དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๕ · หน้า 107b
གྱིས་སོ། །གང་གི་ཚེ་བཅིང་ཞེ་ན། བཤད་མ་ཐག་པའི་རྡོ་རྗེ་དབབ་པའི་སྔ་རོལ་དུ་ཕྱག་རྒྱའི་ལྷ་དེ་ཡོངས་སུ་གཟུང་བར་བྱ་སྟེ། དེ་བས་ན་དེའི་མདུན་ཕྱོགས་སུ་སེམས་དཔའ་ཆེན་པོ་དེ་བསྒོམ་མོ་ཞེས་བྱ་བ་གསུངས་ཏེ། མདུན་ཕྱོགས་སུ་ཞེས་བྱ་བ་ནི་མདུན་གྱི་དྲང་ཐད་དུའོ། །སེམས་
དཔའ་ཆེན་པོ་དེ་ཞེས་བྱ་བ་ནི་གང་གི་ལྷ་གང་ཡིན་པ་དེ་མདུན་དུ་བསྒོམ་ཞིང་ཡེ་ཤེས་ཀྱིས་གཞག་གོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་གཞག་པའི་སེམས་དཔའ་ནི་ཡེ་ཤེས་སེམས་དཔའོ། །དེ་མཐོང་ནས་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་གང་གཞག་པའོ། །
མཐོང་ནས་ཞེས་བྱ་བ་ནི་མིག་གིས་མཐོང་བ་བཞིན་དུ་ཡིད་ཀྱིས་གསལ་བར་བྱས་པ་སྟེ། དེ་རང་གི་ལུས་སུ་བསྒོམ་པར་བྱ་ཞེས་བྱ་བ་བཅུག་ནས་རབ་ཏུ་བསྒོམ་པ་ནི་བསྒོམ་པར་བྱ་ཞེས་བྱ་བའོ། །ཇི་ལྟར་བཅུག་ནས་བསྒོམ་ཞེ་ན། བཀུག་ཅིང་བཅུག་ལ་བཅིང་བ་དང་། དབང་དུ་བྱ་སྟེ་ཞེས་
བྱ་བ་གསུངས་ཏེ། ཕྱག་རྒྱ་བཞི་དང་སྔགས་ཀྱི་ཚིག་བཞིས་བྱའོ། །དབང་དུ་བྱས་ཏེ་ཞེས་བྱ་བ་མཉེས་པར་བྱའོ། །སྒྲུབ་པ་ནི་རང་གི་ལྷའི་རྣལ་འབྱོར་རྫོགས་པར་བྱས་པའོ། །དེ་ལ་ཞེས་བྱ་བ་ནི་གནས་སྐབས་སོ། །དེ་ལྟ་བུ་འདིར་རྡོ་རྗེ་དབབ་པར་བྱའོ་ཞེས་གསུངས་པ་དེ་ལ་རྡོ་རྗེ་དབབ་
པའི་སྙིང་པོ་ནི་རྒྱུད་ལས་ཇི་སྐད་གསུངས་པའོ། །དེའི་འོག་མ་ནི་རྗེས་སུ་དྲན་པའི་སྙིང་པོའོ། །དེའི་འོག་ཏུ་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བའི་སྙིང་པོ་རྣམས་ནི་རྒྱུད་ལས་ཇི་སྐད་གསུངས་པ་རྣམས་སོ། །ཕྱག་རྒྱ་བཞི་པོ་ཆོ་ག་བཞིན། བཅིངས་ནས་ཞེས་
གསུངས་པའི་ཕྱག་རྒྱ་ཆེན་པོ་དེ་ཡང་བྱིན་གྱིས་བརླབ་པ་ལ་སོགས་པས་རང་གི་ལུས་ལ་བསྒྲུབས་ལ། དེ་ནས་དེ་དབབ་པ་ལ་སོགས་པས་རང་གི་ལྷ་གཞུག་པའི་མཚན་ཉིད་དུ་ཡོངས་སུ་གཟུང་བ་ཡང་གསུངས་ན། དེའི་འོད་ཀྱི་དཀྱིལ་འཁོར་བསྒྲུབ་པ་མ་གསུངས་ཤིང་། དེ་ཡང་
དུས་གང་གི་ཚེ་ཞེས་བྱ་བ་མི་ཤེས་ཏེ། དེ་བས་ན་དེའི་དུས་བསྟན་པར་བྱ་བའི་ཕྱིར་ས་མ་ཡ་སྟྭཾ་ཞེས་བརྗོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་སྟོན་ཏེ། དུས་གང་གི་ཚེ་དམ་ཚིག་གི་ཕྱག་རྒྱ་འཆིང་བའི་དུས་དེ་ཉིད་ཀྱི་ཚེ་འོད་ཀྱི་དཀྱིལ་འཁོར་བསམ་པར་བྱའོ། །དེ་ཇི་
เล่ม ๕๕ · หน้า 108a
ལྟར་བསམ་པར་བྱ་ཞེ་ན། དེའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྔགས་བརྗོད་པ་དེ་ཉིད་ཀྱི་ཚེ་རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེས་ཡིད་གཉིས་སུ་གྱུར་ན། དེའི་ཕྱིར་དེར་བདག་སེམས་དཔའི་ལུས་སུ་བསྒོམ་ཞེས་བྱ་བ་
གསུངས་ཏེ། དེར་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་རོ། །བདག་ཅེས་བྱ་བ་འདིས་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་དང་སྦྱར་རོ། །སེམས་དཔའི་ལུས་སུ་བསྒོམ་ཞེས་བྱ་བ་ནི་ཡེ་ཤེས་དབབ་པའི་ཚེ། ཡེ་ཤེས་ཀྱི་སེམས་དཔའི་གཟུགས་སུ་བསམ་པ་གང་ཡིན་པ་དེ་ལ་སེམས་དཔའ་
ཞེས་བྱའོ། །འདི་སྐད་སྟོན་ཏེ། ཡེ་ཤེས་དབབ་པའི་ཚེ་ཉིད་ན་བདག་ཏུ་བསྒོམ་ཞིང་ཡེ་ཤེས་སེམས་དཔའི་གཟུགས་ཀྱང་དེར་ལྷག་པར་མོས་པས་གཞག་པའི་སེམས་དཔའི་གཟུགས་ཀྱི་བདག་སྟེ། ཟླ་བའི་དཀྱིལ་འཁོར་དེ་ལ་རྒྱབ་བརྟེན་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དང་ཐ་མི་
དད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱག་རྒྱ་དང་ཡང་ཐ་མི་དད་པར་སྟོན་ཏོ། །ཇི་ལྟར་ཕྱག་རྒྱ་དང་ཐ་མི་དད་པ་ཡིན་ཞེ་ན། གང་གི་ཕྱིར་རང་གི་ངོ་བོ་ཉིད་རྣམ་པར་བསྒོམས་ཏེ། སེམས་ཙམ་དུ་བཞག་ལ་སེམས་ཙམ་དེ་ཡང་ཟླ་བའི་དཀྱིལ་འཁོར་ལྟ་བུར་བཤད་དེ། དེ་བརྟན་པར་བྱ་བའི་ཕྱིར་
ཡང་དེ་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཞག་པ་འདི་ནི་དམ་ཚིག་ཡིན་ཏེ། ཐེག་པ་ཆེན་པོ་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུར་བསྒྲུབས་པ་ཡིན་ནོ། །གང་གི་ཕྱིར་རྡོ་རྗེ་བསྡམས་པས་ནི་ཟླ་བའི་དཀྱིལ་འཁོར་སྟོན་པ་ཡིན་ལ། སོར་མོ་གཉིས་བསྒྲེང་
བས་ནི་རྡོ་རྗེར་བསྟན་ཏེ། ཡེ་ཤེས་ཀྱི་རྡོ་རྗེ་ཡང་རྡོ་རྗེ་སེམས་དཔར་ལྷག་པར་མོས་པར་བྱས་པ་ཡིན་ནོ། །དེ་བས་ན་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དང་། ཡེ་ཤེས་སེམས་དཔའ་ནི་ཁྱད་པར་མེད་དོ། །དེའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་འཆིང་བའི་ཚེ་ཉིད་ན་དམ་ཚིག་གི་སྔགས་བརྗོད་ལ།
ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བྱ་བ་ཁྱོད་ནི་བདག་པོ་ཞེས་པ་འདི་བསྟན་པ་ཡིན་ནོ། །འདི་སྐད་ཟེར་ཏེ། ཁྱོད་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་ཁྱོད་ཡིན་ནོ། །དེ་ལྟ་བས་ན་ཕྱག་རྒྱའི་ལྷ་དེས་སྒྲུབ་པ་པོ་དེའི་བསམ་པའི་དོན་རྣམས་རང་གི་བྱ་བ་བཞིན་དུ་ཐམས་ཅད་སྒྲུབ་
เล่ม ๕๕ · หน้า 108b
པར་བྱེད་དོ། །དེའི་ཕྱིར་ཐ་མི་དད་པར་ལྷག་པར་མོས་པའི་འབྲས་བུ་ནི་འདི་ཡིན་ནོ། །དེ་ལྟར་རེ་ཞིག་ཕྱག་རྒྱ་དང་ཐ་མི་དད་པ་ལ་སོགས་པར་ལྷག་པར་མོས་པ་སྤྱིའི་བཤད་ནས། རྡོ་རྗེ་སེམས་དཔའ་དང་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་འབའ་ཞིག་ཐ་མི་དད་པར་ཟད་ཀྱི། གཞན་དག་དང་ནི་མ་
ཡིན་ནོ་ཞེས་སུ་ཡང་འཁྲུལ་པར་མ་གྱུར་ཅིག་སྙམ་དུ་དགོངས་ཏེ། དེ་བས་ན་ཐེ་ཚོམ་དེ་བསལ་བར་བྱ་བའི་ཕྱིར། སེམས་དཔའ་གང་གི་ཕྱག་རྒྱ་གང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་དཔའ་གང་གི་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སེམས་དཔའ་གང་གི་ཕྱག་རྒྱ་
གང་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ། ཟླ་བའི་དཀྱིལ་འཁོར་དེ་ལ་བརྟེན་པར་བདག་ཉིད་བསྒོམ་པ་སྟེ། བདག་ཉིད་དེ་ལྟ་བུའི་ཚུལ་དུ་བསྒོམ་པར་བྱའོ། །རྡོ་རྗེ་བཟླས་པས་ཞེས་བྱ་བ་ནི། །ལྕེ་རྩེ་ཤིན་ཏུ་མི་སྒུལ་ཞིང་། །སོ་དང་མཆུ་གཉིས་སྦྱར་ནས་ནི། །ཞེས་བྱ་བ་ལ་སོགས་པ་
འོག་ནས་བཤད་པ་སྟེ། ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་སྙིང་པོ་ཇི་སྙེད་དགོས་པ་དེ་དག་ནི་རྡོ་རྗེ་བཟླས་པས་གདོན་པར་བྱའོ་ཞེས་སྟོན་ཏོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་དེ་ལྟར་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་བསྟན་ནས། ད་ནི་
དེ་བཞིན་དུ་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སྤྱིར་བསྒྲེ་བ་སྟོན་ཏོ། །ཕྱག་རྒྱ་ཐམས་ཅད་ཀྱི་སྒྲུབ་པ་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་སྒྲུབ་པའོ། །དེ་ཡང་། སེམས་དཔའ་གང་གི་ཕྱག་རྒྱ་གང་། །ཞེས་རབ་ཏུ་ཕྱེ་སྟེ་བསྒྲུབ་པས་ན་རབ་ཏུ་སྒྲུབ་པ་སྟེ་རྫོགས་པར་བྱས་པའི་དོན་ཏོ། །དཀྱིལ་
འཁོར་འདི་འབའ་ཞིག་ཏུ་མ་ཟད་ཀྱི། རྟོག་པ་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་རབ་ཏུ་སྒྲུབ་པའི་ཆོ་ག་འདི་ཉིད་ཡིན་ནོ། །སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དང་། རྡོ་རྗེ་སེམས་དཔའ་ཐ་མི་དད་པར་ནི་རིགས་ཀྱི། རྡོ་རྗེ་རྒྱལ་པོ་ལ་སོགས་པ་དང་ནི་མ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། དེ་དག་ཀྱང་དེ་
ཉིད་ལས་གྲུབ་པ་ཡིན་ནོ། །གང་གི་ཕྱིར་འདི་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས་ན། སེམས་དཔའ་ཆེན་པོ་འབའ་ཞིག་ཏུ་མ་ཟད་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱང་ཡིན་ཏེ། དེ་བས་ན་ཉེས་པ་མེད་དོ། །དེ་ཡང་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཆོ་
เล่ม ๕๕ · หน้า 109a
ག་འདི་ནི་མདོར་བསྡུས་པ་ཡིན་ཏེ། གང་གི་ཕྱིར། གཞན་ཡང་སྒྲུབ་པ་ཆེན་པོ་ནི། །ཞེས་སྨོས་པ་ཡིན་ནོ། །སྙིང་པོ་བཞི་བརྗོད་ལ་ལེགས་སོ་ཞེས་བྱ་བའི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་པའི་ཚུལ་གྱིས། རང་གི་སྙིང་གར་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་
པས་ན། དེའི་ཕྱིར་སྔ་མ་ནི་སྒྲུབ་པ་མདོར་བསྡུས་པ་ཡིན་པར་མངོན་ནོ། །འདི་སྐད་སྟོན་ཏེ། གང་ཕྱག་རྒྱ་རྒྱས་པར་སྒྲུབ་པར་འདོད་པ་དེས་ཇི་སྐད་དུ་བཤད་པའི་སངས་རྒྱས་རང་གི་སྙིང་གར་གཞུག་པར་བྱའོ། །གང་གི་ཕྱིར་དང་པོའི་རྣལ་འབྱོར་ལ་ནི་ཟླ་བའི་དཀྱིལ་འཁོར་ཀུན་དུ་བཟང་པོའི་བྱང་
ཆུབ་ཀྱི་སེམས་ཡིན་པར་གསུངས་པ་དང་། དེ་ལ་ནི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། དེ་ནས་སེམས་དཔའི་ང་རྒྱལ་བྱ་བ་དང་། དེར་ཡང་སངས་རྒྱས་རྣམས་གཞུག་པ་དང་། དེ་ལ་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་དང་། སངས་རྒྱས་ཀྱི་ཕྱག་རྒྱ་ལས་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པའོ། །
ཇི་ལྟར་ན་ཕྱག་རྒྱ་ལས་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་དེ་ཉིད་ཀྱང་གཅིག་ཏུ་གྱུར་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་རྣམས་ཀྱི་གཟུགས་སུ་འགྱུར་ཏེ། དེ་ལྟར་སེམས་དཔའ་སྒྲུབ་པའི་ཕྱག་རྒྱ་དང་པོ་བསྟན་ནས། དེ་ལས་སྔགས་
པ་གང་རྒྱས་པར་སྒྲུབ་པར་འདོད་པ་དེས་བཛྲ་བནྡྷ་ཏྲཊ་ཅེས་བྱ་བ་བརྗོད་ལ། དེའི་འོག་ཏུ་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིང་བར་བྱ་ཞིང་། རང་གི་སྙིང་པོ་ཡང་བརྗོད་དོ། །དེ་ཉིད་ཀྱི་ཚེ་ཡིད་ཀྱིས་བདག་ཉིད་རྣམ་པར་བསྒོམ་ཞིང་སེམས་ཙམ་ཉིད་དུ་གཞག་པར་བྱ་སྟེ། །དེར་ཟླ་བའི་དཀྱིལ་འཁོར་དུ་ལྷག་
པར་མོས་པར་བྱ་བ་དང་། དེ་ལ་ཡེ་ཤེས་ཀྱི་རྡོ་རྗེ་བསམ་པར་བྱ་བ་དང་། དེ་ལ་ཡང་ང་རྒྱལ་བསྐྱེད་པར་བྱ་བ་དང་། དེར་ཡང་ཇི་སྐད་དུ་བཤད་པའི་སངས་རྒྱས་གཞུག་པ་དང་། སངས་རྒྱས་དེ་རྣམས་ཀྱང་སེམས་དཔའི་གཟུགས་སུ་ཡོངས་སུ་གྱུར་པར་ལྷག་པར་མོས་པར་བྱའོ། །དེ་ནས་བྱིན་
གྱིས་བརླབ་པ་ལ་སོགས་པ་བྱས་ལ། སངས་རྒྱས་གཞུག་པ་ཇི་སྐད་དུ་བཤད་པ་བཞིན་དུ་བྱ་བ་འདི་ནི་ཆོ་ག་རྒྱས་པ་ཡིན་ནོ། །འདིར་ཡང་གལ་ཏེ་འདོད་ན་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དགོད་པ་ལ་སོགས་པ་བཞིན་དུ། ལྕགས་ཀྱུ་དགོད་པ་ལ་སོགས་པ་ཡང་བྱ་བ་དང་། དེ་ནས་ལྕགས་
เล่ม ๕๕ · หน้า 109b
ཀྱུ་ལ་སོགས་པ་ལ་ང་རྒྱལ་བསྐྱེད་པ་དང་། དེ་ནས་སངས་རྒྱས་བཅུག་སྟེ། རང་གི་སེམས་དཔར་ལྷག་པར་མོས་པར་བྱ་སྟེ། དེ་ལྟ་ན་ཡང་འགལ་བ་མེད་དོ། །ཡང་ན་རྡོ་རྗེ་ཉིད་ལས་རང་གི་སེམས་དཔར་མོས་པར་བྱ་བ་དེ་ལྟ་བུ་ཡང་ཉེས་པ་མེད་དོ། །དེ་ནས་དེའི་འོག་ཏུ་དམ་ཚིག་གི་ཕྱག་རྒྱ་
བཅིངས་ལ་ཁྱོད་ནི་བདག་གོ་ཞེས་མོས་པར་བྱའོ། །གལ་ཏེ་རྒྱས་པར་བྱེད་པར་མི་འདོད་ན་རྡོ་རྗེ་ཉིད་ལས་ང་རྒྱལ་བསྐྱེད་ལ། རང་གི་སེམས་དཔར་བསམ་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་བྱིན་གྱིས་བརླབ་པ་ལ་སོགས་པའི་ལས་བྱའོ། །དེ་ནས་ཇི་སྐད་དུ་བཤད་
པའི་ཚུལ་གྱིས་ཕྱི་རོལ་གྱི་སེམས་དཔའ་བསམ་པར་བྱའོ། །དེ་ནས་དགུག་པ་ལ་སོགས་པའི་ལས་བྱ་སྟེ། འདིར་ཡང་མདོར་བསྡུས་པ་ཡིན་ནོ། །སྒྲུབ་པ་ཆེན་པོ་ལ་ཡང་ཕྱོགས་གཉིས་ཏེ། དང་པོར་སངས་རྒྱས་གཞུག་པ་མ་བྱས་པར་ཕྱག་རྒྱ་ཆེན་པོ་བསྐྱེད་ལ་བྱིན་གྱིས་བརླབ་པ་ལ་
སོགས་པ་བྱས་ནས་ཕྱིས་རང་གི་སེམས་དཔའ་གཞུག་པའི་ཚེ། རང་གི་སེམས་དཔའ་མ་བཅུག་པ་ཉིད་དུ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཕྱག་རྒྱ་ཐམས་ཅད་བྱིན་གྱིས་རློབ་པར་མཛད་པས་སངས་རྒྱས་ཐམས་ཅད་གཞུག་གོ། །དེ་བས་ན་སངས་རྒྱས་ཚད་མེད་པ་བཅུག་པའི་ཕྱིར་སྒྲུབ་
པ་ཆེན་པོ་ཞེས་བཤད་དོ། །འདི་ནི་རྟོག་པ་ཐམས་ཅད་དང་རྒྱུད་ཐམས་ཅད་ལ་ཡང་ཕྱག་རྒྱ་ཆེན་པོར་སྒྲུབ་པའི་ཆོ་གར་གསུངས་པ་ཡིན་ནོ། །གང་ཡང་སྔར་སྒྲུབ་པ་བཤད་པར་བྱའོ་ཞེས་དམ་བཅས་པའི་སྒྲུབ་པ་དེ་ནི་འདི་ཡིན་ནོ། །དངོས་གྲུབ་དང་ཞེས་གང་གསུངས་པ་ནི་གང་ཕྱག་རྒྱ་རྫོགས་
པ་དེ་ནི་དངོས་གྲུབ་ཡིན་ནོ། །གྲུབ་པ་རྣམས་ཀྱི་ལས་ཆེན་རྣམས། །ཞེས་གང་དམ་བཅའ་བ་མཛད་པ་དེ་ནི་དེ་ནས། བླ་ན་མེད་པའི་རྡོ་རྗེ་ལས། །དེ་དག་གི་ནི་ལས་བཤད་དེ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྡོ་རྗེའི་ལས་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་ལས་ཡིན་པའམ། བཅོམ་ལྡན་
འདས་ཕྱག་ན་རྡོ་རྗེས་ཇི་སྐད་གསུངས་པའི་ལས་ཡིན་པའམ། ཡང་ན་རྡོ་རྗེ་དབྱིངས་ཀྱི་ལས་གང་ཡིན་པ་དེ་ནི་རྡོ་རྗེའི་ལས་སོ། །ལས་དེ་ནི་ཐུན་མོང་དུ་གྱུར་པའི་བླ་ན་ཡོད་པ་དང་བཅས་པའི་ལས་ཀྱང་གལ་ཏེ་ཁ་ཅིག་ཏུ་འབྱུང་སྲིད་པས་དེའི་ཕྱིར་བླ་ན་མེད་ཅེས་གསུངས་པ་ཡིན་ནོ། །དེ་དག་
เล่ม ๕๕ · หน้า 110a
གི་ནི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་འོ། །ལས་ཞེས་བྱ་བ་ནི་གང་དང་གང་གི་རང་གི་འབྲས་བུ་ནི་དེ་དང་དེའི་ལས་སོ། །ལས་དེ་གང་ཡིན་ཞེས་དྲིས་པ་ལས། བསྟན་པ་ཇི་ལྟ་བ་བཞིན་དུ་བཤད་པ་དེ་ལྟ་བུར་མཛད་པའི་ཚུལ་གྱིས་དང་པོ་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའི་
ལས་སྟོན་པས་ན། དེའི་ཕྱིར་དེའི་ལས་དང་པོ་བསྟན་པ་ནི། སངས་རྒྱས་རྗེས་སུ་དྲན་གྲུབ་ན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་ཤིང་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་སངས་རྒྱས་ཀྱི་སྐུ་སྐྱེས་
བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡང་དག་པར་བརྒྱན་པ་འོད་འདོམ་གང་བ་ཀུན་དུ་འབར་བར་བྱེད་པའི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྫོགས་པར་བྱས་ནས། དེར་རྗེས་སུ་དྲན་པ་དང་། དེའི་
ཡོན་ཏན་རྗེས་སུ་དྲན་པ་སྟེ། ཡང་དང་ཡང་དུ་གཅིག་ཏུ་བྱས་ནས་མང་པོར་བྱེད་པ་དང་། མང་པོར་བྱས་ནས་གཅིག་ཏུ་བྱེད་པ་དང་། སངས་རྒྱས་ཀྱི་གཟུགས་སུ་བྱས་ནས་སེམས་དཔའི་གཟུགས་སུ་བྱེད་པ་དང་། བྱང་ཆུབ་སེམས་དཔའི་གཟུགས་སུ་བྱས་ནས་སླར་ཡང་སངས་རྒྱས་
ཀྱི་གཟུགས་སུ་བྱེད་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་དུ་མར་རྗེས་སུ་དྲན་པའི་སངས་རྒྱས་རྗེས་སུ་དྲན་པའོ། །དེས་ཡང་དག་པར་གྲུབ་ཅིང་རྫོགས་པ་ནི། སངས་རྒྱས་རྗེས་སུ་དྲན་གྲུབ་ན། །ཞེས་པའོ། །བྱ་བ་འདིའི་འབྲས་བུ་འདི་ཡིན་པར་བསྟན་པར་བྱ་བའི་ཕྱིར།
སངས་རྒྱས་ཉིད་དུ་མྱུར་དུ་འགྱུར། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་འདིའི་ལས་ནི་འདི་ལྟ་སྟེ། མྱུར་དུ་སངས་རྒྱས་ཉིད་སྦྱིན་པར་བྱེད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སེམས་མ་ལ་སོགས་པ་ཕྱག་རྒྱ་བཞི་ནི་འཁོར་ཉིད་དུ་བསྟན་པ་ཡིན་ལ།
དེ་བས་ན་འདི་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དབུས་ན་བཞུགས་པའི་ཕྱིར་དང་། རིགས་ཀྱི་ཡུམ་ཡིན་པས་གཙོ་བོར་གྱུར་པ་ཡིན་ལ། གཙོ་བོར་གྱུར་པས་ན་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་འོག་ཏུ་དེའི་ལས་སྟོན་ཏེ། འདི་རྣམས་ཀྱི་མཚན་ཉིད་ནི་འོག་ནས་འཆད་དོ། །སེམས་
เล่ม ๕๕ · หน้า 110b
དཔའ་ནི་སེམས་སོ། །རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའོ། །དེ་བས་ན་སེམས་དཔའ་དང་རྡོ་རྗེའི་ངོ་བོ་ཉིད་ཡིན་པས་ན་སེམས་དཔའི་རྡོ་རྗེ་མའོ། །དེ་ཡང་དག་པར་གྲུབ་ན། ཕྱག་རྒྱ་ཀུན་གྱི་བདག་པོར་འགྱུར། །ཞེས་བྱ་བ་སྟེ། ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོར་གྱུར་ཅིང་། དབང་བྱེད་
པར་གྱུར་པས་ཕྱག་རྒྱ་ཀུན་གྱི་བདག་པོར་འགྱུར་བ་སྟེ། རྡོ་རྗེ་སེམས་དཔར་འགྱུར་ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །དེའི་ངོ་བོ་ཉིད་ཀྱིས་ཕྱག་རྒྱ་གང་ཡིན་པ་དེ་ནི། རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་སྟེ། རིན་ཆེན་རྡོ་རྗེ་མ་ཡོད་པའམ། ཡང་ན་རྒྱུར་གྱུར་པ་ཡང་དག་པར་
གྲུབ་པར་གྱུར་པ་དེས་ན་རིན་ཆེན་ཀུན་དབང་འགྱུར་ཞེས་བྱ་བ། རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་དབང་པོར་འགྱུར་ཞིང་བདག་པོར་གྱུར་པས་ན་རིན་ཆེན་ཀུན་དབང་འགྱུར་ཞེས་བྱ་སྟེ། རྡོ་རྗེ་རིན་ཆེན་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་རིགས་ཀྱི་རྡོ་རྗེ་མ་ཡིན་པས་ན་ཆོས་ཀྱི་རྡོ་རྗེ་མའོ། །ཆོས་
ཀྱི་བསམ་པ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་སྟོན་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཆོས་ཀྱི་རྡོ་རྗེ་མ་ཞེས་བཤད་དོ། །གྲུབ་པ་ནི་རྫོགས་པ་སྟེ་བསམ་པ་ཡོངས་སུ་རྫོགས་པའོ། །གང་གིས་ཤེ་ན། ཆོས་ཀྱི་རྡོ་རྗེ་མས་སོ། །སངས་རྒྱས་རྣམས་ཀྱི་ཆོས་མ་ཡིན་པས་ན་སངས་རྒྱས་ཆོས། དེ་འཛིན་
པས་ན། སངས་རྒྱས་ཆོས་ནི་འཛིན་པར་འགྱུར། །ཞེས་བྱ་བ་སྟེ། འཇིག་རྟེན་དབང་ཕྱུག་ཏུ་འགྱུར་ཞེས་བྱ་བའི་དོན་ཏོ། །དགེ་བའི་སེམས་ལ་ལས་ཞེས་བྱ་བའི་སྒྲར་བཤད་དེ། དེ་ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་ངེས་པར་སྟོན་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱའོ། །
དེ་བཅིངས་ན། རྡོ་རྗེའི་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ལས་ཇི་ལྟ་བ་བཞིན་དུ་ཐོགས་པ་མེད་པར་ལས་བྱེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སེམས་དཔའི་ཕྱག་རྒྱ་བཅིངས་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་པའོ། །དེས་ཅི་ཞིག་
འགྲུབ་ཅེ་ན། རྡོ་རྗེ་སེམས་དཔར་འགྲུབ་པར་འགྱུར། །ཞེས་བྱ་བ་སྟེ། མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་དུ་འགྲུབ་པའོ། །རྡོ་རྗེ་འདྲེན་པ་ནི་བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོའོ། །དེའི་ཆོ་ག་ནི་དེའི་ཕྱག་རྒྱ་རྫོགས་པར་བྱས་
เล่ม ๕๕ · หน้า 111a
པ་སྟེ། རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་བཅིངས། །ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཛིན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །སྤྱན་འདྲེན་པ་ནི་འགུགས་པའོ། །རྡོ་རྗེའི་རང་བཞིན་གྱི་ཆགས་པ་ནི་རྡོ་རྗེ་འདོད་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་རྒྱུ་མེད་
པར་ཡང་སེམས་ཅན་རྣམས་སྨིན་པ་དང་གྲོལ་བའི་མཚན་ཉིད་ཅན་གྱིས་ཆགས་པས་སེམས་ཅན་རྣམས་ལ་ཆགས་པ་ཡིན་ལ། དེ་ནི་སེམས་ཅན་རྣམས་ཀྱི་ལོག་པར་སྒྲུབ་པ་མང་པོས་ཀྱང་དབྱེ་བར་མི་ནུས་པས་ན། རྡོ་རྗེའི་རང་བཞིན་ཅན་དུ་བཤད་དེ། རྡོ་རྗེ་ཆགས་པ་དེའི་ཕྱག་རྒྱ་ཆེན་
པོ་ཡིན་པས་ན། རྡོ་རྗེ་འདོད་པའི་ཕྱག་རྒྱ་ཆེ། །ཞེས་བྱའོ། །དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་བྱེད་པ་སྟེ། དགྱེས་པར་བྱེད་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་ཐམས་ཅད་དུ་གཏོགས་པ་ནི་རྡོ་རྗེ་ལེགས་པ་སྟེ། འདི་ཉིད་ཀྱི་རང་གི་ཕྱག་རྒྱའི་ཚོགས་སོ། །
དེས་ཅི་ཞིག་བྱེད་ཅེ་ན། དགྱེས་པར་བྱེད་དོ། །སུ་ཞིག་དགྱེས་པར་བྱེད་ཅེ་ན། སངས་རྒྱས་ཐམས་ཅད་ཅེས་བྱ་བ་སྟེ། དེ་དག་དང་སེམས་ཅན་གཞན་རྣམས་ཀྱང་དགའ་བར་མཛད་པའོ། །རིན་ཆེན་ཕྱག་རྒྱའི་ཆོ་ག་ཡིས། །ཞེས་བྱ་བ་ནི་རིན་པོ་ཆེའི་ཕྱག་རྒྱ་འཆང་བས་ན་རིན་
ཆེན་ཕྱག་རྒྱའི་ཆོ་ག་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་བྱེད་ཅེ་ན། སངས་རྒྱས་དབང་བསྐུར་སྦྱིན་པར་བྱེད། །ཅེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱི་དབང་བསྐུར་བ་ཡིན་པས་ན་སངས་རྒྱས་དབང་བསྐུར་ཏེ། དེ་སྦྱིན་པར་བྱེད་པའོ། །རྡོ་རྗེ་གཟི་བརྗིད་
ཆོ་གས་ནི། །ཞེས་བྱ་བ་ནི་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱ་ཆེན་པོས་སོ། །དེས་ཅི་འགྱུར་ཞེ་ན། རྡོ་རྗེ་གཟི་བརྗིད་མྱུར་དུ་འགྲུབ། །ཅེས་བྱ་བ་སྟེ། རྡོ་རྗེ་གཟི་བརྗིད་ནི་རྡོ་རྗེ་ཉི་མའོ། །དེ་ནི་རྡོ་རྗེའི་རང་བཞིན་ཅན་གྱི་གཟི་བརྗིད་མངའ་བས་ན་རྡོ་རྗེ་གཟི་བརྗིད་ཅེས་བྱ་སྟེ། དེ་གཞན་གྱིས་མི་
བཟློག་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་དཔལ་ཞེས་བྱ་བ་ལ་དཔལ་ནི་མཚན་མ་ལ་བྱ་སྟེ། རྡོ་རྗེའི་རང་བཞིན་ཅན་གྱི་དཔལ་ནི་རྡོ་རྗེའི་དཔལ་ལོ། །དེ་འཛིན་པས་ན་རྡོ་རྗེ་དཔལ་འཛིན་ནོ། །དེའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་བསྟེན་པ་སྟེ་སྒོམ་པར་བྱེད་པའོ། །རེ་བ་རྣམས་ནི་ཡོངས་སུ་
เล่ม ๕๕ · หน้า 111b
བསྐང་། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པའི་སོའི་ཕྲེང་བ་གཉིས་ཀྱིས་བཞད་པར་སྟོན་པས་ན་རྡོ་རྗེ་བཞད་པ་སྟེ། དེའི་ཆོ་ག་ནི་ཕྱག་རྒྱ་ཆེན་
པོ་གང་ཡིན་པ་སྟེ། དེའི་སྦྱོར་བ་བྱས་པས་སོ། །སངས་རྒྱས་ཀུན་དང་མཉམ་དུ་བཞད། །ཅེས་བྱ་བ་སངས་རྒྱས་ཀུན་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་དག་གི་བཞད་པ་ནི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་ཅུང་ཟད་འཛུམ་པ་ཡིན་ལ། འདིའང་དེ་རྣམས་དང་མཉམ་ཞིང་
མཚུངས་པར་འགྲོ་བའི་དོན་མཛད་པའི་རྒྱུར་ཅུང་ཟད་འཛུམ་པར་བྱེད་དོ། །འདི་སྐད་སྟོན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་འདུལ་བའི་དུས་མཁྱེན་ཅིང་། སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་མཁྱེན་ནས། འཛུམ་པ་ཡང་དག་པར་
བསྟན་པས་སེམས་ཅན་རྣམས་ཆོས་ཞུ་བ་ལ་འཛུད་ཅིང་དམ་པའི་ཆོས་སྟོན་པས་དོན་མཛད་པ་ཡིན་ནོ། །དེ་བཞིན་དུ་སྔགས་པ་དེ་ཡང་རྡོ་རྗེ་བཞད་པའི་ཕྱག་རྒྱ་ཆེན་པོར་བསྒོམས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །དེ་ལྟ་བས་ན་དེ་དང་དེ་བཞད་པ་མཉམ་ཞིང་མཚུངས་པ་ཡིན་ནོ། །རྡོ་རྗེའི་
རང་བཞིན་ཅན་གྱི་ཆོས་མངའ་བས་ན་རྡོ་རྗེ་ཆོས་དེ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཉིད་དོ། །དེ་གང་གིས་ཀྱང་གཞིག་པར་མི་ནུས་པས་ན་རྡོ་རྗེའི་སྒྲར་གསུངས་ལ། ཆོས་དེ་གཙོ་བོར་བྱས་པས་ཚོགས་ཡོངས་སུ་རྫོགས་པར་བྱས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཡང་རྡོ་རྗེ་ཆོས་ཞེས་བྱ་
སྟེ་སྤྱན་རས་གཟིགས་ཀྱི་དབང་པོའོ། །དེའི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་ན་སྔགས་པ་འདི་ཡང་རྡོ་རྗེ་ཆོས་འཛིན་པར་འགྱུར་རོ། །རྡོ་རྗེ་རྣོན་པོ་ནི་བཅོམ་ལྡན་འདས་འཇམ་དཔལ་ལོ། །དེའི་ཆོ་ག་ཡིས་ཏེ་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན།
སངས་རྒྱས་ཀུན་གྱི་ཤེས་རབ་མཆོག །ཅེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཤེས་རབ་ཅེས་བྱ་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དོ། །ཤེས་རབ་དེས་མཆོག་ཏུ་གྱུར་པས་ན་ཤེས་རབ་མཆོག་ཏུ་འགྱུར་བའོ། །རྡོ་རྗེས་མཚན་པའི་འཁོར་ལོ་
เล่ม ๕๕ · หน้า 112a
ནི་རྡོ་རྗེ་འཁོར་ལོ་སྟེ། དེ་འཆང་ཞིང་འཛིན་པར་བྱེད་པས་ན་རྡོ་རྗེ་འཁོར་ལོ་འཛིན་པའོ། །དེ་བསྟེན་པ་ནི་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་ན་སྔགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོ་འཛིན་པ། ཆོས་ཀྱི་འཁོར་ལོ་བསྐོར་
བར་མཛད་པ་དེ་བཞིན་དུ། སྔགས་པ་དེས་ཀྱང་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་ན། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་འཁོར་ལོ་ནི་སྔགས་སྤྱོད་པའི་ཚུལ་གྱིས་དཀྱིལ་འཁོར་ལ་སོགས་པའོ། །རྡོ་རྗེ་གསུང་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་རྡོ་རྗེ་སྨྲ་བ་སྟེ། དེའི་ཕྱག་རྒྱ་ཆེན་པོའི་ཆོ་གས་སྔགས་པ་སངས་རྒྱས་ཀྱི་གསུང་གྲུབ་པའོ། །སངས་རྒྱས་རྣམས་ཀྱི་གསུང་ཡིན་པས་ན་སངས་རྒྱས་གསུང་སྟེ། གང་གདུལ་བྱ་རྣམས་ཀྱི་ཁྱད་པར་ལ་ཐུགས་བརྩེ་བར་དགོངས་ནས་གསུངས་པ་དེ་ནི་སངས་རྒྱས་ཀྱི་གསུང་སྟེ། དེའི་
གྲུབ་པ་འཐོབ་པར་འགྱུར་བའོ། །རྡོ་རྗེ་ལས་མཆོག་བསྒྲུབས་པས་ན། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ལས་སུ་མྱུར་དུ་འགྲུབ། །ཅེས་བྱ་བ་ནི་རྡོ་རྗེའི་རང་བཞིན་གྱི་མཆོད་པ་ལ་སོགས་པའི་ཕྲིན་ལས་མཛད་པས་ན་རྡོ་རྗེ་ལས་སོ། །དེ་ནི་བཅོམ་ལྡན་
འདས་ནམ་མཁའ་མཛོད་དེ་སྔགས་པ་དེ་འདིར་འགྱུར་བའོ། །རྡོ་རྗེའི་གོ་ཆ་ངེས་བགོས་པས། །ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་གོ་ཆ་ཡིན་པས་ན་རྡོ་རྗེ་གོ་ཆའོ། །ངེས་པར་བགོས་པས་ན་ངེས་བགོས་ཏེ། བདག་གམ་གཞན་གྱི་ལུས་ལ་ངེས་པར་བསྐོན་པའོ། །རྡོ་རྗེའི་སྐུ་ནི་འཐོབ་པར་
འགྱུར། །ཞེས་བྱ་བ་ནི་མི་ཕྱེད་པའི་ལུས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གནོད་སྦྱིན་བསྒྲུབས་པས་ན། །ཞེས་བྱ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེར་སྤྲུལ་པའི་རྡོ་རྗེ་གནོད་སྦྱིན་ནི་རྡོ་རྗེ་གནོད་སྦྱིན་ནོ། །ཡང་ན་རྡོ་རྗེའི་མཆེ་བས་ཉེ་བར་མཚོན་པའི་གནོད་སྦྱིན་ནི་རྡོ་རྗེ་གནོད་སྦྱིན་
ནོ། །དེ་བསྒྲུབས་པས་ན་ཞེས་བྱ་བ་ནི་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་དེ་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཁུ་ཚུར་བཅིངས་པས་ན། །ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་གྱི་ཁུ་ཚུར་མངའ་བས་ན་རྡོ་རྗེ་ཁུ་ཚུར་ཏེ། མི་ཕྱེད་པའི་དོན་གྱིས་སོ། །དེ་བཅིངས་པས་ན་
เล่ม ๕๕ · หน้า 112b
ཞེས་བྱ་བ་ནི་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་གྲུབ་པ་འཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཛིན་མ་ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཡུལ་ལ་དགའ་བ་དེ།
ལུས་ཅན་གྱི་མཆོད་པའི་ཕྱག་རྒྱའི་ལྷ་མོའི་གཟུགས་སུ་གཞག་པའོ། །དེ་སྒྲུབ་པ་ནི་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་སོ། །རྡོ་རྗེ་ཆེན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེའི་དགའ་བ་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཕྲེང་བ་བཅིངས་པས་ན། །ཞེས་བྱ་བ་ནི་རྡོ་རྗེ་
དང་ལྡན་པའི་རིན་པོ་ཆེ་ནི་རྡོ་རྗེ་རིན་པོ་ཆེ་སྟེ། རྡོ་རྗེ་རིན་པོ་ཆེ་དེ་རྣམས་ཀྱི་ཕྲེང་བ་བཅིངས་པ་དེས་དབང་བསྐུར་ནས། སངས་རྒྱས་ཀུན་གྱིས་དབང་བསྐུར་འགྱུར། །ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་སྩོལ་བ་སྟེ་རྡོ་རྗེ་ཕྲེང་བའི་ཕྱག་རྒྱའི་ལྷ་མོའི་རྡོ་རྗེ་ཕྲེང་བ་བཅིང་བ་འདི་ནི་དེའི་
རྒྱན་དུ་འགྱུར་བ་ཡིན་ཏེ། དེ་བས་ན་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་ན། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་སྩོལ་བས་ན། སངས་རྒྱས་ཀུན་གྱི་དབང་བསྐུར་འགྱུར། །ཞེས་བྱའོ། །རྡོ་རྗེ་གླུ་ཡི་ཆོ་ག་ཡིས། །ཞེས་བྱ་བ་ནི། རྡོ་རྗེ་གླུའི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ་ཞེས་བྱ་བའི་
དོན་ཏོ། །རྡོ་རྗེ་གླུ་ནི་ལེན་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་གླུ་ནི་ཐེག་པ་ཆེན་པོའི་ཆོས་བླ་ན་མེད་པ་ཡང་དག་པར་སྟོན་ཅིང་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་སྟོན་པར་བྱེད་པ་ཡིན་ལ། དེ་ཡང་སྔགས་པ་ལེན་པར་འགྱུར་བའོ། །རྡོ་རྗེ་ལྟ་བུའི་གར་ཡིན་པས་ན་རྡོ་རྗེ་གར་ཏེ། སེམས་ཅན་གྱི་དོན་དུ་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ཡིན་པ་དེ་རྡོ་རྗེ་གར་གྱི་ལྷ་མོར་བརྟགས་པའོ། །དེའི་ཕྱག་རྒྱར་སྦྱར་བ་ནི་ཕྱག་རྒྱ་ཆེན་པོར་བཅིང་ངོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་གྱིས་དེ་མཆོད་དོ། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་དེ་མཆོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །
རྡོ་རྗེ་བདུག་པའི་ཆོ་ག་ཡིས། །ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་བདུག་པ་ཡིན་པས་ན་རྡོ་རྗེ་བདུག་པ་མའོ། །ཡང་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་རབ་ཏུ་ལྡན་པའི་བདུག་པ་ནི་རྡོ་རྗེ་བདུག་པའོ། །ཆོ་ག་ཡིས་ཞེས་བྱ་བ་ནི་རྡོ་རྗེ་བདུག་པ་མའི་ཕྱག་རྒྱ་ཆེན་པོ་བསྒོམ་པའོ། །འགྲོ་བ་ཐམས་
เล่ม ๕๕ · หน้า 113a
ཅད་ཚིམ་པར་བྱེད། །ཅེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་བསྐྱེད་པས། འགྲོ་བ་ཐམས་ཅད་ཚིམ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མེ་ཏོག་སྦྱོར་བྱེད་པ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེས་སྤྲུལ་པའི་མེ་ཏོག་སྟེ། དེས་ཉེ་བར་མཚོན་པའི་མཆོད་པའི་ལྷ་
མོ་ལ་ནི། རྡོ་རྗེ་མེ་ཏོག་སྦྱོར་བྱེད་པ། །ཞེས་བྱའོ། །དེའི་ཕྱག་རྒྱ་ཆེན་པོ་བཅིངས་པས། སེམས་ཅན་ཐམས་ཅད་དབང་དུ་བྱེད། །ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་སྣང་བའི་ཕྱག་རྒྱ་ཆེས། །ཞེས་བྱ་བ་ལ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྣང་བ་ནི་རྡོ་རྗེ་སྣང་བ་སྟེ། དེས་ཉེ་བར་མཚོན་པའི་ལྷ་མོ་གང་ཡིན་པ་དེ་ལ་
ཡང་རྡོ་རྗེ་སྣང་བ་ཞེས་བྱ་བའི་སྒྲར་བརྗོད་དོ། །དེའི་ཕྱག་རྒྱ་ཆེན་པོ་བསྒོམས་ཤིང་བསྟེན་ན་ལྷའི་མིག་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ལ། རྡོ་རྗེ་སྣང་བའི་ཕྱག་རྒྱ་ཆེན་པོས་རབ་ཏུ་མཆོད་ན། རྡོ་རྗེ་སྣང་བའི་ཕྱག་རྒྱ་ཆེན་པོ་དེ་ཉིད་མིག་སྦྱིན་པར་
བྱེད་པ་ལ་བྱེད་པ་པོ་ཡིན་པར་སྟོན་ཏོ། །རྡོ་རྗེ་དྲི་ཡི་ཆོ་གས་ནི། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་གོམས་པར་བྱེད་པའི་དོན་དམ་པའི་ཚུལ་ཁྲིམས་ཀྱི་དྲི་སྟེ། དེ་སྒྲུབ་པར་བྱེད་པའི་ལྷ་མོ་གང་ཡིན་པ་དེ་ལ་ཡང་རྡོ་རྗེ་དྲི་ཞེས་བྱ་བའི་སྒྲར་བཤད་དོ། །དེའི་ཆོ་ག་ནི་དེའི་ཕྱག་རྒྱ་ཆེན་པོར་བསྒོམ་
པའོ། །སྡུག་བསྔལ་ཐམས་ཅད་ནི་འཁོར་བ་པ་རྣམས་ཀྱིའོ། །དེ་སེལ་བ་ནི་ཡང་དག་པའི་ཡེ་ཤེས་བསྐྱེད་པས་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །དེ་སུ་ཞིག་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར་བྱེད་པའི་སངས་རྒྱས་བཅོམ་ལྡན་འདས་
སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱི་རྡོ་རྗེ་མངོན་པར་འདུས་བྱས་པའི་ཕྱིར་རྡོ་རྗེའི་རང་བཞིན་གྱི་ལྕགས་ཀྱུ་ནི་རྡོ་རྗེའི་ལྕགས་ཀྱུ་སྟེ། སྙིང་རྗེ་ཆེན་པོའི་ལྕགས་ཀྱུ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཐུགས་རྗེ་ཆེན་པོ་ལ་ལྕགས་ཀྱུ་ཞེས་བྱ་ཞེ་ན། དེས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་
ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་འདྲེན་པར་བྱེད་པས་ན་དེའི་ལས་ཀྱང་འདི་ཉིད་དེ། ཐམས་ཅད་འདྲེན་པའི་ལས་བྱེད་པས་ན་འདྲེན་པ་ཀུན་གྱིའོ། །ཅི་འདྲེན་པའི་ལས་བྱེད་པ་དེ་ལས་གཞན་དག་ཀྱང་ཡོད་དམ་ཞེ་ན། འདི་ཉིད་ལས་ལྷག་པར་གཞན་མེད་
เล่ม ๕๕ · หน้า 113b
པའི་ཕྱིར་མཆོག་ཅེས་སྨོས་པ་ཡིན་ཏེ། དམ་པ་ཞེས་བྱ་བའི་དོན་ཏོ། །སྔགས་པས་ལྕགས་ཀྱུ་དེའི་ཕྱག་རྒྱ་ཆེན་པོར་བསྒོམས་ན། ཐམས་ཅད་འདྲེན་པར་བྱེད་པའི་མཆོག་ཏུ་འགྱུར་བའོ། །རྡོ་རྗེ་ཞགས་པའི་ཆོ་གས་ནི། །ཞེས་བྱ་བ་ལ་ཞགས་པས་ཞེས་བྱ་བ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཆེན་པོ་
བསྒོམ་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་རབ་ཏུ་འཇུག་པར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཀྱིལ་འཁོར་དེར་འཇུག་པར་བྱེད་པས་ན་ཐམས་ཅད་རབ་ཏུ་འཇུག་པར་ཏེ། དེ་སུ་ཞིག་ཡིན་ཞེ་ན། སྔགས་པའོ། །འགྱུར་ཞེས་བྱ་བ་ནི་འགྲུབ་པར་
འགྱུར་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྱི་གནས་ན་གནས་པ་ཉིད་ཀྱིས་རང་གི་དམ་བཅས་པ་གསལ་བར་བྱེད་པས་ན་ལྕགས་སྒྲོག་སྟེ་འཆིང་བ་ལ་བྱ་ལ། རྡོ་རྗེའི་ཡེ་ཤེས་མངོན་པར་འདུས་བྱས་པའི་ལྕགས་སྒྲོག་ཡིན་པས་ན་རྡོ་རྗེའི་ལྕགས་སྒྲོག་གོ། །དེའི་དོན་གྲུབ་པར་བྱེད་པའི་ལྷའི་
ཁྱད་པར་གང་ཡིན་པ་དེ་ལ་ཡང་རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བའི་སྒྲར་བཤད་དེ། དེའི་ཕྱག་རྒྱ་ཆེན་པོར་ཡང་དག་པར་སྦྱོར་ཞིང་བཅིངས་ན་ཐམས་ཅད་འཆིང་བར་ནུས་པར་འགྱུར་རོ། །རྡོ་རྗེའི་ཡེ་ཤེས་མངོན་པར་འདུས་བྱས་པའི་འབེབས་པ་ཡིན་པས་ན་རྡོ་རྗེ་དབབ་པ་སྟེ། དེ་སྒྲུབ་པར་
བྱེད་པའི་ལྷ་ལ་ཡང་རྡོ་རྗེ་དབབ་པའི་སྒྲར་བཤད་དོ། །དེའི་ཆོ་ག་ནི་ཕྱག་རྒྱ་ཆེན་པོ་སྟེ། དེས་སྦྱོར་ཞིང་འཆིང་བའོ། །ཐམས་ཅད་དབབ་པར་རབ་ཏུ་འགྲུབ། །ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་པོར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་འབེབས་པ་རབ་ཏུ་
སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དྲིལ་བུས་ནི་ཐམས་ཅད་མཉེས་པར་བྱེད་པའི་དོན་ཏོ། །ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་གསུངས་པ་དེ་ལ་ཕྱག་རྒྱ་ཆེན་པོ་ནི་བཤད་ཟིན་ཏོ། །ད་ནི་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱ་དགོས་ཏེ། དེ་བས་ན་དེ་བསྟན་པར་བྱ་བའི་
ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །རྡོ་རྗེའི་ཡེ་ཤེས་ལས་བྱུང་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའོ། །
เล่ม ๕๕ · หน้า 114a
དེ་རྣམས་ཀྱི་དམ་ཚིག་ནི་ཐ་ཚིག་དང་གཞུང་ལུགས་ཏེ། ལག་པའི་ཚུལ་འདི་ལྟར་བསྒྱུར་ལ་ལས་འདི་དག་བྱའོ་ཞེས་པའི་ལག་པ་བསྒྱུར་བའི་ཚུལ་ལ། དམ་ཚིག་གི་ཕྱག་རྒྱ་ཞེས་བཤད་དེ། བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མ་ནི་ཕྱག་རྒྱ་ཡིན་པར་འོག་ནས་འཆད་
དོ། །དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སོ། །ཐལ་མོ་དམ་དུ་སྦྱར་ཞེས་བྱ་བ་ནི་ཕྱག་འཚལ་བའི་ཐལ་མོ་སྦྱར་བའོ། །སོར་མོ་ཐམས་ཅད་བསྣོལ་བ་ནི། །ཞེས་བྱ་བ་ནི་ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བར་མཚམས་
བསྣོལ་བ་ནི་རྡོ་རྗེ་ཐལ་མོ་ཞེས་བཤད་དོ། །དེ་ཉིད་ལས་གཅིག་ལས་གཅིག་གི་ལག་པའི་རྒྱབ་ཏུ་བཅངས་པ་ལ་ནི་རྡོ་རྗེ་བསྡམས་པ་ཞེས་བཤད་དོ། །གལ་ཏེ་ཁ་ཅིག་འདི་སྙམ་དུ་ཅི་ཞིག་ལྟར་ལྷོད་པར་གཞག་པ་ཙམ་གྱིས་ཀྱང་རྡོ་རྗེ་བསྡམས་པར་འགྱུར་རོ་སྙམ་དུ་རྟོག་པ་ལ། རབ་ཏུ་བསྡམས་
ཕྱིར་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་བསྡམས་པ་ལས་གཟོད་རྡོ་རྗེ་བསྡམས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །ཞེས་བྱ་བ་ནི་རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་གྱི་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་རྡོ་རྗེ་
བསྡམས་པ་ཉིད་ལས་བྱུང་བས་ན། དེ་དག་ཅེས་བྱ་བ་གསུངས་ཏེ། ཕྱག་རྒྱ་དེ་དག་འབྱུང་བའི་རྒྱུའི་རྩ་བ་ནི་རྡོ་རྗེ་བསྡམས་པ་ཡིན་ལ། མཚན་ཉིད་ནི་རེ་རེ་ཞིང་ཡང་ཐ་དད་པ་ཡིན་ནོ། །དེ་བས་ན། དེ་དག་བསྡམས་པ་རྡོ་རྗེ་ཡི། །བསྡམས་པ་བླ་མེད་བཤད་པར་བྱ། །ཞེས་བྱ་བ་གསུངས་པ་
ཡིན་ནོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་བསྡམས་པ་ཞེས་བྱ་བ་གསུངས་སོ། །ཅི་བླ་ན་ཡོད་པ་ཞིག་གམ་ཞེ་ན། མ་ཡིན་ཏེ། བླ་མེད་བཤད་པར་བྱ་ཞེས་གསུངས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་སོ་སོའི་མཚན་ཉིད་བསྟན་པར་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། ཇི་ལྟ་བུའི་རྡོ་རྗེ་བསྡམས་པ་
བཅིངས་ན་ཕྱག་རྒྱ་དེ་འཇིག་རྟེན་གསུམ་གྱི་བྱ་བ་ལ་མི་བཟློག་པ་ལྟ་བུ་རྡོ་རྗེ་བསྡམས་པ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་སོ་སོའི་མཚན་ཉིད་བཤད་པར་བྱ་སྟེ། སེམས་མ་རྡོ་རྗེ་དམ་བྱས་ལ། །ཞེས་བྱ་བ་འདི་ནི་མཚན་གཞིའོ། །གུང་མོ་མྱུ་གུ་ལྟར་མཉམ་བསྒྲེང་། །ཞེས་བྱ་བ་
เล่ม ๕๕ · หน้า 114b
འདི་ནི་མཚན་ཉིད་དོ། །འདི་སྐད་སྟོན་ཏེ། བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་པ་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པ་དེ་ཉིད་ལས་གུང་མོ་གཉིས་རྡོ་རྗེ་བསྡམས་པའི་ནང་དུ་བཅུག་པར་འགྱུར་ན་གདོན་མི་ཟ་བའི་ཕྱག་
རྒྱར་འགྱུར་རོ། །ཕྱག་རྒྱ་དང་པོའི་རྗེས་ཐོགས་ཡིན་པས་གཉིས་པ་ཞེས་གསུངས་མོད་ཀྱི། འོན་ཀྱང་དོན་གྱི་གོ་རིམས་ཀྱིས་ཕྱག་རྒྱ་འདི་ནི་བཞི་པ་ཡིན་ནོ། །འདི་ལ་གུང་མོ་ནང་དུ་བཅུག་པ་འབའ་ཞིག་ཏུ་མ་ཟད་ཀྱི། མཐེའུ་ཆུང་དང་མཐེ་བོ་གཉིས་གཤིབས། བསྒྲེང་བ་ཡང་འདིར་བྱ་དགོས་སོ་ཞེས་
ཟེར་རོ། །རྡོ་རྗེ་བསྡམས་པ་ཉིད་ལས་གུང་མོ་གཉིས་བསྒྲེང་ལ་རྒྱབ་ལ་བཀུག་སྟེ་རྩེ་སྤྲད་ལ་མཐེ་བོ་ལྟོ་སྤྲད་ཅིང་ཁ་ཐུར་དུ་བསྟན་པའི་མཐེ་བོ་དང་གུང་མོ་རིན་པོ་ཆེར་བྱ་བ་འདི་ནི་རྡོ་རྗེ་རིན་ཆེན་མའི་འོ། །རྡོ་རྗེ་བསྡམས་པ་དེ་ཉིད་ལས་གུང་མོའི་རྩེ་སྤྲད་ལ་གཞུ་བཀུག་པ་ལྟར་བྱས་ཏེ་པདྨའི་འདབ་མའི་
ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་ཆོས་མའི་འོ། །སངས་རྒྱས་ལྔ་པའི་ཕྱག་རྒྱ་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་ཞེས་བྱ་བ་ནི་གུང་མོ་ཅུང་ཟད་ཙམ་རྡོ་རྗེ་ཆོས་མའི་ཚུལ་དུ་བྱས་ལ། མཛུབ་མོ་གཞུ་བཀུག་པའི་ཚུལ་དུ་དགུག་པར་བྱས་ཏེ་གུང་མོའི་ཚིགས་
གསུམ་དང་རྩེ་སྦྱར་བ་འདི་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་བསྟན་ཟིན་ནས། ད་ནི་གཞན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །དེ་བཞིན་
གཤེགས་པའི་རིགས་ཀྱི་དམ་ཚིག་འཛིན་པས་ན་དམ་ཚིག་འཛིན་པའི་ཕྱག་རྒྱ་སྟེ། ཕྱག་རྒྱ་གང་ཞིག་བཅིངས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམ་ཚིག་ལ་གནས་པར་འགྱུར་ཞིང་ཐུགས་དམ་ཇི་ལྟར་བཅས་པ་བཞིན་དུ། དེ་མཛད་པར་ཞལ་གྱིས་བཞེས་པ་ནི་དམ་ཚིག་ལ་
གནས་པ་ཞེས་བྱའོ། །ཕྱག་རྒྱ་དེ་རྣམས་ཀྱི་བཅིང་བ་བཤད་པར་བྱ་ཞེས་པ་ནི་བཅིངས་པའི་མཚན་ཉིད་བཤད་པར་བྱའོ། །དངོས་གྲུབ་ཅེས་བྱ་བ་ནི་སྦྱོར་བ་གང་ཞིག་སྦྱོར་བས་འཕྲལ་དུ་དངོས་གྲུབ་བྱེད་པའི་སྦྱོར་བ་དེ་ལ་ནི་དངོས་གྲུབ་ཅེས་བཤད་དོ། །ལས་རྣམས་ཞེས་བྱ་བ་ནི་གང་དང་གང་གི་ལས་
เล่ม ๕๕ · หน้า 115a
གང་དང་གང་ཡིན་པ་དེ། རང་གི་ཡུལ་གྱི་བྱ་བ་དེ་དང་དེ་ནི་ལས་ཀྱི་སྒྲར་བཤད་དོ། །ཟླ་བ་ལྟ་བུའི་ལག་གཉིས་ཀྱི། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལ་བྱའོ། །གུང་མོ་བཏང་བར་གྱུར་པ་ཡི། །ཞེས་བྱ་བ་ལ། གུང་མོ་ནི་ལག་པ་གཉིས་ཀྱིའོ། །བཏང་ཞེས་བྱ་བ་ནི་རྡོ་རྗེ་
བསྡམས་པ་ལས་མཐེ་བོ་དང་མཐེའུ་ཆུང་མ་གཏོགས་པའོ། །མཐེ་བོ་མཐེའུ་ཆུང་སོ་སོར་བསྒྲེང་། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་མཐེ་བོ་དང་མཐེའུ་ཆུང་གཉིས་སོ་སོར་ཕྲལ་ལ་བསྒྲེང་བའོ། །འདི་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་ཞེས་བྱ་བ་གསུངས་སོ། །དྲིས་པ་འདི་ནི་རྩེ་གཅིག་
པ་ཡང་མ་ཡིན་ལ། རྩེ་གསུམ་པ་ཡང་མ་ཡིན་ཏེ། རྩེ་ལྔ་པ་ཡང་མ་ཡིན་ན། ཇི་ལྟར་རྡོ་རྗེར་འགྱུར་ཞེ་ན། སེམས་དཔའི་རྡོ་རྗེ་ཞེས་བྱ་བ་གསུངས་སོ། །དེ་ཡང་སེམས་དཔའི་རྡོ་རྗེ་ཞེས་བྱ་བ་འདིས་ནི་གུང་མོ་གཤིབས་ཏེ་བསྒྲེང་བར་སྟོན་ཏེ། དེ་བས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་
དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པར་འགྱུར་རོ། །མཛུབ་མོ་ཞེས་བྱ་བ་ནི་མཛུབ་མོ་གཉིས་ཏེ། རྡོ་རྗེ་བསྡམས་པ་དེ་ཉིད་ལས་ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ། །རྡོ་རྗེ་མཛུབ་མོ་སྦྱར་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་ལ། མཛུབ་མོ་
གཡོན་པའི་ལྟོ་ལ་མཛུབ་མོ་གཡས་པའི་ལྟོ་སྦྱར་ན་རྡོ་རྗེ་མདའི་ཕྱག་རྒྱར་འགྱུར་རོ་ཞེས་གསུངས་སོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ཀྱི་ལྟོས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཟུང་ལ་སེ་གོལ་གཉིས་གཏོགས་པ་འདི་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་བཞི་
པོ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔས་མཚོན་པའི་བྱང་ཆུབ་སེམས་དཔའ་བཞིའོ། །ཕྱག་རྒྱ་མང་པོའི་དངོས་གྲུབ་འདིའོ་ཞེས་བྱ་བ་ནི་ཕྱག་རྒྱའི་ཚོགས་འདི་ནི་དངོས་གྲུབ་ཀྱི་ཕྱིར་ཡིན་པས་ན་ཕྱག་རྒྱ་མང་པོའི་དངོས་གྲུབ་བོ། །རྡོ་རྗེ་བསྡམས་པ་ཉིད་ལས་མཐེ་བོ་གཉིས་མཉམ་ལ་མཛུབ་མོ་
གཉིས་ཀྱི་ཚིགས་བར་མ་བཀུག་སྟེ། རྩེ་སྤྲད་ཅིང་མཐེ་བོ་གཉིས་ཀྱི་རྩེ་དང་སྦྱར་བ་འདི་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་འདིས་ནི། དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་བསྡམས་ལས་བྱུང་བས་ན། །ཞེས་བྱ་བ་སྤྱིར་སྨོས་པ་དེ་ལས། འདིར་སྒོ་བརྩེགས་སུ་སྟོན་ཏེ།
เล่ม ๕๕ · หน้า 115b
རྡོ་རྗེ་རིན་ཆེན་དེ་ཉིད་ལས་མཐེ་བོ་གཉིས་དང་མཛུབ་མོ་གཉིས་ཉི་མའི་དཀྱིལ་འཁོར་ལྟ་བུར་བྱས་ལ། སོར་མོ་ལྷག་མ་རྣམས་འོད་ཟེར་གྱི་ཚུལ་དུ་བརྐྱང་བ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱའོ། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དེ་ཉིད་ལས་བ་དན་དུ་འགྱུར་ཏེ། དེ་ལས་སྲིན་ལག་མཐེའུ་ཆུང་གཉིས། །མཉམ་པར་གཤིབས་
པ་རྒྱལ་མཚན་ནོ། །ཞེས་བྱ་བ་གསུངས་ཏེ། ལག་པ་གཉིས་ཀའི་མཐེའུ་ཆུང་དང་སྲིན་ལག་གཉིས་ཟུང་དུ་གཤིབས་ཤིང་བསྒྲེང་བའོ། །འདི་སྐད་སྟོན་ཏེ། སྔ་མའི་རིན་པོ་ཆེའི་ཕྱག་རྒྱ་ལས། སྲིན་ལག་དང་མཐེའུ་ཆུང་གཉིས་བསྒྲེང་ན་བ་དན་དུ་འགྱུར་ཏེ། འདི་ནི་རྡོ་རྗེ་དཔལ་གྱི་ཕྱག་རྒྱའོ། །
དེ་ཉིད་ལས་ཞེས་བྱ་བ་ནི་རྡོ་རྗེ་དབལ་གྱི་ཕྱག་རྒྱ་སྟེ། ཁའི་ཕྱོགས་སུ་གཞག་ཅེས་བྱ་བ་ཁའི་གནས་སུ་བཞག་ལ་སྒེག་པའི་ཚུལ་གྱིས་སོར་མོ་རྣམས་ནང་རོལ་དུ་སྡུད་ཅིང་བཟློག་སྟེ་དགྲོལ་བར་བྱ་བ་འདི་ནི་བཞད་པའི་ཕྱག་རྒྱའོ། །ད་ནི་ཆོས་ཀྱི་རིགས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། མཐེ་བོ་གཉིས་ཀ་
མཉམ་པར་གཤིབས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་དེ་ཉིད་ལས་མཐེ་བོ་གཉིས་གཤིབས་ཏེ་བརྐྱང་ལ། སོར་མོ་པདྨའི་འདབ་མའི་ཚུལ་དུ་བཀུག་ལ་གཞག་གོ། །དེ་གང་ཡིན་ཞེ་ན། མཛུབ་མོ་གཉིས་ཀ་སྟེ་འདི་ལྟར་བྱས་ན་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ཉིད་ཅེས་བྱ་བ་རྡོ་
རྗེ་ཆོས་ཀྱི་ཕྱག་རྒྱ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བའི་ཚིགས་གསུམ་པ་ཅུང་ཟད་བཀུག་པ་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ། །དེ་ལས་སྲིན་ལག་མཐེའུ་ཆུང་གཉིས། །འཁོར་ལོ་ཡིན་པར་བཤད་པ་ཡིན། །ཞེས་བྱ་བ་ནི་འཁོར་ལོའི་ཚུལ་དུ་སོར་མོ་བཞི་ཕན་ཚུན་ནང་བསྣོལ་བ་ནི་འཁོར་
ལོ་ཞེས་བྱ་སྟེ། རྡོ་རྗེ་རྒྱུའི་ཕྱག་རྒྱའོ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ཅུང་ཟད་བཀྲོལ་ལ། ཁའི་ཕྱོགས་སུ་བསྒྲེང་བ་བྱས་ན་རྡོ་རྗེ་སྨྲ་བའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་དང་མཐེ་བོ་གཉིས་རྩེ་བསྡུས་ཏེ་སྤྲད་ལ་བསྒྲེངས་
ནས་ལག་པའི་མཐིལ་སྦྱར་བ་ཕྲལ་ལ། ལས་ཀྱི་རྡོ་རྗེ་ཡིན་པར་བཤད། །ཅེས་བྱ་བ་སྟེ། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་ཕྱག་རྒྱའོ། །མཛུབ་མོ་གཉིས་གཤིབས་ལ་བསྒྲེང་བ་གང་ཡིན་པ་དེ་ནི་མཛུབ་མོ་གཉིས་གཤིབས་པའོ། །
เล่ม ๕๕ · หน้า 116a
མཛུབ་མོ་གཤིབས་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྙིང་གར་གཞག་ཅེས་བྱ་བ་སྟེ། སྙིང་གར་གཞག་གོ་ཞེས་བྱ་བའི་དོན་ཏོ། །སྙིང་གར་གཞག་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། བརྐྱང་ཞེས་པ་སྟེ། མཛུབ་མོ་གཉིས་གྱེན་དུ་བསྒྲེང་སྟེ་བཞག་ལ། སོར་མོ་ལྷག་མ་
རྣམས་ཤིན་ཏུ་བརྐྱང་བར་བྱའོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བཀུག་པ་ནི། མཛུབ་མོའི་རྩེ་བཀུག་ཅེས་བྱ་སྟེ། མཛུབ་མོ་དེ་ཉིད་ནི་མཆེ་བའོ། །མཐེའུ་ཆུང་གཤིབས་པ་དགྲོལ་བའོ། །ཞེས་བྱ་བ་ནི་མཐེའུ་ཆུང་སོ་སོར་ཕྲལ་ཏེ་བཞག་ལ་ཁའི་
ཕྱོགས་སུ་བཞག་ན་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པ་དེ་ཉིད་ལས་མཐེའུ་ཆུང་དང་སྲིན་ལག་གི་བར་དུ་མཐེ་བོའི་ལྟོ་བཙིར་བ་ནི་མཛུབ་མོ་གཉིས་ཀྱིས་བཙིར་བའོ། །ཡང་ན་མཛུབ་མོ་བཙིར་བ་སྟེ། མཐེ་བོ་གཉིས་ཀྱི་རྒྱབ་ཏུ་བཙིར་བའོ། །འདི་ནི་རྡོ་རྗེ་ཁུ་ཚུར་གྱི་
ཕྱག་རྒྱའོ། །སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ།། །།ད་ནི། སྙིང་གར་མཐེ་བོ་བསྙམས་ལ་གཞག །ཅེས་བྱ་བ་ལ་སོགས་པས་མཆོད་པའི་ཕྱག་རྒྱ་རྣམས་སྟོན་ཏེ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་བརྐྱང་སྟེ་སྙིང་གར་བཞག་ན་རྡོ་རྗེ་སྒེག་མོའི་ཕྱག་
རྒྱར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་སྙིང་ག་ནས་བསྟོད་དེ་མདུན་དུ་བརྐྱང་ནས་གཟུང་བ་ནི་རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱའོ། །ཐལ་མོ་ཡང་ཡིན་ལ་རྩེ་མོ་ཡང་ཡིན་པས་ན་ཐལ་མོའི་རྩེ་མོ་སྟེ། རྡོ་རྗེ་ཐལ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཁ་ནས་གྱེན་དུ་དྲངས་ཏེ་ཚིག་སྨྲ་བའི་ཚུལ་དུ་བྱས་ནས་འབྱུང་བར་
འགྱུར་ཏེ། རྡོ་རྗེ་གླུ་མའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་མདུན་དུ་རིམ་གྱིས་དགྲོལ་ཞིང་ལག་པ་གཉིས་སྒེག་པའི་ཚུལ་གྱིས་བསྐོར་ཏེ་ཐལ་མོ་ཁང་སྟོང་དུ་སྦྱར་བ་སྤྱི་བོར་བཞག་ན་རྡོ་རྗེ་གར་གྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པ་ཐུར་དུ་བླུགས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ཁ་
ཐུར་དུ་བསྟན་ནས་ཕྲལ་ན་རྡོ་རྗེ་བདུག་པའི་ཕྱག་རྒྱར་འགྱུར་རོ། །རང་གི་ཐལ་མོ་ནི་རྡོ་རྗེ་བསྡམས་པའི་ཐལ་མོ་སྟེ། རྡོ་རྗེ་ཐལ་མོ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཕྱིར་རོ། །མེ་ཏོག་གྱེན་དུ་འཐོར་ཞེས་བྱ་བ་ནི་རྡོ་རྗེ་གྱེན་དུ་འཐོར་བའི་ཚུལ་དུ་བྱས་ན་རྡོ་རྗེ་མེ་ཏོག་མའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་
เล่ม ๕๕ · หน้า 116b
བསྡམས་པ་དེ་ཉིད་ལས་མཐེ་བོ་གཉིས་བསྙམས་ཏེ་བསྒྲེང་བ་དང་རབ་ཏུ་བསྡམས་ཞེས་བྱ་བ་ལེགས་པར་གཤིབས་ཏེ་མར་མེའི་ལྕེ་ལྟར་ཟུང་ཤིག་པའི་དོན་ཏེ། འདི་ནི་རྡོ་རྗེ་མར་མེ་མའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་རབ་ཏུ་བརྐྱང་སྟེ་བྱུག་པ་ནི་བྱུག་པ་མའི་ཕྱག་རྒྱར་འགྱུར་
རོ། །ནམ་བདག་ཉིད་ལྷའི་གཟུགས་སུ་གྱུར་པ་ལ་མཆོད་པ་བྱེད་པ་དེའི་ཚེ་ནི་རྡོ་རྗེ་བསྡམས་པ་དེ་ཉིད་སྙིང་གར་བརྐྱང་ངོ་། །གལ་ཏེ་ལྷའི་གཟུགས་ཀྱི་ཕྱི་རོལ་ན་གནས་པ་རྣམས་ལ་མཆོད་པ་ནམ་བྱེད་པ་དེའི་ཚེ་ཁ་ཕྱི་རོལ་དུ་བསྟན་ཏེ་དགྲོལ་ལོ། །འདི་ནི་རྡོ་རྗེ་དྲིའི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་བསྡམས་
པ་དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་ན་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པའི་མཐེ་བོ་གཡས་པ་གཡོན་པའི་མཐེ་བོ་དང་མཛུབ་མོའི་བུ་གར་བཅུག་ལ་མཐེ་བོ་གཉིས་མདུད་པར་བཅིངས་པ་ལ་ནི་ཞགས་པའི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པ་དེ་ཉིད་ཀྱི་མཐེ་
བོ་གཡོན་པ་མཛུབ་མོ་གཡོན་པའི་རྩེ་མོར་སྦྱར་ཏེ་ཟླུམ་པོར་བྱས་པ་དེའི་ནང་དུ་མཐེ་བོ་གཡས་པ་བཅུག་སྟེ་མཛུབ་མོ་གཡས་པ་དང་རྩེ་སྤྲད་ནས་ཟླུམ་པོར་བྱའོ། །དེ་ལྟར་ན་མཐེ་བོ་དང་མཛུབ་མོ་གཉིས་གདུ་བུར་བཅིང་བར་འགྱུར་ཏེ། རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་མཛུབ་
མོ་བསྡམས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་འདི་ཉིད་ཀྱི་མཐེའུ་ཆུང་དང་སྲིན་ལག་གི་བར་དུ་མཐེ་བོ་གཉིས་ཀྱི་རྩེ་མོ་བཅུག་ལ་མཛུབ་མོ་བསྡམས་པ་ནི། རྡོ་རྗེ་བཅིང་བ་མཛུབ་མོ་བསྡམས། །ཞེས་བྱ་བ་སྟེ། རྡོ་རྗེ་དབབ་པའི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །གང་སྔར། ཕྱག་རྒྱ་བཅིང་དང་
དངོས་གྲུབ་དང་། །ལས་རྣམས་ཡང་དག་བཤད་པར་བྱ། །ཞེས་ཇི་སྐད་གསུངས་པ་ལས་ཕྱག་རྒྱ་བཅིང་བ་ནི་བཤད་ཟིན་ཏོ།། །།ད་ནི་དངོས་གྲུབ་བཤད་དགོས་པས་དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འདི་རྣམས་ཞེས་བྱ་བ་ནི་དམ་
ཚིག་གི་ཕྱག་རྒྱ་བཤད་པ་རྣམས་སོ། །འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ། སྦྱོར་བ་གང་གིས་ལས་འདི་དག་འགྲུབ་པར་འགྱུར་བ་དེ་ལ་སྒྲུབ་པ་ཞེས་བྱའོ། །བཤད་ཅེས་བྱ་བ་ནི་བསྟན་པར་བྱའོ། །དེ་གང་ཞིག་ཅེ་ན། རྡོ་རྗེ་སྒྲུབ་པ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ལྟར་མི་ཕྱེད་པའི་སྒྲུབ་
เล่ม ๕๕ · หน้า 117a
པ་ཡིན་པས་ན་རྡོ་རྗེ་སྒྲུབ་པའོ། །ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་དམ་པ་ཡིན་ཞེས་བྱ་བ་གསུངས་ཏེ། དམ་པ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའོ། །སྒྲུབ་པ་དེ་གང་ཞིག་ཡིན་ཞེ་ན། རང་གི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། རང་གི་ཕྱག་རྒྱ་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་
སྟེ། དེའི་སྙིང་གར་གཞག་པས་སོ། །དེ་གང་གིས་རང་གི་ཕྱག་རྒྱ་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་འོ། །དེ་གང་ལས་ཤེས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ནས་རང་གི་སྙིང་གར་ཟླ་བའི་
དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དམིགས་ཏེ། དེ་ནས་གདོད་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེས་ན་ཐམས་ཅད་འགྲུབ་པར་འགྱུར་ཏེ། འདི་ནི་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་ཡིན་ནོ། །ལས་རྣམས་ཡང་དག་བཤད་པར་བྱ། །ཞེས་གང་སྔར་དམ་
བཅས་པ་དེ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་གང་གི་བྱ་བ་གང་ཡིན་པ་དེ་ལ་འདིར་ལས་ཞེས་བཤད་དོ། །རྡོ་རྗེ་འཛིན་པས་གསུངས་པའི་ལས་ཡིན་པས་ན་རྡོ་རྗེའི་ལས་སོ། །ཡང་ན་རྡོ་རྗེ་རྣམས་ཀྱི་ལས་ཡིན་པས་ན་རྡོ་རྗེ་ལས་སོ། །དེ་ཡང་བླ་ན་
མེད་པ་སྟེ་ཕུལ་དུ་བྱུང་བ་གཞན་མེད་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱིངས་སོགས་ཕྱག་རྒྱས་ནི། །ཞེས་བྱ་བ་ནི་དང་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པའི་ཕྱག་རྒྱ་ཡིན་པས་ན་རྡོ་རྗེ་དབྱིངས་སོགས་ཕྱག་རྒྱའོ། །དེ་ཡང་གང་ཞེ་ན། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ལྔ་པོ་
རྣམས་སོ། །དེ་དག་བཅིངས་པར་གྱུར་ན་དེ་བཞིན་གཤེགས་པ་རྣམས་འདུས་ཤིང་ཚོགས་ནས་དཀྱིལ་འཁོར་བྱིན་གྱིས་རློབ་པར་མཛད་དོ། །སློབ་དཔོན་གྱིས་ཀྱང་སློབ་མ་རྣམས་ཀྱི་དོན་དུ་བྲིས་པ་ཡིན་པའི་ཕྱིར། དཀྱིལ་འཁོར་སློབ་དཔོན་སློབ་མར་བཅས། །ཞེས་གསུངས་སོ། །
དེ་བཞིན་གཤེགས་པའི་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་ལས་བསྟན་ནས། ད་ནི་སེམས་དཔའ་རྣམས་ཀྱི་ཕྱག་རྒྱའི་སོ་སོའི་ལས་བསྟན་པར་བྱ་བའི་ཕྱིར། སེམས་མའི་རྡོ་རྗེ་བཅིངས་པས་ན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་མའི་རྡོ་རྗེ་མ་ཞེས་བྱ་བ་ནི་སེམས་དཔའི་རྡོ་
เล่ม ๕๕ · หน้า 117b
རྗེ་མ་སྟེ། ཇི་ལྟར་སེམས་དཔའི་རྡོ་རྗེ་མའི་རྡོ་རྗེ་རྩེ་ལྔ་པ་ཡིན་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་གནས་སུ་ཡང་རྡོ་རྗེ་རྩེ་ལྔ་པ་ཉིད་ཡིན་ནོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ། སེམས་དཔའི་རྡོ་རྗེ་མ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ཡིན་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི་རྡོ་
རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་འབའ་ཞིག་ཏུ་མ་ཟད་ཀྱི། ལག་པ་གཉིས་ཀའི་མཐེ་བོ་དང་མཐེའུ་ཆུང་བསྒྲེང་ལ་རྩེ་བཞི་པ་དང་ལྡན་པར་བྱའོ། །དེ་བས་ན་དེའི་ལས་བཤད་དེ། འདི་བཅིངས་པས། རྡོ་རྗེ་འཛིན་པ་འདྲ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། སྔགས་པ་
རྡོ་རྗེ་སེམས་དཔའ་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྕགས་ཀྱུ་བཅིངས་པ་ཡིས། །སངས་རྒྱས་ཐམས་ཅད་ཀུན་ནས་འགུགས། །ཞེས་བྱ་བ་ནི་ཀུན་ནས་དུས་གཅིག་ཏུ་མཉམ་པར་འགུགས་པ་སྟེ་སྤྱན་འདྲེན་ཏོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་རྡོ་རྗེ་ནི་རྡོ་རྗེ་ཆགས་པ་ཞེས་བྱ་བའི་
དོན་ཏོ། །དེའི་སྦྱོར་བ་ནི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་སྟེ། དེས་རྫོགས་པའི་སངས་རྒྱས་རྣམས་ཀྱང་མཉེས་པར་བྱེད་དོ། །ཀྱང་གི་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། སེམས་ཅན་ཐམས་ཅད་ཀྱང་མཉེས་ཤིང་མགུ་བར་བྱེད་པ་སྟེ། སེམས་ཅན་གྱི་དོན་གྱི་ཡུལ་ལ་མངོན་པར་འདོད་པ་སྐྱེད་པར་
བྱེད་པའོ། །རྡོ་རྗེ་དགའ་བའི་ཕྱག་རྒྱ་བཅིངས་པས་ནི་ཇི་སྐད་གསུངས་པའི་ལས་རྣམས་དོན་དང་མཐུན་པར་བྱེད་པས་ན་རྒྱལ་བ་ཀུན། ལེགས་སོ་བས་ནི་སྟོད་པར་བྱེད། །ཅེས་བྱ་བ་སྟེ། ལེགས་སོ་བྱ་བའི་ཕྱག་རྒྱ་བཅིངས་པ་ལས་སེ་གོལ་གཏོགས་པ་སྔགས་པ་དེ་ལ་བསྟོད་པར་མཛད་པ་སྟེ།
བསྔགས་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རིན་ཆེན་རྡོ་རྗེ་བཅིངས་པས་ན། །ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་རྡོ་རྗེ་མ་ཞེས་སྨོས་ཀྱང་རིན་པོ་ཆེའི་མྱུ་གུ་འདི་ནི་རིན་པོ་ཆེའི་སྤྱིར་གསུངས་ཏེ། དེ་བས་ན་འདི་བཅིངས་པས་སངས་རྒྱས་ཀྱིས་དབང་བསྐུར་བར་བྱེད་དེ། སངས་རྒྱས་ཀྱིས་དབང་
བསྐུར་བ་བྱིན་ན་སྔགས་པ་དེ་ལ་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བ་ལ་སོགས་པས་དབང་བསྐུར་བར་འགྱུར་རོ། །རྡོ་རྗེ་ཉི་མའི་ཕྱག་རྒྱ་བཅིངས་པས་ནི་སྔགས་པ་དེ། སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར། །ཞེས་བྱ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་འོད་ཉིད་ཡོད་པར་
เล่ม ๕๕ · หน้า 118a
འགྱུར་བས་ན། སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྒྱལ་མཚན་འཆང་འགྱུར་བས། །ཞེས་བྱ་བ་ནི་རྡོ་རྗེ་དཔལ་གྱི་ཕྱག་རྒྱ་བཅིངས་ན་དེ་རེ་བ་ཀུན་ཡང་རྫོགས་པར་བྱེད་ཅེས་བྱ་བ་སྟེ། དེའི་རེ་བ་ཐམས་ཅད་འབྲས་བུ་དང་བཅས་
པར་འགྱུར་བའི་དོན་ཏོ། །རེ་བ་ཀུན་ནི་སྔགས་པ་དེའི་འདོད་པའི་སྲེད་པ་རྫོགས་པར་བྱེད་ཅིང་འབྲས་བུ་དང་བཅས་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་བཞད་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་བཞད་པའི་དམ་ཚིག་གི་ཕྱག་རྒྱ་འཆིང་བའོ། །སངས་རྒྱས་ཀུན་དང་ལྷན་ཅིག་བཞད། །ཅེས་པ་ནི་
དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་དུས་ཤེས་ནས་ཆོས་ཡོངས་སུ་ཞུ་བའི་ཕྱིར་སྐུལ་བར་བྱེད་པའི་ཅུང་ཟད་བཞད་པས་སྔགས་པ་སྟེ། སངས་རྒྱས་ཀུན་དང་ལྷན་ཅིག་བཞད། །ཅེས་བྱ་སྟེ། སྔགས་པ་དེ་ཡང་སངས་རྒྱས་ཀྱི་བཞད་པ་སྟོན་པས་སེམས་ཅན་གྱི་དོན་བྱེད་པར་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་རྡོ་རྗེ་བཅིངས་པས་ན། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན། རྡོ་རྗེ་ཆོས་དང་འདྲ་བར་འགྱུར། །ཞེས་བྱ་བ་སྟེ། འཇིག་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །པདྨའི་རིགས་སྤྱིར་རྡོ་རྗེ་ཆོས་མ་ཞེས་
གསུངས་མོད་ཀྱི། འོན་ཀྱང་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཉིད་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་རལ་གྲི་ནི་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་རལ་གྲིའི་ཕྱག་རྒྱའོ། །དེ་ཐོགས་པ་ནི་བཅིངས་པའོ། །ཉོན་མོངས་ཐམས་ཅད་དེས་གཅོད་དོ། །ཞེས་པ་ནི་ཤེས་རབ་ཀྱི་རལ་གྲིས་ཉོན་མོངས་པ་
ཐམས་ཅད་གཅོད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཁོར་ལོ་བརྟན་བྱས་པས། །ཞེས་བྱ་བ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་པས་སོ། །དཀྱིལ་འཁོར་གྱི་ནི་དབང་པོར་འགྱུར། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཁོར་ལོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྨྲ་བའི་སྦྱོར་བས་ནི། །
ཞེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་དམ་ཚིག་བཅིངས་པས་སོ། །རྡོ་རྗེ་ངག་མཆོག་གྲུབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེའི་ཚིག་མཆོག་དེ་ཡང་རྡོ་རྗེ་ལྟར་མི་ཕྱེད་པའི་ངག་ཡིན་པས་ན་རྡོ་རྗེ་ངག་གོ། །ལས་ཀྱི་རྡོ་རྗེ་བཅིངས་པས་ན། །ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་སོ། །
เล่ม ๕๕ · หน้า 118b
རྡོ་རྗེ་ལས་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི་མཚུངས་པར་འགྱུར་བ་སྟེ། དེའི་ལས་ཀྱི་བྱ་བ་བྱེད་ནུས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །རྡོ་རྗེ་གོ་ཆ་བརྟན་བྱས་པས། །ཞེས་བྱ་བ་ནི་རྡོ་རྗེ་གོ་ཆའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་སོ། །ལུས་ནི་རྡོ་རྗེ་འདྲ་བར་འགྱུར། །ཞེས་བྱ་
བ་ནི་བདག་གམ་གཞན་གྱི་ལུས་རྡོ་རྗེ་འདྲ་བར་དབྱེར་མི་ཕྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་མཆེ་བ་མཆོག་རྒྱས་པ། །ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་མཆེ་བའི་ཕྱག་རྒྱ་བཅིངས་པས་སོ། །མ་རུངས་བདུད་ནི་དེས་འཇོམས་སོ། །ཞེས་བྱ་བ་ནི་སྔགས་པ་དེས་བགེགས་དང་ལོག་འདྲེན་མ་
རུངས་པ་རྣམས་འཇོམས་ཤིང་རླག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་པས། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་པས་སོ། །ཕྱག་རྒྱ་ཀུན་ཀྱང་དབང་དུ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཐམས་ཅད་དབང་དུ་འགྱུར་བ་སྟེ། ལས་ལ་རང་དབང་དུ་
འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཇིམ་པས་ལྷ་ཡི་དགའ་བ་རྣམས། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་སྒེག་མོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་སྔགས་པས་ལྷའི་དགའ་བ་དང་མགུ་བ་འཐོབ་པར་འགྱུར་རོ། །རྡོ་རྗེ་ཕྲེང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་འདིའམ་གཞན་དུ་རྒྱན་དང་སྤུད་པ་རྣམས་
འཐོབ་པར་འགྱུར་རོ། །རྡོ་རྗེ་གླུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་ངག་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །རྡོ་རྗེ་གར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་འགྱུར་རོ། །ལྷ་མོ་བདུག་པ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ན། འཇིག་རྟེན་
ཚིམ་པར་བྱེད་ཅེས་པ་སྟེ། འཇིག་རྟེན་པ་རྣམས་ཀྱི་དགའ་བ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལྷ་མོ་མེ་ཏོག་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ནི་མཛེས་པའི་གཟུགས་ཞེས་པ་སྟེ། གཟུགས་བཟང་བ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མར་མེ་མའི་དམ་ཚིག་གི་ཕྱག་རྒྱ་
བཅིངས་པས་ནི་སྣང་བ་དག་ཅེས་པ་སྟེ། ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དྲི་སྟེ་ལྷ་མོ་བྱུག་པ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ནི། ལྷ་རྫས་དྲི་ཅན་དུ་ཞེས་པ་སྟེ་ཚེ་འདིའམ་གཞན་དུ་ལུས་ལ་དྲི་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་
เล่ม ๕๕ · หน้า 119a
ཏོ། །རྡོ་རྗེ་ལྕགས་ཀྱུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ནི་འགུགས་པ་སྟེ་ཞེས་པ་སྟེ། འདྲེན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་ཐམས་ཅད་དཀྱིལ་འཁོར་དུ་འཇུག་པར་བྱེད་དོ། །རྡོ་རྗེ་ལྕགས་སྒྲོག་གི་དམ་ཚིག་གི་ཕྱག་རྒྱ་
བཅིངས་ན་ཐམས་ཅད་འཆིང་ནུས་པར་འགྱུར་རོ། །རྡོ་རྗེ་དྲིལ་བུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་ཐམས་ཅད་འབེབས་ནུས་པར་འགྱུར་རོ། །ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་གང་དམ་བཅས་པ་དེ་ལས་ཕྱག་རྒྱ་ཆེན་པོ་དེ་དང་དམ་ཚིག་གི་ཕྱག་རྒྱ་བསྟན་ཟིན་ཏོ།། །།ད་ནི་ཆོས་ཀྱི་
ཕྱག་རྒྱའི་སྐབས་ལ་བབ་པས་ན་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཛྲ་ཛྙཱ་ན་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། དེའི་ཡེ་ཤེས་ཡིན་པས་ན་རྡོ་རྗེའི་ཡེ་ཤེས་སོ། །དེ་ཡང་སངས་རྒྱས་ལྔ་རྣམས་ཀྱི་སྟེ། བཛྲ་ཛྙཱ་ན་ཞེས་བྱ་བའི་སྒྲས་
གཟུགས་འདི་ནི་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་དབྱིངས་ནི་བརྟན་པར་བྱ། །ཞེས་བྱ་བ་ནི་དེའི་ལས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བརྟན་པར་བྱེད་དོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་བསྟན་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོའི་ཕྱག་རྒྱ་སྟོན་པར་
བཤད་པའི་ཕྱིར། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་པའོ། །ཅི་ཞིག་བཤད་ཅེ་ན། ཆོས་ཀྱི་ཕྱག་རྒྱ་ཆོ་ག་བཞིན། །ཞེས་བྱ་བ་གསུངས་ཏེ། སེམས་དཔའ་གང་དང་གང་གི་ཆོ་ག་གང་དང་གང་ཡིན་པ་དེ་ནི་ཆོ་ག་བཞིན་ཏེ།
སེམས་དཔའ་གང་དང་གང་གི་ཆོས་ཀྱི་ཕྱག་རྒྱ་གང་དང་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །ས་མ་ཡ་སྟྭཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཆོས་ཀྱི་ཕྱག་རྒྱ་ཡིན་ཏེ། གང་གི་ཕྱིར་འདི་ནི་རྒྱུད་འདིར་ཕྱག་རྒྱ་ལ་སོགས་པ་དངོས་པོ་གང་ཅུང་ཟད་ཅི་ཡོད་པ་དེ་
ཐམས་ཅད་ནི། རྡོ་རྗེ་སེམས་དཔའི་རང་བཞིན་ཡོངས་སུ་གྱུར་པ་ཡིན་ནོ། །དེ་བས་ན་འདི་ནི་དམ་ཚིག་ཆེན་པོ་ཡིན་ལ། ཇི་སྐད་གསུངས་པ་དེ་ཡང་དེའི་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ། །ཕྱག་རྒྱ་ཀུན་གྱི་དབང་པོར་འགྱུར། །ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་ལས་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་
เล่ม ๕๕ · หน้า 119b
དཔར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཨཱ་ན་ཡ་སྭ་ཞེས་བྱ་བ་ནི་ལྷ་རྣམས་འགུགས་པར་བྱེད་པའི་ལས་སྟོན་པའི་སྒྲའི་གཟུགས་དེ་བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོའི་ཆོས་ཀྱི་ཕྱག་རྒྱའོ། །ཞེས་བརྗོད་ན་ཞེས་བྱ་བ་ནི་དེ་བརྗོད་ནའོ། །གདོན་མི་ཟ་བར་སངས་རྒྱས་འགུགས། །ཞེས་བྱ་བ་ནི་དེའི་
ལས་སྟོན་པ་ཡིན་ནོ། །ཨ་ཧོ་སུ་ཁ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཆགས་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། འདིའི་ལས་ནི་སངས་རྒྱས་ལ་སོགས་པ་མཉེས་པར་བྱེད་པའོ། །ཆགས་པ་ནི་འདུན་པ་སྟེ། སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་སངས་རྒྱས་སམ་
གཞན་རྣམས་ཀྱང་གང་དག་གིའམ། ཆོ་ག་ཇི་བཞིན་པས་འདོད་པ་དེ་ནི་ཆགས་པ་ཞེས་བཤད་དོ། །སཱ་དྷུ་སཱ་དྷུ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ལེགས་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། འདི་བརྗོད་ན་ལེགས་སོ་ཞེས་བྱ་བའི་ཚིག་གིས་སངས་རྒྱས་ལ་སོགས་
པ་མཉེས་པར་བྱེད་པ་ནི་འདིའི་ལས་ཡིན་ནོ། །སུ་མ་ཧཱ་སྟྭཾ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་ཆོས་ཀྱི་ཕྱག་རྒྱའོ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་འཐོབ། །ཅེས་བྱ་བ་ནི་སངས་རྒྱས་རྣམས་དབང་བསྐུར་བའི་སྔགས་པ་ནི་སངས་རྒྱས་རྣམས་ཀྱི་དབང་བསྐུར་བ་འཐོབ་བོ་
ཞེས་བྱ་བའི་དོན་ཏོ། །རཱུ་པོ་དྱོཏ་ཅེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གཟི་བརྗིད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སྨྲས་ན་ཞེས་བྱ་བ་ནི་བརྗོད་ན་སྔགས་པ་དེ། ཆོས་ཀྱི་གཟི་བརྗིད་ཉིད་དུ་འགྱུར། །ཞེས་བྱ་བ་སྟེ། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་ཀྱི་གཟི་བརྗིད་ཡོད་
པར་འགྱུར་བས་ན་ཆོས་ཀྱི་གཟི་བརྗིད་དོ། །འདི་སྐད་སྟོན་ཏེ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་འཐོབ་ཅེས་བྱ་བའི་དོན་ཏོ། །ཨརྠ་པྲ་ཏི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རིན་ཆེན་དཔལ་གྱི་ཆོས་ཀྱི་ཕྱག་རྒྱ་སྟེ། དེ་བརྗོད་ན། རེ་
བ་ཀུན་ནི་རྫོགས་པར་བྱེད། །ཅེས་བྱ་བ་སྟེ། སྔགས་པ་དེ་དེ་ལྟར་འགྱུར་བ་སྟེ་འདིའི་ལས་བསྟན་པའོ། །ཧ་ཧ་ཧཱུཾ་ཧེ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་བཞད་པའི་ཆོས་ཀྱི་ཕྱག་རྒྱའོ། །ཞེས་བགད་ན་ཞེས་བྱ་བ་ནི་སྔགས་པ་དེས་སོ། །སངས་རྒྱས་བཞད་པ་
เล่ม ๕๕ · หน้า 120a
རྙེད་པར་འགྱུར། །ཞེས་བྱ་བ་ནི་འདིའི་ལས་ཡིན་ཏེ། སངས་རྒྱས་ལྟར་འཛུམ་པ་ཡང་དག་པར་སྟོན་པས། དེ་ཡང་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སརྦ་ཀཱ་རི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །
སྔགས་པ་དེ་བརྗོད་ན་མི་བྱ་བའི་རྣམས་ཀྱང་སྦྱོང་ཞེས་བྱ་བ་སྟེ། བྱ་བ་ཡིན་པས་ན་བྱ་བའོ། །དེ་མི་བྱེད་པས་ན་མི་བྱ་བ་སྟེ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ཡང་སྦྱོང་བ་སྟེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པའོ། །དུཿཁ་ཙྪེ་ད་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་
འདས་རྡོ་རྗེ་རྣོན་པོའི་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སྨྲས་ན་ཞེས་བྱ་བ་ནི་བརྗོད་ནའོ། །དེ་ནི་སྡུག་བསྔལ་ཐམས་ཅད་གཅོད། །ཅེས་བྱ་བ་ནི་གདུལ་བྱ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་གཅོད་པའོ། །དེ་བྱ་བ་ནི་སྔགས་པའོ། །བུདྡྷ་བོ་དྷི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་
རྡོ་རྗེ་རྒྱུའི་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སྨྲས་ན་ཞེས་བྱ་བ་ནི་དེ་བརྗོད་ནའོ། །དཀྱིལ་འཁོར་ཀུན་གྱི་བདག་པོར་འགྱུར། །ཞེས་བྱ་བ་ནི་འདིའི་ལས་སོ། །པྲ་ཏི་ཤབྡ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སྨྲས་ན་ཞེས་བྱ་བ་ནི་དེ་བརྗོད་ན་
སྔགས་པ། །སངས་རྒྱས་རྣམས་དང་ལྷན་ཅིག་སྨྲ། །ཞེས་བྱ་བ་འདི་ནི་དེའི་ལས་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་གསུང་དབྱངས་གཅིག་ཏུ་སྨྲ་བས་སེམས་ཅན་རྣམས་ཀྱི་སོ་སོའི་ཇི་ལྟར་བསམས་པའི་དོན་སྟོན་པར་བྱེད་པའོ། །སྨྲ་བ་ནི་ཚིག་ལ་བྱ་ལ་མཉམ་པར་
སྨྲ་བས་ན་ལྷན་ཅིག་སྨྲ་བ་སྟེ། སངས་རྒྱས་རྣམས་དང་ལྷན་ཅིག་སྨྲ་བ་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སུ་བ་ཤི་སྟྭཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སྨྲས་ན་ཞེས་བྱ་བ་ནི་སྔགས་པས་དེ་བརྗོད་ནའོ། །ཀུན་གྱི་དབང་
དང་ལྡན་པར་འགྱུར། །ཞེས་བྱ་བ་ནི་ཕྱག་རྒྱ་དེའི་ལས་སྟོན་པ་ཡིན་ཏེ། སངས་རྒྱས་མཆོད་པ་ལ་སོགས་པའི་ལས་རྣམས་ལ་ཐམས་ཅད་དུ་དབང་དང་ལྡན་པ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནིར་བྷ་ཡ་སྟྭཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་བསྲུང་
เล่ม ๕๕ · หน้า 120b
བའི་ཆོས་ཀྱི་ཕྱག་རྒྱའོ། །ཞེས་སྨྲ་བ་ཞེས་བྱ་བ་ནི་སྔགས་པས་དེ་བརྗོད་ནའོ། །དེ་མ་ཐག་ཏུ་འཇིགས་མེད་འགྱུར། །ཞེས་བྱ་བ་ནི་དེའི་ལས་སྟོན་པ་ཡིན་ནོ། །འདི་སྐད་སྟོན་ཏེ། རྡོ་རྗེ་བསྲུང་བའི་ཆོས་ཀྱི་ཕྱག་རྒྱ་བརྗོད་ན་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཤ་ཏཱུཾ་བྷཀྵ་ཞེས་
བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཆོས་ཀྱི་ཕྱག་རྒྱའོ། །སྔགས་པས་དེ་བརྗོད་ན། དགྲ་རྣམས་ཐམས་ཅད་ཟ་བར་འགྱུར། །ཞེས་བྱ་བ་ནི་དེའི་ལས་སྟོན་པ་ཡིན་ཏེ་དགྲ་རྣམས་ཟ་བ་ཞེས་བྱ་བ་ནི་མཐུ་མེད་པར་བྱེད་པའོ། །སརྦ་སིདྡྷི་ཞེས་བྱ་བའི་སྒྲའི་གཟུགས་
འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཆོས་ཀྱི་ཕྱག་རྒྱའོ། །དེ་སྔགས་པས་བརྗོད་ན། ཐམས་ཅད་གྲུབ་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་དེའི་ལས་ཡིན་ཏེ། ཐམས་ཅད་གྲུབ་པ་ནི། དགོས་པ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བའི་དོན་ཏོ། །མ་ཧཱ་ར་ཏི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་
རྡོ་རྗེ་སྒེག་མོའི་ཆོས་ཀྱི་ཕྱག་རྒྱ་སྟེ། སྔགས་པས་འདི་བརྗོད་ན་དེའི་ལས་ནི་རྣལ་འབྱོར་པ་མཉམ་པར་འཇོག་པའི་ཚེའམ། ཡང་ན་ལས་ཀྱི་ཚེ་ན་ལྷའི་དགའ་བ་འཐོབ་པར་འགྱུར་བའོ། །རཱུ་པ་ཤོ་བྷ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ་ཕྲེང་བ་མའི་ཆོས་ཀྱི་ཕྱག་རྒྱ་སྟེ། སྔ་མ་བཞིན་
དུ་བརྗོད་ན་སྔགས་པས་གཟུགས་བཟང་བ་འཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །ཤོ་ཏྲ་སོ་ཁྱ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གླུ་མའི་ཆོས་ཀྱི་ཕྱག་རྒྱའོ། །སྔགས་པས་དེ་བརྗོད་ན་བདེ་བ་ཐོབ་པ་སྟེ། རྣལ་འབྱོར་བསྒོམ་པའི་ཚེའམ། དུས་གཞན་གྱི་ཚེ་ན་
ཡང་བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་རོ། །སརྦ་པཱུ་ཛ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ་གར་མའི་ཆོས་ཀྱི་ཕྱག་རྒྱའོ། །སྔགས་པས་དེ་བརྗོད་ན་རབ་ཏུ་མཆོད་པར་བྱེད་པ་འཐོབ་པ་སྟེ། ལྷ་དང་མིས་ཤིན་ཏུ་མཆོད་པ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །པྲ་ཧླ་དཱ་ནི་ཞེས་བྱ་
བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་བདུག་པ་མའི་ཆོས་ཀྱི་ཕྱག་རྒྱའོ། །སྔགས་པས་དེ་བརྗོད་ན་ཡིད་བདེ་བ་སྟེ་ཡིད་བདེ་བར་འགྱུར་བ་སྦྱིན་པར་བྱེད་པ་འདི་ནི་དེའི་ལས་ཡིན་ནོ། །ཕ་ལཱ་ག་མི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་མེ་ཏོག་མའི་ཆོས་ཀྱི་ཕྱག་
เล่ม ๕๕ · หน้า 121a
རྒྱའོ། །སྔགས་པས་དེ་བརྗོད་ན་ཡིད་ལ་མངོན་པར་འདོད་པའི་འབྲས་བུ་འཐོབ་པར་འགྱུར་བ་སྟེ། འདི་ནི་དེའི་ལས་ཡིན་ནོ། །སུ་ཏེ་ཛ་གྲྀ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་མར་མེ་མའི་ཆོས་ཀྱི་ཕྱག་རྒྱའོ། །སྔགས་པས་དེ་བརྗོད་ན་གཟི་བརྗིད་
ཆེན་པོ་ཐོབ་པར་བྱེད་པ་འདི་ནི་དེའི་ལས་ཡིན་ནོ། །སུ་གནྡྷཾ་གི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ་བྱུག་པ་མའི་ཆོས་ཀྱི་ཕྱག་རྒྱའོ། །སྔགས་པས་དེ་བརྗོད་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་དྲི་ལུས་ལ་འཐོབ་པར་འགྱུར་ཏེ། འདི་ནི་དེའི་ལས་ཡིན་ནོ། །ཨ་ཡ་ཧི་ཛཿཞེས་
བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ལྕགས་ཀྱུའི་ཆོས་ཀྱི་ཕྱག་རྒྱའོ། །ཡང་དག་པར་འགུགས་པར་བྱེད་པ་ནི་དེའི་ལས་ཡིན་ནོ། །ཨ་ཡཱ་ཧཱི་ཧཱུཾ་ཧཱུཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ་ཞགས་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། ལྷག་མ་ནི་དེའི་ལས་ཡིན་ནོ། །ཧེ་སྥོ་ཊ་བཾ་ཞེས་བྱ་བའི་སྒྲའི་
གཟུགས་འདི་ནི་རྡོ་རྗེ་ལྕགས་སྒྲོག་གི་ཆོས་ཀྱི་ཕྱག་རྒྱ་སྟེ། ལྷག་མ་ནི་ལས་ཡིན་ནོ། །གྷཎྜ་ཨཿཨཱ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ་དྲིལ་བུའི་ཆོས་ཀྱི་ཕྱག་རྒྱའོ། །རབ་བསྐྱོད་པ་ཞེས་བྱ་བ་ནི་དེའི་ལས་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱ་དང་དེ་དག་གི་ལས་རྣམས་བཤད་ཟིན་ཏོ། །ད་ནི་སྒྲུབ་པ་བཤད་
དགོས་པས་དེའི་ཕྱིར་དེ་ནས་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པ་དགེ་བ་བཤད་ཅེས་བྱ་བ་གསུངས་སོ། །འདིས་སྒྲུབ་པས་ན་སྒྲུབ་པ་སྟེ། ངེས་པའི་སྦྱོར་བ་གང་གིས་རང་གི་ལས་སྒྲུབ་པ་དེ་ལ་སྒྲུབ་པ་ཞེས་བྱའོ། །སྦྱོར་བ་དེ་ཡང་གང་ཡིན་ཞེ་ན། དེའི་ཕྱིར། ལྕེ་ལ་རྡོ་རྗེ་དགེ་བསྒོམས་ནས། །ཞེས་བྱ་
བ་གསུངས་ཏེ། ཆོས་ཀྱི་ཕྱག་རྒྱ་བརྗོད་པའི་ཚེ་ལྕེ་ལ་རྡོ་རྗེ་ཞེས་བྱ་བ་རྩེ་ལྔ་པ་དགེ་བ་ཞེས་བྱ་བ་དཀར་པོ་བསྒོམ་པ་སྟེ་དགོད་པར་བྱའོ། །དེའི་འོག་ཏུ་ཆོས་ཀྱི་ཕྱག་རྒྱ་བརྗོད་པར་བྱ་སྟེ། དེ་ནས་འདིའི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་
གསུངས་པས། ད་ནི་ལས་ཀྱི་ཕྱག་རྒྱ་བརྗོད་དགོས་ཏེ། དེ་བས་ན་དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བ་བཤད་དེ་ཞེས་བྱ་བ་གསུངས་ཏེ། ལས་རབ་ཏུ་སྟོན་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། གང་གིས་བཅིངས་པས་རྒྱུད་ལས་གསུངས་པའི་ལས་རྣམས་གྲུབ་པར་བྱེད་པ་དེ་རྣམས་ལ་ནི་ལས་ཀྱི་
เล่ม ๕๕ · หน้า 121b
ཕྱག་རྒྱ་ཞེས་བཤད་དོ། །དེ་རྣམས་བཅིང་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་སྦྱར་བའོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་ནི་སྔར་བཤད་པའོ། །དེ་དམ་དུ་བཅིངས་པ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་པའོ། །མཉམ་པར་གཞག་པས་ཞེས་
བྱ་བ་འདིས་ནི་རང་གི་ལྷར་བདག་ཉིད་མངོན་སུམ་དུ་བྱས་ནས། གདོད་ལས་རྣམས་གྱིས་ཤིག་ཅེས་སྟོན་པ་ཡིན་ནོ། །གཉིས་སུ་ཞེས་བྱ་བ་ནི་བཅིང་བ་དེ་སོ་སོར་དབྲལ་བར་བྱའོ། །རྡོ་རྗེ་ཁུ་ཚུར་ལག་པ་གཉིས་སུ་ཕྲལ་ན་རྡོ་རྗེའི་ཕྱག་རྒྱ་གཉིས་སུ་འགྱུར་ཏེ། དེ་ལ་ལས་ཀྱི་ཕྱག་རྒྱ་རྣམས་
ཀྱི་སོ་སོའི་དབྱེ་བས་བཅིང་བ་འཆད་དོ། །དེ་ལ་རེ་ཞིག་ཐོག་མར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་སྟོན་ཏེ། དེའི་མཚན་ཉིད་གཡོན་པ་ཞེས་བྱ་བ་ལ་སོགས་པ་འདི་ཡིན་ཏེ། སྙིང་ག་ན་གནས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སོར་མོ་སྟེ། སོར་མོ་ཞེས་བྱེ་བྲག་ཏུ་
མ་ཕྱེ་བར་གསུངས་ཀྱང་། མན་ངག་ལས་མཛུབ་མོ་ཡིན་པར་ཤེས་པར་བྱའོ། །གཡས་པ་ཞེས་བྱ་བ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཅི་བཀུག་པ་ཉིད་ལ་གཟུང་ངམ་ཞེ་ན། མ་ཡིན་ཏེ། བསྒྲེང་བར་བྱ་བ་ཞེས་གསུངས་ཏེ། བསྒྲེང་བ་ནི་རྩེ་མོ་གྱེན་དུ་བསྟན་པའོ། །བྱང་ཆུབ་ནི་
རྟོགས་པ་སྟེ། ཐུགས་སུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །རྟོགས་པ་ཐམས་ཅད་ཀྱི་དམ་པར་གྱུར་པས་ན་མཆོག་སྟེ་བྱང་ཆུབ་མཆོག་གོ། །དེ་སྟོན་པར་བྱེད་པའི་ཕྱག་རྒྱ་ནི། སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །ཞེས་པ་སྟེ་ཐ་མའི་འབྲས་བུ་སྟོན་པའོ། །མི་གཡོ་བ་ཡི་ས་རེག་པ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་
ཚུར་གཡོན་པ་བཀན་ཏེ་སྐྱིལ་མོ་ཀྲུང་གི་སྟེང་དུ་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་བརྐྱང་ནས་པུས་མོ་གཡས་པའི་ཕྱོགས་སུ་ཁ་སྦུབ་ཅིང་སོར་མོ་རྣམས་ཀྱི་རྩེ་མོ་ཅུང་ཟད་ས་ལ་མ་རེག་པར་བྱས་པ་ནི་མི་བསྐྱོད་པའི་ཕྱག་རྒྱའོ། །དེ་བཞིན་རིན་ཆེན་མཆོག་སྦྱིན་པའོ། །ཞེས་བྱ་བ་ལ། དེ་བཞིན་
ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཡོན་པ་སྔ་མ་བཞིན་དུ་སྐྱིལ་མོ་ཀྲུང་གི་སྟེང་དུ་བཞག་པའོ། །རིན་ཆེན་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །ནི་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་ཏུ་དབྱེ་བའི་དོན་ཏོ། །མཆོག་སྦྱིན་པ་ནི་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་འཇོག་པ་སྟེ། རིན་ཆེན་འབྱུང་ལྡན་གྱི་ཕྱག་
เล่ม ๕๕ · หน้า 122a
རྒྱའོ། །ཚེ་དཔག་མེད་པ་ཞེས་བྱ་བ་ལ་དཔག་པ་ནི་ཅུང་ཟད་ཙམ་ལ་བྱ་ལ། འདི་ནི་མི་དཔོག་པས་ན་དཔག་མེད་དེ། །དཔག་ཏུ་མེད་པའི་སྐུ་ཚེ་མངའ་བས་ན་ཚེ་དཔག་མེད་དོ། །ཏིང་ངེ་འཛིན་གྱི་མཆོག་ཅེས་བྱ་བ་ནི་སྐྱིལ་མོ་ཀྲུང་གི་སྟེང་དུ་རྡོ་རྗེ་ཁུ་ཚུར་གཉིས་བཞག་ལ། མཛུབ་
མོ་གཉིས་བཀུག་པའི་སེན་མོ་རྒྱབ་གཅིག་ལ་གཅིག་སྦྱར་བར་བྱ། དེ་ནས་མཐེ་བོ་གཉིས་ཀ་ཐུར་དུ་བསྟན་ལ་རང་རང་གི་མཛུབ་མོ་དང་རྩེ་སྤྲད་པ་ནི་ཚེ་དཔག་ཏུ་མེད་པའི་ཕྱག་རྒྱའོ། །གདོན་མི་ཟ་བར་མི་འཇིགས་སྦྱིན། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཡོན་པ་སྐྱིལ་མོ་ཀྲུང་གི་སྟེང་དུ་བཀན་ལ་བཞག་
ལ། རྡོ་རྗེ་ཁུ་ཚུར་གཡས་པ་བརྐྱང་སྟེ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་འཇོག་པ་འདི་ནི་གདོན་མི་ཟ་བར་གྲུབ་པའི་ཕྱག་རྒྱའོ། །སངས་རྒྱས་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་ཟིན་ནས། སེམས་དཔའ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་འཆད་པར་བཞེད་ནས། དེ་ནས་ལས་ཀྱི་ཕྱག་རྒྱ་
རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མདོར་བསྡུས་ཞེས་བྱ་བ་ནི་མདོར་བྱས་པའོ། །གང་གི་ཞེ་ན། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཞེས་བྱའོ། །ཇི་ལྟ་བུ་ཞིག་ཅེ་ན། རྡོ་རྗེའི་ལས་བྱེད་པ་སྟེ་ཞེས་བྱ་བ་སྟེ། ཐོགས་པ་མེད་པའི་ལས་ལ་འཇུག་པར་བྱེད་པའོ་ཞེས་
སྟོན་པ་ཡིན་ནོ། །བསྒྱིངས་པ་དང་ལྡན་པས་ན་བསྒྱིངས་བཅས་ཏེ། བསྒྱིངས་ཞེས་བྱ་བའི་སྒྲ་ནི་རྡོ་རྗེ་ཁུ་ཚུར་གཡོན་པ་སྟེ་ཟུར་དུ་གཞག་པ་ལ་བྱའོ། །གསོར་བ་ནི་རྡོ་རྗེ་ཁུ་ཚུར་གཡས་པའི་གུང་མོའི་རྩེ་མོ་ལ་རྡོ་རྗེ་ལྔ་པའི་རྩེ་མོ་དབུས་མ་གཏད་དེ་ཐུགས་ཀར་གྱེན་དུ་བསྟན་ནས་འཛིན་པ་ལ་ནི་
གསོར་བ་ཞེས་བྱའོ། །རྡོ་རྗེ་མེད་ན་སེམས་ཀྱིས་ཀྱང་བསམ་པར་བྱ་སྟེ། འདི་ནི་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡས་པའི་སྙིང་ག་ནས་སོར་བརྒྱད་པ་ཙམ་གྱི་ཐད་ཀར་མདུན་དུ་གཞག་པ་ལ། དེའི་ཡང་མདུན་དུ་རྡོ་རྗེ་ཁུ་ཚུར་གཡོན་པ་དེ་བཞིན་དུ་བཞག་ན་ལྕགས་ཀྱུ་
འཛིན་པའི་ཚུལ་དུ་གནས་པ་ཡིན་ནོ། །དེ་ལྟར་གཟུང་བའི་ལྕགས་ཀྱུས་བསྒྲུབ་པར་བྱ་བ་འདྲེན་པར་བྱེད་པར་བསམ་མོ། །མདའ་འཕང་བ་ཡི་ཚུལ་དུ་ནི། །ཞེས་པ་ནི་གོ་སླ་སྟེ། མདས་ཀྱང་བསྒྲུབ་པར་བྱ་བའི་སྙིང་ལ་ཕོག་པར་བྱེད་པར་བསམ་མོ། །རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་བཞག་
เล่ม ๕๕ · หน้า 122b
ལ་སེ་གོལ་གཉིས་གཏོགས་པར་བྱའོ། །དབང་བསྐུར་བའི་གནས་སུ་རྡོ་རྗེ་ཁུ་ཚུར་གཉིས་བཞག་ལ། རིན་པོ་ཆེ་དགོད་པ་ཡང་བསམ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་སྙིང་གའི་ཐད་ཀར་གཡས་ཕྱོགས་སུ་བསྐོར་ཞིང་དཀྱིལ་འཁོར་གྱི་ཚུལ་དུ་བསྐོར་བ་འདི་ནི་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱའོ། །རྡོ་རྗེ་
ཁུ་ཚུར་གཡོན་པ་བཀན་ཏེ་བཞག་པའི་སྟེང་དུ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་གྲུ་མོ་གཟུགས་ནས་བསྒྲེང་ལ། གཡོན་པའི་མཆན་ཁུང་གི་ཐད་ཀར་བཞག་ནས་དོན་ཐམས་ཅད་ཀྱི་ཆར་ཡང་འབེབས་པར་བསམ་ཞིང་། རེ་བ་ཐམས་ཅད་ཀུན་དུ་བསྐང་བ་ནི་རིན་ཆེན་དཔལ་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་
གཉིས་ཀྱིས་ཐད་ཀར་བཏེག་ལ་ཁའི་གཡས་གཡོན་དུ་མཛེས་པས་བསྐོར་བ་ནི་རྡོ་རྗེ་བཞད་མོའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་པདྨོར་བསམས་ལ། གཡས་པའི་ཁུ་ཚུར་གྱིས་པདྨའི་འདབ་མ་འབྱེད་པའི་ཚུལ་དུ་ཁ་འབྱེད་པར་སྟོན་པ་འདི་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་
གཡོན་པའི་སྙིང་གར་བཞག་ལ། རྡོ་རྗེ་ཁུ་ཚུར་གཡས་པ་རལ་གྲི་འཛིན་པའི་ཚུལ་དུ་གཡས་ཕྱོགས་སུ་གཞག་པར་བྱ་བ་འདི་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལག་ངར་གཉིས་གཅིག་ཏུ་སྦྱར་ལ་མགལ་མེའི་འཁོར་ལོ་ལྟར་མདུན་དུ་བསྐོར་བ་འདི་ནི་རྡོ་རྗེ་རྒྱུའི་ཕྱག་རྒྱའོ། །
རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་གྱེན་དུ་དྲང་བ་འདི་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་བཞག་ལ། གཡོན་པའི་མཛུབ་མོ་ལ་སོགས་པ་ནས་དགྲོལ་ཞིང་། གཡས་པའི་མཐེའུ་ཆུང་ལ་སོགས་པ་ནས་དགྲོལ་ཏེ་སྒེག་པས་ཡོངས་སུ་བསྐོར་ལ། མཁུར་ཚོས་གཡོན་པའི་
ཐད་དུ་དྲང་། དེ་ནས་བསྐོར་བ་གཉིས་པ་བྱས་ལ་མཁུར་ཚོས་གཡས་པའི་ཐད་དུ་དྲང་། དེ་ནས་བསྐོར་བ་གསུམ་པ་བྱེད་ཅིང་སྤྱི་བོར་ཁྱེར་ལ་སྤྱི་གཙུག་ཏུ་གཞག་པ་འདི་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལྟེ་བའི་ཐད་ཀར་མདུད་པ་བོར་ལ་ཁུ་ཚུར་དེ་གཉིས་རང་རང་གི་ལོགས་ནས་རྒྱབ་
ཏུ་དྲངས་ལ་ཡང་མདུད་པ་བོར་བར་བྱའོ། །དེ་ནས་ཁུ་ཚུར་གཉིས་རང་གི་མཆན་ཁུང་གི་འོག་ནས་དྲངས་པའི་སྙིང་གར་མདུད་པ་དོར་རོ། །དེ་ནས་ཁུ་ཚུར་གཉིས་ཕྲག་པའི་ཕྱོགས་ནས་དྲངས་ལ་ལྟག་པར་ཕྱུང་སྟེ། མགྲིན་པ་ནས་ལྟག་པར་མདུད་པ་དོར་རོ། །དེ་ནས་ཁུ་ཚུར་གཉིས་ལྟག་པ་ནས་ཏེ་
เล่ม ๕๕ · หน้า 123a
དཔྲལ་བའི་ཕྱོགས་སུ་མདུད་པ་དོར་རོ། །དེ་ནས་ཕྲེང་བ་བཅིང་པའི་ཚུལ་དུ་དྲངས་ལ་ལྟག་པར་ཕྱུང་སྟེ་མདུད་པ་དོར་རོ། །དེ་ནས་ཁུ་ཚུར་གཉིས་རང་རང་གི་རྣ་བའི་ལྟག་ཏུ་དྲངས་ལ། སོ་སོའི་ངོས་ངོས་སུ་མདུད་པའི་མཇུག་བཅིངས་ལ། ལྡན་པ་གཉིས་ནས་མཐའ་མ་ལ་
སོགས་པ་ནས་དགྲོལ་བའི་ཚུལ་གྱིས་དར་ཐོད་འཆང་བའི་ཚུལ་དུ་མཛེས་པར་དགྲོལ་བར་བྱ་སྟེ། འདི་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་གཉིས་ཀ་འགྲམ་གྱི་ཐད་ཀར་གཞག་པ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་
བཞག་ལ། དེའི་སྟེང་དུ་གཡས་པ་ཁ་སྦུབ་ཏུ་གཞག་སྟེ་དེས་འདི་བཙིར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་སྟ་ཟུར་གཉིས་སུ་བཞག་ན་རྡོ་རྗེ་བསྒྱིངས་བའི་སྦྱོར་བར་འགྱུར་ཏེ། རྡོ་རྗེ་བསྒྱིངས་པའི་སྦྱོར་བ་དེས་ཀྱང་མགོ་གཡོན་དུ་འདུད་པས་འདུད་པར་བྱའོ། །ཇི་ལྟར་བྱ་
ཞེ་ན། བསམ་པ་གཡས་པས་ཞེས་བྱ་བ་སྟེ། དགའ་བ་དང་བཅས་པའི་དོན་ཏོ། །འདི་སྐད་སྟོན་ཏེ། མཆོག་ཏུ་དགའ་བས་ཕྱག་བྱེད་པས་ན་འདར་བར་འགྱུར་བ་དང་། གལ་ཏེ་རྡུལ་འབྱུང་བར་འགྱུར་བ་དང་། གལ་ཏེ་བ་སྤུ་ལྡང་བར་འགྱུར་རོ། །དེ་བས་ན་ཤིན་ཏུ་དགའ་བའི་ཁྱད་པར་
ལས་འབྲས་བུའི་ཁྱད་པར་དེ་ལྟ་བུ་བྱུང་བའི་མདུད་པ་དེ་ལ་བསམ་པ་གཡོས་པ་ཞེས་བྱ་བའི་སྒྲར་བཤད་དོ། །ཕྲེང་བ་བཅིངས་དང་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱིས་ཐོད་འཆིང་བ་ལྟར་བྱ་བ་སྟེ། རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་གྱེན་དུ་དྲང་བ་ནི་ཁ་ནས་བྱུང་བ་སྟེ་རྡོ་རྗེ་གླུ་མའི་ཕྱག་
རྒྱའོ། །རྡོ་རྗེ་གར་ནི་སྔར་རྡོ་རྗེ་གར་གྱི་དམ་ཚིག་གི་ཕྱག་རྒྱར་བཤད་པ་དེ་ཉིད་ནི་རྡོ་རྗེ་གར་མཁན་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཐུར་དུ་འདུག་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་བདུག་པ་མའི་ཕྱག་རྒྱའོ། །ཡང་རྡོ་རྗེ་ཁུ་ཚུར་དེ་ཉིད་མེ་ཏོག་འཐོར་བའི་ཚུལ་དུ་གྱེན་དུ་འཐོར་བ་ལྟར་བྱ་བ་ནི་རྡོ་རྗེ་
མེ་ཏོག་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེ་བོ་གཉིས་བསྒྲེང་སྟེ། མར་མེའི་ལྕེ་ལྟར་གཞག་པ་ནི་རྡོ་རྗེ་མར་མེ་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བདག་ཉིད་ལྟར་གྱུར་པའི་སྙིང་གར་དྲིས་བྱུག་པའི་ཚུལ་དུ་བརྐྱང་བར་བྱ་ལ། ལྷ་ཕྱི་རོལ་ན་བཞུགས་པ་ལ་དྲི་དབུལ་བའི་ཚེ་ན་ནི་ཁ་
เล่ม ๕๕ · หน้า 123b
ཕྱི་རོལ་དུ་བསྟན་ཏེ་བརྐྱང་བར་བྱ་བ་རྡོ་རྗེ་དྲིའི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་མདུན་དུ་ཁ་སྦུབ་སྟེ་བཞག་ལ། དེའི་སྟེང་དུ་གཡས་པ་བཀན་ཏེ་བཞག་ནས་དེ་གཉིས་ལས་གཡོན་པའི་མཛུབ་མོ་བརྐྱང་ལ། དེའི་སྟེང་དུ་གཡས་པའི་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་གཞག་པ་ནི། མཛུབ་མོ་
ལྕགས་ཀྱུ་བཅིང་བ་ནི། མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །ཞེས་བྱའོ། །འདི་སྐད་སྟོན་ཏེ། མཐེའུ་ཆུང་གཉིས་ཕན་ཚུན་ལྕགས་ཀྱུའི་ཚུལ་དུ་སྦྲེལ་ལ་མཛུབ་མོ་གཉིས་རྒྱབ་སྤྲད་པ་ནི་ལྕགས་ཀྱུ་ཆེན་པོའོ། །ལྕགས་ཀྱུའི་ཕྱག་རྒྱ་ལས་གཡས་པའི་མཛུབ་མོ་བཀུག་སྟེ། གཡོན་པ་ཡང་
བཀུག་ལ་གཅིག་ལ་གཅིག་ལྟོ་སྤྲད་དེ། ཞགས་པ་ལྟ་བུ་ལ་མཁྲིག་མ་གཡོན་པའི་སྟེང་དུ་གཡས་པ་བཞག་སྟེ། ལག་པ་གཉིས་ཀྱི་རྒྱབ་མ་སྦྱར་བར་ལག་ངར་བསྣོལ་བ་ནི་ཞགས་པའི་ཕྱག་རྒྱའོ་ཞེས་བྱ་བའི་དོན་ཏོ། །ཞགས་པའི་ཕྱག་རྒྱ་ལས་གཡས་པའི་ལྕགས་ཀྱུ་ལ་གཡོན་པའི་ལྕགས་
ཀྱུར་བྱས་པས་གཟུང་བ་ནི་མཛུབ་མོ་གཉིས་གདུ་བུར་འགྱུར་ཏེ། རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ། །རྒྱབ་གཉིས་ཀྱང་ནི་བསྙེམས་ཏེ་མནན། །ཞེས་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་ལས་རྒྱབ་གཉིས་གཅིག་ལ་གཅིག་སྦྱར་བར་བྱས་པ་ནི་རྡོ་རྗེ་དབབ་པའི་ཕྱག་རྒྱའོ། །དེ་ནས་འདི་རྣམས་
སྒྲུབ་པ་བཤད། །ཅེས་བྱ་བ་ལ། དེ་ནས་འདི་རྣམས་ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་རྣམས་སོ། །སྒྲུབ་པ་ཞེས་བྱ་བ་ནི་འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ། སྦྱོར་བ་གང་གིས་ལས་ཀྱི་ཕྱག་རྒྱ་གང་འདོད་པའི་དངོས་གྲུབ་སྦྱིན་པར་བྱེད་པའི་སྦྱོར་བ་དེ་ལ་སྒྲུབ་པ་ཞེས་བྱའོ། །རྡོ་རྗེ་ལས་ནི་
བྱེད་དང་མཉམ། །ཞེས་བྱ་བ་ནི་རྡོ་རྗེ་རང་བཞིན་ཅན་གྱི་ལས་བྱེད་པས་ན་རྡོ་རྗེའི་ལས་བྱེད་པ་སྟེ། མཆོད་པ་ལ་སོགས་པའི་ལས་རྣམས་ཇི་ལྟར་འདོད་པ་བཞིན་དུ་ཐོགས་པ་མེད་པར་བསྒྲུབ་པས་དེའི་ཕྱིར། རྡོ་རྗེའི་ལས་ནི་བྱེད་དང་མཉམ། །ཞེས་པ་སྟེ་དེ་དང་མཚུངས་པའོ། །སྦྱོར་བ་
དེ་གང་ཡིན་ཞེ་ན། དེའི་ཕྱིར། རྡོ་རྗེ་ཀུན་གྱི་རྡོ་རྗེ་ནི། །ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་ཅན་གྱི་ལས་བྱེད་པས་ན་རྡོ་རྗེའི་ལས་བྱེད་པ་གསུངས་ཏེ། ལས་ཀྱི་རྡོ་རྗེ་ཁ་བཞི་པ་སྙིང་གར་བསྒོམས་ལ། དེ་ནས་གདོད་ལས་ཀྱི་ཕྱག་རྒྱ་རྣམས་སྦྱར་བར་བྱས་ན། དེའི་ཕྱིར་དེ་རྣམས་འགྲུབ་པར་འགྱུར་
เล่ม ๕๕ · หน้า 124a
རོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱའི་ལས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འདི་རྣམས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་རྣམས་རྡོ་རྗེ་ལས་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ལས་ཡིན་པས་ན་རྡོ་རྗེའི་ལས་སོ། །རྣམ་པ་མང་ཞེས་བྱ་བ་
ནི་རྣམ་པ་མང་པོ་སྟེ་དུ་མའོ། །བསྟན་པ་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་བའི་ཚུལ་གྱིས་ན། ཐོག་མར་ཡེ་ཤེས་ཀྱི་ཁུ་ཚུར་བསྟན་པས། དེའི་ལས་དང་པོ་ཁོ་ནར་ཡེ་ཤེས་ཀྱི་ཁུ་ཚུར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བླ་ན་མེད་པའི་ཡེ་ཤེས་རྟོགས་པའི་ཁུ་ཚུར་ཡིན་པས་ན་ཡེ་ཤེས་ཁུ་ཚུར་
རོ། །དེ་བཅིངས་པས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཏེ། དེ་སྔགས་པ་དེ་ལ་འཇུག་པར་འགྱུར་བ་སྟེ་རིམ་གྱིས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་ཡིན་པས་ན་མི་གཡོ་བའི་སྟེ། དེ་བཅིངས་
པས་ནི། ཡིད་ནི་གཡོ་བ་མེད་པར་འགྱུར། །ཞེས་བྱ་བ་སྟེ། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་སྔགས་པའི་ཡིད་མི་གཡོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ཡིས། །ཞེས་བྱ་བ་ནི་དད་པ་ལ་སོགས་པའི་ཡོན་ཏན་གྱི་རིན་པོ་ཆེ་རྣམས་འདི་ལས་བྱུང་བས་
ན་རིན་ཆེན་འབྱུང་བ་སྟེ། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ། །བཅོམ་ལྡན་འདས་དེའི་ལས་ཀྱི་ཕྱག་རྒྱ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་སྟེ། དེ་བཅིངས་ན། གཞན་ལ་ཕན་བྱེད་ལྡན་པར་འགྱུར། །ཞེས་བྱ་བ་སྟེ། གཞན་རྣམས་རྗེས་སུ་འཛིན་པར་ནུས་པས་ན་གཞན་ལ་
ཕན་པར་བྱེད་པ་སྟེ། གཞན་གྱི་དོན་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡོད་པས་ན་གཞན་ལ་ཕན་བྱེད་ལྡན་ཏེ་དེར་འགྱུར་བའོ། །དམ་པ་རྣམས་ཀྱི་ཆོས་ཡིན་པས་དམ་པའི་ཆོས་ཏེ། དེ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཇུག་པར་བྱེད་པའི་དོན་གྱིས་ན་འཁོར་ལོ་ཞེས་བཤད་དོ། །ཕྱག་རྒྱ་དེ་བཅིངས་
ན། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་བྱ་བ་སྟེ། དམ་པའི་ཆོས་སྟོན་པས་སེམས་ཅན་རྣམས་ལ་ཕན་འདོགས་ནུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མི་འཇིགས་པ་སྦྱིན་པའི་མཆོག་ཡིན་པས་ན་མི་འཇིགས་མཆོག་སྟེ། བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པའི་
เล่ม ๕๕ · หน้า 124b
ཕྱག་རྒྱའོ། །སྔགས་པས་དེ་བཅིངས་མྱུར་བར་ནི། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཞེས་བྱ་བ་སྟེ། མྱུར་དུ་འཇིགས་པ་སེལ་ནུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འགྱིང་བ་བརྟན་བྱས་པས། །ཞེས་བྱ་བ་ལ། རྡོ་རྗེ་འགྱིང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་
ཀྱི་ཕྱག་རྒྱའོ། །དེ་བཅིངས་ན་སྔགས་པས་དེ་ཉིད་ཀྱི་བདེ་བ་རྙེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ། །སྐད་ཅིག་ཅེས་བྱ་བ་ནི་མྱུར་བ་ཉིད་དུ་ཁུགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སུ་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཀུན་
ཞེས་བྱ་བ་གསུངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འགུགས་ཞེས་བྱ་བ་ནི་སྤྱན་འདྲེན་པའོ། །རྡོ་རྗེ་མདའ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་ལས་ཀྱི་ཕྱག་རྒྱའོ། །དེའི་སྦྱོར་བས་ནི་རྡོ་རྗེའི་ལྷ་མོའང་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་ཡང་
མཉེས་པར་བྱེད་པར་འགྱུར་བའོ། །བདག་ཉིད་བྱེད་ཅེས་བྱ་བ་ནི་སྔགས་པའོ། །རྡོ་རྗེ་དགའ་བ་ནི་རྡོ་རྗེ་ལེགས་པའི་ལས་ཀྱི་ཕྱག་རྒྱའོ། །དེ་སྔགས་པ་མཚན་ཉིད་དང་ལྡན་པར་བཅིངས་ན། རྒྱལ་བ་ཀུན་ཞེས་བྱ་བ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བའི་ཚིག་ཀྱང་
སྦྱིན་པར་མཛད་དོ། །རྡོ་རྗེ་ཆེན་པོའི་ནོར་བུ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་ལས་ཀྱི་ཕྱག་རྒྱའོ། །དེ་བཅིངས་ན་སྟོན་པ་རྣམས་ཀྱིས་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །དེ་ཞེས་བྱ་བ་ནི་སྔགས་པའོ། །དབང་བསྐུར་ཞེས་བྱ་བ་ནི་དབང་བསྐུར་བ་བྱིན་པས་
མཆོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཉི་མ་ནི་བཅོམ་ལྡན་འདས་རྡོ་རྗེ་གཟི་བརྗིད་ཀྱི་ལས་ཀྱི་ཕྱག་རྒྱའོ། །དེ་བཅིངས་ན་སྔགས་པ་དེ་ཉིད་དང་འདྲ་བར་འགྱུར་རོ། །རྡོ་རྗེ་རྒྱལ་མཚན་ནི་བཅོམ་ལྡན་འདས་རིན་ཆེན་དཔལ་གྱི་ལས་ཀྱི་ཕྱག་རྒྱའོ། །བསྒྲེང་བས་ཞེས་བྱ་བས་ནི་དེ་
བཅིངས་པས་སོ། །དེ་ནི་ཞེས་བྱ་བ་ནི་སྔགས་པའོ། །རིན་ཆེན་ཆར་ཡང་འབེབས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་སྟེ། དེ་འབེབས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཛུམ་པ་ནི་བཅོམ་ལྡན་འདས་རྡོ་རྗེ་བཞད་པའི་ལས་ཀྱི་ཕྱག་རྒྱའོ། །
เล่ม ๕๕ · หน้า 125a
བཅིངས་པས་ཞེས་བྱ་བ་ནི་བཅིངས་པ་བྱས་པའོ། །སངས་རྒྱས་འདྲ་བར་མྱུར་བཞད་འགྱུར། །ཞེས་བྱ་བ་ནི་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་ཡང་དག་པར་སྟོན་པར་མཛད་པས་སེམས་ཅན་རྣམས་ཀྱི་དོན་མཛད་པ་དེ་བཞིན་དུ་སྔགས་པ་དེས་ཕྱག་
རྒྱ་བཅིངས་པས་འཛུམ་པའི་རང་བཞིན་གྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མེ་ཏོག་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱའོ། །དེ་བཅིངས་པས་ནི། རྡོ་རྗེ་ཆོས་ནི་དེ་ཡིས་མཐོང་། །ཞེས་པ་སྟེ། འཇིག་རྟེན་དབང་ཕྱུག་དེས་མཐོང་
བར་འགྱུར་རོ། །རྡོ་རྗེ་རལ་གྲི་ནི་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ལས་ཀྱི་ཕྱག་རྒྱའོ། །དེ་བཅིངས་ན། དེ་ནི་སྡུག་བསྔལ་ཐམས་ཅད་གཅོད། །ཅེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་ཐམས་ཅད་གཅོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་
འཁོར་ལོ་ནི་བཅོམ་ལྡན་འདས་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱའོ། །སྔགས་པས་དེ་བཅིངས་ན། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་བྱ་བ་སྟེ། ཆོས་སྨྲ་བ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀུན་གྱི་ཚིག་རྣམས་ནི། །རྡོ་རྗེ་བཟླས་པས་འགྲུབ་པར་
འགྱུར། །ཞེས་བྱ་བ་ལ། །རྡོ་རྗེ་བཟླས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སྨྲ་བའི་ལས་ཀྱི་ཕྱག་རྒྱ་སྟེ། དེ་བཅིངས་ན་སངས་རྒྱས་ཀུན་གྱི་ཚིག་རྣམས་འགྲུབ་པར་འགྱུར་ཞིང་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །སྔགས་
པས་དེ་བཅིངས་ན། སངས་རྒྱས་ཀྱང་ནི་དབང་དུ་འགྱུར། །ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱང་དབང་དུ་འགྱུར་བ་སྟེ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སྤྱོད་པའི་གར་གྱི་ཕྱག་རྒྱ་དེས་སངས་རྒྱས་བཅོམ་ལྡན་འདས་ཀྱང་མཉེས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གོ་ཆས་
ལུས་བཅིངས་ནས། །ཞེས་བྱ་བ་ནི་རྡོ་རྗེ་གོ་ཆའི་ལས་ཀྱི་ཕྱག་རྒྱའོ། །དེ་བཅིངས་ན། རྡོ་རྗེའི་སྙིང་པོ་འཐོབ་པར་འགྱུར། །ཞེས་བྱ་བ་སྟེ། མི་ཕྱེད་པའི་ལུས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་མཆེ་བ་བཅིངས་པས་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ལས་ཀྱི་
เล่ม ๕๕ · หน้า 125b
ཕྱག་རྒྱའོ། །དེ་བཅིངས་ན་བགེགས་དང་ལོག་འདྲེན་འབའ་ཞིག་སྐྲག་པར་ནུས་པ་མ་ཡིན་གྱི། རྡོ་རྗེ་ཉིད་ཀྱང་བདག་གིས་ཆོམ། །ཞེས་བྱ་བ་སྟེ། ཕྱག་ན་རྡོ་རྗེ་ཡང་སྐྲག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁུ་ཚུར་ཀུན་འཕྲོག་ཅིང་། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱ་
བཅིངས་ན་དོན་ཐམས་ཅད་འགུགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་གྲུབ་པ་ཀུན་ཀྱང་ཐོབ། །ཅེས་བྱ་བ་ནི་འདི་བཅིངས་པས་སྐུ་གསུང་ཐུགས་རྡོ་རྗེ་གཅིག་ཏུ་བྱས་པས་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཛིན་མའི་ལས་ཀྱི་ཕྱག་རྒྱ་བཅིངས་
པས་དགའ་བ་སྦྱིན་པ་སྟེ། བདེ་བ་དང་ཡིད་བདེ་བ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཕྲེང་བའི་ལས་ཀྱི་ཕྱག་རྒྱས་ནི་གཟུགས་བཟང་བ་སྦྱིན་པར་བྱེད་དོ། །རྡོ་རྗེ་གླུའི་ལས་ཀྱི་ཕྱག་རྒྱས་ནི་གླུ་སྙན་པ་སྟེ་དབྱངས་ཅན་སྦྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གར་གྱི་ལས་ཀྱི་ཕྱག་རྒྱས་ནི་
སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ལྷ་མོ་བདུག་པ་མའི་ལས་ཀྱི་ཕྱག་རྒྱས་ནི་ཡིད་ཚིམ་པར་བྱེད་པ་སྟེ་ཡིད་རབ་ཏུ་དགའ་བ་སྦྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མེ་ཏོག་གི་ལས་ཀྱི་ཕྱག་རྒྱས་ནི་རྒྱན་ཐམས་ཅད་སྦྱིན་པར་བྱེད་དེ། གང་གི་ཕྱིར་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྟེང་
དུ་མེ་ཏོག་གི་ཕྲེང་བ་འདོགས་པས་ན་རྒྱན་གྱི་དམ་པ་ནི་མེ་ཏོག་གི་ཕྲེང་བ་ཡིན་ནོ། །མར་མེའི་མཆོད་པ་མའི་ལས་ཀྱི་ཕྱག་རྒྱས་ནི་གཟི་ཆེན་པོ་སྟེ། ལུས་ལ་སོགས་པ་ལ་འོད་སྦྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དྲིའི་ལས་ཀྱི་ཕྱག་རྒྱས་ནི་དྲི་རབ་ལྡན་ཞེས་བྱ་བ་སྟེ། དེ་བཞིན་
གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྒྱལ་པོའི་ལས་ཀྱི་ཕྱག་རྒྱའི་ལས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་གི་འཇིག་རྟེན་གྱི་ཁམས་གཞན་ནས་སྤྱན་འདྲེན་པ་ཡིན་ལ། རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱའི་
ལས་ཀྱི་གཙོ་བོ་ནི་དཀྱིལ་འཁོར་གྱི་སྒོར་མངོན་པར་ཕྱོགས་ནས་བཞུགས་པར་འགུགས་པ་ཡིན་ནོ། །རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱའི་ལས་ནི་སྒོ་ལ་མངོན་པར་ཕྱོགས་ནས་བཞུགས་པ་རྣམས་རང་རང་གི་སྒོ་ནས་གཞུག་པའོ། །རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱའི་ལས་ནི་ཞུགས་ཟིན་
เล่ม ๕๕ · หน้า 126a
པ་རྣམས་རང་གི་གནས་ནས་མི་གཡོ་བར་འཆིང་བར་བྱེད་པའོ། །རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱའི་ལས་ནི་བསྐྱོད་ཅིང་འབེབས་པའོ། །སྙིང་པོ་བྱིན་ལ་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་གསུངས་པ་ལས། ཕྱག་རྒྱ་བཞིའི་ཆོ་ག་ནི་བསྟན་ཟིན་ཏོ། །
ད་ནི་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་བཅིང་བའི་ཆོ་ག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཕྱག་རྒྱ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་
རྒྱ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་བཞི་པོ་དེ་དག་ཐམས་ཅད་ཀྱིའོ། །སྤྱིའི་ཕྱག་རྒྱ་བཅིང་བའི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི་བཅིངས་པའི་ཐབས་མཚུངས་པའོ། །དེ་གང་ཡིན་ཞེ་ན། ཐུན་མོང་གི་བཅིང་བའི་ཐབས་ཏེ། དེ་ལ་
ཐོག་མ་ཉིད་དུ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལ་ཐོག་མ་ཉིད་དུ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་རྡོ་རྗེ་ཐལ་མོ་ལས་ནི་མ་ཡིན་ཏེ། གང་གི་ཕྱིར་རྡོ་རྗེ་ཐལ་མོ་ལས་ནི་རྡོ་རྗེ་བསྡམས་པ་འབྱུང་ལ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་བ་ན་ཕྱིས་གདོད་
སེམས་མ་རྡོ་རྗེ་མའི་ཕྱག་རྒྱར་འགྱུར་ཏེ། དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བས་ན་ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །ལས་ཀྱི་ཕྱག་རྒྱ་རྣམས་ཀྱང་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་ལ། ཕྱག་རྒྱ་ཆེན་པོ་ཡང་དམ་ཚིག་གི་ཕྱག་རྒྱ་ལས་འབྱུང་སྟེ། གང་གི་
ཕྱིར་རྡོ་རྗེ་འབེབས་པ་ནི་ཕྱག་རྒྱ་ཆེན་པོའི་རྩོམ་པ་ཡིན་ནོ། །ཕྱག་རྒྱ་དེ་གསུམ་ཆར་བཅིངས་ནས་ཕྱིས་གདོད་ཆོས་ཀྱི་ཕྱག་རྒྱ་བརྗོད་དེ། དེའི་ཕྱིར་རྡོ་རྗེ་ཐལ་མོ་འབའ་ཞིག་མ་གཏོགས་པར་ཕྱག་རྒྱ་ཐམས་ཅད་ཀྱི་ཐོག་མ་རྡོ་རྗེ་བསྡམས་པ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་ན་ཐོག་མ་ཉིད་དུ་ཞེས་
གསུངས་པ་ཡིན་ནོ། །རྡོ་རྗེ་བཅིང་བའི་སོར་མོ་སྙིང་གར་གདབ་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་རང་གི་སྙིང་གར་སྒྲ་དང་བཅས་པས་དགྲོལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཏྲ་ཏ་ཞེས་བྱ་བ་འདིས་ནི་སྔ་མ་བཞིན་དུ་རྡོ་རྗེ་གོ་ཆ་དབྱེ་བ་སྟོན་ཏོ། །དེ་བས་ན་ཕྱག་རྒྱ་བཅིངས་བ་ཀུན་རང་
เล่ม ๕๕ · หน้า 126b
གི་ལུས་དང་ངག་དང་སེམས་རྡོ་རྗེའི་དབང་དུ་འགྱུར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། སྔར་རྗེས་སུ་དྲན་པ་ལ་སོགས་པ་དང་། ལྡང་བའི་ཚེ་ཕྱག་རྒྱ་ཐམས་ཅད་རང་རང་གི་གནས་སུ་བཞག་སྟེ། གོ་ཆ་བཀོན་ཞིང་དབང་བསྐུར་ཏེ་གཞག་པ་རྣམས་མ་བཀྲོལ་བས་ན་བཅིངས་ཏེ་
གནས་པ་ཡིན་ལ། དེ་ལྟར་བཅིངས་པ་དེའི་ཕྱིར་དེ་རྣམས་ལས་ལ་སྦྱར་བ་ལ་དབང་བྱེད་མི་ནུས་སོ། །དེ་ནས་སྔགས་པ་ཕྱིས་ཀྱང་ཕྱག་རྒྱ་འཆིང་བའི་ཚེ་རྡོ་རྗེ་བཅིངས་པ་སྙིང་གར་བཀྲོལ་བས་དེ་རྣམས་གྲོལ་བར་འགྱུར་རོ། །དེ་རྣམས་ཀྱི་ཕྱག་རྒྱ་བཅིངས་པའི་ཚེ་ན་ཡང་དབང་བྱེད་ནུས་པ་ཉིད་དུ་
ཡང་འགྱུར་ཏེ། རྡོ་རྗེ་བཅིངས་པ་སྙིང་གར་དགྲོལ་བའི་དགོས་པ་ནི་རེ་ཞིག་དེ་ལྟ་བུ་ཡིན་པར་ཤེས་སོ། །དེ་བས་ན་ཐོག་མར་རྡོ་རྗེ་བཅིངས་པ་སྙིང་གར་དགྲོལ་བ་འདི་བྱས་ལ། དེའི་འོག་ཏུ་ཕྱག་རྒྱ་ལྷག་མ་རྣམས་བཅིང་པར་བྱ་སྟེ། འདི་ནི་ཆོ་ག་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་
གདབ་པའི་འོག་ཏུ་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་སྙིང་པོ་བརྗོད་པར་བྱ་བ་སྟེ། གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་མ་བཅིངས་པར་ནི་ཕྱག་རྒྱ་གཞན་རྣམས་ཀྱི་འཆིང་བ་ཡོད་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོས་སྟོང་ན་དགོས་པ་ཐམས་ཅད་མེད་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་དབབ་པ་ཞེས་བྱ་བ་ལ།
དབབ་པ་འདི་ནི་ཡེ་ཤེས་དབབ་པ་ཡིན་གྱི། སེམས་དཔའ་དབབ་པ་ནི་མ་ཡིན་ནོ། །སེམས་དཔའ་དབབ་པ་ནི་སྨས་ཟིན་ཏེ། དེ་ཡང་གནས་སྐབས་གང་དུ་བྱུང་བའི་གནས་སྐབས་དེར་ཕྱིས་ཀྱང་བཤད་པར་བྱའོ། །ཡེ་ཤེས་དབབ་པ་ཞེས་བྱ་བ་འདིས་ཅི་ཞིག་སྟོན་ཅེ་ན། རྡོ་རྗེ་དབབ་པ་
བཅིང་བ་ཉིད་ཀྱི་ཚེ་ན་སེམས་ཀྱིས་རང་གི་ལུས་དང་དབང་པོ་རྣམ་པར་གཞིག་པར་བྱ་སྟེ། ཆ་ཤས་སུ་ཕྱེ་བ་ནས་བརྩམས་ནས་རྡུལ་ཕྲ་རབ་ལ་ཐུག་གི་བར་དུ་བསྒོམ་པར་བྱའོ། །རྡུལ་ཕྲ་རབ་ཀྱང་ཕྱོགས་ཆའི་རྣམ་པར་བསྒོམ་ཞིང་། ཡེ་ཤེས་ཙམ་དུ་གཞག་པར་བྱ་སྟེ། འདི་ནི་རྣམ་པར་
རིག་པ་ཙམ་མོ་ཞེས་བྱ་བ་ནི་རང་གི་ལུས་དང་དབང་པོ་རྣམ་པར་གཞིག་པའམ། གཟུགས་ཀྱི་དངོས་པོ་ཐམས་ཅད་རྣམ་པར་གཞིག་པ་ཡིན་ནོ། །དེ་ནས་ཡེ་ཤེས་དེ་ཟླ་བའི་དཀྱིལ་འཁོར་དུ་བསམས་ལ་དེ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་རྩེ་ལྔ་པ་འམ་རང་གི་ཕྱག་རྒྱ་དེར་དགོད་པར་བྱའོ། །དེ་ནས་
เล่ม ๕๕ · หน้า 127a
དེ་ལ་བདག་གོ་བར་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ནམ་མཁའི་ཁམས་རྣམས་ལས་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་གཞུག་པར་བྱའོ། །དེ་ནས་ནི་རང་གི་ལྷའི་གཟུགས་སུའོ། །སངས་རྒྱས་ཀྱི་དབྱིངས་གཞུག་པ་མ་ཡིན་པ་གཞིག་ན་
དཀྱིལ་འཁོར་དུ་གཞུག་པའི་ཚེ། སློབ་དཔོན་གྱིས་རང་གི་ལྷའི་གཟུགས་ཇི་ལྟར་བསྟན་པ་དེ་ལྟ་བུའི་ཁ་དོག་དང་རྟགས་དང་དབྱིབས་དང་ན་བཟའ་དང་རྒྱན་ལ་སོགས་པར་ལྡན་པ་དེ་ལྟ་བུ་བདག་ཡིན་ནོ་བར་ང་རྒྱལ་བསྐྱེད་ལ། ཕྱག་རྒྱའི་རང་གི་རང་བཞིན་གྱི་ལྷའི་གཟུགས་སུ་བརྟག་པར་
བྱའོ། །གང་ཡང་དེ་བཞིན་གཤེགས་པ་ཟློས་པ་དེས་ནི་རྡོ་རྗེ་སེམས་དཔའི་གཟུགས་སུ་བརྟག་པར་བྱའོ། །འོན་ཏེ་སངས་རྒྱས་ཀྱི་དབྱིངས་འཇུག་པར་བྱེད་ན་དེ་ནས་སངས་རྒྱས་ཀྱི་སྐུར་ཏེ། སེམས་ཤེས་པ་ནས་བརྩམས་ནས་ནི། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །ཞེས་གསུངས་པ་དེའི་
སྐབས་ནི་འདི་ཉིད་ཡིན་ནོ། །གང་ཞིག་རྡོ་རྗེ་སེམས་དཔའ་ཟློས་པར་བྱེད་པ་དེས་ནི། བསྒྱིངས་བཅས་རྡོ་རྗེ་གསོར་བྱེད་ན། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དེས་རྡོ་རྗེ་སེམས་དཔའི་སྐུར་བརྟག་པར་བྱའོ། །སེམས་དཔའ་ཆེན་པོ་ལྷག་མ་རྣམས་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས།
ཇི་ལྟར་རི་མོའི་རྗེས་མཐུན་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པས། གང་གི་སེམས་དཔའ་གང་ཡིན་པ་དེའི་གཟུགས་སུ་བརྟག་པར་བྱ་སྟེ། འདི་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྐབས་ཡིན་ནོ། །དེ་ནས་ཡང་དག་པར་བསམས་ནས་ཞེས་བྱ་བ་ནི་ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་ཀུན་
ནས་ཡན་ལག་རྣམས་ཁྱབ་པར་བསམས་ལ། བསམས་ནས་གྲོགས་པོར་འགྱུར་བ་སྟེ་བསམས་པའི་དོན་རྣམས་ལ་མཛའ་བོ་བཞིན་དུ་བྱ་བ་བྱེད་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །ཕྱག་རྒྱའི་དམ་ཚིག་གི་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པར་བྱ་སྟེ་ཞེས་བྱ་
བ་ནི་ཕྱག་རྒྱ་ཡང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་ཕྱག་རྒྱའི་དམ་ཚིག་སྟེ། སེམས་དཔའ་ཆེན་པོའོ། །དེ་རྗེས་སུ་དྲན་པ་ནི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཉིད་ཡོངས་སུ་རྫོགས་པར་བསམ་མོ་ཞེས་བྱ་བའི་དོན་ཏོ། །དེའི་གཟུགས་ཀྱི་སྐུ་བདག་གི་སེམས་ཀྱིས་
เล่ม ๕๕ · หน้า 127b
བསམས་སུ་ཟིན་ཀྱང་འོན་ཀྱང་དེའི་ང་རྒྱལ་མ་བསྐྱེད་པས་དེའི་ཕྱིར་སྙིང་པོ་འདི་བརྗོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱའོ། །འདིས་ཞེས་བྱ་བ་ནི་སེམས་དཔར་ང་རྒྱལ་བསྐྱེད་པས་སོ། །ཕྱག་རྒྱ་ཐམས་ཅད་འགྲུབ་སྟེ་ཞེས་བྱ་བ་ནི་སེམས་དཔའ་ཐམས་ཅད་
ཀྱི་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་བའོ། །འདི་སྤྱིར་སྨོས་པ་ཡིན་དུ་ཟིན་ཀྱང་འོན་ཀྱང་དོན་གྱི་ཤུགས་ཀྱིས་སེམས་དཔའ་ཆེན་པོ་ཟློས་པ་ཉིད་ཀྱི་ཡིན་པར་མངོན་གྱི། དེ་བཞིན་གཤེགས་པ་ཟློས་པ་རྣམས་ཀྱི་ནི་མ་ཡིན་ཏེ། དེ་དག་གི་སྔགས་ལྔ་བརྗོད་པའི་མན་ངག་འགོག་པས་
དེ་བཞིན་གཤེགས་པས་ང་རྒྱལ་བསྐྱེད་པ་སྨྲས་ཟིན་ཏོ། །སེམས་དཔའ་ཆེན་པོ་ཟློས་པའི་སྔགས་པས་ཀྱང་ནམ་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དམིགས་པའམ། རང་གི་ཕྱག་རྒྱར་དམིགས་པར་བྱེད་པ་དེའི་ཚེ་དེ་དག་གི་ང་རྒྱལ་བསྐྱེད་པར་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟར་བསྟན་པ་ནི་བདེན་མོད་
ཀྱི། དེ་ནི་དམ་ཚིག་གི་ཕྱག་རྒྱ་དང་ཐ་མི་དད་པར་བསྟན་པ་ཡིན་གྱི། ཕྱག་རྒྱ་ཆེན་པོ་དང་ནི་མ་ཡིན་ནོ། །ད་ལྟར་ནི་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་ཏུ་སེམས་དཔའ་ཆེན་པོ་ནི་བདག་གོ་ཞེས་ང་རྒྱལ་དུ་བྱ་བར་གསུངས་པ་ཡིན་ནོ། །དེ་ལྟར་ང་རྒྱལ་བསྐྱེད་ནས་ས་མ་ཡ་སྟྭཾ་ཞེས་བྱ་བ་དང་། དམ་ཚིག་གི་
ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས། རྒྱབ་ཏུ་ཟླ་བ་གྲུབ་ནས་ནི། །དེ་ལ་སེམས་དཔའི་ལུས་སུ་བསྒོམ། །ས་མ་ཡ་སྟྭཾ་ཨ་ཧཾ་བརྗོད། དེ་ནས་རིགས་དེ་ཉིད་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནི་དེའི་རྗེས་ཐོགས་ལའོ། །སྤྱིའི་སྒྲུབ་པའི་ཆོ་ག་རྒྱས་པར་བཤད་དོ་ཞེས་བྱ་བ་ལ། ཐམས་
ཅད་ཀྱི་ཐུན་མོང་གི་སྒྲུབ་པ་འབྱུང་བས་ན་སྤྱིའི་སྒྲུབ་པའི་ཆོ་ག་རྒྱས་པ་ཞེས་བཤད་དོ། །གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱང་དམ་ཚིག་གི་ཕྱག་རྒྱས་བྱིན་གྱིས་བརླབས་པར་འགྱུར་བ་དང་། རྡོ་རྗེ་སེམས་དཔའ་དང་སེམས་དཔའ་གཞན་རྣམས་ཀྱང་རང་རང་གི་དམ་ཚིག་
གི་ཕྱག་རྒྱས་བྱིན་གྱིས་བརླབས་ཤིང་སྒྲུབ་པར་འགྱུར་བས་ན་སྤྱི་ཞེས་བཤད་དོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྟོག་པ་ཐམས་ཅད་ཀྱི་ཡང་ཡིན་པས་ན་རྒྱུ་དེས་ཀྱང་སྤྱིའི་ཆོ་ག་ཞེས་བཤད་དོ། །ད་ནི་སྤྱིའི་སྒྲུབ་པའི་ཆོ་ག་རྒྱས་པ་དེ་ལ་
เล่ม ๕๕ · หน้า 128a
ཐོག་མར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གང་ལས་ཐོག་མར་གྱུར་པ་ཡིན་ཞེ་ན། དབང་བསྐུར་བ་ལས་ཞེས་བྱ་བའི་དོན་ཡིན་གྱི། རྡོ་རྗེ་བཅིངས་པ་ལས་ཀྱང་མ་ཡིན་ལ། རྡོ་རྗེ་དབབ་པ་ལས་མ་ཡིན་ཞིང་། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལས་ཀྱང་མ་ཡིན་ནོ། །ཕྱག་
རྒྱ་བཅིངས་ནས་ཞེས་བྱ་བ་ནི་རང་གི་སེམས་དཔའི་དམ་ཚིག་གི་ཕྱག་རྒྱའོ། །རང་གི་ཕྱག་རྒྱའི་སེམས་དཔའ་ཡིན་པས་ན་རང་གི་ཕྱག་རྒྱའི་སེམས་དཔའོ། །བདག་ཅེས་བྱ་བ་ནི་རང་གི་ལུས་སོ། །སྔར་རང་གི་སེམས་དཔའ་གཟུགས་སུ་གྲུབ་ཟིན་པ་ཡིན་ཀྱང་། དེ་ཡང་བྱིན་གྱིས་བརླབ་པར་
བྱ་བའི་ཕྱིར་བསྒོམ་མོ་ཞེས་བྱ་བ་སྟེ། མངོན་སུམ་དུ་གྱིས་ཤིག་པའོ། །སྙིང་པོ་ཡང་ཇི་སྐད་གསུངས་པ་བཞིན་དུ་བརྗོད་པར་བྱའོ། །འདིས་བྱིན་གྱིས་བརླབ་པོ་ཞེས་བྱ་བ་ནི་རང་གི་སེམས་དཔའི་ཕྱག་རྒྱ་དང་། ཇི་སྐད་གསུངས་པའི་སྔགས་བརྗོད་པའོ། །དེ་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་
འདི་ནི་འདི་སྐད་སྟོན་ཏེ། རང་ལ་བྱིན་གྱིས་བརླབ་པའི་འོག་ཏུ་གང་དུ་དབང་བསྐུར་བ་གང་ཡིན་པས་དབང་བསྐུར་བ་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པ་ཟློས་པ་རྣམས་ལ་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སངས་
རྒྱས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བའོ། །རྡོ་རྗེ་རིགས་ཟློས་པ་རྣམས་ཀྱིས་ནི་རྡོ་རྗེ་ཕྲེང་བས་དབང་བསྐུར་བའོ། །འགྲོ་བ་འདུལ་བའི་རྟོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་འོད་དཔག་ཏུ་མེད་པའི་དབང་བསྐུར་བའོ། །རིན་པོ་ཆེའི་རིགས་ལ་ནི་རིན་པོ་ཆེའི་མྱུ་གུས་དབང་བསྐུར་བར་
བྱ་བའོ། །དེ་ནས་དབང་བསྐུར་བའི་འོག་ཏུ་ཏིང་ངེ་འཛིན་ལ་བཞག་པ་ནི་རང་གི་ལྷའི་ཚུལ་དུ་བསྒོམ་པར་བྱའོ། །དེ་ནས་མཆོད་པ་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནི་མཆོད་པ་རྣམ་པ་བཞིའམ། ལས་ཀྱི་དཀྱིལ་འཁོར་དུ་བཤད་པའི་རྣམ་པ་བཅུ་དྲུག་གོ། །བྱང་ཆུབ་སེམས་དཔའ་
རྣམས་ལ་ནི་རྣམ་པ་བརྒྱད་དམ། ཇི་ལྟར་རྡོ་རྗེ་འཛིན་པའི་རང་གི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྣམ་པ་བཅུ་དྲུག་གོ། །དེ་ནས་བསྲུང་བར་བྱའོ། །བར་སྐབས་འདིར་སེམས་དཔའ་དབབ་པར་བྱ། དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཞེས་གསུངས་པའི་ཕྱིར་
เล่ม ๕๕ · หน้า 128b
རོ། །དེ་ཡང་དབབ་པའི་སྙིང་པོ་བརྗོད་ལ་དབབ་པ་བྱས་ནས། དེའི་འོག་ཏུ་སེམས་དཔའ་ཆེན་པོ་རྗེས་སུ་དྲན་པའི་སྙིང་པོ་བརྗོད་པར་བྱའོ། །དེ་ནས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་སྙིང་པོ་བརྗོད་ལ་ཡིད་ཀྱིས་ཀྱང་བྱ་སྟེ། ཕྱག་རྒྱ་ཆེན་པོ་དང་རང་གི་དམ་ཚིག་གི་ཕྱག་རྒྱ་
བཟུང་ནས། ལས་ཀྱི་ཕྱག་རྒྱའི་ཚུལ་དུ་སྔགས་པའི་རང་གི་ལུས་བསྒྱུར་ཞིང་གཞག་པར་བྱའོ། །ཆོས་ཀྱི་ཕྱག་རྒྱ་ཡང་ཟླ་བའི་དཀྱིལ་འཁོར་ལ་བཞག་ཅིང་བརྗོད་པར་ཡང་བྱའོ། །དེ་ནས་བསྲུང་བ་བྱའོ། །དེ་ནས་ལྷ་དགོད་པར་བྱ་བའི་ཕྱིར་རྡོ་རྗེ་ཁུ་ཚུར་བཅིང་བར་བྱ་སྟེ། སྐུ་གསུང་
ཐུགས་ཀྱི་རྡོ་རྗེ་རྣམས། །བསྡུས་པས་ཁུ་ཚུར་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་ཐ་མི་དད་པར་བསྲུང་བར་བྱ་བའི་ཕྱིར། བར་སྐབས་འདིར་རྡོ་རྗེ་ཁུ་ཚུར་ཡང་བཅིང་བར་བྱའོ། །དེ་ལྟར་ན་བཛྲ་བནྡྷ་ཏྲཊ་
ཅེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་ཁུ་ཚུར་གྱི་བར་འདི་དང་། སྔགས་པས་རང་གི་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ། །ཆོ་ག་རྒྱས་པ་ནི་རིག་པའི་འདུལ་བའི་རྒྱུད་ཕྱི་མ་ལས། དམ་ཚིག་བསྲུང་བར་བྱ་བ་དང་། ཆོས་བསྒོམ་པར་བྱ་བ་དང་། ལས་ལ་ནན་ཏན་དུ་བསྒྲུབ་པར་བྱ་བ་དང་། བདེན་
པ་བསྐྱང་བར་བྱ་བ་ཇི་སྐད་གསུངས་པ་བཞིན་དུ། སྔགས་པས་དེའི་ཚེ་བདག་གིས་ཅི་ཞིག་ནི་མ་བསྲུངས། གང་ཞིག་ནི་མ་བསྲུངས་ཞེས་བྱ་བ་ལ་སོགས་པ་བསམ་པར་བྱའོ། །དེ་ལྟར་མཆོད་པ་རྣམ་པ་བཞི་བྱས་ནས། མཚན་བརྒྱ་རྩ་བརྒྱད་པས་ཀྱང་བསྟོད་པར་བྱའོ། །དེའི་འོག་ཏུ་བསྒོམ་
པ་ལ་སོགས་པ་བྱའོ། །ཨརྠ་སིདྡྷི་ཞེས་བྱ་བ་ནི་དངོས་གྲུབ་ལ་སོགས་པའི་ལས་བྱེད་པར་འདོད་ན། ལས་ཇི་ལྟ་བུ་བྱེད་པར་འདོད་པ་དེ་ལྟ་བུ་དང་རྗེས་སུ་མཐུན་པའི་བཀྲ་ཤིས་པའི་ཚིག་རྒྱུད་ལས་གསུངས་པ་དང་པོར་བརྗོད་ལ་ལས་གང་ཡིན་པ་དེ་བྱའོ། །དེ་བས་ན་དེ་ཇི་ལྟར་མངོན་པར་འདོད་པའི་
དངོས་གྲུབ་རྣམས་འགྲུབ་པར་འགྱུར་ཏེ། དགོས་པ་གྲུབ་པར་འདོད་པ་རྣམས་ཀྱིས་བཀྲ་ཤིས་པའི་ཚིག་ནི་གཟུང་བར་བྱ་ཞིང་། ཚིག་ངན་པ་རྣམས་ནི་སྤང་བར་བྱའོ་ཞེས་འཇིག་རྟེན་དུ་ཇི་སྐད་བཤད་པ་ལྟ་བུའོ། །དངོས་གྲུབ་མཆོག་ལ་ཡང་རྒྱུད་ལས་བཟླས་པར་བྱ་བའི་སྙིང་པོ་གསུངས་པ་དེ་
เล่ม ๕๕ · หน้า 129a
ཉིད་ཐོག་མ་ཉིད་དུ་འདི་བཞིན་དུ་བརྗོད་པར་བྱ་སྟེ། གང་གི་ཕྱིར་དེ་ཁོ་ན་ཉིད་བཀྲ་ཤིས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་བྱ་བ་ཟིན་པ་བྱས་ནས་གང་དགོངས་པའི་ཚུལ་དང་མཐུན་པའི་རང་གིས་བསྒྲུབ་པར་བྱ་བའི་ལྷའི་སྙིང་པོ་བཟླས་པ་བརྗོད་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ལྟར་དངོས་
གྲུབ་ཀྱི་རྒྱུར་བཀྲ་ཤིས་པའི་ཚིག་དངོས་གྲུབ་ཀྱི་སྒྲར་བཤད་ནས། ད་ནི་བཟླས་བརྗོད་ལ་སོགས་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཇི་སྐད་བཤད་པའི་ཕྱག་རྒྱ་བཅིང་བ་རྣམས་བརྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་རང་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་སོགས་པས་
སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །ཕྱག་རྒྱ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕྱག་རྒྱ་རྣམ་པ་བཞི་ཆར་གྱི་ཡང་ཅི་རིགས་པ་རྣམས་ཀྱིའོ། །སྤྱི་ཞེས་བྱ་བ་ནི་མཚུངས་པའོ། །དེ་གང་ཡིན་ཞེ་ན། རྡོ་རྗེར་བྱ་བ་སྟེ་བརྟན་པར་བྱའོ། །གང་ལ་ཞེ་ན། ལུས་དང་ངག་དང་སེམས་རྡོ་རྗེ་ཞེས་བྱ་བ་སྟེ།
སྐུའི་ཕྱག་རྒྱ་ནི་ལུས་རྡོ་རྗེར་བྱ་བའོ། །གསུང་གི་ཕྱག་རྒྱ་ནི་ངག་རྡོ་རྗེར་བྱ་བའོ། །ཐུགས་ཀྱི་ཕྱག་རྒྱ་ནི་སེམས་རྡོ་རྗེར་བྱ་བའོ། །ཆོ་ག་རྒྱས་པ་ནི་ཐབས་ཀྱི་བྱ་བ་རྒྱས་པའོ། །རྡོ་རྗེར་བྱ་བ་འདི་ཐོག་མའམ། ཐ་མའམ་བར་དུ་ནམ་བྱ་བ་མི་ཤེས་པས་ན། དེའི་ཕྱིར་ནམ་ཕྱག་རྒྱའི་བྱིན་གྱི་རླབས་ལྷོད་པར་གྱུར་ཏམ་
ཞེས་བྱ་བ་གསུངས་ཏེ། ནམ་ཞེས་བྱ་བ་ནི་གང་གི་ཚེ་ནའོ། །ཕྱག་རྒྱ་རྣམས་ཀྱི་བྱིན་གྱི་རླབས་ཡིན་པས་ན་ཕྱག་རྒྱའི་བྱིན་གྱི་རླབས་ཏེ་གནས་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྐུའི་ཕྱག་རྒྱ་རྣམས་ཀྱི་ནི་ལུས་སོ། །གསུང་གི་ཕྱག་རྒྱ་རྣམས་ཀྱི་ནི་ངག་གོ། །ཐུགས་ཀྱི་ཕྱག་རྒྱ་རྣམས་ཀྱི་ནི་སེམས་ཏེ། གནས་
ངན་ལེན་ལ་སོགས་པའི་ཉེས་པས་ལུས་ལ་སོགས་པ་ལྷོད་པར་གྱུར་ན། རྡོ་རྗེར་བྱ་བའི་ཆོ་ག་འདི་བྱའི་འདི་ལ་དུས་ཀྱི་ངེས་པ་ནི་ཡོད་པ་མ་ཡིན་ནོ། །ལན་འགའ་ལེ་ལོ་ལ་སོགས་པའི་སྐྱོན་གྱིས་བྱ་བ་མ་རྫོགས་པར་ཡང་བདག་ཉིད་གཏོང་བར་འདོད་པར་གྱུར་ན། དེའི་ཚེ་འདིས་ཞེས་བྱ་བ་འོག་
ནས་བཤད་པའི་ཡི་གེ་བརྒྱ་པས་གནས་ངན་ལེན་དང་ལེ་ལོ་ལ་སོགས་པ་ཐམས་ཅད་དང་བགེགས་དང་ལོག་འདྲེན་རྣམས་རྣམ་པར་གཞིག་ཅིང་ཕྱག་རྒྱའི་བྱིན་གྱི་རླབས་ཀྱིས་ཁྱད་པར་གྱི་ལུས་ལ་སོགས་པ་བརྟན་པར་བྱའོ། །འདིས་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་སྙིང་པོས་སོ།
เล่ม ๕๕ · หน้า 129b
མཚམས་མེད་པ་བྱས་པ་དང་ཞེས་བྱ་བ་ནི་སྡིག་པ་སྤྱོད་པ་ཐམས་ཅད་ཀྱི་ནང་ན་ཤིན་ཏུ་མི་བཟད་པ་ནི་མཚམས་མེད་པ་བྱེད་པ་སྟེ། ཤི་འཕོས་པའི་རྗེས་ཐོགས་ཉིད་ལ་ལས་གང་གིས་ཀྱང་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་བྱེད་པ་དེ་ནི་མཚམས་མེད་པ་ཞེས་བྱའོ། །དེ་ཡང་
མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་རྣམས་སོ། །དེ་ལྟར་ཇི་སྐད་བཤད་པ་རྣམས་བྱེད་པ་ནི་མཚམས་མེད་པ་བྱས་པ་སྟེ། དེ་ལྟ་བུས་ནི་བདེ་འགྲོར་འགྲོ་བ་ཡང་རྙེད་
པར་དཀའ་ན། གསང་སྔགས་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་མོད་ཀྱི། འོན་ཀྱང་སྙིང་པོ་འདི་བརྗོད་པས་དེ་རྣམས་ཀྱང་འགྲུབ་པར་འགྱུར་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་ཞེས་བྱ་བ་ནི་གང་གིས་དེ་བཞིན་གཤེགས་པའི་ཆོས་རྣམས་ཐོས་ནས་འདི་ནི་
ངའི་ཆོས་ཡིན་ནོ་ཞེས་དེ་ལྟར་སྟོན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་ཞེས་བྱའོ། །ཡང་ན་ངའི་སྟོན་པའི་ཆོས་ནི་འདི་ཡིན་ནོ་ཞེས་སྟོན་པར་བྱེད་ཅིང་། ཆོས་རྐུ་བར་བྱེད་པ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་ཞེས་བྱ་བ་དེ་ཡང་ཤིན་ཏུ་སྡིག་པ་ཆེན་པོ་བྱེད་པ་
ཡིན་ལ། དེ་རྣམས་ཀྱིས་ཀྱང་སྙིང་པོ་འདི་བརྗོད་པས་འགྲུབ་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །སེམས་ཅན་གང་དམ་པའི་ཆོས་ལ་སྨོད་པ་དེ་ཡང་སྡིག་པ་ཆེན་པོ་བྱེད་པ་ཡིན་ཏེ། མདོ་སྡེ་ལ་སོགས་པ་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་རྣམས་ལ་ཡང་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་
ཞེས་སྨོད་པའོ། །ཡང་ན་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་པ་འདི་ཡང་དམ་པའི་ཆོས་ལ་སྨོད་པ་ཡིན་ནོ། །དེ་བས་ན་དམ་པའི་ཆོས་ལ་སྨོད་པར་བྱེད་པ་དེ་རྣམས་ཀྱང་སྙིང་པོ་བཟླས་པས་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཁ་ན་མ་ཐོ་བ་རེ་རེ་ཙམ་ཞིག་
བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཉེས་པ་ཐམས་ཅད་བྱས་པ་ཡང་སྙིང་པོ་འདི་བརྗོད་ན་དངོས་གྲུབ་འཐོབ་པར་འགྱུར་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་སྒྲུབ་པ་པོར་འགྱུར་བ་སྟོན་པའོ། །དེ་བས་ན་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་པས་ཞེས་གསུངས་སོ། །འདི་
เล่ม ๕๕ · หน้า 130a
སྐད་སྟོན་ཏེ། བསྐུལ་བའི་སྙིང་པོ་འདིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྐུལ་བར་གྱུར་ན། བརྟན་པར་གྱུར་པས་ཚེ་འདི་ཉིད་ལ་ཇི་ལྟར་འདོད་པ་ཞེས་བྱ་བ་ཇི་ལྟར་དགའ་བར་རོ། །དངོས་གྲུབ་ཐམས་ཅད་དམ་ཞེས་བྱ་བ་ནི་ཐུན་མོང་གིའོ། །དངོས་གྲུབ་
དམ་པ་ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་སྟོན་ཏེ། ཁྱད་པར་དེ་གང་ཡིན་ཞེ་ན། རྡོ་རྗེའི་དངོས་གྲུབ་བོ། །དྲིས་པ་སངས་རྒྱས་ཀྱི་དངོས་གྲུབ་ནི་དངོས་གྲུབ་ཀྱི་དམ་པར་གསུངས་ན། རྡོ་རྗེའི་དངོས་གྲུབ་ཅིའི་ཕྱིར་དངོས་གྲུབ་ཀྱི་དམ་པར་གསུངས་ཤེ་ན། གང་གི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་
རྗེ་ལས་སངས་རྒྱས་ཉིད་ལ་སོགས་པ་དངོས་གྲུབ་ཐམས་ཅད་འབྱུང་སྟེ། དེ་བས་ན་རྡོ་རྗེའི་དངོས་གྲུབ་ཀྱང་དངོས་གྲུབ་ཀྱི་དམ་པར་གསུངས་པ་ལ་ཉེས་པ་མེད་དོ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ནི་དངོས་གྲུབ་ཀྱི་དམ་པ་ཉིད་ཡིན་ནོ། །བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་སེམས་དཔའ་ལྷག་
མ་རྣམས་ཀྱི་དངོས་གྲུབ་སྡུད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཀྱང་ཡང་དག་པར་སྡུད་པར་
བྱེད་པའི་ཚིག་ཡིན་ནོ། །ཕྱག་རྒྱ་རྣམས་ཀྱི་བཅིང་བ་ཡང་བཤད་ཟིན་ཏོ། །དངོས་གྲུབ་ཀྱང་བཤད་ཟིན། ལས་རྣམས་ཀྱང་བཤད་ཟིན། བརྟན་པར་བྱ་བ་ཡང་བཤད་ཟིན་ན། ལྡང་བའི་ཚེ་ཕྱག་རྒྱ་རྣམས་བཀྲོལ་ནས་ལྡང་བར་བྱ་དགོས་ན་ཇི་ལྟར་དགྲོལ་བར་བྱ་བའམ། གང་དུ་དགྲོལ་
བར་བྱ་བ་མ་བཤད་པས་དེའི་ཕྱིར་དེ་ནས་ཕྱག་རྒྱ་ཐམས་ཅད་དགྲོལ་བའི་སྤྱིའི་ཆོ་ག་རྒྱས་པར་བཤད་དོ་ཞེས་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་བཞིའོ། །ཕྱིའི་ཞེས་བྱ་བ་ནི་མཚུངས་པའི་འོ། །དགྲོལ་བའི་ཆོ་ག་
རྒྱས་པ་ཞེས་བྱ་བ་ནི་བཅིང་བ་གཞིག་པའི་ཐབས་ཀྱི་བྱེ་བྲག་གོ། །དགྲོལ་བའི་ཆོ་ག་རྒྱས་པ་དེ་ཡང་རྣམ་པ་མང་བས་ན། དེའི་ཕྱིར་དེའི་ངེས་པའི་དམིགས་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་ཉིད་དུ་ཞེས་བྱ་བ་ནི་དང་པོ་ཁོ་ནར་དགྲོལ་བ་ཉིད་
เล่ม ๕๕ · หน้า 130b
བཤད་པར་བྱའོ་ཞེས་བྱ་སྟེ། དེ་བྱ་བ་གཞན་གྱི་གཞི་ཡིན་པའི་ཕྱིར་རོ། །ཐོག་མ་ཉིད་དུ་ཞེས་བྱ་བའི་ཉིད་ཀྱི་སྒྲ་ནི་དགྲོལ་བ་ཁོ་ན་དང་སྦྱར་རོ། །ཕྱག་རྒྱ་ཐམས་ཅད་གང་དང་གང་ནས་འབྱུང་བ་ཞེས་བྱ་བ་ནི་གང་དང་གང་ལས་བྱུང་བ་མ་བསྟན་དུ་ཟིན་ཀྱང་རབ་ཏུ་བྱེད་པའི་དོན་གྱི་དབང་
གིས་རིག་པར་བྱའོ། །དེ་ལ་རེ་ཞིག་ཕྱག་རྒྱ་ཐམས་ཅད་ཀྱི་གཞི་ནི་ཕྱག་རྒྱ་ཆེན་པོ་ཡིན་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་ནི་རྡོ་རྗེ་བཅིང་བ་ཡིན་ནོ། །རྡོ་རྗེ་བཅིང་བའི་ནི་རྡོ་རྗེ་ཐལ་མོ་ཡིན་ནོ། །ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ནི་རྡོ་རྗེ་ཁུ་ཚུར་གཉིས་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནི་དམ་
ཚིག་གི་རྡོ་རྗེ་ཁུ་ཚུར་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱ་རྣམས་ཀྱི་ནི་ལྕེ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ནི་སྙིང་ག་ཡིན་ནོ། །དེ་ལྟ་བས་ན་ལྡང་བའི་ཚེ་ཡང་རེ་ཞིག་ལས་ཀྱི་ཕྱག་རྒྱ་རྣམས་ནི་ཁུ་ཚུར་གཉིས་སུ་ཡིད་ཀྱིས་བསྡུ་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ནི་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་དུའོ། །
དེ་བས་ན་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་བཅིང་བར་རོ། །རྡོ་རྗེ་བཅིང་བ་ནི་རྡོ་རྗེ་ཐལ་མོར་རོ། །རྡོ་རྗེ་ཐལ་མོ་ནི་ཕྱག་རྒྱ་ཆེན་པོར་རོ། །ཆོས་ཀྱི་ཕྱག་རྒྱ་རྣམས་ནི་ལྕེ་རུའོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེར་རོ། །རྡོ་རྗེ་ནི་ཟླ་བའི་དཀྱིལ་འཁོར་དུའོ། །ཟླ་བའི་དཀྱིལ་འཁོར་ནི་བྱང་ཆུབ་
ཀྱི་སེམས་ཀྱི་རང་བཞིན་རྣམ་པར་སྨིན་པའི་ལུས་ཀྱི་སྙིང་གར་བཀྲོལ་ལོ། །དེར་རྫོགས་ནས་བརྟུལ་བའི་ཚུལ་ཇི་ལྟ་བ་དེ་བཞིན་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ཕྱག་རྒྱ་བཞི་བཅིང་བ་ལ་ཡང་བརྟག་པར་བྱ་སྟེ། གང་དང་གང་ལས་བྱུང་བ་དེ་དང་དེར་
ཡིད་ཀྱིས་ཉེ་བར་བསྡུས་ལ་དེ་ནས་རིམ་གྱིས་ཇི་སྐད་གསུངས་པའི་སྙིང་པོས་སྙིང་ག་ལ་སོགས་པར་དགྲོལ་བར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་ལ་ནི་བཛྲ་མུཿཞེས་བྱ་བའོ། །པདྨའི་རིགས་ལ་ནི་པདྨའི་མིང་སྨོས་
པས་སོ། །རིན་པོ་ཆེའི་རིགས་ལ་ནི་རིན་པོ་ཆེའི་མིང་སྨོས་པས་སོ། །རྟོག་པ་ཐམས་ཅད་ལ་ཡང་དམ་ཚིག་གི་ཕྱག་རྒྱ་གནས་དེ་དང་དེ་དག་ཏུ་དགྲོལ་ཞིང་སྙིང་པོ་སྨྲས་མ་ཐག་པ་རྣམས་ཀྱིས་ཕྱག་རྒྱ་ཐམས་ཅད་དགྲོལ་བར་བྱའོ། །དེ་ནས་སྙིང་ག་ནས་བྱུང་བ་ཞེས་བྱ་
เล่ม ๕๕ · หน้า 131a
བ་ལ་སོགས་པའི་གཞུང་ནི་གོ་སླ་བས་མ་བཤད་དོ། །ཁྱད་པར་ནི་འདི་ཡོད་དེ། རྟོག་པ་གང་དང་གང་ལ་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་ཇི་ལྟ་ཇི་ལྟར་བྱུང་བ་དེ་དང་དེས་དེ་དང་དེར་ཕྱག་རྒྱ་དང་སྔགས་འདི་ཉིད་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་ཡང་གོ་ཆའི་
མཐར་ཞེས་བྱ་བ་ནི་གོ་ཆའི་མཐའ་མར་ཕྲེང་བ་བཅིང་བ་གང་ཡིན་པ་དེ་ནི་གོ་ཆའི་མཐར་ཕྲེང་བ་བཅིང་བ་ཞེས་བྱ་སྟེ། དེ་བཏང་ལ་ཐལ་མོ་མཉམ་པར་བརྡབས་ཏེ། མཉེས་པར་བྱ་ཞེས་བྱ་བ་ནི་ལག་པ་གཉིས་མཉམ་པར་བྱས་ལ་སྙིང་གའི་ཕྱོགས་སུ་ཐལ་མོ་དལ་བུས་ལན་གསུམ་
བརྡབ་པར་བྱ་བ་འདི་ནི་ཐལ་མོ་མཉམ་པ་སྟེ་ཇི་སྐད་དུ་གསུངས་པའི་སྙིང་པོ་ཡང་བརྗོད་པར་བྱའོ། །ཆོ་ག་འདིས་ཞེས་བྱ་བ་ནི་བཤད་མ་ཐག་པ་སྟེ། ཇི་སྐད་དུ་བཤད་པའི་གནས་རྣམས་སུ་དགྲོལ་བའི་ཆོ་གས་སོ། །དེ་ལ་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱས་རང་གི་ལུས་ལ་བདག་པོར་གཞག་ཅིང་
གོ་ཆའི་མཐའ་མར་ཕྲེང་བ་བཅིང་བས་བཅིངས་ཏེ། བརྟན་པོར་བྱས་ལ་ཐལ་མོ་མཉམ་པས་མཉེས་པར་བྱས་ན་རྡོ་རྗེ་ལྟ་བུར་འགྱུར་བ་སྟེ། ནམ་ཡང་ཡོངས་སུ་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །ཇི་ཆོ་ག་འདི་ཉིད་ཀྱིས་རྡོ་རྗེ་ལྟ་བུར་འགྱུར་རམ། འོན་ཏེ་དུས་འདིའི་ཚེ་ཆོ་ག་གཞན་
ཡང་ཡོད་ཅེ་ན། དེའི་ཕྱིར་ཡང་ན་རྡོ་རྗེ་སེམས་དཔས་ཀྱང་བྱའོ་ཞེས་བྱ་བ་སྟེ། ཡི་གེ་བརྒྱ་པས་ཀྱང་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། གནས་ཇི་ལྟ་བར་ཕྱག་རྒྱ་རྣམས་བཀྲོལ་ལ། རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱས་དབང་བསྐུར་བས་གོ་ཆའི་མཐར་ཕྲེང་བ་
མ་བྱས་སུ་ཟིན་ཀྱང་ཡི་གེ་བརྒྱ་པ་བརྗོད་ཅིང་མཉམ་པའི་ཐལ་མོས་མཉེས་པར་བྱས་ཏེ་ལངས་ན་དེ་ལྟ་བུས་ཀྱང་རྡོ་རྗེ་ལྟ་བུར་འགྱུར་རོ། །ཕྱག་རྒྱ་བཞི་རྒྱས་པ་དང་བཅས་པར་སྨྲས་ཟིན་ནས། ཕྱག་རྒྱ་ལ་གནས་པའི་བཟླས་པའི་ཆོ་ག་བཤད་དགོས་པས། དེའི་ཕྱིར།
རྡོ་རྗེ་སེམས་དཔའ་ལན་ཅིག་བཟླས། །ཞེས་བྱ་བ་ལ་སོགས་པས་བཟླས་པའི་ཆོ་ག་སྟོན་ཏོ། །རྡོ་རྗེ་སེམས་དཔའ་ནི་དཀྱིལ་འཁོར་གྱི་བཅོམ་ལྡན་འདས་དང་པོའི་སེམས་དཔའ་སྟེ། དེའི་སྔགས་ནི་འདི་ཉིད་ཡིན་ལ། དེ་བས་ན་འདིའི་དོན་བསྒོམས་ནས་ལན་
เล่ม ๕๕ · หน้า 131b
ཅིག་བརྗོད་པས་ཀྱང་འགྲུབ་པར་འགྱུར་རོ། །ཇི་ལྟར་བཟླ་བར་བྱ་ཞེ་ན། བཟླས་པའི་ཆོ་ག་ནི་ཇི་ལྟར་འདོད་པར་ཞེས་བྱ་བ་སྟེ་ཅི་དགའ་བར་རོ། །དེ་ཡང་། །འདུག་གམ་ཉལ་ལམ་འགྲེང་ངམ་སྙེས་ཀྱང་རུང་། །སྤྱོད་པ་ཅི་དགས་གང་ཅིའང་རུང་བ་རུ། །བྱང་ཆུབ་སེམས་བསྐྱེད་བཟླས་པ་
བྱས་པ་ཡི། །མཁས་པས་ཐེ་ཚོམ་མེད་པར་དངོས་གྲུབ་ཐོབ། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །བདག་བདེ་བར་ཞེས་བྱ་བ་ནི་སེམས་བདེ་བ་ལ་བྱ་སྟེ། སེམས་བདེ་བ་རྣམས་ནི་རྩེ་གཅིག་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འདི་སྐད་སྟོན་ཏེ། བདེ་བའི་
བདག་ཉིད་ཅན་གང་ཡིན་པ་དེ་ནི་བདེ་བ་སྟེ། བདག་ཅེས་བྱ་བ་ནི་ང་རྒྱལ་གྱི་གཞི་ཡིན་པས་སེམས་ལ་བྱའོ། །བདེ་བ་ནི་བདེ་བའི་ཚོར་བ་སྟེ། བདེ་བ་དང་ལྡན་པའི་སེམས་སོ། །དེ་ལྟ་བུའི་བདག་བདེ་བ་ལས་འགྲུབ་པར་འགྱུར་གྱི་ཉོན་མོངས་པ་ལས་ནི་མ་ཡིན་ཏེ། དཀའ་ཐུབ་
དཀའ་སྤྱད་མི་བཟད་པས། །ལུས་སྐམས་འགྱུར་ཞིང་སྡུག་བསྔལ་ཏེ། །སྡུག་བསྔལ་བས་ནི་སེམས་གཡེངས་ལ། །སེམས་གཡེངས་དངོས་གྲུབ་གཞན་དུ་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་རྣམ་པའི་བཟླས་པ་ཙམ་གྱིས་ཀྱང་འགྲུབ་པར་འགྱུར་
རོ། །ཇི་ལྟར་ན་བཟླས་པ་ཙམ་གྱིས་འགྲུབ་ཅེ་ན། དེའི་ཕྱིར། ལག་ན་རྡོ་རྗེས་གསུངས་པ་བཞིན། །ཞེས་བྱ་བ་གསུངས་ཏེ། བཞིན་ཞེས་བྱ་བ་ནི་རྒྱུད་དེ་དང་དེ་དག་གི་ནང་ནས་མ་བསྒྲུབས་པར་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གཟུགས་བསྒོམ་ཞིང་། འདི་ལྟ་བུའི་བཟླས་པ་
ཙམ་གྱིས་ཀྱང་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པ་འབྱུང་བ་ལྟ་བུའོ། །འདི་ཉིད་ཀྱང་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་ཀུན་དུ་བཟང་པོས་གསུངས་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀུན་དུ་བཟང་པོས་བཀའ་སྩལ་པའོ། །
ད་ནི་སེམས་དཔའ་ལྷག་མ་རྣམས་ཀྱི་བཟླས་པའི་ཆོ་ག་བསྒྲེས་ཏེ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང་པོར་བྱས་པའི་སེམས་དཔའ་གང་ཡིན་པ་རྣམས་ནི་རྡོ་རྗེ་སེམས་
เล่ม ๕๕ · หน้า 132a
སོགས་སེམས་དཔའ་རྣམས་སོ། །དེ་སྐད་སྨོས་སུ་ཟིན་ཀྱང་དེ་རྣམས་ཀྱི་སྔགས་དང་སྙིང་པོ་རྣམས་ཀྱང་ཡིན་པར་རིག་པར་བྱ་སྟེ། ཐ་མི་དད་པས་ཉེ་བར་གདགས་པས་བསྟན་པའི་ཕྱིར་རོ། །ཅི་དགའ་བར་བཟླས་པའི་ཡུལ་གང་ཡིན་ཞེ་ན། དེའི་ཕྱིར།
སྒྲུབ་པ་དང་ནི་ལས་ཀུན་ལ། །ཞེས་བྱ་བ་གསུངས་ཏེ། དོན་གྱི་དངོས་གྲུབ་ལ་སོགས་པ་ལ། ཅི་དགར་ཞེས་བྱ་བ་སྟེ་ཅི་འདོད་པར་རོ། །ཡང་ན་ལན་ཅིག་བཟླས་པ་སྟེ། དགོས་པ་ཁ་ཅིག་ཏུ་རྡོ་རྗེ་སེམས་དཔའ་ལན་གཅིག་བཟླས་པ་ཙམ་གྱིས་ཞེས་གསུངས་པས། ལན་
གསུམ་མམ། ལན་བདུན་ནམ། ལན་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་ལ་སོགས་པ་སྟེ། རྣལ་འབྱོར་ལ་ནི་བསྒོམ་པ་གཙོ་བོར་གྱུར་པ་ཡིན་པས་ན། དུས་ཇི་སྲིད་ཀྱིས་ཕྱག་རྒྱ་བསྒོམ་པ་བརྟན་པོར་གྱུར་པ་དེ་སྲིད་དུ་བཟླས་ཤིང་ཕྱག་རྒྱའི་སྦྱོར་བ་བྱ་
བའི་དོན་ཏོ། །རྟོག་པ་ཀུན་ལས་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལ་སོགས་པའོ། །སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་ཀྱི་བཟླས་པའི་ཆོ་ག་བཤད་ཟིན་ནས། ད་ནི་བསྒྲུབ་པའི་ཆོ་ག་བཤད་པར་བྱ་དགོས་ཏེ། དེ་ནི་སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །
ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་སྦྱོར་བའི་མངོན་པར་འདུས་བྱས་པ་ལ་སོགས་པའི་ཁྱད་པར་གྱིས་སོ། །སྦྱོར་བའི་མངོན་པར་འདུ་བྱེད་པའི་ཁྱད་པར་དེ་ཡང་ཁ་ཅིག་ཏུ་རྟོག་པ་ལས་གསུངས་པ་ཡང་ཡོད། ལ་ལར་ནི་རང་གིས་བྱས་
པ་ཡང་ཡོད་དེ། ཇི་ལྟར་རྣལ་འབྱོར་གྱི་རྒྱུད་འདིར་ལན་གསུམ་ཁྲུས་བྱ་བ་དང་། གོས་གསུམ་བརྗེ་བ་ལ་སོགས་པ་གསུངས་སུ་ཟིན་ཀྱང་། ཁ་ཅིག་ཆོ་ག་དེ་ཉིད་ཀྱིས་སེམས་རྩེ་གཅིག་པར་འགྱུར་ན་དེའི་ཆོ་ག་ཡང་དེ་ཉིད་ཡིན་ནོ། །ཁ་ཅིག་ནི་དེ་མེད་པ་ཉིད་ཀྱིས་ཏེ། ཁྲུས་ཀྱི་
ཆོ་གའི་རྩོམ་པ་བྱས་པ་ལུས་མི་བདེ་བར་གྱུར་ན། དེའི་ཆོ་ག་ནི་རྟོག་པ་ལས་གསུངས་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་གང་ལ་ཇི་ལྟ་བུའི་ཆོ་གའི་ཚོགས་བསྒྲུབས་ཤིང་ཁྲུས་དང་ཁ་ཟས་ལ་སོགས་པས་སེམས་རྩེ་གཅིག་ཏུ་གྱུར་ན་དེའི་སྒྲུབ་པའི་ཆོ་ག་ནི་དེ་ཉིད་ཡིན་ཏེ། སེམས་
เล่ม ๕๕ · หน้า 132b
རྩེ་གཅིག་པ་ཁོ་ན་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །རྒྱུད་ལས་གསུངས་པའི་འབྲས་བུ་གང་གིས་ཆོ་ག་གང་ཡིན་པ་གང་གིས་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པར་འདོད་པ་དེ་ཉིད་ལ་ནི་རང་བྱས་པའམ་ཞེས་བྱའོ། །སྒྲུབ་པ་ནི་སྒྲུབ་པའི་ལས་ཕལ་མོ་ཆེ་རྣམས་སོ། །འདིར་ཞེས་
བྱ་བ་ནི་རྒྱུད་འདིར་རོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ངེས་པ་ནི་བཟླས་པ་ཉི་ཚེ་མ་ངེས་པར་མ་ཟད་ཀྱི་སྒྲུབ་པ་རྟོག་པ་ལ་མོས་པ་རྣམས་ལ་ཡང་མ་ངེས་པ་ཡོད་དོ་ཞེས་པའོ། །ཐམས་ཅད་དོ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་དམ་པ་ལ་སོགས་པའོ། །བཟླས་པའི་ཆོ་ག་དང་
སྒྲུབ་པའི་ཆོ་ག་བཤད་ཟིན་ནས། ཇི་ལྟར་སྤྱན་དྲང་བའི་ལྷ་རྣམས་སླར་གཤེགས་སུ་གསོལ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་གསང་བའི་མཆོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། ཇི་ལྟར་སྤྱན་དྲངས་པའི་
ལྷ་རྣམས་སླར་གཤེགས་པར་བྱ་བའི་ཕྱིར་ཡང་མཆོད་པར་བྱའོ། །ཇི་ལྟར་མཆོད་ཅེ་ན་གསང་བའི་མཆོད་པ་བརྗོད་ཅིང་ཞེས་བྱ་བ་གསུངས་ཏེ། མཆོད་པ་རྣམས་ཀྱི་ནང་ན་གསང་བ་ཡིན་པས་ན་གསང་བའི་མཆོད་པའོ། །དེ་ཡང་མཆོད་པ་ནི་རྣམ་པ་བརྒྱད་དུ་གསུངས་ཏེ།
དེའི་གསང་བ་ནི་དཀྱིལ་འཁོར་གྱི་དོན་ཡང་དག་པར་སྡུད་པའོ། །དེ་བརྗོད་པ་ནི་དེ་སྨྲ་བའོ། །གསང་བའི་མཆོད་པ་བཞི་བྱའོ། །ཞེས་བྱ་བ་ལ། གསང་བའི་མཆོད་པ་བཞི་ནི་སྒེག་མོ་ལ་སོགས་པའི་མཆོད་པ་བཞིའོ། །བདུག་པ་ལ་སོགས་པའི་མཆོད་པ་རྣམས་ནི་བདུག་སྤོས་
ལ་སོགས་པ་ཕྱིའི་མཆོད་པའི་ཡོ་བྱད་ཡོད་པ་ཡིན་གྱི། སྒེག་མོ་ལ་སོགས་པ་ནི་ཕྱིའི་ཡོ་བྱད་ལ་ལྟོས་སུ་མེད་པ་ཡིན་པས་གཞན་དུ་དེ་ལྟ་བུ་ལ་མ་གཏོགས་པར་འདིས་མཆོད་པར་བྱས་སོ་ཞེས་སུས་ཀྱང་ཤེས་པར་མི་འགྱུར་ཏེ། དེ་བས་ན་གསང་བའི་མཆོད་པ་ཞེས་བཤད་དོ། །
མེ་ཏོག་ལ་སོགས་པ་ནི་མ་སྨོས་སུ་ཟིན་ཀྱང་བ་ལང་རྫིའི་ཆུང་མ་ལ་སོགས་པ་རྣམས་ལ་ཡང་གྲགས་པ་ཡིན་ནོ། །དེ་བས་ན་སྒེག་མོ་ལ་སོགས་པ་ཉིད་ལ་གསང་བའི་མཆོད་པའི་སྒྲར་གསུངས་སོ། །གསང་བའི་མཆོད་པ་བརྗོད་ཅིང་ཞེས་ནི་གསུངས་ན། གསང་བའི་མཆོད་པ་
เล่ม ๕๕ · หน้า 133a
དེ་ཇི་སྐད་བྱ་བ་མི་ཤེས་ཏེ། དེ་བས་ན་རྡོ་རྗེའི་བསྟོད་པ་འདིས་གླུ་བླངས་ཏེ་ཞེས་བྱ་བ་གསུངས་སོ། །རྡོ་རྗེའི་བསྟོད་པ་ནི་རྡོ་རྗེ་རྣམས་ཀྱི་བསྟོད་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིའོ། །ཡང་ན་རྡོ་རྗེའི་བསྟོད་པ་སྟེ་བཅོམ་ལྡན་
འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བསྟོད་པ་སྟེ། བསྟོད་པ་ནི་ཡང་དག་པའི་ཡོན་ཏན་སྒྲོགས་པའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །གླུ་ནི་གྲཱ་མ་ར་ག་ལ་སོགས་པའི་སྦྱོར་བའོ། །བླངས་པ་ནི་སྒྲར་ལེན་པའོ། །ད་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་གསང་བའི་
མཆོད་པ་སྟོན་ཏེ། རྡོ་རྗེ་སེམས་དཔའ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་སོ། །དེའི་བསྡུས་པ་ནི་ཡང་དག་པར་བསྡུས་པ་སྟེ། དཀྱིལ་འཁོར་ལ་སོགས་པར་འཇུག་པ་ཐོག་མར་བྱས་པས་སོ། །དེ་ལྟར་བསྡུས་པ་ཡིན་པས་ན་རྡོ་རྗེ་རིན་ཆེན་བླ་ན་མེད་པར་འགྱུར་
ཏེ། རིན་པོ་ཆེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་སྦྱིན་པར་བྱེད་པ་དང་། དབུལ་བ་ཐམས་ཅད་ཡོངས་སུ་གཅོད་པར་བྱེད་པའོ། །འདིར་ནི་དད་པའི་ནོར་བུ་རིན་པོ་ཆེ་ལ་བྱ་བར་དགོངས་ཏེ། རྡོ་རྗེའི་རང་བཞིན་
ཅན་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས། དད་པའི་ནོར་བུ་རིན་པོ་ཆེ་བྱིན་གྱིས་བརླབས་པས་ན་རྡོ་རྗེ་རིན་པོ་ཆེར་འགྱུར་ཞིང་། ཕུན་སུམ་ཚོགས་པའི་བདེ་བ་ཐམས་ཅད་སྐྱེད་པས་ན་བླ་ན་མེད་པར་ཡང་འགྱུར་ལ། དེ་ལས་ངེས་པར་སྐྱེས་པའི་རིན་པོ་ཆེའི་རིགས་སུ་ཡང་
འགྱུར་རོ། །དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དེ་ཡོངས་སུ་བཟུང་ན་དད་པའི་ནོར་བུ་རིན་པོ་ཆེ་ཡོངས་སུ་དག་པར་འགྱུར་ཏེ། དེ་ལས། རྡོ་རྗེ་ཆོས་ནི་གླུར་བླངས་པས། །ཞེས་བྱ་བ་སྟེ། རྡོ་རྗེ་ཆོས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པས་
ན་རྡོ་རྗེའི་ཆོས་སོ། །ཡང་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ལས་བྱུང་བས་ན་རྡོ་རྗེའི་ཆོས་སོ། །ཡང་ན་རྡོ་རྗེ་ལྟ་བུའི་ཆོས་ཡིན་པས་ན་རྡོ་རྗེའི་ཆོས་ཏེ། སྔགས་ཀྱི་སྤྱོད་པ་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་རྣམས་ཕས་ཀྱི་རྒོལ་བ་ལ་སོགས་པས་མི་ཤིགས་པ་ཡིན་
เล่ม ๕๕ · หน้า 133b
པའི་ཕྱིར་རོ། །དེ་གླུར་བླངས་པ་ནི། ཆོས་རྣམས་ལ་སྒྲུབ་པ་རྣམ་པ་བཅུའི། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །རྡོ་རྗེའི་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་སྟེ། རྡོ་རྗེ་རྣམས་ཀྱི་ལས་ཡིན་པས་ན་རྡོ་རྗེ་ལས་ཏེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། དད་པའི་ནོར་བུ་རིན་པོ་ཆེ་ལ་སོགས་ཏེ། བྱང་ཆུབ་ཀྱི་ཡན་ལག་གི་ནོར་བུ་རིན་པོ་ཆེ་སྦྱངས་ནས། ཐེག་པ་ཆེན་པོའི་ཆོས་སྒྲུབ་པ་རྣམ་པ་བཅུས་གླུ་ཡང་དག་པར་བླངས་ཏེ། བདག་དང་གཞན་གྱི་མཚན་ཉིད་ཕྲིན་
ལས་བླ་ན་མེད་པ་ཇི་ལྟར་མཛད་པ་དེ་བཞིན་དུ། ཁྱེད་ཀྱང་ལྷ་དང་མི་འདུས་པ་འདི་རྣམས་ལ་རྡོ་རྗེའི་ལས་རྣམས་བྱེད་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །འདི་ནི་ལྷ་དང་མི་རྣམས་ལ་གླུ་བླང་བའི་ཐབས་ཀྱི་ཆོས་སྟོན་པ་ཡིན་ནོ། །རྡོ་རྗེ་སྒེག་མོ་ལ་སོགས་པའི་ཕྱག་རྒྱ་བཞི་
དང་། རྡོ་རྗེ་གླུས་བསྟོད་པའི་ཚིག་རྐང་པ་བཞི་ལས་རྐང་པ་རེ་རེ་དང་། ཕྱག་རྒྱ་རེ་རེར་སྦྱར་ལ་རིམ་བཞིན་དུ་མཆོད་པར་བྱ་སྟེ། འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་གར་ལག་པ་གཤིབས་པ་ཞེས་བྱ་བ་ནི་སྔར་
སྨྲས་ཟིན་ཏོ། །བདུག་པ་ལ་སོགས་པའི་ཕྱག་རྒྱའི་གནས་ནས། རྡོ་རྗེ་གར་གྱི་ཐལ་མོ་ཁོང་སྟོང་དུ་སྦྱར་བས་བདུག་པ་ལ་སོགས་པ་ཡིད་ཀྱིས་བླངས་ལ། བདུག་པ་ལ་སོགས་པས་ནང་གི་དཀྱིལ་འཁོར་དུ་མཆོད་པར་བྱའོ། །དེ་ནས་དེའི་ཕྱིའི་དཀྱིལ་འཁོར་
དུ་དེ་བཞིན་དུ་མཆོད་པ་བྱས་ལ། ཕྱག་རྒྱ་དེ་རྣམས་རང་རང་གི་གནས་སུ་གཞག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་མཆོད་པ་བྱས་ནས། སློབ་མ་རྣམས་ལ་ཁྱེད་ཐམས་ཅད་ཀྱིས་ཀྱང་དཀྱིལ་འཁོར་ལ་མཆོད་པ་ཅི་ནུས་པ་གྱིས་ཤིག་ཅེས་བསྒོ་བར་བྱའོ། །ཅི་
ནུས་པར་ཞེས་བྱ་བ་འདི་སྐད་སྟོན་ཏེ། གང་གི་ཕྱག་རྒྱ་གཟུང་བ་དེས་ནི་ཕྱག་རྒྱ་རྣམས་ཀྱིས་མཆོད་པ་གྱིས་ཤིག །གང་གི་ཕྱག་རྒྱ་མ་མནོས་པ་དེས་ནི་བདུག་པ་ལ་སོགས་པས་མཆོད་པ་གྱིས་ཤིག་པའོ། །དེ་ལྟར་བདུག་པ་ལ་སོགས་པས་མཆོད་པ་ཅི་དགར་བྱས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด