ། རྡོ་རྗེ་ཁུ་ཚུར་གཡས་པ་ལག་ངར་གཡོན་པའི་སྟེང་དུ་ཕྱུང་སྟེ་ཁ་གཡོན་ལོགས་སུ་བསྟན་ལ་མདུན་དུ་བཟུང་བ་འདི་ནི་ལག་པར་རྡོ་རྗེར་བྱས་པའོ། །མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ། །ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བ་གསུམ་པ་བརྗོད་ལ། མཐེའུ་ཆུང་གཉིས་བཀུག་སྟེ་

ཕན་ཚུན་ལུ་གུ་རྒྱུད་དུ་སྦྲེལ་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱར་འགྱུར་རོ། །ཅི་དེ་ཙམ་དེ་ཁོ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་རམ་ཞེ་ན། སྨྲས་པ་མ་ཡིན་ཏེ། མཛུབ་མོ་གཉིས་ཀྱིས་སྡིགས་པ་ནི། །ཞེས་བྱ་བ་སྟེ། གང་གི་ཚེ་མ་རུངས་པ་རྣམས་ལ་མཛུབ་མོ་

གཉིས་ཀྱིས་སྡིགས་མཛུབ་བྱས་པ་དེའི་ཚེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །འདི་དག་ནི་རེ་ཞིག་གཙོ་བོ་ལྔའི་ཕྱག་རྒྱ་ཡིན་ནོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོའི་ངོས་སྦྱར་ན་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །ནོར་བུ་

འདྲ་བར་རབ་ཏུ་དགུག །ཅེས་བྱ་བ་ནི་རིན་ཆེན་རྡོ་རྗེ་མའི་གནས་ཀྱི་སྟེ། དེ་ཉིད་ནོར་བུའི་ཚུལ་དུ་བྱས་པའོ། །མཛུབ་མོ་དེ་ཉིད་གུང་མོ་དང་བཅས་པར་བསྒྲེང་ལ། ཕན་ཚུན་རྒྱབ་སྦྱར་བ་ནི་ཆོས་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་སོར་མོ་གཉིས་གཡོན་ལོགས་སུ་དགུག་གཡས་

པའི་སོར་མོ་གཉིས་ཀྱང་གཡས་ལོགས་སུ་བཀུག་པ་ནི་ལས་ཀྱི་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་བཅུ་དྲུག་གི་ཡང་། མཛུབ་མོ་གཉིས་ཀ་རྡོ་རྗེར་བྱ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་

ལས་གཡོན་པའི་སོར་མོ་གཉིས་གཡས་པའི་ངོས་སྦྱར་ལ་གཤིབས་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཛུབ་མོ་གཡས་པ་བཀུག་སྟེ་བཞག་པ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ནི་

རྡོ་རྗེ་ལྕགས་ཀྱུ་མདུན་དུ་བཟུང་བ་སྟེ། གཡོན་པའི་ཧུྃ་ཞེས་བྱ་བའི་སོར་མོ་དང་གང་གི་ཚེ་ལྡན་པར་གྱུར་པ་ན་ཕྱག་རྒྱ་གཡོན་ལོགས་སུ་བཞག་ཅིང་ཅུང་ཟད་དྲངས་པ་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱའོ། །རྡོ་རྗེ་ཧཱུྃ་ཞེས་བྱ་བའི་ཕྱག་རྒྱ་དེ་ཉིད་ལས་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱས་པ་ནི་རྡོ་རྗེ་ལེགས་པའི་ཕྱག་

เล่ม ๕๕ · หน้า 213b

རྒྱར་འགྱུར་རོ། །ཧཱུྃ་ཞེས་བྱ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྡུས་ཏེ་དཔྲལ་བའི་ཁྲོ་གཉེར་ལ་གཏུགས་པ་ནི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དེ་ཉིད་སྙིང་གར་གཡས་ལོགས་ནས་བསྐོར་བ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱའོ། །དེ་ཉིད་རྒྱལ་མཚན་གྱི་ཚུལ་དུ་བཞག་པ་ནི་རྡོ་རྗེ་

དབལ་གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ཁའི་ཐད་ཀར་བཞག་ལ་མཛུབ་མོ་གཉིས་གཡས་གཡོན་གྱི་ངོས་སུ་བཀུག་སྟེ་དགོད་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་བཞད་པའི་གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན་སྤྲད་དེ་གཤིབས་ལ་མདུན་དུ་བཞག་པ་ནི་

རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡོན་པ་བརྐྱང་ལ། གཡས་པ་རལ་གྲི་འཛིན་པའི་ཚུལ་དུ་ཁུ་ཚུར་བཅངས་ཏེ་བཞག་པ་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ལས་ལག་པ་གཉིས་ཀའི་གུང་མོ་མཉམ་པར་བརྐྱང་ལ། མཛུབ་

མོ་དང་ལྷན་ཅིག་ཕན་ཚུན་སྤྲད་དེ། འཁོར་ལོའི་ཚུལ་དུ་བྱས་པ་ནི་ཁྲོ་བོ་རྡོ་རྗེ་རྒྱུའི་ཕྱག་རྒྱ་ཡིན་ནོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ཁའི་ཐད་ཀར་བཞག་ལ་གྱེན་དུ་བཏེག་པ་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཡིན་ནོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་གུང་མོ་གཉིས་

བསྒྲེང་བ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་མགུལ་པ་དཀྲིས་པ་ནི་རྡོ་རྗེ་བསྲུང་བའི་ཕྱག་རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཁར་བཞག་ལ་མཛུབ་མོ་དང་སྲིན་ལག་བརྐྱང་ན་མཆེ་བ་ཆེན་པོར་འགྱུར་ཏེ་རྡོ་རྗེ་

གནོད་སྦྱིན་གྱི་ཕྱག་རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོའི་དྲུང་དུ་བཅར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་ལཱ་སེ་ལ་སོགས་པ་སེམས་མའི་ཕྱག་རྒྱ་དེ་ཉིད་ཧཱུྃ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་སྨོས་པའི་

ཕྱག་རྒྱ་དེ་ཉིད་འདིར་ཧཱུྃ་ཞེས་བྱ་བ་དང་སྦྱར་བར་ཤེས་པར་བྱའོ། །ཆོས་ཀྱི་ཕྱག་རྒྱ་ཡང་རྡོ་རྗེ་སྒེག་མོ་ལ་སོགས་པ་སེམས་མ་དེ་དག་ཉིད་ཀྱི་གང་ཡིན་པ་དང་། ཧཱུྃ་ཞེས་བྱ་བ་ལྷན་ཅིག་སྦྱར་བར་བྱའོ། །ད་ནི་རྡོ་རྗེ་དམ་ཚིག་ཅེས་བྱ་བ་འདིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་

เล่ม ๕๕ · หน้า 214a

ཕྱག་རྒྱ་སྟོན་ཏེ། ཧཱུྃ་ནི་སངས་རྒྱས་རྡོ་རྗེ་ཡི། །ཞེས་བྱ་བ་ལ། སངས་རྒྱས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ཅན་ནི་རྡོ་རྗེ་ཧཱུྃ་མཛད་གཟུང་ངོ་། །རྡོ་རྗེ་སྙིང་པོ་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱིའོ། །རྡོ་རྗེ་སྡེ་ནི་འོད་དཔག་ཏུ་མེད་པའི་གནས་ཀྱིའོ། །རྡོ་རྗེ་

ཐམས་ཅད་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཀྱིའོ། །ལྷག་མ་བཅུ་དྲུག་པོ་རྣམས་ཀྱི་ཕྱག་རྒྱའང་ཡི་གེ་རེ་རེ་བ་བཅུ་དྲུག་འབྱུང་སྟེ། རྡོ་རྗེ་ཆོས་ཀྱི་གནས་འབའ་ཞིག་ཏུ་ཡི་གེ་ཀ་ཅིག་ལྷག་པར་སྨོས་པར་ཟད་དོ། །ཆོས་ཀྱི་ཕྱག་རྒྱ་རབ་གྲུབ་པའོ། །ཞེས་བྱ་བ་ནི་ཤིན་ཏུ་གྲུབ་པས་རབ་ཏུ་གྲུབ་

པའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་དམ་ཚིག་གི་ལས་ཀྱི་ཕྱག་རྒྱ་རྣམས་བཤད་དོ་ཞེས་བྱ་བ་འདི་གསུངས་པ་ཡིན་ནོ། །རྡོ་རྗེའི་རིགས་ནི་ཆེན་པོ་ཡི། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་

རྡོ་རྗེའི་རིགས་ནི་ཆེན་པོའོ། །མདོར་བསྡུས་པ་ནི་མདོར་བྱས་པའོ། །རྡོ་རྗེ་འགྱིང་ལ་སོགས་ཚུལ་གྱིས། །ཁྲོ་བོའི་ཁུ་ཚུར་གཉིས་སུ་བཤད། །ཅེས་བྱ་བ་ལ། རྡོ་རྗེ་འགྱིང་བའི་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་སྟེ། དེ་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེ་འགྱིང་བ་

ལ་སོགས་པའོ། །དེ་དག་གི་ཚུལ་ཡིན་པས་ན་རྡོ་རྗེ་འགྱིང་ལ་སོགས་ཚུལ་གྱིས་ཏེ། དེས་ལས་ཀྱི་ཕྱག་རྒྱ་རྣམས་བསྟན་པར་བྱའོ། །བཤད་ཅེས་པ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ད་ནི། གང་དང་གང་གི་ཕྱག་རྒྱ་རྣམས། །ཞེས་བྱ་བ་ལ་སོགས་པས་བཤད་མ་ཐག་པའི་ལས་ཀྱི་ཕྱག་

རྒྱ་མདོར་བསྡུས་པ་དེ་ཉིད་རྣམ་པར་འགྲེལ་ཏེ། གང་དང་གང་གི་ཕྱག་རྒྱ་རྣམས། །ཞེས་བྱ་བ་ནི་སེམས་དཔའ་གང་གི་ཕྱག་རྒྱ་གང་ཡིན་པ་དེའོ། །ལས་ཀྱི་ཕྱོགས་ནི་གང་དུ་བྱ། །ཞེས་བྱ་བ་ནི་བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པས་ཕྱོགས་གང་དང་གང་བྱ་བ་དེ་དང་དེའི་ཕྱག་རྒྱ་

ཕྱོགས་དེ་དང་དེར་ལས་ཀྱི་ཚེ་བསྟན་པར་བྱ་སྟེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་དེ་བཞིན་དུ་འདིར་ཡང་ཁྲོ་བོའི་ཁུ་ཚུར་དེ་དང་དེའི་ལོགས་ནས་གཅུ་ཞིང་། བསྐོར་ལ་ཕྱག་རྒྱ་དེ་དག་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཐམས་ཅད་ཀྱི་ཆོ་གའོ་ཞེས་བྱ་བ་ནི་ཕྱག་རྒྱ་

เล่ม ๕๕ · หน้า 214b

ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞི་ཆར་གྱི་སོ་སོའི་ཆོ་གའོ། །ད་ནི་ཐུན་མོང་གི་ཕྱག་རྒྱ་བཅིང་བ་སྟོན་ཏེ། །རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་རིག་པའི་རྒྱལ་པོ་རྣམས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་པོ་རྣམས་ལས་གང་རང་གི་ལྷ་ཟློས་པའི་ཕྱག་རྒྱ་དེ་དག་ཐམས་ཅད་ནི་ཐུན་མོང་མ་

ཡིན་ཏེ། གང་ཞིག་ལྷ་གང་ཟློས་པ་དེ་དང་དེའི་ཕྱག་རྒྱ་ནི་ལྷ་དེ་ཉིད་ཀྱི་རང་གི་ཕྱག་རྒྱ་ཡིན་པས་ན་ཐུན་མོང་མ་ཡིན་པ་ཞེས་བྱའོ། །དེ་ནི་དེ་དག་ཐམས་ཅད་ལས་གང་ཟློས་ཀྱང་ཕྱག་རྒྱ་གང་དང་གང་དགོས་པ་དེ་ནི་ཐམས་ཅད་ཀྱི་སྤྱིའི་ཡིན་པས་ན་ཐུན་མོང་ཞེས་བྱ་སྟེ། དེའི་ཕྱིར་སྤྱིའི་ཕྱག་རྒྱ་བཅིང་བ་

ཞེས་སྨོས་པ་ཡིན་ནོ། །དེ་ལ་ཐོག་མར་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཤད་དེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྔར་བསྟན་ཟིན་མོད་ཀྱི། འོན་ཀྱང་འདི་ལ་ཐུན་མོང་དུ་གྱུར་པ་ཡོད་པར་བསྟན་པའི་ཕྱིར། ཡང་བཟླས་ཏེ་སྨོས་པ་ཡིན་ནོ། །རྡོ་རྗེ་

རྣམས་ཀྱི་དམ་ཚིག་གི་མཆོག་ཡིན་པས་ན་རྡོ་རྗེ་རྣམས་ཀྱི་དམ་ཚིག་མཆོག་སྟེ། དམ་ཚིག་ཅེས་བྱ་བ་ནི་འདིར་སྔགས་ལ་བྱའོ། །རྡོ་རྗེ་དམ་ཚིག་མཆོག་དེའི་མིང་ཇི་སྐད་དུ་བྱ། གང་ཞིག་གི་ཡིན་ཞེ་ན། རྡོ་རྗེ་ཧཱུྃ་ཞེས་སྔགས་ཀྱིས་ཏེ། །ཞེས་བྱ་བ་གསུངས་སོ། །དངོས་གྲུབ་ཐམས་

ཅད་ཡུད་ཀྱིས་ཐོབ། །ཅེས་བྱ་བ་ནི་དེའི་ཕན་ཡོན་སྟོན་པ་ཡིན་ནོ། །འདི་སྐད་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཧཱུྃ་ཞེས་བྱ་བ་བཞིའི་སྔགས་དང་སྦྱར་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་པོར་བཀུག་ཅིང་དཀྱིལ་འཁོར་དུ་བཙུད་དེ་རྣམ་པར་སྣང་མཛད་

ཀྱི་གདན་ལ་བཀོད་པས་ན། དེ་ནས་དེ་དངོས་གྲུབ་ཐམས་ཅད་སྦྱིན་པར་འགྱུར་རོ། །མཐེའུ་ཆུང་མཛུབ་མོ་ལྕགས་ཀྱུར་བཅིང་། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་གཡས་པའི་མཛུབ་མོའི་ལྕགས་ཀྱུ་གཡོན་པའི་མཛུབ་མོའི་ལྕགས་ཀྱུས་བཟུང་སྟེ་

བཅིངས་ན་རྡོ་རྗེ་གཉིས་ཀ་བླ་འོག་ཏུ་འགྱུར་རོ། །དམ་ཚིག་རྣམས་ཀྱི་ལྕགས་ཀྱུ་ཡིན་པའམ་དམ་ཚིག་ཀྱང་ཡིན་ལ་ལྕགས་ཀྱུ་ཡང་ཡིན་པས་ན་དམ་ཚིག་ལྕགས་ཀྱུའོ། །ཡང་ན་དམ་ཚིག་ནི་འདོད་པའི་རྒྱལ་པོ་སྟེ། དེའི་ལྕགས་ཀྱུ་ཡིན་པས་ན་དམ་ཚིག་ལྕགས་ཀྱུའོ། །སྐད་ཅིག་གིས་

เล่ม ๕๕ · หน้า 215a

ནི་ཐམས་ཅད་འགུགས། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་སྐད་ཅིག་ཙམ་གྱིས་འགུགས་པའོ། །འདས་མ་ཐག་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྤྱིའི་ཕྱག་རྒྱ་བསྟན་ནས། ད་ནི། རིག་པ་དམ་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པས་འདུལ་

བྱེད་ཧཱུྃ་མཛད་ཀྱི་སྔགས་ཀྱིས་བསྡུས་པའི་ལས་རྣམས་སྟོན་ཏེ། རིག་པ་དམ་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་རིག་པ་དམ་པ་ཐམས་ཅད་དེ། རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་བཞིའོ། །དེ་རྣམས་ཀྱི་ནང་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་གཙོ་བོ་ཡིན་ལ། གཞན་རྣམས་ཀྱི་ནི་ཐུན་

མོང་དུ་གྱུར་པ་ཡིན་པས་གཙོ་བོ་མ་ཡིན་ནོ། །གཞན་རྣམས་ལས་གཙོ་བོར་གྱུར་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འབའ་ཞིག་ཡིན་ནོ། །དེའི་ཚེ་གཙོ་བོའི་ལས་གང་ཡིན་ཞེ་ན། ཐམས་ཅད་ཀྱང་ནི་གནོན་པ་སྟེ། །ཞེས་བྱ་བའོ། །གནོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་བཞིན་ལས་རྣམས་ཐམས་ཅད་བྱེད། །

ཅེས་བྱ་བ་སྟེ། དེ་བཞིན་ཞེས་བྱ་བ་ནི་འདུལ་བྱེད་ཧཱུྃ་མཛད་ཀྱིས་བསྡུས་པ་བཞིན་དུའོ། །ད་ནི། རྡོ་རྗེ་མཛུབ་སོར་གཉིས་ལེགས་པར། །ཞེས་བྱ་བ་ལ་སོགས་པས། བཛྲོད་ཏིཥྛ་ཞེས་བྱ་བའི་སྔགས་ཀྱིས་འཇིག་རྟེན་གསུམ་པོ་འགྱེལ་བ་ལས་སློང་བའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་གཉིས་ནི་ཁྲོ་བོའི་ཁུ་ཚུར་

གཉིས་ཏེ། དེ་གཉིས་ཀྱི་མཛུབ་མོའི་སོར་མོ་གཉིས་ལེགས་པར་སྦྱར་བར་བྱ་བ་སྟེ། ཕྱིན་ཅི་མ་ལོག་པར་ལེགས་པར་རབ་ཏུ་མཉམ་པར་བཞག་ལ། བཀན་ཏེ་གཅིག་ལ་གཅིག་འབྱར་བར་བྱས་ནས་སྙིང་གར་བཞག་ལ་འགྱེལ་བའི་འོག་ཏུ་གནས་པར་བསམས་ལ་དེ་ལས་བཟློག་ནས་གྱེན་དུ་བཏེག་པར་བྱས་

ཏེ། རྣམ་པ་དེ་ལྟ་བུའི་ཚུལ་གྱིས་ཤི་བ་ཐམས་ཅད་བསླང་བར་བྱའོ། །རྡོ་རྗེ་སློང་བ་ཞེས་བྱའོ་ཞེས་བྱ་བ་ནི་ཕྱག་རྒྱ་འདིའི་མིང་རྡོ་རྗེ་སློང་བ་ཞེས་བྱའོ། །ད་ནི་རྡོ་རྗེ་མཛུབ་མོ་གཉིས། །ཞེས་བྱ་བ་ལ་སོགས་པས་ཤི་བ་ཡང་དག་པར་གསོ་བའི་སྔགས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་གཉིས་ཞེས་བྱ་བ་ནི་སྔར་

བཤད་མ་ཐག་པའོ། །དེ་ཡི་མཛུབ་མོའི་སོར་མོ་གཉིས། །རྡོ་རྗེ་བཅིང་བ་བཅིང་ནས་སུ། །ཞེས་བྱ་བ་ནི་གཅིག་ལ་གཅིག་ལྕགས་ཀྱུ་ལྟ་བུས་བཟུང་བ་ནི་རྡོ་རྗེ་བཅིངས་པའོ། །ཕྱག་རྒྱ་འདི་ཉིད་ཟློས་ཏེ་སེམས་ཅན་ཐམས་ཅད་ཡང་དག་པར་བསྡུས་ལ། མ་འོངས་པའི་སྲོག་གཅོད་པ་ལས་ལྡོག་པ་

เล่ม ๕๕ · หน้า 215b

དང་། བཟའ་བ་དང་བཏུང་བ་ལ་སོགས་པ་བྱིན་པས་ཚེ་འཕེལ་བར་འགྱུར་བའི་ལས་ཀྱི་འབྲས་བུར་གྱུར་པ་སྤྱི་བོར་གཞག་གོ། །དེས་ཅི་ཞིག་བྱད་ཅེ་ན། ཚེ་དང་ནད་མེད་འཕེལ་བའོ། །ཞེས་གསུངས་སོ། །ད་ནི་བཅོམ་ལྡན་འདས་རྡོ་རྗེའི་རྗེས་སུ་སྤྱོད་པ་དང་། ཞབས་ཀྱི་མཐིལ་དུ་དགུག་པའི་སྔགས་

ཀྱི་ཕྱག་རྒྱ་སྟོན་པ་དེ་ནི། རྡོ་རྗེ་བཅིང་བ་དམ་བཅས་ཏེ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་ནི་གོ་སླ་སྟེ། གཅུས་པའི་རྡོ་རྗེ་ཁུ་ཚུར་ཙམ་ཞིག་གི་ཁྱད་པར་ཡོད་པར་ཟད་དེ། གཅུས་པ་ནི་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་འོག་ཏུ་བཅུག་ལ་གཡོན་པ་སྟེང་དུ་ཕྱུང་སྟེ། དེ་ནས་ཐད་ཀར་འདྲེན་

པའི་ཚུལ་དུ་གཅུ་ཞིང་ཡང་གཡོན་པ་འོག་ཏུ་བཅུག་ལ་གཡས་པ་སྟེང་དུ་དབྱུང་བར་བྱའོ། །འདི་ནི་ཞབས་སུ་དགུག་པའི་ཕྱག་རྒྱ་སྟེ། འདིས་ལྷ་ཆེན་པོའི་དཀྱིལ་འཁོར་དུ་གཞུག་གོ། །ད་ནི། འཇིག་རྟེན་གསུམ་རྒྱལ་བཅིངས་ནས་སུ། །ཞེས་བྱ་བ་ལ་སོགས་པས། བཛྲ་ཀྲ་མ་ཞེས་བྱ་བའི་

སྔགས་དང་ལྷ་ཆེན་པོ་རྐང་པ་འཇོག་པས་གནོན་པའི་ཕྱག་རྒྱ་སྟོན་ཏོ། །དེའི་འོག་ཏུ་བཛྲ་ཨ་བེ་ཤ་ཞེས་བྱ་བའི་སྔགས་དང་ལྷ་ཆེན་པོ་ཚར་གཅོད་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཁྲོ་བོའི་སྡིགས་མཛུབ་དང་བཅས་པར་བཅིངས་ལ།

མཛུབ་མོ་དེ་དག་གཉིས་ནང་ན་གཅིག་ལ་གཅིག་ཕན་ཚུན་དུ་བརྡབ་པར་བྱའོ། །སེམས་ཅན་གང་གི་ལུས་ལ་ནི། །ཞེས་བྱ་བ་ནི་སེམས་ཅན་གང་ལ་ཆད་པས་གཅོད་པར་འདོད་པའི་སེམས་ཅན་དེ་ཡིད་ཀྱིས་དམིགས་ལ་མཛུབ་མོ་གཉིས་གཅིག་ལ་གཅིག་བརྡབ་པར་བྱའོ། །བསམས་ནས་དེ་ཡང་རྡོབ་

པར་བྱེད། །ཅེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་ཏེ་བརྡབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ལྷ་ཆེན་པོ་ལས་བབས་ཏེ་ཆད་པས་གཅད་པ་དང་། བབས་པས་དེའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བྱམས་པའི་གོ་ཆའི་སྔགས་ཀྱི་གོ་ཆའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་

རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི་སྨས་མ་ཐག་པའི་གོ་ཆའི་འོ། །བདག་གམ་ཕ་རོལ་ཞེས་བྱ་བ་ནི་བདག་ཉིད་དམ་འོན་ཏེ་ཕ་རོལ་ལ་གོ་ཆ་བཅིང་བའོ། །གོ་ཆར་བྱ་ཞེས་བྱ་བ་ནི་མཛུབ་མོ་གཉིས་ཀྱིས་མདུད་པ་སྟེ། རྡོ་རྗེ་དབྱིངས་ལས་གསུངས་པའི་ཚུལ་གྱིས་སོ། །དེ་ལྟར་བཅིང་བ་བྱས་ན་རྟག་པ་ཉིད་དུ་

เล่ม ๕๕ · หน้า 216a

སྲུང་བར་འགྱུར་རོ། །ད་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་དུ་འཇུག་པའི་ཚེ་འཇིག་རྟེན་གྱི་འཁོར་ལོའི་དམ་ཚིག་ཏུ་འཇུག་པའི་སྔགས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་མཐིལ་དུ་བཅིངས་ནས་སུ། །ཞེས་བྱ་བ་ནི་སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམ་པར་བྱ་བའོ། །ཡིད་ཀྱིས་ཁྲོས་

ནས་དགབ་བྱ་བ། ཞེས་བྱ་བ་ནི་ཁྲོ་བས་ཁྱབ་པས་དགབ་པར་བྱ་བའོ། །གང་གིས་གང་ཞིག་ཇི་ལྟར་དགབ་པར་བྱ་ཞེ་ན། དགབ་པ་ནི་བཤད་མ་ཐག་པའི་རྡོ་རྗེ་བཅིང་བས་དགབ་པར་བྱ་ལ། གང་གིས་དགབ་པར་བྱ་ཞེ་ན། མཐེ་བོ་རྡོ་རྗེས་སོ། །ཇི་ལྟར་དགབ་པར་བྱ་ཞེ་ན། དམ་པོར་རོ། །དེ་ལྟར་བྱས་

པས་ཅིར་འགྱུར་ཞེ་ན། རྡོ་རྗེ་རིགས་ཅན་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རིགས་ཐམས་ཅད་བཀའ་ཉན་ལ། རང་དབང་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི། སེམས་དཔའ་རྡོ་རྗེ་དམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པས་དམ་ཚིག་སྲུང་བའི་སྔགས་ཀྱི་རྡོ་རྗེའི་ཕྱག་རྒྱ་སྟོན་ཏེ། སེམས་

དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ། མཐེ་བོ་གཉིས་ཀྱིས་གུང་མོ་མནན། །ཞེས་བྱ་བ་སྟེ། མཛུབ་མོ་དང་གུང་མོ་དང་སྲིན་ལག་གསུམ་ཆར་གཤིབས་ནས་རྩེ་མོར་བྱས་པའི་བར་ན་འདུག་པས་ན་མནན་པ་སྟེ། མཐེའུ་ཆུང་རྡོ་རྗེ་བཅིངས་པའི་ཚུལ་དུ་བཀུག་ནས་གནས་པའི་མཐེའུ་ཆུང་གི་རྡོ་རྗེ་རྩེ་མོ་ལ། མཐེ་

བོའི་རྡོ་རྗེ་རྩེ་མོ་གཏུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་རྡོ་རྗེ་རྩེ་གསུམ་པ་སྟེ་རྡོ་རྗེ་རྣོན་པོ་ཞེས་བྱའོ། །རྣོན་པོ་དམ་ཚིག་འཛིན་པའོ། །ཞེས་བྱ་བ་ནི་མྱུར་བ་ཉིད་དུ་དམ་ཚིག་འཛིན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་འཛིན་དུ་འཇུག་པ་ནི་ཁྲོ་བོ་ཏི་རཱིན་ཏི་རིའི་ཡིན་ལ། རྡོ་རྗེ་རྣོན་

པོའི་ཕྱག་རྒྱ་འདི་ནི་ལས་ཀྱི་ཚེ་དམ་ཚིག་ལས་མི་འདའ་བར་བྱ་བའི་སྔགས་པས་བཅིང་བར་བྱའོ། །རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པས་བསྐུལ་བའི་ཚིག་ཐོག་མར་འགྲོ་བའི་སྔགས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་འཛིན་དུ་འཇུག་པའི་ཚེ་གོང་དུ་བསྟན་པ་

ཉིད་ཡིན་མོད་ཀྱི། དེ་ཉིད་འདིར་ནི་སྤྱིའི་ཕྱག་རྒྱ་བཅིང་བའི་ཞར་ལ་རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ་ལ་སོགས་པས་ཡང་སྟོན་པ་ཡིན་ཏེ། ཁྲོ་བོའི་སྡིགས་མཛུབ་དང་བཅས་པའི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ལ། མཛུབ་མོ་གཉིས་བཀུག་སྟེ་བཅིང་བ་སྟེ། མཛུབ་མོ་གཉིས་གཅིག་གིས་

เล่ม ๕๕ · หน้า 216b

གཅིག་བཟུང་བའི་རྡོ་རྗེའི་ཕྱག་རྒྱ་གཉིས་གང་ཡིན་པ་དེ་ནི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། མཛུབ་མོ་གཉིས་བཀུག་བཅིངས་ནས་སུ། །ཞེས་བྱ་བའོ། །གཅུ་ཞིང་ཕྱིར་གཅུས་བྱས་ནས་སུ། །ཞེས་བྱ་བ་ལ། གཅུ་བ་ནི་ལག་པ་གཡོན་པའི་ཁ་ཕྱིར་བསྟན་པ་ལ། ལག་པ་གཡས་པའི་མཛུབ་མོའི་

ལྕགས་ཀྱུས་དགུག་པ་ནི་གཅུ་བ་ཡིན་ནོ། །ཡང་གཡས་པ་ཁ་ཕྱིར་བསྟན་པ་ལ་གཡོན་པའི་མཛུབ་མོའི་ལྕགས་ཀྱུས་དྲངས་ན་ཕྱིར་གཅུ་བ་བྱས་པ་ཡིན་ནོ། །དེ་ལྟ་བུ་ནི་ལྷ་དགུག་པའི་དམ་པ་ཡིན་ཞེས་བྱ་བ་སྟེ། འདིས་ནི་ཕྱག་རྒྱ་འདི་རྣམས་འགུགས་པ་ཡིན་ནོ་ཞེས་སྟོན་ཏོ། །རྡོ་རྗེ་བཅིང་བ་དམ་

བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དབུས་སུ་བཙིར་བ་བར་སྣང་གིའོ། །ཞེས་བྱ་བ་ནི་མཛུབ་མོ་བཀུག་པ་གཉིས་ཀྱི་ངོས་དང་མཐེ་བོ་བཀུག་པ་གཉིས་ཀྱི་ངོ་སྤྲད་ལ། དབུས་སུ་སྟེ་གུང་མོའི་ཐད་ཀར་མནན་པ་ནི་བར་སྣང་བ་རྣམས་ཀྱི་ཕྱག་རྒྱར་འགྱུར་རོ། །ད་ནི་ནམ་

མཁའ་ལ་སྤྱོད་པ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གའི་ཐད་ཀར་བཞག་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྒྱབ་ནས་མཐེའུ་ཆུང་གཉིས་གཅིག་ལ་གཅིག་སྦྲེལ་ནས་མཛུབ་མོ་གཉིས་ཀྱང་འཁྱུད་དེ་བཟློག་ལ་བཀན་ནས་ཁ་གྱེན་དུ་བསྟན་པ་ནི་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱི་ཕྱག་རྒྱའོ། །

ད་ནི་ས་ལ་གནས་པ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་བཅིངས་པ་བསྡམས་ནས་སུ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་གཤིབས་པ་འདི་ནི་རྡོ་རྗེ་བསྲུང་བའི་ཕྱག་རྒྱ་སྟེ། འདི་ཉིད་ས་ལ་བཞག་ནས་བཙིར་བར་བྱའོ། །ས་པ་ཞེས་བྱ་བ་ནི་ས་ལ་འཁོད་པ་གང་ཡིན་པ་དེ་ནི་

ས་པའོ། །དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པས་ན་དམ་ཚིག་སྟེའོ། །ལས་ཐམས་ཅད་བྱེད་པས་ན་ཐམས་ཅད་བྱེད་པའོ། །འདའ་དཀའ་བའོ་ཞེས་བྱ་བ་ནི་ལྷ་མ་ཡིན་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་

པས་ས་འོག་ན་གནས་པ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ནི་བསྟན་ཟིན་ཏོ། །གཡོན་པའི་རྡོ་རྗེ་མཛུབ་མོ་ཡིན་པས་ན་གཡོན་པའི་རྡོ་རྗེ་མཛུབ་མོའོ། །དེས་མནན་པ་ནི་ལྕགས་ཀྱུའི་ཚུལ་དུ་བྱས་པས་གཟུང་བ་སྟེ། རྡོ་རྗེ་སོར་མོ་གཡས་པའི་མཐེའུ་ཆུང་གིས་གཡོན་པའི་མཛུབ་

เล่ม ๕๕ · หน้า 217a

མོའི་རྡོ་རྗེ་བཟུང་ལ་དྲག་ཏུ་བརྡབས་ན་འདིས་ས་འོག་ན་གནས་པ་རྣམས་འགུགས་པར་འགྱུར་རོ། །ད་ནི་རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྡོ་རྗེ་བཅིང་བ་སྦྲེལ་བ་ནི། མཛུབ་མོ་གཉིས་ཀ་དམ་པོ་སྟེ། །ཞེས་བྱ་བ་མཛུབ་མོ་གཉིས་ཀ་བཀུག་ལ་ཕན་ཚུན་ལྕགས་ཀྱུ་

ལྟ་བུར་དམ་པོར་གཟུང་བ་འདི་ནི་མདུད་པར་འགྱུར་རོ། །གུང་མོ་གཉིས་དང་མཐེ་བོང་གཉིས་ནི་རྡོ་རྗེར་བྱ་བའོ། །གཞན་དག་ནི་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱང་བརྐྱང་བར་བྱའོ་ཞེས་ཟེར་རོ། །འདི་གདུག་པའི་ཕྱག་རྒྱ་རབ་ཏུ་འཇོམས་པར་བྱེད་པའི་རྡོ་རྗེ་ཡིན་ཏེ། གདུག་པའི་ཕྱག་རྒྱ་ནི་ཕྲ་མེན་མ་ལ་སོགས་

པའི་ཕྱག་རྒྱ་སྟེ། དེ་རབ་ཏུ་འཇོམས་པར་བྱེད་པས་ན་གདུག་པའི་ཕྱག་རྒྱ་འཇོམས་པའོ་ཞེས་བྱ་བའོ། །ད་ནི། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ལ་སོགས་པས་གདུག་པའི་རྡོ་རྗེ་ཁྲོ་བོའི་སྔགས་གདུག་པའི་དཀྱིལ་འཁོར་འཇོམས་པར་བྱེད་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་ཁྲོ་

བོའི་སྡིགས་མཛུབ་དང་བཅས་པར་བཅིངས་ལ་སྙིང་གའི་གནས་སུ་གཞག་གོ། །མཉམ་བཞག་སྟེ་ཞེས་བྱ་བ་འདིས་ནི་གདུག་པའི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེའི་ཕྱག་རྒྱ་གཉིས་ཀྱི་བར་དུ་ཆུད་པར་བསམས་ལ་བཅིང་བར་བྱའོ་ཞེས་སྟོན་ཏེ། བཙིར་བ་ཞེས་བྱ་བ་ནི་གཉིས་པོ་དེ་དག་ཉིད་ཀྱི་མཉེ་བར་

བྱ་བ་སྟེ། འདི་ཕྱི་རོལ་གྱི་དཀྱིལ་འཁོར་འཇིག་པར་བྱེད་པའི་ཕྱག་རྒྱ་ཡིན་ནོ། །ད་ནི། གཡོན་པའི་རྡོ་རྗེ་མཛུབ་མོ་ལ། །ཞེས་བྱ་བ་ལ་སོགས་པས་ཁྲོ་བོ་དྲག་པོའི་སྔགས་ཀྱིས་མ་རུངས་པའི་དཀྱིལ་འཁོར་ཐམས་ཅད་ལྟུང་བར་བྱེད་པའི་ཕྱག་རྒྱ་སྟོན་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་ལ། ཞེས་བྱ་

བ་ནི་གཡོན་པའི་རྡོ་རྗེ་མཛུབ་མོ་ཁ་ཕྱིར་བསྟན་ལ། གཡས་པའི་མཛུབ་མོ་བཀུག་པས་སྟེང་ནས་བཟུང་སྟེ་དྲག་གཏོགས་ན་ཞེས་བྱ་བ་དྲངས་ལ་སླར་གཏོགས་ཏེ་བཏང་བས་གང་ལྟུང་བར་བྱ་བར་འདོད་པ་དེ་ལྟུང་བར་འགྱུར་བར་བསམས་ན། གང་དང་གང་ལ་བསྣུན་པས་ལྟུང་བར་བསམས་པ་དེ་དང་དེ་ལྟུང་

བར་འགྱུར་རོ། །དེ་ལྟ་བུའི་སྦྱོར་བ་ལ་གོམས་པར་བྱས་ན་རི་རབ་ཀྱང་ལྟུང་བར་བྱེད་པར་འགྱུར་རོ། །ད་ནི་ཕྲ་མེན་མ་ལ་སོགས་པའི་གདོན་ཐམས་ཅད་འགུགས་པའི་སྔགས་ཀྱིས་གདོན་རྣམས་འགུགས་པའི་ཕྱག་རྒྱ་སྟོན་ཏོ། །བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་ལས། དེར་ནི་བཀུག་ནས་

เล่ม ๕๕ · หน้า 217b

གཏོགས་པ་ཡིན་པར་བཤད་ཀྱི། འདིར་ནི་དགུག་པ་འབའ་ཞིག་ཏུ་ཟད་ཀྱི། ཁྱད་པར་ནི་དེ་ཙམ་དུ་ཟད་དོ། །གདོན་རྣམས་ཀུན་ལ་དབང་དུ་བྱེད། །ཅེས་བྱ་བ་ནི་བཀུག་ནས་གདུག་པ་ཉིད་བཟློག་པ་ལ་དབང་དུ་གྱུར་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བཤད་མ་ཐག་པའི་སྔགས་དང་ཕྱག་རྒྱས་མཁའ་

འགྲོ་མ་ལ་སོགས་པའི་གདོན་བཀུག་པ་རྣམས་ལ་འཆི་བའི་མཚན་མ་ཤེས་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་བཅིང་བ་བྱས་ནས་སུ། །ལག་ངར་སྙིང་གར་ཤིན་ཏུ་བསྡམ། །ཞེས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། རྡོ་རྗེ་ཁུ་ཚུར་གཡོན་པ་མཆན་ཁུང་གཡས་པར་གཞུག །རྡོ་རྗེ་ཁུ་ཚུར་གཡས་པས་

གཡོན་པའི་ལག་ངར་དཀྲིས་ལ་མཆན་ཁུང་གཡོན་པར་གཞུག་གོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མཛུབ་མོ་གཉིས་མཆན་ཁུང་། །ཞེས་པ་ནི་གོ་སླའོ། །ད་ནི། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡིས། །ཞེས་བྱ་བ་ལ་སོགས་པས་རིམས་ལ་སོགས་པའི་ནད་ཐམས་ཅད་དགུག་པའི་སྔགས་ཀྱིས་

རིམས་ལ་སོགས་པའི་ནད་ཐམས་ཅད་དགུག་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་སོ་སོའི་མཐེ་བོ་གཉིས་ཀྱི་རྒྱབ་ཀྱི་རྩར་ཡང་ནས་ཡང་དུ་དྲངས་ཤིང་རིམས་ལ་སོགས་པའི་ནད་སོ་སོའི་གཟུགས་སུ་བསམས་ལ། ལུས་ལས་དབྱུང་བར་བསམས་ན་

དེའི་ལུས་ལ་མགོ་བོ་ནས་བརྩམས་ཏེ་རྐང་པའི་སོར་མོའི་རྩེ་མོ་ལ་ཐུག་གི་བར་དུ། སྔགས་པའི་མིག་གིས་གང་དང་གང་དུ་བལྟས་པ་དེ་དང་དེ་རྣམ་པར་དག་པར་བསམ་པར་བྱ་སྟེ། དེ་ལྟར་རིམས་ལ་སོགས་པ་དགུག་པའི་དམ་པར་འགྱུར་རོ། །ད་ནི་རིམས་ལ་སོགས་པའི་ནད་རྣམས་ནི་

སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་རྩ་བ་ལས་བྱུང་བ་ཡིན་པས་ན་དེའི་ཕྱིར་དང་པོར་དེའི་རྩ་བའི་ཕྱག་རྒྱ་བསྟན་ནས། དེ་འོག་ཏུ་རིམས་ལ་སོགས་པ་དགུག་པའི་ཕྱིར་ཕྱག་རྒྱ་བསྟན་པར་བྱ་དགོས་པ་ན། རྡོ་རྗེ་ཐལ་མོ་དམ་སྦྱར་ཏེ། །ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ།

མནན་པ་དེ་ནི་སྡིག་འཕྲོག་པའོ། །ཞེས་བྱ་བ་ནི་ཕྱག་རྒྱ་འདི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་རྣལ་འབྱོར་བསྒོམ་པ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་ངན་སོང་ཐམས་ཅད་བཀུག་ནས་རྣམ་པར་སྦྱང་བའི་སྔགས་

เล่ม ๕๕ · หน้า 218a

ཀྱིས་ངན་སོང་དུ་ལྟུང་བ་སློང་བའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེའི་ཕྱག་རྒྱ་གཉིས་ཀྱི་མཛུབ་མོའི་སོར་མོ་གཉིས་བཀུག་ལ། གཅིག་ལ་གཅིག་ལྕགས་སྒྲོག་གི་ཚུལ་དུ་སྦྲེལ་ལ་ངན་སོང་དུ་ལྟུང་

བ་ཐམས་ཅད་ངན་སོང་གི་གནས་ནས་བཏོན་པར་བསམ་ཞིང་། ཕྱག་རྒྱ་འོག་ནས་གྱེན་དུ་འདེགས་པ་འདི་ནི་ལྟུང་བ་སློང་བའི་དམ་པ་ཡིན་ནོ། །ད་ནི། རྡོ་རྗེ་བཅིང་བ་དམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པས་ངན་སོང་དུ་ལྟུང་བ་ཐམས་ཅད་ཀྱི་ངན་སོང་དྲལ་བའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་བསྡམས་པ་

བཅིངས་ལ་གུང་མོ་གཉིས་གཤིབས་ཏེ། ཐ་མ་བཞིའི་ངོ་སྤྲད་ལ་ཞེས་བྱ་བ་སོར་མོ་ལྷག་མ་རྣམས་རྡོ་རྗེ་བསྡམས་པའི་ནང་དུ་བཅིངས་པའི་ཚུལ་དུ་ཕན་ཚུན་ངོ་སྤྲད་པར་བྱས་ཏེ། དེ་ལྟར་བྱས་ན་གུང་མོའི་སོར་མོ་གཉིས་སྔགས་བརྗོད་ཅིང་ལན་དུ་མར་གདབ་པར་བྱ་སྟེ། རྣམ་པ་དེ་ལྟ་བུའི་ཚུལ་གྱིས་སྡིག་པ་

རྣམས་དྲལ་བར་བྱའོ། །དེ་ལྟར་ཇི་སྐད་གསུངས་པའི་ཚུལ་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་གཏོགས་པའི་སྔགས་དང་ཕྱག་རྒྱ་ལ་སོགས་པས་འཇིག་རྟེན་གསུམ་པོ་ཚར་བཅད་པ་དང་། ཕན་གདགས་པར་མཛད་ནས། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་དཀྱིལ་

འཁོར་ཆེན་པོ་གང་ཡིན་པ་དེ་སྒྲུབ་ཅིང་བྲི་བ་ལ་ཕྱག་རྒྱ་བཞི་གང་ཞིག་དགོས་པ་དེ་སྟོན་པ་ཡིན་ནོ། །དེ་དག་ལས་ཀྱང་། རྡོ་རྗེའི་ཕྱག་རྒྱ་བཟུང་ནས་ནི། །ཞེས་བྱ་བ་ལ་སོགས་པས་ཐིག་གདབ་པའི་སྔགས་ཀྱི་ཕྱག་རྒྱ་དེ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་བཟུང་ནས་ནི། །ཞེས་བྱ་བ་གཡོན་པ་རྡོ་རྗེ་ཁུ་ཚུར་

བཅིངས་ལ། ཐིག་གཟུང་སྟེ་དཀྱིལ་འཁོར་དུ་དང་པོ་ཁོ་ནར་སྲད་བུ་བྲེ་བར་བྱའོ། །དེ་ཡང་རྒྱས་པ་ལ་ནི་ཁ་ཤར་ཕྱོགས་སུ་བལྟ། ཞི་བ་ལ་ནི་བྱང་ཕྱོགས་སུ་བལྟ། མངོན་སྤྱོད་ལ་ནི་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་སྲད་བུ་བྲེ་བར་བྱའོ། །སྲད་བུ་བྲེས་ལ་ཞེས་བྱ་བ་ནི་ས་ལ་བཞག་ལ་ཞེས་བྱ་

བའི་དོན་ཏོ། །དེ་ལྟར། སྲད་བུ་བྲེས་ནས་ཕྱི་ནས་ནི། །སྲད་བུ་ཇི་བཞིན་བྲི་བ་བཤད། །ཅེས་བྱ་བ་སྟེ། རྡོ་རྗེ་ཁུ་ཚུར་རམ་རྣམ་པ་གཞན་གང་ཡང་རུང་བས་ཇི་ལྟར་བདེ་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ད་ནི། རྡོ་རྗེའི་ཕྱག་རྒྱ་གཉི་ག་ཡི། །ཞེས་བྱ་བ་ལ་སོགས་པས་ཚོན་རྩི་ལ་

เล่ม ๕๕ · หน้า 218b

བཟླས་པའི་སྔགས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉི་ག་ཡི། །ཞེས་བྱ་བ་ནི་རྡོ་རྗེའི་ཕྱག་རྒྱ་གཉིས་ཀྱིའོ། །མཛུབ་མོའི་རྩེ་མོ་རབ་སྦྱར་བ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་རབ་ཏུ་བརྐྱང་བའི་རྩེ་མོ་གཉིས་སྦྱར་བའོ། །བྱས་ནས་ཞེས་བྱ་བ་ནི་རྡོ་རྗེའི་ཕྱག་རྒྱ་དེ་ལྟར་བྱས་ནས་སོ། །ཚོན་

རྣམས་ཐམས་ཅད་ལ་ཞེས་བྱ་བ་ནི་བྲི་བའི་ཕྱེ་མ་ཐམས་ཅད་ལའོ། །འབར་བའི་ལྟ་བས་དགུག་པར་བྱ། །ཞེས་བྱ་བ་ནི། རབ་ཏུ་མྱུར་བར་མིག་བསྒུལ་ཞིང་། །མིག་གི་རྫི་མ་འདྲེན་པ་ནི། །ཞེས་བྱ་བ་འབར་བའི་ལྟ་བར་བཤད་པ་སྟེ། དེས་དགུག་པ་ནི་ནམ་མཁའི་དབྱིངས་ཐམས་

ཅད་ནས། སངས་རྒྱས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པ་རྣམས་སྤྱན་དྲང་ངོ་། །སྤྱན་དྲངས་ནས་ཀྱང་ཚོན་གྱི་ཕྱེ་མ་དེའི་ནང་དུ་གཞུག་པར་བྱའོ། །ད་ནི། རྡོ་རྗེ་མཛུབ་མོ་ཡང་དག་པར། །ཞེས་བྱ་བ་ལ་སོགས་པས་སྒོ་དབྱེ་བའི་སྔགས་ཀྱི་ཕྱག་རྒྱ་སྟོན་ཏེ། བཤད་མ་ཐག་པའི་ཕྱག་རྒྱ་

ཉིད་ལ་སྦྱར་ལ་བཀན་ཏེ་ཞེས་བྱ་བ་ཉི་ཚེ་ཙམ་ཞིག་ཁྱད་པར་ཡོད་པར་ཟད་དོ། །རབ་ཏུ་ཁྲོས་ནས་ཞེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་པའོ། །དབྱེ་བ་ཞེས་བྱ་བ་དབྱེ་བ་བྱས་པའོ། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །ཞེས་བྱ་བ་ནི། ཐམས་ཅད་ལས་ཕུལ་དུ་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་

བཤད་དོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །རྡོ་རྗེ་རིགས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། རིགས་བཞིའི་རྣམ་པར་དབྱེ་བས་གནས་པ་དེའི་རྡོ་རྗེ་རིགས་ཐམས་ཅད་ཀྱིའོ། །ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་མ་ལུས་པ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དབྱེ་བ་རྣམ་པ་བཞིའོ། །བསྒྲུབ་

པ་བཤད་དོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྤྱིའི་བསྒྲུབ་པ་བཤད་པའོ། །གཡོན་བརྐྱང་བ་ཡི་ཚུལ་བྱས་ཏེ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཚུལ་དུ་གནས་ཏེ། ཁྲོ་བོ་ཡི་ནི་སྐད་འབྱིན་ཞིང་། །ཞེས་བྱ་བ་ནི་ཁྲོ་བོའི་དམ་ཚིག་གི་སྔགས་བརྗོད་པའོ། །ཁྲོ་ཞིང་ཁྲོ་བའི་ལྟ་བས་ནི། །དེ་ལྟར་རྔམ་པ་

དང་བཅས་པའོ། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་ཡིད་ཀྱི་ལས་སྟོན་པ་སྟེ། ཁྲོ་བོས་ཁྱབ་པའི་ཡིད་ཀྱིས་བྱ་བའོ་ཞེས་བྱ་བའི་བར་དུ་སྟོན་ཏེ། ཕྱག་རྒྱ་ཇི་སྐད་གསུངས་པ་འདི་རྣམས་ཀྱིས་ལས་ཐམས་ཅད་སྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་

เล่ม ๕๕ · หน้า 219a

པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱི་རྡོ་རྗེ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་དེ་དག་ཕྱག་ན་རྡོ་རྗེས་སྤྲུལ་ཏེ་བཀོད་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཞེས་

གསུངས་སོ། །དེ་ཉིད་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གོ། །དེ་རྟོག་པ་ཆེན་པོའི་རྒྱལ་པོ་གང་དུ་བསྟན་པ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོ་སྟེ་བརྟག་པ་ཆེན་པོའི་རྒྱལ་པོ་དེ་ལས། འཇིག་རྟེན་གསུམ་ལས་རྣམ་

པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དེ་ལྟར་ཇི་སྐད་དུ་བསྟན་པའི་

ཚུལ་གྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་བསྐྱེད་དེ་འཇིག་རྟེན་གསུམ་ལས་རྒྱལ་ཞིང་བཏུལ་ནས་བསྟན་པ་ལ་བཀོད་དེ། དཀྱིལ་འཁོར་དུ་བཅུག་ཅིང་དམ་ཚིག་འཛིན་མ་ལ་བཙུད་ནས། རང་གི་མཚན་མ་བྱིན་ཏེ་ལས་ལ་ངེས་པར་སྦྱར་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡོངས་

སུ་རྫོགས་པར་མཛད་པ་ཡིན་ལ། ད་ནི་ཁམས་གསུམ་རྣམ་པར་རྒྱལ་བར་གཏོགས་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །ཡང་ཞེས་བྱ་བ་ནི་ཁམས་གསུམ་རྣམ་

པར་རྒྱལ་བའི་དཀྱིལ་འཁོར་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ཕྱག་ན་རྡོ་རྗེ་མངའ་བའི་ཕྱིར་ཕྱག་ན་རྡོ་རྗེའོ། །རྡོ་རྗེ་རྣམས་ཀྱི་གཟུངས་ཡིན་པའི་ཕྱིར་ན་རྡོ་རྗེ་གཟུངས་ཏེ། རྡོ་རྗེ་ནི་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་དམ་

ཚིག་ནི་ཕྱག་རྒྱའི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱི་གཟུངས་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་གང་ལས་བྱུང་བའི་བསམ་པ་དེ་ཉིད་ནི་བརྟན་པའི་ཕྱིར་ན་རྡོ་རྗེ་ཡིན་ལ། དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་མིང་དེ་སྐད་ཅེས་བྱ་བ་ཉིད་དུ་དོན་དང་མཐུན་པར་བཏགས་པ་གང་ཡིན་པའི་ཏིང་ངེ་

เล่ม ๕๕ · หน้า 219b

འཛིན་དེ་ལ་དེ་སྙོམས་པར་ཞུགས་པའོ། །རིག་པ་དམ་པ་ཞེས་བྱ་བ་ལ། གང་མ་རིག་པ་བསལ་བར་བྱ་བའི་ཕྱིར་སྤྲུལ་པ་ནི་རིག་པ་ཞེས་བཤད་དོ། །དེ་སྟོན་པའི་ཚིག་ཀྱང་རིག་པ་ཞེས་བྱ་ལ། དེ་ཡང་རྣམ་པ་མང་སྟེ། དེ་རྣམས་ཀྱི་དམ་པ་ཡིན་པས་ན་རིག་པ་དམ་པ་སྟེ་དེ་གསུངས་པའོ། །འདིར་རིག་

པ་ཞེས་སྨོས་པ་ནི་དེ་སྟོན་པར་བྱེད་པའི་སྒྲ་ལ་བྱ་བར་གཟུང་སྟེ། དེ་གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །རིག་པ་དམ་པ་ཞེས་བྱ་བ་གསུངས་ན་གང་གིས་དེ་དམ་པ་ཡིན་པར་མ་གསུངས་པས་ད་ནི་དཀྱིལ་འཁོར་ཐམས་ཅད་སྤྲུལ་པའི་

ལས་དེ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་རིག་པ་དམ་པ་གསུངས་པ་ཙམ་གྱིས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཕྱོགས་ནས་

སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉིད་དོ། །ཕྱག་ན་རྡོ་རྗེ་དང་རང་གི་ངོ་བོ་ཉིད་ཐམས་ཅད་འདྲ་བ་གང་ཡིན་པ་དེ་ནི་ཕྱག་ན་རྡོ་རྗེ་དང་རང་གི་ལུས་ཐམས་ཅད་འདྲ་བ་ཞེས་བྱ་བའོ། །ཕྱག་ན་རྡོ་རྗེ་དང་རང་གི་ལུས་ཐམས་ཅད་འདྲ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོད་ཀྱི་དཀྱིལ་འཁོར་དང་འདྲ་

བར་བསྟན་པའི་ཕྱིར་ཀུན་ནས་འབར་བས་བསྐོར་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ནས་འབར་བས་ན་ཀུན་ནས་འབར་བ་སྟེ། དེས་བསྐོར་ནས་ནང་ན་བཞུགས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དེ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་ཁྲོ་བོ་གསང་བའི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་ཞེས་བྱ་བ་གསུངས་

ཏེ། རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པ་ཡིན་ལ། དེར་བྱིན་གྱིས་བརླབས་པའི་ལྷ་མོ་རྣམས་ནི་དེའི་ངོ་བོ་ཉིད་ཡིན་པས། རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སུ་གྱུར་ནས་བྱུང་བའོ། །འདིས་ནི་འདི་སྐད་སྟོན་ཏེ། རྣལ་འབྱོར་གྱི་

དབང་ཕྱུག་རྣམས་ཀྱི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དང་འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་ནི་རང་གི་སེམས་ཉིད་ལས་བྱུང་ཞིང་ལྡོག་པ་ཡིན་ནོ། །ཅིའི་ཕྱིར་དཀྱིལ་འཁོར་འདི་སྤྲུལ་པར་མཛད་ཅེས་བྱ་བའི་འདྲི་བའི་གླགས་སུ་རྙེད་གྱུར་པ་འདི་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་

เล่ม ๕๕ · หน้า 220a

གཤེགས་པ་ཐམས་ཅད་ཀྱི་དོན་བསྒྲུབས་ནས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི། རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དོན་ནི་ཕྱག་རྒྱའི་ལྷ་མོ་རྣམས་ཀྱི་རིགས་གསུངས་པས་དེ་ལྟ་བུའི་སྤྲུལ་པས་འདུལ་བའི་སེམས་ཅན་རྣམས་འདུལ་བ་སྟེ། དེ་བསྒྲུབས་

ནས་སོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ། །བཙུན་མོ་གསང་བ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། གང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདོད་པའི་ཁམས་ཀྱི་དབང་ཕྱུག་ལས་རྣམ་པར་རྒྱལ་བར་མཛད་པའི་ཕྱིར་བཙུན་མོའི་འཁོར་གྱི་ཚོགས་སྤྲུལ་པར་མཛད་

པ་དང་། འདོད་པའི་ཁམས་ཀྱི་དབང་ཕྱུག་གིས་མཆོག་ཏུ་ཕུལ་དུ་བྱུང་བ་དེ་མཐོང་བ་དང་རང་གི་སླས་ཀྱི་ཚོགས་ལ་སྡུག་བསྔལ་གྱིས་གདུངས་པའི་འགྲོ་བ་ལྟ་བུར་སེམས་ཏེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེར་སྨོན་ལམ་འདེབས་པར་བྱེད་ཅིང་། བཅོམ་ལྡན་འདས་འདི་ཇི་ལྟར་རྙེད་པར་འགྱུར་ཞེས་ཟེར་ལ། བཅོམ་

ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྟོན་པར་མཛད་ཅིང་ཕྱག་རྒྱའི་ལྷ་མོ་དེ་རྣམས་དེ་ན་བཙུན་མོའི་འཁོར་གྱི་ཚུལ་གྱིས་བཞུགས་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་དེའི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་བཙུན་མོའི་

ཚུལ་གྱིས་གནས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བཙུན་མོ་གསང་བ་ཞེས་བཤད་དོ། །ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་དེ་རྣམས་གཞག་པར་བྱ་བའི་ཕྱིར་ཏེ། དེ་བས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཤིན་ཏུ་ཞི་བ་ཡིན་པའི་ཕྱིར་དང་། སྦྱོར་བ་དེས་འདུལ་

བའི་སེམས་ཅན་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་བུད་མེད་ཀྱི་གཟུགས་སྦས་ཤིང་མི་མངོན་པར་མཛད་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱའི་གཟུགས་སུ་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞེས་

བྱ་བ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་ལྷ་རྣམས་དགོད་པ་དང་། དཀྱིལ་འཁོར་དགོད་པ་ཇི་ལྟ་བ་དེ་བཞིན་དུ་འདིར་ཡང་ཟླ་བའི་དཀྱིལ་འཁོར་ལ་འདུག་ནས་ཞེས་བྱ་བ་གནས་ནས་ཆེད་དུ་བརྗོད་པར་མཛད་པའོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །ཆེད་ཀར་བརྗོད་པས་ན་ཆེད་དུ་

เล่ม ๕๕ · หน้า 220b

བརྗོད་པ་སྟེ་ཆེད་དུ་གསུངས་བའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན། གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་ཡེ་ཤེས་བླ་ན་མེད། །ཅེས་བྱ་བ་སྟེ། གསང་བའི་བཙུན་མོའི་འཁོར་ཡིན་ལ། དེ་སྤྲུལ་པའི་ཡེ་ཤེས་ནི་གསང་བའི་ཡེ་ཤེས་སོ། །དེ་

ཡང་བླ་ན་མེད་པ་སྟེ་ཐམས་ཅད་ཀྱི་མཆོག་ཡིན་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱི་མཆོག་ནི་ཁ་དོག་དང་དབྱིབས་དང་གོས་དང་རྒྱན་རྣམ་པ་སྣ་ཚོགས་དང་སྤྲུལ་པ་སྟེ། འདི་ནི་དེའི་གསང་བའི་ཡེ་ཤེས་བླ་ན་མེད་པ་དེ་ཐམས་ཅད་ལས་མཆོག་ཏུ་གྱུར་པའོ། །གང་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། བཅོམ་ལྡན་

འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་བཙུན་མོའི་གཟུགས་སུ་མངོན་པར་སྤྲུལ་པ་མཛད་པའོ། །དེ་བཞིན་གཤེགས་པ་བདེ་བའི་ཕྱིར། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བ་ནི་དཀྱིལ་འཁོར་ཆེན་པོ་བསྟན་པས་དེ་བཞིན་གཤེགས་

པས་འདུལ་བའི་སྐྱེ་བོ་རྣམས་ཀྱི་དོན་བསྒྲུབ་པར་མཛད་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཕྱག་རྒྱའི་ལྷ་མོའི་དཀྱིལ་འཁོར་གྱི་གཟུགས་སུ་བཞག་པ་ཡིན་ནོ། །བཙུན་མོ་ཉིད་དུ་གྱུར་པ་ཡིན། །ཞེས་བྱ་བ་ནི་བཙུན་མོའི་འཁོར་གྱི་རོལ་པ་སྟོན་པར་མཛད་པས་སོ། །ཧཱི་ཞེས་བྱ་བ་ནི་

རྣམ་པར་སྣང་མཛད་ཀྱི་གནས་སུ་འཇོག་པའི་སྔགས་སོ། །དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་སྤྲུལ་པར་མཛད་ནས། ད་ནི་བྲི་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཡང་ཕྱག་ན་རྡོ་རྗེས་ཞེས་བྱ་

བ་ནི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པའོ། །རང་གི་རིགས་ནི་རྡོ་རྗེའི་རིགས་ཏེ། རང་གི་རིགས་དེའི་དམ་ཚིག་གི་ཕྱག་རྒྱ་ནི་རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་ལ། དེའི་དཀྱིལ་འཁོར་ཡིན་པས་ན་རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་རོ། །མིང་ཇི་སྐད་ཅེས་བྱ་

བ་ཡིན་ཞེ་ན། རྡོ་རྗེ་དམ་ཚིག་གསང་བ་ཞེས་བྱ་བའོ། །གསུངས་པ་ནི་བཀའ་སྩལ་པའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །རབ་ཏུ་བཤད་བྱ་བ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་མེད་པར་དེ་དང་འབྲེལ་བའི་གདུལ་བྱ་རྣམས་ཀྱི་དགོས་པ་འགྲུབ་པར་མི་འགྱུར་ཏེ། དེ་བས་

เล่ม ๕๕ · หน้า 221a

ན་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་སྟེ། ཡང་དག་པར་སོ་སོར་ཕྱེ་ནས་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་ཏེ། རྡོ་རྗེ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ལ། དེས་སྤྲུལ་པའི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེའི་

དཀྱིལ་འཁོར་རོ། །དམ་པ་སྟེ་ཞེས་བྱ་བ་ནི་དགོས་པ་དམ་པ་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། ཁྲོ་བའི་གསང་བ་ཞེས་བཤད་དོ། ཞེས་

གསུངས་སོ། །ཇི་ལྟར་ཕྱིའི་དཀྱིལ་འཁོར་གྱི་དབྱིབས་རྡོ་རྗེ་དབྱིངས་དང་འདྲ་བ་ཡིན་དུ་ཟིན་ཀྱང་འོན་ཀྱང་ནང་གི་དཀྱིལ་འཁོར་གྱི་དབྱིབས་ལ་དབྱེ་བ་ཡོད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་

ཆེན་པོ་ནི་འདིར་ཁམས་གསུམ་རྣམ་པར་རྒྱལ་བ་ཡིན་པར་གཟུང་ངོ་། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་དཀྱིལ་འཁོར་ལྔ་པ་ལྔ་དང་། མཆོད་པ་བརྒྱད་དང་སྒོ་སྲུང་བཞིར་རྣམ་པར་དབྱེ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། དཀྱིལ་འཁོར་ལྔ་ཡི་གནས་རྣམས་སུ། །གསང་

བའི་ཕྱག་རྒྱ་གཞག་པར་བྱ། །ཞེས་བྱ་བ་གསུངས་ཏེ། གསང་བ་ཡང་ཡིན་ལ་ཕྱག་རྒྱ་ཡང་ཡིན་པས་ན། གསང་བའི་ཕྱག་རྒྱ་སྟེ། གསང་བ་ནི་ཐམས་ཅད་ཤིན་ཏུ་གསལ་བར་མི་སྒྲོགས་པས་ན་གསང་བའོ། །ཕྱག་རྒྱ་ནི་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་མཚན་མར་གྱུར་པའི་ཕྱིར་རོ། །གཞག་

པར་བྱ་ཞེས་བྱ་བ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྔ་ཞེས་བྱ་བ་ནི་ཟློ་བའི་དོན་ཏོ། །འདབ་མ་བདུན་པ་ཞེས་ཟེར་བ་དང་འདྲའོ། །དཀྱིལ་འཁོར་ལྔ་ཡི་གནས་རྣམས་སུ། །ཞེས་བྱ་བ་ནི་གཙོ་བོ་བསྟན་པ་ཡིན་ཏེ། མཆོད་པ་ལ་སོགས་པ་ཡང་འོག་ནས་

སྟོན་པའི་ཕྱིར། དཀྱིལ་འཁོར་ལྔ་ཡི་གནས་རྣམས་སུ། །གསང་བའི་ཕྱག་རྒྱ་གཞག་པར་བྱ། །ཞེས་གསུངས་ན། གོ་རིམས་ཇི་ལྟར་གཞག་པར་བྱ་བ་མི་ཤེས་པས་དེའི་ཕྱིར། རྡོ་རྗེ་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་སྐུ་གཟུགས་གཞག་པར་བྱ། །ཞེས་བྱ་བ་གསུངས་

เล่ม ๕๕ · หน้า 221b

ཏེ། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་ཏེ། དེའི་དབུས་ལ་ནི། རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱ་བ་སྟེ། ཇི་སྐད་དུ་བཤད་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་

དབུས་དེར། སངས་རྒྱས་སྐུ་གཟུགས་གཞག་པར་བྱ། །ཞེས་བྱ་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་གཟུགས་བརྙན་དུ་གཏོགས་པ་གཞག་གོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཁྲོ་བོའི་དམ་ཚིག་ཀྱང་། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོས་ཐམས་ཅད་

དུ་ཁྲོ་བོ་སྟེ། རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་དམ་ཚིག་ནི་རྡོ་རྗེ་ལ་སོགས་པ་སྟེ། དེ་དག་ཀྱང་། ཇི་བཞིན་བར་ནི་མཁས་པས་བྲི། །ཞེས་བྱ་བ་སྟེ། རྡོ་རྗེ་དང་། རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་རྣམས་སོ། །མཁས་པས་ཞེས་བྱ་བ་ནི་ཤེས་རབ་

ཅན་ནོ། །དེ་ལྟར་དབུས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་ཇི་ལྟར་འབྱུང་ན་དམ་ཚིག་ལས་འདས་པར་མི་འགྱུར་བའི་ཐབས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཤུགས་ཀྱིས་རྒལ་ནས་ནི། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྔར་བཤད་པའི་སྔགས་དང་ཕྱག་རྒྱ་དང་ལྡན་པར་

འབྱུང་བ་དེ་སྟོན་ཏོ། །བྱུང་ནས་ཅི་ཞིག་བྱ་ཞེ་ན། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་པ་དེ་བྲིས་ཤིག་པའོ། །གོ་རིམས་གང་གིས་དེ་བྲི་བར་བྱ་ཞེ་ན། དེའི་ཕྱིར་དེར། དབུས་སུ་མདུང་རྩེ་ཆུར་བྲིས་ལ། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུྃ་མཛད་

ཀྱི་དཀྱིལ་འཁོར་དུ་མདུང་རྩེ་ཆུར་གནས་པ་ལ་དེའི་སྟེང་དུ་རྡོ་རྗེའི་ཕྲེང་བ་བྲིས་ཤིག་པའོ། །ད་ནི་འཁོར་རྣམས་ཀྱི་ཕྱག་རྒྱ་རིམ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། འོད་འབར་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའི་གནས་སུ་

ལྕགས་ཀྱུ། རྡོ་རྗེ་ཆགས་པའི་གནས་སུ་མདའ། རྡོ་རྗེ་ལེགས་པའི་གནས་སུ་མགུ་བ་རྣམས་བྲིའོ། །རྡོ་རྗེ་ཤུགས་ཀྱིས་རྒལ་ནས་སུ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་དམ་པ་གཉིས་པར་ཡང་། །ཞེས་བྱ་བ་ནི་འཁོར་གྱི་དཀྱིལ་འཁོར་ལ་ལྟོས་པ་ཡིན་ནོ། །

เล่ม ๕๕ · หน้า 222a

དཀྱིལ་འཁོར་དམ་པ་གཉིས་པ་དེར་ཅི་ཞིག་བྲི་བར་བྱ་ཞེ་ན། འཁོར་ལོའི་དབུས་སུ་གནས་པ་ཡི། །རྡོ་རྗེ་རིན་ཆེན་བྲི་བར་བྱ། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་བྲིས་ལ། དེའི་དབུས་སུ་རྡོ་རྗེས་མཚན་པའི་རིན་

པོ་ཆེ་བྲི་བར་བྱའོ། །ཁྲོ་གཉེར་དབུས་སུ་རྡོ་རྗེ་བྲི། །ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་མིག་གཉིས་ཁྲོ་གཉེར་དང་བཅས་པར་འདེགས་པ་བྲིས་ལ། སྨིན་མཚམས་ཀྱི་གནས་སུ་རྡོ་རྗེ་སྟེ་རིན་པོ་ཆེ་བྲིའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཉི་མའི་གནས་སུ་ཉི་མའི་དཀྱིལ་འཁོར་བྲིས་པར་རྡོ་རྗེ་

བྲི་བར་བྱའོ། །རྡོ་རྗེ་དཔལ་གྱི་གནས་སུ་ནི་རྒྱལ་མཚན་བྲི་བར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་སྡུད་པ་སྟོན་ཏོ། རྡོ་རྗེ་བཞད་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བཞད་མོའི་གནས་སུ་རྡོ་རྗེ་གཉིས་མཆུ་ལྟ་བུར་བྱས་པའི་བར་དུ་སོའི་ཕྲེང་བ་གཉིས་བྲི་བར་བྱའོ། །རྡོ་རྗེ་ཤུགས་ཀྱིས་རྒལ་བར་

ནི་བཤད་ཟིན་ཏོ། །དཀྱིལ་འཁོར་གསུམ་པའི་དབུས་སུ་རྡོ་རྗེས་མཚན་པའི་པདྨོ་ནི་རྡོ་རྗེ་པདྨོ་སྟེ། རྡོ་རྗེ་ནི་ཡུ་བའི་ཚུལ་དུ་བྱས་ལ་དེའི་སྟེང་དུ་པདྨ་ཤིང་ལ་སོགས་པ་ལས་དངོས་སུ་བྱའོ། །བྲི་བའི་ཚེ་ན་ཡང་འདབ་མའི་མཐའ་ཐོག་ཐག་གམ། ཕྱོགས་གཅིག་ཏུ་རྩེ་གསུམ་པ་ཁ་གཉིས་ཀ་མ་ཡིན་

པའི་ཁ་གཅིག་པར་བྱས་ལ། འདབ་མའི་མཐར་རྡོ་རྗེ་བྱ་བ་འདི་ནི་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་ཆེན་པོ་བྲིས་ལ། དེའི་དབུས་སུ་ཇི་སྐད་བཤད་པའི་རྡོ་རྗེ་པདྨ་བྲི་བར་བྱའོ། །འབར་བའི་དབུས་སུ་པདྨ་བྲི། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གནས་སུ་

བྲིའོ། །རལ་གྲི་ནི་རྡོ་རྗེ་རྣོན་པོའི་གནས་སུའོ། །འཁོར་ལོ་ནི་རྡོ་རྗེ་རྒྱུའི་གནས་སུའོ། །དེ་བཞིན་ནོ་ཞེས་བྱ་བ་འདིས་ནི་འདི་དག་ཀྱང་འབར་བའི་དབུས་སུ་བྲིའོ་ཞེས་སྡུད་པ་ཡིན་ནོ། །རྡོ་རྗེ་ལྕེ་ནི་རྡོ་རྗེ་སྨྲ་བའི་གནས་སུའོ། །ཚུལ་བཞིན་དུ་ཞེས་བྱ་བ་ནི་འབར་བའི་དབུས་སུ་ཞེས་བྱ་བ་དང་སྦྱར་རོ། །

རྟག་ཏུ་དེ་ཡི་ཕྱོགས་སུ་གཞག །ཅེས་བྱ་བ་ནི་དབུས་ཀྱི་པདྨ་ལ་གནས་པའི་རྡོ་རྗེ་པདྨར་རོ། །དཀྱིལ་འཁོར་དམ་པ་བཞི་པར་ཡང་། །རྡོ་རྗེ་གཉིས་བསྙལ་བ་ལ་རྡོ་རྗེ་བྲི་སྟེ། རྡོ་རྗེ་འོད་ཆེན་པོས་བསྐོར་བ་ནི་ཉེ་བར་བསྐོར་བའོ། །གང་གིས་ཤེ་ན། རྡོ་རྗེ་རྣམས་ཀྱིས་སོ། །ཇི་ལྟ་བུས་ཤེ་ན།

เล่ม ๕๕ · หน้า 222b

འོད་ཆེན་པོས་སོ། །འདི་སྐད་སྟོན་ཏེ། ཕྱོགས་བཞིར་རྡོ་རྗེ་འོད་ཀྱི་དཀྱིལ་འཁོར་ཀྱིས་བརྒྱན་པའི་རྡོ་རྗེ་དེས་ཡོངས་སུ་བསྐོར་བར་བྲི་བར་བྱའོ། །དེའི་ཞེས་བྱ་བ་དེ་ལྟ་བུའི་རྡོ་རྗེའི་ཕྱག་རྒྱའི་ཕྱོགས་ནི་ཐམས་ཅད་དུ་ཞེས་བྱ་བ་ངོས་བཞིའི་བར་དུའོ། །འབར་བ་ཀུན་གྱིས་དཀྲིས་པའི་འོད། །ཅེས་

བྱ་བ་ནི་ཀུན་ནས་འོད་འབར་བས་འཁྲིགས་པ་ཞེས་བྱ་བའི་དོན་ཏོ། །ཡང་དེ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་ཐམས་ཅད་གོ་ཆ་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལས་ཀྱི་གནས་སུ་རྡོ་རྗེ་ཐམས་ཅད་དེ་ཁ་བཞི་པའོ། །གོ་ཆ་མཆོག་ནི་གོ་ཆ་བཟང་པོ་སྟེ། རྡོ་རྗེ་གོ་ཆའི་གནས་

སུའོ། །རྡོ་རྗེ་གནོད་སྦྱིན་གྱི་གནས་སུ་ནི་རྡོ་རྗེ་མཆེ་བའོ། །ཁུ་ཚུར་མཆོག་ནི་ཁུ་ཚུར་མཛེས་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁུ་ཚུར་གྱི་གནས་སུའོ། །གྲྭ་དང་ཕྱིའི་གནས་སུ་ཞེས་བྱ་བ་ལ་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའི་ཕྱག་རྒྱའོ། །ཕྱིའི་གནས་རྣམས་སུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་

འཁོར་གྱི་གྲྭའི་གནས་རྣམས་སུ་བདུག་པ་མ་ལ་སོགས་པའི་མཆོད་པ་རྣམས་སོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་གནས་སུ་ནི་བྱམས་པ་ལ་སོགས་པའི་ཕྱག་རྒྱའམ་གདན་བྲི་བར་བྱ་སྟེ། འདི་ནི་འདིའི་ཚུལ་བཞིན་བྲི་བ་ཡིན་ནོ། །ཕྱིའི་

རྡོ་རྗེ་རིགས་བསྟན་པ་ནི་ལོགས་ཤིག་ཏུ་ཕྱིས་འཆད་པས་ན་དེ་དག་གི་ཕྱག་རྒྱ་ནི་འདིར་མ་བྲིས་སོ། །དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་བྲི་བའི་ཕྱག་རྒྱའི་ཚོགས་བསྟན་ནས། ད་ནི་དེ་རྣམས་ཀྱི་རིག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པས་

གསུངས་ཏེ། ཕྱག་རྒྱ་རྣམས་ཀྱི་རིག་པ་ནི་ཕྱག་རྒྱའི་རིག་པའོ། །མདོར་བསྡུ་ན་ཞེས་བྱ་བ་ནི་མདོར་བྱས་པའོ། །རྡོ་རྗེའི་རིགས་ལ་རང་གི་མཚན་མའི་རྟགས་གང་གིས་དཀྱིལ་འཁོར་བསྟན་པར་བྱ་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རིགས་ལ་བཞུགས་ལ། དེའི་

བཅིབས་པ་ནི་གླང་པོ་ཆེ་ཡིན་ལ། གླང་པོ་ཆེ་ལ་ནི་ཡི་གེ་ཛྷིཿསྦྱོར་བར་བྱེད་ལ། དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ལ་ནི་རྡོ་རྗེ་ཛྷིཿསྟེ་རྡོ་རྗེ་སེམས་དཔའི་ཡིན་པས་ན་རྡོ་རྗེ་ཛྷིཿཞེས་བྱ་བའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ནི་དབང་བསྐུར་

เล่ม ๕๕ · หน้า 223a

བ་གཙོ་བོར་གྱུར་པ་ཡིན་ལ། དབང་བསྐུར་ནས་རྒྱལ་པོའི་ཕོ་བྲང་ན་གནས་པའི་མངའ་བདག་ལ་ནི་འཇིག་རྟེན་ན་རྗེས་སུ་འཚོ་བ་རྣམས་འཚོ་བར་གྱུར་ཅིག་ཅེས་སྙན་པའི་ཚིག་བརྗོད་པ་ཡིན་པས་ན་ཡི་གེ་ཛྷིཿཞེས་བྱ་བ་དང་སྦྱར་རོ། །དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་

ལ་ནི་རྡོ་རྗེ་དིཿཞེས་བྱ་བའི་དཀྱིལ་འཁོར་ཞེས་བྱའོ། །པདྨའི་རིགས་ལ་ནི་ཆོས་ལ་ལྷག་པར་སྤྱོད་པས་ཡེ་ཤེས་ཀྱི་སྒྲོན་མ་གཙོ་བོར་ཡིན་ནོ། །དེ་བས་ན་དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ལ་ནི་རྡོ་རྗེ་དིཿཞེས་བྱ་བའི་དཀྱིལ་འཁོར་ཞེས་བྱ་སྟེ། རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱིའོ། །ལས་

ཀྱི་རིགས་ལ་ནི་ཆོ་འཕྲུལ་ལ་སོགས་པའི་ལས་རྣམས་ལ་ལྷག་པར་སྤྱོད་དེ། དེ་དེར་ནི་ཡི་གེ་ཧྣིཿཞེས་བྱ་བ་མུ་སྟེགས་པ་རྣམས་ཚར་གཅོད་པ་ལ་འཇུག་པས། ཧྣིཿ དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ལ་ནི་རྡོ་རྗེ་ཧྣིཿཞེས་བྱ་བའི་དཀྱིལ་འཁོར་ཞེས་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཁམས་

གསུམ་ལས་རྣམ་པར་རྒྱལ་ཏེ། ཆོས་ཀྱི་རྒྱལ་པོ་བླ་ན་མེད་པར་རྒྱལ་པོའི་ཕོ་བྲང་ན་བཞུགས་པར་བསྟན་པའི་ཕྱིར་དཔལ་གྱི་རོལ་མོའི་གནས་ལྟ་བུར་སྟོན་ཏོ། །དེ་བས་ན་དབང་ཕྱུག་དམ་པའི་དཔལ་གྱི་རོལ་མོའི་སིལ་སྙན་གྱི་ཁྱད་པར་རྣམས་དང་། གང་ཕྱི་རོལ་གྱི་སིལ་སྙན་ལ་སོགས་པའི་རོལ་མོའི་ཁྱད་པར་

དེ་དག་ཐམས་ཅད་འདིར་སྟོན་ཏོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་དཔལ་གྱི་རོལ་མོའི་དབུས་ན་གནས་པའི་སིལ་སྙན་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་གྱི་གྲྭ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་གྲྭ་རྣམས་ཞེས་པ་ནི་འཁོར་ལོའི་ནང་གི་དཀྱིལ་འཁོར་གྱི་

གྲྭ་རྣམས་སུའོ། །རྡོ་རྗེ་གར་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་དོན་དུ་གར་བྱེད་པས་ན་རྡོ་རྗེའི་གར་རོ། །གསང་བའི་དཀྱིལ་འཁོར་གྱི་མཆོད་པ་ཡིན་པས་ན་གསང་བའི་མཆོད་པ་སྟེ། གསང་བའི་དཀྱིལ་འཁོར་ནི་ཕྱག་རྒྱའི་དཀྱིལ་འཁོར་རོ། །དེའི་རོལ་མོའི་སྙིང་པོ་རྣམས་གསུངས་པ་སྟེ། ཁྨེ་ཞེས་བྱ་

བ་ནི་ཁར་དཀྲོལ་གྱི་རོལ་མོ་སྟེ་རྡོ་རྗེ་སྒེག་མོའི་གནས་སུའོ། །གྷུཾ་ཞེས་བྱ་བ་ནི་རྔ་ཟླུམ་གྱི་རོལ་མོ་སྟེ། རྡོ་རྗེ་ཕྲེང་བ་མའི་གནས་སུའོ། །ཏེཾ་ཞེས་བྱ་བ་ནི་གླིང་བུའི་རོལ་མོ་སྟེ་རྡོ་རྗེ་གླུ་མའི་གནས་སུའོ། །ཏཾ་ཞེས་བྱ་བ་ནི་མུ་ཀུན་དའི་རོལ་མོ་སྟེ། རྡོ་རྗེ་གར་མའི་གནས་སུ་གཞག་གོ། །ཕྱི་རོལ་

เล่ม ๕๕ · หน้า 223b

གྱི་གྲྭ་རྣམས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་མཚམས་རྣམས་སུ་མངོན་པར་འདུ་བྱ་བའི་འབད་པ་ཆེན་པོས་རོལ་མོའི་སྒྲ་བསྒྲུབ་པར་བྱ་བ་ཡིན་པས་ན་སིལ་སྙན་རྣམས་ཏེ། དེའི་མཆོད་པ་ཡིན་པས་ན་སིལ་སྙན་གྱི་མཆོད་པའོ། །དེ་ལ་དེ་དག་གི་སྙིང་པོ་ནི་ཏེ་ཞེས་བྱ་བ་ནི་རུ་དུང་གི་རོལ་མོ་སྟེ།

རྡོ་རྗེ་བདུག་པ་མའི་གནས་སུའོ། །ཊཾ་ཊ་ཞེས་བྱ་བ་ནི་བ་ཊ་ཧའི་རོལ་མོ་སྟེ། རྡོ་རྗེ་མེ་ཏོག་མའི་གནས་སུའོ། །དྷ་དྷུ་ཞེས་བྱ་བ་ནི་ཏི་མི་ལའི་རོལ་མོ་སྟེ། རྡོ་རྗེ་མར་མེ་མའི་གནས་སུའོ། །ཌོ་ཌྷ་ཞེས་བྱ་བ་ནི་ཌ་ཀའི་རོལ་མོ་སྟེ། རྡོ་རྗེ་དབྱུག་པ་མའི་གནས་སུ་གཞག་གོ། །སིལ་སྙན་དང་རོལ་

མོའི་མཆོད་པའི་སྙིང་པོར་གསུངས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་སིལ་སྙན་དང་། རོལ་མོ་དེ་རྣམས་ལ་མངོན་པར་བཟླས་ལ་ལས་དེ་དང་དེ་དག་བྱའོ། །དེ་ལྟར་དཀྱིལ་འཁོར་སྤྲུལ་པའི་ཆོ་ག་དང་། དཀྱིལ་འཁོར་བྲི་བའི་ཆོ་ག་རྫོགས་པར་བྱས་ལ། ད་ནི་དེ་ནས་ཞེས་བྱ་བ་ལ་

སོགས་པས་འཇུག་པའི་ཆོ་ག་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །འདིར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་དཀྱིལ་འཁོར་དུའོ། །འཇུག་པའི་ཆོ་ག་ཉིད་ཡིན་པས་ན་འཇུག་པའི་ཆོ་གའོ། །རྒྱས་པ་ནི་ཡན་ལག་དང་བཅས་པ་སྟེ། མནའི་སྙིང་པོ་སྦྱིན་པ་ལ་

སོགས་པའོ། །དེ་ལ་ཞེས་བྱ་བ་ནི་འཇུག་པའི་ཆོ་ག་རྒྱས་པ་ལའོ། །ཐོག་མ་ཞེས་བྱ་བ་ནི་དང་པོ་ཁོ་ནར་རོ། །ཉིད་དུ་ཞེས་བྱ་བ་ནི་ཞུགས་པའི་རྗེས་ཐོགས་ཁོ་ན་ལ་གར་གྱི་མཆོད་པ་བྱའོ་ཞེས་སྟོན་ཏོ། །རེ་ཞིག་ཅེས་བྱ་བའི་སྒྲ་ནི་གོ་རིམས་ལ་བྱ་སྟེ། གར་གྱི་མཆོད་པ་བྱས་པའི་རྗེས་

ལ་བྱ་བ་གཞན་དག་འབྱུང་ངོ་ཞེས་བྱ་བར་རེ་ཞིག་ཅེས་བྱ་བའི་སྒྲས་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་གས་སློབ་མ་བཅུག་ལ། སློབ་དཔོན་གྱི་གར་གྱི་མཆོད་པ་བྱའོ་ཞེས་བྱ་བར་སྦྱར་རོ། །གར་གྱི་མཆོད་པ་གང་གིས་བྱ་ཞེ་ན།

རྡོ་རྗེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་། ལན་གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རིགས་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ནི་དམ་ཚིག་གི་སེམས་དཔའོ་ཞེས་

เล่ม ๕๕ · หน้า 224a

གསུངས་པའི་ཕྱིར་རོ། །དེ་བས་ན་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་ནི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། །དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་ལན་དུ་འཆིང་བས་ན་ལན་གྱི་ཕྱག་རྒྱ་སྟེ། རིན་པོ་ཆེའི་རིགས་ལ་བྱ་བར་གསུངས་སོ། །འདི་དག་ཀྱང་གླེང་བསླང་བ་ཙམ་དུ་ཟད་

དེ། སློབ་དཔོན་གྱིས་དང་པོར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིངས་པ་དང་། དེའི་འོག་ཏུ་ཆོས་ཀྱི་རིས་སུ་ཉེ་བར་སོང་སྟེ། རྡོ་རྗེ་ཆོས་ལ་སོགས་པའི་ཕྱག་རྒྱ་ལ་རབ་ཏུ་སྦྱོར་བས་ན་ཉེ་བའི་ཕྱག་རྒྱ་ཞེས་བཤད་དོ། །ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར་པ་ལས། ལས་ཡོངས་

སུ་ཤེས་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བཤད་དེ། ལས་ཀྱི་རིགས་ཡིན་པར་གསུངས་སོ། །འདི་སྐད་སྟོན་ཏེ། སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་པ་དང་། སློབ་མ་མཁས་པར་གྱུར་པས་མ་བསྟན་པ་ཉིད་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་ལན་

དུ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིང་བར་བྱའོ། །ཡང་སློབ་དཔོན་གྱིས་ཕྱག་རྒྱ་དེས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཀྲོལ་ལ། རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་བཅིང་ངོ་། །སློབ་མས་ཀྱང་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་དེ་མཐོང་བ་དང་། ཡང་ཕྱག་རྒྱའི་ལན་དུ་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱ་བཅིང་ངོ་། །དེ་ནས་སློབ་

དཔོན་ལན་གྱི་ཕྱག་རྒྱ་དེས་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་བཀྲོལ་ལ། རྡོ་རྗེ་ཆགས་པའི་ཕྱག་རྒྱ་བཅིང་ངོ་། །སློབ་མས་ཀྱང་རྡོ་རྗེ་ཆགས་པའི་ཕྱག་རྒྱ་དེ་མཐོང་བ་དང་། དེའི་ལན་གྱི་ཕྱག་རྒྱར་རྡོ་རྗེ་དཔལ་གྱི་ཕྱག་རྒྱ་བཅིང་བར་བྱའོ། །ཡང་སློབ་དཔོན་ལན་གྱི་ཕྱག་རྒྱ་དེས་རྡོ་རྗེ་ཆགས་པའི་ཕྱག་རྒྱ་བཀྲོལ་ལ།

རྡོ་རྗེ་ལེགས་པའི་ཕྱག་རྒྱ་བཅིང་ངོ་། །སློབ་མས་ཀྱང་རྡོ་རྗེ་ལེགས་པའི་ཕྱག་རྒྱ་མཐོང་བ་དང་། དེའི་ལན་གྱི་ཕྱག་རྒྱར་རྡོ་རྗེ་བཞད་པའི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་སློབ་དཔོན་ཉེ་བར་སོང་སྟེ་ཆོས་ཀྱི་ཕྱག་རྒྱ་བཅིང་ངོ་། །དེ་ནས་སློབ་མ་ཡང་ཉེ་བར་སོང་སྟེ། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཅིང་ངོ་།

དེ་ལྟར་རིམ་པ་འདིས་ཕྱག་རྒྱ་དང་། ལན་གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱིས་མཆོད་པར་འགྱུར་རོ། །འདི་སུ་ཞིག་གིས་མཆོད་པར་འགྱུར་ཞེ་ན། རྡོ་རྗེ་འཆང་བ་མཆོད་པ་ཞེས་བྱའོ། །ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་འཆང་བ་མཆོད་པའི་དོན་དུའོ། །གར་གྱི་

เล่ม ๕๕ · หน้า 224b

མཆོད་པ་བྱའོ་ཞེས་བྱ་བ་ལ། མཆོད་པ་ནི་ལྷ་བཤོས་ཏེ། གར་གྱིས་བཤོས་བྱ་བ་ནི་གར་གྱི་མཆོད་པའོ། །འདི་སྐད་སྟོན་ཏེ། གར་བྱ་བ་བསྟན་ནས་མཆོད་པ་བྱ་བའོ། །རྡོ་རྗེ་འཆང་བ་མཆོད་པའི་ཕྱིར་གར་གྱིས་མཆོད་པར་བྱའོ་ཞེས་ནི་གསུངས་ན་དེ་ཇི་ལྟར་བྱ་བ་མི་ཤེས་པས་དེའི་ཕྱིར་

གར་དང་། ལན་གྱི་གར་དང་། ཉེ་བའི་གར་དང་། ཡེ་ཤེས་ཀྱི་གར་རྣམས་ཀྱིས་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །གར་རྣམས་ཀྱི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་འདི་ཡང་ཅི་འདྲ་བ་མི་ཤེས་པ་ནས། ཡེ་ཤེས་ཀྱི་གར་རྣམས་ཀྱིས་མཆོད་པའི་

ཕྱག་རྒྱའི་ཡེ་ཤེས་ཇི་ལྟ་བུ་ཡིན་པ་ཡང་མི་ཤེས་པས་ད་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་དང་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ལ་ནི་གར་གྱི་མཆོད་པ་ལ་སོགས་པའི་ཕྱག་རྒྱའི་ཡེ་ཤེས་ལའོ། །དང་པོ་ཉིད་དུ་ཞེས་བྱ་བ་ནི་ཐོག་མ་ཁོ་ནར་རོ། །རྡོ་རྗེ་དབྱིངས་

ཀྱི་དཀྱིལ་འཁོར་དུ་བསྡུས་པ་སྟེ། མདོར་བསྡུས་པའི་སྙིང་པོ་ནི་རྡོ་རྗེ་དབྱིངས་སུ་བསྡུས་པའི་སྙིང་པོ་སྟེ། སྙིང་པོ་དེ་དང་རྡོ་རྗེ་གླུ་ལེན་ཞིང་ཞེས་པ་རྡོ་རྗེ་ཡེ་ཤེས་ལས་གང་བྱུང་བའི་གླུ་དེ་ནི་རྡོ་རྗེ་གླུ་སྟེ་དེས་སྙིང་པོ་གླུར་བླང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་

པ་སྟེ། དེ་རྣམས་ལ་གླུ་དེས་བསྟོད་པས་མཆོད་པ་བྱས་ནས་སོ། །སུ་ཞིག་གིས་ཤེ་ན། རྡོ་རྗེ་སློབ་དཔོན་གྱིས་སོ། །ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་རྡོ་རྗེ་སེམས་མའི་ཕྱག་རྒྱ་དྲག་ཏུ་གཏོགས་པར་བྱའོ་ཞེས་གསུངས་སོ། །རྡོ་རྗེ་སེམས་མའི་ཕྱག་རྒྱ་ཇི་ལྟར་གཏོགས་པར་བྱ་ཞེ་ན། ལག་པ་

གཡས་པས་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་ལྕགས་ཀྱུར་བྱས་པས་གུང་མོ་ལ་དྲག་ཏུ་གཏོགས་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྙེད་ཞུགས་པའི་རྣམས་ཞེས་བྱ་བ་གང་དང་གང་ཞུགས་པའི་རྣམས་སོ། །ཕྱག་

རྒྱ་རྣམས་ཀྱིས་ཡང་དག་པར་འབེབས་སོ་ཞེས་བྱ་བ་ནི་གང་གི་མེ་ཏོག་གང་ལ་བབས་པར་གྱུར་པ་དེ་ནི་དེའི་ལྷ་སྟེ། དེ་ཕྱག་རྒྱ་བཅིངས་པ་དང་ལྷན་ཅིག་འབབ་པར་འགྱུར་ཞིང་མ་བསྟན་པ་ཉིད་དུ་ཡང་ལྷ་བབས་པར་གྱུར་པའི་དབང་གིས། རྡོ་རྗེ་འཆང་བ་མཆོད་པའི་ཕྱིར། གར་གྱི་མཆོད་པར་བྱའོ་

เล่ม ๕๕ · หน้า 225a

ཞེས་སྔར་ཇི་སྐད་སྨྲས་པ་དེ་ཡང་སློབ་མ་དང་བཅས་པ་ཡིན་ནོ། །དེ་ཡང་བབས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། དེ་བས་ན་དེ་རྣམས་ཀྱི་དབབ་པའི་ཆོ་ག་བཤད་པ་ཡིན་ནོ། །ད་ནི། རྡོ་རྗེ་གར་གྱི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པས་གར་གྱི་མཆོད་པ་སྟོན་ཏེ།

རྡོ་རྗེ་གར་གྱི་ཚུལ་ནི་སྨྲས་ཟིན་མོད་ཀྱི། ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་གར་བྱ་བ་སྟེ། ཁྱད་པར་ནི་དེ་ཙམ་དུ་ཟད་དོ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་སྙིང་གར་བཅིངས་ལ། རྡོ་རྗེ་འཆང་བ་མཆོད་པར་བྱ་བའི་ཕྱིར་རྡོ་རྗེ་གར་གྱི་ཚུལ་དེ་བཞིན་དུ་བྱས་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་

ལྕགས་ཀྱུར་བྱས་ཏེ་སངས་རྒྱས་ཐམས་ཅད་སྤྱན་དྲང་ཞིང་རྡོ་རྗེ་འཆང་བ་མཆོད་པར་བྱའོ། །དེ་བཞིན་དུ་གར་གྱི་ཆོ་གས་རྡོ་རྗེ་མདའ་འཕང་བར་བྱའོ། །དེ་ལ་རྡོ་རྗེ་མདའ་འཕང་བ་ནི་འདི་ཡིན་ཏེ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་གཡོན་ལོགས་སུ་བཟུང་ལ། གཡས་ཀྱི་མཛུབ་མོའི་ལྕགས་ཀྱུས་

གཡོན་གྱི་མཛུབ་མོ་བཟུང་སྟེ། མདའ་གཞུ་འདྲེན་པའི་ཚུལ་དུ་བྱའོ། །དེ་ལྟ་བུའི་རྡོ་རྗེ་མདའ་འཕེན་པས། རྡོ་རྗེ་དགའ་བའང་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་དེ་བཞིན་དུ་གར་གྱི་སྦྱོར་བ་བྱས་ན། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་སྙིང་གར་བཞག་ལ། ལེགས་སོ་ཞེས་བྱ་བ་གཉིས་སྦྱིན་པ་འདི་ནི་རྡོ་རྗེ་དགའ་བའི་

མཆོད་པའི་ཕྱག་རྒྱའོ། །ཇི་སྐད་དུ་བཤད་པའི་ཚུལ་དང་། ཕྱག་རྒྱ་དང་པོས་དམ་ཚིག་གི་སྦྱིན་པའི་མཆོད་པ་བསྟན་པའོ། །དེའི་འོག་ཏུ་གཉིས་པ་དང་། གསུམ་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་དང་། སེམས་དཔའ་ཐམས་ཅད་ཡང་དག་པར་འཛིན་པའི་མཆོད་པ་བྱའོ། །

དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་དང་། སེམས་དཔའ་ཐམས་ཅད་མཉེས་པར་བྱེད་པའི་ཕྱག་རྒྱའི་མཆོད་པ་བཞི་པ་བྱའོ། དེ་ནས་སྙིང་གར་ཕྱག་རྒྱ་ཆོ་ག་བཞིན་བཀྲོལ་ཏེ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་སྙིང་པོ་གང་གིས་དགྲོལ་བར་བྱ་བ་ཇི་ལྟ་བ་བཞིན་དུ་བཀྲོལ་ལ།

ཐལ་མོ་མི་དྲག་པ་གསུམ་བརྡབ་པར་བྱའོ། །དེ་བས་ན་ཇི་སྐད་སྨྲས་པའི་ཚུལ་དུ་བཅིང་བ་དང་། དགྲོལ་བ་དང་། མཉེས་པར་བྱས་པས་སྔགས་པ་དེ་བརྟན་པར་འགྱུར་རོ། །དེ་བས་ན། ཐལ་མོ་བརྡབ་ཅིང་བཅིང་བར་བྱ། ཞེས་གསུངས་ཏེ། ཐལ་མོ་དལ་གྱིས་བརྡབ་པ་གསུམ་

เล่ม ๕๕ · หน้า 225b

བྱས་ལ་ཕྱག་རྒྱ་བརྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཆོད་པའི་ཆོ་ག་ཞེས་པ་ནི་མཆོད་པའི་རྣམ་པའོ། །འདི་ཡིས་ཞེས་བྱ་བ་ནི་འདས་མ་ཐག་པ་ལ་སྙེགས་ཏེ། དེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་མཉེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། སེམས་དཔའ་ཐམས་ཅད་

ལ་དམ་ཚིག་སྦྱིན་པ་དང་། སྤྱན་དྲངས་པ་དང་། མཉེས་པར་བྱས་པའི་རྣམ་པས་བཅོམ་ལྡན་འདས་མཉེས་པར་གྱུར་ནས་དེ་ཅི་ཞིག་མཛད་ཅེ་ན། དེའི་ཕྱིར་དགོས་པ་ཐམས་ཅད་ནི། །འདོད་བཞིན་སྐད་ཅིག་ཉིད་ཀྱིས་འགྲུབ། །ཅེས་གསུངས་པ་ཡིན་ནོ། །དེ་ནས་གར་གྱི་མཆོད་པ་བསྟན་ནས་

ད་ནི་དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པས་གར་གྱི་ལན་སྟོན་ཏེ། དེའི་རྗེས་ཐོགས་ལ་ལན་གྱི་གར་གྱི་མཆོད་པ་བྱའོ་ཞེས་བཤད་ན། དེ་ཡང་ཇི་ལྟར་བྱ་བ་མི་ཤེས་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར་དེ་བཞིན་གར་གྱི་ཆོ་ག་ཡིས་ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏོ། །འདས་མ་

ཐག་པའི་དཀྱིལ་འཁོར་དུ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བའི་ཕྱག་རྒྱས་མཆོད་པ་རྣམ་པ་བཞི་བསྟན་པ་ཡིན་ལ། དེ་བས་ན་ད་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཀྲོལ་ལ། ཁྲོ་བོའི་མཛུབ་མོ་གཉིས་ཀྱིས་གར་གྱི་ཆོ་ག་སྒེག་པ་དང་བཅས་པས་བྱའོ། །དེ་བཞིན་དུ་གར་གྱི་ཆོ་ག་བྱ་བ་བསྟན་ནས། ཅི་ཞིག་བྱ་བ་

བསྟན་པའི་ཕྱིར་གཡོན་པ་ནི། ཁུ་ཚུར་གཡས་པས་བཟུང་ནས་སུ། །ཞེས་བྱ་བ་གསུངས་ཏེ། གཡོན་པའི་ཁྲོ་བོའི་མཛུབ་མོ་སྙིང་གའི་ཐད་ཀར་གྱེན་དུ་བསྒྲེངས་ལ། གཡས་པའི་མཛུབ་མོ་བསྒྲེང་བའི་རྡོ་རྗེ་ཁུ་ཚུར་གྱི་སྟེང་ནས་བཟུང་སྟེ། དབྱིག་པའི་ཕྱག་རྒྱའི་ཚུལ་གྱིས་བསྒྱུར་

ཞིང་ཐད་ཀར་བཏུད་ནས། མཛུབ་མོའི་ངོས་ཀྱིས་ནི། དཔྲལ་བ་གཉིས་ལ་གཞག་པར་བྱ། །ཞེས་བྱ་བ་སྟེ། གཡས་པའི་མཛུབ་མོའི་རྩེ་མོ་དཔྲལ་བར་གཞག་པ་སྟེ། དབང་བསྐུར་བའི་གནས་སུ་གཞག་གོ་ཞེས་བྱ་བའི་དོན་ཏོ། །འདི་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་ལན་གྱི་གར་གྱི་མཆོད་

པའོ། །ཕྱག་རྒྱ་དེ་བཀྲོལ་ལ་ཡང་དེ་བཞིན་དུ་གར་གྱི་ཆོ་ག་བསྟན་ནས། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དེ་བཞིན་དུ་བཟུང་སྟེ། ཕྱག་རྒྱའི་ཚུལ་དུ་བྱས་པའི་ཕྱག་རྒྱ་དེ་ཁ་ཕྱིར་བསྟན་ཏེ་ཕབ་ལ། ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་ཕྱི་རོལ་དུ་བསྐོར་བ་འདི་ནི་རྡོ་རྗེ་ཉི་མའི་ལན་གྱི་གར་གྱི་མཆོད་པའི་ཕྱག་

เล่ม ๕๕ · หน้า 226a

རྒྱའོ། །ཕྱག་རྒྱ་དེ་བཀྲོལ་ལ་དེ་བཞིན་དུ་གར་གྱི་ཆོ་ག་བསྟན་ནས། དེ་བཞིན་དུ་ཁུ་ཚུར་གཡས་པས་གཡོན་པ་བཟུང་ལ། ལག་ངར་གཉིས་གཤིབས་ཏེ་གྱེན་དུ་བསྒྲེང་ལ། རྒྱལ་མཚན་གྱི་ཚུལ་དུ་བཟུང་བ་འདི་ནི་རྡོ་རྗེ་དཔལ་གྱི་ལན་གྱི་གར་གྱི་མཆོད་པའི་ཕྱག་རྒྱའོ། །ཡང་

ཕྱག་རྒྱ་དེ་བཀྲོལ་ལ་དེ་བཞིན་དུ་གར་གྱི་ཆོ་ག་བསྟན་ནས། ཕྱག་རྒྱ་སྔ་མ་བཞིན་དུ་བཅིངས་ལ་མཛུབ་མོ་གཡས་པའི་རྩེ་མོ་གཡས་པའི་མཁུར་ཚོས་ཀྱི་ཕྱོགས་སུ་བཏུད་དེ། དགོད་པ་བསྟན་པའི་ཕྱིར་སྒེག་པ་དང་བཅས་པར་བསྐོར་བ་འདི་ནི་རྡོ་རྗེ་བཞད་མོའི་ལན་གྱི་གར་གྱི་མཆོད་པའི་ཕྱག་རྒྱའོ། །

མཆོད་པའི་ཆོ་ག་འདི་ཡིས་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པས་སོ། །རྒྱལ་པོ་ལ་སོགས་མི་ཀུན་ཀྱང་། །ཞེས་བྱ་བ་ནི་རིགས་འདིར་ནི་དབང་བསྐུར་བ་གཙོ་བོར་གྱུར་པ་ཡིན་པས་རྒྱལ་པོའི་ཕོ་བྲང་ན་གནས་པ་སྟོན་ཏེ། དེ་བས་ན་འདི་ནི་ཛིཿའི་དཀྱིལ་འཁོར་ཡིན་ནོ་ཞེས་བཤད་དོ། །དེ་བས་

ན། རྒྱལ་པོ་ལ་སོགས་མི་ཀུན་ཀྱང་། །ཞེས་གསུངས་པ་ཡིན་ནོ། །རྒྱལ་པོ་ལ་སོགས་པའི་མི་ཀུན་ཅི་ཞིག་ཏུ་བྱེད་ཅེ་ན། དེའི་ཕྱིར་མཉེས་པར་བྱེད་ཅེས་བྱ་བ་གསུངས་ཏེ། རབ་ཏུ་དགའ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན། དབང་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དབང་ནི་

དབང་བསྐུར་བ་བྱིན་པའོ། །གཟི་བརྗིད་དང་ཞེས་པ་ནི་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱ་བསྟན་པས་སོ། །སྦྱིན་དང་ཞེས་པ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྒྲེང་བས་སོ། །དགོད་པ་ནི་རྡོ་རྗེ་བཞད་མོའི་ཕྱག་རྒྱའི་སྦྱོར་བས་སོ། །དེ་ལྟར་ལན་གྱི་གར་གྱི་མཆོད་པའི་ཕྱག་རྒྱ་བཞི་བྱས་ནས།

ཕྱག་རྒྱ་ཇི་ལྟར་བཀྲོལ་བ་དེ་བཞིན་དུ་ཐལ་མོ་བརྡབ་པ་ཡང་བཅིང་བར་བྱའོ། །དེ་ནས་གཞན་ཡང་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གར་ཡང་བཀྲོལ་ནས་ནི། །ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་བཞིན་གར་ཡང་ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་གར་

བྱ་བ་བསྟན་ལ། ཁྲོ་བོའི་མཛུབ་མོ་གཉིས་སྙིང་གར་ཕན་ཚུན་རྩེ་སྤྲད་ནས། པདྨའི་འདབ་མའི་ཚུལ་དུ་བྱས་ལ། སྙིང་གར་གཞག་པ་ནི་སྙིང་གར་ཁ་འབུས་པ་སྦྱར་བ་ཡིན་ནོ། །དེ་བཞིན་དུ་འདུག་པ་ཕྱག་རྒྱ་གཡོན་ལོགས་སུ་ཅུང་ཟད་བཏུད་ནས། མགོ་ཡང་བཏུད་པས་བཏུད་པར་བྱ་ཞིང་ཕྱག་

เล่ม ๕๕ · หน้า 226b

བྱའོ། །ཇི་ལྟར་བྱ་ཞེ་ན་བསམ་པ་གཡོས་པས་ཞེས་བྱ་བ་གསུངས་ཏེ། དད་པའི་ཤུགས་ཀྱིས་བསྐྱེད་པའི་རབ་ཏུ་གཡོ་བ་དང་ལྡན་པས་བཏུད་ཅིང་ཕྱག་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །འདི་ནི་རྡོ་རྗེ་ཆོས་ཀྱི་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱའོ། །དེ་བཞིན་གར་བྱེད་ཅིང་བྱ་བ་ནི་གར་གྱི་ཆོ་ག་དེ་བཞིན་དུ་

བསྟན་ལ། ཕྱག་རྒྱ་ཡང་དེ་བཞིན་དུ་བཅིང་བ་སྟེ། ལག་པ་གཉིས་ཀ་རལ་གྲི་འདེབས་པའི་ཚུལ་དུ་བྱའོ། །རྡོ་རྗེའི་རལ་གྲིས་བགེགས་ནི་གཅོད་ལྟར་བྱ། །ཞེས་བྱ་བ་ལ། བགེགས་ཞེས་བྱ་བ་ནི་མི་དགེ་བའི་གྲོགས་པོ་ལ་བྱ་སྟེ། གང་དགེ་བ་བཅུའི་ལས་ཀྱི་ལམ་དང་། བྱང་ཆུབ་ཀྱི་ལམ་ལས་

ཉམས་པར་བྱེད་པའོ། །དེ་དག་ནི་སངས་རྒྱས་ཀྱི་གཟུགས་སུ་གནས་པ་ཞིག་ཡིན་ཡང་བརླག་པར་བྱའོ། །གཅོད་ཅེས་བྱ་བ་ནི་གཞིག་པ་སྟེ། སྟོང་པ་ཉིད་ཀྱི་རལ་གྲིས་གཅོད་ཅིང་རྣམ་པར་གཞིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་རྡོ་རྗེ་རྣོན་པོའི་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱའོ། །

དེ་བཞིན་དུ་གར་གྱི་ཆོ་ག་སྦྱར་ལ། མདུན་དུ་ཕྱག་རྒྱ་མགལ་མེའི་འཁོར་ལོ་ལྟ་བུར་བསྐོར་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་རྒྱུའི་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱའོ། །གར་གྱི་ཆོ་ག་དེ་བཞིན་དུ་བསྟན་ལ། ཕྱག་རྒྱ་ཁ་ནས་གྱེན་དུ་འདྲེན་པ་ལྟར་བྱེད་པ་དེ་ནི། རྡོ་རྗེ་ཚིག་ཏུ་གླུ་ལེན་ལྟར། །ཞེས་

བྱའོ། །རྡོ་རྗེའི་ཚིག་དེས་ཅི་ཞིག་བྱ་ཞེ་ན། ཕྱག་ན་རྡོ་རྗེ་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། འདི་ནི་རྡོ་རྗེ་སྨྲ་བའི་གར་གྱི་མཆོད་པའི་ཕྱག་རྒྱའོ། །མཆོད་པའི་ཆོ་ག་འདི་ཡིས་ནི། །ཐམས་ཅད་རྟག་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་རྟག་

པར་འགྱུར་བ་སྟེ། ཡུན་དུ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཇི་སྐད་དུ་བཤད་པའི་ཆོ་གས་ཆོས་ཀྱི་དཀྱིལ་འཁོར་དུ་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱ་བསྟན་ནས། ད་ནི་ཡེ་ཤེས་ཀྱི་གར་གྱི་མཆོད་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཁྲོ་བོ་མཛུབ་ཡང་དག །ཅེས་

བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས་ཡང་དག་པར་བཀན་ནས་རྩེ་མོ་སྦྱར་བ་བྱས་ལ་མདུན་དུ་བསྒྱུར་ཏེ། གཙུག་ཏོར་གནས་སུ་དེ་བཞིན་དུ་བཀན་ནས་གཞག་པར་བྱའོ། །རྡོ་རྗེ་ལས་ནི་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་པར་བསྟན་ནས།

เล่ม ๕๕ · หน้า 227a

དེའི་སྦྱོར་བའི་ཚུལ་གྱིས་ཞེས་བྱ་བ་འདི་ཉིད་དེའི་ཚུལ་ཡིན་ཏེ། གང་ཡིན་ཞེ་ན། རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས། །སྔ་མ་བཞིན་དུ་རྩེ་སྤྲད་ནས། །གཡོན་དུ་ཇེ་དམའ་ཇེ་དམའ་ཕབ་ལ་གཡོན་ཕྱོགས་སུ་སྐོར་ཞིང་ཐུར་དུ་དབབ་པར་བྱའོ། །དེ་ནས་གཡས་ཕྱོགས་སུ་གཟུང་

བར་བྱ་བ་འདི་ནི་དཀྱིལ་འཁོར་བསྐོར་བའོ། །དེ་ལྟར་བསྐོར་ནས་ཅི་ཞིག་བྱ་ཞེ་ན། གར་གྱི་ཆོ་གས་བསྟན་པར་བྱ། །སྙིང་གར་རབ་ཏུ་གཞག་པར་བྱ། །ཞེས་བྱ་བ་གསུངས་ཏེ། དང་པོར་ཁྲོ་བོའི་མཛུབ་མོ་གཉིས་ཀྱིས་གར་གྱི་ཆོ་ག་བསྟན་ལ། སྔ་མ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་

བཀན་ནས་རྩེ་མོ་སྤྲད་ལ་སྙིང་གར་གཞག་པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་ཡེ་ཤེས་ཀྱི་གར་གྱི་མཆོད་པའི་ཕྱག་རྒྱའོ། །ཡང་གར་གྱི་ཆོ་ག་སྔ་མ་བཞིན་དུ་བྱས་ལ་རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་བསྲུང་བའི་ཕྱག་རྒྱ་བཅིང་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་བསྲུང་བའི་ཡེ་ཤེས་ཀྱི་གར་

གྱི་མཆོད་པའི་ཕྱག་རྒྱའོ། །དེ་བཞིན་དུ་གར་གྱི་ཆོ་ག་བྱས་ལ་ཁྲོ་བོའི་མཛུབ་མོ་གཉིས་རྡོ་རྗེ་མཆེ་བའི་ཚུལ་དུ་བྱ་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཡེ་ཤེས་ཀྱི་གར་གྱི་མཆོད་པའི་ཕྱག་རྒྱའོ། །དེ་བཞིན་དུ་མཆོད་པའི་ཆོ་ག་བསྟན་ལ། རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་མཛུབ་མོ་གཉིས་ཕན་ཚུན་

གཅིག་གི་གཅིག་བཙིར་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཡེ་ཤེས་ཀྱི་མཆོད་པའི་ཕྱག་རྒྱའོ། །མཆོད་པའི་ཆོ་ག་འདི་ཡིས་ནི་ཕྱག་རྒྱ་བཞིའི་སྦྱོར་བའི་མཚན་ཉིད་ཀྱིས་སོ། །ལས་རྣམས་ཀུན་ཀྱང་ནུས་པར་འགྱུར། །ཞེས་བྱ་བ་ནི་རིགས་འདིར་ལས་གང་ཅུང་ཟད་བསྟན་པ་དེ་དག་ནུས་པར་

འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཆོད་པ་རྣམ་བཞི་བྱས་ནས་ནི། །ཞེས་བྱ་བ་ནི་གར་དང་ལན་གྱི་གར་དང་། ཉེ་བའི་གར་དང་། ཡེ་ཤེས་ཀྱི་གར་གྱི་མཚན་ཉིད་དོ། །ཕྱག་རྒྱ་ཆོ་ག་བཞིན་དུ་དགྲོལ། །ཞེས་བྱ་བ་ནི་ཕྱག་རྒྱ་གང་དང་གང་ལས་བྱུང་བ་རྣམས་རིགས་ཀྱི་ཕྱག་རྒྱ་རྣམས་དང་། ཕྱག་རྒྱ་

དགྲོལ་བའི་སྤྱིའི་སྙིང་པོ་དག་གིས་དེར་དེ་བཞིན་དུ་དགྲོལ་བར་བྱ་སྟེ། འདི་ནི་ཆོ་ག་ཇི་བཞིན་ནོ། །དེ་ལྟར་གར་ལ་སོགས་པའི་མཆོད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་ཁྲོ་བོའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོ་རྣམས་

เล่ม ๕๕ · หน้า 227b

ཀྱི་གསང་བ་ཡིན་པས་ན་ཁྲོ་བོའི་གསང་བ་སྟེ། དེའི་ཕྱག་རྒྱ་ཡིན་ཞིང་དེའི་ཡེ་ཤེས་ཡིན་པས་ན་ཁྲོ་བོའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་བསླབ་བོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྦྱོར་བ་ཉེ་བར་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཉེ་བར་བསྟན་པར་བྱ་ཞེ་ན། རྡོ་རྗེ་གཟུང་བའི་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། རྡོ་རྗེ་གཟུང་བའི་ལག་གཉིས་ཀྱིས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པས་རྡོ་རྗེ་གཟུང་ལ་སྙིང་གའི་ཕྱོགས་སུ་གཞག་སྟེ། སོར་མོ་ཐམས་ཅད་གཏོགས་པར་བྱས་ལ་རྡོ་རྗེ་བཅིང་བས་གང་གི་མིང་ནས་སྨོས་པ་བྱས་པ་དེ་ལ་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

མ་མཆུ་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་གང་གི་ལྷ་གང་ཡིན་པ་དེ་ལ་རང་གི་ལྷའི་རྣལ་འབྱོར་བྱས་ལ། མཆོད་པ་ལ་སོགས་པའི་ཆོ་ག་བྱས་ཏེ་སྙིང་པོ་བརྒྱད་སྟོང་དང་པོར་བཟླས་ནས་གང་གི་དོན་དུ་ལས་བྱས་པས་དེའི་མགོ་རང་གི་མཆུར་བསམས་ལ། མ་མཆུ་སོ་ཡིས་བཟུང་ནས་གང་གི་མིང་སྨོས་

པ་གཟིར་བ་དེ་ལ་ཇི་སྐད་དུ་བཤད་པ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་ལ་སོགས་པ་བྱས་ལ་ཁྲོ་བོའི་ལྟ་བ་ནི། ཁྲོ་གཉེར་གཉེར་མ་རབ་བསྡུས་པ། །ཁྲོ་བོའི་མིག་ནི་བཙུམས་པའོ། །ཞེས་སྔར་བཤད་པའི་རྡོ་རྗེ་ཁྲོ་བོའི་ལྟ་བ་ཆེན་པོའི་རང་གི་མིག་འཛུམས་བར་བྱེད་པའི་ལྟ་

བ་དེས་བསྒྲུབ་པར་བྱ་བ་གང་གི་མིང་བརྗོད་པ་དེ་ལ་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་ལ་སོགས་པ་བྱས་ལ་རྡོ་རྗེ་ཁྲོ་བོ་མཉམ་པར་གཞག་པ་དེས་སྙིང་གར་བཙིར་རོ། །བདག་ཅེས་བྱ་བ་ལ་གང་གི་ཞེ་ན། རང་གི་སྟེ་གང་གི་མིང་ཞེས་པ་དང་སྦྱར་རོ། །གང་

གིས་ཤེ་ན། རྡོ་རྗེ་བཅིངས་པ་སྟེ། འདིར་རྡོ་རྗེ་བཅིང་བ་ནི་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དང་བཅས་པའི་ཁྲོ་བོའི་མཛུབ་མོ་གཉིས་ཏེ། གཡས་ཀྱི་རྡོ་རྗེ་ཁུ་ཚུར་མཆན་ཁུང་གཡོན་པར་གཞུག་ཅིང་། གཡོན་གྱི་རྡོ་རྗེ་ཁུ་ཚུར་མཆན་ཁུང་གཡས་པར་བཅུག་ལ། དེར་བསྒྲུབ་པར་བྱ་བའི་སྙིང་དུ་

ཆུད་པར་བྱས་ཏེ། རྡོ་རྗེ་བཅིང་བ་དེ་དམ་དུ་བཙིར་ན་བསྒྲུབ་པར་བྱ་བའི་སྙིང་འགས་པར་འགྱུར་རོ། །དེ་ལྟར་ཁྲོ་བོའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསྟན་ནས། ད་ནི་རྡོ་རྗེ་རིགས་ཀྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབས་པ་བསྟན་པར་བྱ་བའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་

เล่ม ๕๕ · หน้า 228a

པ་གསུངས་ཏེ། རྡོ་རྗེ་ཆེན་པོའི་རིགས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ། །དེའི་གསུང་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་ཡིན་ལ། དེའི་ཕྱག་རྒྱ་ཡིན་པས་ན་རྡོ་རྗེ་ཆེན་པོའི་རིགས་ཀྱི་གསང་བའི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནི་

དེའི་མཚན་ཉིད་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་རེ་ཞིག་ཕྱག་རྒྱ་ཆེན་པོ་བཅིང་བར་བཤད་དེ་ཞེས་བྱ་བ་ནི། གསང་བའི་གསང་བ་ལ་ལྟོས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཕྱག་རྒྱ་ཆེན་པོ་ཡིན་པར་བཤད་དོ། །མཐེའུ་ཆུང་ལྕགས་ཀྱུར་བཅིངས་ནས་ནི། །ཞེས་བྱ་བ་ནི་རྣམ་པར་

སྣང་མཛད་ཀྱི་གནས་སུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བསྟན་པའོ། །འདིའི་ལས་བསྟན་པ་ནི། རྡོ་རྗེ་ཁྲོ་བོར་གཞག་པར་བྱ། །ཞེས་བྱ་བ་ཡིན་ཏེ། རྩ་བའི་དཀྱིལ་འཁོར་དུ་ཕྱག་རྒྱ་དེས་ཐམས་ཅད་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཡོན་པ་རྩེ་གསུམ་རྒྱབ་ཏུ་ནི། །འཇིག་

རྟེན་གསུམ་ལས་རྒྱལ་ཞེས་པ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། གཡོན་པའི་མཛུབ་མོ་དང་གུང་མོ་དང་སྲིན་ལག་རྩེ་གསུམ་པའི་ཚུལ་དུ་བརྐྱང་སྟེ་གཡས་པའི་མཛུབ་མོའི་རྩེ་མོ་རྩེ་གསུམ་པའི་སྟེང་དུ་སྦྱར་བ་འདི་ནི། གཡོན་པ་རྩེ་གསུམ་རྒྱབ་

ཏུ་ནི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད། །ཅེས་གསུངས་པ་ཡིན་ཏེ། འདིར་གཡས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཛུབ་མོ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའི་སྒྲར་གསུངས་པ་ཡིན་ནོ། །འདི་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་གནས་ཀྱི་ཕྱག་རྒྱ་ཡིན་ནོ། །འཇིག་

རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་གཡས་པའི་མཛུབ་མོ་བསྒྲེང་སྟེ་བཞག་ལ། གཡོན་པའི་མཛུབ་མོ་ཐད་ཀར་བརྐྱང་བ་འདི་ནི་རིན་ཆེན་ཧཱུྃ་མཛད་ཀྱི་གནས་ཀྱི་ཕྱག་རྒྱའོ། །དེ་བཞིན་བཀན་པ་པདྨོ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཀན་ལ་གཅིག་ལ་གཅིག་མངོན་དུ་

ཕྱོགས་པར་བྱས་ཏེ། མཐེའུ་ཆུང་དང་མཛུབ་མོ་གཉིས་གཅིག་ལ་གཅིག་ལྕགས་ཀྱུའི་ཚུལ་དུ་སྦྲེལ་ནས་ལག་པ་གཉིས་ཀའི་གུང་མོ་དང་སྲིན་ལག་བསྒྲེང་ལ་གཤིབས་ཏེ་གཞག་པ་འདི་ནི་བཀན་པའི་པདྨོ་སྟེ་རྡོ་རྗེ་སྡེའི་གནས་ཀྱི་ཕྱག་རྒྱའོ། །བསྒྱུར་ནས་ནི་ཞེས་བྱ་བ་ནི་མཛུབ་མོའི་ལྕགས་ཀྱུ་

เล่ม ๕๕ · หน้า 228b

བཏང་ལ། ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཚུལ་དུ་བསྒྱུར་ཏེ། མཛུབ་མོ་གཡས་པའི་རྩེ་མོ་གཡོན་པའི་མཛུབ་མོའི་སྟེང་དུ་གཞག་པ་འདི་ནི་གཡོན་པ་རྡོ་རྗེར་གཞག་པ་སྟེ། རྡོ་རྗེ་དབབ་པའི་གནས་ཀྱི་ཕྱག་རྒྱའོ། །སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བཅིངས་པ་དམ་དུ་བཅིངས་ལ་མཐེ་བོ་

གཉིས་ཀྱིས་སྟེང་དུ་བཀབ་སྟེ་བཙིར་པ་འདི་ནི་རྡོ་རྗེ་ཁྲོ་བོ་ཏི་རཱི་ན་ཏི་རིའི་ཕྱག་རྒྱ་སྟེ་རྡོ་རྗེ་སེམས་དཔའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །ད་ནི་ཁྲོ་བོ་རྡོ་རྗེ་ཏི་རཱི་ན་ཏི་རིའི་ཕྱག་རྒྱ་དེ་ཉིད་ལས་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱའོ། །ཁྲོ་བོ་ཏི་རཱིན་ཏི་རིའི་ཕྱག་རྒྱ་

ལས་མཛུབ་མོ་གཉིས་བརྐྱང་ལ་རྩེ་མོའི་ཚུལ་དུ་བྱས་པ་ནི། མཛུབ་མོའི་ངོས་ནི་སྦྱར་བ་ཡིན། །ཞེས་བྱ་སྟེ། རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱའོ། །དེ་ནས་དེ་ཉིད་ལས་མཛུབ་མོ་གཉིས་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱེད་པ་ནི་རྡོ་རྗེ་ལེགས་པའི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་

མོའི་རྩེ་མོ་གཉིས་སྤྲད་དེ། དཔྲལ་བར་གཞག་པ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །ཁྲོ་བོ་ཏི་རཱིན་ཏི་རིའི་ཕྱག་རྒྱ་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་བསྟན་པ་ནི་རྡོ་རྗེ་གཟི་བརྗིད་ཀྱི་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གཤིབས་ཏེ་ལག་ངར་གཉིས་རྒྱལ་མཚན་

གྱི་ཚུལ་དུ་བརྐྱང་བ་ནི་རྡོ་རྗེ་དབལ་གྱི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་དབལ་གྱི་ཕྱག་རྒྱ་དེ་ཉིད་ཕབ་སྟེ་ཁའི་གཡས་ཕྱོགས་སུ་བསྐོར་ལ་བཞག་པ་ནི་རྡོ་རྗེ་བཞད་མོའི་ཕྱག་རྒྱ་ཡིན་ནོ། །ཏི་རཱིན་ཏི་རིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བསྙམས་ལ་པདྨོ་ཁ་འབུས་པའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་ཆོས་

ཀྱི་གནས་ཀྱི་ཕྱག་རྒྱའོ། །གཉི་ག་རལ་གྲི་ཆད་པར་འཛིན། །ཞེས་བྱ་བ་ནི་ཏི་རཱིན་ཏི་རིའི་ཕྱག་རྒྱས་རལ་གྲི་འཛིན་པའི་ཚུལ་དུ་བྱས་ལ། ནུ་མ་གཡས་པའི་ཕྱོགས་སུ་གཞག་པ་འདི་ནི་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱའོ། །མཛུབ་མོ་གཉིས་འཁོར་ལོར་བཅིངས་པའོ་ཞེས་བྱ་བ་ནི། ཁྲོ་བོ་ཏི་

(རིན་‚རཱིན་)ཏི་རིའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་བརྐྱང་སྟེ་འོག་ཏུ་བཞག་ལ་འཁོར་ལོ་སྟོན་པའི་ཚུལ་དུ་གཞག་པ་ནི་རྡོ་རྗེ་རྒྱུའི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་སྟེ་ཁའི་ཐད་ཀ་ནས་གྱེན་དུ་དྲང་བ་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱའོ། །མཛུབ་མོ་ཤིན་ཏུ་བརྐྱང་བ་དང་། །ཞེས་བྱ་

เล่ม ๕๕ · หน้า 229a

བ་ནི་མཛུབ་མོ་གཉིས་པོ་དེ་ཉིད་ཕྱེ་སྟེ་གཞག་པ་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་ལྐོག་མར་གཏུགས་པ་ནི་རྡོ་རྗེ་སྲུང་བའི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་སྟེ་ཁའི་ཕྱོགས་སུ་ཕྲལ་ཏེ་མཆེ་བའི་ཚུལ་དུ་གཞག་པ་ནི་

རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་ཕྱག་རྒྱའོ། །ཏི་རཱིན་ཏི་རིའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་མཐེ་བོས་རྡོ་རྗེ་ཁུ་ཚུར་གྱི་ཚུལ་དུ་གཞག་པ་ནི་རྡོ་རྗེ་ཁུ་ཚུར་དམ་དུ་བཅིངས་པ་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །ཅེས་བྱ་བ་ནི་དཀྱིལ་འཁོར་

འདིར་སྐུའི་ཕྱག་རྒྱ་མེད་པས་ན་འདི་དག་ཉིད་ལ་ཕྱག་རྒྱ་ཆེན་པོ་ཞེས་བཤད་དོ། །ད་ནི་གསང་བའི་དཀྱིལ་འཁོར་འདིར་ཕྱག་རྒྱ་ཆེན་པོའི་གང་ཡིན་པ་དེའི་དམ་ཚིག་གི་ཕྱག་རྒྱ་སྟོན་པ་ཡིན་ཏེ། དེ་བས་ན་རྡོ་རྗེ་རིགས་ཀྱི་གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་

ནི་དེའི་རྗེས་ཐོགས་ལའོ། །རྡོ་རྗེ་རིགས་ཀྱི་གསང་བའི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་རྣམས་བཅིང་བ་བཤད་དོ་ཞེས་བྱ་བ་དེ་དག་གང་ལས་བྱུང་བ་མི་ཤེས་པས། དེའི་ཕྱིར། གསང་བའི་ཁུ་ཚུར་ལས་བྱུང་བ། དམ་ཚིག་ཅེས་བྱ་བ་གསུངས་ཏེ། གསང་བའི་ཁུ་ཚུར་ནི་གང་དཀྱིལ་འཁོར་འདི་ཉིད་དུ་རྡོ་རྗེ་

ཁུ་ཚུར་གྱི་གནས་སུ་ཁུ་ཚུར་གསུངས་པ་འདི་ནི་འདིར་གསང་བའི་ཁུ་ཚུར་ཏེ། དེ་ལས་དམ་ཚིག་གི་ཕྱག་རྒྱ་རྣམས་འབྱུང་བས་ན་དམ་ཚིག་གོ། །མཆོག་ཏུ་རབ་ཏུ་གྲགས་ཞེས་བྱ་བ་ནི། ཡང་དག་པར་རྣམ་པར་ཕྱེ་སྟེ་བཤད་པ་ཡིན་པའི་ཕྱིར་མཆོག་ཏུ་རབ་ཏུ་གྲགས་པའོ། །དེ་རྣམས་བཅིང་བ་བཤད་བྱ་

བ། །ཞེས་བྱ་བ་ནི་དེ་དག་གི་མཚན་ཉིད་གང་ལས་ཕྱག་རྒྱ་དེ་རྣམས་བཅིང་བ་དེ་ནི་རྡོ་རྗེ་བཅིང་བ་བླ་ན་མེད་པ་ཡིན་ཏེ། མཚན་ཉིད་དེ་དག་བསྟན་པར་བྱའོ་ཞེས་པའོ། །རྡོ་རྗེ་གསང་བའི་ཁུ་ཚུར་དེ་ཉིད་སྙིང་གར་གཞག་པར་གྱུར་ན་རྡོ་རྗེ་སེམས་དཔའི་གནས་ཀྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །དེ་གཡས་

ལོགས་སུ་གཅུས་པ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱའོ། །གཡོན་དུ་གཅུས་ལ་མདའ་འདྲེན་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱའོ། །སྙིང་གའི་གནས་ནས་གྱེན་དུ་དྲངས་པ་ནི་རྡོ་རྗེ་ལེགས་པའི་གནས་ཀྱི་ཕྱག་རྒྱའོ། །ཁྲོ་གཉེར་ཀྱི་གནས་སུ་བཟློག་ནས་བཀན་ཏེ་གཞག་

เล่ม ๕๕ · หน้า 229b

པ་ནི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱའོ། །མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་བསྟན་པ་ནི་རྡོ་རྗེ་ཉི་མའི་གནས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་བཅིངས་ལ་ལག་ངར་སྤྱི་བོར་བརྐྱང་བ་ནི་རྡོ་རྗེ་དཔལ་གྱི་གནས་ཀྱི་ཕྱག་རྒྱའོ། །བསྐོར་ནས་བཀན་ཏེ་ཁའི་ཐད་ཀར་གཞག་པ་ནི་རྡོ་རྗེ་བཞད་པའི་

གནས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ནི་ཁའི་དབུས་སུ་དེ་ཉིད་མཉམ་པར་གཞག་པ་ནི་རབ་གཞག་པ་ཞེས་བྱའོ། །དེ་ཉིད་ནུ་མ་གཡས་པའི་ཐད་ཀར་ལག་པ་གཉིས་ཀྱིས་རལ་གྲི་འདེབས་པ་འདྲ་བར་གཞག་པ་ནི་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ནུ་མ་གཡས་པ་དེ་ཉིད་ཀྱི་ཐད་

ཀར་བཀན་ལ་འཁོར་ལོ་བསྐོར་བའི་ཚུལ་དུ་གཞག་པ་ནི་རྡོ་རྗེ་རྒྱུའི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཁའི་ཕྱོགས་ནས་གྱེན་དུ་དྲངས་པ་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་སྤྱི་བོར་གཞག་པ་ལས་གཡོན་ལོགས་སུ་བབ་སྟེ། བསྐོར་ཕྱོགས་སུ་ལུས་ཐམས་ཅད་ལ་བསྐོར་བ་ནི་རྡོ་རྗེ་

ལས་ཀྱི་གནས་ཀྱི་ཕྱག་རྒྱའོ། །དཔུང་པ་སྙིང་ག་རྩིབ་ལོགས་རྣམས། །རྡོ་རྗེ་བསྲུང་བ་དེ་བཞིན་བྱ། །ཞེས་བྱ་བ་ནི། རྡོ་རྗེ་བསྲུང་བ་བཅིང་བའི་ཚུལ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་མཆེ་བའི་ཚུལ་དུ་གཞག་པ་ནི། རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་ཕྱག་རྒྱའོ། །ཁུ་ཚུར་དམ་དུ་

བསྡམས་པའོ། །ཞེས་བྱ་བ་དེ་ཉིད་དམ་དུ་བྱས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ཕྱི་རོལ་དཀྱིལ་འཁོར་ཕྱག་རྒྱ་ནི། །ཞེས་བྱ་བ་ལ། ཕྱི་རོལ་ནི་བདུག་པ་ལ་སོགས་པ་སྒོ་བར་བཅས་པ་དང་། དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པའོ། །འདི་སྐད་སྟོན་ཏེ། ཕྱི་རོལ་

གྱི་བདུག་པ་ལ་སོགས་པ་བརྒྱད་དང་། དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པ་ཕྱག་རྒྱ་བཞི་པོ་གང་ཡིན་པ་དེ་དག་ནི་རྩ་བའི་དཀྱིལ་འཁོར་ལས་གསུངས་པའི་མཚན་མའི་གོ་རིམས་བཞིན་དུ་བདུག་པ་མ་ལ་སོགས་པའི་ཚུལ་གྱིས་བཅིང་བར་བྱའོ། །དེ་རྣམས་གང་ལས་བྱུང་ཞེ་ན། དམ་ཚིག་

རྡོ་རྗེ་བཅིང་བ་ལས། །ཞེས་བྱ་བ་གསུངས་ཏེ། དམ་ཚིག་ནི་སྒེག་མོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །རྡོ་རྗེ་བཅིངས་པ་ལས་ཞེས་བྱ་བ་ནི་རྡོ་རྗེ་བཅིངས་པ་ནང་དུ་བྱས་པ་ལས་སོ། །དེ་བཞིན་གཞན་ཞེས་བྱ་བ་འདིས་ནི་ཞར་ལ་སྒེག་མོ་ལ་སོགས་པ་དེ་དག་ཉིད་

เล่ม ๕๕ · หน้า 230a

ཀྱིས་ལས་ཀྱི་ཕྱག་རྒྱ་སྟོན་ཏོ། །དེ་གང་ལས་བྱུང་ཞེ་ན། རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་གསུངས་སོ། །དཀྱིལ་འཁོར་འདི་ཉིད་དུ་རྡོ་རྗེ་ཁུ་ཚུར་དུ་གང་བསྟན་པ་དེ་ཉིད་དང་ཐ་མི་དད་པ་ཉིད་ལས་སྒེག་མོ་ལ་སོགས་པའི་ལས་ཀྱི་ཚུལ་དུ་བྱའོ། །ཆོས་ཀྱི་ཕྱག་རྒྱ་ནི་ཡི་གེ་གཉིས་ཀྱི་ངོ་

བོ་ཉིད་དང་། ཚེག་དྲག་བཅུ་དྲུག་སྟེ། དཀྱིལ་འཁོར་བྲིས་པའི་དུས་སུ་ཕྱག་རྒྱ་ལ་བྲི་བར་བྱ་ཞིང་། དཀྱིལ་འཁོར་དུ་བྲིས་ནས་ཀྱང་ཕྱག་རྒྱ་བཅིངས་པའི་དུས་སུ་བརྗོད་པར་བྱའོ། །སློབ་དཔོན་གྱི་རང་གི་ལྷའི་རྣལ་འབྱོར་གྱི་དུས་སུ་སྙིང་གར་དགོད་པར་བྱའོ། །གསང་བའི་དཀྱིལ་འཁོར་དུ་ཕྱག་

རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་འདི་རྣམས་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ། རྡོ་རྗེ་རིགས་ཀྱི་གསང་བའི་དཀྱིལ་འཁོར་དུ་ལས་ཀྱི་ཕྱག་རྒྱ་བཤད་དོ། །མདོར་ན་ཞེས་བྱ་བ་ནི་

མདོར་བསྡུ་ནའོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་ནང་དུ་བྱས་པ་འདི་ཉིད་རྡོ་རྗེ་ཁུ་ཚུར་རོ། །གཉིས་བྱས་ཏེ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །གནས་གང་ཡིན་པར་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱའི་གནས་སུ། བསྒྱིངས་བཅས་རྡོ་རྗེ་གསོར་བ་ཡིས། །ཞེས་

བྱ་བ་ལ་སོགས་པའི་གནས་གང་ཡིན་པའི་གནས་དེ་རྣམས་སུ་གཞག་པར་བྱ་ཞེས་བྱ་བ་ཡང་དག་པར་གཞག་པར་བྱའོ། །གང་གིས་གཞག་པར་བྱ་ཞེ་ན། ཁྲོ་བོའི་ལྟ་བ་ཞེས་བྱ་བ་གསུངས་ཏེ། ཁྲོ་བོའི་ལྟ་བ་དང་བཅས་པའི་སྦྱོར་བ་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་ཇི་ལྟ་བུས་བྱ་ཞེ་ན། ཁྲོ་

དང་ལྡན་ཞེས་བྱ་བ་གསུངས་ཏེ། ཡིད་ཁྲོས་པས་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་རྟོག་པའི་རྒྱལ་པོའོ། །དེ་ལ་ཁྲོ་བོ་རྣམས་ཀྱི་གསང་བའི་ཁྲོ་བོའི་གསང་བ་དེའི་

ཕྱག་རྒྱའི་དཀྱིལ་འཁོར་ཡིན་ལ། དེའི་ཆོ་ག་རྒྱས་པ་ནི་རྟོག་པ་རྒྱ་ཆེ་བའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་ཁྲོ་བོའི་གསང་བའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྡོ་རྗེ་རིགས་ཀྱི་གསང་བར་

เล่ม ๕๕ · หน้า 230b

གཏོགས་པའི་དགོས་པ་ཡོངས་སུ་རྫོགས་པར་མཛད་ནས། ད་ནི་རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་དང་འབྲེལ་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་

ཁྲོ་བོ་གསང་བའི་ཕྱག་རྒྱའི་དཀྱིལ་འཁོར་ལ་ལྟོས་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཡིན་པས་ན་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཕྲ་མོ་ལ་དམིགས་པའི་སེམས་རྩེ་གཅིག་པ་སྟེ། དེའི་ཡེ་ཤེས་སོ། །དེ་ཉིད་ནི་ཕྱག་རྒྱ་སྟེ་ཡིད་ཀྱི་ཕྱག་རྒྱའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་

ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རིག་པ་ནི་མ་རིག་པ་གཞོམ་པའི་ཕྱིར་ཐབས་འདིའི་ལུང་དབོག་པ་སྟེ། དེའི་མཆོག་གང་ཡིན་པ་དེ་ནི་རིག་པ་དམ་པ་སྟེ། དེ་གསུངས་པའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་རང་གི་

རིག་པ་དམ་པ་གསུངས་པ་དེ་བཞིན་དུ་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པས་ཀྱང་རང་རང་གི་རིག་པ་དམ་པ་གསུངས་པ་ཡིན་ནོ། །དེ་ནས་འདི་རྣམས་ཀྱི་རྗེས་ཐོགས་ལ་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི་ཕྱག་རྒྱའི་དཀྱིལ་འཁོར་ལ་ལྟོས་པ་ཡིན་ནོ། །རང་གི་རིག་པ་བསྐྱེད་

པ་ཞེས་བྱ་བ་ནི་རང་གི་རིགས་སུ་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་པའོ། །དེ་ལྟར་རང་གི་རིགས་སྤྲུལ་ནས་ཇི་ལྟར་རྣམ་པར་གཞག་ཅེ་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཀོད་དེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ལ་

སོགས་པ་ལྷག་མ་རྣམས་ཀྱིས་རང་གི་སྙིང་པོ་མ་གསུངས་པས་ན། དེ་རྣམས་ཀྱི་རང་གི་སྙིང་པོ་མ་གསུངས་པ་ཞེས་བྱ་བ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡང་དེའི་ངོ་བོ་ཉིད་ལས་ཐ་དད་པ་མ་ཡིན་པས་ན། དེ་རྣམས་ཀྱི་སྙིང་པོ་ལ་རང་གི་སྙིང་པོ་ཞེས་གསུངས་པ་ཡིན་

เล่ม ๕๕ · หน้า 231a

ནོ། །དེ་ལྟར་བཅུ་དྲུག་པོ་རྣམས་ཀྱི་སྙིང་པོ་ནི་གསུངས་པས་ན་རྡོ་རྗེ་སྒེག་མོ་ལ་སོགས་པ་གང་ཡིན་པ་རྣམས་ཀྱི་ནི་མ་བསྟན་མོད་ཀྱི། དེ་དག་ཀྱང་རྩ་བའི་དཀྱིལ་འཁོར་ལས་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་སྤྲུལ་པའི་དཀྱིལ་འཁོར་རྫོགས་པར་མཛད་ནས་

ད་ནི་བྲི་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཕྲ་མོའོ། །དེའི་དམ་ཚིག་ནི་རིག་པ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་དང་མཐུན་

པའོ། །མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། ཁྲོ་བོའི་ཡེ་ཤེས་ཞེས་ཀྱང་བཤད། །ཅེས་བྱ་བ་སྟེ། ཁྲོ་བོའི་རིགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ཁྲོ་བོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །ཅི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚུལ་ཁོ་ནས་ཐིག་གདབ་པར་བྱའམ་ཞེ་ན། མ་ཡིན་ནོ། །འོ་ན་ཇི་

ལྟ་བུ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཚུལ་དུ་སྟེ། དཀྱིལ་འཁོར་དེའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྲི་

བར་བྱའོ། །གང་དུ་ཞེ་ན། ཡེ་ཤེས་རྡོ་རྗེའི་དབུས་ཆུད་པའོ། །ཞེས་བྱ་བ་གསུངས་ཏེ་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་རྩེ་ལྔ་པའི་ཚུལ་དང་ཅུང་ཟད་འདྲ་བར་བྱས་ལ། དེའི་ལྟེ་བའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །ཞེས་བྱ་བ་ནི་

ཕྱོགས་བཞིར་རོ། །ཕྱག་རྒྱའི་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཇི་ལྟ་བུ་བཞིན་དུའོ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སོགས། །རིམ་པ་བཞིན་དུ་དགོད་པར་བྱ། །ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་དང་། སྙིང་པོ་དང་།

སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱག་གཉིས་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་བྲི་བར་བྱའོ། །རྡོ་རྗེ་ཁྲོ་བོ་ཆོ་ག་བཞིན། །ཞེས་བྱ་བ་ནི་འདིར་ཡང་ཆོ་ག་ནི་བཤད་མ་ཐག་པ་ཉིད་དོ། །དེ་ནས་འདིར་རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཕྲ་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་རྒྱས་པར་བཤད་དོ་ཞེས་བྱ་

เล่ม ๕๕ · หน้า 231b

བ་ནི་གང་གཞན་དག་ཏུ་སློབ་དཔོན་གྱི་ལས་རྣམས་བཤད་པ་དེ་དག་ཉིད་འདིར་སྦྱར་བར་བྱ་སྟེ། འདི་ལྟར་རེ་ཞིག་ཐོག་མར་སློབ་དཔོན་རང་ཉིད་ཞུགས་ལ། བཀའ་མནོས་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་པ་ལ་སོགས་པ་དེ་བཞིན་དུ་བྱ་བ་ལ་སོགས་པ་ནི་

ཆོ་གའི་རིམ་པ་རྒྱས་པ་ཞེས་སྨོས་པས་ཐམས་ཅད་དང་སྦྱར་བར་བྱའོ། །དེ་ལ་དང་པོ་ཉིད་དུ་རེ་ཞིག་ཅེས་བྱ་བ་ནི་དོན་གྱིས་ན་སློབ་མ་གཞུག་པའི་ཆོ་ག་ཉིད་ཡིན་ནོ་ཞེས་ཤེས་པར་བྱའོ། །དེར་བཅུག་ནས་ཐོག་མ་ཁོ་ནར་རྡོ་རྗེ་ཁྲོ་བོའི་རིག་པའི་བརྟུལ་ཞུགས་བསྒོམ་པར་བྱའོ། །དེ་གང་ཡིན་ཞེ་ན།

དེ་བསྟན་པར་བྱ་བའི་ཕྱིར་དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ཉིད་དུ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ཡིན་ལ། རྡོ་རྗེ་ཁྲོ་བོར་སྤྲུལ་པས་གནས་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོའོ། །དེ་དག་

གི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ཉིད་དེ། དེར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེང་དབང་བསྐུར་གྱིས་ཞེས་བྱ་བ་ནི་ཕྱིས་དབང་བསྐུར་བར་འགྱུར་བ་སྟེ། དབང་བསྐུར་བར་འགྱུར་གྱིས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དབང་བསྐུར་བར་འགྱུར་བ་

དེའི་ཕྱིར་ལེགས་པར་ནན་ཏན་དུ་གྱིས་ཤིག་ཅེས་བྱ་བ་སྟེ། རྣལ་འབྱོར་བསྒོམ་པ་ཡང་དག་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱང་ཡང་དག་པར་སྦྱང་བའི་ཕྱིར་བསད་དགོས་ན། མ་རུངས་པ་ཐམས་ཅད་ལྟ་ཞིག་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་གསུངས་སོ། །

དགོས་པ་གང་གི་ཕྱིར་དེ་ལྟར་སྟོན་པར་མཛད་ཅེ་ན། འཇིག་རྟེན་གྱི་ཁམས་མ་ལུས་པ་ན་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངས་སུ་བསྐྱབ་པའི་ཕྱིར་དང་། གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕན་པ་དང་། བདེ་བའི་དངོས་གྲུབ་དམ་པ་ཐོབ་པའི་འབྲས་བུའི་

ཕྱིར་དང་། མི་བགྲུངས་ཤིང་མ་རུངས་པ་དེ་རྣམས་ཡང་དག་པར་སྦྱར་བའི་ཕྱིར་རོ། །འདི་སྐད་སྟོན་ཏེ། ཇི་སྐད་དུ་བཤད་པའི་དགོས་པ་རྣམས་ཀྱི་ཕྱིར་མ་རུངས་པ་མ་ཡིན་པའི་སེམས་ཅན་ཐམས་ཅད་ཀྱང་ལྷ་ཆེན་པོ་དང་འདྲ་བར་དུས་གཞན་དུ་འཚོ་བའི་ཚུལ་གྱིས་སྲོག་དང་འབྲལ་

เล่ม ๕๕ · หน้า 232a

དགོས་ན། མ་རུངས་པ་མི་བགྲུངས་པ་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ཇི་སྐད་དུ་བཤད་པའི་སྒོ་ནས་གདོང་གཡོགས་དགྲོལ་བར་བྱའོ། གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་ཐམས་ཅད་བསྟན་ཞེས་བྱ་བ་ནི་སྒོ་སྲུང་ནས་བརྩམས་ཏེ་བཅོམ་ལྡན་འདས་

རྣམ་པར་སྣང་མཛད་ལ་ཐུག་གི་བར་དུའོ། །རྡོ་རྗེ་ཇི་ལྟ་བ་བཞིན་དུ་ལག་པ་གཉིས་སུ་བྱིན་ཏེ་ཞེས་བྱ་བ་ནི་རྡོ་རྗེ་དབང་བསྐུར་བ་བྱིན་པའོ། །དེ་ནས་རྡོ་རྗེ་ཁྲོ་བོར་གཏོགས་པའི་ཡེ་ཤེས་ཕྲ་མོ་རྣམས་སློབས་ཤིག་ཅེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་རེ་ཞིག །རྡོ་རྗེ་ཕྲ་མོ་

བརྟན་བྱས་ལ། །ཞེས་བྱ་བ་སྟེ། རྡོ་རྗེ་ཕྲ་མོ་བསྒོམ་པ་བརྟན་པར་བྱས་ནས་སོ། །ཇི་ལྟ་ཞེ་ན། རྡོ་རྗེ་ཧཱུྃ་མཛད་རྣལ་འབྱོར་གྱིས། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་ཧཱུྃ་མཛད་ཉིད་ཀྱིས་རང་གི་ལྷའི་རྣལ་འབྱོར་དུ་བྱས་ནས་གདོད་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱའོ། །དེ་ནས་མཚན་

མ་ཐོབ་པ་དང་། བསྡུ་བ་དང་སྤྲོ་བ་བྱའོ། །དེ་ལྟར་རྡོ་རྗེ་ཕྲ་མོ་བརྟན་པར་བྱས་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ། སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་རྣམ་པར་བསམས་ལ་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་གྱིས་སྣའི་རྡོ་རྗེ་དེ་གང་དུ་འབབ་པར་བསམས་པ་དེའི་སྲོག་འཇིག་པར་འགྱུར་རོ། །རྡོ་རྗེ་ཕྲ་མོ་བརྟན་བྱས་ཏེ།

ཆོ་ག་བཞིན་དུ་མཆེད་པ་ནི། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྡོ་རྗེ་ཕྲ་མོའི་ཆོ་ག་སྦྱར་ལ། རྡོ་རྗེ་ཕྲ་མོ་དེ་ཆོ་ག་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱ་སྟེ། ཆོ་ག་བཞིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཕྱོགས་གང་དང་གང་ན་འདུག་པ་དེ་དང་དེ་ནས་རྩ་བ་མེད་པའི་རྩྭ་སྐམ་པོ་རླུང་གིས་ཁྱེར་བ་དེ་བཞིན་དུ། རྡོ་རྗེ་ཕྲ་མོ་རླུང་ལྟ་

བུས་རྩྭ་སྐམ་པོ་ལྟ་བུའི་དགྲ་རྣམས་ཇི་སྲིད་དུ་ཁྱེར་བ་དེ་སྲིད་དུ་དེའི་འཚོ་བ་འཇིག་པར་བྱེད་དོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་སྔགས་པ་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་དུ་གནས་པས་སོ། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་རྡོ་རྗེ་ཕྲ་མོ་བསྒོམ་པ་

གོམས་པར་བྱ་བའོ། །ཁྲོ་བོར་ལྡན་པ་ཇི་སྲིད་མཆེད། །དེ་སྙེད་སེམས་ཅན་མ་རུང་བྱེད། །ཅེས་བྱ་བ་ལ། སྣའི་རྩེ་མོ་ལ་གནས་པས་རྡོ་རྗེ་ཕྲ་མོ་དེ་མཆེད་པར་བྱ་ཞིང་སྤྲོ་བར་བྱ་བ་ནི་གྲོང་གི་དུ་བ་མཆེད་པའི་ཚུལ་ལམ། རྨུགས་པ་མཆེད་པའི་ཚུལ་དུ་བྱས་པ་དང་། སེམས་ཅན་རྣམས་

เล่ม ๕๕ · หน้า 232b

དེས་མགུལ་བ་གཅོད་ཅིང་བརྒྱལ། འགྱེལ་ཏེ། འདུ་ཤེས་མེད་ཅིང་སེམས་མེད་པར་བསྒོམ་སྟེ། རྣམ་པ་དེ་ལྟའི་ཚུལ་གྱིས་མཆད་ཅིང་རྒྱས་པར་བྱའོ། །བསམ་པ་ཇི་ལྟ་བུས་ཤེ་ན། ཁྲོ་བོར་ལྡན་པ་ཞེས་བྱ་བ་སྟེ། ཁྲོས་པས་རྒྱུར་གྱུར་པས་ཁྱིམ་པ་དང་། གནས་དང་། གྲོང་དང་། གྲོང་ཁྱེར་དང་།

ཡུལ་དང་། ཕྱོགས་ལ་སོགས་པའི་རིམ་གྱིས་ཕྱོགས་བཅུའི་བར་དུ་ཇི་ཙམ་མཆེད་པར་བྱས་པ་དེ་སྙེད་ཀྱི་སེམས་ཅན་རྣམས་མ་རུང་བར་བྱེད་དོ། །དེ་ལྟར་ཁྲོ་བ་དང་ལྡན་པའི་རྣལ་འབྱོར་པས། སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་མངོན་སྤྱོད་ཀྱི་རྣལ་འབྱོར་བསྟན་ཏེ། དེ་ལྟ་བུའི་

ཚར་གཅད་པས་དེ་རྣམས་ཀྱི་ང་རྒྱལ་བསལ་ནས། ད་ནི་སེམས་དང་ལྡན་པ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། དེ་བཞིན་དེ་ནི་ཞེས་བྱ་བ་ལ་སོགས་པས་ཞི་བའི་ལས་སྟོན་ཏོ། དེ་བཞིན་ཞེས་བྱ་བ་ནི་རིམ་པ་ཇི་ལྟར་མཆེད་པར་བྱས་པ་དེ་ཁོ་ན་ཉིད་ཀྱི་རིམ་གྱིས་ཡང་སླར་བསྡུ་

བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར་ཕྱོགས་ཡོངས་སུ་བཏང་ནས་ཡུལ་ལོ། །ཡུལ་བཏང་ནས་གྲོང་ཁྱེར་རོ། །གྲོང་ཁྱེར་བཏང་ནས་གྲོང་ངོ་། །གྲོང་བཏང་ནས་གནས་སོ། །གནས་བཏང་ནས་ཁྱིམ་མོ། །ཁྱིམ་བཏང་ནས་སྣའི་རྩེ་མོའི་བར་དུ་བསྡུས་ལ། རྣལ་འབྱོར་པས་སེམས་ཅན་

དེ་རྣམས་ཀྱང་དགྲོལ་བར་བསམས་ཤིང་། ཉམ་ང་བ་ཆེན་པོས་བསྒྲིབས་པ་ལས་ཐར་ཏེ་བདུད་རྩིའི་ཆུས་བླུགས་པས་དབུགས་ཕྱུང་བ་ཐོབ་ཅིང་གཉིད་ལོག་པ་ལས་སད་པ་བཞིན་དུ་འཚོ་བའི་ཁམས་རྣམ་པར་གྲོལ་ཏེ། སེམས་དང་བཅས་ཤིང་ཀུན་དུ་སྤྱོད་པ་དང་བཅས་པར་ཚིམ་པ་རྙེད་པ་ལྟ་བུར་བསམ་

མོ། །དེ་ལྟར་གཅིག་དང་གཉིས་དང་། དུ་མ་རྣམས་ལ། མ་ལུས་པ་ནི་ཐམས་ཅད་ལ། །སླར་ཡང་འཚོ་བ་སྦྱིན་པར་བྱ། །ཞེས་བྱ་བའོ། །ཚུལ་འདི་ནི་མངོན་སྤྱོད་ཐམས་ཅད་ལ་ཡང་དེ་ལྟར་བྱ་བར་བལྟ་བར་བྱ་སྟེ། གང་ཚུལ་དེ་ལྟ་བུས་འཚོ་བ་དང་བྲལ་བར་བྱས་པ་དེ་དང་མཐུན་པའི་གཉེན་

པོའི་ཚུལ་གྱིས་སླར་ཡང་འཚོ་བ་སྦྱིན་པར་བྱའོ་ཞེས་པའོ། །སེམས་ཅན་གང་གི་དགྲ་ལ་ནི། །ལྷན་ཅིག་གྱུར་པ་ཆེར་བསྟན་པ། །ཞེས་བྱ་བ་ལ། འདི་སྐད་སྟོན་ཏེ། སེམས་ཅན་གང་དང་ལྷན་ཅིག་དགྲར་འགྱུར་བའོ། །ཇི་ལྟ་བུ་ཞེ་ན། ཆེར་བསྟན་པ་ཞེས་བྱ་བ་སྟེ། ཤིན་ཏུ་ཤས་ཆེ་བའོ། །

เล่ม ๕๕ · หน้า 233a

བྱམས་པ་མཆེད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་བྱམས་པའི་རིམ་གྱིས་ཇི་ལྟར་ཁྱིམ་དང་གནས་དང་གྲོང་དང་གྲོང་ཁྱེར་ལ་སོགས་པར་ཕན་འདོགས་པའི་རྣམ་པས་རྒྱས་པར་བྱེད་པ་དེ་བཞིན་དུ་དགྲ་འཕྲོ་བར་བྱེད་པ། དགྲ་ནི་སེམས་ལས་བྱུང་བའི་ཆོས་ཏེ། རབ་ཏུ་ཞེ་སྡང་བའི་མཚན་

ཉིད་ཅན་ནོ། །དེ་ཇི་ལྟར་འཕྲོ་བར་བྱ་ཞེ་ན། དེའི་རྒྱུ་མཆེད་པར་བྱས་པའི་ཕྱིར་རོ། །རྒྱུ་ནི་ཡམས་དང་། གློ་བུར་གྱི་ནད་དང་། མཚོན་དང་། ཐོག་འབབ་པ་ལ་སོགས་པ་སྲོག་ཉེ་བར་འཇིག་པར་བྱེད་པའི་མཚན་ཉིད་ཅན་ཏེ། དཔེར་ན་བདེ་བའི་ཡོ་བྱད་ཀྱི་དགོས་པ་བྱེད་པས་བྱམས་པ་སྤྲོ་བར་བྱེད་པ་དེ་

བཞིན་དུ། དགྲ་བོ་སྤྲོ་བར་བྱེད་པ་ལས་དགྲ་བོ་སྤྲོས་པས་རྣམ་པར་གཞིག་པར་བྱ་ཞིང་ཉེ་བར་བརླག་པར་བྱའོ། །དགྲ་བོ་འཕྲོ་བའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ། དགྲ་བོའི་འཕྲོ་བ་ཡིན་པས་ན་དགྲ་བོ་འཕྲོ་བ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་དགྲ་བོ་འཕྲོ་བ་ཉིད་དེ། དེའི་རྣལ་འབྱོར་གྱིས་སོ། །

གང་སུ་ཡང་རུང་བའི་སྙིང་རྗེ་ཅན་ཞེས་བྱ་བ་ནི་རྣལ་འབྱོར་པ་གང་སུ་ཡང་རུང་བ། སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས་པ་དང་། དགྲ་བོ་འཕྲོ་བའི་རྣལ་འབྱོར་དེས་གདུག་ཅིང་གཏུམ་པ་རྣམས་རྣམ་པར་འཇིག་པར་བྱེད་དོ། །དགྲ་ལ་ཇི་ལྟར་སྙིང་རྗེ་སྐྱེ་བར་འགྱུར་ཞེ་ན། གང་གི་ཕྱིར་སེམས་ཅན་སྡུག་བསྔལ་

བ་འམ། སྡུག་བསྔལ་གྱི་རྒྱུར་གྱུར་པ་ལ་འཇུག་པ་རྣམས་ལ་སྙིང་རྗེ་ཅན་རྣམས་སྙིང་རྗེ་སྐྱེ་བ་ཡིན་ལ། གང་ཡང་གདུག་ཅིང་གཏུམ་པ་དེ་རྣམས་ནི་སྡུག་བསྔལ་གྱི་རྒྱུ་ལ་འཇུག་པ་ཡིན་ཏེ། དེ་བས་ན་སྲོག་གཅོད་པ་ལ་སོགས་པས་མི་དགེ་བའི་ལས་ཀྱི་ལམ་རྣམས་ལ་མངོན་དུ་ཕྱོགས་ཤིང་།

སེམས་ཅན་གང་གི་སྲོག་གཅོད་པ་ལ་སོགས་པས་བྱས་པས་ཡུན་རིང་པོར་ངན་སོང་གི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ་སྙམ་ནས། ངན་སོང་གི་སྡུག་བསྔལ་དང་བྲལ་བར་བྱ་བའི་ཕྱིར་དགྲ་བོ་འཕྲོ་བར་བྱེད་པས་རླག་པར་བྱེད་དོ། །དེ་ལྟར་ན་སྡུག་བསྔལ་དང་བྲལ་བར་བྱེད་པའི་རྣམ་པ་ནི་

སྙིང་རྗེ་ཞེས་བཤད་དོ། །ཆོས་སམ་ཡང་ན་ཆོས་མིན་པ། །རང་བཞིན་གྱིས་ནི་འོད་གསལ་བ། །ཞེས་བྱ་བ་ལ། ཆོས་རྣམས་དང་ཆོས་མ་ཡིན་པ་རྣམས་ཀྱང་རང་བཞིན་གྱིས་འོད་གསལ་བ་སྟེ། རང་བཞིན་གྱིས་དོན་དམ་པ་སྟོང་པ་ཉིད་ཡིན་ནོ། །དེ་ལ་ཐམས་ཅད་ཀྱང་རང་བཞིན་མེད་

เล่ม ๕๕ · หน้า 233b

པ་ཉིད་དུ་བསྒོམ་པ་ནི་འོད་གསལ་བ་ཉིད་དེ། རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་དོ། །དེ་ལྟར་ཇི་སྐད་དུ་བཤད་པའི་རིམ་གྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་བསྒོམས་ལ། དེ་ནས་སླར་ཡང་རྟོག་པ་དང་བཅས་པའི་སྤྱོད་པ་ལ་གནས་ཏེ། ཐམས་ཅད་ཧཱུྃ་ཞེས་བརྗོད་པས་

རྣམ་པར་གཞིག་པར་བྱའོ། །འདི་སྐད་སྟོན་ཏེ། ཇི་ལྟར་བྱམས་པ་དང་། སྙིང་རྗེ་བསྒོམ་པ་དང་ལྡན་པའི་རྣལ་འབྱོར་པས་ནི་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པར་ནུས་པ་དེ་བཞིན་དུ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བར་བསྒོམ་པའི་རྣལ་འབྱོར་པས་

ཀྱང་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པར་ནུས་པར་འགྱུར་རོ་ཞེས་འདིས་དེ་ལྟར་སྟོན་པ་ཡིན་ནོ། །གདུལ་བར་དཀའ་བའི་སེམས་ཅན་གང་གི་ཞེས་བྱ་བ་ནི་བསམ་པ་དང་སྦྱོར་བ་གཏུགས་པ་རྣམས་སོ། །སངས་རྒྱས་བྱང་ཆུབ་སྣོད་མིན་པ། །ཞེས་བྱ་བ་ནི་

དེ་བཞིན་གཤེགས་པའི་བསྟན་པ་ལ་ལུང་དང་རྟོགས་པ་དག་གིས་སྣོད་མ་ཡིན་ནོ། །དེ་རྣམས་ཡང་དག་སྦྱང་བའི་ཕྱིར། །ཞེས་བྱ་བ་ནི་དེ་རྣམས་ཚར་གཅད་པའི་ཕྱིར་བསམ་པ་དང་སྦྱོར་བའི་རྒུད་པ་ལས་བཟློག་པར་བྱ་ཞིང་། ང་རྒྱལ་ཅན་ཚར་གཅད་པའི་ཕྱིར་རོ། །ཧཱུྃ་ཞེས་བྱ་

བས་གཞིག་པར་བྱ། །ཞེས་བྱ་བ་ནི་བརྒྱལ་དུ་གཞུག་པ་ནི་གཞིག་པའོ། །རྡོ་རྗེ་དབྱིབས་ནི་བྲིས་ནས་ཀྱང་། །ཞེས་བྱ་བ་ནི་ནམ་མཁའི་ཕྱོགས་སུ་བསྒོམ་པ་སྟེ། ལྷག་མ་རྣམས་ནི་གོ་སླའོ། དེ་བཞིན་ཕྲ་བའི་ཆོ་ག་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་ལ་སོགས་པས་ཞེས་བྱ་

བའི་དོན་ཏོ། །སྙིང་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། ནམ་མཁའ་ལ་སོགས་པར་བསྒོམ་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །རྡོ་རྗེ་ཕྲ་མོར་རབ་སྦྱོར་བས། །ཞེས་བྱ་བ་ལ་སོགས་པས། རྡོ་རྗེ་ཕྲ་མོ་རབ་ཏུ་སྦྱོར་བ་རྒྱུར་གྱུར་པས་དང་པོ་རྡོ་རྗེ་ཕྲ་མོའི་བསྒོམ་པ་གོམས་པར་བྱས་ལ། བདག་ཉིད་ཟླ་བའི་

གཟུགས་ལྟ་བུར་བསྒོམས་ན་གང་དུ་བདག་ཉིད་ལྟུང་བར་བསམས་པ་དེར་རི་ལ་སོགས་པ་ཡང་ལྟུང་བར་འགྱུར་རོ། །ཟླ་བའི་གཟུགས་ཀྱི་ལྟུང་བ་ཉི་ཚེར་མ་ཟད་ཀྱི། ཟླ་བ་དེར་རྡོ་རྗེར་བདག་ཉིད་བསྒོམ་མོ། །བསྒོམས་ནས་ཁྲོས་ཏེ་གང་དུ་ལྟུང་བ་དེའི་རིགས་མོད་ལ་ལྟུང་བར་འགྱུར་རོ། །དངོས་པོ་གང་ལ་

เล่ม ๕๕ · หน้า 234a

ལྟུང་བ་དེ་ཁྱབ་པར་བྱས་ཏེ། ཕྱེ་མར་བརླག་ནས་ངེས་པར་ལྟུང་བ་ཉིད་དུ་བསྒོམ་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི། རྡོ་རྗེ་ཁྲོ་བོར་སྙོམས་ཞུགས་ལ། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པ་བཤད་དེ། རྡོ་རྗེ་ཁྲོ་བོར་

སྙོམས་ཞུགས་ལ། །ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོའི་སྙོམས་པར་འཇུག་པ་ལ་གནས་ཏེ། སེམས་ཅན་དེ་རང་གི་ལུས་ལ་བཅུག་ནས། བདག་ཉིད་ཡོངས་སུ་བསྐོར་བ་ཞེས་པ་རང་གི་ལུས་བསྒུལ་བར་བྱའོ། །གང་གི་མིང་ཞེས་བྱ་བ་ནི་གང་གི་མིང་སྨོས་ནས་རང་གི་ལུས་བསྒུལ་ཞིང་ཧཱུྃ་ཞེས་བྱ་བ་སྦྱར་ལ།

ཧཱུྃ་ཞེས་བརྗོད་ན་དེ་འཆི་བར་འགྱུར་རོ། །རྡོ་རྗེ་ཕྲ་མོར་སྙོམས་ཞུགས་ལ། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ། རྡོ་རྗེ་ཕྲ་མོའི་ཆོ་ག་གོམས་པར་བྱའོ། །སྣ་ནས་ཕྲ་བ་ཞེས་བྱ་བ་ལ། སྣ་ནི་སྣའི་རྩེ་མོར་རོ། །ཕྲ་བ་ནི་རྡོ་རྗེ་ཕྲ་མོའོ། །ཐང་ཅིག་མིན་ཞེས་བྱ་བ་ནི་ཡང་ནས་ཡང་དུའོ། །

དབུགས་བཏང་ཧཱུྃ་ཞེས་བྱ་བ་ནི། །དབུགས་དང་ལྷན་ཅིག་སྦྱར་བའི་ཧཱུྃ། །ཞེས་བྱ་བ་སྟེ། དེའི་ཚུལ་གྱིས་བྱ་བས་ན་དབུགས་བཏང་ཧཱུྃ་ཞེས་བྱ་བ་ཚུལ་གྱིས་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། སྣའི་སྦུབས་གཉིས་ནས་རླུང་ཧཱུྃ་དང་བཅས་པར་བྱུང་ནས་སྣའི་རྩེ་མོ་ནས་རྡོ་རྗེ་ཕྲ་མོ་ཁྱེར་ཏེ། གང་དུ་

སོང་ནས་ལྷུང་བ་དེར་འཇིག་རྟེན་གསུམ་ཡང་ལྷུང་བར་བྱེད་དོ། །དེ་བཞིན་དུ་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་དུ་གནས་ལ། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་རྡོ་རྗེ་ཕྲ་མོའི་ཆོ་ག་ཇི་སྐད་དུ་གསུངས་པའི་ཚུལ་དུ་བསྒོམས་ནས་སོ། །ཁྲོས་ནས་ཞེས་བྱ་བ་ནི་ཁྲོ་བས་འཁྲུགས་པའོ། །རྡོ་རྗེ་ལྟ་

བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བ་སྟེ་དེས་བལྟས་པས་དེ་མདོངས་པ་ཉིད་དུ་འགྱུར་རོ། །ཡང་ན་འཆི་བ་རུ་ནི་འགྱུར། །ཞེས་བྱ་བ་ནི་རྣལ་འབྱོར་པའི་སེམས་ཀྱི་དབང་གིས་སོ། །བུ་ག་ནས་ནི་ཞུགས་ནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་ཞིག་དབང་དུ་བྱེད་པར་འདོད་པ་

དེའི་ལུས་ལ་བུ་ག་ནས་ཞུགས་ཏེ། ལུས་ཐམས་ཅད་ཁྱབ་པར་བྱས་ནས། ཡང་སྙིང་གའི་པདྨར་བདག་ཉིད་བསྡུས་ལ་མིག་ལ་སོགས་པ་ནས། ཡིད་ཀྱི་བར་དུ་དབང་པོ་ཐམས་ཅད་དེར་བསྡུས་ཏེ། དེ་ནས་དེ་བླངས་ནས་ཤུན་པ་བཞིན་དུ་བདག་ཉིད་བོར་ལ་དེ་ནས་སྙིང་དེ་དང་བཅས་པར་

เล่ม ๕๕ · หน้า 234b

ལམ་དེ་ཉིད་ནས་སླར་བྱུང་སྟེ། དེ་ནས་དེ་ཤིང་ལྟར་སེམས་མེད་པར་བསམ་མོ། །དེ་ནས་རྣལ་འབྱོར་པ་དེ་དེའི་ཐད་དུ་སོང་ལ། དེའི་མིག་སྔར་བབ་པར་བྱ་སྟེ། དང་པོ་སྙིང་པོ་བརྒྱད་སྟོང་བཟླས་ལ་སྦྱོར་བ་འདི་བྱའོ། །དེའི་མིག་སྔར་བབ་པའི་ཚེ་ཡང་སྙིང་པོ་འདི་བཟླའོ། །དེ་ནས་དེས་དེ་

མཐོང་བ་ཙམ་གྱིས་དབང་དུ་འགྱུར་རོ། །དབང་དུ་གྱུར་ནས་ནི་ཡང་ཡིད་ཀྱིས་དེ་ལ་སྙིང་པོ་དང་དབང་པོ་ཐམས་ཅད་སླར་སྦྱིན་པར་བྱ་སྟེ་སོར་ཆུད་པར་བསམ་མོ། །དེ་ལྟ་མ་ཡིན་ན་གཤིན་རྗེའི་དབང་དུ་འགྱུར་དུ་འོང་ངོ་། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་

འཁོར་གྱི་ཕྱག་རྒྱའི་ཡེ་ཤེས་ཡིན་པས་ན། ཕྱག་རྒྱའི་ཡེ་ཤེས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །དེ་དག་གི་ཡེ་ཤེས་བསླབ་པ་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེ་རྣམས་ཀྱི་ནང་ནས་

རེ་ཞིག་ཕྱག་རྒྱ་ཆེན་པོ་བཤད་པར་བྱའོ། །རྡོ་རྗེའི་ཡེ་ཤེས་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ལ་གོམས་པར་བྱས་ནས། འབར་བའི་ཕྲེང་བ་འཁྲིགས་པའི་འོད། །རྡོ་རྗེ་ཁྲོ་བོར་བདག་རང་ཉིད། །བསྒོམས་ན་དེ་མ་ཐག་ཏུ་འགྲུབ། །ཅེས་བྱ་བ་ཡིན་

ནོ། །ཏིང་འཛིན་དམ་ཚིག་ཡེ་ཤེས་ལས། །ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ཏེ། དེའི་དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱའོ། །ཇི་ལྟ་བུ་འབྱུང་ཞེ་ན། ཧཱུྃ་ཞེས་བྱ་བ་གཉིས་དང་ལྡན། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། བཅོམ་

ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཧཱུྃ་བཞི་དང་ལྡན་པའོ། །དེ་ལས་ཀྱང་ཐོག་མའི་ཧཱུྃ་ཞེས་བྱ་བ་གཉིས་ཀྱིས་ལག་པ་གཉི་གའི་རྡོ་རྗེ་ཁུ་ཚུར་གཉིས་བཅངས་པ་ལས་རྡོ་རྗེའི་ཕྱག་རྒྱ་གཉིས་སུ་གྱུར་པའི་ཕྱག་རྒྱ་ཇི་ལྟ་བུ་བྱུང་བ་དེ་ནི་དམ་ཚིག་གི་ཕྱག་རྒྱ་

ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཧཱུྃ་ཞེས་བྱ་བ་གཅིག་གིས་གཡོན་པའི་རྡོ་རྗེ་ཁུ་ཚུར་མདུན་དུ་བཞག་ལ། རྡོ་རྗེ་ཁུ་ཚུར་གཡས་པའི་མཁྲིག་མའི་གནས་སུ་ཧཱུྃ་གཉིས་པས་གཞག་པར་བྱ་བ་འདི་ནི། ཧཱུྃ་ཞེས་བྱ་བ་གཉིས་དང་ལྡན། །ཞེས་བྱ་བའོ། །འདི་ཉིད་མི་དབྱེ་བར་རྣམ་པ་

เล่ม ๕๕ · หน้า 235a

བཅུ་དྲུག་ཏུ་འགྱུར་བར་བསྟན་པའི་ཕྱིར། ཅི་རིགས་གནས་སུ་བཞག་ནས་ནི། །ཞེས་བྱ་བ་གསུངས་སོ། །དེ་ལས་ཅིར་འགྱུར་ཞེ་ན། དངོས་གྲུབ་ཀུན་སྟེར་སྐད་ཅིག་གིས། །ཞེས་བྱ་བ་གསུངས་སོ། །གང་དུ་བཞག་ན་རྣམ་པ་བཅུ་དྲུག་ཏུ་འགྱུར་བའི་གནས་དེ་གང་དག་ཡིན་

ཞེ་ན། གང་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་རིགས་སུ་བཀན་ཏེ། སྐྱིལ་མོ་ཀྲུང་དུ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ནས་ཏེ་དེའི་རྗེས་ཐོགས་ལ་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཕྱེད་དང་གཉིས་པ་བཅུ་དྲུག་བཤད་དེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །རྡོ་རྗེ་

རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་ལས་ཀྱི་ཕྱག་རྒྱ་དེའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་ཁུ་ཚུར་གཉིས་བྱས་ཏེ། །ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་གཉིས་སུ་བྱས་ལ། ལས་ཀྱི་ཕྱག་

རྒྱའི་གནས་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ཇི་ལྟར་རིགས་པའི་གནས་ཞེས་བྱ་བ་དེ་གང་ཡིན་ཞེ་ན། བསྒྱིངས་བཅས་གསོར་བ་གཉི་ག་ཡིས། །ལྕགས་ཀྱུས་འཛིན་ལྟར་གནས་པ་དང་། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་རྣམས་སོ། །དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་ཀྱང་ཡིན་ལ། རྟོག་པ་ཆེན་པོའི་རྒྱལ་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོའོ། །དེ་ལས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་མཚན་མའི་དམ་ཚིག་གི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་སྟེ་ཆོ་གའི་རྣམ་པ་རྫོགས་སོ།། །།དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་

རྒྱན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ལྟར་རྡོ་རྗེ་རིགས་སུ་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་རྫོགས་པར་མཛད་ནས། །ལས་ཀྱི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་

เล่ม ๕๕ · หน้า 235b

པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། ངེས་པའི་ཚིག་གི་ཚུལ་གྱིས་ན། བཅོམ་པ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་རིགས་སུ་གཏོགས་པའི་རྡོ་རྗེའི་རིགས་ཀྱི་ལས་ཀྱི་འཁོར་གྱི་དམ་ཚིག་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་དམ་ཚིག་གོ། །དམ་ཚིག་ཅེས་བྱ་བའི་སྒྲ་ནི། འདིར་སྔགས་དང་ཕྱག་རྒྱ་དང་ལྷ་ཉིད་ལ་སོགས་པ་སྟེ། དེ་གང་ལས་འབྱུང་

བ་དེར་བྱིན་གྱིས་བརླབ་པའི་ཕྱིར། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའི་རང་གི་རིག་པ་དམ་པ་འདི་གསུངས་སོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ཡང་

བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་རང་གི་རིགས་ཀྱི་མཆོད་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །བྱང་ཆུབ་ཆེན་

པོར་སེམས་དཔའ་འདི་ལ་མངའ་བས་ན། བྱང་ཆུབ་སེམས་དཔའ་ཆེན་པོའོ། །འདིའི་ཕྱག་ན་རྡོ་རྗེ་མངའ་བས་ན། ཕྱག་ན་རྡོ་རྗེའོ། །རང་གི་རིགས་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་ལྷ་མོ་རྣམས་རང་གི་སྙིང་ག་ནས་བསྐྱེད་པ་ནི། རྣལ་འབྱོར་དུ་སྙོམས་པར་ཞུགས་པ་ལས་

སྤྲུལ་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་དང་། དབང་དུ་བྱ་བ་དང་། མཉེས་པར་བྱ་བ་ལ་སོགས་པའི་ལས་ཐམས་ཅད་གྲུབ་པ་ནི། ལས་ཐམས་ཅད་གྲུབ་པའི་དགོས་པ་གང་ཡིན་པ་སྟེ། དེ་བྱེད་པ་སྟེ་

ཉམས་སུ་ལེན་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན། དགོས་པ་བྱེད་པ་ཉིད་དོ། །དེར་ཡང་དག་པར་སྦྱོར་བ་ནི་དེའི་དགོས་པ་བྱེད་པ་ཉིད་ཀྱི་ཕྱིར་ལེགས་པར་སྦྱོར་བས་ན། ཡང་དག་པར་སྦྱོར་བ་སྟེ། དེ་ལ་སོགས་པའོ། དེ་ལ་སོགས་པ་དེ་དག་ཀྱང་གང་ཞིག་ཡིན་ཞེ་ན། དེ་བཞིན་

เล่ม ๕๕ · หน้า 236a

གཤེགས་པ་ཐམས་ཅད་ཀྱིས་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་རྫུ་འཕྲུལ་ཡིན་པས་ན་སངས་རྒྱས་ཀྱི་རྫུ་འཕྲུལ་ཏེ། སེམས་ཀྱིས་རྣལ་འབྱོར་པ་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །རྣམ་པར་འཕྲུལ་པ་ནི་ཉིད་ཀྱི་ངོ་

མཚར་གྱི་ཆོས་རྣམ་པ་སྣ་ཚོགས་སྟོན་པར་མཛད་པ་སྟེ། ཇི་ལྟར་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ལོང་བ་རྣམས་ཀྱིས་མིག་ཐོབ་པ་དང་། འོན་པ་རྣམས་ཀྱིས་སྒྲ་ཐོས་པ་ལ་སོགས་པ་ལྟ་བུའོ། །དེ་ལྟར་སྤྲུལ་པའི་དཀྱིལ་འཁོར་རྫོགས་པར་མཛད་ནས། ད་ནི་བྲི་བའི་དཀྱིལ་འཁོར་བསྟན་

པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་རིགས་ཀྱི་ལས་ཡིན་པས་ན་རྡོ་རྗེ་ལས་ཏེ། དེའི་དམ་ཚིག་གི་ཆོ་ག་རྒྱས་པའི་རྒྱུར་གྱུར་པའི་ལས་ཀྱི་དཀྱིལ་འཁོར་གསུངས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་

ནས་ཞེས་བྱ་བ་ནི་གནས་སྐབས་སོ། །རྣལ་འབྱོར་གྱི་རྒྱུད་ལ་ཡང་མེའི་རབ་ཏུ་བྱེད་པས་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ་ཞེས་པའོ། །ཅི་ཞིག་བཤད་ཅེ་ན། ལས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་གསུངས་སོ། །དམ་པ་ཞེས་བྱ་

བ་ནི་དོན་ཆེ་བའོ། །ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར། རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་བ་ཅི་ཞིག་ཅེ་ན། ལས་ཀྱི་རྡོ་རྗེ་ཞེས་བཤད་དོ། །ཞེས་བྱ་བ་གསུངས་ཏེ། མིང་ལས་ཀྱི་རྡོ་རྗེ་ཞེས་བཏགས་པ་ཞེས་བྱ་

བའི་དོན་ཏོ། །ཇི་ལྟར་ཐིག་གདབ་པར་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ནི་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་པར་བལྟ་བར་བྱའོ། །བྲི་བའི་གོ་རིམས་ཇི་

ལྟ་བ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་དབུས་ཀྱི་གནས་སུ་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་དབུས་ཀྱི་གནས་སུ་ནི། །སངས་རྒྱས་སྐུ་གཟུགས་གཞག་པར་བྱ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །

เล่ม ๕๕ · หน้า 236b

སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དེའི་ཕྱོགས་བཞིར་རྡོ་རྗེ་སེམས་མ་ལ་སོགས་པ་བྲི་བར་བྱའོ་ཞེས་པའོ། །དཀྱིལ་འཁོར་བཞི་པོ་རྣམས་སུ་ཡང་། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་གནས་སུའོ། །རྡོ་རྗེ་གཙོ་སོགས་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་གཙོ་

བོ་ཡིན་པས་ན་རྡོ་རྗེ་གཙོ་བོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་དོ། །དེ་ཐོག་མར་བྱས་ནས་ལྷག་མ་རྣམས་བྲི་བར་བྱའོ། །ཇི་ལྟར་ཞེས་བྱ་བ་ནི་འཇིག་རྟེན་སྐྱོང་བ་རྣམས་རིམ་བཞིན་རང་རང་གི་མཚན་མས་མནན་པ་སྟེ་གཡོན་བརྐྱང་བ་མི་དགོས་པར་སྟེང་དུ་བྲི་བར་བྱའོ། །དེ་རྣམས་ཀྱི་ནི་

ཕྱོགས་ཀུན་དུ། །ཞེས་བྱ་བ་ནི་གནས་བཅུ་དྲུག་པོ་རྣམས་སུའོ། །མཆོད་པ་ཆེན་པོ་རྣམས་གཞག་གོ། །ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་རྣམས་སོ། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་དོ་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ཀྱི་རིག་པ་ལ་ཕྱག་རྒྱ་ཞེས་བྱ་བའི་སྒྲར་གསུངས་སོ། །དེ་ལྟར་ཕྱག་རྒྱ་

རྣམས་ཀྱི་རིག་པ་བསྟན་ནས། ད་ནི་སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པའི་ཆོ་ག་སྔར་རྒྱས་པར་སྨྲས་པ་ཉིད་མདོར་བསྡུས་ནས་ཕྱོགས་ཙམ་བསྟན་པར་བྱ་བའི་ཕྱིར། ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྡུ་

བ་བྱས་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་རིགས་ཀྱི་ལས་ཀྱི་ཡེ་ཤེས་རྣམས་བསྐྱེད་དོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རིགས་ཀྱི་ལས་ཡིན་པས་ན་རྡོ་རྗེ་རིགས་ཀྱི་ལས་ཏེ། དེའི་ཡེ་ཤེས་ནི་རྡོ་རྗེ་རིགས་ཀྱི་ལས་ཀྱི་ཡེ་ཤེས་ཏེ་དེ་བསླབ་པར་བྱའོ། །གོ་རིམས་གང་གིས་ཤེ་ན། དེའི་ཕྱིར་དེ་ལ་དང་

པོ་ཉིད་ཞི་བ་ལ་སོགས་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་གསུངས་ཏེ། འདི་ནི་ལས་ཀྱི་དཀྱིལ་འཁོར་ཡིན་པར་བསྟན་ལ། དེ་བས་ན་གང་ལ་ལ་ཞིག་ལས་འདི་བྱེད་པར་འདོད་པ་དེས་དཀྱིལ་འཁོར་ཆེན་པོ་འམ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རམ། ཕྱག་རྒྱ་གཅིག་པའི་

དཀྱིལ་འཁོར་ལས་དཀྱིལ་འཁོར་གང་ཡང་རུང་བ་ཅིག་བྲི་བར་བྱ་སྟེ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དང་། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དེ་ཡང་ལས་ཀྱི་དཀྱིལ་འཁོར་དེའི་ཡན་ལག་ཏུ་གྱུར་པ་ཡིན་པར་བསྟན་པར་བྱ་སྟེ། སྙིང་པོ་དང་ཕྱག་རྒྱ་འདི་དག་ཉིད་ཀྱིས་ཡོངས་སུ་བསྐོར་བའི་ཕྱིར་

เล่ม ๕๕ · หน้า 237a

རོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དཀྱིལ་འཁོར་གྱི་སྒོར་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པའི་ཚེ་ན་དཀར་པོ་ལ་སོགས་པས་མེ་ཐབ་ཟླུམ་པོ་དང་། གྲུ་བཞི་དང་། གྲུ་གསུམ་བྲི་བར་བྱ་ཞིང་ཕྱག་རྒྱ་དེ་ཡང་དེར་དགོད་པར་བྱ་སྟེ། ཞི་བ་ལ་ནི་པདྨའི་སྟེང་དུ་པདྨའོ། །

རྒྱས་པ་ལ་ནི་འཁོར་ལོའི་སྟེང་དུ་རིན་པོ་ཆེའོ། །མངོན་སྤྱོད་ལ་ནི་རྡོ་རྗེའམ། མདུང་རྩེ་གསུམ་པའི་སྟེང་དུ་རྡོ་རྗེ་བྲི་བར་བྱའོ། །དེ་ནས་ལྷ་རྣམས་སྤྱན་དྲངས་ལ། ལས་དང་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ཆོས་ཀྱི་ཕྱག་རྒྱ་བརྗོད་དེ། མཆོད་པ་བྱས་ནས་བཤོས་དང་གཏོར་མའི་

ལས་བྱའོ། །དེ་ནས་ལས་དང་རྗེས་སུ་མཐུན་པའི་སྟན་འཇམ་པའམ་སྲ་བའམ། ཚུལ་ཇི་ལྟ་བ་བཞིན་དུ་འདུག་སྟེ། ཞི་བའི་ལས་ལ་ནི་སྟན་འཇམ་པོ་ལ་འདུག་ནས། གཡས་ནས་བསྐོར་བས་ཀུ་ཤ་བཀྲམ་སྟེ་མེ་ཐབ་ཏུ་ཡམ་ཤིང་མངར་པོ་རྣམས་ཀྱིས་མེ་སྦར་ལ། འདོད་པའི་

རྒྱལ་པོས་མེ་ལྷ་སྤྱན་དྲང་ངོ་། །སྤྱན་དྲངས་པས་ན་མེ་ཐབ་ཀྱི་ནང་དུ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཕོ་ཉའི་ཚོགས་རྣམས་ཀྱི་ནང་ནས་འབྱུང་བའི་ས་པ་རྣམས་ཀྱིས་སྤྱིའི་ཕྱག་རྒྱ་བཅིངས་ལ། མཆོད་ཡོན་ཕུལ་

ཏེ། ཕོ་ཉའི་ཚོགས་ལས་འབྱུང་བའི་སྔགས་ཀྱི་ཆུ་ལ་བཟླས་ནས། དེས་ཡོ་བྱད་ཐམས་ཅད་གསང་ཞིང་བསྐོར་ཏེ། འཐོར་འཐུང་ལན་གསུམ་ཕུལ་ལ་དྲི་དང་། མེ་ཏོག་དང་། བདུག་པ་དང་། བཤོས་ལ་སོགས་པ་དབུལ་ལོ། །དེ་ནས་བདག་གིས་ཕ་རོལ་དུ་སྦྱིན་སྲེག་གི་

རྫས་རྣམས། དེའི་ཕ་རོལ་དུ་མེ། དེའི་ཕ་རོལ་དུ་བསྒྲུབ་པར་བྱ་བའི་ལྷ། བདག་པོའི་མདུན་དུ་ཡིད་ཀྱིས་ལེགས་པར་བསམ་མོ། །དེ་ནས་ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ་མར་ལ་སོགས་པའི་སྲེག་རྫས་ལས་དགང་བླུགས་དབུལ་བར་བྱའོ། །དེ་ནས་སྲེག་རྫས་

རེ་རེ་ཞིང་ཡང་མེ་ལ་དགང་བླུགས་གསུམ་གསུམ་དབུལ་བར་བྱའོ། །ཕུལ་ནས་བསྐོར་ཞིང་འཐོར་འཐུང་གསུམ་ཕུལ་ལ། དྲི་དང་མེ་ཏོག་གིས་ཀྱང་མཆོད་དོ། །དེ་ནས་མེ་ལྷ་ཞུགས་ཐབ་ཀྱི་མདུན་དུ་དཔང་པོ་ལྟ་བུར་བཞག་ལ། ལྷ་དང་དེའི་བདག་པོ་ལ་སྦྱིན་སྲེག་དབུལ་བར་བྱ་

เล่ม ๕๕ · หน้า 237b

སྟེ། བདག་པོ་ལ་ཡང་གོང་མ་བཞིན་དུ་འཐོར་འཐུང་ཕུལ་ལ་དགང་བླུགས་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་དབུལ་ལོ། །དེ་ནས་དེ་བཞིན་དུ་འཐོར་འཐུང་བྱས་ལ་དྲི་དང་མེ་ཏོག་ཕུལ་ཏེ། མདུན་དུ་བཞུགས་སུ་གསོལ་ནས་དེར་སྦྱིན་སྲེག་དབུལ་བར་བྱ་བའི་རང་གི་ལྷ་

གང་ཡིན་པ་དེ་ཤིན་ཏུ་ཉེ་བར་ཞུགས་སུ་གསོལ་ཞིང་ཞུགས་ཐབ་ཀྱི་མདུན་གྱི་དབུས་སུ་བཞག་ལ་དེ་བཞིན་དུ་འཐོར་འཐུང་ལན་གསུམ་དབུལ་ལོ། །དེ་ནས་སྦྱིན་སྲེག་བྱའོ། །དེ་ནས་ཏིལ་བསྲེགས་ལ་སྡིག་པ་བསྲེག་པར་བྱ་སྟེ། གང་གི་སྡིག་པ་བསྲེག་པར་འདོད་པ་དེའི་ལུས་

མགོ་ནས་རྐང་པའི་བར་ཐོག་ཐག་ནས། མི་བཀྲེན་པ་བཞིན་དུ་གཞག་ཅིང་མི་སྡུག་པ་དྲངས་ཏེ་སྦྱིན་སྲེག་བྱའོ། །ཉིན་རེ་བཞིན་དེ་ལྟར་སྦྱིན་སྲེག་བྱས་ལ། དེ་ཡང་སྡིག་པ་དང་བྲལ་བར་བསམས་ཏེ་དེ་ལྟར་སྡིག་པ་བསྲེག་པར་བྱའོ། །ལྡང་བའི་ཚེ་ན་ཡང་རང་གི་ལྷ་ལ་འཐོར་འཐུང་ལན་གསུམ་

ཕུལ་ཏེ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་ནས་ཡང་བདག་པོ་ལ་འཐོར་འཐུང་ཕུལ་ལ། འབྱོར་པ་ཅི་ཡོད་པས་སྦྱིན་སྲེག་བྱས་ནས་ཡང་འཐོར་འཐུང་དབུལ་ལོ། །དེ་ནས་དྲི་དང་མེ་ཏོག་ལ་སོགས་པས་ཀྱང་མཆོད་པར་བྱའོ། །དེ་ནས་མེ་ལ་ཡང་དེ་བཞིན་དུ་བྱས་ལ་དེའི་འོག་ཏུ་འབྱོར་པ་

ཡོད་ན་མེ་ལྷ་ལ་ཡང་དགང་བླུགས་དབུལ་བར་བྱའོ། །རང་གི་ལྷ་དང་བདག་པོ་ལ་ནི་ཐོག་མ་དང་ཐ་མ་གཉི་གར་དགང་བླུགས་དབུལ་བར་བྱའོ། །དེ་ལྟར་ཟླ་བ་གཅིག་གམ། ཟླ་བ་བཞིའི་བར་དུའམ། ཇི་སྲིད་འདོད་པར་དཀྱིལ་འཁོར་གཤེགས་སུ་མི་གསོལ་བ་ཉིད་དུ་མེའི་བྱ་བ་བྱའོ། །དེ་ནས་

མཇུག་ཏུ་འབྱོར་པ་ཅི་ཡོད་པས་ཐམས་ཅད་མཆོད་ལ་བཟོད་པར་གསོལ་ཏེ། དཀྱིལ་འཁོར་དགྲོལ་བའི་ཚུལ་གྱིས་གཤེགས་སུ་གསོལ་བར་བྱའོ། །ཆོ་ག་འདི་ནི་འོག་ནས་འབྱུང་བའི་ཆོ་ག་ཐམས་ཅད་ལ་ཡང་སྤྱིའི་ཆོ་ག་ཡིན་པར་ཤེས་པར་བྱའོ། །འབྲས་ཀྱི་སྦྱིན་སྲེག་གིས་ཀྱང་རང་གི་ལྷ་དང་མེ་ལྷ་ཤིན་

ཏུ་ཚིམ་ཞིང་དགྱེས་པར་བསམ་ཞིང་། དེ་གཉིས་དེ་ལྟར་མཉེས་པས་རང་གི་ཁྱིམ་ཡང་ཡོ་བྱད་སྣ་ཚོགས་ཀྱིས་ཡོངས་སུ་འགེངས་པར་མཛད་པར་བསམས་ཏེ། དེ་ལྟ་བུས་ནི་ཁྱིམ་རྒྱས་པར་འགྱུར་རོ། །དཱུར་བའི་མྱུ་གུ་མར་དང་བཅས་པས་ཀྱང་རང་གི་ལྷ་དང་མེ་ལྷ་ཡོངས་སུ་ཚིམ་ཞིང་མཉེས་པར་བསམས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด