དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๖ · หน้า 158a
པའི་གནས་དེར་འདུག་པར་བསྒོམ་ཞིང་ལྷག་པར་མོས་པ་ཡང་དེ་ལྟར་བྱས་ན་དོན་ནི་ཐམས་ཅད་འདྲེན་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མིག་གི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱིར་གཏོགས་པའི་མིག་གི་ཡེ་ཤེས་ནི་མིག་གི་རྣམ་པར་ཤེས་པ་སྟེ། ཟློས་པ་པོས་སྔར་བསྙེན་པའི་ཚེ་ན་དངོས་གྲུབ་ཀྱི་མཚན་མ་རྙེད་པའི་མཚན་ཉིད་དོ། །དེའི་དངོས་གྲུབ་ཡིན་པས་ན་མིག་གི་ཡེ་ཤེས་ཀྱི་དངོས་གྲུབ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་སྟོན་པའོ། །སྔར་གྱི་ནི་དཀྱིལ་འཁོར་ཆེན་པོའི་དབང་
དུ་བྱས་ཏེ་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་ཅེས་བྱ་བ་བསྟན་པ་ཡིན་ལ་དེ་ལྟར་ནི་ཡེ་ཤེས་དེ་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་པ་ཡིན་ནོ། །དེ་ལས་ཀྱང་དང་པོར་གང་གི་ཚེ་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གང་ཚེ་ཕྱག་རྒྱའམ་ཏིང་ངེ་འཛིན། །བསྒྲུབ་
ཕྱིར་རྩོལ་བར་གྱུར་པ་ན། །ཞེས་བྱ་བ་ནི་གང་གི་ཚེ་གང་གི་དུས་ན་ཕྱག་རྒྱའམ་ཏིང་ངེ་འཛིན་བསྒྲུབས་ན་རྩོལ་བར་གྱུར་པ་ཞེས་བྱ་བ་སྒྲུབ་པ་བསྒྲུབ་ནུས་པ་ཞེས་བྱ་བའི་དོན་ཏེ། དེའི་ཚེ་དེའི་དུས་ན་ནམ་མཁའི་ཁམས་དཀར་པོར་སྣང་བ་སྟེ་ནམ་མཁའ་ནི་གོ་འབྱེད་པའོ། །ཁམས་ནི་ནམ་མཁའི་ཁམས་ན་རྒྱུ་བའི་རྡུལ་
ཕྲ་རབ་སྟེ་དཀར་བ་ནི་འོད་གསལ་བའོ། །ཚུལ་ཇི་འདྲ་བ་ཞིག་ཅེ་ན་སྐར་མ་འདྲ་ཞེས་བྱ་བ་གསུངས་སོ། །དེ་མཐོང་ན་ཞེས་པ་ནི་རྣལ་འབྱོར་པས་སོ། །དེ་ཚེ་བློ་ལྡན་སངས་རྒྱས་ཀྱི། །སྤྱན་ནི་བདག་གིས་འཐོབ་པར་ཤེས། །ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་མུན་ནག་ན་འདུག་སྟེ་མིག་ཕྱེ་ན་ཡང་རྡུལ་
ཕྲན་སྲིན་བུ་མེ་ཁྱེར་ལྟ་བུ་ནམ་མཁའི་ཁམས་ལ་རྒྱུན་མི་འཆད་པར་སྣང་ཞིང་གཟུགས་ཐམས་ཅད་ཀུན་དུ་གསལ་བར་སྣང་བ་ལས་ན་དེས་འདི་ནི་དངོས་གྲུབ་ཀྱི་མཚན་མ་ཡིན་ནོ་བར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ཕྱིན་ཆད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་གནས་དང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་
གཤེགས་པའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གནས་དང་འགྲོ་བ་དེ་བཞིན་ཏེ། །ཇི་སྙེད་དངོས་པོ་ཡོད་གྱུར་པ། །ཞེས་བྱ་བ་ལ་གནས་པའི་དངོས་པོ་ནི་རི་དང་ཤིང་ལ་སོགས་པའོ། །འགྲོ་བ་ནི་མི་ལ་སོགས་པའོ། །དེ་སྙེད་ཀྱི་གཟུགས་བརྙན་རྣམས་ཞེས་བྱ་བ་ནི་དེ་བཞིན་དུ་དངོས་པོ་རྣམས་ཀྱི་
เล่ม ๕๖ · หน้า 158b
གཟུགས་བརྙན་དེ་རྣམས་དང་འདྲ་བའི་རྣམ་པར་རོ། །གང་དུ་ཅི་ཞིག་བྱེད་ཅེ་ན། མཁའ་ལ་རྒྱུག་པར་མཐོང་ན་ནི། །ཞེས་པའོ། །ཇི་ལྟར་ཞེ་ན། འགྲོ་བ་དང་ནི་འོང་བ་ཡང་རུང་། །ཞེས་བྱ་བ་གསུངས་སོ། །རྡོ་རྗེ་སྤྱན་ནི་རྣམ་དག་པར། །ཤེས་པས་མཆོད་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་སུ་སྒྲུབ་པར་བརྩོན་
པའི་རྣལ་འབྱོར་པས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་ཀྱི་མཚན་མ་མཐོང་བ་དང་བདག་ནི་རྡོ་རྗེ་སེམས་དཔའི་སྤྱན་རྣམ་པར་དག་གོ་ཞེས་རྡོ་རྗེ་མིག་རྣམ་པར་དག་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ཤེས་ནས་དེས་མཆོད་པ་ནི་གནས་པ་དང་འགྲོ་བའི་དངོས་པོ་ཇི་སྙེད་ཡོད་པ་དེ་རྣམས་མེ་ཏོག་ལ་སོགས་པས་མཆོད་པའི་ཡོ་བྱད་ཀྱི་
གཟུགས་སུ་ཡོངས་སུ་བསྒྱུར་བ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་བྱ་སྟེ། དེ་ལྟར་མཆོད་ན་དངོས་གྲུབ་བླ་ན་མེད་པ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་གཡས་པའམ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་
ཏེ། གཡས་པའམ་ནི་གཡོན་ཕྱོགས་ཀྱི། །ཞེས་བྱ་བ་ནི་གཡས་པ་དང་གཡོན་པའི་ཕྱོགས་གཉིས་ན་འཁོར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་གཡས་པའམ་གཡོན་ཕྱོགས་ཀྱི་ཞེས་བྱའོ། །གང་དུ་ཞེ་ན། མཁའ་ལ་ནམ་མཁའི་དབྱིངས་ཉིད་ཀྱི། །ཞེས་བྱ་བ་གསུངས་སོ། །དེ་ཇི་ལྟ་བུ་ཞེ་ན། སྤྲིན་འདྲ་མྱུར་དུ་འཁོར་
བ་ནི། །ཞེས་བྱ་བ་གསུངས་ཏེ། སྤྲིན་གྱི་ཚོགས་ལྟ་བུའོ། །མྱུར་དུ་འཁོར་བ་ནི་ཕན་ཚུན་དུ་ལྡིང་ཞིང་རྒྱུ་བའོ། །མཐོང་ནས་འཇིགས་པར་མ་གྱུར་ལ། །ཞེས་བྱ་བ་ནི་རྣལ་འབྱོར་པ་དེས་འཇིགས་པ་བསྐྱེད་པར་མི་བྱའོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལས་བྱུང་ཕྱག་རྒྱ་དེ། །ཞེས་བྱ་བ་གསུངས་སོ། །ཕྱག་རྒྱ་དེ་ཡང་གཟུང་ན་ནི། །ཞེས་བྱ་བ་ནི་གང་གི་ཕྱིར་
དེ་གཟུང་བར་གྱུར་ན་རྡོ་རྗེ་ལ་སོགས་པའི་གཟུགས་སུ་འགྱུར་བའི་ཕྱིར་རོ། །ཕྱག་རྒྱའི་མིག་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ཕྱག་རྒྱ་འགྲུབ་པའི་མཚན་མ་མཐོང་བའི་མིག་ཅེས་བྱ་བའི་དོན་ཏོ། །ད་ནི་གང་ཚེ་སྐྱའམ་ཞེས་བྱ་བ་ལ་སོགས་པ་པདྨོའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གང་ཚེ་སྐྱའམ་
དམར་རམ་དཀར། །ཞེས་བྱ་བ་ལ་སོགས་པ་ལ་པདྨོའི་རིགས་ཟློས་པའི་རྣལ་འབྱོར་པས་གང་གི་ཚེ་འདི་ལྟ་བུའི་དཀྱིལ་འཁོར་ནམ་མཁའ་ལ་མཐོང་ན་ཞེས་བྱ་བར་འདིར་ཡང་སྦྱར་ཏེ་དེའི་ཚེ་ཕྱག་རྒྱ་དག་དགོངས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འཁོར་ལོའི་སྤྱན་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་དགོངས་པར་
เล่ม ๕๖ · หน้า 159a
གྱུར་ནས་ཕྱིས་འགྲུབ་པར་འགྱུར་བའོ། །སུའི་ཞེ་ན། འཁོར་ལོའི་སྤྱན་ཞེས་བྱ་བ་གསུངས་ཏེ། འཁོར་ལོ་ཞེས་བྱ་བ་ནི་རྡོ་རྗེ་རྒྱུའི་ཆོས་ཀྱི་འཁོར་ལོས་བསྡུས་པའི་དངོས་གྲུབ་ཀྱི་མཚན་མ་རྣམས་མིག་གིས་མཐོང་ངོ་ཞེས་སྟོན་ཏོ། །ད་ནི་མཁའ་ལ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་
སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཁའ་ལ་རིན་ཆེན་འདྲ་བ་དང་། །ཞེས་བྱ་བ་ནི་པདྨ་རཱ་ག་ལ་སོགས་རིན་པོ་ཆེ་འདྲ་བའོ། །དབྱིག་ལ་སོགས་པ་འདྲ་བར་ནི། །ཞེས་བྱ་བ་ལ་དབྱིག་ནི་དོང་རྩེ་ལ་སོགས་པ་ཟོང་དུ་བྱས་པ་སྟེ། དེ་ལྟ་བུ་གང་གི་ཚེ་ནམ་མཁའ་ལ་མིག་གིས་མཐོང་བ་དེའི་ཚེ། །དེ་ནི་མཁའ་མིག་འགྲུབ་
པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ་ཞེས་བྱ་བ་ལ་ནམ་མཁའ་ལ་དབྱིག་ལ་སོགས་པ་མཐོང་བའི་ཕྱིར་ནམ་མཁའི་མིག་ཅེས་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྒྱུད་ཕྱི་མའི་རྟོག་པ་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་པའི་འགྲེལ་
པའོ།། །།ད་ནི་རྟོག་པ་ཐམས་ཅད་ཀྱིས་བསྡུས་པའི་ལས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་དམ་པའི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །འདོད་ཆགས་
བདེ་བ་རྣམ་སྨིན་ཕྱིར། །གཙོ་བོ་ཐམས་ཅད་མཆོད་བྱས་ན། །ཞེས་བྱ་བ་ལ། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །ཆོས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཕྲ་མོ་ཇི་ལྟར་བསྒོམ་པའི་ཚུལ་བསྟན་པ་དེ་ལས་ཀྱི་དཀྱིལ་འཁོར་བསྒོམས་ལ་སྤྲོ་བ་དང་བསྡུ་བ་བྱས་ཏེ། དེའི་འོག་ཏུ་ལས་ཀྱི་དཀྱིལ་འཁོར་གྱི་དབྱིབས་ལྟ་བུ་ལས་ཡོ་བྱད་ཐམས་ཅད་
དང་ལྡན་པའི་མཆོད་པའི་སྤྲིན་རྣམས་སྤྲུལ་ལ་དེས་གཙོ་བོ་ཐམས་ཅད་མཆོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་བདེ་བ་རྣམ་སྨིན་ཕྱིར། །ཞེས་བྱ་བ་སྟེ། འདོད་ཆགས་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོའོ། །དེའི་བདེ་བ་ནི་དངོས་པོ་ཐམས་ཅད་སྤྲུལ་ཅིང་ལོངས་སྤྱོད་པ་ལ་མངའ་བརྙེས་པའི་བདེ་བ་གང་ཡིན་པ་དེ་
ནི་འདོད་ཆགས་བདེ་བའོ། །དེ་ཉིད་ཤིན་ཏུ་གོམས་པར་བྱས་ན་རྣམ་སྨིན་ཞེས་བྱ་བ་སྟེ་རང་རིག་པའི་རོ་བསྐྱེད་པའོ། །དེའི་ཕྱིར་བྱ་བ་ཡིན་པས་ན་འདོད་ཆགས་བདེ་བ་རྣམ་སྨིན་ཕྱིར་རོ། །དེ་ལྟར་དངོས་པོ་ཐམས་ཅད་ལ་དབང་དུ་བྱེད་པའི་ཀུན་དུ་བཟང་པོ་དེས་ཅིར་འགྱུར་ཞེ་ན། སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་
เล่ม ๕๖ · หน้า 159b
བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་འདོད་ཆགས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་བདག་ཅེས་སྒོམ་བྱེད་ཅིང་། །གསང་བའི་མཆོད་པ་རབ་བྱས་ན། །ཞེས་བྱ་བ་ལ་འདོད་ཆགས་ནི་བདག་གོ་ཞེས་ང་རྒྱལ་བྱེད་ཅིང་བདག་ཉིད་དེ་ལྟར་
བསྒོམས་ལ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞི་རྣལ་འབྱོར་པས་བྱས་ནའོ། །དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་དམ་པ་འཐོབ་པར་འགྱུར། །ཞེས་བྱ་བའོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་འདོད་པ་གཟི་ཅན་མཉམ། །ཞེས་བྱ་བ་སྟེ་རྡོ་རྗེ་ཆགས་པ་ལྟ་བུའི་གཟི་བརྗིད་ཕུན་སུམ་ཚོགས་པ་དེས་འཐོབ་པའོ། །བཅོམ་ལྡན་འདས་
རྡོ་རྗེ་འདོད་པས་གསུངས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོས་སོ། །ད་ནི་ཁྲོ་བོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཁྲོ་བོ་བདག་ཅེས་སྒོམ་བྱེད་ཅིང་། །གསང་བའི་མཆོད་པ་རབ་བྱས་ན། །ཞེས་བྱ་བ་ནི་རྣལ་འབྱོར་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཁྲོ་
བོ་ནི་བདག་ཉིད་ཡིན་ནོ་ཞེས་ང་རྒྱལ་གྱིས་སྒོམ་པར་བྱེད་ཅིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པའི་གསང་བའི་མཆོད་པ་བཅུ་དྲུག་པོ་རྣམས་བྱེད་པའོ། །དེས་ཅི་འཐོབ་ཅེ་ན། ཁམས་གསུམ་རྣམ་པར་རྒྱལ་འདྲ་ཡི། །དངོས་གྲུབ་དམ་པ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་
འཕགས་པ་ཕྱག་ན་རྡོ་རྗེས་གསུངས་སོ་ཞེས་པའོ། །ད་ནི་ནང་དུ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ནང་དུ་སོང་བའི་ཡིད་ཀྱིས་ནི་མི་གཡེང་བའི་ཡིད་ཀྱིས་སོ། །འདོད་པ་དག་པར་སྒོམ་བྱེད་ཅིང་། །ཞེས་བྱ་བ་ནི་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པའི་རང་བཞིན་གྱིས་དག་
པར་བསྒོམ་ཞིང་གོམས་པར་བྱེད་པའོ། །དབྱངས་ལྡན་ཐིག་ལེས་སངས་རྒྱས་རྣམས། །ཞེས་བྱ་བ་ལ་དབྱངས་ནི་ཤ་རྫ་ལ་སོགས་པ་བདུན་ནོ། །དབྱངས་དང་བཅས་པར་འབྱུང་བས་ན་དབྱངས་ལྡན་ཏེ་དབྱངས་དང་བཅས་པར་བརྗོད་པ་ཞེས་བྱ་བའི་དོན་ཏོ། །ཐིག་ལེ་ནི་ཡི་གེ་སྟེ་གང་གི་ཕྱིར་གང་ལའང་ཡི་གེ་སྦེད་པ་དེར་
ཐིག་ལེར་བྱེད་དོ། །འདིར་ཡང་ཡི་གེ་ཞེས་བྱ་བ་ཡིན་པ་ལས་ཐིག་ལེ་ཞེས་བྱ་བས་དེ་སྦས་པ་ཡིན་ནོ། །དེ་ལྟ་བས་ན་དབྱངས་དང་ཡང་དག་པར་ལྡན་པའི་ཡི་གེ་རྣམས་ཀྱིས་ཆོས་ཀྱི་རིགས་སུ་གཏོགས་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི་ཚིགས་སུ་བཅད་པ་རྣམས་ཆོས་ཀྱི་གླུར་བླངས་ནས་བརྗོད་པས་སངས་རྒྱས་རྣམས་
เล่ม ๕๖ · หน้า 160a
མཆོད་ན་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སྙིང་པོར་མཉམ་གཞག་
ལ། །ཞེས་བྱ་བ་ལ་རྡོ་རྗེ་སྙིང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ཡིན་ཏེ་དེ་ཡང་བསྟན་ཟིན་ཏོ། །དེ་ཡང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྟ་ཟུར་དུ་ལག་པ་འཇོག་པའི་ཚུལ་དུ་དཀུར་བཞག་ཅིང་རྡོ་རྗེ་ཁུ་ཚུར་གཡས་པ་ལྟེ་
བའི་ཐད་ཀར་བཀན་ཏེ་བཞག་ལ་རྡོ་རྗེ་བསྒྲེང་ནས་འཛིན་པའི་ཚུལ་དུ་བྱས་ཏེ། རྡོ་རྗེ་སྙེམས་པ་སྟེ་དེར་མཉམ་པར་གཞག་ཅིང་བཅིང་བར་བྱའོ། །བསམ་པ་གཡོས་པས་བཏུད་ནས་ནི། །ཞེས་བྱ་བ་ལ་བཏུད་པ་ནི་ཕྱག་བྱེད་པ་སྟེ། སུ་ལ་ཞེ་ན་སངས་རྒྱས་ལའོ། །ཇི་ལྟར་ཞེ་ན། བསམ་པ་གཡོས་པས་ཞེས་བྱ་བ་སྟེ།
བསམ་པ་གཡོ་བ་ནི་ལུས་གཡོ་བའི་ཁྱད་པར་ཏེ་རབ་ཏུ་དགའ་བས་འདར་བ་གང་ཡིན་པ་ལ་བསམ་པ་གཡོས་པ་ཞེས་བྱའོ། །དེ་ལྟར་ན་བསམ་པ་གཡོས་པ་དེ་དང་བཅས་པས་མགོ་གཡོན་ཕྱོགས་སུ་འདུད་པ་ལ། བསམ་པ་གཡོས་པས་བཏུད་ནས་ནི། །ཞེས་བྱའོ། །དེ་ལྟར་ཕྱག་འཚལ་བ་ལ་རྟག་ཏུ་བརྩོན་པར་
བྱས་ན་ཅིར་འགྱུར་ཞེ་ན། དབང་བསྐུར་བ་ནི་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེའི་དབང་བསྐུར་བ་རིན་པོ་ཆེས་གསུངས་སོ་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་ཉིད་རིན་པོ་ཆེའི་དབང་བསྐུར་བའོ། །ལྷག་མ་རྣམས་ནི་མཇུག་སྡུད་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་
གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་དམ་ཚིག་ནི་འདའ་བར་མི་བྱེད་པའི་ཆོས་སོ། །དེ་ཉིད་ནི་གསང་བ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་གསུངས་པའོ། །དེ་ལས་ཀྱང་དང་པོར་འདོད་ལ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་
ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ལ་སོགས་པའི་བདེ་བ་ཀུན། །རྟག་ཏུ་བདག་གི་སྙིང་ལ་གནས། །ཞེས་བྱ་བ་ནི་འདོད་པ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། །རེག་ལ་སོགས་པའོ། །དེ་དང་པོར་བྱས་ནས་ཡིད་ཀྱིས་བརྟགས་པ་ཐམས་ཅད་ཀྱང་དེའི་ཡུལ་ཡིན་པའི་
เล่ม ๕๖ · หน้า 160b
ཕྱིར་འདོད་པ་ལ་སོགས་པ་ཞེས་བྱའོ། །དེ་ནི་བདེ་བའི་རྒྱུ་ཡིན་པས་ན་བདེ་བའོ། །རྟག་ཏུ་ཞེས་བྱ་བ་ནི་གཏན་དུའོ། །སྙིང་ལ་གནས་ཞེས་བྱ་བ་ནི་དེའི་དབང་གིས་འཇུག་པ་དང་ལྡོག་པར་སེམས་ལ་སྣང་བ་སྟེ་འཇུག་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྟོན་པ་དང་། བག་ཡོད་པར་སྤྱོད་པའི་སེམས་ཅན་རྣམས་ཀྱི་དོན་
བྱ་བའི་ཕྱིར་འཇུག་པའོ། །ལྡོག་པ་ནི་སེམས་ཅན་བག་མེད་པར་སྤྱོད་པ་རྣམས་ཀྱི་དོན་བྱ་བའི་ཕྱིར་སྲེག་པའི་བསྐལ་པ་ལ་སོགས་པ་སྟོན་པའི་དུས་ལྟ་བུའོ། །དེ་ལྟར་ན། འདོད་ལ་སོགས་པའི་བདེ་བ་ཀུན། །རྟག་ཏུ་བདག་གི་སྙིང་ལ་གནས། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀུན་དུ་བཟང་པོའི་གནས་སྐབས་
སུ་འདི་སྐད་གསུངས་པ་ཡིན་ནོ། །གདུལ་བྱ་ཁ་ཅིག་གི་ཕྱིར་ནི་འདོད་ཆགས་དང་བྲལ་བར་ཡང་སྟོན་ཏོ་ཞེས་བཤད་པ་ནི། ཨེ་མའོ་སེམས་ཅན་དོན་རྣམས་ལ། །སྐྱོ་བར་གྱུར་པར་བཤད་རྨད་ཅེས་བྱ་བ་ཡིན་ཏེ་དེ་ལྟ་བུ་འདི་ནི་སངས་རྒྱས་ཀྱི་ལས་ཀྱི་དམ་ཚིག་ཡིན་ནོ། །དེ་ཡང་གདུལ་བྱ་ཁ་ཅིག་ལ་ནི་འདོད་པ་ཡོངས་སུ་
དག་པར་སྟོན་པར་མཛད་ལ། ཁ་ཅིག་ལ་ནི་ཞུམ་པར་སྟོན་པར་མཛད། ཁ་ཅིག་ལ་ནི་འདོད་ཆགས་དང་བྲལ་བར་སྟོན་པར་མཛད་དེ་ལས་འདི་དག་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་བསྒོམ་ཞིང་ལས་འདི་དག་ཉིད་ཀྱིས་སངས་རྒྱས་རྣམས་ལ་མཆོད་ན་རྣལ་འབྱོར་པ་དེ་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ་ཞེས་
སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་ཅན་ཀུན་ལ་བདེ་སྦྱིན་པའི། །ཞེས་བྱ་བས་འདི་ནི་འདིའི་དམ་ཚིག་ཡིན་ཏེ་གང་གི་ཕྱིར་བྱང་ཆུབ་
ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་བྱེད་པ་ཡིན་པས་ན་དེའི་ཕྱིར། སེམས་ཅན་ཀུན་ལ་བདེ་སྦྱིན་པ། །ཞེས་བྱ་བ་འདིས་ནི་དམ་ཚིག་སྟོན་པ་ཡིན་ནོ། །ཀུན་བཟང་འདོད་པ་བདག་ཡིན་ཏེ། །ཞེས་བྱ་བ་ལ་ཐམས་ཅད་དུ་བཟང་བས་ན་ཀུན་དུ་བཟང་པོའོ། །འདོད་པ་བདག་ཡིན་ཏེ་
ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏེ། རྣལ་འབྱོར་པས་དོན་འདི་བསྒོམ་པར་བྱའོ། །ཅི་ལ་གནས་ཏེ་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་སྟེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ནས་འདི་ལྟར་བསྒོམ་པར་བྱའོ། །ཏིང་ངེ་འཛིན་དེ་ལ་གནས་ནས་དེ་ལྟར་བསྒོམས་ཏེ་
เล่ม ๕๖ · หน้า 161a
སངས་རྒྱས་ལ་མཆོད་ན་རྣལ་འབྱོར་པ་དེ་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། དངོས་གྲུབ་འཐོབ་པར་འགྱུར་ཞེས་བཅོམ་ལྡན་འདས་འདོད་པས་གསུངས་སོ་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ད་ནི་སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་
གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་ཅན་ཀུན་ལ་ཕན་བྱེད་པའི། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་འཇོག་པ་ནི་ཕན་པར་བྱེད་པའོ། །ཀུན་བཟང་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཏེ་འདི་ཉིད་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་པས་ན་ཁྲོ་བོ་བདག་ཡིན་ཏེ་ཞེས་
གསུངས་སོ། །ཇི་ལྟར་འདི་སེམས་ཅན་མ་རུངས་པ་རྣམས་ཚར་གཅོད་པར་བྱེད་པ་ཡིན་ཞེ་ན། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ཞེས་བྱ་བ་གསུངས་ཏེ། འདིའི་དམ་ཚིག་ནི་མ་རུངས་པ་རྣམས་ཚར་གཅོད་པར་བྱེད་པ་ཡིན་པས་མ་རུངས་པ་ལ་ཆད་པས་གཅོད་པ་ཉིད་སངས་རྒྱས་ཀྱི་མཆོད་པ་ཡིན་ནོ། །དེ་ལྟ་
བས་ན། མཆོད་ན་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས་སོ། །སུ་ཞིག་གིས་དེ་སྐད་གསུངས་ཤེ་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ་ཞེས་པའོ། །ད་ནི་བདེ་བ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བདེ་བ་ཐམས་ཅད་
རབ་སྦྱིན་པའི། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་སྦྱིན་པ་དེ་ཉིད་འདིའི་དམ་ཚིག་ཡིན་ནོ། །ཀུན་བཟང་འདོད་པ་བདག་ཡིན་ཏེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཉིད་སེམས་ཅན་རྣམས་གདུལ་བའི་ཕྱིར་པདྨོའི་འདོད་ཆགས་ཀྱི་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བཞུགས་
པས་ན་འདོད་པ་བདག་ཡིན་ཏེ་ཞེས་གསུངས་སོ། །གང་ལ་གནས་ནས་སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པར་མཛད་ཅེ་ན། བདག་ཉིད་འགྲོ་འདུལ་སྐུར་གནས་ལ། །ཞེས་བྱ་བ་གསུངས་ཏེ། འགྲོ་བ་འདུལ་བའི་ཏིང་ངེ་འཛིན་ལ་གནས་ནས་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་ལྟར་ན། མཆོད་ན་དངོས་
གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་སྟེ་སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པ་འདི་ཉིད་ཀྱིས་སངས་རྒྱས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆགས་པས་གསུངས་སོ་ཞེས་པའོ། །ད་ནི་སེམས་ཅན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་
เล่ม ๕๖ · หน้า 161b
རྒྱུད་སྟོན་ཏེ། སེམས་ཅན་ཀུན་ལ་དོན་ཆེན་སྦྱིན། །ཞེས་བྱ་བ་ནི་འདི་ཉིད་ཀྱི་དམ་ཚིག་གོ། །ཀུན་བཟང་རྒྱལ་པོ་བདག་ཡིན་ཏེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཉིད་སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་ནམ་མཁའི་སྙིང་པོའི་རྒྱལ་པོ་ཆེན་པོའི་སྐུར་བཞུགས་པས་ན་རྒྱལ་པོ་བདག་
ཡིན་ཏེ་ཞེས་གསུངས་པ་ཡིན་ནོ། །སུའི་གཟུགས་ཀྱིས་གནས་ཏེ་ཞེ་ན། དོན་ཀུན་གྲུབ་པའི་གཟུགས་ཀྱིས་ནི། །ཞེས་བྱ་བ་གསུངས་ཏེ་དོན་ཐམས་ཅད་གྲུབ་པའི་གཟུགས་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་དོན་ཆེན་པོ་བྱིན་པས། མཆོད་ན་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དོན་
ཐམས་ཅད་གྲུབ་པས་གསུངས་སོ་ཞེས་པའོ། །ལྷག་མ་རྣམས་ནི་མཇུག་སྡུད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཆོས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་དུ་ཆོས་ཉིད་རང་བཞིན་གྱིས་དག་པའི་
རིགས་ལ་མི་ལྟོས་པ་གང་ཡིན་པ་དེ་ལ་ནི་ཆོས་ཉིད་ཅེས་བྱ་སྟེ། དེའི་དངོས་གྲུབ་དམ་པའི་ལས་ནི་ལས་ཀྱི་ཆོས་ཀྱི་དམ་པའི་དངོས་གྲུབ་ཅེས་བྱ་བ་ལ་དེ་སྟོན་པའི་གཞུང་ཡིན་པས་ན་ལས་ཀྱི་ཆོས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལས་ཀྱང་དང་པོར་རང་གི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་
པའི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རང་གི་ཏིང་ངེ་འཛིན་པ་ཡིས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་གནས་ཏེའོ། །གཡས་པའི་མཛུབ་མོ་བཏུད་ནས་ནི། །ཞེས་བྱ་བ་ནི་ལག་པ་གཡས་པའི་མཛུབ་མོ་མདུན་གྱི་ཐད་ཀར་བསྒྲེང་བའོ། །གོ་ཆར་བཅིངས་ཏེ་སྤྱི་བོར་གཞག །ཅེས་བྱ་བ་ནི་
མཛུབ་མོ་དེས་ལུས་ཐམས་ཅད་ལ་གོ་ཆ་བཅིང་བའི་ཚུལ་དུ་གོ་བསྐོན་ལ་དེའི་འོག་ཏུ་མཛུབ་མོ་དེ་སྤྱི་བོའི་གནས་སུ་བཞག་ཅིང་བཅིངས་ནས་བདག་གམ་ཕ་རོལ་ཡང་ཡིད་ཀྱིས་གོ་བསྐོན་པར་བསམས་ན་ཤིན་ཏུ་ཡང་བསྲུང་བར་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་རྩིག་པ་ལ་ནི་
ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྩིག་པ་ལ་ནི་ལྡན་འདྲ་བ། །ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་མིའམ་གནོད་སྦྱིན་མོ་ཆུང་མར་བསྒྲུབ་ན་དེའི་སྦྱོར་བ་ནི་འདི་ཡིན་ཏེ། འདི་ནི་རབ་ཏུ་བྱུང་བ་སྙོམས་པར་འཇུག་པ་ལ་གནས་པའི་མན་ངག་
เล่ม ๕๖ · หน้า 162a
ནི་མ་ཡིན་གྱི། གང་སྡོམ་པའི་བྱ་བ་གཞན་དག་གིས་བཀག་པ་མེད་པ་དེ་དག་གི་དབང་དུ་བྱ་བའི་མན་ངག་ཡིན་ནོ། །དེ་ལ་སེམས་དཔའ་གང་ཡང་རུང་བའི་རྣལ་འབྱོར་ལ་གནས་ཏེ་རྩིག་པའམ། ཤིང་ལེབ་གང་ཡང་རུང་བ་ལ་དེའི་ཆ་བྱད་གཅེར་བུར་འདུག་པའི་གཟུགས་ཀྱི་མཚན་མ་བྲིས་པའམ་བྱས་
པ་ལ་བུད་མེད་དམ། གནོད་སྦྱིན་མོ་དེའི་མིང་བྲི་ཞིང་གང་དབང་དུ་བྱ་བར་འདོད་པ་དེ་རྩིག་པ་ལ་སོགས་པ་དེར་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་ནས་མཚན་བཏགས་པས་དེ་སྤྲད་ཅིང་དབང་དུ་བྱ་བར་བསམས་ལ་སྙིང་པོ་ཡང་བརྗོད་ན་དེ་དབང་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་
གསུངས་ཏེ། ཆོས་ཉིད་ཀྱི་རིགས་པ་དེ་ཡིན་པས་ན་གདོན་མི་ཟ་བར་འགྱུར་རོ། །ད་ནི་ས་ལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གང་ཞིག་འགུགས་པའི་སྦྱོར་བ་བྱེད་པར་འདོད་པ་དེའི་མན་ངག་ནི་འདི་ཡིན་ཏེ། ས་ལ་གནོད་སྦྱིན་གདོང་བྲིས་ལ། །ཞེས་བྱ་བ་ནི་
འཇིགས་སུ་རུང་བའི་མཆེ་བ་གཙིགས་པ་ཁྲོ་གཉེར་བསྡུས་པའི་གནོད་སྦྱིན་གྱི་གདོང་བྲིའོ། །དེ་ཡི་མིག་གི་ཕྱོགས་སུ་ནི། །མཛུབ་མོའི་སེན་མོ་བཙུགས་ན་ཡང་། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ཏམ་ཁྲོ་བོ་གཞན་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ཏེ་འཇིག་རྟེན་
གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་མཛུབ་མོ་གཡོན་པ་ལྕགས་ཀྱུའི་ཡུ་བའི་ཚུལ་དུ་བསྒྲེངས་ཏེ་བཞག་ལ། གཡས་པ་དེའི་སྟེང་དུ་ལྕགས་ཀྱུའི་ཚུལ་དུ་བཀུག་པའི་མཛུབ་མོ་གཡས་པའི་རྩེ་མོས་གནོད་སྦྱིན་དེའི་མིག་གི་ཕྱོགས་སུ་གཟུགས་པར་བྱའོ། །དེ་ཡང་མིག་གཡས་པའམ་གཡོན་
པ་གང་གི་གནས་སུ་ཞེས་གསལ་བར་མ་སྨོས་པས་ན་མིག་གི་འབྲས་བུའམ་གཞན་གང་ཡང་རུང་བར་བཙུགས་ལ་ཀྱེ་ཆེ་གེ་མོ་ཞིག་མྱུར་དུ་ཁུག་ཤིག་ཅེས་སྙིང་པོ་དང་ལྷན་ཅིག་བསྐུལ་བའི་ཚིག་བརྗོད་པར་བྱའོ། །དེ་ནས་སྦྱོར་བ་འདིས་བུད་མེད་མཆོག་འདྲེན་པར་འགྱུར་རོ། །དེ་ཡང་ཟླ་བ་གཅིག་གམ་ཟླ་བ་
བཞིར་གནས་གཅིག་ཏུ་འདུག་ལ་སྔོན་དུ་བསྙེན་པ་བྱ་ཞིང་བདུག་པ་ལ་སོགས་པས་མཆོད་པ་བྱས་ལ་སྒྲུབ་པའི་ཚེ་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་མཆོད་པ་ཅི་ནུས་སུ་བྱས་ཏེ་གསང་བའི་མཆོད་པ་བཅུ་དྲུག་གིས་ཀྱང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མཆོད་ལ་གནོད་སྦྱིན་ལ་ཡང་གཏོར་མ་བྱིན་ནས་
เล่ม ๕๖ · หน้า 162b
དཀྱིལ་འཁོར་དེའི་ཕྱག་རྒྱ་མེད་པའི་ས་སྟོང་གང་ན་ཡོད་པར་གནོད་སྦྱིན་གྱི་གདོང་བྲིས་ལ་སྦྱོར་བ་འདི་དག་བྱའོ། །ད་ནི་ལག་པ་གཉིས་སུ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ལག་པ་གཉིས་སུ་པདྨོ་བླངས། །ཞེས་བྱ་བ་ནི་བསམ་པའམ་ཐོགས་ལ་
ལག་པ་གཡོན་པས་པདྨོའི་སྡོང་བུ་བཟུང་བར་བསམ་ཞིང་གཡས་པས་འདབ་མ་འབྱེད་པའི་ཚུལ་དུ་བྱའོ། །དེ་ལྟར་ལག་པ་གཉིས་ཀྱིས་པདྨོ་ཐོགས་ལ། འདོད་ཆགས་དག་པར་ལྟ་བྱེད་ཅིང་། །ཞེས་བྱ་བ་ནི། ཇི་ལྟར་པདྨོ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་སོ། །ཞེས་བྱ་བ་ལ་སོགས་པས་
སོ། །ཇི་ལྟར་བལྟས་པས་ཤེ་ན། །རྡོ་རྗེའི་ལྟ་བས་བུད་མེད་དེ། །བལྟས་ན་ཡང་ནི་དགའ་བར་འགྱུར། །ཞེས་བྱ་བ་སྟེ་བུད་མེད་ནི་ཕྱག་རྒྱ་རྣམས་ཏེ་བསྒྲུབ་པའི་དུས་ན་མཉེས་པར་བྱས་པས་གང་དོན་དུ་འགྱུར་བའོ། །དེ་ཞེས་བྱ་བ་ནི་པདྨོའི་རིགས་ཟློས་པའི་རྣལ་འབྱོར་པའོ། །དགའ་བར་འགྱུར་ཞེས་
བྱ་བ་ནི་མདུན་དུ་འདུག་ཅེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་རིན་ཆེན་ཏིང་འཛིན་གནས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་རྣལ་འབྱོར་ལ་གནས་པའོ། །ལག་པ་གཉིས་ཀྱིས་ནོར་བུ་བཟུང་། །ཞེས་
བྱ་བ་ནི་རྡོ་རྗེ་མྱུ་གུའི་ཕྱག་རྒྱ་བཅིངས་པའོ། །རིན་ཆེན་ཧཱུཾ་གི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་ཏིང་ངེ་འཛིན་ལ་གནས་ཏེ་ཧཱུཾ་ཞེས་བྱ་བར་སྦྱོར་བས་ན་རིན་ཆེན་ཧཱུཾ་ཞེས་གསུངས་ཏེ་དེའི་ཚུལ་ནི་དེའི་རྣལ་འབྱོར་རོ། །རྣལ་འབྱོར་དེས་ཅི་ཞིག་བྱ་ཞེ་ན། བུད་མེད་ཀུན་ལ་འདུད་བྱེད་དོ། །ཞེས་གསུངས་
ཏེ་ཕྱག་རྒྱ་ཐམས་ཅད་རང་གི་དབང་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དམ་ཚིག་གི་ཕྱག་རྒྱ་བཅིངས་པའི་དབང་གིས་བུད་མེད་ཅིག་ཤོས་ཀྱང་བདག་གི་དབང་དུ་འགྱུར་བ་ལ་བྱའོ། །ལྷག་མ་རྣམས་ནི་མཇུག་སྡུད་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ།
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་རིགས་དང་རྗེས་སུ་མཐུན་པའི་མཆོད་པའི་ལས་དེའི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལས་ཀྱང་དང་པོར་མཆོད་པའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་
เล่ม ๕๖ · หน้า 163a
པའི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཆོད་པའི་ལས་ཀྱི་ཆོ་ག་སྦྱོར། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཟློས་པའི་རྣལ་འབྱོར་པས་བདུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་བྱས་ནས་སོ། །གང་དང་གང་གི་དགོས་བསམ་ལ། །ཞེས་བྱ་བ་ནི་མངོན་པར་ཤེས་པ་ལ་
སོགས་པའམ། དགུག་པ་དང་དབང་དུ་བྱ་བ་ལ་སོགས་པ་བྱེད་པར་འདོད་ན་དགོས་པ་དེ་དང་དེ་མཁས་པས་བསྒྲུབ་པར་བྱའོ། །ཇི་ལྟར་ན་ཕྱག་རྒྱ་ལ་གསོལ་བ་བཏབ་སྟེ་བྱ་བའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་ངེས་པར་གསོལ་བ་གདབ་དགོས་ཀྱི་གསོལ་བ་མི་འདེབ་པར་ནི་མི་བྱའོ། །འདིས་ནི་འདི་
སྐད་སྟོན་ཏེ། རྒྱུད་འདི་ཐམས་ཅད་དུ་རྣལ་འབྱོར་པ་དགོས་པ་གང་ཅུང་ཟད་ཡན་ཆད་ཅི་བྱེད་པར་འདོད་ཀྱང་དང་པོ་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱག་རྒྱ་བཞིའི་རྣལ་འབྱོར་ལ་གནས་པར་བྱའོ། །དེར་གནས་ནས་ཀྱང་གང་དེར་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དང་ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་གང་
ཡིན་པ་དེ་དག་གི་ཕྱག་རྒྱ་དེ་རྣམས་ལ་རིགས་དང་རྗེས་སུ་མཐུན་པའི་མཆོད་པ་བྱས་ནས་ཕྱག་རྒྱ་དེ་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་ཡུམ་བསྟན་པ་བསྲུང་བ་དང་། མ་དད་པ་རྣམས་དད་པར་བགྱི་བ་དང་། །དད་པ་རྣམས་ནི་བརྟན་པར་བགྱི་སླད་དུ། །ཁྱོད་ཀྱིས་བདག་ལ་
ཐུགས་དཔག་མཛད་དུ་གསོལ། །སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པ་དང་། བདག་གིས་ཇི་སྲིད་འཚོའི་བར་དུ་ཡོན་ཏན་གང་ལེགས་པར་བསྲུངས་ཤིང་ཉམས་སུ་བླངས་པ་དང་། ཆོས་ཡོངས་སུ་བསྐྱངས་
པའི་བདེན་པ་གང་ཡིན་པ་དེས་བདག་གི་དགོས་པ་འདི་གྲུབ་པར་མཛོད་ཅིག་ཅེས་ཕྱག་རྒྱ་རྣམས་ལ་གསོལ་བ་བཏབ་ནས་གདོད་དགོས་པ་དེ་བརྩམ་པར་བྱའོ། །ད་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་
རིགས་ལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་གསང་བའི་མཆོད་པ་རྣམ་པ་བཞི་པོ་དེ་དག་གི་སྦྱོར་བ་བྱས་ནས་དགོས་པ་དེ་དག་ཕྱག་རྒྱ་རྣམས་ལ་སྔ་མ་བཞིན་དུ་གསོལ་བ་བཏབ་ན། །མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་ཁྲོ་བོའི་ཞེས་བྱ་བ་ལ་
เล่ม ๕๖ · หน้า 163b
སོགས་པས་རྡོ་རྗེ་རིགས་ཀྱི་ལས་ཀྱི་དགོངས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཁྲོ་བོའི་ཏིང་འཛིན་ཞུགས་ནས་ཀྱང་། །ཞེས་བྱ་བ་ནི་ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་སོ། །རིགས་ཀྱི་གསང་བའི་མཆོད་ཆེན་བྱས། །ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དུ་གཏོགས་པའི་མཆོད་པ་བཅུ་དྲུག་བྱས་ནས་སོ། །
མཁས་པས་ཅུང་ཟད་གང་བསམས་པ། །ཞེས་བྱ་བ་ནི་ཅུང་ཟད་ཡན་ཆད་ཀྱི་དགོས་པ་གང་ཅི་རྩོམ་ཡང་རུང་སྟེ་དེ་དག་ཐམས་ཅད་ཕྱག་རྒྱ་རྣམས་ལ་གསོལ་བ་གདབ་པར་བྱའི་གསོལ་བ་མི་གདབ་པར་ནི་མི་བྱའོ། །དེ་ནི་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་འཇིག་
རྟེན་དབང་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །ཡིད་ཀྱི་མཆོད་པ་བྱས་ནས་ཀྱང་། །ཞེས་བྱ་བ་ནི་གོས་དང་རྒྱན་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཡིད་ཀྱིས་མཆོད་པ་བྱས་ལ་ཕྱག་རྒྱ་རྣམ་པ་བཞི་དེ་ལྟར་
མཆོད་དེ་ཇི་སྐད་གསུངས་པའི་ཚུལ་གྱིས་གསོལ་བ་བཏབ་ན་མཁས་པས་དགོས་པ་གང་བསམས་པ་ཐམས་ཅད་ཀྱི་དངོས་གྲུབ་འཐོབ་བོ་ཞེས་བཅོམ་ལྡན་འདས་པདྨོ་འཛིན་པས་གསུངས་སོ་ཞེས་བྱ་བ་སྟེ་འཇིག་རྟེན་དབང་ཕྱུག་གིས་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་
རིགས་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སྙིང་པོའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་རྣལ་འབྱོར་དུ་བྱས་ལ་ཞེས་བྱ་བའི་དོན་ཏོ། །བདུག་པ་ལ་སོགས་མཆོད་བྱས་ལ། །ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བའི་སྒྲས་ནི་མེ་ཏོག་དང་མར་མེ་དང་། དྲི་དང་། གདུགས་དང་།
རྒྱལ་མཚན་དང་། འཕན་ལ་སོགས་པ་དང་རིན་པོ་ཆེའི་མཆོད་པ་རྣམ་པ་སྣ་ཚོགས་བསྡུའོ། །ཕྱག་རྒྱ་རྣམས་ལ་དེ་ལྟར་མཆོད་ཅིང་ཇི་སྐད་གསུངས་པའི་ཚུལ་གྱིས་གསོལ་བ་བཏབ་ན། མཁས་པས་དགོས་པ་གང་བསམས་པ། །དེ་ཀུན་སྐད་ཅིག་ཉིད་ཀྱིས་འགྲུབ། །ཅེས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་
གསུངས་སོ་ཞེས་པའོ། །ལྷག་མ་རྣམས་ནི་མཇུག་སྡུད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བསྒོམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཕྱག་རྒྱ་གང་ཡིན་པ་དེའི་ཡང་དག་པར་བསྒོམ་པ་དང་། དེའི་དངོས་གྲུབ་ཀྱི་རྒྱུད་གང་
เล่ม ๕๖ · หน้า 164a
གིས་སྟོན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བསྒོམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་དེ་གསུངས་པའོ། །དེ་ལས་ཀྱང་ཐོག་མར་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་
གཤེགས་པའི་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཞེས་སྨོས་པ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབ་པར་སྟོན་ཏོ། །སངས་རྒྱས་རྣལ་འབྱོར་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་སེམས་སོ་སོར་རྟོགས་པ་ལ་སོགས་པ་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱར་བསྐྱེད་པ་གང་ཡིན་པ་དེ་ལ་དམིགས་
པའི་སེམས་རྩེ་གཅིག་ཏུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་སྔར་གོམས་པས་སེམས་བརྟན་པར་བྱས་ནས་སོ། །སངས་རྒྱས་ཕྱག་རྒྱ་རབ་གྲུབ་པའི། །དངོས་གྲུབ་དམ་པ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེའི་གཟུགས་སུ་བཞུགས་པའི་དེ་བཞིན་གཤེགས་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེས་གསུངས་སོ། །ད་ནི་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་དངོས་གྲུབ་ཀྱི་
རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སེམས་དཔའ་བྱིན་གྱིས་བརླབ་པའི་རྣལ་འབྱོར་ནི་སེམས་དཔའ་བཅུ་དྲུག་གི་རང་བཞིན་གྱི་རང་གི་ལྷའི་རྣལ་འབྱོར་དུ་བྱེད་པ་སྟེ་དེ་སྟོན་པའི་རྒྱུད་གསུངས་པའོ། །སེམས་དཔའ་ཞེས་གྲག་ཀུན་བདག་ཉིད། །ཅེས་བྱ་བ་ལ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །
དེ་ཡང་གང་གི་ཕྱིར་སྒོམ་པ་པོ་དེས་མངོན་སུམ་དུ་མ་མཐོང་བའི་ཕྱིར་གྲག་ཅེས་བྱ་བའི་སྒྲ་སྨོས་ཏེ་གྲག་པ་ནི་མངོན་སུམ་དུ་མ་ཡིན་ནོ་ཞེས་སྟོན་ཏོ། །ཀུན་བདག་ཉིད་ཅེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཡིན་པར་རྒྱུད་ཕྱི་མ་ལས། ཚིག་རེར་ཐམས་ཅད་བདག་ཡིན་པར། །ཞེས་དང་པོ་ཉིད་དུ་བསྟན་པའོ། །
བདག་གི་ལུས་ལ་གནས་པ་སྟེ། །ཞེས་བྱ་བ་ནི་སྒོམ་པ་པོས་སེམས་དཔའ་འདི་དག་ཐམས་ཅད་ནི་ངའི་བདག་ཉིད་དུ་གནས་སོ་ཞེས་ལྷག་པར་མོས་ཤིང་། ང་ཉིད་སེམས་དཔའ་རྣམས་ཡིན་ནོ། །ཞེས་ང་རྒྱལ་གྱིས་བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་
เล่ม ๕๖ · หน้า 164b
རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་རྡོ་རྗེའི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུད་སྟོན་ཏེ་རྡོ་རྗེ་ཞེས་སྨོས་པ་ནི་རྡོ་རྗེའི་ཕྱག་རྒྱ་གཟུང་ངོ་། །དེའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་པས་ན་རྡོ་རྗེའི་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཏེ། དེ་སྟོན་པར་བྱེད་པའི་རྒྱུད་
ཡིན་པས་ན་རྡོ་རྗེའི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུད་སྟོན་ཏོ། །ཇི་ལྟ་ཞེ་ན། སེམས་དཔའ་ཇི་བཞིན་རྒྱ་དེ་བཞིན། །ཞེས་བྱ་བ་གསུངས་ཏེ་སེམས་དཔའ་ལས་ཕྱག་རྒྱ་ཐ་མི་དད་དེ། ཕྱག་རྒྱ་ལས་གཅིག་ནས་གཅིག་ཏུ་བརྒྱུད་དེ་སེམས་དཔར་གྱུར་པ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་ཇི་བཞིན་བདག་དེ་བཞིན། །
ཞེས་བྱ་བ་ནི་ཕྱག་རྒྱ་ལས་ཐ་མི་དད་དེ། ཕྱག་རྒྱ་དེའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་པས་ན། ཕྱག་རྒྱ་ཇི་བཞིན་བདག་དེ་བཞིན། །ཞེས་གསུངས་པ་ཡིན་ནོ། །བསྒོམ་པ་འདི་ཡི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་སེམས་དཔའི་ཕྱག་རྒྱ་དང་བདག་ཐ་མི་དད་པར་བསྒོམ་པའི་སྦྱོར་བས་ཕྱག་རྒྱ་དེ་དག་ཐམས་ཅད་བསྒྲུབ་པར་
བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཆོས་ཀྱི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུད་སྟོན་ཏེ། པདྨོའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པའི་སྦྱོར་བ་དེ་སྟོན་པའི་གཞུང་སྟོན་པའོ། །ཆོས་ཀྱི་ཕྱག་རྒྱའི་ཚུལ་
གྱིས་ནི། །རྡོ་རྗེ་ཕྲ་མོ་བསྒོམ་བྱས་ལ། །ཞེས་བྱ་བ་ལ་ཆོས་ཀྱི་ཕྱག་རྒྱ་ནི་ཆོས་ཀྱི་ངོ་བོ་ཉིད་དང་ཡི་གེའི་ངོ་བོ་ཉིད་དུ་རྒྱུད་ལས་བསྟན་པའོ། །དེ་དག་ཐམས་ཅད་ནི། རྡོ་རྗེ་ཕྲ་མོ་བསྒོམ་བྱས་ལ། །ཞེས་བྱ་བ་སྟེ་དངོས་གྲུབ་འདོད་པས་ཆོས་ཀྱི་ཕྱག་རྒྱ་གདོན་པའི་དུས་སུ་ལྕེ་ལ་རྡོ་རྗེ་ཕྲ་མོ་དཀར་པོ་བསམས་
ལ་ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ལྟར་ན་ཆོས་ཀྱི་ཕྱག་རྒྱའི་ཚུལ་གྱིས་རྡོ་རྗེ་ཕྲ་མོ་བསྒོམ་པ་ཡིན་ནོ། །ངག་གི་ཕྱག་རྒྱ་དེ་དག་ཀུན། །སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན། །ཞེས་བྱ་བ་ལ་ངག་གི་ཕྱག་རྒྱ་ནི་སྙིང་པོ་ལ་སོགས་པ་རྣམས་ཏེ་དེ་དག་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱིས་བསྒོམ་
པར་བྱའོ་ཞེས་པའོ། །འདི་སྐད་སྟོན་ཏེ། སེམས་དཔའ་གང་དང་གང་གིས་སྙིང་པོའི་སྔགས་བརྗོད་པ་ན་དེ་ཉིད་བདག་ཡིན་ནོ་ཞེས་བདག་ཉིད་ལ་བསྒོམས་ཏེ་བརྗོད་པར་བྱའོ་ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་སྤྱན་གྱིས་གསུངས་སོ། །ད་ནི་སངས་རྒྱས་ཀུན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་
เล่ม ๕๖ · หน้า 165a
རིགས་ཀྱི་ལས་ཀྱི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུད་སྟོན་ཏེ། ནོར་བུའི་རིགས་ཀྱི་ལས་རྣམས་བྱིན་གྱིས་རློབ་པའི་སྦྱོར་བ་ཡིན་པས་ན་ནོར་བུའི་རིགས་ཀྱི་ལས་ཀྱི་བྱིན་གྱིས་བརླབ་པའི་རྣལ་འབྱོར་གྱི་རྒྱུད་དེ་སྟོན་པར་བྱེད་པ་གསུངས་སོ། །སངས་རྒྱས་ཀུན་ལ་དབང་བསྐུར་དང་། །
མཆོད་པ་དམ་ཚིག་དངོས་གྲུབ་རྣམས། །ཞེས་བྱ་བ་ལ་སངས་རྒྱས་ཀུན་ལ་དབང་བསྐུར་བའི་མཆོད་པ་ནི་རྣམ་པ་མང་བའོ། །དམ་ཚིག་ནི་སློང་བ་ཐམས་ཅད་ལ་བྱའོ། །དངོས་གྲུབ་རྣམས་ནི་འདི་དག་གྲུབ་ཅིང་རྫོགས་པར་གྱུར་པའོ། །དེ་ལྟ་བུ་ནི། བཅོམ་ལྡན་འདས་ཞེས་བསྒོམས་ནས་ཀྱང་། །རྡོ་རྗེའི་ལས་རྣམས་
བསྒྲུབ་པར་བྱ། །ཞེས་བྱ་བ་སྟེ་གང་གི་ཕྱིར་ལས་ཐམས་ཅད་པ་འདི་ནི་ལས་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཡིན་ནོ། །དེ་བས་ན་འདི་ལྟ་བུའི་ལས་ཐམས་ཅད་བསྒྲུབ་པར་བྱ་བ་སྟེ་ང་ཡང་དེ་ལས་ཐ་མི་དད་དོ་ཞེས་བྱ་བའི་ང་རྒྱལ་བྱས་ལ་སྔགས་པས་བསྒོམས་ནས་དེ་ནས་དེ་ཡང་ལས་ཐམས་ཅད་བསྒྲུབ་པོ་ཞེས་བཅོམ་ལྡན་
འདས་རྡོ་རྗེ་ལས་ཀྱིས་གསུངས་སོ། །ལྷག་མ་རྣམས་ནི་མཇུག་སྡུད་པའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་བསྟན་པས་མཉེས་པར་གྱུར་ཏེ་གཅིག་ཏུ་འདུས་པ་ནི་འདུ་བ་མཛད་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ལ་སེམས་དཔའ་ཡིན་པས་ན་བྱང་
ཆུབ་སེམས་དཔའ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ངང་ཚུལ་མངའ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བའི་
ཕྱག་ན་རྡོ་རྗེ་དེ་ལ་སྟེ་འདིའི་ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །ལེགས་སོ་ཞེས་བྱ་བ་འདི་བྱིན་ནོ་ཞེས་བྱ་བ་ནི་ལེགས་སོ་ཞེས་བཀའ་སྩལ་བར་གྱུར་པའོ། །དེ་ཡང་། ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །ཅེས་བྱ་བ་ལ་སོགས་པས་འཁོར་ལོ་བསྒྱུར་བ་བཞིའི་སྒོ་ནས་ལེགས་སོ་ཞེས་བྱ་བ་བྱིན་པ་
ཡིན་ནོ། །རྡོ་རྗེ་ཐེག་པ་བླ་ན་མེད། །ཅེས་བྱ་བ་ལ་རྡོ་རྗེ་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེའི་ཐེག་པ་སྟེ་སྔགས་སྤྱོད་པའི་ཚུལ་ཞེས་བྱ་བའི་དོན་ཏོ། །བླ་ན་མེད་ཅེས་བྱ་བ་ནི་རྣལ་འབྱོར་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་པས་
เล่ม ๕๖ · หน้า 165b
ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །གཞན་གྱིས་མི་ཤེས་པས་ན་གསང་བའོ། །ཐེག་པ་ཆེན་པོ་མངོན་འདུས་པའོ། །ཞེས་བྱ་བ་ལ་ཐེག་པ་ཆེན་པོ་ནི་ལན་མང་ཞིག་བཤད་ཟིན་ཏོ། །དེ་འདིར་མངོན་པར་འདུས་པ་
ཡིན་པས་ན་ཐེག་པ་ཆེན་པོ་མངོན་འདུས་པའོ། །མདོ་འདི་ཡང་ནི་ལེགས་པར་བཤད། །ཅེས་བྱ་བ་ལ་མདོ་ཙམ་དུ་སྟོན་པས་མདོའོ། །མ་ནོར་བར་བཤད་པས་ན་ལེགས་པར་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་
ཇི་སྐད་དུ་བཤད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་བསྒོམས་པའི་སྟོབས་ཀྱིས་ཡོངས་སུ་རྫོགས་པར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ནི་བསྡུ་བ་བྱས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་
བསྡུས་པ་སྟེ། དེ་ལ་རྟོག་པ་ཐམས་ཅད་ཀྱི་གསང་བའི་རྒྱུད་ཕྱི་མ་ཞེས་བྱ་བ་ལ་རྟོག་པ་ཐམས་ཅད་ནི་བཞི་སྟེ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། འགྲོ་བ་འདུལ་བ་དང་། དོན་ཐམས་ཅད་གྲུབ་པ་རྣམས་སོ། །རྟོག་པ་ཐམས་ཅད་ཀྱི་
གསང་བ་ཡང་ཡིན་ལ་རྒྱུད་ཕྱི་མ་ཡང་ཡིན་པས་ན་རྟོག་པ་ཐམས་ཅད་ཀྱི་གསང་བའི་རྒྱུད་ཕྱི་མའོ། །དེའི་ཆོ་ག་རྒྱས་པ་ནི་རྣམ་པ་རྒྱས་པ་སྟེ་དེ་རྫོགས་པའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྒྱུད་ཕྱི་མའི་འགྲེལ་པ་རྫོགས་སོ།། །།དོན་གང་རྒྱུད་དང་རྒྱུད་ཕྱི་མ་
ལས་གསུངས་པ་ལས་མ་གསུངས་པ་རྒྱུད་ཕྱི་མའི་ཕྱི་མས་གདུལ་བྱའི་ཁྱད་པར་རྗེས་སུ་འཛིན་པར་འགྱུར་བ་གང་ཡིན་པ་དེ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལ་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རྒྱུད་ཕྱི་མའི་ཕྱི་
མ་ལ་འཇུག་པའི་རྒྱུའི་ཚིགས་སུ་བཅད་པ་སྟོན་པ་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་ནི་ལྟ་བ་ངན་ཅིང་ཞེས་བྱ་བ་ལ་སོགས་པ་འདི་ཡིན་ཏེ། ལྟ་བ་ངན་པ་ནི་དོན་ཚིག་ཇི་བཞིན་པར་འདོད་པ་དང་སྤྱོད་པ་རང་དགར་བྱེད་པ་ལ་འཇུག་པ་གང་ཡིན་པ་རྣམས་སོ། །ཆགས་བྲལ་ནི་གསང་བའི་དོན་བསྒོམ་
เล่ม ๕๖ · หน้า 166a
པ་དང་དངོས་གྲུབ་གསུངས་སུ་ཟིན་ཀྱང་གསང་བའི་དོན་བསྒོམ་པར་ཀུན་རྫོབ་ཏུ་ཡང་མི་འདོད་ཅིང་དེ་ལ་རྒྱབ་ཀྱིས་ཕྱོགས་པའོ། །གསང་བ་འདི་ནི་མི་རིགས་ཏེ། །ཞེས་བྱ་བ་ནི་གང་འདོད་པའི་འདམ་དུ་བྱིང་ཞིང་སེམས་རྩེ་གཅིག་པ་དང་བྲལ་བ་གང་ཡིན་པ་དེ་ལ་ཡང་བསྒོམས་པའི་འབྲས་
བུ་མི་འབྱུང་བས་ན་དེ་ལྟ་བུ་དེ་དག་ལ་གསང་བའི་དོན་འདི་མི་རིགས་སོ་ཞེས་གསུངས་པ་ཡིན་ནོ། །སེམས་ཅན་ཀུན་ལ་ཕན་དོན་དུ། །དེ་བཞིན་ཆོ་ག་བཤད་པར་བྱ། །ཞེས་བྱ་བ་ལ་དེ་བཞིན་ཞེས་བྱ་བ་ནི་དེ་རྣམས་ཀྱི་དོན་དུ་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོ་ག་ནི་ཡོ་བྱད་ཀྱི་བྱེ་བྲག་སྟེ་ཕྱིའི་དོན་དང་
འབྲེལ་པ་རྣམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ་འདི་ནི་སྙིང་པོའི་ཡོ་བྱད་དང་ཆོ་ག་རྒྱས་པའི་རྒྱུད་ཡིན་ཏེ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་ཚིག་གི་ཁ་བསྐང་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །སྙིང་པོ་ཞེས་བྱ་བ་ནི་གང་སྙིང་ལ་ཡོད་
པའི་སྟོན་པ་སྟེ་ཡི་གེའི་ཚོགས་གང་ཡིན་པ་རྣམས་སོ། །དེ་ཡང་དགོས་པའི་དོན་མང་པོ་ལ་དགོས་པའི་རྐྱེན་དུ་བསྟན་པ་དེའི་ཡོ་བྱད་དང་ཆོ་ག་སྟེ་ཡོ་བྱད་ཅེས་བྱ་བའི་སྒྲས་ནི་སྙིང་པོ་དང་སྔགས་གཟུང་བའི་བྱེ་བྲག་དང་། བསྙེན་པའི་དུས་ན་བྱ་བའི་བྱེ་བྲག་དང་། སྒྲུབ་པའི་དུས་ན་བྱ་བའི་བྱེ་བྲག་གང་
ཡིན་པ་དེ་དག་ལ་ཡོ་བྱད་ཀྱི་སྒྲར་གསུངས་སོ། །ཆོ་ག་ནི་དེ་དག་ཉམས་སུ་བླང་བའི་གོ་རིམས་སོམོ། །རྒྱས་པ་ནི་གོ་རིམས་དེའི་རྒྱ་ཆེ་བ་ཉིད་དོ། །ཡོ་བྱད་དང་ཆོ་ག་རྒྱས་པ་དེ་གང་ཡིན་ཞེ་ན། ད་ནི་དཀྱིལ་འཁོར་ཆེན་མཐོང་ནས། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ་དང་པོར་བསྡུས་ནས་བསྟན་པ་
ཡིན་ནོ། །བཟླས་པ་བརྩམ་པར་བྱའོ་ཞེས་བྱ་བ་ནི་དེ་ལ་འདི་ནི་བཟླས་པའི་ཆོ་ག་བཤད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་སྟོན་ཏོ། །ཟླ་བ་བཞིར་ཞེས་བྱ་བ་འདིས་ནི་སྔར་བསྙེན་པའི་དུས་ངེས་པར་སྟོན་ཏོ། །གནས་ཇི་བཞིན་པར་འདུག་སྟེ་ཞེས་བྱ་བ་ནི་གང་དུ་འདུག་པ་དེ་ནི་དེའི་གནས་ཡིན་ཞིང་དེ་ནི་
བཟླས་པའི་ཁྱིམ་གྱི་ངེས་པ་སྟེ་གང་དུ་འདུག་པར་གནས་པ་ཇི་ལྟ་བ་བཞིན་དུ་འདུག་པའོ། །དུས་བཞིར་ཞེས་བྱ་བ་འདིས་ནི་བཟླས་བརྗོད་ཀྱི་དུས་སྟོན་ཏེ་ཐོ་རངས་དང་། ཉི་མ་གུང་དང་། སྲོད་དང་། མཚན་ཕྱེད་དེ་དུས་བཞིའོ། །བདུག་པ་ལ་སོགས་པས་ཆོ་ག་བཞིན་དུ་མཆོད་ནས་ཞེས་བྱ་བ་ནི་ཡོ་བྱད་
เล่ม ๕๖ · หน้า 166b
ཀྱི་ངེས་པ་སྟོན་པ་སྟེ་དེ་བཞིན་གཤེགས་པ་ཟློས་པ་རྣམས་ཀྱི་ནི་མཆོད་པ་བཞིའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མཆོད་པ་རྣམ་པ་བརྒྱད་དོ། །དེ་ལྟར་བདུག་པ་ལ་སོགས་པ་ཕྱག་རྒྱ་དང་ལྡན་པར་མཆོད་པ་བྱས་ལ་དེ་ནས་བསྟོད་པའི་མཆོད་པ་བྱ་སྟེ། བྱང་ཆུབ་སེམས་དཔའ་ཟློས་པ་རྣམས་ཀྱི་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པར་གསུངས་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ་དེ་བཞིན་གཤེགས་པ་ཟློས་པས་ནི་རྒྱུད་ཕྱི་མའི་རྣམ་པར་སྣང་མཛད་ཀྱི་མཚན་བརྒྱ་རྩ་བརྒྱད་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་པར་བསྟོད་དོ། །
དེའི་འོག་ཏུ་ཡང་ཕྱག་རྒྱ་བཞིས་ཕྱག་འཚལ་བའི་ཚུལ་གྱིས་ཕྱག་བྱས་ལ་བདག་ཉིད་དབུལ་བའི་མཆོད་པ་སྔགས་འདི་བཞིས་བྱ་བ་སྟེ་འདི་དག་ཐམས་ཅད་ནི་གོ་སླའོ། །དེ་ནས་འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་མ་བྲལ་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་གཟུགས་ལ་སོགས་པ་ཐམས་
ཅད་ལ་སྟེ། འདིས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ལ་གནས་པར་སྟོན་པ་ཡིན་ནོ། །དེ་ཡང་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལས། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །ཞེས་བྱ་བ་ལ་སོགས་པའི་དམ་ཚིག་གསུངས་པ་
ཡིན་ནོ། །ཁ་ཟས་ཀུན་དང་ཞེས་བྱ་བ་ནི་རིག་པའི་བརྟུལ་ཞུགས་ཀྱིས་ངེས་པ་མེད་པར་བསྟན་པ་ཡིན་ཏེ་ཀུན་འདོད་དང་། ན་ལེ་ཤམ་དཀར་པོ་དང་། ལ་ཕུག་དང་། བིལ་བ་དང་། ནིམ་པ་དང་། བུ་རམ་ལ་སོགས་པ་དགག་པར་གསུངས་པ་དེ་ལྟ་བུ་དེ་འདིར་མི་བྱའོ། །དེ་ལྟར་དེས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར།
འདོད་པ་ཀུན་ལ་ཉེར་སྤྱོད་ཅིང་། །ཞེས་བྱ་བ་གསུངས་ཏེ། ཁྱིམ་པ་ཞིག་ན་ཁྲུས་བྱས་ཏེ། །ཅི་འདོད་པའི་གོས་བགོ་བ་དང་ཙནྡན་ལ་སོགས་པས་ལུས་ལ་བྱུག་པ་དང་། སྤོས་ཀྱིས་བདུག་པ་དང་། མེ་ཏོག་གི་ཕྲེང་བ་མགོ་ལ་གདགས་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། ཅི་སྙེད་པའི་ཟས་ཟོས་ཏེ་
སྟན་རབ་ཏུ་འཇམ་པོ་ལ་འདུག་ནས་བསྒོམ་པའམ་བཟླས་པ་བྱའོ། །རབ་ཏུ་བྱུང་བ་ཞིག་ཡིན་ན་ཡང་ཆོ་གའི་སྤྱོད་པ་དང་མི་འགལ་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་ལ་སོགས་པས་བདག་ཉིད་ལེགས་པར་མངོན་པར་འདུས་བྱས་ལ་བསྒོམ་པ་དང་བཟླས་པ་བྱའོ། །དེ་ལྟར་འདོད་པ་ཀུན་ལ་ཉེ་
เล่ม ๕๖ · หน้า 167a
བར་སྤྱོད་པ་བྱས་ནས་བདག་ཉིད་སྙིང་པོའི་དོན་དུ་བསྒོམ་ལ་ཞེས་བྱ་བར་སྦྱར་ཏེ། བདག་ཉིད་བཟླས་པར་བྱ་བའི་སྙིང་པོའི་དོན་གང་ཡིན་པ་དེའི་འོག་ཏུ་བདག་ཉིད་ལྷག་པར་མོས་པས་བསྒོམ་པའོ། །སངས་རྒྱས་ཀྱི་གཟུགས་བརྙན་མདུན་དུ་ཚིག་ཙམ་གྱིས་ཀྱང་བསྒོམས་ལ་ཞེས་བྱ་བ་ནི་གཞག་
པར་སོམས་ཤིག་པའོ། །ཅི་དགའ་བར་བྱེད་ཅིང་ཞེས་བྱ་བ་ནི་ཁྱིམ་པ་ཞིག་ན་ཁྱིམ་གྱི་འཚོ་ཚིས་ལ་སོགས་པ་ཅི་འདོད་པའི་ལས་བྱེད་པ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བྱུང་བ་ཞིག་ན་དེས་ཀྱང་ཅི་འདོད་པའི་ལས་རྣམས་བྱེད་བཞིན་དུ་དུས་བཞིར་རྒྱུན་མི་འཆད་པར་བྱེད་པའོ། །རྡོ་རྗེའི་ཚིག་གིས་ལན་བརྒྱ་རྩ་
བརྒྱད་བཟླས་ན་ཞེས་བྱ་བ་ལ་རྡོ་རྗེའི་ཚིག་གིས་ཞེས་བྱ་བ་ནི་རྡོ་རྗེ་ཚིག་གི་སྒྲ་སྤངས་པའོ་ཞེས་གསུངས་པ་སྟེ། རྡོ་རྗེ་ཚིག་དེས་བཟླས་ན་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་སྟེ་མཉེས་པར་བྱ་བ་དང་དགུག་པ་དང་དབང་དུ་བྱ་བ་ལ་སོགས་པ་དང་དགོས་པ་ཕྲན་
ཚེགས་ཀྱི་ལས་གཞན་དག་ཀྱང་འགྲུབ་པར་འགྱུར་རོ། །ཡང་ཅི་སྟེ་བླ་ན་མེད་པའི་དངོས་གྲུབ་འདོད་ན་དེའི་ཕྱིར་རས་ཀྱི་ཆོ་ག་སྨོས་ཏེ་ཅི་སྙེད་པའི་རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲིས་ལ། དེའི་སེམས་དཔའ་ཆེན་པོ་བཞིའི་དཀྱིལ་འཁོར་གྱི་ཚུལ་དུ་ཞེས་བྱ་བ་ལ་དེའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་
པའིའོ། །སེམས་དཔའ་ཆེན་པོ་བཞི་ཞེས་བྱ་བ་འདི་ནི་འཁོར་ལོས་སྒྱུར་བ་བཞི་གཟུང་ངོ་། །དེ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ཚུལ་གྱིས་སོ། །ཁ་དོག་དང་རྒྱན་རྣམས་ཅི་དགའ་བར་བྱས་ཏེ་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྐུ་མདོག་དང་རྒྱན་རྣམས་
རྣལ་འབྱོར་པ་ཇི་ལྟར་མོས་པ་བཞིན་དུ་བྱ་བ་སྟེ། གང་གི་ཕྱིར། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་འགྱུར་བ། །ཐུགས་རྗེས་ནོན་པ་དེ་དང་དེར། །བརྩེ་བའི་བདག་ཉིད་སྟོན་པར་མཛད། །ཅེས་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བཅོམ་ལྡན་འདས་རྣམ་པར་
སྣང་མཛད་ཀྱི་ཕྱོགས་བཞིར་སེམས་དཔའ་ཆེན་པོ་འཁོར་ལོས་སྒྱུར་བ་བཞི་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བྲི་བར་བྱའོ། །རིགས་ཀྱི་ལྷ་མོ་རྣམས་གྲྭ་རྣམས་སུ་བྲི་བར་བྱའོ་ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པ་བཞིའོ། །ཡང་ན་རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་སྲུང་བ་
เล่ม ๕๖ · หน้า 167b
རྣམས་འཁོར་དུ་བྲི་བར་བྱའོ། །དེ་བཞིན་དུ་གསུམ་པ་དང་བཞི་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་དུ་གྱུར་པ་ཡིན་ནོ། །ཐམས་ཅད་དུ་རིགས་ཀྱི་ལྷ་རྣམས་དེ་བཞིན་དུ་སྒྲུབ་པ་པོའི་ལྷའི་དབང་དུ་བྱས་ནས་བྲི་བར་བྱ་སྟེ། མི་བསྐྱོད་པ་ཟློས་པས་ནི་མི་བསྐྱོད་པ་ལ་སོགས་པ་རང་གི་
འཁོར་རྣམས་ཀྱིས་བསྐོར་བ་བྲི་བར་བྱ་ཞིང་། ཐམས་ཅད་དུ་ཡང་རིགས་ཀྱི་ལྷ་རྣམས་དེ་བཞིན་དུ་དེ་བཞིན་གཤེགས་པའི་འཁོར་དུ་གྱུར་པའི་སེམས་དཔའ་ཆེན་པོ་བཞི་ཡང་དཀྱིལ་འཁོར་གྱི་ཚུལ་དུ་བྲི་བར་བྱའོ། །དེ་ལྟར་རས་ཀྱི་ཆོ་ག་ཟིན་པར་བྱས་ནས་དེ་ནས་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེར་
བྱས་ལ་བཟླས་པ་བྱ་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་སྔར་བཤད་པའི་དུས་བཞིར་མེ་ཏོག་ལ་སོགས་པས་མཆོད་པ་བྱ་བ་དང་། གནས་གཅིག་ཏུ་རྡོ་རྗེའི་ཚིག་གིས་བཟླས་པ་ཞེས་བྱ་བ་ལ་སོགས་པ་བྱའོ་ཞེས་སྟོན་ཏོ། །ཟླ་བ་བཞིའི་བར་དུ་བཟླ་བར་བྱའོ་ཞེས་བྱ་བ་ནི་ཇི་སྲིད་ཟླ་བ་བཞི་ལོན་
པ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱ་བ་སྟེ་འདི་ནི་སྔོན་དུ་བསྙེན་པའི་དུས་ཀྱི་ངེས་པའོ། །དེ་ནས་མཐར་མཆོད་པ་རྒྱ་ཆེན་པོ་བྱས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །དེ་ནས་ནམ་ལངས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་གྲུབ་པ་ཆེན་པོ་བཤད་ཟིན་ནས། ད་ནི་དེ་ནས་
ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་སྟོན་ཏེ། དེ་ནས། ཕྱག་རྒྱ་བསྒྲུབ་པར་འདོད་ན་ནི། །ཞེས་བྱ་བ་ནི་ཟློས་པ་པོ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་ལ་བྱའོ། །སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཞེས་པའི་སེམས་དཔའ་རྡོ་རྗེ་མ་སྨོས་པས་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་གཟུང་ངོ་། །འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི་གང་དང་གང་བསྒྲུབ་པར་འདོད་པ་དེས་དེ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །
དེ་བས་ན་དེས་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དེ་བཅིངས་ལ་སྔོན་དུ་བྱ་བ་ཐམས་ཅད་ཇི་སྐད་གསུངས་པ་བཞིན་དུ་བྱས་ནས་རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་ཅི་དགའ་བ་བཞིན་ཇི་ལྟ་བ་བཞིན་དུ་བཅིངས་ཤིང་བཀྲོལ་ཏེ། རྡོ་རྗེའི་ཚིག་གིས་འབུམ་བཟླས་པར་བྱའོ་ཞེས་བྱ་བ་ལ་ཅི་དགའ་བ་བཞིན་
เล่ม ๕๖ · หน้า 168a
དུ་ཞེས་བྱ་བ་ནི་ཁྱིམ་པ་ཞིག་ན་ཁྱིམ་གྱི་བྱ་བ་བྱེད་པ་དང་། རབ་ཏུ་བྱུང་བ་ཞིག་ན་རབ་ཏུ་བྱུང་བའི་བྱ་བ་བྱེད་བཞིན་དུའོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་པ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །བཅིངས་ཞེས་བྱ་བ་ནི་བཟླས་པའི་ཚེའོ། །བཀྲོལ་
ཞེས་བྱ་བ་ནི་ལྡང་བའི་ཚེའོ། །རྡོ་རྗེ་ཚིག་གིས་ཞེས་བྱ་བ་ནི་སྔར་བཤད་པའི་རྡོ་རྗེའི་ཚིག་གིས་སོ། །འབུམ་བཟླས་པར་བྱའོ་ཞེས་བྱ་བ་ནི་སྟོང་ཕྲག་བརྒྱ་ནི་འབུམ་མོ། །དེ་ལྟར་སྟོང་ཕྲག་བརྒྱར་བརྩིས་པ་བཟླས་ནས་ལག་པ་གཉིས་ཀས་ཕྱག་རྒྱ་བཅིངས་ཏེ་སེམས་ཀྱིས་དཀྱིལ་འཁོར་བྲིས་ལ་བཅོམ་ལྡན་འདས་
རྣམ་པར་སྣང་མཛད་ནས་བརྩམས་ཏེ་སྒོ་བ་རྣམས་ལ་ཐུག་གི་བར་དུ་སེམས་དཔའ་རེ་རེ་ནས་མངོན་སུམ་དུ་བྱ་ཞིང་སྔགས་བརྗོད་དོ། །དེ་ལྟ་བུ་ལན་གསུམ་བསྐོར་བ་དང་བརྒྱ་རྩ་བརྒྱད་ལྷག་པ་དང་བཅས་པ་བཟླས་པར་གྱུར་ཏེ་དེ་ལྟར་བརྩི་བར་བྱའོ། །དེ་ནས་མཐར་མཆོད་པ་ཅི་ནུས་བྱས་ལ་མཚན་ཐོག་ཐག་ཏུ་བཟླས་
བརྗོད་བྱའོ་ཞེས་བྱ་བར་སྦྱར་རོ། །འབུམ་བཟླས་པའི་མཐར་ངལ་བར་གྱུར་ན་ཅུང་ཟད་ཙམ་ཞིག་ཕྱག་རྒྱ་བཀྲོལ་ལ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ་ཞེས་བྱ་བ་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་བྱས་ལ་སྙིང་པོ་བརྗོད་ཅིང་ལྕེ་ལ་རྡོ་རྗེ་བསམས་ཏེ་བཟླས་པ་བྱའོ། །དེ་ནས་
ཕྱག་རྒྱ་འབར་ཞིང་འབབ་ལ་འཕར་ཞིང་སྨྲ་བར་འགྱུར་རོ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་མཚན་མ་ཡིན་ཏེ། ཕྱག་རྒྱ་བཅིངས་པ་དེ་འབར་རམ་འཕར་བའི་མཚན་མ་བྱུང་ན་དངོས་གྲུབ་དམ་པར་འགྱུར་རོ། །བབས་ན་ཅི་འདོད་པའི་གཟུགས་སུ་འགྱུར་བ་སྟེ་སངས་རྒྱས་ཀྱི་གཟུགས་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ཀྱི་
གཟུགས་སུ་སྟོན་པའི་བར་དུ་འགྱུར་ཏེ། ཕྱག་རྒྱ་བཅིངས་ལ་གང་གི་གཟུགས་སུ་བྱ་བར་འདོད་པ་དེའི་གཟུགས་སུ་བདག་ཉིད་ཡིན་པར་བསམས་ན། དེའི་ཚེ་བདག་ཉིད་ལྷའི་གཟུགས་ཡིན་པར་བདག་ཉིད་ཀྱིས་ཀྱང་མཐོང་ཞིང་གཞན་ལ་ཡང་སྟོན་པས་ན་ཅི་འདོད་པའི་གཟུགས་སུ་འགྱུར་བ་ཡིན་ནོ། །ཕྱག་རྒྱ་བསྒྲུབ་པའི་
དུས་སུ་འཕར་བར་གྱུར་ན་མི་སྣང་བའི་དངོས་གྲུབ་འབྱུང་བའི་ལྟས་ཡིན་ཏེ། དེ་ཡང་ཕྱག་རྒྱ་ཐོག་མར་དེ་བཅིངས་ལ་ལུས་རྡུལ་ཕྲ་རབ་ཏུ་རྣམ་པར་བཤིག་ཅིང་བསྒོམས་ནས་བདག་ནི་ནམ་མཁའོ་ཞེས་བསྒོམས་ན་ཇི་སྲིད་ནམ་མཁའ་སྒོམ་པ་དེ་སྲིད་ཕ་རོལ་གྱིས་མི་མཐོང་བར་འགྱུར་རོ། །ཕྱག་རྒྱ་བསྒྲུབ་
เล่ม ๕๖ · หน้า 168b
པའི་དུས་སུ་སྨྲ་བར་འགྱུར་བས་ནི་འབབ་པ་དང་བཅིང་བ་དང་། དབང་དུ་བྱ་བ་དང་། གདོན་རྣམས་ཚར་གཅོད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །བཅིངས་མ་ཐག་ཏུ་ཕྱག་རྒྱ་ཐམས་ཅད་ཀྱིས་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་དངོས་གྲུབ་རྣམ་པ་བཞི་ཆར་གྱི་ལས་ཀྱི་
སྤྱིའི་མཚན་ཉིད་ཡིན་ཏེ། གང་གི་ཕྱིར་འདི་ནི་དམ་ཚིག་གི་ཕྱག་རྒྱ་ཡིན་པའི་ཕྱིར་དེ་གྲུབ་ན་དམ་ཚིག་གི་ཕྱག་རྒྱ་འདི་བཅིངས་པ་ཙམ་གྱིས་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བྱེད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཐམས་ཅད་བྱེད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་
གསུངས་སོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པ་སྟོན་ཏེ། དེ་ནས་ཏིང་ངེ་འཛིན་བསྒྲུབ་པར་འདོད་ན་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་དམ་ཚིག་གི་ཕྱག་རྒྱའི་རྗེས་ལ་ཆོས་ཀྱི་ཕྱག་རྒྱ་སྟོན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ་དེ་ཡང་ཆོས་ཀྱི་
ཕྱག་རྒྱ་ཡིན་ལ་ཏིང་ངེ་འཛིན་དེ་རྣམས་ཀྱང་རྣམ་པ་མང་བས་གལ་ཏེ་རྣལ་འབྱོར་པས་དེ་བསྒྲུབ་པར་འདོད་ན་ནི་དེས་རྡོ་རྗེ་ཕྲ་མོ་ནས་བརྩམས་ཏེ་ཞེས་བྱ་བ་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་པས་དང་པོར་སེམས་བརྟན་པར་བྱས་ཏེའོ། །ཏིང་ངེ་འཛིན་གང་དགའ་བ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་དང་།
བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་སྔར་བསྟན་པ་རྣམས་སོ། །དེའི་སྙིང་པོའི་རྣལ་འབྱོར་གྱི་ཚུལ་དུ་ཟླ་བ་བཞིའི་བར་དུ་བསྒོམས་ལ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །སྙིང་པོའི་རྣལ་འབྱོར་ཞེས་བྱ་བ་ནི་སྙིང་པོའི་དོན་ལ་ཞེས་བྱ་བའི་དོན་ཏོ། །ཟླ་བ་བཞིའི་བར་དུ་ཞེས་བྱ་བ་ནི་
དུས་ཀྱི་ངེས་པ་སྟོན་པ་སྟེ་དེ་དང་པོར་སེམས་བརྟན་པར་བྱས་ཟིན་པའི་ཕྱིར་རོ། །བསྒོམས་ལ་ཞེས་བྱ་བ་ནི་གོམས་པར་བྱས་པའོ། །དེ་ནས་མཐར་ཐོག་ཐག་སྐྱིལ་མོ་ཀྲུང་མི་བཤིག་པར་སྙོམས་པར་ཞུགས་ཏེ་འདུག་པར་བྱའོ་ཞེས་བྱ་བ་ལ་མཐར་ཞེས་བྱ་བ་ནི་ཟླ་བ་བཞིའི་མཐར་རོ། །སྙོམས་པར་ཞུགས་ཏེ་འདུག་པར་
བྱའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་འདིས་ཟླ་བ་བཞིའི་བར་དུ་བསྒོམ་པའི་ཏིང་ངེ་འཛིན་དེ་བསྒོམས་ནས་དེ་ནས་ནམ་ལངས་པ་དང་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །འདི་སྐད་སྟོན་ཏེ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དེ་མངོན་སུམ་དུ་གྱུར་པ་དང་།
เล่ม ๕๖ · หน้า 169a
སངས་རྒྱས་རྗེས་སུ་དྲན་པ་དེའི་སྟོབས་ཀྱིས་དེར་གཏོགས་པའི་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱང་མངོན་སུམ་དུ་འགྱུར་རོ། །དེ་ལྟར་མངོན་སུམ་དུ་གྱུར་པ་དང་དེ་ནས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་པའོ། །ད་ནི་དེ་ནས་ཞེས་
བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་སྟོན་ཏེ། དེ་བཞིན་དུ་བཟླས་ཤིང་ཟླ་བ་གཅིག་གི་བར་དུ་བསྒྲུབས་ལ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་ཏེ། ཕྱག་བཞི་བྱས་ནས་མེ་ཏོག་དང་། དྲི་ལ་སོགས་པས་དུས་བཞིར་མཆོད་པ་དང་། རྡོ་རྗེ་ཚིག་གིས་བརྒྱ་རྩ་བརྒྱད་བཟླས་པ་ལ་སོགས་པ་གཟུང་ངོ་། །ཟླ་
བ་གཅིག་གི་བར་དུ་དེ་ལྟར་བསྒྲུབས་པའི་མཇུག་ཏུ་དེ་ནས་མཐར་མཚན་གཅིག་ཐོག་ཐག་ཏུ་བཟླས་པ་བྱའོ་ཞེས་བྱ་བ་ནི་སྒྲུབ་པའི་དཀྱིལ་འཁོར་བྲིས་ལ་མཆོད་པ་ཅི་ནུས་པ་བྱའོ། །དེ་ནས་ལས་ཐམས་ཅད་ཀྱི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་དེ་ནས་ཞེས་
བྱ་བ་ལ་སོགས་པས་ལས་སྟོན་ཏེ། ལན་གཅིག་བརྗོད་པ་ཙམ་གྱིས་བདག་བསྲུང་བ་ནི་གོ་ཆ་བཅིང་བ་ཞེས་འོག་ནས་སྟོན་པ་དང་སྦྱར་རོ། །དེ་བཞིན་དུ་གཞན་བསྲུང་བ་དང་གྲོང་དང་གྲོང་ཁྱེར་བསྲུང་བ་ནི་གོ་ཆ་ཆེན་པོ་བཅིང་བ་ལ་སོགས་པས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཕྱོགས་བཅིང་བ་དང་། མཚམས་བཅིང་བ་དང་ས་
བཅིང་བ་ལ་སོགས་པ་བསྡུའོ། །དབབ་པ་ཡང་ཙནྡན་དྲི་ཞིམ་པོས་ཞེས་བྱ་བ་ལ་དྲི་འཕེལ་ནི་བ་ར་ད་ན་ཞེས་བྱ་བའི་ཙནྡན་ཏེ་དེ་བདར་བས་ལག་པ་བསྐུ་ཞིང་སྣོད་ཀྱི་ཁར་ཡང་བཞག་ལ་དེ་ཉིད་ཆུའི་ནང་དུ་བླུགས་པའི་ཆུ་སྣོད་ཀྱི་ཁར་བརྡེག་པ་དང་། དེ་ཉིད་ཀྱིས་བདུག་པ་བྱ་སྟེ་དེ་ལྟར་ན་འབབ་པར་འགྱུར་བ་ཡིན་ནོ། །གདོན་གྱིས་
ཟིན་པ་དང་གདོན་གྱིས་མ་ཟིན་པ་ཞེས་བྱ་བ་ལ་ཟིན་པ་ནི་རིམས་ལ་སོགས་པས་ཐེབས་པའོ། །མ་ཟིན་པ་ནི་ཐ་མལ་པའོ། །ད་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་དབབ་པ་སྟོན་ཏེ། བཅིངས་ན་བྱས་པའམ་བླུགས་པའི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་ལ་སོགས་པ་འབབ་པར་འགྱུར་རོ། །བབས་ནས་བུམ་པ་ལ་
སོགས་པ་ནོར་སྟོར་བ་ལ་སོགས་པའི་གནས་སུ་འགྲོ་བ་དང་། བུམ་པ་ལ་སོགས་པ་ཕྱག་རྒྱའི་རང་གི་ལས་རྣམས་བྱེད་པའོ། །གལ་ཏེ་སྒྱུ་མའི་ལས་ཀྱང་བྱེད་པར་འདོད་ན་རྨ་བྱའི་མཇུག་མའི་ནང་དུ་རྡོ་རྗེ་བཅུག་སྟེ་བཅིངས་ལ། དེ་ནས་རྨ་བྱའི་མཇུག་མ་དེ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱས་མནན་ལ་དེ་བཞིན་
เล่ม ๕๖ · หน้า 169b
གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བབ་ཀྱི་བར་དུ་བཟླས་པ་བྱའོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱའོ། །ཕྱག་རྒྱ་བབ་པའི་མཚན་ཉིད་འདི་ནི་དངོས་གྲུབ་ཀྱི་མཚན་མ་སྟེ། གཉིས་པ་ནི་དེ་ནས་རྨ་བྱའི་མཇུག་མ་ལས་གཟུགས་སྣ་ཚོགས་པ་སྣང་
བར་འགྱུར་ཏེ་ཞེས་བྱ་བ་འདིས་སྟོན་ཏོ། །དེ་ཕྱིན་ཆད་རྨ་བྱའི་མཇུག་མ་དེས་གཟུགས་ཐམས་ཅད་ཡང་དག་པར་སྟོན་ཏོ། །ཇི་ལྟ་ཞེ་ན། མཇུག་མ་དེ་བསྐོར་བ་དེས་བདག་ཉིད་དམ་གཞན་གྱི་གཟུགས་ཐམས་ཅད་སྣང་བར་འགྱུར་རོ་ཞེས་བྱ་བ་སྟེ། བདག་གམ་ཕ་རོལ་པོ་གང་དང་གང་གི་གཟུགས་སུ་སྟོན་པར་འདོད་
པ་དེ་དང་དེའི་གཟུགས་སུ་བདག་གམ་ཕ་རོལ་ཡིད་ཀྱིས་བསམས་ཤིང་མཇུག་མ་བསྐོར་ན་དེ་ནས་འཇིག་རྟེན་པ་རྣམས་ཀྱིས་དེ་བཞིན་དུ་མཐོང་སྟེ་འཇིག་རྟེན་པའི་སྒྱུ་མའི་ལས་རྣམས་ཀྱང་སྟོན་ཏོ། །མཇུག་མ་དེ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་བརྙན་ཡང་སྟོན་ཏོ་ཞེས་བྱ་བ་ནི་
འཇིག་རྟེན་ལས་འདས་པའི་སྒྱུ་མའི་ལས་རྣམས་ཀྱང་སྟོན་པ་ནི་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། མདོ་སྡེ་དག་ལས་སངས་རྒྱས་ཀྱི་ཞིང་གི་འཇིག་རྟེན་ཇི་སྐད་བཤད་པ་དང་། ཕྱོགས་གང་དང་གང་དུ་མདོ་ལས་ཇི་སྐད་སྨོས་པ་རྣམས་ཀྱི་ཕྱོགས་དེ་དང་དེར་སངས་རྒྱས་
ཀྱི་ཞིང་ཡོངས་སུ་དག་པ་ཇི་ལྟ་བུ་ཡིན་པ་ཡིད་ཀྱིས་བསམས་ལ་སྔགས་ལན་ཅིག་བརྗོད་དེ་ཕྱོགས་དེར་མཇུག་མ་དེས་བྱབས་ནས་སངས་རྒྱས་ཀྱི་ཞིང་ལ་སོགས་པའི་འཇིག་རྟེན་གྱི་ཁམས་དེ་དག་དེ་བཞིན་དུ་མཐོང་བར་འགྱུར་རོ། །དེ་ནས་དབང་དུ་བྱེད་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་ལ་
དབང་དུ་བྱ་བ་བྱེད་པར་འདོད་ན་དེའི་ཚེ་སེམས་དཔའ་གང་ཡང་རུང་བའི་ཕྱག་རྒྱ་བཅིངས་ལ་ཡོ་བྱད་དང་ཆོ་ག་ཇི་ལྟར་གསུངས་པ་བཞིན་དུ་བྱ་སྟེ་ཕྱག་རྒྱ་དེ་ནམ་འབར་བར་གྱུར་གྱི་བར་བཟླས་པ་བྱའོ། །སྔ་མ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་བསྟན་པ་ཡིན་ལ་འདི་ནི་སེམས་དཔའི་ཕྱག་རྒྱ་བསྟན་པ་ཡིན་ཏེ་བྱེ་བྲག་ནི་དེ་ཡོད་དོ། །
སྔོན་དུ་བསྙེན་པ་དང་སྒྲུབ་པའི་ཆོ་ག་ནི་གོང་དུ་བཤད་པ་དང་འདྲ་སྟེ། །ཟླ་བ་གཅིག་དང་སྔགས་བརྒྱ་སྟོང་བཟླས་པ་ཉི་ཚེ་བྱེ་བྲག་ཡོད་དུ་ཟད་དོ། །དེ་ནས་མཇུག་ཏུ་ཡང་བསྒྲུབ་པའི་དཀྱིལ་འཁོར་དུ་དེ་བཞིན་དུ་བྲིས་ལ་མཆོད་པ་རྒྱ་ཆེན་པོ་ཅི་ནུས་པ་བྱ་སྟེ་དེར་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །ལྷག་མ་རྣམས་ནི་གོ་
เล่ม ๕๖ · หน้า 170a
སླའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་སྟོན་ཏེ། དེ་ལ་དང་པོ་ནི་སྔར་བསྙེན་པ་བྱ་སྟེ་ཞེས་བྱ་བ་ནི་དཀྱིལ་འཁོར་མཐོང་བ་དང་དབང་ཐོབ་པ་དང་སྔགས་མནོས་པ་དང་རང་གི་
རྟོག་པའི་ཆོ་ག་ལ་ཤིན་ཏུ་མཁས་པས་གནས་གཅིག་ཏུ་གནས་ཏེ། ལྷའི་གནས་ལེགས་པར་བརྟགས་པས་ཡོ་བྱད་རྣམས་ཚོགས་པ་དང་ལྡན་པས་ན་སྔར་བསྙེན་པར་བྱའོ། །ཇི་ལྟ་ཞེ་ན། དེ་ལྟར་ཇི་ལྟར་འདོད་པ་བཞིན་དུ་ཞེས་བྱ་བ་སྟེ་དེ་ལྟར་ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང་། གསང་བའི་དཀྱིལ་
འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་ཅི་ནུས་པར་དུས་བཞིར་རྒྱུན་མི་ཆད་པར་བྱས་ལ། ཇི་ལྟར་འདོད་པ་བཞིན་དུ་ཞེས་བྱ་བ་ལ་བྱ་བ་ཐམས་ཅད་ཀྱང་དེ་བཞིན་དུའོ། །ཡི་གེ་འབྲུ་འབུམ་བཟླས་པར་བྱའོ་ཞེས་བྱ་བ་ནི་བཟླས་པར་བྱ་བའི་སྔགས་ཀྱི་ཡི་གེ་འབྲུ་དུ་ཡོད་པའི་འབུམ་ཕྲག་དེ་སྙེད་བཟླས་བརྗོད་བྱའོ་
ཞེས་སྟོན་པ་ཡིན་ནོ། །མཐར་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་མཆོད་པ་རྒྱ་ཆེན་པོ་ཅི་ནུས་པ་བྱ་སྟེ་གསང་བའི་བསྐུལ་བས་བཅོམ་ལྡན་འདས་ལ་བསྐུལ་བ་ལ་སོགས་སྔོན་དུ་བྱ་བ་ཐམས་ཅད་བྱས་ནས་མཐར་མཚན་ཐོག་ཐག་བཟླས་པ་བྱས་ན་དེ་ཕྱིན་ཆད་དངོས་གྲུབ་ཐོབ་པར་མ་གྱུར་ཀྱང་བཟླས་པ་ཙམ་གྱིས་སེམས་ཅན་
ཐམས་ཅད་ལ་ཕན་གདགས་པ་དང་ཆད་པས་གཅད་ནུས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་པའོ། །འོན་ཏེ་བསྒྲུབ་པར་འདོད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་ལ་དེས་ཇི་ལྟ་བ་བཞིན་དུ་རི་མོའི་སྐུ་གཟུགས་བྲིས་ལ་ཞེས་བྱ་བ་ནི་དཔའ་བོ་གཅིག་པོ་ཇི་སྐད་དུ་བཤད་པའི་མཚན་
ཉིད་དང་ལྡན་པའམ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང་། འཇོམ་ལ་སོགས་པ་གསང་བའི་མཆོད་པ་བཞི་དང་བདག་དང་དགུར་བྱ་བ་སྟེ་བསྟེན་པ་སྔར་དང་པོ་བྱས་ནས་དེ་ནས་གདོང་རས་ལ་རི་མོ་བྲི་བར་བྱའོ། །དེ་ནས་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་དབེན་པའི་ཕྱོགས་སུ་མཆོད་པ་གོང་མ་བཞིན་དུ་བྱའོ། །
ཟླ་བ་གཅིག་འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་ཞེས་བྱ་བ་འདིས་ནི་སྔ་མ་བཞིན་རིག་པའི་བརྟུལ་ཞུགས་ཀྱི་ངེས་པ་མེད་པར་སྟོན་ཏོ། །ཅི་དགའ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི་ཁྱིམ་གྱི་བྱ་བ་ཐམས་ཅད་བྱེད་བཞིན་དུ་ཡང་ཞེས་བྱ་བའི་དོན་ཏོ། །བརྒྱད་སྟོང་དུ་བཟླས་པ་དུས་བཞིར་རྡོ་རྗེའི་ཚིག་གིས་
เล่ม ๕๖ · หน้า 170b
ཟློས་ཤིང་ཞེས་བྱ་བ་ནི་དེར་ཁྲོ་བོའི་ཚིག་གིས་བཟླས་པར་བྱ་སྟེ་དུས་བཞིར་བརྒྱད་སྟོང་རྩ་བརྒྱད་བཟླ་བར་ནུས་པ་ནི་མི་སྲིད་པས་ན་ཡུལ་གང་དུ་བརྒྱད་སྟོང་རྩ་བརྒྱད་ཅེས་སྨོས་པ་དེར་ཁྲོ་བོའི་ཚིག་ཏུ་བཟླས་པ་ཡིན་པར་ཤེས་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །སེམས་དཔའ་ལྷག་མ་རྣམས་བསྒྲུབ་པ་
ཡང་ཚུལ་འདི་ཁོ་ན་ཉིད་ཀྱིས་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་བསྟན་ཟིན་ནས། ད་ནི། ཅི་སྟེ་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཡང་། །ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་སྟོན་ཏེ། ཅི་སྟེ་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཡང་། །ཇི་ལྟ་བ་བཞིན་དུ་བཟླས་པ་བྱས་ལ་ཞེས་བྱ་བ་ནི་བཤད་
མ་ཐག་པའི་ཆོ་གས་སྔོན་དུ་བསྙེན་པ་བྱས་ལ་བསྒྲུབ་པའི་དཀྱིལ་འཁོར་བྲིས་ནས་དེ་བཟླས་པ་སྔ་མ་བཞིན་དུ་ཟླ་བ་གཅིག་བྱ་སྟེ། ཟླ་བ་གཅིག་གི་བར་དུ་དཀྱིལ་འཁོར་སླར་གཤེགས་སུ་མ་གསོལ་བ་ཉིད་དུ་དགོས་པ་ཐམས་ཅད་བྱེད་བཞིན་དུ་ཡང་དུས་བཞིར་བྱའོ། །ཟླ་བ་གཅིག་གི་བར་དུ་རྡོ་རྗེ་ཧཱུཾ་མཛད་
ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །འདིར་དངོས་གྲུབ་ཀྱི་མཚན་མ་སྨོས་སུ་ཟིན་ཀྱང་འདིར་དངོས་གྲུབ་ཀྱི་མཚན་མ་གང་ཡང་རུང་བ་གཅིག་ངེས་པར་འབྱུང་བར་ཤེས་པར་བྱའོ། །དེ་ནས་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནམ་མཁའ་
ལ་འགྲོ་བ་ལ་སོགས་པའི་དངོས་གྲུབ་ཀྱི་ལས་སྟོན་ཏེ། དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱའི་ལས་ཇི་སྙེད་པ་དེ་དག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་གཅིག་པུའི་ལས་ཡིན་པར་སྟོན་ཏོ། །དེ་ཡང་ནམ་མཁའ་ལ་འགྲོ་བ་ནས་བརྩམས་ཏེ་དབབ་པ་ལ་ཐུག་པའི་བར་དེ་དག་གི་དམ་
ཚིག་གི་ཕྱག་རྒྱའི་ལས་སོ། །འདིར་རང་གི་ལས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་མོད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ལས་ཐུན་མོང་མ་ཡིན་པ་རྣམས་ཀྱང་འདིས་བྱེད་དོ། །དགུག་པ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའི་ལས་ཡིན་ཏེ་དགུག་པ་ནས་བརྩམས་ནས་སྦྱང་བའི་བར་དུ་ནི་རེ་རེ་ཞིང་སེམས་དཔའ་
རེ་རེ་ཕྱག་རྒྱའི་ལས་ཡིན་པར་ཤེས་པར་བྱའོ། །བཅད་པ་དང་དབྱེ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་ལས་ཡིན་ནོ། །དེ་ནས་ཡང་ཚིག་བཞི་ནི་སེམས་དཔའ་བཞི་པོ་རེ་རེའི་ལས་བསྟན་པ་ཡིན་ནོ། །རྨོངས་པ་དང་། གནན་པ་དང་། བསྡིགས་པ་དང་། གསད་པ་བཞི་ནི་རྡོ་རྗེ་གནོད་སྦྱིན་གྱི་ལས་སོ། །
เล่ม ๕๖ · หน้า 171a
སེམས་ཅན་ཐམས་ཅད་རྒྱས་གདབ་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ལས་ཡིན་ཏེ་དེ་ཡང་སྐུ་གསུང་ཐུགས་རྡོ་རྗེ་རྣམས་གཅིག་ཏུ་བྱེད་པས་ན་བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིས་འགྲོ་བ་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་རྒྱས་འདེབས་པའི་ཕྱིར་རོ། །འདོད་པའི་དགའ་བའི་རོལ་པ་ལ་
འཇུག་པ་ནི་རྡོ་རྗེ་སྒེག་མོའི་ལས་ཡིན་ཏེ་འདོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ལ་དེར་དགའ་བ་ནི་མགུ་བའོ། །དེ་བཞིན་དུ་རོལ་པ་ནི་སྤྲུལ་པ་མང་པོ་སྟོན་པས་དེ་ལ་འཇུག་པའི་ཕྱིར་འདོད་པའི་དགའ་བའི་རོལ་པ་ལ་འཇུག་པའོ། །དབང་བསྐུར་བ་ནི་ཕྲེང་བ་མའི་ལས་ཡིན་ཏེ་གསོད་པ་དང་
དབང་དུ་བྱེད་པ་ཡང་ཕྲེང་བ་མའི་ལས་ཡིན་ནོ། །དངོས་པོ་ཐམས་ཅད་གླུ་ལེན་དུ་གཞུག་པ་ནི་རྡོ་རྗེ་གླུ་མའི་ལས་སོ། །གར་བྱེད་དུ་གཞུག་པ་ནི་རྡོ་རྗེ་གར་མའི་ལས་སོ། །དེ་བཞིན་དུ་རྡོ་རྗེ་བདུག་པ་མ་ལ་སོགས་པའི་ལས་ནི་ཚིམ་པར་བྱེད་པ་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །དགུག་པ་ནི་རྡོ་རྗེ་ལྕགས་ཀྱུའི་
ལས་སོ། །གཞུག་པ་ནི་རྡོ་རྗེ་ཞགས་པའི་ལས་སོ། །བཅིང་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ལས་སོ། །དབབ་པ་ནི་རྡོ་རྗེ་དྲིལ་བུའི་ལས་ཡིན་ཏེ་དེ་ལྟར་ན་དབབ་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་ཕྱག་
རྒྱ་བསྒྲུབ་པར་སྟོན་ཏེ། དེས་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཏིང་ངེ་འཛིན་ནས་བརྩམས་ནས་དེ་བསྒོམ་ཞིང་ཞེས་བྱ་བ་ལ་དེས་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་པ་གང་ཡིན་པའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཏིང་ངེ་འཛིན་ནས་བརྩམས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་དང་པོར་བྱས་པ་ནས་བྱང་ཆུབ་སེམས་
དཔའ་བཅུ་དྲུག་པོ་རྣམས་ཀྱི་ཏིང་ངེ་འཛིན་རྣམས་གཟུང་བར་བྱའོ། །བསྒོམ་པ་ནི་གོམས་པར་བྱ་བའོ། །དེ་བཞིན་དུ་བཟླས་པའི་ཚུལ་གྱིས་ཞེས་བྱ་བ་ནི་གང་ཡང་རུང་བ་སྔར་སྨྲས་པའི་ཚུལ་གྱིས་སོ། །ཟླ་བ་གཅིག་གི་བར་དུ་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནི་དང་པོ་སྔར་བསྙེན་པ་བྱས་ཤིང་མཚན་མ་རྙེད་པ་དེ་ཉིད་ཀྱིས་
དེ་ནས་མཐར་ཏིང་ངེ་འཛིན་དེ་ཉིད་ཀྱིས་མཚན་ཐོག་ཐག་ཏུ་བཟླས་པ་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཉིད་འདིར་ལས་ཀྱི་ཕྱག་རྒྱར་གསུངས་སོ། །ད་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ལས་བསྒྲུབ་པ་སྟོན་ཏེ། དེ་བཞིན་དུ་བཟླས་ཤིང་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་
เล่ม ๕๖ · หน้า 171b
སོ། །འདིར་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྔོན་དུ་བསྙེན་པ་དང་ཟླ་བ་གཅིག་གི་བར་དུ་བསྒྲུབ་པ་དང་། མཚན་ཐོག་ཐག་བསྒྲུབ་པ་རྣམས་སྔར་བཤད་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །དེ་ནས་ལས་ཐམས་ཅད་འགྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་
ཏེ། ལས་དེ་ཡང་སྲུང་བ་ལ་སོགས་པའི་ལས་རྣམས་བྱེད་པ་ཡིན་ནོ། །རྡོ་རྗེ་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཡོ་བྱད་སྟོན་ཏེ། །དེ་ལ་དང་པོ་ཁོ་ནར་སྔར་བསྙེན་པ་བཤད་དེ་འབུམ་བཟླས་པ་བྱས་ན་སྔར་བསྙེན་པ་བྱས་པར་
འགྱུར་རོ། །སྔར་བསྙེན་པའི་ཆོ་ག་བྱས་ནས་སྒྲུབ་པ་འབྱུང་སྟེ་དེ་ལ་ཐོག་མ་ཉིད་དུ་རེ་ཞིག་རས་ལ་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་འདུལ་བ་ལ་སོགས་པ་སྒྲུབ་པ་པོས་ལྷ་རི་མོར་བྲི་བར་བྱའོ། །དེའི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་བཞིའི་ཚུལ་དུ་སེམས་དཔའ་ཆེན་པོ་བཞི་བྲིའོ། །གྲྭ་རྣམས་
སུ་ལྷ་མོ་རྣམས་བྲིའོ་ཞེས་བྱ་བ་ནི་མཚམས་བཞིར་སྒེག་མོ་ལ་སོགས་པ་བཞི་བྲི་བར་བྱའོ། །དེ་ནས་བཟླས་པའི་ཆོ་ག་དེ་བཞིན་དུ་རྒྱས་པར་བྱས་ལ་ཟླ་བ་གཅིག་གི་མཚན་ཐོག་ཐག་ཏུ་བཟླས་པ་བྱའོ། །དུས་ཇི་བཞིན་པར་ཞེས་བྱ་བ་ནི་ནང་པར་རོ། །ལྷག་མ་རྣམས་ནི་གོ་སླའོ། །དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་
ལ་ཇི་ལྟ་བ་བཞིན་དུ་བཅིངས་ཤིང་བཀྲོལ་ཏེ་ངལ་བསོ་བ་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟ་བ་བཞིན་དུ་འགྲོ་བ་ཐམས་ཅད་འདུལ་བར་བྱེད་དོ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྟོན་པར་བྱེད་དོ། །ལྷག་མ་རྣམས་ནི་གོ་སླའོ། །ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པའི་དབང་དུ་བྱ་བ་ལ་ཡང་
ཏིང་ངེ་འཛིན་གྱི་ཚུལ་ཞེས་བྱ་བ་སྨོས་པས་ཆོས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཉིད་གཟུང་ངོ་། །ཇི་ལྟ་བུར་དགའ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གང་ལ་དམིགས་ན་མྱུར་བ་ཉིད་དུ་སེམས་རྩེ་གཅིག་པར་འགྱུར་བའི་ཏིང་ངེ་འཛིན་དེས་བཟླས་པ་འདི་བྱ་བའོ། །དེ་ནས་ནམ་ལངས་པ་དང་ཏིང་ངེ་འཛིན་
ཐམས་ཅད་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བ་སེམས་བརྟན་པོར་གྱུར་པའི་ཏིང་ངེ་འཛིན་ལ་དམིགས་ན་སྒོ་བརྒྱར་ཡང་སྣང་བ་དང་། མངོན་དུ་གྱུར་ནས་སྒོ་འབུམ་ཡང་སྣང་བར་འགྱུར་ཏེ། དེ་ལྟར་ཏིང་ངེ་འཛིན་མངོན་དུ་བྱས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ལས་བསྒྲུབ་པ་ནི་གོ་སླའོ། །
เล่ม ๕๖ · หน้า 172a
དེ་ལྟར་ན་པདྨོའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་སྟོན་ཏེ། མདོར་ན་ཕྱག་རྒྱ་བཞི་དང་པོར་བྱས་ལ་སྔོན་དུ་བསྙེན་པ་འབུམ་བཟླས་པ་བྱའོ། །དེ་ནས་རས་ལ་རི་མོ་བྲི་བར་བྱ་སྟེ་དེ་ཡང་བཅོམ་
ལྡན་འདས་དོན་ཐམས་ཅད་གྲུབ་པ་དཀྱིལ་འཁོར་བཞིའི་ཚུལ་དུ་བྲི་བའམ། འདྲིར་གཞུག་པར་བྱ་ཞིང་སེམས་དཔའ་བཞིས་བསྐོར་བ་དང་། སྒེག་མོ་ལ་སོགས་པ་ལྷ་མོ་བཞིས་ཀྱང་བསྐོར་བ་བྲི་བར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ཡང་ཆོས་ཀྱི་རྡོ་རྗེ་མའི་ཚུལ་གྱིས་
ཞེས་བྱ་བ་ནི་ཆོས་རྡོ་རྗེ་མའི་ཕྱག་རྒྱའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་བཅིང་བ་དང་ངལ་ན་དགྲོལ་བ་དང་། དུས་བཞིར་སྟོང་རྩ་བརྒྱད་བཟླས་པ་དང་། མཚན་ཐོག་ཐག་བཟླ་བ་ལ་སོགས་པ་སྔར་བཤད་པ་བཞིན་དུ་གཟུང་ངོ་། །རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བསྒྲུབས་ན་བསམ་པ་ཐམས་ཅད་ཀྱི་
ལས་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཅི་འདོད་པའི་ལས་རྣམས་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ནོར་བུའི་ཡེ་ཤེས་བསྒྲུབ་པར་འདོད་ན་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པ་སྟོན་ཏེ། དེས་དེ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་འབྱུང་བའི་ཏིང་ངེ་འཛིན་ཇི་ལྟ་བུའི་རིམ་པ་བཞིན་དུ་བསྒོམ་པར་བྱ་སྟེ་ཞེས་
བྱ་བ་ལ་རིན་པོ་ཆེ་འབྱུང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ནོ། །དེ་གང་ནས་འབྱུང་ཞིང་འཐོན་པའི་ཏིང་ངེ་འཛིན་དེ་ནི་རྡོ་རྗེ་རིན་པོ་ཆེ་འབྱུང་བའི་ཏིང་ངེ་འཛིན་ཏོ། །དེ་ཡང་ཇི་ལྟ་བའི་རིམ་པ་བཞིན་དུ་བསྒོམ་པར་བྱ་བ་ཡིན་ཏེ་ཇི་ལྟ་བའི་རིམ་པ་བཞིན་ནི་གོ་རིམས་ཇི་ལྟ་བའོ། །དེ་ཉིད་ཀྱང་དངོས་པོ་མེད་པ་ཞེས་
བྱ་བ་ལ་སོགས་པས་སྟོན་ཏེ། རང་གི་ངོ་བོ་གང་ཕ་རོལ་རྣམས་ལ་རག་ལས་པ་མ་ཡིན་ཞིང་རང་གི་རང་བཞིན་ལས་མི་འགྱུར་བ་དེ་ནི་དོན་དམ་པར་དེའི་རང་བཞིན་ནོ། །ཀུན་རྫོབ་ཀྱི་རང་བཞིན་ཡང་རྒྱུ་དང་རྐྱེན་དང་བཅས་པས་བསྐྱེད་ཅིང་དོན་གྱི་བྱ་བ་བྱེད་ནུས་པས་ས་ལ་སོགས་པའི་འབྱུང་བ་གང་
ཡིན་པ་རྣམས་སོ། །གང་ལ་རྣམ་པ་འདི་གཉི་གའི་རང་བཞིན་མེད་ཅིང་ངོ་བོ་ཉིད་དང་བྲལ་བ་དེ་ནི་དངོས་པོ་མེད་པའོ། །དེ་བས་ན་གང་གི་ཕྱིར་དེ་ལྟར་དངོས་པོ་མེད་པའི་ནམ་མཁའ་ལས་རིན་པོ་ཆེ་ཇི་ལྟར་འབྱུང་། རིན་པོ་ཆེ་ཡང་དེ་ལྟ་བུ་ཡིན་ན་དེ་ལས་བྱང་ཆུབ་སེམས་དཔའི་སྐུར་ཇི་ལྟར་
เล่ม ๕๖ · หน้า 172b
འབྱུང་ཞེས་པའོ། །དོན་གྱིས་ན་འདི་སྐད་སྟོན་ཏོ། །དངོས་པོ་འདི་རྣམས་ནི་རྣམ་པར་རྟོག་པ་ཙམ་ལ་རག་ལུས་པ་ཡིན་ཏེ། དེ་བས་ན་གང་ཅུང་ཟད་ཅིག་རྣམ་པར་བརྟགས་ལ་རྣམ་པར་བརྟགས་ནས་ཀྱང་བསྒོམ་ལ་བསྒོམས་ནས་ཀྱང་བརྟན་པར་གྱུར་ན་བདག་དང་གཞན་རྣམས་ལ་དེ་བཞིན་དུ་སྣང་བར་
འགྱུར་རོ། །ཇི་ལྟར་གོང་དུ་སྨོས་པ་བཞིན་དུ་ཞེས་བྱ་བ་ནི་ཕྱག་བཞི་བྱས་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཅི་དགའ་བ་བཞིན་དུ་དབང་བསྐུར་བར་འགྱུར་རོ་ཞེས་བྱ་བ་ནི། རྒྱལ་པོར་དབང་བསྐུར་བའམ་རིག་འཛིན་གྱི་རྒྱལ་པོར་དབང་བསྐུར་བའམ་ཆོས་ཀྱི་
རྒྱལ་པོར་དབང་བསྐུར་བའོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ལས་བསྒྲུབ་པ་བཤད་དེ་ཞེས་བྱ་བ་ལ་སོགས་པ་ཡང་གོ་སླའོ། །དེ་ལྟར་ནོར་བུའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་རྫོགས་སོ།། །།གང་དུ་ནི་རྟོག་པ་དང་རིགས་ཀྱི་ཕྱག་རྒྱའི་དབྱེ་བས་ཡོ་བྱད་དང་ཆོ་ག་རྒྱས་པ་གསུངས་པ་
ཡིན་ལ། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རིགས་ཐམས་ཅད་ཀྱི་ཐུན་མོང་གི་ཡོ་བྱད་དང་ཆོ་ག་རྒྱས་པར་སྟོན་ཏེ། དེ་ལ་དང་པོར་སྙིང་པོ་ཐམས་ཅད་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་སྟོན་ཏོ། །སྙིང་ལ་ཡིད་ལ་རེ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པར་གྱུར་ཅིག་ཅེས་བརྗོད་ལ་ཞེས་བྱ་བ་ནི་སྙིང་འདི་ལའམ་ཡིད་
ལ་རེ་བ་རྣམས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སྦྱར་རོ། །སུ་ཞིག་གི་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །འདི་ཡང་ཉེ་བར་མཚོན་པ་བརྡ་སྤྲོད་པ་ཙམ་དུ་ཟད་ཀྱི་དོན་དུ་ན་འདི་སྐད་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་
ཐུགས་ལ་དགོངས་པ་ཐམས་ཅད་གྲུབ་པར་གྱུར་ཅིག་ཅེས་པ་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་མ་འདྲེས་པ་དང་ཡོངས་སུ་དག་པ་དང་། འཇིག་རྟེན་པ་རྣམས་ཀྱི་ཡིད་ལ་རེ་བ་རྣམས་ཀྱང་གྲུབ་པར་གྱུར་ཅིག་ཅེས་པའོ། །ཟློས་པ་པོས་དེ་སྐད་བརྗོད་ལ་སྙིང་པོ་ཅི་དགའ་བར་བཟླས་
ཤིང་བསྒྲུབ་པའི་ཆོ་ག་བྱའོ་ཞེས་བྱ་བ་ནི་སྔར་གསུངས་པའི་ཚུལ་གྱིས་སྙིང་པོ་ཟློས་པས་སེམས་ཅན་ཐམས་ཅད་ཀྱི་རེ་བ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་འདི་ཙམ་ཞིག་སྔར་སྨྲས་པའི་ཡོ་བྱད་དང་ཆོ་ག་རྒྱས་པ་ལས་ལྷག་པར་ཟད་དོ། །ད་ནི་ཕྱག་རྒྱའི་ཡོ་བྱད་དང་ཆོ་ག་རྒྱས་པ་སྟོན་ཏེ་ཕྱག་རྒྱ་སྒྲུབ་པས་
เล่ม ๕๖ · หน้า 173a
སྔར་བསྙེན་པའི་དུས་དང་། བསྒྲུབ་པའི་དུས་སུ་ཐོག་མ་ཁོ་ནར་བཀྲ་ཤིས་པའི་ཚིག་འོག་ནས་འབྱུང་བ་བརྗོད་པར་བྱ་སྟེ་འདི་ཉིད་ནི་ཡོ་བྱད་དོ། །ཆོ་གའི་ཚུལ་ཡིན་པས་ན་ཆོ་གའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་ཕྱག་རྒྱ་ཐམས་ཅད་བདག་ལ་དགའ་བར་གྱུར་ཅིག་ཅེས་བྱའོ། །དེའི་
ཚིག་ནི་འདི་ཡིན་ཏེ་ཐོག་མར་བརྗོད་ལ་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །ཅི་དགའ་བར་ཞེས་བྱ་བ་ནི་ཅི་འདོད་པར་ཞེས་བྱ་བའི་དོན་ཏོ། །ཅི་ནུས་ཀྱིས་བཟླས་པ་བྱའོ་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་དམ་གྲངས་མེད་པར་བཟླས་པ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཇི་ལྟ་བ་བཞིན་དུ་
དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་སོ། །ད་ནི་སྔགས་ཐམས་ཅད་ཀྱི་ཡོ་བྱད་དང་ཆོ་ག་སྟོན་ཏེ། སྔགས་ཐམས་ཅད་ཀྱི་སྤྱིའི་ཚིག་གྲུབ་པའི་མཚན་ཉིད་ལ་ཡོ་བྱད་ཅེས་བཤད་དོ། །ཇི་ལྟར་ཞེ་ན། སྤྲོས་པ་མེད་པའི་ཚིག་གྲུབ་པར་གྱུར་ཅིག་ཅེས་བྱ་བ་སྟེ།
སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྤྲོས་པ་ནི་ཡི་གེ་དང་རྣམ་པར་རྟོག་པ་རྣམས་ཏེ་ཚིག་གང་དེ་ཐམས་ཅད་བྲལ་བར་གྱུར་པ་དེ་ནི་སྤྲོས་པ་མེད་པའི་ཚིག་གོ། །དེ་སངས་རྒྱས་ཐམས་ཅད་ཀྱི་གྲུབ་པར་གྱུར་ཅིག་པ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་སྤྲོས་པ་
ཐམས་ཅད་རབ་ཏུ་ཞི་བའི་མཚན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྟར་རྟོག་པ་མི་མངའ་ཡང་སྔོན་ལེགས་པར་སྦྱངས་པའི་ཤུགས་ཀྱིས་ཉན་པ་པོ་རྣམས་ཀྱི་རྣ་ལམ་དུ་ཆོས་ཐོས་པར་འགྱུར་ཞིང་། གང་དང་གང་ཡིན་པའི་དོན་ཇི་ལྟ་བ་དེ་དང་དེ་ལྟ་བུར་གྲག་པ་
དང་། སྒྲ་ཡང་དེ་དང་དེ་ལྟ་བུར་གྱུར་པ་དེ་ནི་སྤྲོས་པ་མེད་པའི་གསུངས་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བདག་ལ་སྐྱེ་བར་གྱུར་ཅིག་ཅེས་སྨྲས་ལ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུ་ལ་སོགས་པ་སྟེ་ཐུན་མོང་མ་ཡིན་པར་ཤེས་པར་བྱ་སྟེ་དེ་སྐད་
བརྗོད་ལ་སྔགས་བཟླ་བར་བྱའོ། །ད་ནི་ཀྱེ་མ་ཞེས་བྱ་བ་ལ་སོགས་པས་རིག་པའི་ཡོ་བྱད་དང་ཆོ་ག་སྟོན་ཏེ། ཀྱེ་མ་སེམས་ཅན་འདི་དག་ཐམས་ཅད་ནི་མ་རིག་པས་མདོངས་པར་གྱུར་ཅེས་བྱ་བ་ལ་ཀྱེ་མ་ཞེས་བྱ་བ་ནི་སྐྱེ་བའོ། །མ་རིག་པ་ནི་མི་ཤེས་པའོ། །དེས་མདོངས་པ་ནི་ཤེས་རབ་
เล่ม ๕๖ · หน้า 173b
ཀྱི་མིག་བཀག་པར་གྱུར་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིག་པ་སྟེ་རྟོགས་ཤིང་སྡོམ་པར་གྱུར་ཏོ་ཞེས་སྨྲས་ལ་ཞེས་བྱ་བ་ལ་རིག་པ་ནི་ཡེ་ཤེས་སོ། །དེ་ཐུགས་སུ་ཆུད་ཅིང་ཞེས་བྱ་བ་ནི་རིག་པ་མཁྱེན་པར་གྱུར་པའོ། །དེའི་སྡོམ་པར་གྱུར་པ་ནི་རྒྱུར་གྱུར་ཅིང་རྩ་བར་གྱུར་ཏོ་ཞེས་བརྗོད་
པའོ། །རིག་པ་ཅི་དགའ་བར་བཟླས་ཤིང་ཞེས་བྱ་བ་ནི་རིག་པ་གང་འདོད་པ་བཟླ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟོན་ཏོ། །ཇི་ལྟར་དགའ་བ་ཉིད་དུ་ཞེས་བྱ་བ་ཅི་དགའ་བར་རོ། །རྡོ་རྗེ་བཟླས་པའི་ཆོ་ག་
རྒྱས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་ཇི་ལྟར་ཞེ་ན་སེམས་དཔའ་གང་གི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བཟླས་པའི་དོན་བསྒྲུབ་པར་བྱ་བ་དེ་ནི་བདག་གམ་སེམས་དཔའ་བསྒོམས་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་སྙིང་པོ་དང་ཕྱག་རྒྱ་དང་། སྔགས་དང་། རིག་པ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་བདག་དེ་
ལྟར་འགྱུར་བའི་དོན་དེ་བསྒྲུབས་ན་སྐལ་བ་དང་ལྡན་པར་འགྲུབ་པར་འགྱུར་རོ། །སེམས་དཔའ་ཞེས་བྱ་བ་ནི་ཟློས་པའི་ལྷ་གང་ཡིན་པ་དེ་སྙིང་པོ་དེའི་དོན་དུ་བསྒྲུབ་ཅིང་བསྒོམ་པར་བྱ་བ་ཡིན་ཏེ། དེ་ལྟ་བུས་ཀྱང་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཕྱག་
རྒྱའི་དོན་ནི་རང་གི་ལས་ཏེ་རང་གི་ལས་ཅན་གྱི་ཕྱག་རྒྱ་གང་ཡིན་པའི་ཕྱག་རྒྱ་དེས་ལས་དེ་བདག་ཉིད་བསྒྲུབ་པར་བསྒོམ་པའམ་སེམས་དཔའ་བསྒོམ་པར་བྱའོ། །ད་ནི་རིགས་ཐམས་ཅད་ཐུན་མོང་དུ་བསྒྲུབ་པའི་ཆོ་ག་རྒྱས་པ་སྟོན་ཏེ། དེ་ལ་དང་པོ་ཁོ་ནར་དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་
གཤེགས་པ་རྣམས་ཀྱི་རིགས་ཀྱི་དངོས་གྲུབ་སྟོན་ཏེ་འདི་དག་ནི་ཕལ་ཆེར་གོ་སླའོ། །གང་འདིར་ཐེ་ཚོམ་དུ་གྱུར་པ་ཅུང་ཟད་ཡོད་པ་དེ་བཤད་པར་བྱ་སྟེ་དངོས་གྲུབ་ཆེན་པོ་ཞེས་བྱ་བ་ནི་དངོས་གྲུབ་དམ་པ་ཡིན་པར་ཤེས་པར་བྱའོ། །དང་པོ་ལྷའི་རྣལ་འབྱོར་བྱས་ནས་ནོར་འགྲུབ་པ་ལ་སོགས་པ་བྱའོ། །
རང་གི་ཏིང་ངེ་འཛིན་གྱིས་གཏེར་གྱི་གནས་དེར་རྡོ་རྗེའི་ལྟ་བས་བལྟས་ན་ཞེས་བྱ་བ་ལ་རང་གི་ཏིང་ངེ་འཛིན་ནི་རང་གི་ལྷའི་རྣལ་འབྱོར་ཏེ་དེ་བྱས་ནས་གཏེར་གྱི་གནས་ཀྱི་ཚུལ་ཤེས་པར་བྱས་ལ་དབེན་པའི་གནས་སུ་སྲུང་བའི་ཆོ་ག་སྔར་གསུངས་པས་བསྲུང་བ་དང་ལྷ་མཆོད་པ་དང་གཏོར་མ་སྦྱིན་པའི་
เล่ม ๕๖ · หน้า 174a
ཆོ་ག་ལ་སོགས་པ་བྱས་ནས་བཟླས་པ་བྱས་ཏེ་དེའི་འོག་ཏུ་སྒོམ་པ་མངོན་སུམ་དུ་བྱས་ལ་རྡོ་རྗེའི་ལྟ་བས་གཏེར་གྱི་གནས་དེ་བལྟ་བར་བྱའོ། །རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་དེ་བཅིངས་ནས་སྙིང་པོ་ཡང་བརྗོད་ལ་གཏེར་གྱི་བུམ་པ་ལ་སོགས་པ་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་པར་ཡིད་ཀྱིས་
བསམ་མོ། །ཇི་ལྟར་དགའ་བ་ཉིད་དུ་བླངས་ན་ཞེས་བྱ་བ་ནི་བཞི་ཆའམ་སུམ་ཆའམ་ཕྱེད་དམ་རངས་པར་བླང་བའོ། །སིདྡྷི་སིདྡྷི་ཞེས་བྱ་བ་ནི་བཀྲ་ཤིས་པའི་ཚིག་ཡིན་ཏེ། འདི་ཐོག་མར་བརྗོད་ལ་དེ་ནས་སྒྲུབ་པ་ལ་སོགས་པའི་ལས་རྣམས་བྱའོ། །ཆུའི་སྟེང་ན་ཕར་འགྲོ་ཞིང་། །ཞེས་བྱ་བ་ནི་ཆུས་ལ་
སོགས་པའི་རྣམ་པར་བསྒོམ་སྟེ། གང་སྔར་ནམ་མཁའ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་ཉིད་ནི་འདིའི་འགྲེལ་པ་ལྟ་བུ་ཡིན་ནོ། །དཔག་ཚད་སྟོང་ཁོར་ཡུག་གི་ཞེས་བྱ་བ་ནི་ནང་ནས་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་ནི་
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་རིག་འཛིན་གྱི་དངོས་གྲུབ་སྟོན་ཏེ་སྒྲུབ་པ་ན་བཛྲ་བིདྷཱ་དྷ་ར་ཞེས་བྱ་བ་ནི་བཀྲ་ཤིས་པའི་ཚིག་ཡིན་པས་སྔར་བསྙེན་པ་བྱེད་པའི་ཚེ་ཐོག་མ་ཉིད་དུ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་འཛིན་ཞེས་བྱ་བ་ནི་
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །ད་ནི་དངོས་གྲུབ་ཆེན་པོའི་སྒྲུབ་པ་སྟོན་ཏེ། བདག་ཉིད་ཕྱག་རྒྱའི་སྙིང་པོའི་དོན་བསྒྲུབ་ཅེས་བྱ་བ་ནི་སྙིང་པོས་དོན་གང་སྟོན་པའི་རང་གི་སེམས་དཔའི་གཟུགས་སུ་བདག་ཉིད་རྣམ་པར་གནས་པར་བྱས་ལ་བཟླ་བར་བྱ་བའི་སྙིང་པོའི་དོན་བྱེད་བཞིན་དུ་བདག་
ཉིད་ཕྱག་རྒྱའི་གཟུགས་སུ་བསྒྲུབ་པ་སྟེ་དེ་ལ་སོགས་པ་གཞན་ཐམས་ཅད་ནི་གོ་སླའོ། །ཚེའི་ཚད་མ་ལུས་ཤིང་ལུས་པ་མེད་པའི་བསྐལ་པ་ཆེན་པོའི་ཚད་དུ་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ན་ཚེའི་ཚད་ལུས་པ་མེད་པའི་བསྐལ་པ་ཆེན་པོའི་ཚད་དུ་འགྱུར་རོ་ཞེས་པའོ། །འདི་
སྐད་སྟོན་ཏེ། འཇིག་རྟེན་གྱི་ཁམས་གང་དང་གང་དུ་སྐྱེས་པ་དེ་དང་དེར་བསྐལ་པ་ཆེན་པོའི་ཚད་ཀྱི་ཚེར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་
เล่ม ๕๖ · หน้า 174b
འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པར་གཏོགས་པའི་དངོས་གྲུབ་བཞི་ཡིན་པས་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་བོ། །དེ་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་དང་། དབང་
བསྐུར་བ་ཐམས་ཅད་ཀྱི་དངོས་གྲུབ་དང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་དང་དངོས་གྲུབ་དམ་པ་རྣམས་སོ། །དེ་ལས་ཐོག་མར་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྟོན་ཏོ། །དེ་ནས་
ཧཱུཾ་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། གང་གིས་ཐ་མལ་པར་གྱུར་པ་ལྟར་མི་འཇིགས་པར་བྱས་ལ་ཧཱུཾ་ཞེས་བྱ་བས་གཟུགས་དེ་བསྒྲུབ་པར་བྱའོ། །བཀའ་ཉན་ཅིང་དབང་དུ་འགྱུར་རོ་ཞེས་བྱ་བ་ནི་བཀའ་ཉན་ཅིང་རང་དབང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཕྱིན་ཆད་འཇིག་རྟེན་གསུམ་
པོ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་མ་ལུས་པའི་བདག་པོ་རྡོ་རྗེ་འཛིན་པ་ལྟ་བུ་གཉིས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལ་འགྲོ་ཞིང་འཇིག་རྟེན་གསུམ་པོའི་འཁོར་ལོ་ཐམས་ཅད་ཀུན་དུ་བསྐོར་ཏེ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ཡིན་
པས་ན་འཇིག་རྟེན་གསུམ་སྟེ། སའི་འཇིག་རྟེན་ནི་གང་ས་ལ་གནས་པའི་སེམས་ཅན་རྣམས་སོ། །ས་བླའི་འཇིག་རྟེན་ནི་བར་སྣང་ལ་སྤྱོད་པ་རྣམས་སོ། །མཐོ་རིས་ཀྱི་འཇིག་རྟེན་ནི་གཞལ་ཡས་ཁང་གི་གནས་ན་འཁོད་པའི་ལྷ་གང་ཡིན་པ་རྣམས་ཏེ་འཇིག་རྟེན་གསུམ་པོ་དེ་དག་ཉིད་འཁོར་ལོ་
ཡིན་པས་ན་འཇིག་རྟེན་གསུམ་པོའི་འཁོར་ལོ་ཐམས་ཅད་དོ། །དེ་ཀུན་དུ་བསྐོར་བ་ནི་ཀུན་དུ་རྒྱུ་ཞིང་འགྲོ་བ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ལ་བཀའ་སྩོལ་ཅིག་ཅེས་བྱ་བ་ནི་བཀའ་བསྒོ་བ་ཙམ་གྱིས་བྱ་བ་ཐམས་ཅད་ལ་ངེས་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གོ་
སླའོ། །སྔ་མ་ནི་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཀྱི་འབྲས་བུ་ཤིན་ཏུ་ཕུལ་དུ་བྱུང་བར་གསུངས་པ་ཡིན་ལ། ད་ནི་འདི་ནས་གཟུགས་བརྙན་སྐད་འབྱིན་པར་འགྱུར་ན་དངོས་གྲུབ་ཀྱི་མཚན་མ་སྟེ། དེ་ནི་ཕལ་བ་ཡིན་པའི་ཕྱིར་ཁྱད་པར་ནི་དེ་ཡོད་དོ། །ད་ནི་ཕྱག་རྒྱ་ཞེས་
เล่ม ๕๖ · หน้า 175a
བྱ་བ་ལ་སོགས་པས་དབང་བསྐུར་བ་ཐམས་ཅད་ཀྱི་དངོས་གྲུབ་སྟོན་ཏེ་ཕྱག་རྒྱ་བསྒྲུབ་ཅེས་བྱ་བ་ནི་འདས་མ་ཐག་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བཤད་དོ། །ད་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་རིན་པོ་ཆེའི་ཕྱག་རྒྱ་དང་པོར་
བདག་ཉིད་བསྐུར་ལ་ཞེས་བྱ་བ་ནི་སྤྱིར་བཤད་པ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་གང་ཡང་རུང་བ་རྣམས་སྒྲུབ་པའི་ཚེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེའི་ཕྱག་རྒྱས་དང་པོ་ཉིད་དུ་བདག་ཉིད་དབང་བསྐུར་བར་བྱའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་དབང་བསྐུར་བའི་རིན་པོ་ཆེའི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་སྟེ་དེས་དེ་བཞིན་གཤེགས་པ་རྣམས་དབང་བསྐུར་བར་བྱའོ། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བ་དོན་དུ་གཉེར་བ་རྣམས་ཀྱིས་ནི་བྱིན་
གྱིས་རློབ་པ་དང་། དབང་བསྐུར་བ་ལ་སོགས་པ་རྣམས་ཀྱིས་རང་གི་ལྷའི་རྣལ་འབྱོར་དུ་བྱས་ལ་དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །དང་པོར་ཞེས་བྱ་བ་ནི་བཟླས་བརྗོད་དང་སྒོམ་པའི་དུས་ལས་དང་པོར་ཡིན་གྱི། རང་གི་ལྷའི་རྣལ་འབྱོར་དུ་བྱེད་པ་ལས་དང་པོ་
ནི་མ་ཡིན་ཏེ་འདི་ནི་ཆོ་ག་ཐ་དད་པ་ཉིད་ཡིན་པའི་ཕྱིར་རོ། །དོན་གྱི་དངོས་གྲུབ་དང་རྫུ་འཕྲུལ་གྱི་དངོས་གྲུབ་དང་རིག་འཛིན་གྱི་དངོས་གྲུབ་དང་ཞེས་བྱ་བ་ལ་སོགས་པ་ནི་བཀྲ་ཤིས་པའི་ཚིག་ཡིན་པར་མཚུངས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ནས་སྦྱོར་བ་འདིས་གྲུབ་པ་དང་དབང་བསྐུར་བ་རྣམ་པ་
བཞིར་འགྱུར་བ་ནི་འཁོར་ལོས་སྒྱུར་བ་རྣམ་པ་བཞིའི་འབྲས་བུ་སྦྱིན་པར་བྱེད་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་དེ་ཡང་ཞེས་བྱ་བ་ལ་སོགས་པས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་སྟོན་ཏེ། བདེ་བ་ནི་ལུས་ཀྱི་བདེ་བ་སྟེ་དབང་པོ་ལྔ་ལས་བྱུང་བ་དེ་དེས་མྱོང་བའོ། །ཡིད་བདེ་བ་ནི་ཡིད་
ཀྱིས་མྱོང་བ་སྟེ་དེ་གཉི་གའི་ཡང་དངོས་གྲུབ་ཡིན་པས་བདེ་བ་དང་ཡིད་བདེ་བའི་དངོས་གྲུབ་པོ། །ཇི་ལྟ་ཞེ་ན། འདི་ལྟར་རྟག་ཏུ་གསང་བའི་མཆོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ན་ཞེས་བྱ་བ་གསུངས་ཏེ། གསང་བའི་མཆོད་པ་ནི་སྒེག་མོ་ལ་སོགས་པ་བཞི་དང་། གསང་བའི་མཆོད་
เล่ม ๕๖ · หน้า 175b
པ་བཅུ་དྲུག་གསང་བའི་དཀྱིལ་འཁོར་དུ་གསུངས་པ་གང་ཡིན་པ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་བྱས་ན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་གཟུང་གི་དེ་བཞིན་གཤེགས་པ་རྣམས་ནི་མ་ཡིན་ཏེ། དེ་ལ་གསང་བའི་མཆོད་པ་
རྣམས་ཀྱིས་མཆོད་ན་བདེ་བ་དང་ཡིད་བདེ་བ་འགྲུབ་པར་འགྱུར་རོ། །ད་ནི་དངོས་གྲུབ་དམ་པ་སྟོན་ཏེ་དེ་ཡང་འདི་ལྟར་རྡོ་རྗེ་འཛིན་པ་དང་ཞེས་བྱ་བ་གང་ཡིན་པའོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་སུ་གཏོགས་པའི་དངོས་གྲུབ་སྟོན་ཏེ་དེ་ཡང་རྣམ་པ་བཞི་སྟེ་མཉེས་པར་བྱ་བ་དང་། དབང་དུ་
བྱ་བ་དང་། བསྲུང་བ་དང་། པདྨོའི་དངོས་གྲུབ་རྣམས་སོ། །དེ་ལས་ཀྱང་མཉེས་པར་བྱ་བའི་སྒྲུབ་པ་དང་པོར་བཤད་དེ། ཇི་ལྟར་པདྨོའི་འདོད་པ་བསྒོམས་ན་ཞེས་བྱ་བ་ལ་པདྨའི་འདོད་ཆགས་ཡིན་པས་ན་པདྨོའི་འདོད་པ་སྟེ་བསྒྲུབ་པར་བྱ་བའི་སྙིང་ལ་པདྨ་དམར་པོ་བསམས་ལ་དེའི་ཆགས་པས་དེ་མཉེས་པར་
བྱའོ། །དེ་ལྟར་པདྨོ་ཇི་ལྟ་བ་བཞིན་དུ་བསྒོམ་པ་ཡིན་ཏེ་དེ་ལྟར་ན་སྦྱོར་བ་འདིས་ཐམས་ཅད་མཉེས་པར་བྱེད་ནུས་པར་འགྱུར་རོ། །བདག་ཉིད་འཇིག་རྟེན་དབང་ཕྱུག་རྗེས་སུ་དྲན་པར་བྱས་ན་ཞེས་བྱ་བ་ནི་བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམས་ལ་བསྒྲུབ་པར་བྱ་བའི་སྙིང་དུ་ཞུགས་ཏེ་དེའི་ངོ་བོ་ཉིད་དུ་བྱེད་ན་
སེམས་ཅན་ཐམས་ཅད་དབང་དུ་བྱེད་ནུས་པར་འགྱུར་རོ། །འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ཏེ་བྱམས་པས་འགེངས་པར་ཤར་ཕྱོགས་ནས་བརྩམས་ལ་ཕྱོགས་བཞི་དང་མཚམས་རྣམས་དང་། བླ་འོག་གི་ཕྱོགས་བཅུ་ཆར་དུ་རིམ་གྱིས་ཁྱབ་པར་བྱས་ཤིང་བསམ་པ་བརྟན་པས་སེམས་
ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བྱམས་པ་བསྒོམས་ན་དེ་ལྟ་བུས་སེམས་ཅན་ཐམས་ཅད་བསྲུང་བ་དང་སྦ་བ་དང་བསྐྱབ་ནུས་པར་འགྱུར་རོ། །དེ་ལ་བསྲུང་བ་ནི་མི་མ་ཡིན་རྣམས་སོ། །སྦ་བ་ནི་མི་རྣམས་ལས་མཚོན་ལ་སོགས་པ་མི་འབབ་པར་བྱེད་པའོ། །བསྐྱབ་པ་ནི་དགྲ་བོ་རྣམས་ཀྱི་
མིག་ལམ་དུ་གྱུར་པ་ལས་ཀྱང་མི་མཐོང་བར་བྱེད་པའོ། །ད་ནི་པདྨོའི་དངོས་གྲུབ་སྟོན་ཏེ་བདག་ཉིད་པདྨོའི་ཏིང་ངེ་འཛིན་དུ་ཞུགས་ལ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་གནས་ནས་སོ། །པདྨོའི་ལག་པར་བླངས་ཏེ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བཟུང་སྟེ་བདག་ཉིད་འཇིག་རྟེན་དབང་
เล่ม ๕๖ · หน้า 176a
ཕྱུག་ཏུ་བསྒོམས་ན་དེ་ནས་འཇིག་རྟེན་དབང་ཕྱུག་ཏུ་འགྲུབ་པར་འགྱུར་རོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་ནོར་བུའི་རིགས་ཀྱི་དངོས་གྲུབ་སྟོན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དངོས་གྲུབ་དང་གཟི་བརྗིད་ཀྱི་མཆོག་དང་། བསམ་པ་
ཐམས་ཅད་ཡོངས་སུ་རྫོགས་པ་དང་རིན་པོ་ཆེའི་དངོས་གྲུབ་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དངོས་གྲུབ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་སྟེ་ཅིའི་ཕྱིར་ཞེ་ན། ཉིད་ཀྱིས་དབང་བསྐུར་བ་དབུལ་བའི་ཕྱིར་རོ། །འདི་སྐད་སྟོན་ཏེ་བདག་ཉིད་
རྡོ་རྗེ་རིན་ཆེན་དུ་བསམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་དབུལ་བའོ། །སྔར་བསྙེན་པ་བྱེད་པའི་ཚེ་དཀོན་མཆོག་གསུམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མར་མེ་ཕུལ་བས་གཟི་བརྗིད་ཀྱི་མཆོག་འཐོབ་པར་འགྱུར་རོ། །ཅི་ནུས་
ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འགྲུབ་པ་འཐོབ་པར་འགྱུར་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གྲུབ་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བག་ཟན་ལ་སོགས་པ་ལས་བྱས་པའི་རིན་པོ་ཆེའི་གཟུགས་
བརྙན་ཙམ་དུ་ཡང་དབུལ་བ་དང་། དེ་བཞིན་གཤེགས་པ་རྣམས་ལ་རིན་པོ་ཆེ་དབུལ་བ་དང་རིན་པོ་ཆེ་བསྒོམས་པས་རིན་པོ་ཆེའི་དངོས་གྲུབ་ཏུ་འགྱུར་རོ། །དངོས་གྲུབ་འདི་དག་གིས་ཞེས་བྱ་བ་ནི་ཇི་སྐད་གསུངས་པ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ན་ཞེས་བྱ་བ་ནི་ཚོགས་ཡོངས་སུ་
རྫོགས་པར་བྱེད་པ་ནི་ཇི་ལྟར་མངོན་པར་འདོད་པས་དངོས་གྲུབ་རྣམས་འཐོབ་པར་འགྱུར་རོ། །དེ་དག་གིས་ནི་རིགས་དང་རྗེས་སུ་མཐུན་པའི་དངོས་གྲུབ་བསྟན་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་ཀྱི་སྤྱིའི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བསམས་པའི་དོན་ཚེགས་
ཆུང་ངུས་མྱུར་དུ་སྟོབས་པའི་ཕྱིར་ན་ཐབས་ཞེས་བྱ་སྟེ་ཤེས་རབ་ཀྱི་ཁྱད་པར་རོ། །དེ་ལྟ་བུའི་སེམས་ཀྱི་དངོས་གྲུབ་གང་ཡིན་པ་དེ་ནི་ཐབས་ཀྱི་དངོས་གྲུབ་སྟེ་དེ་སྟོན་པའི་གཞུང་ཡིན་པས་ན་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །འཇིག་རྟེན་འདུལ་བ་ཇི་ལྟ་བ། །ཞེས་བྱ་བ་ནི་གདུལ་བའི་རྣམ་པ་ཅི་དང་ཅི་ལྟ་
เล่ม ๕๖ · หน้า 176b
བུས་འཇིག་རྟེན་རྣམས་གདུལ་བར་འགྱུར་བ་གང་ཡིན་པ་དེ་ནི་འཇིག་རྟེན་འདུལ་བ་ཇི་ལྟ་བའོ། །དེ་དང་འདྲ་བར་དངོས་གྲུབ་འདོད། །ཅེས་བྱ་བ་ནི་དོན་གྱི་དངོས་གྲུབ་དང་རྫུ་འཕྲུལ་གྱི་དངོས་གྲུབ་དང་། རིག་འཛིན་གྱི་དངོས་གྲུབ་ལ་སོགས་པའོ། །གང་དུ་འདོད་ཅེ་ན་རྒྱུད་འདིར་རོ། །དངོས་གྲུབ་དེ་དག་འཐོབ་
པའི་ཐབས་ཀྱང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར། དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ། །ཞེས་བྱ་བ་སྟེ་ཕྱག་རྒྱ་ནི་རྣམ་པ་བཞིའོ། །ཐབས་དེ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར། དངོས་གྲུབ་ཆེན་པོ་ཀུན་སྦྱིན་ནོ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ན་ཕྱག་རྒྱ་ཐབས་ཆེན་པོ་ཡིན་ཞེ་ན་གང་གི་ཕྱིར་མཐོང་བ་དང་མ་མཐོང་བའི་
འབྲས་བུ་གང་ཅུང་ཟད་ཡན་ཆད་ཅི་བསྒྲུབ་པ་དེ་དག་ཐམས་ཅད་ཕྱག་རྒྱ་བཞིའི་སྦྱོར་བས་བྱེད་པའི་ཕྱིར་རོ། །ད་ནི་ཕྱག་རྒྱའི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་རྣམས་ཀྱི་ཐབས་ཡིན་པས་ན་ཕྱག་རྒྱའི་ཐབས་སོ། །དེས་དངོས་གྲུབ་འཐོབ་པའི་ཕྱིར་ཕྱག་རྒྱའི་ཐབས་ཀྱི་དངོས་གྲུབ་པོ། །རྒྱུད་
གང་དུ་སྟོན་པ་དེ་ནི་ཕྱག་རྒྱའི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ་སྟོན་པའོ། །ཐབས་དེ་ཡང་འཇིག་རྟེན་པ་རྣམས་དང་མི་མཐུན་པ་ཡིན་ཏེ། ཇི་ལྟ་ཞེ་ན། གང་གི་ཕྱིར། འཇིག་རྟེན་ཆགས་དང་བྲལ་བས་འདུལ། །ཞེས་བྱ་བ་སྟེ། ཆགས་བྲལ་ནི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་ཤིང་སྲེད་པ་དང་བྲལ་བའོ། །
ཆགས་པ་དང་བྲལ་བས་དེས་འཇིག་རྟེན་གང་འདུལ་བར་འགྱུར་བ་དེ་ནི། འཇིག་རྟེན་ཆགས་དང་བྲལ་བས་འདུལ། །ཞེས་བྱ་བ་སྟེ་དེའི་ཕྱག་རྒྱའི་དངོས་གྲུབ་མི་འདོད་དོ། །གལ་ཏེ་ཆགས་པ་དང་བྲལ་བས་འདུལ་བ་ཞིག་ཡིན་ན་ཡང་ཕྱག་རྒྱའི་དངོས་གྲུབ་ཅིའི་ཕྱིར་མི་འདོད་ན་དེའི་ཕྱིར། །ཕྱག་རྒྱའི་དངོས་
གྲུབ་ཆགས་ལས་སྐྱེས། །ཞེས་བྱ་བས་སྟོན་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རང་གི་ངོ་བོ་ལ་མཆོག་ཏུ་ཞེན་པ་དང་མཆོག་ཏུ་དགའ་བ་དང་མཆོག་ཏུ་སྲེད་པས་འགྲུབ་པར་འགྱུར་རོ། །དེ་ཉིད་ཆེན་པོ་བརྗོད་བྱ་སྟེ། །ཚིག་རེས་ཐམས་ཅད་བདག་ཡིན་པར། །ཞེས་བྱ་བ་ལ་
སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །འདི་ནི་ཐབས་གཅིག་ཡིན་ཏེ་འདི་ལྟ་སྟེ་ཕྱག་རྒྱའི་ཡུལ་ལ་མཆོག་ཏུ་ཞེན་པའོ། །དེ་ལྟ་བས་ན་ཐབས་གཉིས་པ་བསྟན་པ་ནི། དེ་ཡི་ཐབས་ནི་བསྒོམ་པ་སྟེ། །ཞེས་བྱ་བ་སྟེ། གང་གི་ཕྱིར་གང་གི་གཟུགས་སུ་བདག་ཉིད་ཞེན་པར་བསྒོམས་ན་དངོས་གྲུབ་ཀྱི་མཆོག་ཏུ་
เล่ม ๕๖ · หน้า 177a
འགྱུར་ཞེས་པ་སྟེ་ཐབས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་སྒོམ་པའི་རབ་ཀྱི་མཐར་ཕྱིན་པ་ལས་དོན་ཐམས་ཅད་གྲུབ་པར་གྱུར་ཏེ་དེ་བས་ན་ཕྱག་རྒྱ་རྣམས་ལ་ཞེན་པ་དང་། བདག་དེའི་ཚུལ་དུ་བསྒོམ་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱའི་ཐབས་ཀྱི་དངོས་གྲུབ་བསྟན་ནས།
ད་ནི་སྔགས་ཀྱི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྔགས་རྣམས་ཀྱི་ཐབས་གང་ཡིན་པ་དེ་ནི་སྔགས་ཀྱི་ཐབས་ཏེ་སྔགས་ཀྱི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་གང་དུ་སྟོན་པ་དེ་ནི་སྔགས་ཀྱི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །འཇིག་རྟེན་རྣམས་མང་དུ་ཉོན་མོངས་སུ་ཟིན་ཀྱང་སྔགས་ཀྱི་དངོས་གྲུབ་ཐོབ་པར་མི་
འགྱུར་བ་ཅིའི་ཕྱིར་ཞེ་ན་དེའི་ཕྱིར། བདེན་ལས་འཇིག་རྟེན་འདི་ཉམས་པས། །སྔགས་ཀྱི་དངོས་གྲུབ་ཐོབ་མི་འགྱུར། །ཞེས་བྱ་བ་གསུངས་ཏེ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་རྫོགས་ལྡན་གྱི་དུས་ན་ནི་བདེན་པ་བསྲུངས་པ་ཙམ་གྱིས་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་མངོན་པར་འདོད་
པའི་དོན་རྣམས་འགྲུབ་པར་འགྱུར་རོ་ཞེས་གྲག་གོ། །དུས་དེང་སང་གི་སྔགས་པ་ནི་མང་དུ་སྨྲ་བ་དང་སྤྲོས་པ་མངོན་པར་དགའ་བ་ཡིན་པས་ཤིན་ཏུ་ཉོན་མོངས་སུ་ཟིན་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་ལྟར་སྔགས་འགྲུབ་པར་བྱ་བའི་ཐབས་ཅི་ཞིག་ཡོད་ཅེ་ན་དེའི་ཕྱིར། སྤྲོས་པ་མེད་པའི་ཐབས་
ཀྱིས་ནི། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་བྱ་བ་གསུངས་སོ། །སྤྲོས་པ་མེད་པའི་ཐབས་ནི་མི་སྨྲ་བ་སྟེ་ཇི་ལྟར་འཇིག་རྟེན་པ་དག །མི་སྨྲ་དོན་དུ་སྒྲུབ་བྱེད་ཡིན། །ཞེས་ཟེར་བ་ལྟ་བུའོ། །དེས་ན་འདིར་སྔགས་གྲུབ་པའི་ཐབས་ནི་མི་སྨྲ་བ་ཡིན་པར་བསྟན་ཏོ། །ད་ནི་རིག་པའི་ཐབས་
ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རིག་པ་རྣམས་ཀྱི་ཐབས་ཡིན་པས་ན་རིག་པའི་ཐབས་ཏེ་ཐབས་གང་གིས་རིག་པའི་དངོས་གྲུབ་འཐོབ་པར་འགྱུར་བ་དེ་སྟོན་པར་བྱེད་པའི་རྒྱུ་ཡིན་པས་ན་རིག་པའི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །གང་གི་ཕྱིར་འཇིག་རྟེན་འདི་ན་འབད་པ་དང་ལྡན་དུ་ཟིན་ཀྱང་རིག་པ་
རྣམས་འགྲུབ་པར་མི་འགྱུར་བ་ནི། མ་རིག་མངོན་ཆགས་འདི་ལ་ནི། །ཞེས་བྱ་བ་སྟེ་འཇིག་རྟེན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་བས་ན་དེ་ལ། རིག་པའི་དངོས་གྲུབ་ཡོད་མིན་ཏེ། །ཞེས་བྱ་བ་ལ་མ་རིག་པ་ནི་མི་ཤེས་པ་སྟེ་རྨོངས་པ་ཡིན་ལ་རྨོངས་པའི་ཡིད་ཀྱིས་ནི་ཐབས་མེད་པའི་ཕྱིར་དངོས་གྲུབ་
เล่ม ๕๖ · หน้า 177b
ཐོབ་པར་ག་ལ་འགྱུར། དེ་ལྟར་ན་རིག་པའི་དངོས་གྲུབ་ཐོབ་པའི་ཐབས་གང་ཞིག་ཡིན་ཞེ་ན། དེ་ཡི་ཐབས་ནི་རྒྱ་ཆེ་བས། །ཞེས་བྱ་བ་གསུངས་ཏེ་རྒྱ་ཆེ་བ་ནི་རྣམ་པར་དབེན་པའི་ཤེས་རབ་སྟེ་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཡིན་པས་ན་དོན་དམ་པ་ཅན་ནོ། །ཀུན་རྫོབ་ཏུ་ནི་རྣམ་པར་རྟོག་པ་
ཙམ་ལ་རག་ལས་པ་ཡིན་ནོ། །དེ་བས་ན། ཡང་དག་པའམ་ཡང་དག་མིན། །ཤིན་ཏུ་བསྒོམ་པ་གང་དག་ཡིན། །སྒོམ་པའི་སྟོབས་ནི་རྫོགས་གྱུར་ན། །དེ་དང་དེ་བཞིན་སྣང་བར་འགྱུར། །ཞེས་བྱ་བ་ལྟ་བུ་སྟེ་དེ་ལྟར་ན་རྒྱ་ཆེ་བ་ནི། དངོས་གྲུབ་ཀུན་གྱི་མཆོག་འཐོབ་བོ། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་
རྟོག་པ་ཐམས་ཅད་ཀྱི་ཐབས་ཀྱི་དངོས་གྲུབ་རྫོགས་པར་མཛད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་ཀྱི་བསོད་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་རྟོག་པ་ཐམས་ཅད་ཀྱི་སྤྱིར་བསོད་ནམས་ཀྱི་དངོས་གྲུབ་ཀྱི་ཐབས་ཞེས་རྒྱུད་གང་ལས་བསྟན་པ་དེ་ནི་རྟོག་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་དངོས་
གྲུབ་ཀྱི་རྒྱུད་དོ། །དེ་ལས་ཀྱང་དང་པོར་མཆོད་པ་རྣམ་པ་བཞི། །ཞེས་བྱ་བ་ལ་སོགས་པས་སྙིང་པོ་ཐམས་ཅད་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཆོད་པ་རྣམ་བཞི་བྱས་ན་ནི། །བསོད་ནམས་ཆེན་པོ་འཐོབ་འགྱུར་ཏེ། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་
བདུག་པ་ལ་སོགས་པ་རྣམ་པ་བཞིས་མཆོད་པ་བྱས་ན་བསོད་ནམས་བླ་ན་མེད་པ་འཐོབ་པར་འགྱུར་རོ། །དེ་ནས་སངས་རྒྱས་དེ་དག་ལ་དེ་ལྟར་མཆོད་པས། བསོད་ནམས་མེད་ཀྱང་སངས་རྒྱས་མཆོད། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། སྐྱེ་བ་གཞན་ལ་བསོད་ནམས་མ་
བྱས་སུ་ཟིན་ཀྱང་མཐོང་བའི་ཚེ་འདི་ཉིད་ལ་སངས་རྒྱས་ལ་མཆོད་པ་བྱས་པས་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ་ཞེས་བྱ་བའོ། །ད་ནི་དམ་ཚིག་གསང་བ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་རྣམས་ཀྱི་བསོད་ནམས་ཡིན་པས་ན་ཕྱག་རྒྱའི་བསོད་ནམས་
སོ། །དེས་དངོས་གྲུབ་ཐོབ་བྱས་ན་ཕྱག་རྒྱའི་བསོད་ནམས་ཀྱི་དངོས་གྲུབ་སྟེ། དེའི་རྒྱུད་གང་དུ་སྟོན་པ་དེ་ནི་ཕྱག་རྒྱའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དམ་ཚིག་གསང་བ་བསྲུངས་ན་ནི། །བསོད་ནམས་ཆེན་པོ་ཐོབ་འགྱུར་ཏེ། །ཞེས་བྱ་བ་ལ་ཕྱག་རྒྱ་རྣམས་ཀྱི་དམ་ཚིག་གི་གསང་བ་བསྲུངས་པ་
เล่ม ๕๖ · หน้า 178a
ལས་བསོད་ནམས་ཆེན་པོ་འཐོབ་པར་འགྱུར་བའོ། །བསོད་ནམས་མེད་ཀྱང་ཞེས་བྱ་བ་ནི་སྐྱེ་བ་གཞན་དག་ཏུ་བསོད་ནམས་མ་བྱས་སུ་ཟིན་ཀྱང་། ད་ལྟར་དམ་ཚིག་བསྲུངས་པའི་བསོད་ནམས་ཀྱི་རྒྱུས་འགྲུབ་པར་འགྱུར་བའོ། །ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་བསོད་
ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྔགས་རྣམས་ཀྱི་བསོད་ནམས་ཡིན་པས་ན་སྔགས་ཀྱི་བསོད་ནམས་སོ། །དེས་དངོས་གྲུབ་འཐོབ་པར་རྒྱུད་གང་དུ་སྟོན་པ་དེ་ནི་སྔགས་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །སངས་རྒྱས་མཚན་ལ་སོགས་བརྗོད་ན། །བསོད་ནམས་ཆེན་པོ་འཐོབ་འགྱུར་ཏེ། །ཞེས་
བྱ་བ་ནི་སྔགས་ཀྱི་བསོད་ནམས་དེ་ཡིན་ཏེ། སངས་རྒྱས་མཚན་ལ་སོགས་པའི་ཚིག་བརྗོད་པ་ནི་ཞལ་ནས་གསུངས་པའི་ཚིག་སྟེ་དེ་བརྗོད་པས་བསོད་ནམས་ཆེན་པོ་འཐོབ་པའོ། །བསོད་ནམས་མེད་ཀྱང་མྱུར་བར་ནི། །ཆོས་སྦྱིན་པས་ནི་དངོས་གྲུབ་འཐོབ། །ཅེས་བྱ་བ་ནི་སྔོན་ཚེ་རབས་སུ་བསོད་ནམས་མ་
བྱས་སུ་ཟིན་ཀྱང་། དམ་པའི་ཆོས་སྦྱིན་པའི་བསོད་ནམས་ཀྱིས་མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར་རོ། །ད་ནི་བསོད་རྣམས་ཞེས་བྱ་བ་ལ་སོགས་པས་རིག་པའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་རིག་པ་རྣམས་ཀྱི་བསོད་ནམས་ཡིན་པས་ན་རིག་པའི་བསོད་ནམས་སོ། །དེས་དངོས་གྲུབ་འཐོབ་
པར་རྒྱུད་གང་དུ་སྟོན་པ་དེ་ནི་རིག་པའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རིག་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་གཟུང་ངོ་། །རིག་པའི་བསོད་ནམས་དེ་གང་ཡིན་ཞེ་ན། བསོད་ནམས་ནང་ན་སྦྱིན་པ་མཆོག །ཅེས་བྱ་བ་གསུངས་ཏེ་དེ་ལྟ་བས་ན་ཟློས་པ་པོས་ཅི་ནུས་པར་སྦྱིན་པ་བྱིན་ན་བསོད་ནམས་འཐོབ་པར་
འགྱུར་རོ། །དེ་ནས་ཅིར་འགྱུར་ཞེ་ན་དེའི་ཕྱིར། སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ན། །མྱུར་དུ་སངས་རྒྱས་ཉིད་དུ་འགྲུབ། །ཅེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ་དེ་གང་གི་ཚེ་ཟློས་པ་པོས་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་བསམ་པ་ཐག་པ་ནས་ཡོངས་སུ་གཏོང་བའི་བདག་ཉིད་ཡིན་པར་བསམ་པ་
ལྷག་པར་མོས་པས་བསྒོམས་ན་དེའི་ཚེ་འདིའི་བསམ་པ་ཡོངས་སུ་དག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་སོ་ཞེས་སྟོན་ཏོ། །དེ་ནས་དེ་སེམས་སོ་སོར་རྟོགས་པ་ལ་སོགས་པ་བསྒོམ་པའི་རིམ་གྱིས་སངས་རྒྱས་པའི་མཚན་ཉིད་ཀྱི་དངོས་གྲུབ་འཐོབ་སྟེ། ཇི་སྐད་དུ། ཡེ་ཤེས་ཚེ་སྟོབས་ནད་མེད་
เล่ม ๕๖ · หน้า 178b
དང་། །ཞེས་བྱ་བ་ལ་སོགས་པས་སྔར་ཇི་སྐད་བཤད་པ་དང་དེ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྲུབ་པོ་ཞེས་བྱ་བ་ཇི་སྐད་གསུངས་པའོ། །དེས་ཀྱང་ཚོགས་ཡོངས་སུ་རྫོགས་ནས་མ་འོངས་པའི་དུས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་འདི་ནི་བསོད་ནམས་ཀྱི་དངོས་
གྲུབ་ཀྱི་རྒྱུད་དོ། །ད་ནི་རྟོག་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྟོག་པ་ཐམས་ཅད་ཀྱི་སྤྱིར་ཤེས་རབ་ཀྱི་དངོས་གྲུབ་ཐོབ་པའི་རྒྱུད་གང་དུ་སྟོན་པ་དེ་ནི་རྟོག་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལས་ཀྱང་དང་པོར་སྙིང་པོའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་སྙིང་པོ་རྣམས་ཀྱི་ཤེས་
རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་གང་དུ་སྟོན་པ་དེ་ནི་སྙིང་པོའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཤེས་རབ་གང་གིས་སྙིང་པོ་འགྲུབ་པར་བྱེད་པའི་ཤེས་རབ་དེ་གང་ཡིན་ཞེ་ན་དེའི་ཕྱིར། ཡི་གེ་ཨ་ལ་འཇུག་བྱེད་ཅིང་། །ཞེས་བྱ་བ་གསུངས་ཏེ། ཨ་ཞེས་བྱ་བའི་ཡི་གེ་འདི་ནི་ཡི་གེ་ཐམས་ཅད་ཀྱི་གནས་ཡིན་ཏེ། གང་གི་ཕྱིར་ཀ་
ལ་སོགས་པའི་ཡི་གེ་རྣམས་ཡི་གེ་ཨ་ལ་བརྟེན་པ་དང་། ཡི་གེ་ཐམས་ཅད་ལ་ཡང་འཇུག་པར་བྱེད་པ་ཡིན་ཏེ། བརྗོད་པའི་དུས་ན་ཨ་ཞེས་བྱ་བས་མངོན་སུམ་མམ་བརྒྱུད་དེ་ཡི་གེ་ཐམས་ཅད་འདོད་པ་ལ་སོགས་བྱེད་པ་དང་། དོན་དམ་པར་མ་སྐྱེས་པའི་དོན་སྟོན་པའི་ཕྱིར་དང་། ཡི་གེ་ཐམས་ཅད་ཀྱི་དོན་སྟོན་པའི་
ཕྱིར་ཏེ་དཔེར་ན་ཀ་ཞེས་བྱ་བ་ནི་ལས་དང་རྣམ་པར་སྨིན་པ་ཉིད་ཀྱིས་སོ། །ཁ་ཞེས་བྱ་བ་ནི་ནམ་མཁའ་དང་མཚུངས་པ་ཉིད་དོ། །ག་ཞེས་བྱ་བ་ནི་འགྲོ་བ་ཉིད་དང་། གྷ་ཞེས་བྱ་བ་ནི་བུམ་པ་དང་མཚུངས་པ་ཉིད་དང་། ང་ཉ་ཎ་ན་མ་རྣམས་ནི་རང་གི་སྡེ་ཚོགས་ཀྱི་དོན་གསལ་བར་བྱེད་པ་ཡིན་གྱིས་བརྡ་སྤྲོད་པའི་ཚིག་ཅན་ནི་
མ་ཡིན་ནོ། །ཙ་ནི་གཡོ་བ་ཉིད་དེ་དེ་དག་ལ་སོགས་པ་མདོ་སྡེ་དག་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ལྟར་དེ་ལ་སོགས་པ་ཀུན་རྫོབ་དང་དོན་དམ་པར་སྟོན་པ་ཡིན་པས་ན་ཡི་གེ་ཨ་ཉིད་ཀྱི་ནང་དུ་ཡི་གེ་ཐམས་ཅད་ཆུད་པར་ཨའི་དོན་རྟོགས་པར་བྱས་ལ། རང་གི་ཁ་ནས་གཞན་ཞལ་དུ། །ཞེས་བྱ་བ་སྟེ་རང་གི་ཁ་ནས་
འང་སྙིང་པོ་འབྱུང་བ་དང་། གཞན་གྱི་ཞལ་ཞེས་བྱ་བ་ལྷའི་ཞལ་ནས་ཀྱང་སྙིང་པོ་འདི་འབྱུང་བ་དེ་ལྟར་བསྒོམས་ན་གང་གི་ཕྱིར་ལྷ་དེར་བཀུག་པ་དང་བཅུག་ནས་འཇོག་པའི་ཕྱིར་རོ། །དེ་བས་ན་ལྷའི་ཞལ་ནས་སྙིང་པོ་འབྱུང་བ་རང་བཞིན་གྱིས་གྲུབ་པ་ཉིད་ཡིན་པ་དེ་བཞིན་དུ་བདག་གི་ཁ་ནས་འབྱུང་བ་དེ་
เล่ม ๕๖ · หน้า 179a
ཡང་དེ་དང་འདྲའོ་ཞེས་དེ་ལྟར་བསྒོམས་ན་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་གསུངས་སོ། །ད་ནི་ཤེས་རབ་ཅེས་བྱ་བ་ལ་སོགས་པས་ཕྱག་རྒྱའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་རྣམས་ཤེས་རབ་ཀྱིས་
གྲུབ་པར་རྒྱུད་གང་དུ་སྟོན་པ་དེ་ནི་ཕྱག་རྒྱའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཤེས་རབ་ངེས་འབིགས་ཞེས་བྱ་བ། །ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། །ཞེས་བྱ་བ་ལ་རབ་ཏུ་ཤེས་པའི་ཕྱིར་ན་ཤེས་རབ་པོ། །ངེས་པར་འབིགས་པའི་ཕྱིར་ན་ངེས་འབིགས་ཏེ་འབིགས་པ་ནི་རྟོགས་པའོ། །དེ་ཡང་ངེས་པར་
འབིགས་པར་བྱེད་པས་ངེས་འབིགས་ནི་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ནི་ངེས་འབིགས་ཞེས་བྱའོ། །དེ་ཡང་། ཏིང་ངེ་འཛིན་ཅེས་གྲགས་པ་སྟེ། །ཞེས་བྱ་བ་སྟེ། གང་གི་ཕྱིར་ལྷག་མཐོང་ལྷག་པར་གྱུར་པ་དེ་ཉིད་ནི་ཏིང་ངེ་འཛིན་ཅེས་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཤེས་རབ་དེས་ནི་ཕྱག་རྒྱ་མྱུར་འགྲུབ་པར།
བསྒོམས་ན་ཉིད་དུ་འགྲུབ་པར་འགྱུར། །ཅེས་བྱ་བ་ཡིན་ནོ། །འདི་སྐད་སྟོན་ཏེ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་གྱུར་ན་ཕྱག་རྒྱ་སྟེ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་སུམ་དུ་བྱས་ཤིང་དེ་ལ་སེམས་རྩེ་གཅིག་པར་བཞག་ན་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཤེས་རབ་ཀྱི་མཆོག་འཕགས་པ་
འཇམ་པའི་དཔལ་གྱིས་གསུངས་སོ། །ད་ནི་སྔགས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་སྔགས་རྣམས་ཀྱི་ཤེས་རབ་ཀྱིས་འགྲུབ་པར་རྒྱུད་གང་དུ་སྟོན་པ་དེ་ནི་སྔགས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཤེས་རབ་ཀྱི་སྒྲ་ནི་རྗེས་འབྲང་ཞེས་བྱ་བ་ལ་ཤེས་རབ་ནི་བཤད་ཟིན་ཏོ། །སྒྲ་ནི་དབྱངས་ཏེ་ཤེས་རབ་གང་སྒྲའི་རྗེས་
སུ་རྒྱུག་ལ་སྒྲ་ལ་དམིགས་པ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ནི། ཤེས་རབ་སྒྲའི་རྗེས་སུ་འབྲང་། །ཞེས་བྱའོ། །དེ་ཡང་། ཏིང་འཛིན་ཚིག་ནི་རབ་སྤྲོས་ན། །ཞེས་བྱ་བ་སྟེ་ཏིང་འཛིན་ཚིག་ཅེས་བྱ་བ་ནི་གང་གི་ཕྱིར་རྟོག་པ་དང་བཅས་ཤིང་དཔྱོད་པ་བཅས་པའི་ཏིང་ངེ་འཛིན་ལ་གནས་པ་དེ་ལ་སྨྲ་བ་ལྟ་བུའི་སྣང་བ་སྐྱེས་ཏེ། དེ་
བས་ན་མཉམ་པར་གཞག་པའི་སེམས་ལ། ཏིང་འཛིན་ཚིག་ནི་རབ་སྤྲོས་ན། །ཞེས་བྱའོ། །དེ་ཡང་འདིས་དོན་རྣམས་རབ་ཏུ་སྤྲོ་ཞིང་དཔྱོད་པས་ན་ཡི་གེ་ཉིད་ལ་སྤྲོས་པ་ཞེས་བྱའོ། །དེ་ལྟ་བུའི་ཤེས་རབ་ཀྱིས་ཤིན་ཏུ་བསྒོམས་པ་ལས་མྱུར་དུ་སྔགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་
เล่ม ๕๖ · หน้า 179b
བློས་གསུངས་སོ། །ད་ནི་རིག་པའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རིག་པ་རྣམས་ཀྱི་ཤེས་རབ་ཀྱིས་འགྲུབ་པར་རྒྱུད་གང་དུ་སྟོན་པ་དེ་ནི་རིག་པའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །རིག་དང་སྔགས་གཉིས་ཁྱད་པར་དུ། །ཁྱད་པར་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་མེད་པའི་ཕྱིར་ཆོས་
ཐམས་ཅད་ཆ་ཤས་སུ་ཕྱེ་ནས་རྣམ་པར་དཔྱད་ན་མཚུངས་པར་ལྡན་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་དག་གི་དོན་ཡང་མི་རྙེད་དོ། །གཏན་ཚིགས་དེས་ན་རིག་པ་དང་སྔགས་རྣམས་ཀྱི་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་རིག་པ་དང་སྔགས་ཁྱད་པར་མེད་པ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་དང་
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་དག་ནི་རིག་པའོ། །འདི་དག་ནི་སྔགས་སོ་ཞེས་ཅིའི་ཕྱིར་རྣམ་པར་འཇོག་པར་མཛད་ཅེ་ན། དེ་ནི་དེ་ཁོ་ན་ཉིད་ལ་དཔྱད་པ་མ་མཛད་པར་འཇིག་རྟེན་པ་རྣམས་ཇི་ལྟར་མོས་པ་བཞིན་དུ་གདུལ་བྱའི་སྐྱེ་བོའི་དབང་གིས་ཇི་ལྟ་བར་ཟད་དོ། །དེ་ལྟར་ཤེས་ནས། ཤེས་རབ་བསྒོམས་ན་མྱུར་
བར་ནི། །ངེས་པར་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་གསུངས་སོ། །ད་ནི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ་གཅིག་ནི་བསོད་ནམས་ཀྱི་ཚོགས་ཀྱི་དབང་དུ་མཛད་ནས་སྟོན་ཏོ། །གཉིས་པ་ནི་ཤེས་རབ་
ཀྱི་དབང་དུ་མཛད་ནས་སྟོན་ཏོ། །ད་ནི་སྤྱིའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ལ་དང་པོ་ཁོ་ནར་མཆོད་པ་ཞེས་བྱ་བ་ལ་སོགས་པས་སྙིང་པོ་ཐམས་ཅད་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཆོད་པ་ཐམས་ཅད་རབ་བྱས་ན། །ཞེས་བྱ་བ་ལ་མཆོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་
མཆོད་པ་ཐམས་ཅད་དོ། །ཡང་ན་ཐམས་ཅད་ཀྱི་མཆོད་པ་ཡིན་པས་ན་མཆོད་པ་ཐམས་ཅད་དེ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཆོད་པའོ། །ཡང་ན་རྟོག་པ་ཐམས་ཅད་དུ་གསུངས་པའི་མཆོད་པ་སྟེ་ཐེག་པ་ཆེན་པོ་མངོན་པར་རྟོགས་
པའི་རྟོག་པར་ཆོས་ཀྱི་མཆོད་པ་བཅུ་དྲུག་ཇི་སྐད་དུ་སྨོས་པ་དང་། ལས་ཀྱི་དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པའི་མཆོད་པའི་ལྷ་མོ་བརྒྱད་གསུངས་པ་ལྟ་བུ་དང་། དེ་བཞིན་དུ་རྡོ་རྗེ་རིགས་སུ་ཡང་གསང་བའི་དཀྱིལ་འཁོར་དུ་མཆོད་པ་རྣམ་པ་བཅུ་དྲུག་དང་རྣམ་པ་བརྒྱད་དུ་གསུངས་སོ། །དེ་ལྟ་བུ་ལ་
เล่ม ๕๖ · หน้า 180a
སོགས་པ་ཡི། །མཆོད་པ་ཐམས་ཅད་རབ་བྱས་ན། །དགེ་བ་ཡི་ནི་ཆོས་རྣམས་ཀྱི། །ཚོགས་ནི་རྣམ་པར་འཕེལ་འགྱུར་ཏེ། །ཞེས་བྱ་བ་སྟེ་དགེ་བའི་ཆོས་རྣམས་ཀྱི་ཕུང་པོ་འཕེལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚོགས་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ཚོགས་ཡོངས་སུ་རྫོགས་པར་
གྱུར་ན་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱག་རྒྱའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་རྣམས་ཀྱི་ཚོགས་ཀྱིས་འགྲུབ་པ་རྒྱུད་གང་དུ་སྟོན་པ་དེ་ལ་ཕྱག་རྒྱའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །ཇི་ལྟ་ཞེ་ན། འཁོར་ལོ་མང་པོ་ཞུགས་པ་དང་། །དཀྱིལ་འཁོར་མང་པོ་བྲི་བའི་ཕྱིར། །
ཞེས་བྱ་བ་གསུངས་ཏེ། འཁོར་ལོ་མང་པོར་ཞུགས་པ་ནི་དཀྱིལ་འཁོར་མང་པོར་འཇུག་པ་སྟེ་རྒྱུད་ལས་གསུངས་པའི་གསང་ཞིང་སྦ་བའི་དངོས་གྲུབ་དང་ཕྱག་རྒྱ་བཞིའི་དངོས་གྲུབ་ཐོབ་པར་འདོད་པ་དང་། ཇི་ལྟར་གསུངས་པའི་དངོས་གྲུབ་རྣམས་ཐོབ་པར་འདོད་པས། རྟོག་པ་ཐམས་ཅད་དུ་གཏོགས་པའི་དཀྱིལ་
འཁོར་ཐམས་ཅད་དུ་འཇུག་པར་བྱའོ། །གང་དཀྱིལ་འཁོར་གང་དུ་འཇུག་པ་དེ་དཀྱིལ་འཁོར་དེ་བསྟན་ཅིང་དངོས་གྲུབ་དེ་ཡང་བསྟན་པར་བྱའོ། །གལ་ཏེ་གསང་ཞིང་སྦ་བར་འཛིན་པར་ནུས་པ་ཞིག་ན་གསང་ཞིང་སྦ་བའི་མན་ངག་སྦྱིན་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ཅི་མངོན་ཞེ་ན་གང་གི་ཕྱིར་དཀྱིལ་འཁོར་
རེ་རེ་ཞིང་ཡང་མནའི་སྙིང་པོ་རེ་རེ་བྱིན་ཏེ་གསང་ཞིང་སྦ་བའི་ལུང་དབོག་པར་བྱའོ་ཞེས་སྨོས་པའི་ཕྱིར་རོ། །གཞན་དུ་ན་དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ཁོ་ནས་རྒྱུད་མ་ལུས་པའི་དོན་ཐོབ་པར་རུང་བ་ཡིན་ནོ་ཞེ་ན་དེས་ནི་མ་རྟོགས་པ་ཡིན་ཏེ། དེ་ལྟར་ཅི་མངོན་ཞེ་ན། གང་གི་དོན་དུ་མནའི་སྙིང་པོ་བྱིན་ནས་གདོང་
གསང་ཞིང་སྦ་བ་སྟོན་ཏོ། །དེ་ལྟ་བས་ན་དཀྱིལ་འཁོར་རེ་རེར་ཞུགས་ཤིང་མཉན་དགོས་པ་དང་མན་ངག་ཀྱང་གསོལ་བ་གདབ་པར་བྱ་དགོས་པར་མངོན་ནོ། །གཞན་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་གསལ་བ་ཁོ་ན་གསུངས་པ་དང་། འདིར་ཡང་ཁོ་བོ་ཅག་གི་རྟོག་
པ་རེ་རེ་ཞིང་དཀྱིལ་འཁོར་ཆེན་པོར་ཞུགས་པ་ན་ཕྱག་རྒྱ་ཆེན་པོ་འགྲུབ་པ་དང་། དམ་ཚིག་གི་དཀྱིལ་འཁོར་དུ་ཞུགས་པས་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་དཀྱིལ་འཁོར་དུ་ཞུགས་པས་ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་དཀྱིལ་འཁོར་དུ་ཞུགས་པས་ལས་ཀྱི་ཕྱག་རྒྱ་རྣམས་འགྲུབ་པོ་ཞེས་བཤད་པ་ཡིན་ལ། ཕྱག་རྒྱ་
เล่ม ๕๖ · หน้า 180b
བཞིའི་དཀྱིལ་འཁོར་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་དང་། དཀྱིལ་འཁོར་གྱི་ཡོ་བྱད་མི་འབྱོར་པ་དང་།རི་མོའི་ལས་མི་མཁས་པ་རྣམས་ཀྱི་ཕྱིར་རོ། །ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ཡང་དེ་དང་འདྲ་སྟེ་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་བསྒྲུབ་པས་ཆོ་ག་འདི་དག་བྱའོ། །དེ་ལྟར་ཡང་དག་པར་དམ་ཚིག་འདོད་པ་རྣམས་
ཀྱིས་དཀྱིལ་འཁོར་ཐམས་ཅད་དུ་ཡང་འདི་བཞིན་དུ་འཇུག་པར་བྱའོ། །དེ་ལྟར་ན་འཁོར་ལོ་མང་པོར་ཞུགས་པ་དང་། དཀྱིལ་འཁོར་མང་པོ་བྲིས་པ་ཡིན་ཏེ་དཀྱིལ་འཁོར་མང་པོ་རྣམས་ཀྱི་རྟོག་པ་ཡིན་པས་ན་དཀྱིལ་འཁོར་མང་པོ་བྲི་བར་བྱ་སྟེ། རྒྱུད་འདིར་གྲགས་པ་ཉི་ཚེ་བྲི་བར་མ་ཟད་ཀྱི་རྒྱུད་གཞན་དག་ལས་
བྱུང་བ་རྣམས་ཀྱང་ཅི་ནུས་སུ་བྲིས་ན་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །ཚོགས་ཡོངས་སུ་རྫོགས་ན་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་རོ། །ད་ནི་སྔགས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྔགས་རྣམས་ཀྱི་ཚོགས་ཀྱིས་འགྲུབ་པ་རྒྱུད་གང་དུ་སྟོན་པ་དེ་སྔགས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཇི་ལྟར་ན་
སྔགས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རྗེས་སུ་ཡིད་རང་ལ་སོགས་ཚུལ། །ཞེས་བྱ་བ་སྟེ་སོགས་ཞེས་བྱ་བ་སྨོས་པས་ནི་བསྐུལ་བ་དང་གསོལ་བ་གདབ་པ་ལ་སོགས་པ་གཟུང་ངོ་། །དེ་བཞིན་དམ་པའི་ཆོས་བཀླགས་དང་། །ཞེས་པ་ནི་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་རྣམས་བཀླགས་པས་སོ། །
བཟླས་པ་མང་པོ་བྱས་ན་ནི། །ཞེས་བྱ་བ་ནི་བཟླས་བརྗོད་གྲངས་མང་པོ་བྱས་ནའོ། །དེ་ནས་ངེས་པར་སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ད་ནི་རིག་པའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རིག་པ་རྣམས་ཀྱི་ཚོགས་ཀྱི་དངོས་གྲུབ་ཐོབ་པ་ནི་རྒྱུད་གང་དུ་སྟོན་པ་དེ་ནི་རིག་པའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །ཇི་
ལྟར་ན་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། མ་རིག་རབ་ཏུ་སྤངས་པ་དང་། །ཞེས་བྱ་བ་སྟེ་མ་རིག་པ་ནི་མི་ཤེས་པའོ། །དེ་རབ་ཏུ་སྤངས་པ་ནི་ཤིན་ཏུ་སྤངས་པས་ན་རབ་ཏུ་སྤངས་པའོ། །དེ་ལྟར་ན་མ་རིག་པ་རབ་ཏུ་སྤངས་པའི་ཕྱིར་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལས་ཚོགས་ཡོངས་སུ་རྫོགས་
པར་འགྱུར་ཏེ། འདི་ཡང་ས་ལ་སོགས་པ་ཡོངས་སུ་འཐོབ་ཅིང་དངོས་གྲུབ་དམ་པའི་ཡུལ་གྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་པར་ཤེས་པར་བྱས་ལ་ཚོགས་ཡོངས་སུ་རྫོགས་ནས་ཀྱང་། མྱུར་དུ་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་སྟེ་འདི་ཚོགས་ཡོངས་སུ་རྫོགས་པའི་རྒྱུད་ཡིན་ཏེ་རྟོག་པ་ཐམས་ཅད་
เล่ม ๕๖ · หน้า 181a
ཀྱི་ཆོ་ག་རྒྱས་པའི་རྒྱུད་རྫོགས་སོ།། །།ད་ནི་རིགས་ཐམས་ཅད་ཀྱི་མཚན་མ་འབྱུང་བའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མཚན་མ་ནི་ཕྱག་རྒྱ་སྟེ་ཕྱག་རྒྱ་ཐམས་ཅད་ཀྱི་ནང་ན་དང་པོ་རྡོ་རྗེ་ཡིན་པས་དེའི་ཕྱིར་དེ་ལས་ཇི་ལྟར་རྡོ་རྗེ་འབྱུང་ཞེ་ན་ཞེས་དྲིས་པ་ཡིན་ནོ། །འདིར། དེ་
ཉིད་བཅོམ་ལྡན་སེམས་དཔའ་སྟེ། །ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏོ། །དེ་ཉིད་བཅོམ་ལྡན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དབང་དུ་མཛད་ནས་གསུངས་པའོ། །ཅི་ཞིག་གི་ངོ་བོ་ཉིད་ཡིན་ཞེ་ན་འདིར་ཐམས་ཅད་སེམས་ཏེ་ཞེས་བྱ་བས་སྟོན་ཏོ། །འདི་སྐད་སྟོན་ཏེ། གང་སེམས་ཅན་ཐམས་ཅད་ཀྱི་
སེམས་གང་ཡིན་པ་དེ་ཉིད་ལ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་གང་ལ་རག་ལས་པ་ཡིན་ཞེ་ན། དེའི་ཕྱིར་ཉིད་བདག་པོ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་དེ་ལ་བདག་གམ་སེམས་ཅན་ནམ་དབང་ཕྱུག་གམ་བདག་པོར་གྱུར་པ་གཞན་ཡོད་པ་མ་ཡིན་གྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ནི་སེམས་དཔའ་
བརྟན་པ་རང་བྱུང་གི་ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་སེམས་དེ་ཉིད་སྐུ་དང་གསུང་དང་ཐུགས་སྣང་བ་ཐ་མི་དད་པར་ཡོངས་སུ་བསྒོམས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེར་འགྱུར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ལེགས་པར་བསྒོམས་ན་སེམས་དཔའ་བརྟན་པ་ཞེས་བྱ་བའོ། །གང་གི་ཞེ་
ན་རང་བྱུང་གི་ཞེས་བྱའོ། །སེམས་དཔའ་ཀུན་གྱི་ནང་ན་སེམས་དཔའ་མཆོག །ཅེས་ཀྱང་དེ་ཉིད་ལ་བྱའོ། །དེ་ཉིད་ནི་ཡང་། སེམས་དཔའ་རྡོ་རྗེ་སྙིང་གར་རབ་བསྒོམས་ན། །རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ། །འདི་ལ་རྡོ་རྗེ་རབ་ཏུ་གནས། །ཞེས་བྱ་བ་ནི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་
སེམས་དཔའི་སྟེང་ན་རྡོ་རྗེའི་གཟུགས་སུ་གནས་པས་ན་ཐུགས་རྡོ་རྗེ་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་སངས་རྒྱས་རྣམས་ཀྱི་ནི། །ཡེ་ཤེས་ཚུལ་ཏེ་མཉམ་མེད་འོད། །ཅེས་བྱ་བ་ལ་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །ཡེ་ཤེས་ཚུལ་ཏེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་མངོན་པར་འདུས་
བྱས་པའོ། །སུ་ཞིག་གི་ཡེ་ཤེས་ཀྱི་ཚུལ་གྱིས་ཤེ་ན། སངས་རྒྱས་རྣམས་ཀྱི་མཉམ་མེད་འོད། །ཅེས་བྱ་བ་སྟེ་མཚུངས་པ་མེད་པའི་གཟི་མདངས་གང་ལ་མངའ་བ་དེ་ནི་མཉམ་མེད་འོད་དོ། །དེ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་དེ་ལྟ་བུ་ནི་སྙིང་ལས་ཀྱང་སྣ་ཚོགས་པའི་གཟུགས་སུ་འབྱུང་ཞིང་། སྣ་ཚོགས་པའི་
เล่ม ๕๖ · หน้า 181b
གཟུགས་ཅན་དུ་ཡང་འགྱུར་བ་ཡིན་ཏེ། ལྷ་ཡུལ་ས་དང་རླུང་དང་མཁའ། །རྒྱ་མཚོ་ཆུ་བོའི་ཕྱོགས་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་སྣ་ཚོགས་པའི་གཟུགས་སུ་འགྱུར་བ་དང་། གཏོགས་འདོད་རྒྱལ་འདོད་ཐུབ་པ་ཆེ། །ཞེས་བྱ་བ་ལ་སོགས་པའི་གཟུགས་སུ་འགྱུར་བའོ། །ཁམས་ཀུན་གྱི་ནི་
རྡུལ་སྙེད་དུ། །དེ་དག་ཉིད་ནི་རྒྱལ་བ་ཡིན། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པའི་གཟུགས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་སྐུ་ནི་དེ་རྣམས་ལས། །རྡོ་རྗེ་སེམས་དཔར་ཡང་དག་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་གྱི་
ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་རྡོ་རྗེའི་སྐུ་སྟེ་དེ་བཞིན་གཤེགས་པའི་སྐུ་རྣམས་ལས་སོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་ཏེ་དེ་རྣམས་ཉིད་ལས་རྡོ་རྗེ་སེམས་དཔར་འགྱུར་བའོ། །དུས་གང་གི་ཚེ་ཞེ་ན་དཀྱིལ་འཁོར་སྤྲུལ་པའི་དུས་ནའོ། །སྔ་མ་ནི་རང་གི་ལྷའི་རྣལ་
འབྱོར་བྱེད་པའི་དུས་སུ་བསྟན་པ་ཡིན་པས་ན་བྱེ་བྲག་ནི་དེ་ཡོད་དོ། །སེམས་དཔའ་དང་པོ་དེ་ཉིད་ལས། །མཚན་མ་ཐམས་ཅད་ཡང་དག་འབྱུང་། །ཞེས་བྱ་བ་ནི་དཀྱིལ་འཁོར་སྤྲུལ་པའི་དུས་ཉིད་ན་ལྕགས་ཀྱུ་ལ་སོགས་པའི་མཚན་མ་ཐམས་ཅད་རིམ་གྱིས་འབྱུང་བའོ། །མཚན་མ་ལས་ཀྱང་སེམས་དཔའ་ཆེ། །
ཞེས་བྱ་བ་ནི་མདོར་བསྡུས་ནས་བསྟན་པ་ཡིན་ཏེ་མཚན་མ་ལས་ནི་འོད་ཟེར་རྣམས་སོ། །འོད་ཟེར་ལས་ནི་སངས་རྒྱས་ཀྱི་སྐུའོ། །དེ་ལས་ནི་སེམས་དཔའ་ཆེན་པོའོ། །དེ་རྣམས་ལས་ཀྱང་། དེ་ལས་ཚུལ་འདི་ཐམས་ཅད་འབྱུང་། །ཞེས་བྱ་བ་སྟེ་ཚུལ་ནི་སྔགས་སྤྱོད་པའི་ཚུལ་ནི་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
ད་ནི། གང་གིས་འདི་ནི་ཐོས་གྱུར་ལ། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པ་འདི་མཉན་པ་དང་། དད་པ་དང་འཛིན་པ་དང་བསྒོམས་པ་རྣམས་ཀྱི་ཕན་ཡོན་སྟོན་ཏེ། ཐོས་གྱུར་ལ་ཞེས་བྱ་བ་ནི་མཉན་པ་སྟོན་ཏོ། །དད་ཅིང་ཞེས་བྱ་
བ་ནི་མངོན་པར་འདོད་པའོ། །འཛིན་བྱེད་ཅིང་ཞེས་བྱ་བ་ནི་ཁ་ཏོན་དུ་བྱས་ཏེ་འཛིན་པའོ། །སྙིང་གར་ཡང་རྟག་ཏུ་དགའ་བས་བསྒོམས་ན་ནི་ཞེས་བྱ་བ་སྒོམ་པའི་གང་ཟག་གིས་སོ། །དེ་ནི་མྱུར་དུ་གྲུབ་པ་ཐོབ། །ཅེས་བྱ་བ་ནི་དེས་སངས་རྒྱས་ཀྱིས་མྱུར་དུ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་
เล่ม ๕๖ · หน้า 182a
དཔས་གསུངས་སོ། །ད་ནི་རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏེ། ཡེ་ཤེས་གང་གིས་རྟོག་པ་ཐམས་ཅད་འབྱུང་བར་འགྱུར་བ་དེ་ནི་རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་སོ། །དེའི་ཆོ་ག་རྒྱས་པ་ནི་རྣམ་པར་རྒྱས་པའོ། །འདི་རྒྱུད་གང་དུ་སྟོན་པ་དེ་ནི་
རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་ཅེས་བྱའོ། །དེ་ལས་ཀྱང་དང་པོ་ཁོ་ནར་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། རྟོག་པ་མེད་པའི་ཡེ་ཤེས་རྟག་པ་ཉིད་འགྱུར་བས་ཞེས་བྱ་བ་ལ།
རྣམ་པར་རྟོག་པའི་སྤོ་པས་བ་ཐམས་ཅད་དུ་རྟོག་པ་དང་བྲལ་བ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྱུར་པ་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྟག་པར་གནས་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་རྣམ་པ་སྣ་ཚོགས་དུ་མར་བརྟགས་པའི་ཕྱིར་ན་རྟོག་པ་ཞེས་བྱའོ། །འདི་སྐད་སྟོན་ཏེ།
རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་བརྟག་པ་ཡིན་པའི་ཕྱིར་རྟོག་པ་ཞེས་བྱའོ། །འདིས་ཀྱང་འདི་སྐད་སྟོན་ཏེ། མི་རྟོག་པའི་ཡེ་ཤེས་ལས་ཕྱག་རྒྱ་དང་དཀྱིལ་འཁོར་དང་རྟོག་པའི་ཡེ་ཤེས་རྣམས་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་མི་རྟོག་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་
རིགས་ཀྱི་རྟོག་པ་འབྱུང་བ་ཡེ་ཤེས་ཀྱི་རྒྱུད་སྟོན་ཏོ། །མི་རྟོག་གང་ལ་བདག་ཉིད་དུ། །ཞེས་བྱ་བ་ནི་འདི་ལ་རྟོག་པ་འབྱུང་བ་མེད་པའོ། །དེ་ལྟ་ན་ནི་བརྟག་པ་འདི་ལ་འཇུག་ཟིན་ཀྱང་འབྱུང་བར་འགྱུར་རམ་ཞེ་ན་འགྱུར་ཏེ་འདི་ཉིད་ནི་མི་རྟོག་པ་ཡིན་པའི་ཕྱིར་རོ། །རྟོག་བདག་ཉིད་ནི་རྟོག་པའི་རང་
བཞིན་ཏེ་གང་ལས་གདོན་མི་ཟ་བར་དངོས་གྲུབ་འདི་བརྟགས་ཤིང་རྣམ་པར་གཞག་ལ། རྟོག་ལས་བྱུང་བ་ཞེས་བྱ་བ་ལ་རྟོག་པ་ནི་ཏིང་ངེ་འཛིན་གྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ཡིན་ཏེ་དེ་ལས་བྱུང་བ་གང་ཡིན་པ་དེ་ནི་རྟོག་པ་ལས་བྱུང་བའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་ཕྱིར་རྟོག་པ་ཞེས་
བརྗོད་དོ། །ཞེས་བྱ་བ་ནི་བརྟགས་པའི་ཕྱིར་ན་རྟོག་པ་ཞེས་བྱའོ། །འདིས་ནི་འདི་སྐད་སྟོན་ཏེ་རྟོག་པ་ཐམས་ཅད་ཀྱི་ནང་ན་གཙོ་བོ་ནི་ཕྱག་རྒྱ་ཆེན་པོ་ཡིན་ལ། །ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྡུས་ཏེ་བཞུགས་པ་ནི་རྡོ་རྗེ་སེམས་དཔའ་ཡིན་པས་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་ཕྱིར་རྟོག་པ་ཞེས་
เล่ม ๕๖ · หน้า 182b
བརྗོད་དོ། །ཞེས་བྱའོ། །དེ་ནི་ཆོ་ག་བཞིན་དུ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། ཆོ་ག་བཞིན་དུ་རི་མོ་བྲིས། །རྟོག་པ་གྲུབ་བཞིན་ཞེས་རྟོག་པ། །ཞེས་བྱ་བ་ལ། རི་མོ་བྲིས་ཞེས་བྱ་བས་ནི་དཀྱིལ་འཁོར་གྱི་ལས་སྟོན་ཏོ། །ཆོ་ག་བཞིན་དུ་རྟོག་པ་ཞེས་བྱ་བ་
འདིས་ནི་སློབ་དཔོན་གྱི་ལས་ལ་སོགས་པ་སྟོན་ཏོ། །ཆོ་ག་དེ་ཇི་ལྟ་བུ་ཡིན་ཞེ་ན། གྲུབ་སྦྱིན་ཞེས་རྟོག་པ་ཞེས་བྱ་བ་གསུངས་སོ། །འདིའི་ངེས་པའི་ཚིག་བསྟན་པ་ནི་དེའི་ཕྱིར་རྟོག་པ་ཞེས་གསུངས་སོ་ཞེས་བྱ་བ་སྟོན་ཏོ། །སུ་ཞིག་གིས་གསུངས་ཤེ་ན། རྟོག་དང་བྲལ་བའི་བདག་ཉིད་ཀྱིས། །ཞེས་བྱ་བ་
གསུངས་ཏེ། རྣམ་པར་རྟོག་པ་དང་བྲལ་བའི་ཐུགས་གང་ལ་མངའ་བ་དེ་ནི་རྟོག་པ་དང་བྲལ་བའི་བདག་ཉིད་དེ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏོ། །ད་ནི་པདྨོའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ་ཡེ་ཤེས་གང་ལས་རྟོག་པ་འབྱུང་བ་དེ་སྟོན་པའི་རྒྱུད་ཡིན་པས་ན་རྟོག་པ་འབྱུང་
བའི་ཡེ་ཤེས་ཀྱི་རྒྱུད་དོ། །རྟོག་པ་ལས་ནི་འདོད་ཆགས་འབྱུང་། །པདྨོ་ལ་ནི་དེ་གནས་ཏེ། །ཞེས་བྱ་བ་ལ་ཞེན་པའི་བདག་ཉིད་ཡིན་པས་ན་འདོད་ཆགས་ཏེ་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་སོ། །དེ་ཡང་རྣམ་པར་རྟོག་པ་ལས་འབྱུང་ངོ་། །རྟོག་པ་དེ་གང་ཞེ་ན། ཀྱེ་མའོ་སེམས་ཅན་འདི་དག་ནི་
སྡུག་བསྔལ་བའོ་ཞེས་པའོ། །དེ་ཡང་པདྨོ་ལ་གནས་པ་སྟེ་པདྨོ་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དང་དེའི་ཕྱག་རྒྱའོ། །དེ་ཕྱིར་རྟོག་པ་ལ་གནས་པ། །གྲུབ་པ་ཉིད་དུ་དེ་འགྱུར་རོ། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་པདྨོའི་ཕྱག་རྒྱའི་འདོད་ཆགས་ལ་རྟོག་པ་དེ་ལས་རྟོག་པ་ལ་གནས་པའི་དངོས་གྲུབ་
ཏུ་འགྱུར་བས་ཕྱག་རྒྱ་ལ་ཆགས་པར་འགྱུར་བ་ཞེས་བྱའོ་ཞེས་སྟོན་པ་ཡིན་ནོ། །ད་ནི་རྟོག་པ་མེད་པའི་ཞེས་བྱ་བ་ལ་སོགས་པའི་དཔེས་ནོར་བུའི་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། རྟོག་པ་མེད་པའི་ནོར་བུ་ནི། །ཞེས་བྱ་བ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རྟོག་པ་མེད་མོད་ཀྱི་འོན་
ཀྱང་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་གྲུབ་ཀྱང་དེ་དང་འདྲ་བར་ཤེས་པར་བྱ་སྟེ་འདིས་ནི་དཔེས་མཚོན་པའི་དོན་སྟོན་ཏོ། །རྣམ་པར་མི་རྟོག་ཡེ་ཤེས་ལས། །ལྷ་རྫས་དངོས་གྲུབ་འབྱུང་བར་འགྱུར། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་པའི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด