དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๖ · หน้า 131b
པར་འགྱུར་གྱི། དེ་ལས་གཞན་དུ་ཕྱག་རྒྱ་བཅིངས་ན་འདིས་དམ་ཚིག་མི་ཤེས་པ་ཡིན་ནོ་ཞེས་ཕྱག་རྒྱ་རྣམས་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །གཞན་ཡང་། སེམས་ཅན་དོན་གྱིས་སྐྱོ་མ་མཛད། །བརྗོད་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པའི་རྣལ་འབྱོར་པས་ཕྱག་རྒྱ་རྣམས་ལ། བཅོམ་
ལྡན་འདས་ཡུམ་བདག་ལ་སེམས་ཅན་གྱི་དོན་མཛད་ཅིག་ཅེས་བརྗོད་ཅིང་ཕྱག་རྒྱ་རྣམས་ལ་བསྐུལ་བ་དེ་ལྟར་བྱས་ན་སངས་རྒྱས་རྣམས་ཀྱང་དེས་མཉེས་པར་བྱེད་དོ་ཞེས་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ་ཞེས་པའོ། །
ད་ནི་འདོད་ཆགས་ལ་ནི་ཞེས་བྱ་བ་ལ་སོགས་པས། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། འདོད་ཆགས་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ལ་འདོད་ཆགས་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་བརྙས་པར་མི་བྱ་ཞིང་སྤང་བར་མི་
བྱ་སྟེ། གསང་བའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་འདོད་ན་བསྒྲུབ་པའི་དུས་དང་། བསྙེན་པའི་དུས་སུ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཁོ་ནས་ཐམས་ཅད་དུ་ཕྱག་རྒྱ་འགྲུབ་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །བུད་མེད་ཀུན་དང་རྩེ་བྱེད་པ། །ཞེས་བྱ་བ་ལ་བུད་མེད་ནི་ཕྱག་རྒྱ་སྟེ་དེ་རྩེ་
བར་བྱེད་པ་ནི་མཉེས་པར་བྱེད་པའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་བརྟན་པར་གྱུར་ན་ཕྱག་རྒྱ་རྣམས་མཉེས་པར་འགྱུར་བས་དངོས་གྲུབ་རྣམས་སྟེར་བར་མཛད་དོ། །འདི་ནི་ཕྱག་ན་རྡོ་རྗེའི་དམ་ཚིག་གསང་བ་སྟེ། བྱང་ཆུབ་ཀྱི་སེམས་རབ་ཏུ་བསྲུངས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་
འདས་རྣམས་པར་སྣང་མཛད་ཀྱིས་གསུངས་སོ། །ད་ནི་གསོད་པས་འཇིག་རྟེན་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། གསོད་པས་ཞེས་བྱ་བ་ནི་རྣམ་འབྱོར་པ་གང་མངོན་སྤྱོད་ཀྱི་ལས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་
གཏོགས་པར་གསུངས་པའི་གསོད་པ་ལ་གོམས་པར་བྱེད་པ་གང་ཡིན་པ་དེ་ནི་གསོད་པ་ཞེས་བྱའོ། །འདི་ལྟ་བུ་ཉིད་ཀྱིས་འཇིག་རྟེན་བསད་ཀྱིས་གཞན་གྱིས་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཇི་ལྟར་ཞེ་ན། ལུས་ངག་ལས་བཟང་དགྱེས་པ་དང་། །ཞེས་བྱ་བ་
เล่ม ๕๖ · หน้า 132a
གསུངས་ཏེ། ལུས་ཀྱི་ལས་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་གཡོན་བརྐྱང་བ་དང་། ཞལ་བསྙེར་ཞིང་མཆེ་བ་གཙིགས་པ་ལ་སོགས་པའི་གཟུགས་དང་རྗེས་སུ་མཐུན་པར་བྱེད་པའོ། །ངག་གི་ལས་ནི་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་དག་ནི་ལུས་ངག་
ལས་སོ། །བཟང་ཞེས་བྱ་བ་ནི་དམ་པར་འགྱུར་བའོ། །དགྱེས་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་ཤིང་བཞེད་པ་དང་། ཧཱུཾ་ཞེས་བྱ་བ་དང་བཅས་པས་འཇིག་རྟེན་རྣམས་གསད་པར་བྱའོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྣམ་དག་ཕྱིར་ཞེས་བྱ་
བ་གསུངས་པ་ཡིན་ནོ་སེམས་ཅན་རྣམ་པར་སྦྱོང་བར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་འདི་ལྟར་བྱེད་ཅེ་ན། གང་གི་ཕྱིར་འདི་ནི་གདུལ་དཀའ་བ་རྣམས་འདུལ་བའི་དམ་ཚིག་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་ལྷ་ཆེན་པོ་བསད་པ་དང་འདྲ་བར་བྱ་བ་འདི་ནི་དམ་ཚིག་ཡིན་པས་ན་དམ་ཚིག་
ཅེས་བྱའོ། །དེས་ཅི་ཞིག་བྱེད་ཅེ་ན། དོན་གྱི་གྲུབ་པ་སྦྱིན་པའོ། །ཞེས་གསུངས་ཏེ། གདུལ་དཀའ་བ་རྣམས་འདུལ་བའི་མཚན་ཉིད་ཀྱི་དོན་ནི་འདི་ལྟ་བུས་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་དག་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དམ་
ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དག་པའི་བདག་ཉིད་འདོད་ཆགས་དག །ཅེས་བྱ་བ་ལ་འདོད་ཆགས་ནི་སེམས་ཅན་སྨིན་པ་དང་གྲོལ་བ་ལ་ཆགས་པའོ། །རྒྱུ་དེའི་ཕྱིར་སེམས་ཅན་རྣམས་ལ་ཆགས་པ་གང་ཡིན་པ་དེ་ནི་དག་པའི་བདག་ཉིད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་ནི་ཉོན་མོངས་པ་ཟད་པ་ཡིན་ལ་དེ་དག་གི་དག་པའི་བདག་ཉིད་ཡིན་པས་དག་པ་ཉིད་དེ། བདག་ཉིད་ཅེས་བྱ་བ་ནི་བསམ་པ་ལ་བྱ་སྟེ། བསམ་པ་དག་པ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདོད་ཆགས་འདི་ནི་དག་པ་ཡིན་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་བསྐྱེད་པའི་རྒྱུ་ཡིན་པའི་
ཕྱིར་དང་། སེམས་ཅན་རྣམས་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །མུ་སྟེགས་རྣལ་འབྱོར་ཅན་མ་དག །ཅེས་བྱ་བ་ནི་མྱ་ངན་ལས་འདས་པའི་མཚོ་ལ་འཇུག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བཀའ་སྤངས་ནས། གང་སྟོན་པ་གཞན་
เล่ม ๕๖ · หน้า 132b
གྱིས་བསྟན་པའི་ཐབས་གང་ཡིན་པ་དེ་ལ་མུ་སྟེགས་པ་ཞེས་བྱ་སྟེ། འཇུག་ངོགས་བཞིན་དུ་མུ་སྟེགས་འཆའ་བར་བྱེད་པའི་ཕྱིར་རོ། །དེར་གང་དེའི་ངོ་བོ་ཉིད་ཡིན་པ་དེ་ནི་མུ་སྟེགས་པའོ། །དེ་རྣམས་ཀྱི་རྣལ་འབྱོར་ནི་མུ་སྟེགས་ཀྱི་རྣལ་འབྱོར་ཞེས་བྱ་སྟེ། ཐར་པའི་དོན་དུ་སེམས་མཉམ་
པར་འཇོག་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ལ་ཡོད་པ་དེ་ནི་མུ་སྟེགས་རྣལ་འབྱོར་ཅན་ནོ། །དེ་རྣམས་ཀྱི་འདོད་ཆགས་ནི་མ་དག་པ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་བདག་གིས་སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པར་བྱའོ་ཞེས་བྱ་བའི་སྨོན་ལམ་འདི་ལྟ་བུ་མེད་ཀྱི། གཞན་དུ་ན་
བདག་ཅག་རྣམས་བཅིངས་པ་ལས་གྲོལ་བར་བྱའོ་སྙམ་དུ་སེམས་པར་ཟད་དེ་དེའི་ཕྱིར་སེམས་ཅན་རྣམས་ལ་བྱམས་ཤིང་སྨིན་པ་དང་གྲོལ་བའི་བསམ་པ་ཅུང་ཟད་ཅིག་ཡོད་དུ་ཟིན་ཀྱང་དེ་ཉིད་བཅིངས་པ་ཡིན་པའི་ཕྱིར། མུ་སྟེགས་རྣལ་འབྱོར་ཅན་མ་དག །ཅེས་བྱ་བ་གསུངས་ཏེ་དེ་བས་ན་དེ་སྤངས་
ལ་དག་པའི་བདག་ཉིད་དམ་ཚིག་གིས་བསྲུངས་ན་ཞེས་བྱ་བ་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་བསྐྱེད་ན་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་རྡོ་རྗེ་ནོར་བུ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དམ་
ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེ་ནོར་བུ་སྔར་བཅིངས་ལ། །ཞེས་བྱ་བ་ལ་རྡོ་རྗེ་ནོར་བུ་ནི་རྡོ་རྗེ་རིན་ཆེན་གྱི་མྱུ་གུའི་དམ་ཚིག་གི་ཕྱག་རྒྱ་སྟེ་དེ་སྔར་བཅིང་བའོ། །ཇི་ལྟར་ཞེ་ན། དེའི་ཕྱིར། རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ཞེས་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་དམ་
ཚིག་རང་གི་ལྷའི་རྣལ་འབྱོར་དུ་བྱས་པའོ། །མ་རུངས་རྣམས་ཀྱི་ནོར་འཕྲོགས་ནས། །ཞེས་བྱ་བ་ནི་གང་དག་ནོར་རྙེད་པ་དང་སེམས་ཅན་རྣམས་ལ་འཚེ་ཞིང་བསྟན་པ་ལ་གནོད་པ་བྱེད་པ། མ་རུངས་པ་དེ་ལྟ་བུ་དེའི་ནོར་འཕྲོགས་པ་ནི་གདུལ་བའི་ཕྱིར་རྫུ་འཕྲུལ་གྱི་ནོར་རྣམས་དུས་ཅུང་ཟད་ཅིག་མི་
སྣང་བར་བྱའོ། །དམ་ཚིག་དངོས་གྲུབ་སྦྱིན་པར་འགྱུར། །ཞེས་བྱ་བ་ལ། འདི་ནི་ནོར་བུའི་རིགས་ཀྱི་གསང་བའི་དམ་ཚིག་ཡིན་པས་ན་འདི་བསྲུངས་ན་དངོས་གྲུབ་སྦྱིན་པར་འགྱུར་རོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཆོས་ཀྱི་
เล่ม ๕๖ · หน้า 133a
རིགས་དང་རྗེས་སུ་མཐུན་པའི་ཆོས་རིག་པ་དང་། འདུལ་བའི་མཚན་ཉིད་ཅན་གང་ཡིན་པ་དེ་བསྲུངས་པས་འགྲུབ་པ་ནི་ཆོས་ཀྱི་དངོས་གྲུབ་སྟེ་དེ་ཉིད་གཞན་གྱིས་མི་ཤེས་པས་ན་གསང་བའོ། །དེ་སྟོན་པའི་གཞུང་ཡིན་པས་ན་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་དོ། །
དེ་ལས་ཀྱང་དང་པོར་ཆོས་རྣམས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཆོས་རྣམས་རང་བཞིན་དག་པར་ནི། །རབ་མཉམ་གཞག་པས་བསྒོམས་ན་ཡང་། །ཞེས་བྱ་བ་ནི་དོན་འདི་ཉིད་དཀྱིལ་འཁོར་ཆེན་པོའི་དབང་དུ་བྱ་སྟེ། དངོས་གྲུབ་
དམ་པའི་རབ་ཏུ་བྱེད་པར་ཚིག་ཏུ་བརྗོད་ན་དངོས་གྲུབ་འཐོབ་བོ་ཞེས་སྨྲས་ཟིན་ལ། ད་འདིར་ཡང་། ཆོས་རྣམས་རང་བཞིན་དག་པར་ནི། །རབ་མཉམ་གཞག་པས་བསྒོམས་ན་ཡང་། །ཞེས་བྱ་བ་ལ་བྱེ་བྲག་འདི་ཡོད་དེ། སྔར་ནི་བརྗོད་པ་ཙམ་དུ་ཟད་ཀྱི་འདིར་ནི་བསྒོམ་པ་ཡིན་ནོ། །དེ་ལ།
ཆོས་རྣམས་རང་བཞིན་དག་པར་ནི། །ཞེས་བྱ་བར་ནི་དོན་དམ་པ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་རབ་མཉམ་གཞག་པས་བསྒོམ་པ་སྟེ། སེམས་རྩེ་གཅིག་པས་བསྒོམ་པའོ། །དགོས་པ་ཐམས་ཅད་བྱས་ན་ནི། །ཞེས་བྱ་བ་ནི་སྔགས་གཟུང་བ་དང་། སྔོན་དུ་བསྙེན་པ་དང་། བསྒྲུབ་པའི་
དམ་ཚིག་ཏུ་གསུངས་པའི་ལས་ཐམས་ཅད་བྱེད་པའོ། །དེ་ལ་ཡང་མཆིལ་མ་དང་། སྣབས་དང་། བཤང་བ་དང་། གཅི་བ་ལ་སོགས་པ་འདོར་བ་ན་ཁྲུས་ལ་སོགས་པའི་ཆོ་ག་མེད་དུ་ཟིན་ཀྱང་། ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་བསྒོམས་ན་སངས་རྒྱས་པའི་དངོས་གྲུབ་
འཐོབ་ཅེས་གསུངས་པ་ཡིན་ཏེ། ཆོས་འདི་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པའི་བསྙེན་པ་ལ་སོགས་པའི་ཚེ་དུས་ཐམས་ཅད་དུ་དགོས་པ་ཡིན་པའི་ཕྱིར་རོ། །ད་ནི་སེམས་ཅན་ཀུན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་
སྟོན་ཏེ། སེམས་ཅན་ཀུན་ལ་ཆགས་བྱེད་ཅིང་། །ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་མཉེས་གཤིན་པའོ། །ཡུལ་ལ་སྐྱོ་བར་མ་གྱུར་ལ། །ཞེས་བྱ་བ་ལ་ཡུལ་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་ལ་ཡང་སྐྱོ་བར་མི་བྱེད་པ་ནི་ཅི་རིགས་པ་དང་ཅི་འབྱོར་པར་ལོངས་སྤྱོད་
เล่ม ๕๖ · หน้า 133b
པའོ། །བུད་མེད་དགའ་བའི་དག་པ་ནི། །ཞེས་བྱ་བ་ལ་བུད་མེད་ནི་ཕྱག་རྒྱར་གསུངས་པ་སྟེ། དེ་ལ་དགའ་བ་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པའོ། །དེའི་དག་པ་ནི་བསྒོམས་པ་རྣམ་པར་དག་པའོ། །གསང་ཆོས་དངོས་གྲུབ་མཆོག་སྦྱིན་ནོ། །ཞེས་བྱ་བ་ལ་འདི་གསུམ་ཆར་ཡང་གསང་བའི་
ཆོས་ཡིན་པས་གསང་བའི་དཀྱིལ་འཁོར་ཟློས་པ་རྣམས་ཀྱིས་བསྲུང་བར་བྱ་སྟེ། ཆོས་དེ་གསུམ་བསྲུངས་ན། དེ་ལ་དངོས་གྲུབ་མཆོག་སྦྱིན་ནོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་གསང་བས་གསུངས་སོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་པའི་དོན་ཏོ། །ད་ནི་རྡོ་རྗེ་ཕྲ་མོའི་ཞེས་བྱ་
བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེ་རིགས་ཀྱི་གསང་བའི་དཀྱིལ་འཁོར་ཟློས་པའི་རྣལ་འབྱོར་པས་རང་གི་ལྷའི་རྣལ་འབྱོར་བྱས་ལ། རྡོ་རྗེ་ཕྲ་མོའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གོམས་པར་བྱས་ལ། སྣ་ཡི་ཧཱུཾ་གི་སྦྱོར་
བ་ཡིས། །མ་རུངས་ཐམས་ཅད་གསད་ན་ནི། །ཞེས་བྱ་བ་ལ་སྣའི་རྩེ་མོར་རྡོ་རྗེ་བསྒོམས་ལ་ཧཱུཾ་ཞེས་བྱ་བ་དང་སྦྱར་ཏེ། གང་ལ་ཆད་པས་གཅོད་པར་འདོད་པ་དེ་ལ་ཧཱུཾ་ཞེས་བྱ་བ་དང་བཅས་པར་བསམ་ཞིང་སྦྱོར་བ་འདིས་གསད་པ་ནི་ཆད་པས་གཅོད་པའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་དེ་འབབ་པ་ན་རབ་ཏུ་
འབར་ཞིང་མཆེ་བ་གཅིག་ལས་བརྒྱ་སྟོང་དུ་མར་གྱུར་པར་ཅི་ནུས་པར་བསམ་པར་བྱའོ། །དེ་ལྟར་བྱས་ན། དངོས་གྲུབ་མཆོག་ནི་འཐོབ་པར་འགྱུར། །ཞེས་གསུངས་ཏེ་མཆོག་ནི་དམ་པའོ། །ད་ནི་རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་
སྟོན་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པའི་སྦྱོར་བའོ། །འདི་སྐད་སྟོན་ཏེ། ལྕེ་ནི་རྐན་ལ་བཅར་ནས་སུ། །ཞེས་བྱ་བ་ལ་སོགས་པས་སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་བསྒོམས་ལ་རྡོ་རྗེ་ཕྲ་མོའི་སྦྱོར་བ་དེས་བུད་མེད་ཀུན་དང་རྩེ་བྱེད་ན་སྟེ་བསྒོམ་པས་མཉེས་པར་བྱའོ། །
འདི་སྐད་དུ་སྟོན་ཏེ། རྡོ་རྗེ་ཕྲ་མོའི་བསྒོམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱ་བ་ལ་སྣའི་རྩེ་མོར་བཞག་སྟེ། སྤྲོ་བ་དང་བསྡུ་བའི་ཚུལ་བྱ་བ་ཇི་ལྟ་བ་དེ་བཞིན་དུ་ཕྱག་རྒྱ་ཐམས་ཅད་སྣའི་རྩེ་མོར་བཞག་ལ་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ལྟར་ན་དེ་རྩེ་བར་བྱེད་ཅིང་ཆགས་པ་དང་།
เล่ม ๕๖ · หน้า 134a
མཉེས་པར་བྱེད་པར་འགྱུར་རོ། །མཉེས་ནས་ཅིར་འགྱུར་ཞེ་ན། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་སྟེ། ཆོས་ཀྱི་རིགས་ཀྱི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་ནི་ཆོས་ཀྱི་དངོས་གྲུབ་སྟེ་དེ་འཐོབ་པར་འགྱུར་བའོ། །ཕྱག་རྒྱ་དེ་ཇི་
ལྟར་བསྒོམ་པར་བྱ་ཞེ་ན། རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གྱིས། །ཞེས་བྱ་བའི་དོན་ཏོ། །ད་ནི་དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དབང་པོ་གཉིས་ནི་མཉམ་སྦྱར་ལ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །སུ་ཞིག་དང་ལྡན་པའི་
དབང་པོ་གཉིས་མཉམ་པར་སྦྱོར་ཞེ་ན། བུད་མེད་དམ་ནི་སྡུག་པ་དང་། །ཞེས་བྱ་བ་གསུངས་ཏེ། བུད་མེད་ནི་ཕྱག་རྒྱ་སྟེ་དེ་དང་དབང་པོ་མཉམ་པར་སྦྱོར་བའོ། །སྡུག་པ་དང་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་སྟེ་རྡོ་རྗེ་རིན་ཆེན་ལ་སོགས་པའོ། །དེ་བས་ན་དེ་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་
བའོ། །དེས་ཅི་ཞིག་བྱེད་ཅེ་ན། རེ་བ་ཐམས་ཅད་ཡོངས་བསྐང་ན། །ཞེས་བྱ་བ་སྟེ། རིན་པོ་ཆེ་ལ་སོགས་པའི་ཆར་གྱིས་སློང་བ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་དེས་སྐོང་བར་བྱེད་པའོ། །དེས་ཅི་ཞིག་འཐོབ་ཅེ་ན། དངོས་གྲུབ་བླ་མེད་འཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ད་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ནི་འབེབས་པའི་ལས་སོ། །དེའི་དངོས་གྲུབ་ནི་རྫོགས་པར་འགྱུར་བའོ། །དེ་ཉིད་ནི་གསང་བ་སྟེ་གསང་བའི་དཀྱིལ་འཁོར་དུ་གཏོགས་པའི་ཕྱིར་ཏེ། དེ་སྟོན་པའི་རྒྱུད་
གསུངས་པའོ། །དབབ་པའི་མཚན་ཉིད་ནི་ཏིང་ངེ་འཛིན་ལྔས་རིགས་ཐམས་ཅད་ཀྱི་སྤྱིའི་ལས་སྟོན་ཏོ། །བུད་མེད་ལ་དབབ་པའི་སྒོ་ནས་སྐྱེས་པ་ལ་ཡང་དེ་བཞིན་དུ་བྱ་བ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་ཐོག་མར་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་
ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་འདིའི་ལས་མི་འདྲ་བས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པར་བྱའི་སངས་རྒྱས་ཀྱི་རྣལ་འབྱོར་གྱིས་ནི་མ་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་ལས་སུ་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་
เล่ม ๕๖ · หน้า 134b
རྗེས་སུ་དྲན་བསྒོམས་ལ། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་མདུན་དུ་བསྒོམ་པའི་ཕྱིར་དེ་བཞིན་གཤེགས་པའི་ལས་སུ་བཤད་པ་ཡིན་ནོ། །བུད་མེད་གང་ལ་བབ་པར་འདོད་པ་དེའི་ལུས་ལ་ཡིད་ཀྱིས་ཇི་སྐད་གསུངས་པའི་སྒོ་ནས་འཇུག་པར་བྱའོ། །དེ་ནས་དེ་དབང་དུ་འགྱུར་ཞེས་པ་
གཞན་གྱི་དབང་དུ་བྱའོ་ཞེས་བྱ་བའི་དོན་ཏེ། ཏིང་ངེ་འཛིན་འདིས་གཞན་གྱི་དབང་དུ་བྱས་པ་ཡིན་ནོ། །ད་ནི་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རྡོ་རྗེ་
སེམས་དཔའི་ཏིང་ངེ་འཛིན་གྱིས་སོ། །བུ་ག་ནས་ནི་དེ་བཞིན་ཞུགས། །བུད་མེད་ལུས་སུ་ལེགས་ཁྱབ་བྱས། །ཞེས་བྱ་བ་ནི་རྒྱས་པར་བྱ་བའི་དོན་ཏོ། །ལེགས་པར་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་དུ་ཡན་ལག་ཐམས་ཅད་ཀྱིས་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅིར་འགྱུར་ཞེ་ན། སེམས་
མེད་པ་ཡང་མགུ་བར་འགྱུར། །ཞེས་གསུངས་ཏེ། མགུ་བ་ནི་དགྱེས་པར་བྱ་བ་སྟེ། ལྷ་རང་དབང་དུ་བྱ་བའོ། །འདི་ནི་ཏིང་ངེ་འཛིན་གཉིས་པའི་ལས་སོ། །ད་ནི་ཏིང་ངེ་འཛིན་གསུམ་པའི་ལས་སྟོན་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་སྦྱོར་བ་བྱས་ལ་རབ་ཏུ་མཉམ་པར་གཞག་པའི་ཡིད་ཀྱིས།
ཁྲོས་ནས་བུ་གར་ཞུགས་ན་ནི། །ཞེས་བྱ་བ་ཁྲོ་བོ་མངོན་དུ་བྱས་ནས་སོ། །ཇི་ལྟར་འཇུག་ཅེ་ན། ཡིད་ཀྱིས་ཞེས་བྱ་བ་གསུངས་སོ། །དེ་ལྟར་ཞུགས་ནས་ཅི་ཞིག་བྱ་ཞེ་ན། དེ་ནས་དབང་དུ་བྱ་བ་གསུངས་ཏེ། འདི་ནི་ཏིང་ངེ་འཛིན་གསུམ་པ་ལ་གནས་པ་ཡིན་ནོ། །ད་ནི་པདྨོའི་རིགས་ཀྱི་
ལས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཆོས་ཀྱི་ལས་ཀྱི་ཕྱག་རྒྱ་ནི། །བཅིངས་ནས་པདྨོའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི། ཆོས་ཀྱི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་གང་ཡིན་པའི་ལས་ཀྱི་ཕྱག་རྒྱ་དེ་བཅིངས་པའོ། །པདྨོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་པདྨོ་ནི་བཅོམ་ལྡན་འདས་འཇིག་
རྟེན་དབང་ཕྱུག་གིས་མི་འཇིགས་པ་སྦྱིན་པ་སྟེ། དེས་བུ་ག་དེ་ནས་ཡིད་ཀྱིས་ཞུགས་ན་བུད་མེད་ཐམས་ཅད་སྲུང་བར་བྱེད་པ་འདིས་བསྲུང་བར་འགྱུར་རོ། །ད་ནི་ནོར་བུ་རིན་ཆེན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེ་རིན་ཆེན་ཏིང་
เล่ม ๕๖ · หน้า 135a
འཛིན་གྱིས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་ལྷའི་རྣལ་འབྱོར་དུ་བྱས་པའོ། །ལས་ཀྱི་རྡོ་རྗེ་ནོར་བུ་བཅིངས། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་གཏོགས་པའི་གསང་བའི་དཀྱིལ་འཁོར་དུ་ལས་ཀྱི་རྡོ་རྗེ་ནོར་བུའི་ཕྱག་རྒྱ་གུང་མོ་
གཉིས་རིན་པོ་ཆེར་བྱས་ལ་སོར་མོ་ལྷག་མ་རྣམས་བརྐྱང་ངོ་ཞེས་པར་གསུངས་པ་གང་ཡིན་པའི་ལས་ཀྱི་རྡོ་རྗེ་ནོར་བུའི་ཕྱག་རྒྱ་དེ་བཅིངས་པའོ། །བུ་གར་ཞུགས་ན་བུད་མེད་རྣམས། །ཞེས་བྱ་བ་ལ་ལུས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྐད་ཅིག་གིས་ཕབ་གར་བྱེད་འགྱུར། །ཞེས་བྱ་བ་ནི་སྦྱོར་བ་
འདིས་གར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པའི་སྦྱོར་བས་ནི་སྣོད་གཞན་གྱི་དབང་དུ་བྱེད་དོ། །རྡོ་རྗེ་སེམས་དཔའི་སྦྱོར་བས་ནི་གནས་སུ་འབེབས་སོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ནི་དབང་དུ་བྱེད་དོ། །རྡོ་རྗེ་ཆོས་ཀྱི་སྦྱོར་བས་ནི་སྲུང་བར་བྱེད་དོ། །དེ་ལྟར་རིམ་གྱིས་
ཕབ་པ་དང་། སྐད་ཅིག་མ་དེ་ཉིད་ལ་སྦྱོར་བ་འདིས་གར་བྱེད་དོ། །རྡོ་རྗེ་སོར་མོ་གང་དང་གང་དག་ཡིན་པ་རྣམས་སྣོད་དེའི་ཡན་ལག་ཡིན་པར་བསམས་ལ་སོར་མོ་གང་དང་གང་བསྐྱོད་པ་དེ་དང་དེའི་ཡན་ལག་འགུལ་བར་འགྱུར་ཏེ། བསྐུམས་ན་ནི་འཁུམ་པར་འགྱུར་རོ། །བརྐྱང་ན་ནི་རྐྱོང་བར་འགྱུར་རོ། །ཕྱག་
རྒྱ་རྫོགས་པར་བསྐྱོད་ན་ལུས་ཐམས་ཅད་འགུལ་བར་འགྱུར་རོ། །ཕྱག་རྒྱ་སྨད་ན་ནི་དམའ་བར་འགྱུར་རོ། །བསྟོད་ན་ནི་འགྲོལ་བར་འགྱུར་བ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་གར་བྱེད་པར་འགྱུར་བའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དག་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་
སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དཀྱིལ་འཁོར་གང་ཡིན་པ་དེའི་དག་པ་གང་ཡིན་པ་དང་དེའི་དངོས་གྲུབ་གང་ཡིན་པའོ། །དེ་ཉིད་ནི་གསང་བ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་དང་པོར་དེ་བཞིན་གཤེགས་པའི་འཁོར་ལོ་དག་པའི་དངོས་གྲུབ་ཀྱི་གསང་
བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་འཁོར་ལོ་དབུས་ཀྱི་དཀྱིལ་འཁོར་ལ་སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་བཞིས་འཁོར་དུ་བསྐོར་བ་ནི་ཕ་རོལ་ཏུ་ཕྱིན་པ་བཞིའི་རང་བཞིན་ཏེ། དེ་ལ་སེམས་དཔའ་རྡོ་རྗེ་མ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིན་ཆེན་སེམས་མ་ནི་སྦྱིན་པའི་ཕ་རོལ་
เล่ม ๕๖ · หน้า 135b
ཏུ་ཕྱིན་པའོ། །ཆོས་ཀྱི་རྡོ་རྗེ་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལས་ཀྱི་རྡོ་རྗེ་མ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ན། ཆོས་ཀྱི་འཁོར་ལོ་འདྲ་བར་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བྱ་ཞིང་། །ཞེས་བྱ་བ་ཡིན་ཏེ། དབུས་ཀྱི་དཀྱིལ་འཁོར་དུ་ནི་སངས་རྒྱས་བཅོམ་ལྡན་འདས་
བཀོད་ལ་ཕྱོགས་བཞིའི་དཀྱིལ་འཁོར་དུ་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་བཞི་དགོད་དོ། །དེ་ནས་དེའི་རྒྱབ་ཏུ་ཆོས་ཀྱི་འཁོར་ལོའི་ཚུལ་ཏེ་དཀྱིལ་འཁོར་ཀུན་ནས་ཟླུམ་པོར་བྱའོ། །དེ་ལྟར་བྱས་ན། ཕྱག་རྒྱ་བཙུན་མོ་རྣམས་ཀྱིས་བསྐོར། །དེར་ནི་སངས་རྒྱས་གཞག་པར་བྱ། །
ཞེས་བྱ་བ་ཡིན་ཏེ། ཕྱག་རྒྱ་དེ་ཉིད་ནི་ཡོངས་སུ་རྫོགས་པར་བྱ་བ་དང་། གསོ་བར་བྱ་བ་དང་། བསྐང་བར་བྱ་བ་ཡིན་པས་ན་བཙུན་མོ་ཞེས་བྱའོ། །དེ་ལྟར་ནམ་བྱ་ཞེ་ན། གང་གི་ཚེ་དེ་བཞིན་གཤེགས་པ་རྣམས་གཞན་གྱིས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་པ་དེའི་ཚེ། གསང་བའི་དཀྱིལ་
འཁོར་འདི་བྲི་ལ། །གསང་བ་དེར་ནི་ཞུགས་ནས་ཀྱང་། །སངས་རྒྱས་ལ་སྨྲས་དེ་མ་ཐག །ཅེས་བྱ་བའོ། །ཅི་ཞིག་སྨྲ་ཞེ་ན། འདི་ནི་ཁྱབ་པའི་བཙུན་མོ་སྟེ། །ཀུན་སློང་བ་ནི་བདག་སྩོལ་ཅིག །ཅེས་བྱ་བའོ། །འདི་སྐད་སྟོན་ཏེ། ཁྱེད་ཀྱི་ལོངས་སྤྱོད་འདི་ནི་བསྐལ་པ་བརྒྱ་
སྟོང་ཚད་མེད་པ་ནས་ཡོངས་སུ་བསགས་པའི་བསོད་ནམས་གྲངས་མེད་པ་ལས་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཕྱག་རྒྱའི་གཟུགས་སུ་བཞུགས་པ་འདི་དག །བཅོམ་ལྡན་འདས་ཁྱོད་ནི་ཐམས་ཅད་སྩོལ་བ་ཡིན་ལ། བདག་ཀྱང་སྡུག་བསྔལ་དང་ལྡན་པ་ཡིན་པས་བཅོམ་ལྡན་འདས་
བདག་ལ་སྩལ་དུ་གསོལ། བདག་ནི་ཁྱོད་ལ་སྐྱབས་སུ་མཆི་བ་ལགས་ལ་བཅོམ་ལྡན་འདས་ཁྱོད་ཀྱི་མཐུས་འབྱོར་པ་དང་ལྡན་པར་མ་གྱུར་པ་ལྟ་སུ་ཞིག་མཆིས་ཞེས་ནི་རིགས་རྣམས་ཀུན་ཕྱག་རྒྱའི་ཚུལ་ལ་ཡང་ནི་དེ་སྐད་བརྗོད་ཅེས་བྱ་བ་འདིས་ཀྱང་འདི་སྐད་སྟོན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་
འཁོར་དུ་གཏོགས་པའི་སངས་རྒྱས་ཀྱི་དངོས་གྲུབ་ལ་གསང་བའི་དངོས་གྲུབ་ཀྱིས་འདི་ལྟར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་དུ་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པ་ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་དངོས་གྲུབ་དེ་ལ་འདི་ལྟར་བྱ་བ་ཡིན་ནོ། །དེ་ལྟར་བྱས་པས་ཅིར་
เล่ม ๕๖ · หน้า 136a
འགྱུར་ཞེ་ན། སངས་རྒྱས་མཉམ་མེད་འོད་མངའ་བའི། །གསང་བའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། གསང་བའི་དངོས་གྲུབ་ནི་ཡེ་ཤེས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་གྲུབ་པ་དང་། དེའི་འབྲས་བུ་རྣམས་གྲུབ་པའོ། །སུ་ཞིག་གིས་ཤེ་ན། སངས་
རྒྱས་མཉམ་མེད་འོད་མངའ་བའི། །ཞེས་བྱ་བ་སྟེ། མཚུངས་པ་མེད་པའི་འོད་མངའ་བས་ན་མཉམ་མེད་འོད་མངའ་བ་སྟེ། ཟླ་མེད་པའི་མདངས་དང་ལྡན་པ་ཞེས་བྱ་བའི་དོན་ཏེ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་
བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས་སྟོན་ཏེ། འདིར་ཡང་གོང་མ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱིས་གལ་ཏེ་རྣམ་པ་གཞན་གྱིས་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་མ་གྱུར་ན། དེའི་ཚེ་རྡོ་རྗེ་དབྱིངས་དང་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་འདི་ཉམས་སུ་བླང་བར་བྱའོ། །
རྡོ་རྗེ་དབྱིངས་དང་འདྲ་བར་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་དང་མཚུངས་པར་རོ། །དཀྱིལ་འཁོར་ལེགས་པར་བྲི་བར་བྱ། །ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་རོ། །སུ་ཞིག་གི་ཞེ་ན། དེ་བཞིན་གཤེགས་པའི་རིགས་རྣམས་ནི། །ཐམས་ཅད་ཀྱི་ཞེས་བྱ་བ་སྟེ། ཐེག་པ་ཆེན་པོ་མངོན་པར་
རྟོགས་པའི་རྟོག་པར་རིན་པོ་ཆེའི་རིགས་ཀྱི་ཁོངས་སུ་གཏོགས་པའི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་གང་ཡིན་པ་དེ་དག་ལ་བྱ་བས་ན་མང་པོ་པའི་ཚིག་ཏུ་སྨོས་པ་ཡིན་ནོ། །སྒྲུབ་པའི་དུས་ན་དེ་དག་ཐམས་ཅད་དུ་གཞན་གྱི་དངོས་གྲུབ་རྙེད་པར་མ་གྱུར་ན་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཅིའི་
ཕྱིར་ཞེ་ན། འདི་ནི་མཆོག་ཚུལ་ཏེ་ཞེས་བྱ་བ་གསུངས་ཏེ། འདི་ནི་དངོས་གྲུབ་ཀྱི་ཐབས་དམ་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར། དཀྱིལ་འཁོར་དུ་ནི་ཞུགས་ནས་ཀྱང་། །དངོས་གྲུབ་འདོད་པས་མྱུར་དུ་ནི། །ཞེས་བྱ་བ་གསུངས་ཏེ། བསྐུལ་བའི་སྙིང་པོ་འདི་བཟླས་ཏེ། །བསྒྲུབས་
ན་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་བསྐུལ་བའི་ཚུལ་གྱིས་ནི། །མགུ་ནས་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བས་སྟོན་ཏོ། །ད་ནི་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དག་པའི་དངོས་གྲུབ་ཀྱི་གསང་
เล่ม ๕๖ · หน้า 136b
རྒྱུད་སྟོན་ཏེ། ཁམས་གསུམ་རྣམ་རྒྱལ་འདྲ་བར་ནི། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཚུལ་ལོ། །རྡོ་རྗེ་ཀུན་གྱི་རིགས་རྣམས་ཀྱི། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་མ་ལུས་པ་རྣམས་ཀྱིའོ། །དཀྱིལ་འཁོར་ཐམས་ཅད་ཚུལ་དུ་ཡང་། །ཞེས་བྱ་བ་ནི། གསང་བའི་དཀྱིལ་འཁོར་
ལྔ་པ་ལྔ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །མཁས་པས་ལེགས་པར་བྲི་བར་བྱ། །ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པས་ཕྱིན་ཅི་མ་ལོག་པར་ལེགས་པར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེར་ཞུགས་ནས་མྱུར་དུ་ཡང་ཞེས་པ་ནི་ཇི་སྐད་གསུངས་པའི་དཀྱིལ་འཁོར་དུ་ཞུགས་ལ་མྱུར་དུ་སྨྲོས་ཤིག་པ་སྟེ་དང་
པོ་ཉིད་དུ་གསང་བ་པ་བསྐུལ་བ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཅེ་ན། དངོས་གྲུབ་གསོལ་བ་འདེབས་བྱེད་ཅིང་། །ཞེས་བྱ་བ་སྟེ། དངོས་གྲུབ་འདོད་པས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་སྨྲ་ཞེ་ན། འདོད་ཆགས་ལས་ནི་ཁྱོད་བྱུང་ཞེས་སྨྲ་བ་སྟེ། འདི་ནི་དེ་ཁོ་ན་ཉིད་བསྐུལ་བའོ། །དེ་ཡང་
གང་གི་ཕྱིར་ཁོང་ཁྲོ་བ་ནི་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བ་ཡིན་ན་འདིས་རྗེས་སུ་ཆགས་པ་སྤངས་པས་ན་ཞེ་སྡང་ཡང་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །སྨྲས་ན་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་དེ་ཁོ་ན་ཉིད་བསྐུལ་བ་སྟེ། དེ་ཁོ་ན་ཉིད་བསྐུལ་བས་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་ཀུན་དུ་
འགྲུབ་པར་འགྱུར་ཞེས་གསུངས་སོ། །དེ་ལྟར་དེ་ཁོ་ན་ཉིད་བསྐུལ་བ་བྱས་ནས་གསང་བའི་དཀྱིལ་འཁོར་དུ་ཡང་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ལ་དངོས་གྲུབ་གཞན་དང་གཞན་དག་བསྒྲུབས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །ད་ནི་པདྨོའི་རིགས་ཞེས་བྱ་བ་ལ་སོགས་པས་པདྨོའི་
རིགས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། པདྨོའི་རིགས་ནི་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ལ་སོགས་པ་འགྲོ་བ་འདུལ་བའི་ཁོངས་སུ་གཏོགས་པ་གང་ཡིན་པ་དེ་རྣམས་ལ་པདྨོའི་རིགས་ཐམས་ཅད་ཅེས་བྱ་བའི་སྒྲར་གསུངས་སོ། །འགྲོ་བ་འདུལ་བའི་
ཚུལ་དུ་ནི། །ཞེས་བྱ་བ་ནི་འགྲོ་བ་འདུལ་བ་ལྟ་བུར་རོ། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ལ་མཁས་པ་ནི་བློ་དང་ལྡན་པའོ། །དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་བཅས་པ་ལྔའོ། །དེར་ཞུགས་ནས་ནི་བརྗོད་བྱ་བ། །ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་
เล่ม ๕๖ · หน้า 137a
རིགས་བཞིས་བསྡུས་པའི་གསང་བའི་དཀྱིལ་འཁོར་གང་ཡིན་པ་དེ། དེར་ཞུགས་ནས་ནི་བརྗོད་བྱ་བ། །ཞེས་བྱ་བ་ཚིག་ཏུ་འདི་སྐད་ཅེས་བརྗོད་པར་བྱ་བའོ། །ཚིག་དེ་གང་ཞིག་ཡིན་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་སྨིན་པ་དང་གྲོལ་བ་
ལ་ཆགས་པ་གང་ཡིན་པ་དེ་ནི་འདོད་ཆགས་ཆོས་སོ། །པདྨོ་ཆེ་ཡང་དེ་ཉིད་ཡིན་ཏེ་སྤྱན་རས་གཟིགས་དབང་ཕྱུག་ཉིད་དོ། །ནམ་བསྐུལ་བའི་ཚིག་དེ། དེ་སྐད་སྨྲས་ནས་དཀྱིལ་འཁོར་ནི། །ཀུན་གྱིས་དེས་ནི་དངོས་གྲུབ་པོ། །ཞེས་བྱ་བ་སྟེ། དུས་དེ་ཉིད་ཀྱི་ཚེ་རིགས་ཐམས་ཅད་ཀྱི་དཀྱིལ་
འཁོར་དུ་གཏོགས་པའི་སྤྱིའི་དངོས་གྲུབ་དང་ཕྱིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ན་དེར་གཏོགས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་ནོར་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་གྱི་
དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ནོར་བུ་ཆེན་པོའི་རིགས་རྣམས་ནི། །ཞེས་བྱ་བ་ནི་ནོར་བུའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྡུས་པར་གྱུར་པའོ། །དོན་ཀུན་གྲུབ་པའི་ཚུལ་དུ་ཡང་། །དཀྱིལ་འཁོར་ལེགས་པར་བྲིས་ནས་ནི། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་
དེའི་ཁོངས་སུ་གཏོགས་པའི་དཀྱིལ་འཁོར་རྣམས་བྲི་བར་བྱའོ། །ཞུགས་ནས་འདི་སྐད་སྨྲ་བར་བྱ། །ཞེས་བྱ་བ་ནི་ཞུགས་ནས། བསམས་པ་ཀུན་གྱི་དངོས་གྲུབ་ལས། །ཞེས་བྱ་བ་ལ་སོགས་པས་བསྐུལ་བའི་ཚིག་རྣམས་འདི་སྐད་དུ་སྨྲ་བར་བྱའོ། །བསམ་པ་ཀུན་གྱི་དངོས་གྲུབ་ལས། །འདོད་
ཆགས་བསམ་པ་དངོས་གྲུབ་མཆོག །ཅེས་བྱ་བ་ནི་བསམ་པའི་དངོས་གྲུབ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱི་ནང་ན་བསམ་པའི་དོན་གྲུབ་པ་དེ་ནི་འདོད་ཆགས་ཀྱི་བསམ་པ་དངོས་གྲུབ་ཀྱི་མཆོག་ཡིན་ཏེ། འདོད་ཆགས་ནི་ཡིད་བཞིན་གྱི་རྒྱལ་པོའི་ནོར་བུ་རིན་པོ་ཆེའི་ཆགས་པ་སྟེ། དེ་གྲུབ་པ་ནི་དངོས་གྲུབ་ཐམས་
ཅད་ཀྱི་ནང་ན་ཕུལ་དུ་བྱུང་བ་ཡིན་པས་མཆོག་ཡིན་ནོ། །དེ་བས་ན། གྲུབ་ཤིག་གྲུབ་ཤིག་སེམས་དཔའ་ཆེ། །བཅོམ་ལྡན་ཐམས་ཅད་གྲུབ་པ་པོ། །ཞེས་གསུངས་པ་ཡིན་ཏེ། གང་གི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གྲུབ་ན་དེས་དོན་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་སྐད་
เล่ม ๕๖ · หน้า 137b
སྨྲས་ནས་དཀྱིལ་འཁོར་ནི། །ཐམས་ཅད་དུ་ནི་ཞུགས་གྱུར་ན། །ཞེས་བྱ་བ་ནི་རབ་ཏུ་བྱེད་པ་ཐམས་ཅད་ཀྱི་དོན་གྱི་མཇུག་སྡུད་པ་ཡིན་ཏེ། རིན་པོ་ཆེའི་རིགས་ཀྱི་དངོས་གྲུབ་ཀྱང་དོན་གྱི་ཞར་ལ་བསྡུས་པ་ཡིན་ནོ། །མཆོད་པ་གསང་བ་བླ་མེད་པའི། །དངོས་གྲུབ་ཆེན་པོ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་
གང་གི་ཕྱིར་མཆོད་པ་བླ་ན་མེད་པ་ཡིན་པ་དེའི་ཕྱིར་དངོས་གྲུབ་ཀྱི་དམ་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཕྱིན་ཆད་ནི་གྲུབ་བདག་ཉིད། །བསྒྲུབས་ན་རྟག་ཏུ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་ཐམས་ཅད་དུ་གསང་བའི་བསྐུལ་བས་མཆོད་པ་བྱས་ལའོ། །མཆོད་
པ་འདི་གང་གི་ཚེ་བྱ་ཞེ་ན། གང་ཚེ་མྱུར་དུ་མི་འགྲུབ་ན། །དེའི་ཚེ་དེ་ཉིད་བསྐུལ་ན་འགྲུབ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཕྱག་རྒྱ་
ཐམས་ཅད་ནི་རྣམ་པ་བཞིའོ། །དེ་དག་གིས་གསང་བའི་དངོས་གྲུབ་ནི་སྙན་པའི་ཚིག་བརྗོད་པའོ། །དངོས་གྲུབ་ཀྱང་ཚོགས་དང་རྗེས་སུ་མཐུན་པ་སྟེ། བསྐུལ་བའི་ཐ་སྙད་འདིས་མངོན་སུམ་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་སྦ་བའི་ཚུལ་དུ་གནས་པའི་བསྐུལ་བ་གང་ཡིན་པ་དེས་
བསྐུལ་ན་དགོས་ཏེ་གསང་ཞིང་སྦ་བའི་མཐུ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །འདས་མ་ཐག་པའི་དཀྱིལ་འཁོར་དུ་ནི་དག་པའི་དངོས་གྲུབ་གསང་བའི་རབ་ཏུ་བྱེད་པས་གསང་བའི་དཀྱིལ་འཁོར་དུ་ཞུགས་ལ། གསང་བའི་དེ་ཁོ་ན་ཉིད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་
བདག་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་འཁོར་ལོས་སྒྱུར་བ་རྣམས་བསྐུལ་བ་ཡིན་ལ། ད་ལྟར་ནི་དཀྱིལ་འཁོར་དེ་དག་ཉིད་དུ་འཁོར་བའི་ཐ་སྙད་དང་རྗེས་སུ་མཐུན་པའི་གསང་ཞིང་སྦ་བའི་ཚུལ་གྱིས་བསྐུལ་བས་ཕྱག་རྒྱ་རྣམ་པ་བཞི་སྐུལ་བར་བྱེད་པ་ཡིན་ཏེ་བྱེ་བྲག་ནི་དེ་ཡོད་དོ། །
དེ་ལས་ཀྱང་དང་པོར་དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྱག་རྒྱའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་ལྷ་མོ་ཆེ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། བཅོམ་ལྡན་འདས་དེ་ཉིད་ནི་ལྷ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་
เล่ม ๕๖ · หน้า 138a
ཕྱིར་ན་ལྷ་ཆེན་པོ་ཡིན་ལ། དེའི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱ་བཞི་པོ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རང་བཞིན་ཡིན་ཞིང་དེ་ལ་ནི་ལྷ་མོ་ཆེན་མོ་ཞེས་བྱ་སྟེ། དེ་རྣམས་ནི་ལྷ་ཆེན་པོ་དེའི་ཕྱག་རྒྱ་ཡིན་པས་ན་ལྷ་མོ་ཆེ་ཞེས་བྱའོ། །ལྷ་མོ་ཆེན་མོ་དེ་ཇི་
ལྟ་བུ་ཞེ་ན། སྡུག་ཅིང་ཞེས་བྱ་བ་སྟེ་སྡུག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་གྱི་མཚན་ཉིད་ཀྱི་དོན་ཡུན་རིང་པོ་ནས་བསམས་བསམས་པ་དེ་སྦྱིན་པར་བྱེད་པས་ན་སྡུག་པའོ། །དེ་ཉིད་ཀྱིས་ནི་བདེ་བ་ཀུན་སྦྱིན་པ་ཡང་ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་
བ་རྣམས་རབ་ཏུ་སྟེར་བར་བྱེད་པའི་ཕྱིར་རོ། །འདི་དག་ཐམས་ཅད་ཀྱང་བདེན་པ་ཡིན་ཏེ་ཡང་དག་པ་དང་ཕྱིན་ཅི་མ་ལོག་པ་ཡིན་ལ། དེའི་དོན་སྐུལ་བར་བྱེད་པའི་ཚིག་གང་ཡིན་པ་དེ་ཡང་བདེན་པ་ལས་བྱུང་བའི་ཚིག་ཡིན་ནོ། །དེ་ལྟ་བུའི་བདེན་པ་དེས་བསྒྲུབ་པ་ནི་བསྐུལ་བའོ། །དེ་ཅིའི་ཕྱིར་
ཞེ་ན། གལ་ཏེ་དེ་ནི་མ་གྲུབ་ནའོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཟློས་པའི་རྣལ་འབྱོར་པས་དཀྱིལ་འཁོར་དུ་ཞུགས་ཏེ་བསྒྲུབས་ཀྱང་དངོས་གྲུབ་རྙེད་པར་མ་གྱུར་ན་བསྒྲུབ་པའི་དཀྱིལ་འཁོར་ཡང་བྲིས་ཏེ། དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་བསྒྲུབ་པས་བདག་པོ་ལ་
བསྐུལ་ཞིང་ཕྱག་རྒྱ་ལ་ཡང་འདི་བཞིན་དུ་བསྐུལ་བ་བྱས་ན་དེའི་འོག་ཏུ་གདོད་གྲུབ་པར་འགྱུར་རོ་ཞེས་པའོ། །ད་ནི་ལྟག་འོག་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཟློས་པའི་རྣལ་
འབྱོར་པས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པས་སོ། །སྔར་དངོས་གྲུབ་མ་ཐོབ་ན་གསང་བའི་དཀྱིལ་འཁོར་གྱི་བསྒྲུབ་པའི་དཀྱིལ་འཁོར་ཡང་བྲིས་ལ། དེར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དག་པའི་དངོས་གྲུབ་ཀྱིས་བསྐུལ་བས་ཡང་དག་པར་བསྐུལ་བར་བྱའོ། །
ཇི་ལྟར་བྱ་ཞེ་ན། ལྟག་འོག་གོ་རིམས་ཇི་བཞིན་དུ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི། །ཞེས་བྱ་བ་སྟེ། ཟླ་རྒྱས་དཀྱིལ་འཁོར་ལ་གནས་པ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་འཛིན། །ཞེས་བྱ་བས་བདག་ཉིད་རྡོ་རྗེ་སེམས་དཔའ་ཡོངས་སུ་བསྒོམས་ལ་དེ་ཁོ་ན་ཉིད་ཀྱི་གསང་བ་འདི་ཡང་
เล่ม ๕๖ · หน้า 138b
རྡོ་རྗེ་ཚིག་གིས་བརྗོད་པར་བྱའོ། །བདག་ནི་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ངའི་ཆུང་མ་སྙིང་ལ་གནས། །ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་གནས་པ་ཡིན་ལ། དེ་ནས་འདི་བདག་ཉིད་རྡོ་རྗེ་སེམས་དཔའ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་དེ་ཡང་འདིའི་ཆུང་མ་ཡིན་
ཏེ། གང་གི་ཕྱིར་འདི་དེས་གང་བར་བྱ་ཞིང་རྫོགས་པར་བྱ་བ་དང་། ཡན་ལག་ཐམས་ཅད་བརྟན་པར་བྱ་བ་ཡིན་པའི་ཕྱིར་རོ། །སྙིང་ལ་གནས་ཞེས་བྱ་བ་ནི་བསྒོམས་པར་གྱུར་པ་ན་དོན་སྣང་བར་བྱས་པའི་ཕྱིར་སེམས་ལ་རྣམ་པར་གནས་པའོ། །ལུས་ཀུན་ལ་ནི་འཁྱུད་ནས་ཀྱང་། །ཞེས་བྱ་བ་ནི་
ལྷ་ཡོངས་སུ་བཟུང་བའི་གཟུགས་སུ་ཡོངས་སུ་འཁྱུད་པ་སྟེ། གང་གི་ཕྱིར་མིའི་ལུས་ཁུ་བ་དང་ཁྲག་ལས་བྱུང་བ་གང་ཡིན་པ་དེ་བོར་ནས། དངོས་གྲུབ་ཀྱི་དུས་སུ་ལྷའི་གཟུགས་སུ་འགྱུར་དགོས་པས་ན་དེའི་ཕྱིར་ལུས་ཐམས་ཅད་ལ་འཁྱུད་པ་སྟེ་ལྷའི་ལུས་ལ་ཡོངས་སུ་གྱུར་པའོ། །དེ་ཡང་
རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་མངོན་སུམ་ཁོ་ནར་རང་གི་ལྷའི་རྣལ་འབྱོར་དུ་བྱེད་པའི་ཚེ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ནས་བདག་གི་ལུས་འདི་མ་ལུས་པར་ཡོངས་སུ་བཞེས་ལ་ལྷའི་སྐུར་ཡོངས་སུ་གྱུར་པར་མཛད་དུ་གསོལ་ཞེས་དེ་ལ་
བསྐུལ་ཞིང་། ཀྱེ་རྡོ་རྗེ་སྙིང་པོ་ནམ་མཁའ་ལ་བཏེག་སྟེ་རྡོ་རྗེ་སེམས་དཔའ་ཉིད་དུ་མཛད་པ་ལ་སྩོལ་ཅིག་ཅེས་བརྗོད་དེ། བདག་ཉིད་ཡང་དག་སྤང་བར་བསམ་ཞིང་བདག་ལ་ང་ནི་རྡོ་རྗེ་སེམས་དཔའོ་ཞེས་ང་རྒྱལ་ཡང་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་སྐུར་གྲུབ་པར་འགྱུར་ཏེ། དེ།
ཡེ་ཤེས་ཚེ་སྟོབས་གཟུགས་མཆོག་རྣམས། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །ཞེས་བྱ་བར་འགྱུར་རོ། །ད་ནི། རྡོ་རྗེ་འགྱིང་བ་ལྷ་མོ་ཆེ། །ཞེས་བྱ་བ་ལ་སོགས་པས་འདིའི་འབྲས་བུ་སྟོན་ཏོ། །དེ་ནི་གྲུབ་ཤིག་གྲུབ་ཤིག་ཅེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་སྒོ་ནས་དམ་ཚིག་གི་
གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྙིང་གར་བཅིངས་ལ་བསྒྲུབ་པའི་དཀྱིལ་འཁོར་དུ་ཞུགས་ཏེ་བསྒྲུབ་པའི་ཚེ་ན། དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་ཀྱིས་བསྐུལ་བས་བཅོམ་ལྡན་འདས་
เล่ม ๕๖ · หน้า 139a
དེ་ལ་ཡང་དག་པར་བསྐུལ་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་སྙིང་གར་གནས་པ་ལ་གྲུབ་ཤིག་གྲུབ་ཤིག་ཅེས་བྱ་བ་ལ་སོགས་པའི་དམ་ཚིག་གིས་བསྐུལ་བར་བྱའོ། །དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱའོ། །ད་ནི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་དོ་ཞེས་བྱ་བའི་དོན་ཏོ། །
ཁྱོད་ངའི་སྡུག་ཅེས་བྱ་བ་ནི་འདོད་པའི་དོན་སྒྲུབ་པར་བྱེད་པས་ན་སྡུག་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་སྡུག་པར་མཛད་ན་གྲུབ་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ང་ཡང་ཁྱོད་ལ་སྡུག་པར་བྱེད་ཀྱིས་ང་ཡང་གྲུབ་པར་གྱིས་ཤིག་པའོ། །ཞེས་བསྐུལ་མྱུར་དུ་ཆགས་གྱུར་ནས། །རབ་ཏུ་ཡང་ནི་
འགྲུབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔར་ངེས་པ་དང་བདག་ཏུ་ངེས་པ་འདི་ལྟ་བུས་གྲུབ་པར་འགྱུར་བའོ། །ད་ནི་རྟོགས་ཤིག་ཅེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་གསང་བའི་དངོས་གྲུབ་སྟོན་ཏེ། པདྨོའི་རིགས་ཟློས་པའི་རྣལ་འབྱོར་པས་བསྒྲུབ་པའི་དཀྱིལ་
འཁོར་འགྲོ་བ་འདུལ་བའི་ཚུལ་དུ་བྲིས་ཏེ། དེར་ཞུགས་ལ་བསྒྲུབ་པའི་དུས་སུ་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་དག་པའི་དངོས་གྲུབ་ཀྱི་གསང་བས་བསྐུལ་བར་བྱའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་རྟོགས་ཤིག་རྟོགས་ཤིག་ཅེས་བྱ་བ་ལ་སོགས་པས་བསྐུལ་བར་བྱ་སྟེ། གང་གི་ཕྱིར་
ཆོས་ཀྱི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་ན་དེ་ལ་རྟོགས་ཤིག་རྟོགས་ཤིག་ཅེས་བྱ་བ་འདིས་བསྐུལ་ལོ། །ང་ཡི་ཆུང་མ་ཁྱོད་རབ་ཏུ་སྡུག་ཅེས་བྱ་བ་ནི་གང་གི་ཕྱིར་རྫོགས་པར་བྱ་ཞིང་གང་བར་བྱ་བ་ཡིན་ལ་དེ་བསྒོམ་པར་བྱ་བ་ཡིན་པས་ན་དེ་ལ་ཤིན་ཏུ་
སྡུག་ཅིང་ཡིད་དུ་འོང་བར་བསྒྲུབ་དགོས་པ་ཡིན་པའི་ཕྱིར་རབ་ཏུ་སྡུག་པའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་ལས་ཀུན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་ཡང་བསྒྲུབ་པའི་དུས་ན་བསྒྲུབ་པའི་དཀྱིལ་འཁོར་བྲིས་ཏེ་ཞུགས་ལ་
བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་ཀྱི་གསང་བས་བསྐུལ་ཏེ། བསྒྲུབ་པའི་ཚེ་ན་ལས་ཀྱི་ཕྱག་རྒྱ་ལ་ལས་ཀུན་བྱེད་པའི་ཞེས་བྱ་བ་ལ་སོགས་པས་ཡང་དག་པར་བསྐུལ་བར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡིན་ཏེ། འདིར་ནི་ལས་ཀྱི་
เล่ม ๕๖ · หน้า 139b
ཕྱག་རྒྱ་ལ་བསྐུལ་བ་ཡིན་ལ། གང་དུ་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་ལས་ཕལ་མོ་ཆེར་བཤད་ཟིན་པ་ཉིད་ཡིན་ནོ། །ཕྱག་རྒྱའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་དེ། །ད་ནི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལས་ཐོག་མར་དེ་བཞིན་གཤེགས་པའི་དམ་ཚིག་གི་
གསང་བའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་བཞིའི་ཕྱག་རྒྱ་བཞི་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡིན་པས་ན་དམ་ཚིག་གི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་གོ། །
དེ་དག་ཉིད་གསང་བ་སྟེ་གང་གི་ཚེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འདོད་པའི་ཁམས་ཀྱི་དབང་ཕྱུག་ལས་རྣམ་པར་རྒྱལ་བར་མཛད་པས་ན་ལྷ་ཆེན་པོ་དབང་ཕྱུག་གི་གཟུགས་སུ་སྤྲུལ་ཞིང་བཞུགས་པ་དེའི་ཚེ་ན། བཅོམ་ལྡན་འདས་ཀྱིས་བཙུན་མོའི་འཁོར་གྱི་ངོ་བོ་བུད་མེད་རིན་
པོ་ཆེའི་གཟུགས་ལྟ་བུར་སྤྲུལ་ཅིང་ཡང་དག་པར་བཞུགས་སོ། །འདོད་པའི་ཁམས་ཀྱི་བདག་པོ་དེའི་ང་རྒྱལ་དུ་འདོད་པའི་ཁམས་ན་ངའི་འདོད་པ་རྣམས་ལས་ཁྱད་པར་དུ་འཕགས་པ་གཞན་གང་ཡང་མེད་དོ་སྙམ་པའི་ང་རྒྱལ་དེ་ལྟ་བུས་སུ་ལ་ཡང་འདུད་པར་མི་བྱེད་ཅིང་སུའི་ཡང་བསྒོ་བ་ཉན་
པར་མི་བྱེད་དོ། །དེ་བས་ན་དེ་འདུལ་བའི་ཕྱིར་བཅོམ་ལྡན་འདས་ལྷ་ཆེན་པོ་དབང་ཕྱུག་གི་གཟུགས་སུ་སྤྲུལ་པར་མཛད་པ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་གདུལ་བར་བྱ་བའི་ཕྱིར་ནང་གི་བཙུན་མོའི་འཁོར་བསྟན་པ་དང་། འདིར་ཡང་ཀ་པི་ན་གདུལ་བའི་ཕྱིར་འཁོར་ལོས་སྒྲུབ་པ་
ཆེན་པོར་སྤྲུལ་པར་མཛད་ཅིང་། ཕ་རོལ་ཏུ་ཕྱིན་པ་དེ་རྣམས་ནང་གི་བཙུན་མོའི་འཁོར་དུ་སྤྲུལ་པ་མཛད་པ་ཡིན་ནོ། །དེ་ནས་དབང་ཕྱུག་ཆེན་པོ་དང་། ལྷའི་བུ་དེ་དག་གི་ནང་གི་བཙུན་མོའི་ཚོགས་མཐོང་ཞིང་། ཀ་པི་ནས་ཀྱང་ནང་གི་བཙུན་མོའི་ཚོགས་མཐོང་བ་དང་རང་གི་འདོད་པ་ནི་ཤིན་ཏུ་ཞན་པ་ཞིག་
གོ་སྙམ་པའི་བློ་སྐྱེས་སོ། །དེ་ནས་ང་རྒྱལ་དང་བྲལ་བར་གྱུར་པ་དང་བཅོམ་ལྡན་འདས་ལ་གུས་པའི་བློ་སྐྱེས་པ་ཡིན་ནོ། །དེ་ལྟར་ང་རྒྱལ་དང་བྲལ་བའི་སེམས་ཀྱིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་སྟོན་པར་མཛད་དེ། ཆོས་དེས་ལྷའི་
เล่ม ๕๖ · หน้า 140a
བུ་རྣམས་ཀྱིས་ནི་ས་བརྒྱད་པའི་དབང་ཕྱུག་ཐོབ་པ་ལ། ཀ་པི་ནས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་བཙུན་མོ་དེ་དག་ལ་མུ་སྟེགས་པ་རྣམས་ཀྱིས་ངན་སེམས་མི་སྐྱེ་བར་དེ་དག་ལ་ཕན་གདགས་པའི་ཕྱིར་རི་མོའི་ཕྱག་རྒྱའི་ཚུལ་དུ་བཀོད་
པ་ཡིན་ནོ། །དེ་བཞིན་གཤེགས་པ་ཟློས་པས་ཀྱང་བསྒྲུབ་པའི་ཚེ་ན་བསྒྲུབ་པའི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་ལྟ་བུར་བྲིས་ལ། དཀྱིལ་འཁོར་དེར་ནི་ཁྱབ་པའི་བཙུན་མོ་སྟེ། ཀུན་གཏོང་བ་ནི་བདག་སྩོལ་ཅིག །ཅེས་དག་པའི་དངོས་གྲུབ་ཀྱི་བསྐུལ་བས་བཅོམ་ལྡན་འདས་ལ་བསྐུལ་བ་
དང་། དེ་བཞིན་གཤེགས་པའི་ལྷ་མོ་ཆེ། །སྡུག་ཅིང་བདེ་བ་ཀུན་སྦྱིན་པ། །ཞེས་བྱ་བ་ལ་སོགས་པ་ཕྱག་རྒྱ་གསང་བའི་དངོས་གྲུབ་ཀྱི་རྒྱུད་ཀྱིས་ཕྱག་རྒྱ་རྣམས་ལ་ཡང་དག་པར་བསྐུལ་བར་བྱ་བ་གསང་ཞིང་སྦ་བ་འདི་ཤེས་པར་བྱ་ལ། མུ་སྟེགས་རྣམས་ལ་ཞེས་བྱ་བ་ལ་སོགས་པས་བདག་
ཉིད་ལ་ངེས་པའི་ཤེས་པ་སྐྱེས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་གསུངས་སོ་ཞེས་པ་སྟེ་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རིགས་ཀྱི་དམ་
ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་ཡང་བསྒྲུབ་པའི་དུས་སུ་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་དེར་ཞུགས་ཏེ། དཀྱིལ་འཁོར་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དག་པའི་དངོས་གྲུབ་ཀྱིས་གསང་བའི་བསྐུལ་བ་དང་། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལ་ཕྱག་རྒྱ་གསང་
བའི་དངོས་གྲུབ་ཀྱིས་བསྐུལ་ཞིང་། དེ་ཁོ་ན་ཉིད་འདི་ཤེས་པར་བྱས་ནས། སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ། །ཅེས་བྱ་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ། །ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཡིད་ལ་ཁྱབ་པ་ཡིན་ཏེ། ཡིད་ཅེས་བྱ་བའི་སྒྲས་ནི་སེམས་
ཅན་ཐམས་ཅད་ཀྱི་སེམས་དེ་ལ་དེའི་ངོ་བོ་ཉིད་ཀྱིས་ཁྱབ་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ། །ཅེས་བྱའོ། །སེམས་ཅན་ཀུན་ལ་བདེ་སྦྱིན་ཞིང་། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་བདེ་བ་དང་། ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའི་ཏིང་ངེ་འཛིན་གྱི་བདེ་བའི་བར་དུ་སྦྱིན་
เล่ม ๕๖ · หน้า 140b
པས་ན་སེམས་ཅན་ཀུན་ལ་བདེ་སྦྱིན་པའོ། །སེམས་ཅན་ཀུན་གྱི་ཡབ་ཉིད་ནི། །ཞེས་བྱ་བ་ནི་བདག་གི་རང་བཞིན་འགྲོ་བ་དྲུག་ཏུ་སྐྱེ་བར་མཛད་པ་ཡིན་པའི་ཕྱིར་དང་། དངོས་གྲུབ་ཀྱི་དུས་ན་བསྒོམས་པ་ལས་བྱུང་བ་རྫུས་ཏེ་སྐྱེ་བའི་ཚུལ་དུ་བསྐྱོད་པར་མཛད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་པའི་ཚེ་ན། གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་སངས་རྒྱས་ཀྱི་སྐུར་བསྐྱེད་པར་མཛད་པས་ན།སངས་རྒྱས་ཀུན་གྱི་ཡབ་ཉིད་དོ། །དེ་སུ་ཞིག་ཡིན་ཞེ་ན། འདོད་པ་སྟེ་སེམས་ཡིན་པའི་དོན་ཏོ། །ཇི་ལྟ་བུ་ཞེ་ན་མཆོག་ཅེས་བྱ་བའོ། །འདི་སྐད་སྟོན་ཏེ། དངོས་གྲུབ་
ཐམས་ཅད་སྦྱིན་པ་ནི་སེམས་འདི་ཉིད་ཡིན་ཏེ། འདི་དག་ཐམས་ཅད་ནི་འདི་དག་ཉིད་ཀྱིས་བྱས་པ་ཡིན་ན། ཅིའི་ཕྱིར་རྨོངས་པ་བཞིན་དུ་གཞན་དག་ལ་དངོས་གྲུབ་སྩོལ་ཏེ་གང་གི་ཕྱིར་སེམས་འདི་ཉིད་མཆོག་ཡིན་ནོ་ཞེས་པའོ། །སུ་ཞིག་གི་ནང་ན་མཆོག་ཡིན་ནོ་ཞེ་ན། དམ་ཚིག་
མཆོག་གི་ཞེས་བྱ་བ་གསུངས་ཏེ། དམ་ཚིག་མཆོག་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ། །དེ་དག་གི་མཆོག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ་འདི་ནི་རང་གི་སེམས་ཉིད་ཡིན་ནོ། །དེ་སྐད་དུ་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་
གསུངས་སོ་ཞེས་བྱ་བར་སྟོན་ཏོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཤེ་ན། གང་གི་ཕྱིར། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་མཆོག་སྟེ་རྨད་ཆེ་བར། །ཞེས་བྱ་བ་གསུངས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་སེམས་ལས་བྱུང་བ་འདི་ནི་
སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། མཆོག་སྟེ་རྨད་ཆེ་བར་ཞེས་བྱ་བ་སྟེ་ཤིན་ཏུ་དམ་པར་གྱུར་པ་ཞེས་པའི་དོན་ཏོ། །དེ་ལྟར་སྒྲུབ་པ་པོ་དད་པ་དང་ལྡན་པས་ཤེས་པར་བྱ་བ་ཡིན་པས་ན། དད་ལྡན་ཤེས་ནས་དད་བྱས་ན། །ཞེས་བྱའོ། །དེ་ཇི་ལྟ་བུ་ཞེ་ན།
བསྒྲུབ་དཀའ་ཞེས་བྱ་བ་སྟེ། དཀའ་བས་བསྒྲུབ་དགོས་པའི་ཕྱིར་ན་བསྒྲུབ་དཀའོ། །དེ་བས་ན་སྒྲུབ་པ་པོས་རྣམ་པ་འདི་ལྟ་བུ་ཡིན་པར་ཤེས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་འདོད་ཆགས་དག་ཕྱིར་ཞེས་བྱ་བ་ལ་སོགས་པས་
เล่ม ๕๖ · หน้า 141a
རྡོ་རྗེ་རིགས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་དག་ཕྱིར་ཆགས་བྲལ་དང་། །ཞེས་བྱ་བ་ལ་འདོད་ཆགས་ཀྱིས་དག་པས་ན་འདོད་ཆགས་དག་པ་སྟེ། སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་སྙིང་པོ་ཐོབ་པར་བྱེད་པའོ། །ཕྱིར་ཞེས་
བྱ་བ་ནི་འདོད་ཆགས་དག་པ་དེའི་ཕྱིར་རོ། །སུ་ཞིག་གི་ཞེ་ན། ཆགས་བྲལ་དང་ཞེས་བྱ་བ་སྟེ་ཆགས་པ་དང་བྲལ་བ་ནི་གང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ལོག་པར་སྤྱོད་པའི་སེམས་ཅན་རྣམས་ཀྱིས་སྐྱོ་སྟེ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ནས་བདག་ཉིད་གྲོལ་བར་བྱའི།
གཞན་དག་གིས་བདག་ལ་ཅི་ཞིག་བྱ་ཞེས་དེ་ལྟ་བུར་བརྩོན་པ་ལ་གནས་པ་དེ་རྣམས་དང་། མུ་སྟེགས་ལྟ་བར་བྱས་དག་ལ། །ཞེས་བྱ་བ་སྟེ། མུ་སྟེགས་ཀྱི་ལྟ་བར་བྱས་པ་ནི་གང་བྱང་ཆུབ་པའི་སྐལ་བ་ཡོད་དུ་ཟིན་ཀྱང་མི་དགེ་བའི་བཤེས་གཉེན་དང་ཕྲད་པས་ལོག་པར་ལྟ་བ་ལ་སོགས་པའི་
ལྟ་བའི་ཚང་ཚིང་དུ་ལྷུང་བ་སྟེ། སེམས་ཅན་འདི་ལྟ་བུ་ལོག་པར་ལྟ་བ་ལ་སོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པ་རྣམས་དེ་ལས་བཟློག་སྟེ་ཐེག་པ་ཆེན་པོ་ཡང་དག་པའི་ལྟ་བ་ལ་བཞག་པའི་ཕྱིར་གསོད་པའི་དམ་ཚིག་མཆོག་ཡིན་ཏེ། འདི་ལྟར་ཤེས་ན་འགྲུབ་པར་འགྱུར། །
ཞེས་བྱ་བ་སྟེ། གསོད་པ་ནི་ལྷ་ཆེན་པོ་བཞིན་དུ་རྒྱལ་བར་བྱ་བ་སྟེ། ཐབས་འདིས་བཟློག་པར་མི་ནུས་པ་རྣམས་ལ་འདི་ཉིད་ཀྱིས་གསོད་པ་ཉིད་མཆོག་གོ། །དེ་ཁོ་ན་ཉིད་ཀྱིས་གསང་བ་འདི་ཤེས་པར་བྱས་ན་རྡོ་རྗེ་རིགས་སུ་བསྒྲུབ་པའི་ཚེ་སྔར་བཤད་པའི་ཚུལ་གྱིས་འགྲུབ་པར་འགྱུར་རོ་ཞེས་
བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་གསུངས་སོ། །ད་ནི་མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འབྱུང་བ་ཆེ་ལས་ཐམས་ཅད་འབྱུང་། །ཞེས་པ་ལ་སོགས་པ་ལ་པདྨོའི་རིགས་ཟློས་པ་རྣམས་ཀྱིས་ཀྱང་བསྒྲུབ་པའི་དུས་སུ་
སྔར་བཤད་པའི་ཚུལ་གྱིས་ཐམས་ཅད་རྫོགས་པར་བྱས་ལ་དེ་ཁོ་ན་ཉིད་ཀྱི་གསང་བ་འདི་རྣམ་པར་བརྟག་སྟེ་དངོས་གྲུབ་མངོན་དུ་ཕྱོགས་པའི་དུས་སུ་སྦྲིད་པ་ལ་སོགས་པ་དང་། མཆིལ་མ་དང་། སྣབས་དང་། བཤང་བ་དང་། གཅི་བ་ལ་སོགས་པ་བྱུང་ན་འདིའི་ཚེ་གཙང་སྦྲ་ལ་ཞུགས་པ་ནི་
เล่ม ๕๖ · หน้า 141b
བདུད་ཀྱི་ལས་ཡིན་པར་དངོས་གྲུབ་འདོད་པས་ཤེས་པར་བྱ་ཞིང་འབྱུང་བ་ཆེན་པོ་ལས་ཐམས་ཅད་འབྱུང་བ་ཡིན་ནོ་ཞེས་བརྟག་པར་བྱའོ། །འདི་སྐད་སྟོན་ཏེ། ལུས་འདི་ཉིད་ནི་འབྱུང་བ་ཆེན་པོའི་ངོ་བོ་ཉིད་དེ། ཁྲག་དང་ཁུ་བའི་རྒྱུ་མཐུན་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཅིའི་
ཕྱིར་མཆིལ་སྣབས་ལ་སོགས་པ་འདི་ཉིད་ལ་མི་གཙང་བ་ཞེས་ཁྱད་པར་དུ་གདགས་སུ་ཅི་ཞིག་ཡོད་དེ། འདི་དག་ཐམས་ཅད་མི་གཙང་ཉིད། །མི་གཙང་མིན་པ་ཡོད་མ་ཡིན། །ལུས་ཅན་རྩོད་པའི་གནས་གྱུར་པ། །དེ་ཉིད་ཀྱིས་ན་སུན་འབྱིན་མོད། །ཅེས་གསུངས་པ་ལྟ་བུའོ། །
དེ་ལྟ་བས་ན་དོན་དམ་པར་རྣམ་པར་བརྟགས་ན་རང་བཞིན་དག་པའི་ཕྱིར། རྣལ་འབྱོར་པས་ཁྲུས་ལ་སོགས་པའི་གཡེང་བས་དངོས་གྲུབ་མངོན་སུམ་དུ་གྱུར་པ་གཏང་བར་མི་བྱ་ཞིང་། མཆིལ་མ་དང་། སྣབས་དང་། བཤང་བ་དང་། གཅི་བ་ལ་སོགས་པ་འབྱུང་བར་གྱུར་ན་ཡང་བསྒོམ་
པ་དང་བཟླས་པ་གཏང་བར་མི་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། ངེས་པར་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སྤྱན་གྱིས་གསུངས་སོ། །དེ་ལྟར་ན་གཙང་སྦྲའི་ཆོས་ཀྱི་ཐ་སྙད་དུ་བྱ་བ་ཅིའི་ཕྱིར་བྱ་ཞེ་ན། དེའི་ཕྱིར་མུ་སྟེགས་ཅན་རྣམ་གཞོམ་པའི་ཕྱིར་རོ་
ཞེས་བྱ་བ་གསུངས་ཏེ། ངེས་པར་འདོད་པ་གང་གི་ཕྱིར་དགོས་ཏེ། གང་གི་ཕྱིར་མུ་སྟེགས་ཅན་དག་པ་ལ་སོགས་པས་དེ་ཁོ་ན་ཉིད་མ་མཐོང་བས་གཙང་སྦྲར་བྱ་བ་དེ་ཙམ་གྱིས་གྲུབ་ཅིང་གྲོལ་བར་འདོད་པའི་ཕྱིར་རོ། །དེ་ལྟ་བས་ན་ཡང་དག་པའི་ལྟ་བ་ལས་ཉམས་པ་དེ་དག་རྣམ་པར་
གཞོམ་པའི་ཕྱིར་རོ། །ད་ནི་བུད་མེད་ཅེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་ཡང་སྔ་མ་བཞིན་དུ་བསྒྲུབ་པའི་དུས་སུ་དཀྱིལ་འཁོར་བྲིས་ལ་ཞུགས་ཏེ་བསྒྲུབ་པའམ། མ་ཞུགས་པར་བསྒྲུབ་པའམ། ཞུགས་ནས་བསྒྲུབས་ན་
ཡང་དངོས་གྲུབ་མ་ཐོབ་པའམ། དངོས་གྲུབ་དམ་པ་འདོད་ན་ཇི་སྐད་དུ་གསུངས་པའི་དམ་ཚིག་བསྲུང་བ་དང་། ཆོས་བསྐྱང་བ་དང་། ལས་ཉམས་སུ་བླང་བ་རྣམས་ཇི་སྐད་གསུངས་པ་བཞིན་དུ་བྱས་ལ། དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་གསང་བའི་བསྐུལ་བས་བཅོམ་ལྡན་
เล่ม ๕๖ · หน้า 142a
འདས་ནམ་མཁའི་སྙིང་པོ་ཡང་དག་པར་བསྐུལ་ཞིང་། ཕྱག་རྒྱའི་དངོས་གྲུབ་ཀྱི་གསང་བའི་བསྐུལ་བས་ལས་ཀྱི་ཕྱག་རྒྱ་རྣམས་ཡང་དག་པར་བསྐུལ་ཏེ། དེ་ཁོ་ན་ཉིད་ཀྱི་གསང་བ་འདི་ཡང་རྣམ་པར་བརྟག་པར་བྱའོ། །ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་པས། །བུད་མེད་ཆགས་
ཕྱིར་རིན་ཆེན་རྣམས། །རྟག་ཏུ་ལེགས་པར་བསག་པར་བྱ། །ཞེས་བྱ་བ་སྟེ་གང་ཆགས་པ་དང་མ་བྲལ་བ་དག་གིས་རིན་པོ་ཆེ་སོག་པར་བྱེད་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་བུད་མེད་ལ་ཆགས་པའི་ཕྱིར་ཏེ། དེ་བས་ན་བུད་མེད་ནི་བླ་ན་མེད་པའི་རིན་པོ་ཆེ་ཡིན་ལ་ཕྱག་རྒྱ་ཡང་བུད་མེད་ཡིན་ཏེ། དེས་བླ་ན་
མེད་པའི་རིན་པོ་ཆེའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ངས་མཚུངས་པ་མེད་པའི་འབད་པ་བྱའོ་ཞེས་རྣམ་པར་བསམས་ཏེ། མཆོག་ཏུ་སྡུག་པར་བྱེད་པའི་བསམ་པས་བསྒོམས་ནས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་མཛད་པས་གསུངས་ཏེ། བཀའ་བཞིན་དུ་མཛད་པ་
ནི་བཅོམ་ལྡན་འདས་རྡོ་རྗེ་ལས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དེ་ལས་ཀྱང་དང་པོ་བུད་མེད་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ།
དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱིས་བསྒྲུབ་པའི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་ལྟ་བུར་བྲིས་ལ། དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་བཞག་ཅིང་ཕྱག་རྒྱ་བཞི་རྣམས་ཀྱང་བྲིས་ལ། སྨྲས་མ་ཐག་པའི་གོ་རིམས་ཐམས་ཅད་ཀྱང་བྱས་ཟིན་པ་དང་། དེ་ནས་སངས་རྒྱས་ཀྱི་སྐུ་
གཟུགས་གུད་དུ་ཕྱུང་སྟེ་དབུས་དེར་འདུག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ནས་སྒེག་མོ་ལ་སོགས་པ་མཆོད་པ་བཞི་རྣམས་ཀྱང་ངོས་རྣམས་སུ་དགོད་པར་བྱའོ། །དེ་ལྟར་བྱས་པ་ནི་བུད་མེད་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། ཇི་སྐད་དུ་གསུངས་པའི་ཕྱག་རྒྱ་
རྣམས་ནི་བུད་མེད་ཀྱི་གཟུགས་ཅན་ཡིན་པའི་ཕྱིར། བུད་མེད་རྣམས་ཀྱིས་ཡོངས་བསྐོར་བ། །ཞེས་བྱའོ། །ཀུན་ནས་རྩེ་བའི་བདེ་བ་ནི། །ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀུན་དུ་རྩེ་བའི་བདེ་བ་དེ་ལས་བྱུང་བ་ནི་ཀུན་ནས་རྩེས་པའི་བདེ་བ་སྟེ། དེ། སངས་
เล่ม ๕๖ · หน้า 142b
རྒྱས་མཆོད་ཕྱིར་ཕུལ་ན་ཡང་། །ཞེས་བྱ་བ། སངས་རྒྱས་རྣམས་ལ་མཆོད་པའི་རྒྱུར། །ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའི་མཆོད་པ་ནི་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བའི་ཕྱིར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་རྟོགས་པར་འགྱུར་བ་
ཡིན་ནོ། །དེ་ལྟར་མཆོད་པས་ཅིར་འགྱུར་ཞེ་ན། མཆོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་སྟེ། མཆོད་པས་འགྲུབ་པ་ཡིན་པས་ན་མཆོད་པའི་དངོས་གྲུབ་སྟེ། དེ་འཐོབ་པར་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་རབ་དགའ་ཞེས་བྱ་བ་
ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རབ་དགས་ངལ་ཏེ་སྐྱོ་བ་ན། །ཞེས་བྱ་བ་ལ་རབ་དགའ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ་དེ་བསྒོམས་པས་དུབ་པ་ནི་རབ་དགའ་ངལ་བའོ། །དེས་སྐྱོ་བ་ནི་རབ་དགའ་ངལ་ཏེ་སྐྱོ་བའོ། །
རབ་དགའ་ལས་བྱུང་བདེ་བ་དེ། །ཞེས་བྱ་བ་ནི་མ་སྐྱོ་བའི་གནས་སྐབས་སུ་རབ་ཏུ་དགའ་བ་བསྒོམས་པ་ལས་བདེ་བ་ཐོབ་པ་གང་ཡིན་པ་དེ་རབ་དགའ་ལས་བྱུང་ཞེས་བྱའོ། །དེ་བསྒྲུབ་པའི་དུས་ན། ཕྱག་བཞི་པོས་ནི་མཆོད་པའི་ཕྱིར། །ཕུལ་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་
བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་དུས་ན་བྱ་བའི་ཚོགས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཉམས་སུ་བླང་ཞིང་བསྒྲུབ་པའི་ཚེ་ན་ཡང་བཟླས་བརྗོད་དང་སྒོམ་པ་དང་རབ་ཏུ་ལྡན་པའི་རབ་ཏུ་དགའ་བ་ལ་སྐྱོ་བར་མ་གྱུར་པའི་ཚེ་
བདེ་བ་གང་ཞིག་སྐྱེས་པ་རྣམས་སྐྱོ་བའི་གནས་སྐབས་སུ་ཡིད་ཀྱིས་ཕྱག་བཞིའི་མཆོད་པ་དབུལ་བར་བྱ་སྟེ་སྔ་མ་བཞིན་དུ་བདེ་བ་མངོན་སུམ་དུ་བྱས་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་ཕྱག་རྒྱའི་མཆོད་པ་བྱས་ལ་དབུལ་ལོ། །སྟན་ལ་འདུག་པས་སྐྱོ་བ་དེ་ལྟར་བསལ་ནས་སླར་བསྒོམ་པ་དང་བཟླས་
བརྗོད་བྱའོ། །དེ་ལྟར་ན་འདིས་ནི་རབ་ཏུ་དགའ་བ་ལས་བྱུང་བའི་བདེ་བ་དེ་ཕྱག་བཞིའི་ཚུལ་གྱིས་ཕུལ་བ་ཡིན་ནོ། །དེ་ལྟར་རྒྱུན་མི་འཆད་པར་སྒོམ་པ་དང་བཟླས་པ་དང་རབ་ཏུ་ལྡན་པར་གྱུར་པ་དེ་གདོན་མི་ཟ་བར་གྲུབ་པར་འགྱུར་རོ་ཞེས་བྱ་བར་འདིར་དགོངས་པ་ཡིན་ནོ། །ད་ནི་ཧཱུཾ་གི་དམ་ཚིག་
เล่ม ๕๖ · หน้า 143a
ཅེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་མཆོད་པའི་དངོས་གྲུབ་གསང་བའི་རྒྱུད་སྟོན་ཏེ། ཧཱུཾ་གི་དམ་ཚིག་བཅིངས་ནས་ཀྱང་། །ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་དམ་ཚིག་ནི་ཧཱུཾ་བཞིའི་དམ་ཚིག་གི་ཕྱག་རྒྱའོ། །དེ་བསྒྲུབ་པའི་དུས་སུ་བསྒྲུབ་པའི་དཀྱིལ་
འཁོར་དུ་སྙིང་གར་བཅིངས་ལ་བྱ་བའི་ཚོགས་ཇི་ལྟར་གསུངས་པ་ཐམས་ཅད་རྗེས་སུ་སྤྱད་ནས། སྐྱེ་བོ་བུད་མེད་འཁྱུད་ནས་ཀྱང་། །ཞེས་བྱ་བ་སྟེ། ཕྱག་རྒྱ་སྙིང་གར་བཅིངས་པ་གང་ཡིན་པ་དེ་དམ་དུ་བཅིང་བ་དེ་ཉིད་ལ་འཁྱུད་པ་ཞེས་གསུངས་ཏེ་དེ་ཉིད་ནི་ཡིད་དུ་འོང་བའི་དོན་སྒྲུབ་
པར་བྱེད་པ་ཉིད་ཀྱིས་ན་སྐྱེ་བོ་བུད་མེད་ཅེས་བསྟན་པ་ཡིན་ནོ། །འཁྱུད་པར་གྱུར་པའི་བདེ་བ་དེ། །ཞེས་བྱ་བ་ནི་དགོས་པ་ཐམས་ཅད་བྱས་ཤིང་མཚན་མ་ཐོབ་པས་དངོས་གྲུབ་མངོན་སུམ་དུ་གྱུར་པ་མཐོང་བ་དང་། ལུས་དང་ངག་དང་ཡིད་ཡང་ཞིང་ཟོ་མདོག་བདེ་བར་གྱུར་པ་དང་། །ཕྱག་རྒྱ་བཅིང་བ་བརྟན་
པར་གྱུར་པ་ཡང་དག་པར་རིག་པ་ལས་བདེ་བ་སྐྱེས་པ་གང་ཡིན་པ་དེ་ནི་འཁྱུད་པར་གྱུར་པའི་བདེ་བ་ཞེས་གསུངས་ཏེ། བདེ་བ་དེ་ཕུལ་ན་དེ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་ཞེས་བྱ་བས་གསུངས་སོ། །འདིར་སུ་ལ་དབུལ་བ་མི་ཤེས་པས་ན་འོག་ནས་གསུངས་པའི་ནོར་བུའི་རིགས་ཀྱི་
ཚུལ་གྱིས་སངས་རྒྱས་ལ་མཆོད་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུའི་བདེ་བ་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་ཏིང་ངེ་འཛིན་དང་ལྡན་པའི་སེམས་དང་ལྡན་པར་གྱུར་ཅིང་། ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཀྱང་ཐོབ་
པར་གྱུར་ཅིག་པའོ། །ད་ནི་འཇིག་རྟེན་དབང་པོར་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏོ། །འཇིག་རྟེན་དབང་པོར་བདག་བསྒོམས་ལ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་དགོས་པ་ཐམས་ཅད་བྱས་ལ། བསྒྲུབ་པའི་དུས་སུ་འཇིག་རྟེན་དབང་ཕྱུག་
གི་ལྷའི་རྣལ་འབྱོར་དུ་བྱས་ནས་བདག་ནི་འཇིག་རྟེན་དབང་ཕྱུག་ཅེས་བྱ་བའི་ང་རྒྱལ་གྱིས་བསྒོམས་ལ། ལས་ཀྱི་ཕྱག་རྒྱ་ལ་ཡང་པདྨོའི་འདབ་མ་འབྱེད་པའི་ཚུལ་གྱིས་བལྟས་ཏེ། ཕྱག་རྒྱ་དེ་ཉིད་ནི་ཡིད་དུ་འོང་བའི་དངོས་གྲུབ་སྦྱིན་པར་བྱེད་པས་ན་སྡུག་པ་ཞེས་གསུངས་སོ། །དེའི་གདོང་ནི་
เล่ม ๕๖ · หน้า 143b
ལག་པ་གཉིས་ཀྱི་གྲུ་མོ་ཡན་ཆད་པདྨོ་ཁ་འབྱེད་པའི་ལས་ལ་གཏོགས་པ་ལས་ཕྱག་རྒྱ་འབའ་ཞིག་ལ་པདྨོ་ཞེས་བྱ་བ་སྟེ་དེའི་གདོང་ངོ་། །དེ་གྲུབ་པ་ནི་གདོང་དུ་བལྟས་པ་ལས་བདེ་བ་གང་སྐྱེས་པ་དེ་ལ་བལྟ་ཞིང་བདེ་བ་དེ་སྔར་བཤད་པའི་ཚུལ་དུ་སངས་རྒྱས་ལ་མཆོད་པའི་ཕྱིར་ཕུལ་ན་དེ་འགྲུབ་པར་
འགྱུར་རོ་ཞེས་བཅོམ་ལྡན་འདས་པདྨོའི་སྤྱན་གྱིས་གསུངས་སོ། །ད་ནི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། འདིར་ཡང་སྔ་མ་བཞིན་དུ་བསྒྲུབ་པའི་དུས་སུ་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་ལ་གནས་ཏེ། ལས་ཀྱི་ཕྱག་རྒྱ་
བཅིངས་གྱུར་ལ། །རྒྱན་རྣམས་ཀུན་གྱིས་བརྒྱན་ནས་ཀྱང་། །ཞེས་བྱ་བ་བདག་ཉིད་ཀྱིས་ཅི་རྙེད་ཐམས་ཅད་ཀྱིས་བརྒྱན་པར་བྱས་ལ་བུད་མེད་འཁྱུད་པའི་ཞེས་བྱ་བ་སྙིང་གར་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་བཞག་པ་དེ་འཁྱུད་པ་ཞེས་བྱ་ཞིང་དེ་ཉིད་ལ་བུད་མེད་ཅེས་བྱའོ། །ལོངས་སྤྱོད་ནི་མཆོད་ཕྱིར་
ཕུལ་ན་ཞེས་བྱ་བ་ནི་གདུགས་དང་། རྒྱལ་མཚན་དང་། འཕན་ལ་སོགས་པ་དང་། རྒྱལ་པོའི་མཆོད་པ་རྣམ་པ་སྣ་ཚོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་ཅིང་ལོངས་སྤྱོད་ཀྱི་རྒྱུ་དེ་ལྟ་བུས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་རིན་པོ་ཆེས་
གསུངས་སོ། །འདས་མ་ཐག་པའི་གསང་བའི་མཆོད་པའི་དངོས་གྲུབ་གསང་བ་བསྒྲུབ་པའི་དུས་སུ་དགོས་པ་ཡིན་ལ་གང་གཞན་གྱིས་མི་ཤེས་པས་མཆོད་པ་དེ་ནི་གསང་བ་ཞེས་བཤད་དོ། །ད་ལྟར་གསང་བའི་མཆོད་པ་ཞེས་བསྟན་པ་ནི་མཆོད་པ་གང་རང་གི་ཚིག་གིས་རྒྱུད་ལས་དངོས་སུ་མ་
བསྟན་པས་ན་དེ་དང་འདི་ལ་ཁྱད་པར་ནི་དེ་ཡོད་དོ། །དེ་ལས་ཀྱང་དང་པོར་སངས་རྒྱས་སུ་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཟློས་པ་རྣམས་ཀྱིས་བསྒྲུབ་པའི་དུས་སུ་ཆོས་ཀྱི་འཁོར་ལོ་ལྟ་བུའི་དཀྱིལ་འཁོར་
བྲིས་པར་ཞུགས་ལ་ཇི་སྐད་དུ་གསུངས་པའི་རིམ་པ་ཐམས་ཅད་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དུ་གནས་ཏེ། སེམས་དཔའ་རྡོ་རྗེ་མ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་སོགས་པ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱིས་ཡོངས་སུ་
เล่ม ๕๖ · หน้า 144a
བསྐོར་བར་བྱའོ། །སངས་རྒྱས་སུ་ནི་བདག་བསྒོམ་ལ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་དེ་ལྟར་གནས་པ་དེའི་རྗེས་ལ་སངས་རྒྱས་སུ་བདག་ཉིད་སྒོམ་པ་ཞེས་བྱ་བ་ཕྱག་རྒྱ་བསྒོམ་པའི་ཡིད་ཀྱིས་སོ། །ཅི་ནས་སུས་ཀྱང་མི་ཚོར་བར། །ཞེས་བྱ་བ་ནི་སྒྲའི་ཚེར་
མ་ལ་སོགས་པ་དང་བྲལ་བ་དབེན་ཞིང་འདུ་འཛི་མེད་པའི་གནས་སུ་སྒོམས་ཤིག་པ་སྟེ། ཏིང་ངེ་འཛིན་ལ་རྣམ་པར་གཡེང་བ་ཡོངས་སུ་སྤང་བའི་ཕྱིར་ཅི་ནས་ཀྱང་གཡེང་བར་བྱེད་པ་སུས་ཀྱང་མ་ཤེས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་གྱི་བུད་མེད་རྩེ་བྱེད་ན། །ཞེས་བྱ་བ་ལ་གཞན་ནི་
པར་ཞེས་བྱ་བ་མཆོག་ལ་ཡང་བྱ་སྟེ་འཚང་རྒྱ་བ་འཐོབ་པར་བྱེད་པས་ན་མཆོག་གོ། །དེ་ལ་རྩེ་བ་བྱེད་པ་ནི་དྲི་མ་མེད་པའི་སེམས་དང་བསྒོམ་པས་བསྟེན་པར་བྱ་བའོ། །མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟ་བུ་ཡིད་ཀྱིས་མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་རྡོ་རྗེ་འཇོམས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་པའི་དགའ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བ་སྟེ། དེ་ཡང་ལྷ་མོ་རྡོ་རྗེ་སྒེག་མོ་འདུད་པའི་རང་བཞིན་ཏེ་
འདུད་པ་དེས་བདག་ལ་མཆོད་པར་བྱ་བའོ། །དེ་ཡང་འདོད་པ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུངས་པའི་ཕྱིར་རོ། །དབང་བསྐུར་བ་ནི་ཕྲེང་བ་མའོ། །གླུ་དང་གར་གྱི་ཕྱག་རྒྱ་འདི་རྣམས་ཀྱིས་བསྒྲུབ་པའི་ཚེ་མཆོད་པ་བྱས་ན། རྣལ་འབྱོར་པ་ལ་བདེ་བ་གང་སྐྱེས་པའི་བདེ་བ་དེ་ལ་
ཕུལ་དུ་བྱུང་བའི་བདེ་བ་གཞན་ཡོད་པ་མ་ཡིན་ཏེ། དེ་བས་ན་འདི་ནི་གསང་བའི་མཆོད་པ་བླ་ན་མེད་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་འཇིག་རྟེན་གསུམ་ལས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཆོ་ག་ཇི་བཞིན་ཚུལ་དུ་
ཡང་། །གསང་བའི་མཆོད་པས་མཆོད་ན་ནི། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གསང་བའི་དཀྱིལ་འཁོར་དུ་གསང་བའི་མཆོད་པ་རྣམ་པ་བཅུ་དྲུག་ཇི་སྐད་དུ་བསྟན་པ་དེ་ལ་ནི། །ཆོ་ག་ཇི་བཞིན་ཚུལ་དུ་ཡང་། །ཞེས་བྱ་སྟེ་ཕྱག་རྒྱ་ཆེན་པོའི་སྙིང་གར་སྦྱོར་བའི་རྣལ་
เล่ม ๕๖ · หน้า 144b
འབྱོར་གྱི་ཆོ་གའི་མཆོད་པ་རྣམ་པ་བཅུ་དྲུག་གིས་གསང་བའི་མཆོད་པས་མཆོད་ཅིང་བསྒྲུབ་པའི་དུས་ན་རྣལ་འབྱོར་པ་བསྒྲུབ་པའི་དཀྱིལ་འཁོར་དུ་ཞུགས་ལ། དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་ལ་སོགས་པ་དེ་ཁོ་ན་ཉིད་བསྐུལ་བ་ལ་སོགས་པའི་ཆོ་ག་བྱས་ནས་བདག་ཉིད་འཇིག་རྟེན་གསུམ་
ལས་རྣམ་པར་རྒྱལ་བར་བསྒོམས་ན་བདག་ཉིད་མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་གསང་བས་གསུངས་སོ་ཞེས་པ་སྟེ་མཆོད་པས་འགྲུབ་པ་ཡིན་པས་ན་མཆོད་པའི་དངོས་གྲུབ་སྟེ་དེ་ཐོབ་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་འགྲོ་བ་འདུལ་
བའི་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གསང་བའི་ཚུལ་ནི་ཇི་བཞིན་པར། །ལས་ཀྱི་ཕྱག་རྒྱས་རབ་མཆོད་ན། །ཞེས་བྱ་བ་ནི་འདིར་ཡང་དེ་བཞིན་དུ་བསྒྲུབ་པའི་དཀྱིལ་འཁོར་དུ་ཞུགས་ལ། གསང་བའི་ཚུལ་ནི་ཇི་བཞིན་པར། །
ཞེས་བྱ་བ་འགྲོ་བ་འདུལ་བར་གཏོགས་པའི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་སྦྱོར་བས། ལས་ཀྱི་ཕྱག་རྒྱ་རབ་མཆོད་ན། །ཞེས་བྱ་བ་སྒེག་མོ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ལས་ཀྱི་ཕྱག་རྒྱས་མཆོད་པའོ། །ཇི་ལྟ་ཞེ་ན། འགྲོ་བ་འདུལ་བའི་ཕྱག་རྒྱར་གནས། །
ཞེས་བྱ་བ་སྟེ་འགྲོ་བ་འདུལ་བའི་ཏིང་ངེ་འཛིན་ལ་གནས་པ་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་རོ། །མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ་ཞེས་པ་ནི་མཆོད་པས་འགྲུབ་པ་སྟེ་འཐོབ་པར་
འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དོན་ཀུན་གྲུབ་པ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་ཡང་བསྒྲུབ་པའི་དུས་སུ་བྱ་བ་ཐམས་ཅད་བྱས་ནས། གསང་བའི་ཚུལ་ནི་ཇི་བཞིན་པར། །ཞེས་བྱ་བ་གསང་བའི་དཀྱིལ་འཁོར་
དུ་སྒེག་མོ་ལ་སོགས་པའི་སྙིང་པོ་དང་། ཕྱག་རྒྱ་ཇི་ལྟ་བའི་གསང་བའི་སྦྱོར་བ་དེ། ལས་ཀྱི་ཕྱག་རྒྱས་རབ་མཆོད་ན། །ཞེས་བྱ་བ་དེ་དག་ཉིད་ལ་སྒེག་མོ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱས་མཆོད་པའོ། །ཇི་ལྟ་ཞེ་ན། དོན་ཀུན་གྲུབ་པའི་རྣལ་འབྱོར་གྱིས། །ཞེས་བྱ་སྟེ་དོན་ཐམས་ཅད་
เล่ม ๕๖ · หน้า 145a
གྲུབ་པའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅིར་འགྱུར་ཞེ་ན། མཆོད་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་པ་སྟེ་མཆོད་པས་འགྲུབ་པས་ན་མཆོད་པའི་དངོས་གྲུབ་སྟེ། དེ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ། །
ད་ནི་རིགས་ཐམས་ཅད་བརྗོད་པའི་གསང་བའི་དངོས་གྲུབ་སྟོན་ཏེ། འདི་ཡང་བསྒྲུབ་པའི་དུས་དང་ལས་ཀྱི་དུས་དང་། དཀྱིལ་འཁོར་བྲི་བའི་དུས་ན་དགོས་པ་ཡིན་ཏེ། གང་གི་ཕྱིར་གསང་བའི་དེ་ཁོ་ན་ཉིད་འདི་ཤེས་ན་ཐམས་ཅད་དུ་ངེས་པའི་བློས་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ལས་ཀྱང་མདོར་ན་
ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་བརྗོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། མདོར་ན་ཏིང་འཛིན་ཡེ་ཤེས་ལས། །སེམས་ཅན་རྣམས་ལ་ཆགས་ཚུལ་གྱིས། །སངས་རྒྱས་ཉིད་དུ་འགྲུབ་འབྱུང་ན། །ཞེས་བྱ་བ་ལ་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །
དེའི་ཡེ་ཤེས་ནི་འདི་དག་སེམས་ཙམ་མོ་ཞེས་ཕྱིན་ཅི་མ་ལོག་པར་ཤེས་པ་དེའི་ཚེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྒོ་ནས་སྒོམ་པ་ཡོངས་སུ་སྦྱངས་པའི་དབང་གིས་སངས་རྒྱས་ཀྱི་སྐུ་བསོད་ནམས་དང་ཡེ་ཤེས་རྒྱུ་མཐུན་པ་ལས་བྱུང་བ་སྐྱེད་པར་བྱེད་པ་དང་། ཡུལ་ཐམས་ཅད་ཡེ་
ཤེས་ཀྱི་གཞིར་ཡང་དེ་ལས་འགྱུར་རོ། །རྣམ་པ་དེ་ལྟར་ངེས་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་དེ་ལས་མདོར་ན་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ཡང་། སེམས་ཅན་རྣམས་ལ་ཆགས་ཚུལ་གྱིས། །ཞེས་བྱ་བ་སྟེ་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་སྦྱོར་བས་འཐོབ་ཀྱི་གཞན་གྱིས་
ནི་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་སོ་ཞེས་པ་སྟེ། སྒྲུབ་པ་ལ་ཡང་དེ་བཞིན་དུ་ཞུགས་ན་ཇི་སྐད་དུ་གསུངས་པའི་འབྲས་བུ་འཐོབ་པར་འགྱུར་རོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ།
དེ་བཞིན་གཤེགས་པའི་རིགས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་ཞེས་བྱ་བ་ལ་དེ་ཁོ་ན་ཉིད་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དེ་ཁོ་ན་ཉིད་ཆེན་པོའོ། །རིགས་ནི་སྐྱེ་བའི་རིམ་པའོ། །དེ་བརྗོད་པ་ནི་གང་ལས་གང་འབྱུང་བ་ཇི་ལྟ་བ་བཞིན་དུ་སྟོན་པ་ནི་བརྗོད་པའོ། །དེའི་དངོས་གྲུབ་ཡིན་པས་ན་བརྗོད་པའི་
เล่ม ๕๖ · หน้า 145b
དངོས་གྲུབ་སྟེ་དེ་སྟོན་པའི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ་ཉིད་གཞན་གྱིས་མི་ཤེས་པས་ན་གསང་བའོ། །དེ་སྟོན་པའི་གཞུང་ལ་ནི་རྒྱུད་ཅེས་བྱ་བ་སྟེ་དེ་སྟོན་པར་མཛད་པའོ། །དེ་ཁོ་ན་ཉིད་བརྗོད་པ་དེ་ཇི་ལྟ་བུ་ཡིན་པར། སེམས་ཅན་ཐོག་མ་ཐ་མ་མེད། །ཅེས་བྱ་བ་ལ་སོགས་པས་
སྟོན་ཏེ་ཐོག་མ་ནི་སྔོན་བྱུང་བའོ། །ཐ་མ་ནི་རྒྱུན་ཆད་པའོ། །ཐོག་པ་དང་ཐ་མ་ཡིན་པས་ན་ཐོག་མ་ཐ་མ་སྟེ། གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པའོ། །དེ་སུ་ཞིག་ཡིན་ཞེ་ན། སེམས་ཅན་དེ་བསམ་པ་དང་སེམས། །ཞེས་བྱ་བའི་དོན་ཏོ། །དེ་ཡང་འཁོར་
བའི་སེམས་ལ་ནི་ཐོག་མ་མེད་པས་ན་ཐོག་མ་མེད་པ་ཡིན་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པའི་རང་བཞིན་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་སྒོ་ནས་འཁོར་བར་རྒྱུན་མི་འཆད་པས་ན་ཐ་མ་མེད་པའོ། །གལ་ཏེ་འདི་དེ་ལྟར་ཐོག་མ་དང་ཐ་མ་མེད་པ་ཡིན་ན་དེ་སྐྱེ་བ་
དང་འཇིག་པའི་གནས་སྐབས་སུ་ཇི་ལྟར་བཞག་ཅེ་ན། ནམ་མཁའ་འབྱུང་བའི་མཚན་ཉིད་དེ། །ཞེས་བྱ་བ་གསུངས་ཏེ། ནམ་མཁའ་ནི་ངོ་བོ་ཉིད་མེད་ཅིང་དངོས་པོ་མེད་པ་ཡིན་དུ་ཟིན་ཀྱང་། འཇིག་རྟེན་པའི་ཐ་སྙད་ཀྱིས་དེའི་སྐྱེ་བ་དང་འཇིག་པ་རྣམ་པར་འཇོག་སྟེ། ཇི་སྐད་དུ་
ཤིང་ནམ་མཁའ་ལས་ཕོབ། ཁང་པ་ནམ་མཁའ་ལ་བྱོས་ཤིག་ཅེས་ཟེར་བ་ལྟ་བུ་དང་། གཞན་ཡང་ནམ་མཁའ་སོལ་ལ་གནས་འདིར་རབ་གྱིས་ཤིག །གནས་འདིར་ཁྱིམ་ཕུབ་ཅིག་ཅེས་ཟེར་བ་ལྟ་བུའོ། །དེ་ལྟར་ན་ནམ་མཁའི་སྐྱེ་བའི་མཚན་ཉིད་ནི་གློ་བུར་བའི་གཟུགས་སྣང་བ་ལ་
སོགས་པའི་དབང་གིས་སྐྱེས་སོ་ཞེས་ཟེར་བ་དང་། དེ་འགགས་པ་ལས་ཐ་མར་མེད་དོ་ཞེས་ཟེར་བ་ཡིན་ཏེ། དེ་ལྟར་ནམ་མཁའ་འབྱུང་བའི་མཚན་ཉིད་ཅན་སེམས་ཅན་དེ་ཉིད་ནི་ཀུན་དུ་བཟང་པོ་སྟེ། དེ་ཉིད་ཀུན་དུ་བཟང་པོར་སྣང་བའི་ཕྱིར་རོ། །ཀུན་དུ་བཟང་པོ་འབའ་ཞིག་
ཏུ་སྣང་བར་ཡང་མ་ཟད་ཀྱི། ཀུན་དུ་བཟང་པོ་དེ་ནི་ཀུན་བདག་ཉིད། །ཅེས་ཀྱང་བྱ་སྟེ་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་ཡང་སྣང་བའི་ཕྱིར་རོ། །འདོད་པ་ཡང་ཀུན་དུ་བཟང་པོ་འདི་ཉིད་ཡིན་ཏེ་བྱང་ཆུབ་ཀྱི་སེམས་སུ་སྣང་བའི་ཕྱིར་རོ། །འདོད་པ་འབའ་ཞིག་ཏུ་ཡང་མ་ཟད་
เล่ม ๕๖ · หน้า 146a
ཀྱི། འགྲོ་བ་ཀུན་གྱི་བདག་པོ་ཡང་དེ་ཉིད་ཡིན་ཏེ་འཇིག་རྟེན་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་གྱུར་པ་དེ་སུ་ཞིག་གི་ཡིན་ཞེ་ན། སེམས་གང་ནི་ཞེས་བྱ་བ་གསུངས་སོ། །དེ་ལྟ་བུའི་སེམས་དེ་སུ་ཞིག་གི་ཡིན་ཞེ་ན། དེ་ནི་འགའ་ཞིག་གི་མ་ཡིན་གྱི་གཞན་
དུ་ན་སེམས་ཅན་ཀུན་གྱི་ཞེས་བྱ་བ་གསུངས་སོ། །ཅིའི་སེམས་དཔའ་ཞེས་བྱ་ཞེ་ན། བརྟན་ཕྱིར་སེམས་དཔའ་ཞེས་བྱའོ། །ཞེས་བྱ་བས་སྟོན་ཏོ། །ཅི་གཞན་དུ་གྱུར་ཀྱང་འགྱུར་རམ་ཞེ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྡོ་རྗེ་མཉམ་པས་མཉམ་གཞག་ན། །ཞེས་གསུངས་ཏེ་རྡོ་རྗེ་དང་
འདྲ་བའོ། །དེ་ཉིད་ཡང་དང་ཡང་དུ་བསྒོམས་ན། ངེས་པར་རྡོ་རྗེ་ཉིད་འགྱུར་ཏེ། །ཞེས་བྱ་བ་སྟེ། རྡོ་རྗེ་ལྟ་བུར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སེམས་རྡོ་རྗེ་ལྟ་བུར་གྱུར་པ་དེ་ཉིད། སེམས་དཔའི་བྱིན་རླབས་ཚུལ་གྱིས་ནི། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །
ཞེས་བྱ་བ་སྟེ་ཇི་སྐད་དུ་གསུངས་པའི་རྡོ་རྗེ་དེ་ཉིད་རྡོ་རྗེ་སེམས་དཔའི་གཟུགས་ཇི་སྐད་བཤད་པར་ལྷག་པར་མོས་ཤིང་སེམས་དཔར་བྱིན་གྱིས་རློབ་པའི་རྣལ་འབྱོར་གྱིས་བསྒོམས་ན་སེམས་དཔར་བྱིན་གྱིས་རློབ་པའི་རྣལ་འབྱོར་དེ་སླར་ཡང་རྡོ་རྗེ་སེམས་དཔར་འགྱུར་རོ། །ཡང་བསྒོམས་
པར་གྱུར་པ་ལས་བཅོམ་ལྡན་འདས་སེམས་དཔའ་དེ་ཉིད་དེ། རྡོ་རྗེའི་འདོད་པ་དེ་བཞིན་གཤེགས། །ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་སངས་རྒྱས་ཀྱི་གཟུགས་སུ་ལྷག་པར་མོས་པས་བསྒོམས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པར་འགྱུར་
བའོ། །རྡོ་རྗེ་འདོད་པ་དེ་བཞིན་གཤེགས། །ཞེས་བྱ་བ་ལ་འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཏེ། དེ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མངོན་པར་བྱང་ཆུབ་པའི་ཚེ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཚེ་བསྒོམས་ན་གཟུགས་དེ་ཉིད་འཁོར་བ་ཇི་
སྲིད་པའི་བར་དུ་གནས་པར་འགྱུར་བས་ན་རྡོ་རྗེའི་འདོད་པ་སྟེ། འདི་གང་ལ་ཡོད་པ་དེ་ལ། རྡོ་རྗེའི་འདོད་པ་དེ་བཞིན་གཤེགས། །ཞེས་བྱའོ། །ཇི་ལྟར་ན་འདི་རྡོ་རྗེའི་འདོད་པ་དེ་བཞིན་གཤེགས་པར་འགྱུར་བ་ཡིན་ཞེ་ན། རང་སེམས་རབ་ཏུ་རྟོགས་ལ་སོགས། །སངས་
เล่ม ๕๖ · หน้า 146b
རྒྱས་བྱང་ཆུབ་ཆོ་ག་བཞིན། །ཞེས་བྱ་བ་འདིའི་རིམ་གྱིས་སོ། །དེ་རྡོ་རྗེ་འདོད་པའི་དེ་བཞིན་གཤེགས་པ་འབའ་ཞིག་ཏུ་འགྱུར་བར་མ་ཟད་ཀྱི། དེ་ཉིད་བཅོམ་ལྡན་དེ་བཞིན་གཤེགས། །ཐམས་ཅད་ཀྱི་ནི་རིགས་སུ་འགྱུར། །ཞེས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་
སེམས་དཔས་གསུངས་སོ། །དེ་བཞིན་གཤེགས་རིགས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ཚུལ་དུ་བསྒོམས་ན་དེ་ཉིད་དེ་བཞིན་གཤེགས་པའི་རིགས་སུ་འགྱུར་ལ་ཡང་དགོས་པའི་དབང་གིས་རྡོ་རྗེ་རིགས་ཀྱི་ཚུལ་དུ་བསྒོམས་ན། དེ་ཉིད་རྡོ་རྗེའི་རིགས་
སུ་བཤད། །ཅེས་བྱ་བ་ཡིན་ནོ། །པདྨོའི་རིགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་དེའི་ཚུལ་དུ་བསྒོམས་ན། དེ་ཉིད་པདྨའི་རིགས་དག་པ། །ཞེས་བྱ་བ་ཡིན་ནོ། །རིན་པོ་ཆེའི་རིགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་དེའི་ཚུལ་གྱིས་བསྒོམས་པར་གྱུར་ན། དེ་
ཉིད་ནོར་བུའི་རིགས་མཆོག་གོ། །ཞེས་བྱ་བ་སྟེ། དེ་ཉིད་ནོར་བུའི་རིགས་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། སུ་ཞིག་གིས་དེ་སྐད་གསུངས་ཤེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་གསུངས་སོ་ཞེས་བྱ་བ་སྟེ། དཀྱིལ་འཁོར་བསྒོམས་པའི་
དབང་གིས་འཁོར་ལོ་ཞེས་གསུངས་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་མངོན་པར་བརྗོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟོགས་པའི་ཕྱག་རྒྱ་གང་ཡིན་པ་དེ་དག་ནི་མཚན་མ་མངོན་པར་བརྗོད་པ་སྟེ་ཕྱག་རྒྱ་
སྟོན་པའི་རྒྱུའོ། །དེའི་དངོས་གྲུབ་དང་དེ་ཉིད་ཀྱི་གསང་བ་སྟེ་དེ་སྟོན་པའི་གཞུང་ཡིན་པས་ན་རྒྱུད་དོ། །དེ་ལས་ཀྱང་དང་པོར། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་མཚན་མ་མངོན་པར་བརྗོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་
སྟོན་ཏེ། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །རྡོ་རྗེ་སེམས་དཔའ་ཐུགས་ལ་གནས། །ཞེས་བྱ་བ་ལ་དེ་ཉིད་ཅེས་བྱ་བ་ནི་གང་སྔར་དེ་བཞིན་གཤེགས་པའི་རིགས་ལ་སོགས་པར་ཡོངས་སུ་གྱུར་པར་བསྟན་པ་དེ་ཉིད་དོ། །རྡོ་རྗེ་སེམས་དཔའ་ཐུགས་ལ་གནས། །ཞེས་བྱ་བ་ནི་
เล่ม ๕๖ · หน้า 147a
ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་ཡོངས་སུ་གྱུར་པའི་ཚུལ་གྱིས་ཐ་མི་དད་པའི་གཟུགས་ཀྱིས་ཞུགས་པའོ། །སུ་ཞིག་གི་ཐུགས་ལ་ཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་ཏེ། གང་གི་ཕྱིར་སེམས་སོ་སོར་རྟོགས་པ་
ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ནས་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསམས་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱས་བྱིན་གྱིས་བརླབ་ཅིང་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་ཏེ་འདུག་པ་ལ་སོགས་པའི་མཆོད་པ་ཡང་བྱས་ནས་
ལག་པ་གཉིས་ཀའི་མཛུབ་མོ་གཉིས་མངོན་དུ་ཕྱོགས་པར་བྱས་ཏེ། དེ་བཞིན་གཤེགས་པའི་གོ་བགོས་ལ་དེ་ནས་འདོད་པ་བསྒྲུབ་པར་བྱ་སྟེ། རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་རྡོ་རྗེ་སེམས་དཔའ་མདུན་དུ་བསྒོམ་ཞིང་། དྲྀ་ཤྱ་ཧོ་བྷ་ག་ཝཱན་ཞེས་བརྗོད་ལ་དེ་ནས་བཅོམ་ལྡན་
འདས་དེ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ནས་རྡོ་རྗེ་སེམས་དཔའ་སྙིང་གར་གཞག་པར་བྱ་སྟེ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་ཐུགས་ལ་གནས་པར་འགྱུར་རོ། །མཉམ་པར་གཞག་ལས་ཏིང་འཛིན་ཏེ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟུགས་སུ་
བྱས་ནས་གང་གི་ཚེ་དེ་ལ་དམིགས་པའི་སེམས་ཀྱིས་ཡིད་ལ་བྱ་བ་བྱེད་པ་དེའི་ཚེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པ་ཡིན་ནོ། །དེ་བས་ན་འདི་སྐད་དུ། རབ་མཉམ་གཞག་ལས་ཏིང་ངེ་འཛིན། །ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་བྱང་ཆུབ་རབ་ཏུ་བསྒྲུབ། །ཅེས་སངས་
རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་བསྒོམས་ན་མྱུར་བ་ཉིད་དུ་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྒྲུབ་པོ་ཞེས་གསུངས་པ་ཡིན་ནོ། །འདིས་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་མངོན་པར་བརྗོད་པ་བསྟན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་
ཐུགས་ལ་གནས་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིན་ནོ་ཞེས་མངོན་པར་བརྗོད་པའི་མཚན་མ་བསྟན་པ་ཡིན་ནོ། །ད་ནི་རབ་ཏུ་རྟོགས་ཕྱིར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་མ་མངོན་པར་བརྗོད་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེ་ཞེས་བྱ་
เล่ม ๕๖ · หน้า 147b
བ་ནི་མཚན་མ་སྟེ་རྡོ་རྗེ་སེམས་དཔའི་ཕྱག་མཚན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་རབ་ཏུ་རྟོགས་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཐམས་ཅད་ཀྱི་དོན་རབ་ཏུ་རྟོགས་པའི་ཕྱིར་རོ། །ལྕགས་ཀྱུ་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། གཟུང་བའི་ཚུལ་གྱིས་
ཞེས་བྱ་བ་སྟེ་གང་གི་ཡན་ལག་ནས་གཟུང་བ་དེ་འདྲེན་པར་བྱེད་པའི་ཕྱིར་རོ། །ཕྲ་མོ་རྟོགས་ཕྱིར་མདའ་ཡིན་ལ། །ཞེས་བྱ་བ་ལ་མདའ་ཞེས་བྱ་བ་ནི་མཚན་མ་སྟེ། ཅིའི་ཕྱིར་ཞེ་ན། ཕྲ་མོ་རྟོགས་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཕྲ་མོ་ནི་སེམས་ཏེ་དེ་ཉིད་
རྟོགས་ཤིང་དེ་མགུ་བར་ཡང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཤིན་ཏུ་ཕྲ་མོ་འབིགས་ཤིང་རྟོགས་པའི་ཕྱིར་ན་ཕྲ་མོ་རྟོགས་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་ཕྲ་མོ་རྟོགས་པ་ཉིད་དེ་དེའི་ཕྱིར་མདའ་ཞེས་བྱའོ། །དོན་དུ་ན་འདི་སྐད་སྟོན་ཏེ། རྨ་འབྱིན་པར་བྱེད་པས་ན་མདའ་
ཞེས་བྱའོ། །མགུ་བར་བྱེད་ཕྱིར་ལེགས་ཞེས་བྱ། །ཞེས་བྱ་བ་ལ་ལེགས་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ལེགས་ཞེས་བྱ་བར་འགྱུར་ཞེ་ན། དེའི་ཕྱིར་མགུ་བར་གྱུར་ཕྱིར་ཞེས་བྱ་བ་གསུངས་ཏེ། ཡོངས་སུ་མགུ་བ་ལས་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱེད་དོ་ཞེས་
བྱ་བའི་དོན་ཏོ། །སྤྲས་པའི་ཕྱིར་ནི་རིན་ཆེན་གསུངས། །ཞེས་བྱ་བ་ནི་རིན་པོ་ཆེའི་ཕྱག་རྒྱའོ། །ཅིའི་ཕྱིར་རིན་པོ་ཆེ་ཞེས་བྱ་ཞེ་ན་དེའི་ཕྱིར་སྤྲས་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏོ། །བདག་པོར་འཇོག་པའི་དོན་གྱིས་ནི་རིན་པོ་ཆེ་ཞེས་བཤད་དེ། གང་གི་ཕྱིར་
དེ་བཞིན་གཤེགས་པ་ཡང་དེས་དབང་བསྐུར་ན་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་མཛད་པར་འགྱུར་བ་ལ་ཡང་འཇོག་པའི་ཕྱིར་རོ། །གཟི་བརྗིད་ཚུལ་གྱིས་ཉི་མ་ཞེས་བྱ་བ་ལ་ཉི་མ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་ཀྱི་ཕྱག་རྒྱའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གཟི་བརྗིད་ཚུལ་
གྱིས་ཞེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཉི་མའི་དཀྱིལ་འཁོར་ཤར་ཞིང་མངོན་པར་འཕགས་ནས་འོད་ཟེར་བཀྱེ་བས་མུན་པ་བསལ་ཏེ། དངོས་པོ་ཐམས་ཅད་སྣང་བར་བྱེད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་
เล่ม ๕๖ · หน้า 148a
འོད་ཟེར་བཀྱེ་བས་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་རྣམས་སྟོན་པར་མཛད་པ་ཡིན་ནོ། །རྒྱལ་མཚན་ལེགས་པར་བསྒྲེང་བར་གསུངས། །ཞེས་བྱ་བ་ལ་རྒྱལ་མཚན་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན།
དེའི་ཕྱིར་ལེགས་པར་བསྒྲེང་བ་ཞེས་གསུངས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་གྱི་གཟུགས་སུ་བསྒྲེང་བ་ཡིན་པས་ན་དེ་ལ་རྒྱལ་མཚན་ཞེས་མངོན་པར་བརྗོད་པ་ཡིན་ནོ། །འཛུམ་
པ་བཞད་པར་གྲགས་པ་ཡིན། །ཞེས་བྱ་བ་ལ་འཛུམ་པ་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་བཞད་པར་གྲགས་པ་ཡིན་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཅུང་ཟད་དགོད་པ་ནི་འཛུམ་པའོ་ཞེས་སྐད་ཀྱི་དབྱིངས་ཀྱི་དོན་ཡིན་པའི་ཕྱིར་རོ། །འདོད་ཆགས་དག་
ཕྱིར་པདྨོ་ཡིན། །ཞེས་བྱ་བ་ལ་པདྨའི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འདོད་ཆགས་དག་ཕྱིར་ཞེས་བྱ་བ་གསུངས་ཏེ། ཞེན་པས་ན་ཆགས་པ་སྟེ་དེའི་དག་པ་ནི་ཉོན་མོངས་པ་མ་ཡིན་པ་སྟེ། སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་སོ། །འདོད་ཆགས་
ཀྱི་ངོ་བོ་ཉིད་ཡིན་པས་ན་འདོད་ཆགས་ཉིད་དེ། འདོད་ཆགས་དག་པ་དེའི་ཕྱིར་པདྨོ་ཞེས་གསུངས་པ་ཡིན་ནོ། །རལ་གྲི་ཉོན་མོངས་དགྲ་གཅོད་ཕྱིར། །ཞེས་བྱ་བ་ལ་རལ་གྲི་ནི་མཚན་མའོ། །སེམས་ཀྱི་རྒྱུད་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱིས་ཉོན་མོངས་ཤིང་དྲི་མ་ཅན་དུ་བྱེད་
པས་ན་ཉོན་མོངས་པ་སྟེ། འདོད་ཆགས་ལ་སོགས་པའོ། །དེ་ཉིད་ནི་གནོད་པར་བྱེད་པས་ན་དགྲའོ། །དེ་གཅོད་པ་ནི་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སྐྱེས་པས་སླར་ཡང་ཤིན་ཏུ་མི་སྐྱེ་བར་བྱེད་པ་སྟེ་དེ་ལྟར་ཉོན་མོངས་པའི་དགྲ་རྣམས་གཅོད་པའི་ཕྱིར་རལ་གྲིའོ། །དཀྱིལ་འཁོར་ཚུལ་
གྱིས་འཁོར་ལོ་སྟེ། །ཞེས་བྱ་བ་ལ་འཁོར་ལོ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འཁོར་ལོའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་སྤྲུལ་པའི་རྒྱུ་ཡིན་པའི་ཕྱིར་མཚན་མ་དེ་ལ་འཁོར་ལོ་ཞེས་བྱའོ། །ཚིག་གི་དོན་བརྗོད་པས་སྨྲ་
เล่ม ๕๖ · หน้า 148b
ཞེས་བྱ་བ་ལ་སྨྲ་ཞེས་བྱ་བ་ནི་མཚན་མ་སྟེ་ལྕེའི་མཚན་ཉིད་དོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཚིག་ཏུ་བརྗོད་པས་ཞེས་བྱ་བ་གསུངས་ཏེ། ཚིག་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་ཕྱིར་ནི་ཀུན་རྡོ་རྗེ། །ཞེས་བྱ་བ་ལ་ཀུན་རྡོ་རྗེ་ཞེས་བྱ་བ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྣ་
ཚོགས་ཕྱིར་ནི་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཐམས་ཅད་དུ་ཁྱབ་པའི་ཕྱིར་སྣ་ཚོགས་པའོ་ཞེས་སྟོན་པ་ཡིན་ནོ། །མི་ཚུགས་ཚུལ་གྱིས་གོ་ཆ་ཡིན། །ཞེས་བྱ་བ་ལ་གོ་ཆ་ནི་མཚན་མའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་མི་ཚུགས་ཚུལ་གྱིས་ཞེས་བྱ་བ་གསུངས་
ཏེ། གང་གིས་སྐབས་ཀྱང་གཞིག་པར་མི་ནུས་པའི་ཕྱིར་འདིའི་ཡོན་ཏན་མི་ཚུགས་པ་ཞེས་བྱ་སྟེ་དེ་དང་ལྡན་པས་ན་གོ་ཆའོ། །འཇིགས་བྱེད་ཚུལ་གྱིས་མཆེ་བ་སྟེ། །ཞེས་བྱ་བ་ལ་མཆེ་བ་ནི་མཚན་མ་མངོན་པར་བརྗོད་པའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འཇིགས་བྱེད་ཚུལ་
གྱིས་ཞེས་བྱ་བ་གསུངས་ཏེ། འཇིགས་པ་ཡང་དག་པར་བསྐྱེད་པའི་དོན་གྱིས་ན་མཆེ་བའོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །ཕྱག་རྒྱའི་ཚུལ་གྱིས་བསྡམས་པའོ། །ཞེས་བྱ་བ་ལ་བསྡམས་པ་ནི་མཚན་མ་མངོན་པར་བརྗོད་པའོ། །ཅིའི་ཕྱིར་ཞེ་ན། ཕྱག་རྒྱའི་ཚུལ་
གྱིས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་སྦྱོར་བའི་དུས་སུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱས་པས་སྦྱོར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་ཕྱག་རྒྱ་རྣམས་སྦྱར་ན་མངོན་པར་འདོད་པའི་དོན་གྲུབ་པ་སྟེར་བར་འགྱུར་རོ། །ད་ནི་རྡོ་རྗེ་
ཕྱག་རྒྱ་ཐམས་ཅད་དུ་འགྲོ་བའི་དཔེའི་སྒོ་ནས་སྟོན་ཏེ། ཇི་ལྟར་བཅོམ་ལྡན་འདས་རྟག་པ། །རྡོ་རྗེ་སེམས་དཔའ་ཀུན་འགྲོ་བ། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། ཇི་ལྟར་རྡོ་རྗེ་སེམས་དཔའ་ཉིད་སེམས་དཔའ་ལྷག་མ་རྣམས་ཀྱི་གཟུགས་སུ་ཡོངས་སུ་གྱུར་པ་དེ་བཞིན་
དུ་རྡོ་རྗེ་ཡང་མཚན་མ་ལ་སོགས་པར་འགྱུར་བ་ཡིན་ནོ། །འདིས་ནི་འདི་སྐད་སྟོན་ཏེ། རྡོ་རྗེ་ཡང་ལྕགས་ཀྱུ་ལ་སོགས་པ་མཚན་མ་ལྷག་མ་རྣམས་ཀྱི་གཟུགས་སུ་ཡོངས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་ཤེས་ནས། བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་
เล่ม ๕๖ · หน้า 149a
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་མས་གསུངས་སོ། །ལྷག་མ་རྣམས་ནི་མཇུག་སྡུད་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བ་སྐྱེད་པའི་དངོས་གྲུབ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བའི་དངོས་གྲུབ་པོ། །དེ་ཉིད་གཞན་གྱིས་མི་ཤེས་པས་ན་གསང་བའོ། །དེ་སྟོན་པའི་གཞུང་ནི་རྒྱུད་དེ་དེ་གསུངས་སོ། །དེ་ལས་ཀྱང་རྡོ་རྗེ་སེམས་དཔའ་
ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། འདི་ཡང་བསྒྲུབ་པའི་དུས་ན་དགོས་པ་ཡིན་ལ་དེ་ཡང་དེ་བཞིན་གཤེགས་པ་ཟློས་པའི་བསྒྲུབ་པའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་བྱས་
ལ་དབུས་སུ་འདུག་པར་བྱ་སྟེ། ཇི་ལྟར་ཞེ་ན། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ། །ཞེས་པ་སྟེ་རྡོ་རྗེ་སྐྱིལ་མོ་ཀྲུང་ནི་རྐང་པ་གཡོན་པ་བཀུག་ལ་རྐང་པ་གཡས་པ་བརླའི་སྟེང་དུ་དང་པོ་གཞག་པར་བྱ། དེ་ནས་གཡས་པ་བཀུག་ལ་གཡོན་པའི་བརླའི་སྟེང་དུ་བཀན་ཏེ་བཞག་པ་འདི་ནི་
རྡོ་རྗེ་སྐྱིལ་མོ་ཀྲུང་ངོ་། །ཅི་བྱ་བ་དེ་ཙམ་འབའ་ཞིག་ཏུ་ཟད་དམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ཞིག་ཅེ་ན། ལག་གཉིས་རྡོ་རྗེ་བསྡམས་པ་ལས། །ཞེས་བྱ་བ་སྟེ་སྐྱིལ་མོ་ཀྲུང་གི་སྟེང་དུ་བསྣོལ་ལ་བཀན་ཏེ་གཞག་པར་བྱའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་
བྱ་བ་ནི་སེམས་རྟོགས་པ་ལ་སོགས་པའི་རིམ་གྱིས་སྔོན་དུ་བྱ་བ་ཐམས་ཅད་བྱས་ནས་གནས་ན་མྱུར་དུ་སངས་རྒྱས་ཉིད་འཐོབ་པར་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་ཇི་ལྟར་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་
ཕྱག་རྒྱ་བཅིང་བ་སྐྱེ་བར་གྱུར་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། འདས་མ་ཐག་པའི་ཕྱག་རྒྱ་བཅིང་བ་བསྐྱེད་པས་ནི་དངོས་གྲུབ་ཉིད་སྟོན་པ་ཡིན་ལ། ད་ནི་ཕྱག་རྒྱ་བཅིང་བ་བསྐྱེད་པ་ཁོ་ནས་སེམས་དཔའ་ཆེན་པོས་ཡོངས་སུ་གཟུང་བའི་དངོས་གྲུབ་སྟོན་ཏེ། ཇི་
เล่ม ๕๖ · หน้า 149b
ལྟར་རྒྱལ་པོ་ཉིད་ཕྱག་རྒྱས། །རྒྱལ་པོའི་ཁྲིམས་ལ་འདས་པ་ལྟར། །ཞེས་བྱ་བ་ནི་རྒྱལ་པོའི་ཁྲིམས་ཀྱི་གཞུང་ལུགས་ཀྱི་དཔེས་བསྟན་པ་ཡིན་ཏེ། །རྒྱལ་པོ་ནི་བསོད་ནམས་ཆེ་ཞིང་བདག་ཉིད་ཆེ་བ་ཡིན་པས་དེ་རྣམས་ཀྱི་རང་གི་ཕྱག་རྒྱ་ནི་རང་གི་རིགས་རྒྱུད་ཀྱི་རིམ་པ་ལས་བྱུང་
བ་སྟེ་གླང་པོ་ཆེ་དང་ཁྱུ་མཆོག་ལ་སོགས་པའི་གཟུགས་བརྙན་བྲིས་པའོ། །དེ་རྣམས་ཀྱིས་རྒྱས་འདེབས་ཤིང་མཚན་མར་བྱེད་ལ་གཟུགས་བརྙན་དུ་བྱེད་པའོ། །དེ་གང་ཡིན་ཞེ་ན། རྒྱལ་པོའི་ཁྲིམས་ལ་ཞེས་བྱ་བ་སྟེ་རྒྱལ་པོའི་ཁྲིམས་ཡིན་པས་ན་རྒྱལ་པོའི་ཁྲིམས་ཏེ། རྒྱལ་པོའི་
བཀའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དར་ལ་སོགས་པ་ལ་བྲིས་ནས་རྒྱལ་པོ་ལ་སོགས་པའི་རྒྱས་བཏབ་ན་རང་གི་རྒྱལ་ཁམས་སུ་གཏོགས་པའི་འབངས་ཐམས་ཅད་ཀྱིས་འདའ་བར་མི་བྱེད་ཅིང་སྤྱི་བོས་ལེན་པར་འགྱུར་རོ། །བདག་ཉིད་ཆེན་པོས་སྐྱེ་བོ་རྣམས། །སྐུ་གསུང་ཐུགས་ནི་
རྡོ་རྗེ་ཡིས། །གཟུགས་བརྙན་གྱི་ནི་ཚུལ་དུ་ཡང་། །ཉིད་ཀྱི་ཕྱག་རྒྱས་བཏབ་པ་ནི། །ཞེས་བྱ་བ་འདི་ནི་དཔེས་བསྟན་པའི་དོན་ཏེ། བདག་ཉིད་ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །དེ་རྣམས་ཉིད་ཀྱི་ཕྱག་རྒྱ་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་
པ་ཡིན་ལ་ཕྱག་རྒྱ་དེས་སྐྱེ་བོ་རྣམས་ལ་དེ་བཞིན་དུ་རྒྱས་འདེབས་པ་ཡིན་ཏེ། གང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པའི་སེམས་ཅན་རྣམས་ཇི་སྐད་གསུངས་པའི་ཆོ་ག་བཞིན་དུ་བསྒྲུབ་པ་ལ་སོགས་པ་ལ་བདག་ཉིད་ཆེན་པོ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་བཞིན་
དུ་བྱེད་པ་རྣམས་ལ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གཟུགས་བརྙན་གྱི་ཚུལ་དུ་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་རོ། །བདག་ཉིད་ཆེ་བའི་ཕྱག་རྒྱ་ཆེར། །ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བདག་གིས་ཤེས་ན་འགྲུབ་པར་འགྱུར་རོ་
ཞེས་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོས་གསུངས་སོ་ཞེས་པ་སྟེ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ཇི་ལྟར་དམ་ཚིག་དམ་པོ་ནི། །ཞེས་
เล่ม ๕๖ · หน้า 150a
བྱ་བ་ལ་དམ་ཚིག་ནི་མནའ་ལ་བྱའོ། །དམ་པོ་ནི་འདོད་པའི་ལྷ་དང་སློབ་དཔོན་ལ་དམོད་བཙུགས་པའོ། །སྐྱེ་བོ་འགའ་ནི་བཅིངས་གྱུར་ན། །ཤིན་ཏུ་འདའ་བར་མི་བྱ་བ། །ཞེས་བྱ་བ་ནི་དམ་ཚིག་དམ་པོ་དེས་མ་བསྡམས་ཀྱང་བཅིངས་པར་གྱུར་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་དེ་བཞིན་གཤེགས་ཀུན་གྱིས། །དམ་ཚིག་ཕྱག་རྒྱ་བཅིངས་པ་ཡིས། །རྡོ་རྗེ་བཅིང་བའི་མཆོག་བཅིངས་ན། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། ཇི་ལྟར་སྐྱེ་བོ་ཐ་ཚིག་དམ་པོར་བཅས་ན་ཐ་ཚིག་དམ་པོ་གང་གི་དོན་དུ་བཅས་པའི་དོན་དེ་
གདོན་མི་ཟ་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྔགས་ལ་སོགས་པ་འགྲུབ་པར་བྱ་བའི་ཕྱིར་སྔགས་ཀྱིས་བཅིངས་ན་དེ་ལས་འདའ་བར་མི་མཛད་ཅིང་གྲུབ་པར་མཛད་དོ། །ཅི་ཞིག་གིས་བཅིངས་ཤེ་ན། དམ་ཚིག་ཕྱག་རྒྱ་བཅིངས་པ་ཡིས། །རྡོ་རྗེ་བཅིང་བའི་
མཆོག་བཅིངས་ན། །ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའི་མཆོག་ནི་ཕྱག་རྒྱ་ཡིན་པས་ན་རྡོ་རྗེ་སེམས་དཔའ་མཆོག་ནི་ཕྱག་རྒྱ་སྟེ་སེམས་དཔའ་རྡོ་རྗེ་མ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་དམ་ཚིག་ཡིན་པས་ན་རྡོ་རྗེ་སེམས་དཔའ་མཆོག་གི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་
མཆོག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་དེ་ནས་གདོད་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ་སྟེ། དེས་རང་གི་དམ་ཚིག་ལ་གཞག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། མ་ཤི་བར་དུ་མི་འདའ་བར། །ཞེས་བྱ་བ་སྟེ། གང་གི་ཕྱིར་བཅིངས་པ་དེའི་གདོན་མི་ཟ་བར་མཛད་
ཅིང་མ་མཛད་པར་མི་གཏོང་ལ་གཤེགས་སུ་གསོལ་བར་མི་བཞུད་པ་ལ་སོགས་པའོ། །ཤེས་ནས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་སྔགས་པས་དེ་ལྟར་ཤེས་ནས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་གསུངས་སོ་ཞེས་པའོ། །ད་ནི་མདོར་ན་
ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། མདོར་ན་རྒྱལ་བས་རྡོ་རྗེའི་ངག །འདའ་བར་བྱ་བ་མ་ཡིན་ཏེ། །ཞེས་བྱ་བ་ལ་འདའ་བར་བྱ་བ་མ་ཡིན་པ་ནི་རྒལ་བར་མི་བྱེད་པའོ། །གང་ལས་ཤེ་ན། རྡོ་རྗེའི་ངག་
เล่ม ๕๖ · หน้า 150b
ཅེས་བྱ་བ་སྟེ་བཅིང་ཞིང་སྙིང་པོ་བརྗོད་པའི་རང་བཞིན་ནི་རྡོ་རྗེའི་ངག་གོ། །བཅིང་བ་ནི་བདག་གིས་བཅིངས་སོ་ཞེས་བསམ་ཞིང་ལྷག་པར་མོས་པའོ། །རྣམ་པ་གང་གིས་ཤེ་ན། ཡང་ཡེ་ཞེས་བྱ་བ་སྟེ་རྣམ་པ་ཐམས་ཅད་དུའོ། །སུ་ཞིག་འདའ་བར་མི་མཛད་ཅེ་ན། རྒྱལ་བས་ཞེས་བྱ་བ་སྟེ་
སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །འདི་ནི་བཅིངས་པར་ཤེས་ནས་ཀྱང་། །ཞེས་བྱ་བ་ནི་བཅིངས་སོ་བར་ཤེས་པ་ནི་བཅིང་བ་ཡིན་གྱི་ལྕགས་སྒྲོག་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་ཤེས་ན། དེས་ནི་ཆོས་ཀྱི་དངོས་གྲུབ་འགྱུར། །ཞེས་བྱ་བ་སྟེ། འདིས་ཆོས་ཀྱི་རིགས་རབ་
ཏུ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་རྡོ་རྗེ་བཀའ་དང་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ལས་ཀྱི་རིགས་ཀྱི་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། ལས་ཀྱི་རིགས་སྨོས་པ་ནི་ནོར་བུའི་རིགས་
དང་ཐ་མི་དད་པར་རྒྱུད་ཕྱི་མ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བ་ནི་ཕྱག་རྒྱ་བཅིང་བ་སྐྱེད་པར་འགྱུར་བ་སྟེ་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བ་དེས་འགྲུབ་པས་ན་ཕྱག་རྒྱ་བཅིང་བ་སྐྱེ་བར་འགྱུར་བའི་དངོས་གྲུབ་པོ། །དེའི་ཆོ་ག་རྒྱས་པ་ནི་རྣམ་པར་རྒྱས་པའོ། །
དེ་ཉིད་ནི་གཞན་གྱིས་མི་ཤེས་པས་ན་གསང་བའོ། །དེ་སྟོན་པའི་གཞུང་ནི་རྒྱུད་དོ། །འདའ་བར་བྱ་བ་མ་ཡིན་ཞིང་། །ཞེས་བྱ་བ་ནི་མི་འདའ་བ་ཉིད་དུ་ངེས་པར་བྱ་ཞིང་ཉམས་སུ་བླང་བར་བྱའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་བཀའ་དང་ཞེས་བྱ་བ་སྟེ། རྡོ་རྗེ་ནི་སངས་རྒྱས་བཅོམ་ལྡན་
འདས་དང་དེ་བཞིན་དུ་སེམས་དཔའ་བཅུ་དྲུག་པོ་རྣམས་སོ། །དེ་དག་གི་བཀའ་ཡིན་པས་ན་རྡོ་རྗེ་བཀའ་སྟེ་སྙིང་པོའི་རང་བཞིན་འདི་མཛོད་ཅིག་ཅེས་བསྐུལ་བའོ། །ལས་མང་རྣམས་ཞེས་བྱ་བ་ནི་གང་བསྒྲུབ་པར་བྱ་བ་སྟེ་ཕྱག་རྒྱའི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང་བ་དང་།
འགུགས་པ་དང་། མཉེས་པར་བྱེད་པ་དང་། མགུ་བར་བྱེད་པ་ལ་སོགས་པའོ། །བཀའ་དང་ལྡན་པའི་ལས་དེ་ནི། །ཞེས་བྱ་བ་ནི་གང་ལ་ཐོགས་པ་མེད་པའི་བཀའ་ཡོད་པ་དེ་ནི་བཀའ་དང་ལྡན་པ་སྟེ་ང་རྒྱལ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་
เล่ม ๕๖ · หน้า 151a
དཔའ་ལ་སོགས་པའི་ང་རྒྱལ་དང་ལྡན་ན་དེ་འགྲུབ་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ཤེས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་བཞིན་གཤེགས་པའི་རབ་ཏུ་བྱེད་པས་ནི་ཇི་ལྟར་ཕྱག་རྒྱ་
འགྲུབ་པར་འགྱུར་བ་དེ་ལྟར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་ཀྱང་ཇི་ལྟར་ཕྱག་རྒྱས་རྒྱས་འདེབས་པར་འགྱུར་བ་དེ་ལྟར་བསྟན་པ་ཡིན་ནོ། །རྡོ་རྗེ་རིགས་ཀྱང་བདག་ཉིད་ཆེན་པོའི་ཕྱག་རྒྱ་ཡོངས་སུ་བཟུང་སྟེ་ཇི་ལྟ་བ་བཞིན་དུ་རྒྱས་བཏབ་ན་སྐྱེ་བོ་རྣམས་མི་འདའ་བར་བྱེད་
པ་དང་འདྲ་བར་དེ་ལྟར་བསྟན་པ་ཡིན་ནོ། །ཇི་སྐད་གསུངས་པའི་པདྨའི་རིགས་ལ་ཡང་རྒྱས་འདེབས་པའི་སྙིང་པོ་ལས་འདའ་བར་མི་བྱ་བར་དེ་ལྟར་བསྟན་པ་ཡིན་ནོ། །ལས་ཀྱི་རིགས་ལ་ཡང་བདག་ཉིད་ཆེན་པོའི་ཕྱག་རྒྱའི་རྒྱས་བཏབ་པ་གང་ཡིན་པ་དེ་ང་རྒྱལ་དང་ལྡན་པའི་ཕྱིར་དེའི་
བཀའ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་བྱེད་པ་དང་། དེའི་ལས་ཀྱང་མ་ལུས་པར་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། རབ་ཏུ་བྱེད་པ་འདི་དག་གི་དོན་ནི་འདིར་ཟད་དོ། །ལྷག་མ་རྣམས་ནི་རབ་ཏུ་བྱེད་པའི་མཇུག་སྡུད་པ་ཡིན་ནོ། །དེ་ནས་ཞེས་བྱ་
བ་ལ་སོགས་པས་ནི་མཇུག་བསྡུ་བའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་ནི་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བདག་གིས་སྨྲས་པ་འདི་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པར་མཛོད་ཅིག་ཅེས་
གསོལ་བ་བཏབ་པ་ཡིན་ལ། ད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚིག་བསྒྱུར་ཏེ་གསང་བའི་དབང་དུ་བྱས་ནས་ཅུང་ཟད་ཅིག་གསུངས་པའི་དོན་ལ་འགལ་བ་མེད་དུ་ཟིན་ཀྱང་། དོན་མི་ཤེས་པའི་སེམས་ཅན་རྣམས་མ་དད་པར་འགྱུར་རོ་ཞེས་དགོངས་ཏེ་བཅོམ་ལྡན་འདས་ཕྱག་ན་
རྡོ་རྗེ་བདག་ཉིད་ཀྱིས་བྱིན་གྱིས་བརླབ་པོ་སྙམ་ནས་གསོལ་བ་མ་བཏབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་ལ་འགལ་བ་མེད་པ་དང་ཕྱག་ན་རྡོ་རྗེའི་བསམ་པ་ཡང་མཁྱེན་ནས་ཐེག་པ་ཆེན་པོའི་དོན་རྟོགས་པའི་སེམས་ཅན་རྣམས་ཀྱི་དོན་ཆེན་པོར་ཡང་འགྱུར་བར་
เล่ม ๕๖ · หน้า 151b
དགོངས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་ཏེ། གསང་བའི་རྒྱུད་འདི་ཡང་ངས་ཡོངས་སུ་བཟུང་ཞིང་སངས་རྒྱས་ཀྱི་བཀར་གཞག་ཅིང་བྱིན་གྱིས་བརླབས་སོ་ཞེས་གསུངས་ཏེ། བྱིན་གྱིས་བརླབས་པ་ནི་ཡུན་རིང་དུ་གནས་པར་བྱ་བའོ། །ལྷག་མ་རྣམས་ནི་
གོ་སླའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྒྱུད་ཕྱི་མའི་གསང་བའི་དཀྱིལ་འཁོར་གྱི་དབང་དུ་བྱས་པའི་འགྲེལ་པའོ།། །།ད་ནི་བརྟག་པ་བཞི་ཆར་དུ་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་དམ་པའི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་དང་
པོར་སངས་རྒྱས་རྗེས་སུ་དྲན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་ཆོས་ཀྱི་ཏིང་འཛིན་ནི། །ཞེས་བྱ་བ་ལ་སངས་རྒྱས་ཆོས་ནི་སྟོབས་བཅུ་དང་། མི་འཇིགས་པ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པའོ། །དེ་ལ་དམིགས་
པ་ནི་ཏིང་ངེ་འཛིན་ཏེ་བསྒོམ་ཞིང་གོམས་པར་བྱ་བའོ། །ཇི་ལྟར་ཞེ་ན། རབ་མཉམ་གཞག་པས་ཞེས་བྱ་བ་སྟེ་ཤིན་ཏུ་མཉམ་པར་གཞག་པའོ། །གང་གི་སྦྱོར་བས་ཤེ་ན། སངས་རྒྱས་རྗེས་སུ་དྲན་ཚུལ་གྱིས། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་སེམས་སོ་སོར་
རྟོགས་པ་ལ་སོགས་པའི་རིམ་གྱིས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྐྱེད་ལ་དེ་རྗེས་སུ་དྲན་པ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་སྦྱོར་བ་དེ་ལ་གནས་ནས་ཐུགས་རྗེ་ཆེན་པོ་ལ་སོགས་པ་ཇི་སྐད་དུ་བཤད་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་བསྒོམས་ན་བླ་ན་མེད་
པའི་དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་སོ་ཞེས་བྱ་བ་སྟེ། བླ་མེད་དངོས་གྲུབ་ནི་སངས་རྒྱས་ཉིད་དོ། །ད་ནི་ཆགས་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་
སྟོན་ཏེ། སེམས་དཔའ་ཀུན་གྱི་ཏིང་འཛིན་གནས། །ཞེས་བྱ་བ་ལ་སེམས་དཔའ་ཀུན་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་བཅུ་དྲུག་གོ། །དེ་རྣམས་ཀྱི་ཏིང་ངེ་འཛིན་ཡིན་པས་ན་སེམས་དཔའ་ཀུན་གྱི་ཏིང་ངེ་འཛིན་ཏེ། དེ་ལ་གནས་པས་ན། སེམས་དཔའ་ཀུན་
เล่ม ๕๖ · หน้า 152a
གྱི་ཏིང་འཛིན་གནས། །ཞེས་བྱའོ། །རབ་མཉམ་གཞག་པས་བསྒོམས་ན་ནི། །ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་གཞག་པས་གོམས་པར་བྱེད་པའོ། །དེའི་འོག་ཏུ། ཆགས་པ་རྗེས་སུ་དྲན་ཚུལ་གྱིས། །དངོས་གྲུབ་དམ་པ་འཐོབ་པར་འགྱུར། །ཞེས་བྱ་བ་སྟེ་
ཆགས་པ་ནི་བཅོམ་ལྡན་འདས་པདྨོའི་འདོད་ཆགས་ཏེ་འཇིག་རྟེན་དབང་ཕྱུག་གོ། །དེའི་རྗེས་སུ་དྲན་པ་དེ་ཉིད་རྣལ་འབྱོར་ཡིན་པས་ན། ཆགས་པ་རྗེས་སུ་དྲན་ཚུལ་གྱིས། །ཞེས་བྱ་བ་སྟེ་སྦྱོར་བ་དེས་བསྒྲུབ་པའི་དུས་སུ་གནས་ན་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ། །འདི་སྐད་
སྟན་ཏེ། དེ་བཞིན་གཤེགས་པའི་རིགས་ལ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་དང་པོ་གོམས་པར་བྱས་ནས་དེའི་འོག་ཏུ་བསྒྲུབ་པའི་དུས་སུ་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ན་དངོས་གྲུབ་དམ་པ་ཅི་འདོད་པ་བཞིན་དུ་འཐོབ་པར་འགྱུར་རོ། །དེ་སྐད་སུ་ཞིག་གིས་
གསུངས་ཤེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་གསུངས་སོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ད་ནི་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་
རྒྱུད་སྟོན་ཏེ། ཁམས་གསུམ་རྣམ་རྒྱལ་ཆ་ལུགས་སུ། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལྟ་བུར་རོ། །བསྒོམས་ནས་མདུན་དུའང་དེ་བཞིན་ཏེ། །ཞེས་བྱ་བ་ལ་བསྒོམས་ནས་ཞེས་བྱ་བ་ནི་གོམས་པར་བྱས་ནས་སོ། །མདུན་དུ་ཞེས་བྱ་བ་ནི་སྔུན་དུའོ། །དེ་བཞིན་ཏེ་ཞེས་བྱ་བ་ནི་ཇི་
ལྟར་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་པ་ལྟ་བུ་སྟེ་འདིས་ནི་སྦྱོར་བ་གཉིས་པ་སྟོན་ཏོ། །དེ་ལྟ་བུའི་རྣལ་འབྱོར་གཉིས་ལ་གནས་ན། ཕྱག་ན་རྡོ་རྗེའི་མཐུར་གྱུར་ནས། །ཞེས་བྱ་བ་སྟེ། ཕྱག་ན་རྡོ་རྗེ་ནི་ངའོ་ཞེས་ང་རྒྱལ་བསྐྱེད་ལ་དངོས་པོ་དེ་དག་ཐམས་ཅད་ནི་རྣམ་པར་
རྟོག་པས་སྤྲུལ་པ་ཡིན་ནོ་ཞེས་ངེས་པར་བྱས་ནས་སེམས་ཀྱི་དབང་གིས་བཞག་ན་ནི་འདུག །བཏང་ན་ནི་འགྲོ། ཡོངས་སུ་བསྒྱུར་ན་ནི་ཡོངས་སུ་འགྱུར། བཤིག་ན་ནི་འཇིག །བསྐྱེད་ན་ནི་སྐྱེའོ་ཞེས་དེ་ལྟར་ཤེས་པར་བྱས་ན་རི་རབ་ཀྱང་སོར་མོ་གཅིག་གིས་བསྒྱེལ་བ་དང་། སློང་བ་དང་།
เล่ม ๕๖ · หน้า 152b
ཡུལ་གཞན་དུ་འཕང་བ་དང་། ས་ཡང་གཡོ་བར་བྱེད་པ་དང་། རྒྱ་མཚོ་ཡང་སྐེམས་པ་ལ་སོགས་པ་དེ་ལྟ་བུའི་ཕྱག་ན་རྡོ་རྗེའི་མཐུར་གྱུར་ནས་ཁམས་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་
ཧཱུཾ་མཛད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །ད་ནི་འགྲོ་བ་འདུལ་བའི་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཆོས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འགྲོ་བ་འདུལ་བའི་ཆོས་སུ་ནི། །ཞེས་བྱ་བ་ལ་འགྲོ་བ་འདུལ་བ་ནི་བཅོམ་ལྡན་འདས་འཇིག་རྟེན་
དབང་ཕྱུག་གོ །དེའི་ཚེ་ནི་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ཡིན་པས་ན་འགྲོ་བ་འདུལ་བའི་ཆོས་སུ་ནིའོ། །དེ་བསྒོམ་པ་ནི་དེ་གོམས་པར་བྱའོ། །མདུན་དུ་ནི་ཞེས་བྱ་བ་ནི་སྔུན་དུའོ། །དེ་བཞིན་ཏེ་ཞེས་བྱ་བ་ནི་བདག་ཉིད་ཏིང་ངེ་འཛིན་ལ་ཇི་ལྟར་གནས་པ་དེ་བཞིན་
དུ་མདུན་དུ་ཡང་དེ་དང་འདྲ་བར་བསྒོམ་པའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པར། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །དེ་གང་ཡིན་ཞེ་ན། འདུལ་བར་ཞེས་བྱ་བ་སྟེ་སེམས་ཅན་ཡོངས་སུ་སྨིན་པའོ། །དེ་ནི་རབ་བྱེད་དོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གཉིས་པ་ལ་གནས་
པའི་རྣལ་འབྱོར་པ་དེ་མཆོག་ཏུ་བྱེད་པར་འགྱུར་བའོ། །དེ་སྐད་དུ་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །འདི་སྐད་སྟོན་ཏེ་འགྲོ་བ་འདུལ་བའི་འཇིག་རྟེན་དབང་ཕྱུག་གི་གཟུགས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དོན་ཀུན་གྲུབ་
པའི་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཆོས་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དོན་ཀུན་གྲུབ་པའི་སྐུར་ཡང་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོའོ། །ཅི་ཞིག་བྱེད་ཅེ་ན། བསྒོམས་ནས་ཞེས་བྱ་བ་སྟེ་གོམས་པར་བྱེད་པའོ། །
མདུན་དུ་དེ་བཞིན་ཏེ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་ནས་ཅིར་འགྱུར་ཞེ་ན། རྣམ་པ་ཀུན་གྱི་མཆོག་ལྡན་པའོ། །ཕུན་སུམ་ཚོགས་དོན་དེས་འཐོབ་བོ། །ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། དོན་ཐམས་ཅད་འགྲུབ་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པ་དེས་འཐོབ་པར་འགྱུར་
เล่ม ๕๖ · หน้า 153a
རོ་ཞེས་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་སྟེ་དེའི་དངོས་གྲུབ་དེ་སྟོན་པའི་གཞུང་ངོ་ཞེས་བྱ་བའི་དོན་ཏོ། །
དེ་ལས་ཀྱང་དང་པོར་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་རྗེས་སུ་དྲན་གྱུར་ལ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་གི་ལྷའི་རྣལ་འབྱོར་དུ་བྱས་པའོ། །བཛྲ་བཛྲ་ཞེས་བརྗོད་ན། །ཞེས་བྱ་བ་ནི་བཛྲ་ཞེས་བྱ་
བའི་སྒྲ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་སྟེ་འདིས་ནི་སྒྲར་གཏོགས་པའི་བྱེ་བྲག་དང་། བསྒོམ་པར་གཏོགས་པའི་བྱེ་བྲག་གཉི་གར་སྟོན་ཏེ། སྒྲར་གཏོགས་པའི་བྱེ་བྲག་ནི་རྡོ་རྗེ་ཕྲ་མོ་སྔོན་དུ་འགྲོ་བས་བཛྲ་ཞེས་བྱ་བའི་སྒྲར་བརྗོད་
པའོ། །བསྒོམ་པར་གཏོགས་པའི་བྱེ་བྲག་ནི། །ལྕེ་ནི་རྐན་ལ་བཅར་ནས་སུ། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་ཅིར་འགྱུར་ཞེ་ན། དེའི་ཕྱིར། སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་པས་
མཚན་མ་ཐོབ་ནས་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་དེར་ཞུགས་ཏེ། དཀྱིལ་འཁོར་དུ་དག་པའི་དངོས་གྲུབ་ཀྱི་གསང་བའི་བསྐུལ་བས་བཅོམ་ལྡན་འདས་ཡང་དག་པར་བསྐུལ་ལ་དེ་ལ་སོགས་པའི་ཚོགས་ཐམས་ཅད་རྫོགས་པར་བྱས་ནས་བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒོམས་པས་
སངས་རྒྱས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་དུ། །ཞེས་བྱ་བ་ནི་
རྡོ་རྗེ་སེམས་དཔའི་རྣལ་འབྱོར་དུ་བྱས་ལ་ཞེས་བྱ་བའི་དོན་ཏེ། །རྡོ་རྗེ་ཕྲ་མོ་སྒོམ་བྱེད་ཅིང་། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བྱ་ཞེ་ན། བཛྲ་ས་ཏྭ་ཞེས་བརྗོད་ན། །ཞེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་
เล่ม ๕๖ · หน้า 153b
ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་པའོ། །ད་ནི་ཁམས་གསུམ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཁམས་གསུམ་རྣམ་རྒྱལ་ཆ་ལུགས་སུ། །དྲན་བྱེད་མདུན་དུའང་དེ་བཞིན་ཏེ། །ཞེས་བྱ་བ་ནི་འདི་སྐད་སྟོན་
ཏོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆ་ལུགས་སུ་གནས་ལ་གཉིས་པ་མདུན་དུ་རྡོ་རྗེ་ཕྲ་མོའི་ཚུལ་གྱིས་སྣའི་རྩེ་མོར་དྲང་བར་བྱ་ཞིང་ཧཱུཾ་ཞེས་བྱ་བ་བཟླས་ན་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་
གསུངས་སོ། །ད་ནི་འགྲོ་བ་འདུལ་བའི་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འགྲོ་བ་འདུལ་བའི་གཟུགས་ཀྱིས་ནི། །རྡོ་རྗེ་ཕྲ་མོ་སྒོམ་བྱེད་ཅིང་། །ཞེས་བྱ་བ་ནི་འདིར་ཡང་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་ཏིང་ངེ་འཛིན་ལ་
གནས་ཏེ་འགྲོ་བ་འདུལ་བའི་གཟུགས་སུ་བསྒོམ་པར་བྱའོ། །རྡོ་རྗེ་ཕྲ་མོ་སྒོམ་བྱེད་ཅིང་། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་གོམས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །ཤུདྡྷ་ཤུདྡྷ་ཞེས་བརྗོད་ན། །ཞེས་བྱ་བ་ནི་སྙིང་པོ་འདི་ཡང་བརྗོད་ན་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་
འདས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །ད་ནི་དོན་ཀུན་གྲུབ་པའི་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དོན་ཀུན་གྲུབ་པའི་གཟུགས་ཀྱིས་ནི། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་སྦྱོར་བ་བྱས་ནའོ། །རྡོ་རྗེ་ཕྲ་མོ་བསྒོམས་
ནས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་སྦྱོར་བ་གོམས་པར་བྱས་ནས་སྔ་མ་བཞིན་དུ་སིདྡྷྱ་སིདྡྷྱ་ཞེས་བརྗོད་ན་དོན་གྱི་དངོས་གྲུབ་མཆོག་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་ནོར་བུ་ཆོས་ཀྱིས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཆོས་ཀྱི་
དཀྱིལ་འཁོར་གྱིས་བསྡུས་པའི་ཆོས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་པའི་སྐབས་ཡིན་པ་ལས། འདི་ཉིད་གསུངས་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་གཉི་ག་ཆོས་ཞེས་
เล่ม ๕๖ · หน้า 154a
གཅིག་ཏུ་སྨོས་ན་དོན་གསལ་བར་མི་འགྱུར་བས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཅེས་བྱ་བ་གསུངས་པ་ཡིན་ཏེ་དོན་ནི་དེ་ཉིད་དུ་ཟད་དོ། །དེ་ལས་ཀྱང་དང་པོར་དམ་པའི་ཆོས་ནི་ཞེས་བྱ་བ་ལ་སོགས་པས་དེ་
བཞིན་གཤེགས་པའི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་ཏེ། དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་སོ། །དེ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་
སོ། །དེའི་ཡེ་ཤེས་ཡིན་པས་ན་དམ་པའི་ཆོས་ཀྱི་ཡེ་ཤེས་སོ། །དེའི་དངོས་གྲུབ་ཡིན་པས་ན་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་བོ། །དེ་སྟོན་པར་བྱེད་པའི་གཞུང་ཡིན་པས་ན་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དམ་པའི་ཆོས་ནི་ཡི་
གེ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཡི་གེ་ཡོད་པ་མ་ཡིན་པས་ན་ཡི་གེ་མེད་པ་སྟེ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་གང་ལས་བྱུང་བ་ཞེ་ན། ཏིང་འཛིན་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་བ་གསུངས་ཏེ་
ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ་དེའི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་སོ། །དེ་ལས་སྐྱེས་པ་ཡིན་པས་ན། །ཏིང་འཛིན་ཡེ་ཤེས་ལས་བྱུང་བ། །ཞེས་བྱ་སྟེ། དེས་རྟོགས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་དོན་དམ་པའི་ཆོས་ཀྱི་དབང་དུ་མཛད་ནས་གསུངས་པ་
ཡིན་ནོ། །དེ་ཉིད་ཀྱིས་ན། ཨ་ཞེས་བྱ་བས་ཆོས་རྣམས་ནི། །སྐྱེ་བ་མེད་པར་བཤད་པ་ཡིན། །ཞེས་བྱ་བ་སྟེ་ཨ་ཞེས་བྱ་བ་ནི་ཡི་གེ་ཨ་གཟུང་བར་བྱའོ། །དེས་ཞེས་བྱ་བ་ནི་དོན་དམ་པའི་ཆོས་རབ་ཏུ་རྟོགས་པས་སོ། །ཆོས་རྣམས་ནི་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་
བཤད་པ་ཡིན་ནོ། །འདི་སྐད་སྟོན་ཏེ། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་ཡི་གེ་ཨས་སྟོན་པར་བྱེད་པ་ཡིན་ནོ། །ཕྱག་རྒྱ་འདིའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་ཨ་ཞེས་བྱ་བའི་ཆོས་ཀྱི་ཕྱག་རྒྱ་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་པ་འདིས་དོན་དམ་པར་བདག་མེད་པའི་ཤེས་རབ་ཀྱིས་
เล่ม ๕๖ · หน้า 154b
བསྒོམས་ཤིང་གོམས་པར་བྱས་ནས་དེ་ནས་ཡི་གེ་ཀུན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་འགྲུབ་པར་འགྱུར་བ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་དོན་སོ་སོ་ཡང་དག་པར་རིག་པ་བཞི་ནི་ཡི་གེ་
གཅིག་ལས་ཀྱང་ཐམས་ཅད་ཀྱི་དོན་སོ་སོར་རིག་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་དོན་གཅིག་ལ་ཡང་གཞུང་སྣ་ཚོགས་པས་ལྷའི་ལོ་སྟོང་གི་བར་དུ་ཡང་སྟོན་པར་ནུས་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་འདས་པ་དང་ད་ལྟར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཆོས་ཀྱི་འཁོར་ལོ་བསྐོར་བའམ་བསྐལ་བ་ལས་ལྷག་པའི་བར་དུ་ཅི་འདོད་པར་སྟོན་པའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཚིག་གི་དོན་གྱི་མིང་ཐམས་ཅད་དོན་དང་མཐུན་པར་ཅི་དགར་གང་ལ་ཡང་སྟོན་པར་ནུས་པ་སྟེ་དེ་ལྟ་བུའི་ཡི་གེ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་
འཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། བདེ་གཤེགས་སྐད་ཅིག་གཅིག་གིས་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ལ་སོགས་
པས་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ནོ། །དེ་གང་ཞིག་ཅེ་ན། དེ་ཉིད་དོ། །དེ་ཅི་ཞིག་ཅེ་ན། མདོ་སྡེ་འདི་ནི་ཞེས་གསུངས་པ་ཡིན་ནོ། །
ཅི་ཞིག་བྱེད་ཅེ་ན། དད་པ་ཡིས་ཞེས་བྱ་བ་སྟེ་སྔགས་སྤྱོད་པའི་ཚུལ་ལ་དད་པ་སྐྱེས་པའོ། །དད་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་དད་ནས་བཅངས་སམ་ཞེས་བྱ་བ་སྟེ་སེམས་ལའོ། །ཀླག་གྱུར་ན་ཞེས་བྱ་བ་ནི་གླེགས་བམ་དུ་བྱས་ནས་ཀློག་པའི་ཚུལ་གྱིས་བཀླག་པའོ། །དེ་ལྟར་ན།
དངོས་གྲུབ་བླ་མེད་འཐོབ་པར་འགྱུར། །ཞེས་བྱ་བའོ། །འདས་མ་ཐག་པ་ནི་དོན་དམ་པའི་ཆོས་བསྟན་པ་ཡིན་ལ་འདིས་ནི་སྔགས་ཀྱི་སྤྱོད་པའི་ཚུལ་ལ་ཆོས་ཀྱི་སྒྲར་བསྟན་པ་ཡིན་ནོ། །ད་ནི་སེམས་ཅན་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་
เล่ม ๕๖ · หน้า 155a
སྟོན་ཏེ། སེམས་ཅན་སྡིག་ཅན་ཕན་དོན་དང་། །ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་སྡིག་ཅན་སྡིག་པ་ལས་བཟློག་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་བཀའ་བསྒྲུབ་པར་བྱ་བའི་ཕྱིར་དང་། མ་རུངས་པ་རྣམས་གཞན་ལ་གནོད་པར་བྱེད་པ་ལས་བཟློག་ཅིང་དེ་དག་གདུལ་
བའི་ཕྱིར། བསད་པ་ཡིས་ནི་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་རིགས་ཀྱིས་གསུངས་སོ་ཞེས་བྱ་བ་སྟེ། བསད་པ་ནི་འདིར་དྲེགས་པ་དང་ལྡན་པའི་ཕྱིར་ལྷ་ཆེན་པོ་བཞིན་དུ་བྱ་བ་ནི་སྔགས་སྤྱོད་པས་ཉམས་སུ་བླང་བར་བྱ་བའི་ཆོས་དེ་ལྟ་བུ་ཡིན་པར་དགོངས་སོ། །ད་ནི་རང་བཞིན་གྱིས་ནི་
ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རང་བཞིན་དག་པར་ཤེས་པ་ནི། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཡིན་པར་རྟོགས་ཤིང་ཤེས་པའོ། །ཅིའི་ཕྱིར་དེ་སྐད་ཅེས་བཤད་ཅེ་ན། དམ་པའི་དོན་ནི་ཡིན་པར་བཤད། །
ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དོན་དམ་པར་འདི་ལྟར་འདོད་ཀྱི་ཀུན་རྫོབ་ཏུ་ནི་མ་ཡིན་ནོ། །ཐོག་མ་ཐ་མར་འདི་བསྒོམས་ན། །ཞེས་བྱ་བ་ནི་ཐོག་མ་ཉིད་ནས་ཆོས་རྣམས་འདི་ལྟ་བུ་ཡིན་ནོ་ཞེས་བསྒོམ་པ་གོམས་པར་བྱས་ན། ཆོས་ཀྱི་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་
འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །འདིར་ཡང་དོན་དམ་པའི་ཆོས་ཉིད་ཡིན་པར་སྟོན་ཏོ། །ད་ནི་སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་ཅན་ཀུན་ལ་དོན་སྦྱིན་བྱེད། །
ཅེས་བྱ་བ་ནི་ཞིང་གི་ཁྱད་པར་ལ་མི་སྤྱོད་ཅིང་ལེན་ལ་རེ་བ་ལ་སོགས་པའི་རྒྱུད་ཡོངས་སུ་སྤངས་ནས་ནོར་འདོད་པ་རྣམས་ལ་ནོར་སྦྱིན་པའོ། །ཅིའི་ཕྱིར་ཞེ་ན་བསམ་པ་ཐམས་ཅད་རྫོགས་བྱེད་ཅིང་། །ཞེས་བྱ་བ་གསུངས་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་
ཅད་ཀྱི་རེ་བ་རྣམས་ཡོངས་སུ་སྐོང་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་སྟེ། གང་འདི་ལྟར་དོན་སྦྱིན་པ་འདི་ནི་ནོར་བུའི་རིགས་ཀྱི་ཆོས་ཡིན་ཏེ། ཆོས་འདི་བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཆོས་ཀྱི་རིན་ཆེན་གྱིས་གསུངས་སོ། །འདིར་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཉིད་
เล่ม ๕๖ · หน้า 155b
ལས་ཆོས་ཀྱི་སྒྲར་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཏིང་ངེ་འཛིན་གྱི་སྒྲས་ནི་ཆོས་ཀྱི་དཀྱིལ་འཁོར་ཡིན་པར་བཤད་དོ། །དེའི་ལས་ཀྱི་སྒྲ་གང་ཡིན་པས་ནི། བསྒོམ་པ་
ཡིན་པར་བཤད་དེ་དེའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལ་དང་པོར་རྡོ་རྗེ་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་ཀྱི་ནི་ཏིང་འཛིན་ལས། །ཞེས་བྱ་བ་ལ་ཏིང་ངེ་འཛིན་གྱི་ལས་ཡིན་པས་ན་ཏིང་ངེ་འཛིན་གྱི་ལས་སོ། །ལས་དེ་
གང་ཡིན་ཞེ་ན། སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །ཞེས་བྱ་བ་སྟེ་གང་གི་ཕྱིར་སངས་རྒྱས་ཀྱི་རྣལ་འབྱོར་བྱས་ནས་དམ་ཚིག་ལ་གནས་ཏེ། དམ་ཚིག་སྔོན་དུ་འགྲོ་བས་རྡོ་རྗེ་ཕྲ་མོ་བསྒོམས་ལ་དེའི་འོག་ཏུ། དམ་པའི་ཆོས་ནི་ཡི་གེ་མེད། །ཅེས་བྱ་བས་དམ་པའི་ཆོས་བསྒོམས་ཏེ། དེ་ནས་འདིར་ཏིང་ངེ་
འཛིན་གྱི་ལས་སངས་རྒྱས་ཀྱི་གཟུགས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བསྒོམ་པར་བྱའོ། །དེ་ལྟར་རིམ་གྱིས་བསྒོམས་ན་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ། །ད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་
སྟོན་ཏེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །བླ་མེད་ལས་ནི་མང་པོ་རྣམས། །ཞེས་བྱ་བ་ལ་བླ་མེད་ལས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔར་གྲུབ་པའོ། །མང་པོ་རྣམས་ནི་ཕལ་ཆེ་བའོ། །ཇི་ལྟར་ཞེ་ན། སེམས་དཔའ་ཀུན་འགྱུར་ཐམས་ཅད་ཀྱང་། །ཞེས་བྱ་བ་སྟེ་སེམས་དཔའ་ཀུན་ནི་སེམས་དཔའ་
བཅུ་དྲུག་སྟེ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་གྱུར་པའོ། །ཐམས་ཅད་ཀྱང་ཞེས་བྱ་བ་ནི་མ་ལུས་པ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་ལས་ཡིན་ནོ། །ཤེས་ན་ཡང་ནི་གྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་ཤེས་ཤིང་བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས་
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་སྡིག་པ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྡིག་པ་དག་པ་རྒྱུ་ཡི་ཕྱིར། །ཞེས་བྱ་བ་ནི་ལ་ལ་ཞིག་མཚམས་མེད་པ་ལ་སོགས་པའི་ལས་བྱེད་པ་ལ་ཞུགས་ལ་དེ་ལས་བཟློག་པར་ཐབས་
เล่ม ๕๖ · หน้า 156a
གཞན་གང་གིས་ཀྱང་མི་ནུས་པ་དེ་ནི་དེ་ལྟར་སྡིག་པ་ལ་མངོན་དུ་ཕྱོགས་པ་ཡིན་པས་ན་སྡིག་པ་ཞེས་བྱའོ། །དེ་བས་ན་སྡིག་པ་དེ་སྦྱོང་བའི་ཕྱིར་ཏི་ངེ་རབ་ཏུ་འདུལ་བར་བྱེད་པ་ནི་གསོད་པའི་ལས་ཡིན་ནོ། །དེ་ལྟར་ན་སྡིག་པའི་ཆོས་ལ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱང་ལྷ་ཆེན་པོ་བཞིན་དུ་
བྱའོ། །གསོད་པའི་ལས་ལ་དད་ན་དེས་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས། །བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་གསུངས་སོ་ཞེས་པ་སྟེ་རྡོ་རྗེ་རིགས་འདིར་ནི་གསོད་ཅིང་ཚར་གཅོད་པའི་ལས་ལ་དད་པར་བྱས་པ་ཡིན་པར་ཤེས་པར་བྱའོ། །ད་ནི་སྡིག་ཀུན་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཏིང་ངེ་འཛིན་གྱི་
ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྡིག་ཀུན་རྣམ་པར་དག་པའི་བདག །ཅེས་བྱ་བ་ནི་སྡིག་པ་དག་པའི་ཐབས་པདྨོའི་རིགས་ལས་གསུངས་པ་གང་ཡིན་པ་དེའི་བཤགས་པའི་རྣམ་པ་དེས་སྡིག་པ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་ཀུན་དག་པར་དེས་བྱེད་དོ། །དགོས་པ་ཀུན་ཞེས་བྱ་བ་ནི་
ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་ཤེས་ནས། རྣལ་འབྱོར་པ་དེ་དགོས་པ་ཐམས་ཅད་བྱེད་དེ་ཁྲུས་ལ་སོགས་པ་ལ་མི་ལྟོས་པར་སྒྲུབ་པ་དང་སྔར་བསྙེན་པའི་རང་བཞིན་བྱེད་དེ་ལས་འདི་ནི་པདྨོའི་རིགས་ཀྱི་ཡིན་པར་ཤེས་ཤིང་དོན་དམ་པ་བསྒོམས་པས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་
པདྨོས་གསུངས་སོ། །ད་ནི་སྲེད་ལྡན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྲེད་ལྡན་དབུལ་བ་ཐམས་ཅད་ནི། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་རེ་བའི་སྲེད་པ་གང་ལ་ཡོད་པ་དེ་ནི་སྲེད་ལྡན་ཐམས་ཅད་དོ། །དེ་སུ་ཞིག་ཡིན་ཞེ་ན། དབུལ་བའོ། །དེ་དག་
ལ་ཅི་ཞིག་བྱེད་ཅེ་ན། བསམ་པ་ཀུན་བསྐང་ལ་ཞེས་བྱ་བ་གསུངས་སོ། །ཇི་སྲིད་ཅིག་གི་བར་དུ་ཞེ་ན་རྟག་ཏུའོ། །དོན་ཀུན་གྲུབ་པའི་ཀུན་བདག་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་གཟུགས་སུ་བདག་ཉིད་བསྒོམ་ཞིང་དོན་ཐམས་ཅད་གྲུབ་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་
བསམས་ན་ཀུན་གྱི་བདག་ཉིད་དེ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོར་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ་ཞེས་བཅོམ་ལྡན་འདས་རིན་པོ་ཆེའི་རྒྱལ་མཚན་གྱིས་གསུངས་སོ། །རིགས་ཐམས་ཅད་ཀྱི་ལས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དོ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་ལས་
เล่ม ๕๖ · หน้า 156b
ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་ཏིང་ངེ་འཛིན་ཉིད་ལ་ཏིང་ངེ་འཛིན་གྱི་དངོས་གྲུབ་ཅེས་གསུངས་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་ཕྲ་མོ་བསྒོམས་པ་ལས་གྲུབ་པ་ཡིན་པའི་ཕྱིར་ཕྲ་མོའི་དངོས་གྲུབ་སྟེ་དེ་སྟོན་པའི་རྒྱུད་དོ། །དེ་ལ་དང་པོར་རྟག་ཏུ་
རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྟག་ཏུ་རྡོ་རྗེ་ཕྲ་མོའི་ཚུལ། །འབད་པ་ཀུན་གྱིས་སྦྱོར་ན་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་འབད་པ་ཐམས་ཅད་ཀྱིས་རྟག་ཏུ་གོམས་པར་བྱེད་ནའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཞེས་བྱ་བ་ནི་
རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའོ། །གང་ཞེ་ན། མངོན་ཤེས་ལྔ་ནི་འཐོབ་པར་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་སྟེ། འདིས་ནི་རྡོ་རྗེ་ཕྲ་མོའི་བསྒོམས་པའི་འབྲས་བུ་བསྟན་པ་ཡིན་ནོ། །ད་ནི་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་
རིགས་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཇི་སྐད་གསུངས་པའི་ཆོ་གས་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་པའི་འོག་ཏུ་ཕྱག་རྒྱས་མངོན་པར་ཤེས་པ་ལ་སོགས་པའི་ལས་བྱེད་པར་འདོད་ན་ཕྱག་རྒྱ་གསང་བ་རྣམས་ཤིན་ཏུ་སྦ་བར་བྱ་དགོས་ཏེ་དེ་བསྟན་པར་བྱ་བའི་ཕྱིར། སློབ་དཔོན་མ་ཡིན་གཞན་དང་ནི། །
ཞེས་བྱ་བ་གསུངས་སོ། །འདི་སྐད་གསུངས་ཏེ་ཕྱག་རྒྱ་ནི་སློབ་དཔོན་འབའ་ཞིག་ལ་བསྟན་པར་བྱའི་གཞན་ལ་ནི་མ་ཡིན་ནོ་ཞེས་པའོ། །སློབ་དཔོན་གང་གིས་དབང་བསྐུར་བ་དང་། གང་ལས་རྒྱུད་ཐོས་པ་དང་། གང་གི་ཐོབ་ནས་ལས་ཀྱི་མན་ངག་མནོས་པ་དེ་ཡང་སློབ་དཔོན་ཡིན་ཏེ། གསུམ་པོ་འདི་
དག་ཀྱང་ཕྲག་དོག་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་དངོས་ཡིན་ནོ། །སློབ་དཔོན་གྱིས་ཀྱང་སློབ་མའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའོ་ཞེས་གནང་བར་བྱ་བའི་དོན་གྱིས་ན་སློབ་མིན་ལ་མིན་ཞེས་དགག་པ་མཛད་པ་ཡིན་ནོ། །དེ་ལྟ་བས་ན་སློབ་དཔོན་གྱིས་སློབ་མ་ལ་ཕྱག་རྒྱ་བསྟན་པར་བྱའི་གཞན་
ལ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སློབ་མ་ཡང་བདག་ཉིད་ཀྱིས་དབང་བསྐུར་བའམ་གཞན་དག་གིས་དབང་བསྐུར་བ་ཞིག་ཡིན་ན་ཡང་ཇི་སྐད་གསུངས་པའི་ཚུལ་གྱིས་དད་པ་དང་ལྡན་པ་ཐེག་པ་ཆེན་པོའི་ཆོས་ལ་མངོན་པར་བརྩོན་པ་སྔགས་སྤྱོད་པའི་ཚུལ་ལ་ཐེ་ཚོམ་མེད་པ། གླགས་ཀྱི་སྐབས་མི་
เล่ม ๕๖ · หน้า 157a
ཚོལ་བ། །སློབ་མར་ཁས་ལེན་པ། ཅང་ཤེས་པའི་ཚུལ་གྱིས་ང་རྒྱལ་སྤངས་པ། བསམ་པ་ལ་གཡོ་སྒྱུ་མེད་པ། གུས་པ་དང་ལྡན་པ་སྟེ། སློབ་མ་དེ་ཡང་རྣམ་པ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཞིག་ན་དེའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའི་གཞན་དག་ལ་ནི་མ་ཡིན་ནོ་ཞེས་
རྣམ་པར་གནས་སོ། །བུ་ཡང་བདག་གིས་དབང་བསྐུར་བའམ། གཞན་གྱིས་དབང་བསྐུར་བ་ཇི་སྐད་སྨོས་པའི་ཡོན་ཏན་རྣམས་དང་ལྡན་པ་ལ་བསྟན་པར་བྱའི་དེ་མ་ཡིན་པ་ལ་ཕྱག་རྒྱ་བསྟན་པར་མི་བྱའོ་ཞེས་བྱ་བ་ཡིན་ཏེ་དེའི་ཕྱིར་སླར་གནང་བར་གསུངས་པ་ནི་བུ་མིན་པའི་ཞེས་གསུངས་པ་ཡིན་ནོ། །
འདི་སྐད་སྟོན་ཏེ། བུ་ནི་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་ན་ཕྱག་རྒྱ་བསྟན་པར་བྱའི། གཞན་དག་ལ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་ཕས་ནི་བུ་ལ་ཕན་གདགས་པའི་ཚུལ་ལ་ཞུགས་པ་ཡིན་པས་སྣོད་མ་ཡིན་པ་ཞིག་ཡིན་ན་ཡང་ཕན་པ་མ་ཡིན་པ་ལས་བཟློག་ཅིང་ཇི་
སྐད་གསུངས་པའི་ཡོན་ཏན་དང་ཕྱིས་ལྡན་པར་བྱ་བའོ། །སེམས་ཅན་ཕན་པར་སྲིད་པ་དང་། །གཞན་ཡང་ལ་ལ་ཉེ་དུ་དང་ཡིད་གཅུགས་པ་ཞིག་ལ་གནོད་པ་ལས་ནི་བཟློག་ཅིང་ཕན་པ་ལ་ནི་སྦྱོར་བ་ཞིག་ཡིན་ན་ཇི་སྐད་དུ་སྨྲས་པའི་ཚིག་ཉམས་སུ་ལེན་པར་བྱེད་ཀྱི། ངན་དུ་མི་སྨྲ་བ་ཞིག་ཡིན་ན་
དེའི་མདུན་དུ་ཡང་གལ་ཏེ་བསྟན་ན་བསྟན་པར་ཟད་དེ་བུ་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །དེ་ཡང་གལ་ཏེ་ངན་དུ་སྨྲ་ཞིང་ཇི་སྐད་བཤད་པའི་ཡོན་ཏན་བསྐྱེད་པར་མི་ནུས་པ་ཞིག་ཡིན་ན་ཡིད་གཅུགས་པར་བྱ་བ་གང་ཡང་རུང་བ་དེའི་མདུན་དུ་ཕྱག་རྒྱ་བརྗོད་པར་མི་བྱའོ། །ཅིའི་ཕྱིར་དེ་དག་གི་མདུན་དུ་
བསྟན་པར་མི་བྱ་ཞེ་ན་གང་གི་ཕྱིར། དེ་དག་ཕྱག་རྒྱ་གསང་བས་འགྲུབ། །ཅེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པ་སྟེ། གསང་བས་ཞེས་བྱ་བ་ཤིན་ཏུ་སྦས་ཤིང་གསང་ན་འགྲུབ་པར་འགྱུར་གྱི་ཐམས་ཅད་དུ་སྨྲས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པས་
རྡོ་རྗེ་རིགས་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི། ལྕེ་ནི་རྐན་ལ་བཅར་ནས་སུ། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་སོ། །སྣ་ནས་ཧཱུཾ་བྱུང་ལྡན་གྱུར་ལ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་ཚུལ་གྱིས་སྣའི་རྩེ་མོར་
เล่ม ๕๖ · หน้า 157b
རྡོ་རྗེ་བསམས་ལ་ཧཱུཾ་ཞེས་བྱ་བ་བརྗོད་དེ། ཧཱུཾ་ཞེས་བྱ་བ་དེ་དང་རླུང་དང་བཅས་པས་གཅིག་གམ་གཉིས་སམ་མང་པོར་བྱ་བ་དགོས་པ་དང་རྗེས་སུ་མཐུན་པའི་རྡོ་རྗེ་འབབ་པར་བསམ་མོ། །ཇི་ལྟ་ཞེ་ན། རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གནས། །ཞེས་བྱ་བ་གསུངས་སོ། །དེ་ནས་ཅི་ཞིག་བྱེད་ཅེ་ན། དགོས་པ་
ཐམས་ཅད་སྒྲུབ་པར་བྱེད། །ཅེས་བཅོམ་ལྡན་འདས་རྡོ་རྗེས་གསུངས་སོ་ཞེས་པ་སྟེ་འདིས་ནི་རྡོ་རྗེ་ཕྲ་མོ་བསྒོམ་པའི་ལས་བསྟན་ཏོ། །ད་ནི་པདྨོ་ཆེན་པོ་ཡི། །ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་
བསྒོམ་པ་གོམས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ལྟ་བས་བལྟས་ན་ནི། །ཞེས་བྱ་བ་ནི། རྡོ་རྗེ་ལྟ་བ་ཆགས་པ་ཡིས། །དགའ་བས་མིག་ནི་རབ་ཏུ་བགྲད། །ཅེས་སྔར་བཤད་པ་སྟེ་དེ་དང་ལྡན་པས་ལྟ་བའོ། །གང་དུ་གནས་ནས་བྱ་ཞེ་ན། །པདྨོ་ཆེན་པོའི་ཏིང་འཛིན་གནས། །ཞེས་བྱ་བ་སྟེ།
པདྨོ་ཆེན་པོ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ་དེའི་ཏིང་ངེ་འཛིན་ལ་གནས་སོ། །དེས་ཅིར་འགྱུར་ཞེ་ན། འདོད་ཆགས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་པདྨོའི་འདོད་ཆགས་ཀྱིས་གསུངས་སོ་ཞེས་པའོ། །འདི་སྐད་སྟོན་ཏེ། འཇིག་རྟེན་ཐམས་ཅད་དེས་
དགའ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཕྲ་མོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་རྣལ་འབྱོར་ལ་གནས་ཏེའོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་
ཕྲ་མོ་བསྒོམ་པ་གོམས་པར་བྱ་བའི་དོན་ཏོ། །ཤིན་ཏུ་ཕྲ་བའི་ལྟ་འབར་བས། །ཞེས་བྱ་བ་ལ་འབར་བའི་ལྟ་བ་ནི། རབ་ཏུ་མྱུར་བར་མིག་བསྒུལ་ཞིང་། །མིག་གི་རྫི་མ་འདྲེན་པ་ནི། །ཞེས་བྱ་བ་སྔར་བཤད་པ་སྟེ། ཤིན་ཏུ་ཕྲ་བ་ནི་རབ་ཏུ་ཕྲ་བར་སྦྱར་བའོ། །དེས་ཅིར་འགྱུར་ཞེ་ན། དོན་ནི་
ཐམས་ཅད་འདྲེན་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ནོར་བུས་གསུངས་སོ་ཞེས་པ་སྟེ། །གང་གི་ཕྱིར་བདག་ཉིད་ཏིང་ངེ་འཛིན་དེ་ལ་གནས་ནས་འབར་བའི་ལྟ་བས་སྦྱར་ན་ནོར་གང་དང་གང་དུ་འདུག་པ་དེ་དང་དེ་ནས་རྫི་མས་དཀྲིས་ནས་དྲངས་ཏེ་བཀུག་ཅིང་གནས་གང་ན་འདུག་པར་འདོད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด